Nitartha Digital Library
Tibetan
 
previousསོ་སོར་ཐར་པའི་འགྲེལ་ཚིག་དགའ་བ་བསྐྱེད་པ། next

སོ་སོར་ཐར་པའི་འགྲེལ་ཚིག་དགའ་བ་བསྐྱེད་པ།


DTG155_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ཐར་པའི་འགྲེལ་པ་ཚིག་གི་དགའ་བ་བསྐྱེད་པ་བཞུགས། ཆགས་ལ་སོགས་པ་གཞན་དུ་ཕུལ་བ་བརྗོད་པ་ཡོད་པའི་ཕྱིར་རོ། །ཡང་འགའ་ཞིག་ནི་མདུན་དུ་བསླབ་པ་ཕུལ་ན་ཕུལ་བ་མ་ཡིན་པར་བརྗོད་པར་བྱ་བའི་ཕྱིར་ལྐུགས་པའི་ཚིག་ལྷག་པར་འདོན་པར་བྱེད་པ་དེ་ཡང་མི་རིགས་པ་ཉིད་དེ། རིག་པར་བྱེད་པ་མེད་ཀྱང་རྟོགས་པ་ཡོད་ན་ཕུལ་བའི་ཕྱིར་ཏེ། འཆི་བར་ཉེས་པ་ལ་སོགས་པ་བཞིན་དུ་ལྕེ་རྙེད་ན་རིག་པར་བྱེད་པའི་ཕྱིར་རོ། །བསླབ་པ་ཕུལ་ཞེས་པ་ནི་དངོས་སུ་བསླབ་པ་གཏོང་ངོ་ཞེས་གཞན་ལ་བརྗོད་པའོ། །བསླབ་པ་ཉམས་པར་བྱས་པ་ནི་ཚངས་པར་སྤྱོད་པ་ནི་སྤྱད་དཀའ་འོ་རབ་ཏུ་དབེན་པར་གནས་པ་ནི་དཀའོ་ཞེས་པ་ལ་སོགས་པས་བདག་གིས་བསླབ་པ་བསྐྱང་བར་མི་ནུས་སོ་ཞེས་བརྗོད་པའོ། །དེའི་ཕྱིར་ཡང་བསླབ་པ་ཉམས་པ་མཐོལ་བ་མེད་པར་བྱེད་ན་དེའི་རྒྱུ་རྗེས་སུ་མ་བརྗོད་པའི་ཕྱིར་ཡོངས་སུ་རྫོགས་པར་ཕུལ་བ་མ་ཡིན་ནོ། །གང་ཡང་ཉམས་པ་མེད་པར་ཕུལ་བརྗོད་པར་བྱེད་ན་དེ་ཡང་འབྲས་བུ་མ་བརྗོད་པའི་ཕྱིར་ཡོངས་སུ་རྫོགས་པ་མ་ཡིན་ནོ། །དེའི་ཕྱིར་གང་གཉི་ག་མེད་པ་དེ་ཡོངས་སུ་རྫོགས་པ་ཡིན་པས་གཉི་ག་ཉེ་བར་གཟུང་བར་བྱ་སྟེ། ངག་གི་ཐ་སྙད་རབ་ཏུ་བསྟན་པའི་དོན་དུ་ཡིན་པར་ཤེས་པར་བྱའོ། །བསླབ་པ་ཕུལ་ལ་ཉམས་


DTG155_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་བྱས་པ། །ཞེས་པ་ལ་སོགས་པ་བསླབ་པ་འཕུལ་བ་ལ་མུ་བཞི་ཡོད་པས་བསླབ་པ་འབུལ་བ་ལས་ཉམས་པར་མ་བྱས་པའི་དོན་གཞན་ཉིད་དུ་བལྟ་བར་བྱ་སྟེ། དེ་དོན་གཞན་ཉིད་ཡིན་ན་ཡང་འདི་འགྲུབ་པར་འགྱུར་ཏེ་གང་འགའ་ཞིག་བསླབ་པ་ཉམས་པར་བྱས་ཀྱི་དབུལ་བར་མ་བྱས་པ་དས་གལ་ཏེ་བག་མེད་པས་ཕམ་པར་གྱུར་པའི་ཆོས་བཞིའི་ནང་ནས་གང་ཡང་རུང་བ་ཞིག་སྤྱད་ན་ཕུལ་བར་བྱས་པ་བཞིན་དུ་དེ་ལས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོར་གྲུབ་པ་ཡིན་ནོ་ཞེས་འཆད་དོ། །དབུལ་བ་ལ་ཡང་སྟོང་པ་བརྗོད་པར་འདིར་དགོས་པ་ཡིན་གྱི་ཚིག་གི་ཁྱད་པར་གྱིས་ནི་མ་ཡིན་པའི་ཕྱིར་རོ། །ཚིག་ལས་ནི་དངོས་སུ་གཞན་རྟོགས་པར་བྱེད་པ་ཡིན་ལ་རྣམ་པར་གཅོད་པ་མེད་ན་སྡོམ་པ་ཐམས་ཅད་དབུལ་བར་འགྱུར་ཏེ། རྣམ་པར་བཅད་ན་ནི་དེ་ཁོ་ན་ཕུལ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །འདིར་སྔགས་ཀྱིས་ནི་དགོས་པ་མེད་དེ་གཏོང་བ་ཙམ་གཙོ་བོ་ཡིན་པའི་ཕྱིར་རོ་ཞེ་ན། གཞན་ལ་ཉེ་བར་བརྟེན་ནས་གཏོང་བའི་ཆོ་ག་བྱེད་དམ་འོན་ཏེ་གཞན་ལ་ཉེ་བར་མ་བརྟེན་པར་ཆོ་ག་བྱེད་ཅེས་བྱ་བ་འདིར་རྟོགས་ལ་དབུལ་བར་མི་བྱེད་པ་ན་ཕུལ་བ་མ་ཡིན་ཏེ། ཅི་ལྟར་དེ་ལ་སྟོས་པ་དང་བཅས་པའི་ཕྱིར་དེ་ལྟ་བུ་འགའ་ཞིག་ནི་ཡོད་པ་ཡིན་ནོ། །རྣམ་པ་དེ་ལྟ་བུ་གྱུར་པ་ཡོད་དམ་མེད་ཀྱང་རུང་སྟེ་ཁོ་བོ་ལ་ནི་འདི་དགོས་པ་ཉིད་དོ་ཞེ་ན། དེ་ལྟ་བུའི་གཏོང་བའི་ཆོ་ག་ནི་ཡོད་པ་མ་ཡིན་ནོ། །གཏོང་བའི་ཆོ་ག་དེ་ལྟ་བུ་ཡོད་དམ་མེད་ཀྱང་རུང་སྟེ་ཁོ་བོ་ལ་ནི་རེ་ཞིག་འདིས་དགོས་པ་མེད་དོ་ཞེས་བྱ་བ་རྣམ་པར་མ་བརྟགས་པར་འབུལ་བ་ཡིན་ནོ་ཞེས་བྱ་བ་ནི་འདུལ་བ་འཛིན་པ་རྣམས་ཟེར་རོ། །མི་ཚངས་པར་སྤྱོད་པ་ཞེས་པ་ལ་ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ་དེ་དང་འགལ་བ་ནི་འཁྲིག་པ་ཡིན་པས་དགག་པའི་དོན་འཐད་དོ། །གལ་ཏེ་ཡང༌། མེད་པ་དང་ནི་འགལ་བ་དང༌། །ངན་དང་རྩ་བའི་དོན་དང་ནི། །གཞན་དང་འདྲ་བའི་གནས་རྣམས་ལ། །དག་པ་རྣམ་པ་དྲུག་ཏུ་བརྗོད། །ཅེས་བཤད་པ་དེ་ལྟ་ན་ཡང་འདིར་འགལ་བ་ལ་བལྟ་བར་བྱ་ཆོས་དང་དོན་མ་ཡིན་པ་དང་འབྲས་བུ་མ་ཡིན་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །འོན་ཏེ་དེ་ལྟར་ན་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ཐམས་ཅད་མི་ཚངས་པར་སྤྱོད་པར་འགྱུར་


DTG155_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེ་ན། དེ་བསལ་བའི་ཕྱིར་འཁྲིག་པ་ཞེས་སྨོས་སོ། །དགེ་སློང་གིས་ཕྱོགས་གཅིག་ཉམས་ཀྱང་དགེ་སློང་དངོས་པོ་དང་མ་བྲལ་བའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་སྡོམ་པའི་ཕྱོགས་གཅིག་ཞིག་པས་མཐའ་དག་གཏོང་བ་ནི་རིགས་པ་མ་ཡིན་ནོ། །གཞན་དུ་ཡང༌། ཇི་ལྟར་ཕྱོགས་གཅིག་བླངས་གྱུར་པས། །མཐའ་དག་བླངས་པར་མི་འདོད་ལྟར། །དེ་བཞི་ཕྱོགས་གཅིག་འཁྲུགས་གྱུར་པས། །མཐའ་དག་གཏོང་པར་མི་ལྟར་འགྱུར། །ཡང༌། ཁ་ཆེ་རྣམས་ནི་བྱུང་བ་ལ། བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་བཤད་དོ། །ཡང་དེ་བཞིན་དུ་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་དེ་ཉིད་ལ་ཕམ་པར་འགྱུར་བ་ཡིན་གྱི་གཞན་མིང་གི་དགེ་སློང་ལ་སོགས་པ་ལ་ནི་མ་ཡིན་ནོ་ཞེས་བསྟན་དུ་ཟིན་ཀྱང་སྨོས་པ་ནི་ངེས་པའི་དོན་དུ་དགོས་པ་ཉིད་དོ། །དགེ་སློང་མ་ཡིན་དགེ་སྦྱོང་མ་ཡིན་ཤཱཀྱའི་སྲས་པོ་མ་ཡིན་ཞེས་བྱ་བ་དེ་ལ་དམན་པར་དགག་པ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། དཔེར་ན་བུ་ངན་པ་ལ་བུ་མེད་ཅེས་བྱ་བ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར། དགེ་སློང་མིན་སོགས་གསུམ་དག་ལ། །དམན་པར་དགག་ཉིད་བསྟན་པ་ཡིན། །ཁ་ན་མ་ཐོ་མེད་དགེ་སློང༌། །ཕྱིར་དེ་ཉམས་པ་ཉམས་པ་ཉིད། །ཁ་ན་མ་ཐོ་མེད་པ་དང༌། མི་ལྡན་ཕྱིར་དང་གསོ་མེད་ཕྱིར། །མ་ཆགས་འདི་ལ་སྐལ་མེད་ཕྱིར། །ཡོན་ཏན་ཐོབ་པ་མེད་ཕྱིར་བསྟན། །ཤིང་ཚིག་པ་དང་མཚོ་སྐམས་དང༌། །རྣ་མེད་ས་བོན་རུལ་བ་དང༌། །མགལ་མེའི་འཁོར་ལོ་ཉིད་དང་ནི། །སེམས་ཅན་ཤི་བར་གྱུར་པ་བཞིན། །ཆ་ལུགས་ཙམ་ཞིག་ལུས་པའི་ཕྱིར། །དགེ་སློང་ཉིད་ཅེས་གཞན་དག་ཟེར། །སྲོག་གཅོད་པའི་གླེང་གཞི་འདི་ལ་ཁ་ཅིག་ནི་རི་དགས་པའི་བུ་དགེ་སྦྱོང་སྦེད་དཔེར་རྗོད་པར་བྱེད་དོ། །དེ་ནི་མི་བདེན་ཏེ་དེ་ནི་རི་དགས་བཟློག་པ་ལ་གཏང་བར་བྱས་པའི་ཕྱིར་དང༌། རབ་ཏུ་བྱུང་བའི་དྲུང་ན་སྦས་ནས་སྐྱེད་པའི་ཕྱིར་དང༌། དགེ་སློང་གི་ཆ་ལུགས་ཅན་གྱི་རབ་ཏུ་བྱུང་བ་ཡིན་པའི་ཕྱིར་དང༌། ཆོས་འདི་བའི་དགེ་སློང་ཡིན་པའི་ཕྱིར་དེ་ལ་བརྟེན་ནས་བསླབ་པའི་གཞི་བཅས་པ་མེད་དོ། །འོན་ཀྱང་དགེ་སློང་རབ་ཏུ་མང་པོ་དེ་རྣམས་ཀྱིས་ཕན་ཚུན་སྲོག་གཅོད་པར་བྱེད་པ་ཡིན་ནོ། །དགེ་སློང་རབ་ཏུ་མང་པོ་འདི་དག་ཁ་ན་མ་ཐོ་བ་དང་བཅས་པ་དང་དགེ་སློང་ཆོས་འདི་པ་དག་གོ་ཞེས་ཐམས་ཅད་དུ་དགེ་སློང་


DTG155_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་མང་པོ་བརྗོད་པའི་ཕྱིར་རོ། །འདིར་ཡང་སྲོག་གཅོད་པའི་སེམས་ཀྱིས་མིའི་འགྲོ་བ་པ་དང༌། དེར་འདུ་ཤེས་པ་ལ་ཕམ་པར་འགྱུར་བའི་ལྟུང་བ་འདི་རྣམ་པར་གཞག་པར་བྱ་སྟེ། དེས་ན་ཡན་ལག་གཞན་གང་ཡང་རུང་བ་མཚང་ན་སྦོམ་པོའོ། །དེ་ལྟར་སྲོག་གཅོད་པའི་སེམས་ཀྱིས་མིའི་འགྲོ་བ་པའི་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་ན་མི་དུད་འགྲོ་ལ་སོགས་པའི་རྣམ་པར་གནས་པ་ལ་མི་མ་ཡིན་པའི་འདུ་ཤེས་ཀྱིས་གསང་ན་དགེ་སློང་ལ་ཕམ་པར་འགྱུར་བར་ཐལ་བར་འགྱུར་རམ་སྙམ་ན། དེ་ཡང་རིགས་པ་མ་ཡིན་ཏེ། མི་བསད་པའི་མངོན་པར་འདོད་པ་མེད་པའི་ཕྱིར་རོ། །འདི་ལྟར་ལྷ་སྦྱིན་གསད་པར་བྱའོ་སྙམ་དུ་འདུ་ཤེས་པ་ལས་མ་བསད་ན་མཚམས་མེད་པར་འབྱུང་བར་མི་འགྱུར་ཏེ། དེ་ལྟར་ཡང་སྦྱོར་བ་ལ་འདུ་ཤེས་ཡན་ལག་ཡིན་ནོ། །བསམ་པ་ནི་དེ་ཉིད་དོ་ཞེས་བྱ་བ་འདིས་གནོད་པར་འགྱུར་ཏེ། ཁྱད་པར་གྱི་རྒྱུ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་ཞུས་པ་ལས་བཙུན་པ་དགེ་སློང་གིས་མི་ལ་མིར་འདུ་ཤེས་ནས་བཀུམ་ན་ཅིར་འགྱུར་ལགས། མཐར་འགྱུར་རོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ཏེ་བཀུམ་ན་ཅིར་འགྱུར་ལགས་སྦོམ་པོར་འགྱུར་རོ་ཞེས་པ་ལ་སོགས་པ་མུ་བཞིར་གསུངས་སོ། །མདོ་མཛད་པས་ཀྱང་ཆེད་དུ་མ་བསམས་པར་གྲུབ་པ་ནི་བྱེད་པ་པོ་མ་ཡིན་ནོ་ཞེས་བྱ་བ་དང༌། དེ་བཞིན་དུ་སྲོག་གཅོད་པ་ནི་བསམས་བཞིན་དུ་མ་ནོར་བ་ནི་གཞན་གསད་པའོ་ཞེས་བཤད་དོ།། །།བརྫུན་དུ་སྨྲ་བའི་ཡན་ལག་ནི་འདུ་ཤེས་བསྒྱུར་བ་དང༌། མིའི་ཆོས་བླ་མ་ཉིད་དང༌། རང་བཞིན་གྱི་དོན་ཉིད་དང༌། རང་གི་ངག་གི་བདག་ཉིད་དད་འབྲེལ་པ་དང༌། ཉན་པ་པོའི་མིའི་འགྲོ་བ་པོ་ཉིད་དང༌། རང་བཞིན་དུ་གནས་པ་ཉིད་དང༌། དེས་ཀྱང་གོ་བ་ཉིད་དང༌། མངོན་པར་འདོད་པ་མ་ཡིན་པ་ཉིད་དོ། །གཞན་དག་ནི་མངོན་པར་འདོད་པ་ཉིད་ཅེས་བྱ་བ་འདོད་དོ། །དེ་ལྟར་ཕམ་པ་རྒྱས་པར་བཤད་ནས་ཉན་པ་པོ་ཡིད་ཆེས་པ་བསྐྱེད་པའི་དོན་དུ་མཇུག་བསྡུ་བ་ནི་བཏོན་ཟིན་ཏོ་ཞེས་བའོ། །ད་ནི་འདི་བཤད་པར་བྱ་སྟེ། མདོ་སྡེ་དང༌། འདུལ་བ། །མངོན་པ་རྣམས་ཀྱི་གོ་རིམས་ནི་སྲོག་གཅོད་པ་ལ་སོགས་པའི་རིམ་པས་ཡིན་ཏེ་སྲོག་བཅད་པ་ལས་སླར་ལྡོག་པར་བགྱིད་དོ་ཞེས་པ་ལ་སོགས་པས་བསླབ་བའི་གཞི་བཅས་པ་ཡིན་ན་འདིར་


DTG155_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་དེ་སྤངས་ནས་མི་ཚངས་པར་སྤྱོད་པ་དང་པོར་བསྟན་པའི་རྒྱུ་མཚན་ཅི་ཡིན་བསྟན་པ་ལ། །གཞན་དག་ནི་གཙོ་བོ་ཇི་ལྟ་བ་བཞིན་དུ་བརྗོད་པའི་ཕྱིར་རོ། །འཁོར་བའི་རྩ་བ་ནི་འདོད་པ་དང་དེའི་གཞི་ཡིན་པ་དེས་ན་དང་པོར་མི་ཚངས་པར་སྤྱོད་པའི་བསླབ་པའི་གཞི་བཅས་སོ། །དེའི་ཡོངས་སུ་ལོངས་སྤྱོད་པའི་དོན་དུ་མ་བྱིན་པར་ལེན་པར་འགྱུར་བས་དེས་ན་མ་བྱིན་པར་ལེན་པ་རྣམ་པར་གཞག་གོ །བརྐུས་པ་ན་མི་མཐུན་པ་རྣམས་གསད་པར་འགྱུར་བས་དེ་ནས་གསོད་པ་གཞག་གོ །ཁྱེད་ནི་གསོད་པར་བྱེད་པའོ། །ཞེས་བརྗོད་པ་ནན་ངས་དེ་ལྟར་མ་བྱས་སོ་ཞེས་བརྫུན་སྨྲས་པ་འབྱུང་བས་ཐ་མར་བཤད་དོ་ཞེས་འཆད་དོ། །ཁ་ཅིག་ནི་གསོད་པའི་ཉོན་མོངས་གྲང་བའི་དམྱལ་བར་སྐྱེ་བ་ལ་ཐོག་མར་འགྲོ་བ་དེའི་ཕྱིར་འདི་དག་གོ་རིམས་བཟློག་ནས་བསྟན་ཏོ་ཞེས་འཆད་དོ། །འགའ་ཞིག་ནི་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བསོ་ག་རིམས་ཡིན་ནོ་ཞེས་འཆད་དོ། །མི་ཚངས་པར་སྤྱོད་པའི་དོན་དུ་མ་བྱིན་པར་ལེན་པར་བྱེད། །བརྐུས་པས་དེའི་བདག་པོས་གཅོད་པ་དང་བརྫུན་སྨྲ་བའི་ཕྱིར་རིམ་པ་ནི་འདི་ཡིན་ནོ། །ཁོ་བོ་ནི་བྱུང་བས་རབ་ཏུ་ཕྱེ་བ་སྟེ། འདུལ་བ་ནི་བྱུང་བའི་རྗེས་སུ་འབྲང་སྟེ་བསླབ་པའི་གཞི་བཅས་པས་འདིར་མངོན་པར་མི་བྱའོ། །ཕམ་པར་གྱུར་པ་གདོན་པ་སྟེ་གཉིས་པ་རྫོགས་སོ།། །།རྨི་ལམ་གྱི་རང་བཞིན་དུ་གྲུབ་པ་ནི་ཁོ་བོས་འདུལ་བའི་འགྲེལ་བའི་བཀའ་འགྲེལ་ཚིག་མ་བཤད་པའི་འགྲེལ་པར་ཅིང་ཞིག་བཤད་པས་དེ་ལས་རྟོགས་པར་བྱའོ། །འདིར་ཁ་ཅིག་ཕམ་པར་འགྱུར་བ་ཐམས་ཅད་ལ་ཡང་དགེ་སློང་གང་ཞེས་བཤད་དོ། །དགེ་འདུན་ལྷག་མ་ལ་སོགས་པ་འགའ་ཞིག་ཏུ་གསུངས་ལ་འགའ་ཞིག་ཏུ་མ་གསུངས་པ་དང༌། བསླབ་པར་བྱ་བ་རྣམས་ལ་མ་གསུངས་པའི་རྒྱུ་འདི་ཅི་ཞིག་ཡིན་ཞེས་རྩོད་པར་བྱེད་དེ། འདི་ལ་རྣམ་པར་རྟོག་པ་དུ་མས་འཆད་པར་བྱེད་དོ། །གཞན་དག་ནི་དགེ་སློང་གི་དབང་དུ་བྱས་པའི་ཕྱིར་ཏེ། དེས་ན་དེ་ཉིད་ལ་ལུང་འདི་རྣམ་པར་གཞག་པའི་ཕྱིར་རོ། །དེས་ན་དོན་གྱིས་རྟོགས་པའི་ཕྱིར་དགེ་སློང་གི་ཚིག་མ་བརྗོད་དོ་ཞེས་འཆད་དོ། །གཞན་དག་ནི་གཉི་གའི་སྒོ་ནས་བསྟན་པའི་དོན་དུའི་ཞེས་འཆད་དོ། །ཇི་ལྟར་འདིར་ཕམ་པར་འགྱུར་བ་ལ་སོགས་པ་ལ་གསུངས་པ་དེ་བཞིན་དུ་འདིར་ཡང་བརྗོད་པར་བྱའོ། །ཇི་ལྟར་མ་གསུངས་པ་དེ་བཞིན་


DTG155_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཞན་བསླབ་པར་བྱ་བ་ལ་སོགས་པ་རྣམས་ལ་ཡང་བརྗོད་པར་མི་བྱ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ནི་སྣ་ཚོགས་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་འཆད་དོ། །གཞན་ནི་སྡོམ་པ་དེའི་གཞུང་ནི་འཕགས་པའི་ལམ་གྱི་གཟུགས་བརྙན་གྱི་དོན་དུ་ཡིན་ནོ་ཞེས་འཆད་དོ། །དེ་ལྟར་ཡང་འཕགས་པའི་ལམ་ཁ་ཅིག་ནི་ལྟ་བའི་རང་བཞིན་ཅན་དེ། བཟོད་པ་བརྒྱད་པོ་དེ་ཡང༌། དྲི་མེད་ཤེས་རྣམས་བཟོད་པ་མིན། །ཞེས་བཤད་པའི་ཕྱིར་རོ། །ཁ་ཅིག་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་ཏེ་འདི་ལྟ་སྟེ། ཟད་དང་མི་སྐྱེའི་བློ་ལྟ་མིན། །ཞེས་བཤད་པའི་ཕྱིར་རོ། །ཁ་ཅིག་ནི་གཉི་གའི་རང་བཞིན་ཡིན་ཏེ། དེ་ལས་གཞན་འཕགས་བློ་གཉིས་གང༌། །ཞེས་བཤད་པའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་འགའ་ཞིག་ཕམ་པར་འགྱུར་པ་ཐམས་ཅད་ལ་ཡང་དགེ་སློང་གང་ཞེས་བྱ་བ་གསུངས་པ་ཡིན་ལ། འགའ་ཞིག་དུ་མ་གསུངས་པ་ནི་དཔེར་ན་བསླབ་པར་བྱ་བ་རྣམས་ལྟ་བུའོ། །འགའ་ཞིག་ཏུ་གསུངས་པ་དང༌། མ་གསུངས་པ་ནི་ཇི་ལྟར་དགེ་འདུན་ལྷག་མ་རྣམས་ལའོ། །དེའི་ཕྱིར་འདིར་འཕགས་པའི་ལམ་གྱི་གཟུགས་བརྙན་དུ་སྡོམ་པ་གནས་པ་ཡིན་ལ་དེ་མེད་པར་མ་གྱུར་ན་འཕགས་པའི་ལམ་གནས་པར་བལྟ་བར་བྱའོ་ཞེའོ། །འདི་དང་སྨྱན་གྱི་བར་འོག་མ་བཞི་སྟེ་ལྔ་ནི་མི་ཚངས་པར་སྤྱོད་པའི་ཆ་ཡིན་ནོ། །ཡན་ལག་ནི་སད་པའི་གནས་སྐབས་དང༌། རང་གི་ཁུ་བ་དང༌། དང་པོའི་གནས་ནས་འཕོས་པ་དང༌། མངོན་པར་བསམས་པ་ཉིད་དང༌། བསལ་བ་དང༌། གཞན་གྱི་རྒྱུད་དུ་གཏོགས་པས་ཀྱང་བྱས་པ་དང༌། གོས་ལ་སོགས་པས་བར་དུ་ཆོད་པ་དང་བྲལ་བ་དང༌། སེམས་ཅན་དུ་བགྲང་བ་དང༌། དེའི་རྣམ་པར་གནས་པའི་ལག་པ་ལ་སོགས་པས་བྱུང་བའོ། །བུད་མེད་ཀྱི་ཡུལ་ཞེས་བྱ་བ་ནི། བུད་མེད་ཀྱི་སྐྱེ་བོ་སྟེ། དེ་ལ་གཅོད་པར་བྱེད་ཟ་བར་བྱེད་པས་ན་བུད་མེད་དོ། །སྐྱེས་པའི་སེམས་ཡོངས་སུ་བཅས་ནས་ཟ་བ་ཞེས་བྱ་བའི་བར་དུའོ། །གཞན་ནི་ལྟུང་བ་སྐྱེད་པའི་ཕྱིར་དང༌། ལོངས་སྤྱོད་པར་བྱ་བ་ཉིད་ཀྱི་ཕྱིར་བུད་མེད་དོ་ཞེས་འཆད་དོ། །གཞན་དག་ནི་ལམ་གྱི་སྒྲ་འདི་རྣམ་པར་རྟག་པའི་དོན་འདི་བློ་ལ་གཞག་ནས་ལེན་བུ་ནས་བཟུང་བ་ལ་ཡང་དངོས་གཞིར་འཆད་དེ། དེ་དག་ནི་ཞུས་པ་ལས་སྤུ་དང་སེན་མོ་དང་སོ་ལ་


DTG155_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ་རེག་ན་སྦོམ་པོར་བཤད་པ་དང་འགལ་བར་ངེས་པར་བྱའོ། །ཞུས་པ་ལས་བཙུན་པ་སྤུས་རེག་ན་ལྟུང་བ་ཅིར་འགྱུར་སྦོམ་པོའོ། །བཙུན་པ་སྤུ་ལ་རེག་ན་ལྟུང་བ་ཅིར་འགྱུར་སྦོམ་པོའི་ཞེས་གསུངས་སོ། །མདོ་མཛད་པས་ཀྱང་སེན་མོ་ལ་སོགས་པ་ནི་གཞན་དང་ལྡན་པ་ཉིད་དོ་ཞེས་གསུངས་སོ། །ལུས་ལ་རེག་པ་བཞིན་དུ་འདི་ལ་རེག་པས་རོ་ཉེ་བར་གནས་པ་ཡིན་ནོ། །ཞེ་ན་དེ་ནི་སྤུ་ལ་རེག་པ་འདི་ལ་ཡང་དོན་མཚུངས་པ་ཡིན་ཏེ། ལག་ངར་དང་རྗེ་ངར་ལ་སོགས་པའི་ལུས་ལ་རེག་པ་ལས་བདེ་བ་དང༌། འདོད་ལྡན་མ་རྣམས་ཀྱི་མཆན་ཁུང་དང་སྒྱེད་པའི་སྤུ་ལ་རེག་པ་ལ་འདོད་ལྡན་པ་རྣམས་ལ་ལྷག་པའི་རོ་ཉེ་བར་གནས་པ་ཡིན་ལ། དེ་ལ་ཡང་དངོས་གཞི་ནི་འདོད་པ་མ་ཡིན་ཏེ། ལུས་ཉིད་མ་ཡིན་པའི་ཕྱིར་རོ། །རོ་ཉེ་བར་གནས་པ་ནི་འདིར་ཡན་ལག་མ་ཡིན་ཏེ། འདོད་ཆགས་ཆེ་བ་རྣམས་ཀྱི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དབང་གིས་བྱ་བ་མེད་པར་རོ་ཆེན་པོར་ཉམས་སུ་མྱོང་བ་ན་དངོས་གཞིར་ཐལ་བར་མ་གྱུར་པའི་ཕྱིར་རོ། །འོ་ན་འདིར་ལེན་བུ་ནས་བཟུང་ན་ཞེས་གསུངས་སོ་ཞེ་ན། བྱུང་བའི་དབང་གིས་འདིར་བཤད་པ་ཡིན་གྱི་འདི་ཡན་ལག་ནི་མ་ཡིན་ཏེ། རང་གིས་བསླངས་པའི་དོག་པ་འཐག་ཏུ་བཅུག་པ་བཞིན་ནོ། །འོན་ཏེ་རྣམ་པར་འབྱེད་པ་ལས་ལེན་བུ་ནས་བཟུང་ངམ་ཞེས་བྱ་བ་ལ་ལེན་བུ་ནི་སྐྲ་དང་འབྲེལ་པའི་གོས་སོ་ཞེས་གསུངས་སོ་ཞེ་ན། འདི་གསུངས་མོད་ཀྱི་འོན་ཀྱང་ལེན་བུ་ནས་བཟུང་བ་དགེ་འདུན་ལྷག་མ་ནི་མ་ཡིན་ནོ། །འོ་ན་རྣམ་འབྱེད་དུ་ཇི་ལྟར་སྨོས་ཤེ་ན། བྱུང་བའི་དབང་དུ་གྱུར་པ་མདོའི་ཚིག་དེ་ཉིད་ཀྱི་རྣམ་པར་དབྱེ་བར་བསྟན་པའི་དོན་དུ་གསུངས་ཀྱི་ཡན་ལག་མ་ཡིན་ཏེ། ལྟུང་བར་བསྟན་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འདི་ལྟར་རྣམ་པར་འབྱེད་པ་ལས་འདི་ལྟར་དགེ་སློང་གིས་བུད་མེད་མཚན་ཉིད་དང་ལྡན་པའི་སྤྱི་བོ་ལ་ནོམ་པར་བྱེད་ན་གོས་ཀྱིས་བར་དུ་མཆོད་པ་ལ་ནོམ་ན་ལྷག་མར་འགྱུར་རོ། །བར་དུ་ཆོད་པ་དང་བཅས་པ་ལ་ནོམ་ན་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་དཔྲལ་བ་ལ་སོགས་པ་ལ་ཡང་དེ་བཞིན་ནོ་ཞེས་བསྟན་པ་འདིས་ནི་དབང་པོ་དང་བཅས་པའི་ལུས་ཐམས་ཅད་ལ་ལྟུང་བ་འབྱུང་བར་བསྟན་པར་བྱས་ནས་ལྟུང་བ་བསྟན་གྱི་དབང་པོ་མེད་པ་ལེན་བུ་ལ་སོགས་པ་ལུས་མ་ཡིན་པ་རྣམས་ནི་མ་ཡིན་ནོ། །དེ་ལྟར་ཡང་ཐ་ན་རྐང་པའི་མཐེ་བོང་ལ་རེག་


DTG155_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་ན་ཞེས་བྱ་བ་འདིར་ཐམས་ཅད་ཉེ་བར་བསྡུས་ནས་མཐར་ཕྱིན་པར་བསྟན་པ་ནི་བདེ་བར་གཤེགས་པས་ལུས་ཉིད་བསྟན་པ་རྣམ་པར་བཅད་པའི་དོན་དུའོ། །རྟོག་པ་སྔོན་དུ་གཏོང་བ་འགའ་ཞིག་དབང་པོ་མེད་པ་རྣམས་ལ་དངོས་གཞིར་འགྱུར་བར་དོགས་པར་མི་བྱ་སྟེ། །གཞན་དུ་ན་བཅོམ་ལྡན་འདས་ཀྱིས་སྐྲ་དང་སེན་མོ་མཐའ་ཡིན་པའི་ཕྱིར་ཐ་ན་སྐྲ་དང་སེན་མོ་ཞེས་དེ་ལྟར་མཐར་ཐུག་པར་སྟོན་པར་འགྱུར་རོ། །དེའི་ཕྱིར་ལེན་བུ་དེ་ལ་གོས་ཀྱིས་བར་དུ་མ་ཆོད་པ་སེན་མོ་དང་སོ་དང་སྤུ་ལ་རེག་པ་བཞིན་དུ་སྦོམ་པོར་བལྟ་བར་བྱ་སྟེ། སྦྱོར་བ་ཡིན་པའི་ཕྱིར་དང། ཡན་ལག་གཞན་ཐམས་ཅད་ཡོད་ལ་ལུས་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདུལ་བ་འཛིན་པ་རྣམས་ཀྱིའོ། །དེས་ན་འདི་ནི་དབང་པོ་དང་བཅས་པའི་ལུས་ཀྱི་བྱེ་བྲག་རྣམ་པར་གཞག་ནས་དབང་པོ་མེད་པའི་ལུས་ལ་ལུས་ཞེས་ག་ལ་སྟོན་པར་འགྱུར་ཏེ། ཤིན་ཏུ་ཐ་དད་པའི་ཕྱིར་རོ། །གང་དུ་ལེན་བུ་ལ་རེག་པ་ལ་ཡང་དབང་པོ་མེད་པའི་ཕྱིར་དངོས་གཞིར་མི་འདོད་ན་དེ་དང་འབྲེལ་པའི་གོས་ལ་དངོས་གཞིར་ག་ལ་འགྱུར་ཏེ། དབང་པོ་མེད་པའི་ཕྱིར་ཐག་རིང་དུ་སྤངས་པས་སྐབས་མི་རྙེད་པའི་ཕྱིར་རོ། །དེས་ན་ནོམ་པ་ལ་སོགས་པ་འདིར་ཉོན་མོངས་པ་ཅན་གྱི་བདེ་བ་མངོན་པར་བསམས་ནས་ངས་བུད་མེད་ཀྱིས་བྱས་པའི་རེག་པ་བདག་གིར་བྱེད་ན་ཇི་ལྟ་ཇི་ལྟར་ལུས་ཀྱི་ཡན་ལག་གང་དང་གང་ལ་རེག་པ་ན་དགེ་འདུན་ལྷག་མའོ། །བུད་མེད་གསོན་པའམ་ཤི་བ་ཞེས་བྱ་བ་འདིར་ཡན་ལག་མ་ཡིན་ཏེ། དེས་ན་ཁྱད་པར་ཡོངས་སུ་བཟུང་བ་འདི་དག་སོ་སོ་ལ་ཡང་དགེ་འདུན་ལྷག་མར་འགྱུར་བ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ལྟར་ཡང་ཞུས་པ་ལས་བཙུན་པ་རེ་ཞིག་བུད་མེད་ཤི་བའི་ལུས་དང་ལྷན་ཅིག་རེག་པར་བགྱིད་ན་ལྟུང་བཅིར་འགྱུར། དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་བཞིན་དུ་འགྲེལ་པ་བྱེད་པས་ཀྱང་ཤི་བ་ཉིད་ནི་འདིར་ན་སྨད་པར་བྱ་བ་མ་ཡིན་ནོ་ཞེས་བཤད་དོ། །ཡན་ལག་ནི་མིའི་འགྲོ་བ་བར་སྐྱེས་པ་ཉིད་དང༌། རང་བཞིན་དུ་གནས་པ་ཉིད་དང༌། མི་ཚངས་པར་སྤྱོད་པ་བསྟེན་པའི་མཐུ་དང་ལྡན་པ་དང༌། ལུས་མ་ཉམས་པ་ཉིད་དང༌། གོས་ལ་སོགས་པས་བར་མ་ཆོད་པ་ཉིད་དང༌། བུད་མེད་དང་དྲལ་ཅིང་གྱུར་པའི་སེམས་དང༌།


DTG155_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་རེག་པ་དང༌། རེག་པ་བདག་གིར་བྱས་པ་དང༌། ལུས་མ་ཉམས་པ་ཉིད་དོ། །དགེ་སློང་མས་སྐྱེས་པ་ལ་འཁྲིག་པ་སྨྲས་ན་སྦོམ་པོར་འགྱུར་ཏེ། འོག་མ་དག་ལ་ཡང་ངོ༌། །ཡན་ལག་ནི་མིའི་འགྲོ་བ་པ་ཉིད་དང༌། ལེགས་ཉེས་ཀྱི་དོན་གོ་བ་དང༌། བདེ་བ་ཉམས་སུ་མྱོང་བར་འདུན་པ་དག་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་དང༌། རང་གི་ངག་གིས་བརྗོད་པ་དང༌། གཞན་ལ་བརྗོད་པ་དང༌། བདག་གི་དོན་རྣམས་སོ།། །།དགེ་སློང་མས་སྐྱེས་པ་ལ་བསྙེན་བཀུར་བསྔགས་ན་ཉེས་བྱས་ཏེ། འོས་མ་ཡིན་པའི་ཕྱོགས་ལ་བརྟེན་པའི་ཕྱིར་རོ། །ཡན་ལག་ནི་མིའི་འགྲོ་བ་པ་ཉིད་དང༌། རང་བཞིན་དུ་གནས་པ་དང༌། ལེགས་སྨྲས་ཀྱི་དོན་གོ་བར་ནུས་པ་དང༌། དྲལ་ཞིང་གྱུར་པའི་སེམས་དང༌། རང་གི་ངག་གིས་བརྗོད་པ་དང༌། བདག་གི་ལུས་ལ་བསྙེན་བཀུར་བྱ་བའི་དོན་དང༌། བདག་ཉིད་ལ་བསྙེན་བཀུར་བསྔགས་པ་བརྗོད་པ་དང༌། བདག་ཉིད་ཀྱིས་རྟོགས་པའོ།། །། སྨྱན་བྱེད་པ་ལ་འདིར་བུད་མེད་ནི་ཡན་ལག་མ་ཡིན་ཏེ། སྐྱེས་པའི་ཡུལ་ལ་ཡང་འདི་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟར་འགྲེལ་པ་བྱེད་པས་ཀྱང་ཁྱད་པར་ཡོངས་སུ་བཟུང་བ་མེད་པའི་ཕྱིར་ཐམས་ཅད་དུ་བསྟེན་པར་བྱ་བའི་རྨའི་སྒོ་གཉིས་སམ་གསུམ་དང་ལྡན་པའི་མིའི་འགྲོ་བ་པ་དང༌། སྟེན་པར་བྱེད་པ་ཡན་ལག་ཐམས་ཅད་དང་ལྡན་པའི་མིའི་འགྲོ་བ་པའོ་ཞེས་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་མ་ནིང་ཕོ་མོ་ཡང་འདི་ཉིད་ཀྱི་རྗེས་སུ་འབྲངས་ནས་སྤངས་པར་བལྟ་བར་བྱའོ།། །།འདིར་ཡན་ལག་ནི་གཞན་དག་དང༌། རང་བཞིན་དུ་གནས་པ་དང༌། མིའི་འགྲོ་བ་པ་དག་དང༌། སྦྱོར་བ་དང་སྦྱར་བྱེད་རྨའི་སྒོ་གཉིས་སམ་གསུམ་དང་ལྡན་པ་དག་དང༌། མི་མཐུན་པ་དག་མཐུན་པར་བྱ་བའི་དོན་དུ་དང༌། སྤྲད་པའི་དོན་དུ་ཚིག་དང༌། ཕྲིན་ཡིག་ལ་སོགས་པས་ཕྲིན་ལན་གསུམ་མནོས་ཤིང་བསྐྱལ་བ་དང་ཕྲད་པའོ།། །།ཁང་པ་ལ་བདག་པོ་དང་བཅས་པ་དང་བདག་པོ་མེད་པའི་བྱེ་བྲག་གི་ས་ཁང་བ་ནི་རྣམ་པ་གཉིས་སུ་འགྱུར་བ་དེས་ན་འདིར་ཇི་ལྟ་བུ་ཞིག་བརྗོད་པར་བྱ་སྙམ་པ་ལ། བདག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་པོ་མེད་པ་ནི་གང་ལ་བདག་པོ་སྐྱེས་པ་དང་བུད་མེད་དང་མ་ནིང་མེད་པ་སྟེ། བདག་ཉིད་ཀྱིས་བསླངས་པ་ཞེས་གསུངས་པའི་ཕྱིར་རོ། །གཞན་དག་ནི་


DTG155_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་མེད་པ་ནི་བདག་པོ་མེད་པ་ཅན་ཡིན་ལ་བདག་ཉིད་ནི་བདག་པོ་ཉིད་ཡིན་པས་བདག་པོ་དང་བཅས་པ་ཡིན་ནོ་ཞེས་འཆད་དོ། །དེས་ན་བདག་གི་ཕྱིར་ཞེས་གསུངས་ཏེ། བདག་གི་ཆེད་དུ་ཞུགས་པ་ཡིན་གྱི་གཉིས་དང་གསུམ་དང་བཞི་ལ་སོགས་པའི་ཆེད་དུ་ནི་མ་ཡིན་ནོ། །གཉིས་ཀྱི་ཐུན་མོང་པ་ལ་ནི་སྦོམ་པོར་བརྗོད་པའི་ཕྱིར་ཏེ། གཉིས་ཀྱིས་ཐུན་མོང་དུ་བྱེད་ན་ལྟུང་བ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །མང་པོའི་དོན་དུ་བསྟན་པ་ནི་རིགས་པ་མ་ཡིན་ཏེ། དགེ་འདུན་གྱི་དོན་དུ་ཡིན་ན་གཙུག་ལག་ཁང་དགེ་འདུན་ལྷག་མར་འགྱུར་བའི་ཕྱིར་ཏེ། དགེ་སློང་གི་བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་ཞིག་བརྩིག་ཏུ་བཅུག་ན་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །བདེ་བར་གཤེགས་པའི་མཐོ་ཞེས་པ་ལ་བདེ་བར་གཤེགས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་གྱི་རྗེས་སུ་ཞུགས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་གཤེགས་པ་དང་བྱོན་པ་དང༌། གཟིགས་པ་དང༌། རྣམ་པར་གཟིགས་པ་ལ་སོགས་པ་དང༌། བསྐྱེད་པ་དང་ལྡན་པའི་ཕྱིར་རོ། །ཡང་ན་དེ་ཁོ་ན་ཉིད་དང་གཉིས་གནས་པའི་ཁྱད་པར་ལུས་པ་མེད་པར་མཁྱེན་པའི་ཕྱིར་རོ། །ཡང་ན་མཛེས་པ་དང་ཕྱིར་མི་ལྡོག་པ་དང༌། མ་ལུས་པ་གཤེགས་པས་སོ་ཞེས་གཞན་དག་འཆད་དོ། །ལྷག་མ་འདི་ནི་མི་གསོད་པའི་ཕྱོགས་སུ་གཏོགས་པ་ཡིན་ཏེ། འོག་མ་དག་ལ་ཡང་ངོ༌། །ཁ་ཅིག་ནི་གཉིས་པོ་འདི་དག་མ་བྱིན་པར་ལེན་པའི་འཁོར་དུ་གྱུར་པར་བརྗོད་དོ། །དེའི་འདི་ནི་བསྟན་བཅོས་ལས་འདས་པ་ཡིན་ཏེ། མ་བྱིན་པར་ལེན་པའི་འཁོར་ནི་མ་བསྟབས་པར་སྟན་ལ་འདུག་པ་དང༌། བྱིན་ཕྲོགས་དང་བསྔོས་བསྒྱུར་དང༌། སྦེད་པ་དང༌། རྐུན་མ་དང་འགྲོགས་པ་ཉིད་ཡིན་པའི་ཕྱིར་འདི་གཉིས་མ་ཡིན་ནོ་འདི་གཉིས་དགེ་སློང་མ་ལ་མ་བཞག་སྟེ། བུད་མེད་ཕལ་ཆེར་ནི་ཁང་པ་བྱེད་པ་ལ་འཇུག་པ་མ་ཡིན་ཏེ། བུད་མེད་རྣམས་ནི་ཇི་ལྟར་ཡང་དེའི་བློ་རང་དབང་དུ་འཇུག་པ་མ་ཡིན་པའི་ཕྱིར་རོ། །སྐྱེས་པ་ནི་ཁང་པ་བྱེད་པ་ལ་རང་དབང་ཅན་དུ་འདོད་པས་འཇུག་པའི་ཕྱིར་རོ། །འཇུག་ཅེས་བྱ་བ་མཐོང་བ་དེ་ནི་སྲིད་ཚད་པ་ཡིན་པས་བསམ་པར་མི་བྱའོ། །དེས་ན་གཞི་མི་རུང་བའི་ཕྱོགས་ལ་བརྟེན་པའི་ཕྱིར་འདི་ལ་ཉེས་བྱས་སུ་རྣམ་པར་


DTG155_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་གོ །འདིའི་ཡན་ལག་ནི། ས་གཞི་དང་ཡོ་བྱད་གཞན་ལ་བཙལ་བ་ཉིད་དང༌། རྗེས་སུ་གནང་བ་ཉིད་དང༌། གཞི་མ་དག་པ་ཉིད་དང༌། མ་བསྟན་པ་ཉིད་དང༌། གནས་ཡོངས་སུ་རྫོགས་པ་དང༌། གཅིག་གི་དོན་ཉིད་དང༌། ཚད་ལས་འདས་པའོ། །གཙུག་ལག་ཁང་ཆེན་པོ་བྱེད་དུ་འཇུག་ན། ཉེས་པ་ལ་འདིར་རིན་ཐང་ལས་ཡིན་གྱི་ཚད་ལས་ནི་མ་ཡིན་ཏེ། གང་གི་ཕྱིན་རིན་ཐང་དང་ཚད་ཀྱིས་ཆེན་པོ་ནི་རྣམ་པ་གཉིས་ཏེ། འདིར་ནི་རིན་ཐང་ལས་མངོན་པར་འདོད་པ་ཡིན་གྱི་ཚང་ལས་ནི་མ་ཡིན་ནོ། །གང་གི་ཕྱིར་དགེ་འདུན་གྱི་གཙུག་ལག་ཁང་ནི་བདག་པོ་དུ་མ་ཅན་ཡིན་པའི་ཕྱིར་ཚད་ལྷག་པ་ཉིད་ཡིན་གྱི་འདས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་གྱི་དབང་དུ་བྱས་ནས་ཚང་ལས་འདས་པ་ཉིད་ནི་གཙུག་ལག་ཁང་མ་དག་པའི་ཡན་ལག་དུ་མ་བསྟན་ཏོ། །བདག་པོ་ཡོད་པ་ནི་བྱུང་བ་ཡིན་གྱི་ཡན་ལག་མ་ཡིན་ནོ་ཞེས་འགྲེལ་པ་བྱེད་པས་བཤད་དོ། །ཁྱིམ་གྱི་དངོས་པོ་ལ་ཞེན་པ་བཀག་པ་བག་ཡོངས་སུ་བྱས་ནས་དགེ་འདུན་གྱི་ཕྱིར་ཉོས་པ་དང༌། དགེ་འདུན་གྱིས་ཀྱང་རྗེས་སུ་གནང་བའོ། །དགེ་འདུན་གྱི་ཕྱིར་ཞེས་པ་ནི་དགེ་འདུན་གྱི་དགོས་པའོ། །དགེ་འདུན་སྨོས་པ་ནི་ཁྱིམ་པ་བཞི་ལ་སོགས་པ་ཡང་དགེ་འདུན་དུ་མི་བཞེད་པར་རིག་པར་བྱ་སྟེ། ཁྱིམ་པའི་དོན་ལ་སེམས་པ་ནི་སྡིག་པ་ཅན་ཡིན་པའི་ཕྱིར་རོ། །འཕགས་པའི་དགེ་འདུན་རྗེས་སུ་བཟུང་བའི་བསམ་པ་ནི་ཤིན་ཏུ་དགེ་བ་ཉིད་ཡིན་ཡང་ཁ་ན་མ་ཐོ་བར་རྣམ་པར་གཞག་པའི་ཕྱིར་རོ། །གང་དུ་དགེ་འདུན་གྱི་ཕྱིར་ཞེས་བྱ་བས་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གསུངས་པ་ནི་གླེང་གཞིའི་དབང་དུ་བྱས་ནས་དེ་ནི་ཉེ་བར་མཚོན་པར་བྱེད་པར་རིག་པར་བྱའོ་ཞེས་འགྲེལ་པ་བྱེད་པས་བཤད་དོ། །དེའི་འདི་ནི་དྲང་སྲོང་གིས་མ་གསུངས་པའི་ཕྱིར་དང༌། གཙོ་བོ་མ་ཡིན་པའི་ཕྱིར་དང༌། རང་གི་དོན་ཉིད་མེད་པའི་ཕྱིར་མི་འདོད་པ་ཡིན་ཏེ། གང་གི་ཕྱིར་རྣམ་འབྱེད་ལས་གཙོ་བོར་དགེ་འདུན་གྱི་ཆེད་དུ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་དགེ་འདུན་ལ་བཤད་པའི་ཕྱིར་ཞར་ལ་བྱུང་བ་རང་འདོད་ཀྱི་བཤད་པས་ཅི་ཞིག་བྱ་བ་ཞེས་འདུལ་བ་འཛིན་པ་དག་ཟེར་རོ། །གཞི་མེད་པ་འདི་ནི་སྨྲ་བའི་ཕྱོགས་སུ་གྱུར་པའི་ཁ་ན་མ་ཐོ་བ་ཡིན་ནོ། །བག་ཙམ་ལ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཞེས་བྱ་བ་ལ་གཞན་ནི་མྱ་ངན་ལས་འདས་པར་བརྗོད་པར་བྱ་སྟེ། འཁོར་བ་ནི་ཕྱིན་ཅི་ལོག་ཡིན་པའི་ཕྱིར་རོ། །


DTG155_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཆ་མ་ཡིན་པ་ནི་མི་མཐུན་པའི་ཕྱོགས་ཏེ་ཉོན་མོངས་པའི་ཆོས་སོ། །དེ་དང་མཐུན་པ་ནི་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་སྟེ། ཕམ་པར་གྱུར་པ་བཞི་པོ་དག་གོ །དེ་ཉིད་ཀྱི་རྣམ་པར་འབྱེད་པ་ལས་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཞེས་བྱ་བ་ལ་གཞན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །དེའི་ཆ་དང་མཐུན་པ་མ་ཡིན་པ་ནི་ཕམ་པར་གྱུར་པ་བཞི་པོ་དག་གོ །གཞན་ནི་བཅོམ་ལྡན་འདས་ཀྱིས་མཛད་པའི་བཤད་པ་མ་རྟོགས་ནས་རང་ཉིད་འཆད་པར་བྱེད་དེ། གཞན་ལ་བརྟེན་པ་ནི་གཞན་གྱི་ཆ་སྟེ། གང་གི་ཕྱིར་འདིས་ནི་འཁྲིག་པའི་ཆོས་བསྟེན་ཏོ་ཞེས་དངོས་སུ་བཤད་པའི་ཕྱིར་ཏེ། དངོས་སུ་གསལ་པོར་སྨྲ་བ་ནི་གཞན་གྱི་ཆ་སྟེ། གཉིས་གཉིས་དང་སྙོམས་པར་འཇུག་པ་དང་འདྲ་བའི་ཆོས་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕམ་པ་ནི་གཞན་གྱི་ཆ་དང་མཐུན་པའོ། །ཡང་ན་དེ་བཞིན་དུ་ཞེས་པ་ནི་མྱ་ངན་ལས་འདས་པ་སྟེ། དགེ་བ་དང་རྟག་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་བཟློག་པའི་ཕྱིར་གཞན་ནི་འཁོར་བའོ། །དེ་བསྟེན་པའི་ཕྱིར་གཞན་གྱི་ཆའོ། །དེ་དང་རྗེས་སུ་མཐུན་པ་ནི་ཕམ་པ་སྟེ་གཞན་གྱི་ཆ་དང་མཐུན་པའོ། །བཤད་པ་འདི་ཐམས་ཅད་ལ་ནི་དགག་པའི་སྒྲ་རྣམ་པ་ཐམས་ཅད་དུ་དོར་ནས་འཆད་པར་ཤེས་པར་བྱའོ། །འོན་ཏེ་དགེ་འདུན་ལྷག་མའི་ཆོས་ཀྱི་རྣམ་པ་འགའ་ཞིག་གིས་ཀྱང་གཞན་མ་ཡིན་པ་དང་མཐུན་པར་འགྱུར་ཏེ། མྱ་ངན་ལས་འདས་པ་དང་འགལ་བའི་ཕྱིར་དེས་ཀྱང་སྐུར་ན་ལྷག་མར་གཞག་པར་བྱའམ་སྙམ་པ་ལ་དེ་ལས་ཁྱད་པར་དུ་བྱ་བའི་དོན་ཕམ་པར་འགྱུར་བའི་ཆོས་ཀྱིས་ཞེས་སྨོས་སོ་འོན་ཏེ་ཚིག་གཉིས་སྨོས་པ་ཅིའི་དོན་དུ་བྱས་ཤེ་ན། གཉི་ག་སྨོས་པ་ནི་ཕམ་པ་འདི་མྱ་ངན་ལས་འདས་པའི་ཆོས་དང་ཤིན་ཏུ་འགལ་བའི་ཕྱིར་རོ་ཞེས་བྱ་བའི་དབང་དུ་བྱས་ནས་ཕམ་པར་འགྱུར་བ་ལ་ཤིན་ཏུ་ཉེས་པ་བརྗོད་པའི་དོན་དུ་ཡིན་ནོ། །དབྱེན་ལ་ལྷས་སྦྱིན་གྱི་གནས་ལྔ་པོ་ནི་དགོན་པར་གནས་པར་མི་བྱ་བ་ཉིད་དང༌། བསོད་སྙོམས་པ་ཉིད་དང༌། ཕྱག་དར་ཁྲོད་པ་ཉིད་དང༌། ཆོས་གོས་གསུམ་པ་ཉིད་དང༌། བླ་གབ་མེད་པ་ཉིད་དེ། དཀའ་ཐུབ་ཀྱི་གནས་ལྔ་པོ་འདི་དག་ལ་མི་མོས་པ་དང༌། མི་བཟོད་པ་དང༌། མི་བཟོད་པ་སྒྲུབ་པ་དེ་དག་ནི་དགེ་སྦྱོང་གཽ་ཏ་མའི་དྲུང་ན་མི་གནས་པར་རིང་དུ་གྱུར་པ་ཡིན་པས་ཚུལ་ཤིང་ལོང་ཤིག་བསྒོ་བ་


DTG155_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ན། དགེ་སློང་ལྔ་བརྒྱ་པོ་རྣམས་ཀྱིས་ཚུལ་ཤིང་བླངས་པར་གྱུར་ཏེ་ཞེས་བྱ་བ་ལ་སོགས་པ་གཞི་ལས་གསུངས་སོ། །ཁ་ཅིག་ནི་ཞོ་དང་འོ་མ་མི་བཏུང་བ་ལ་སོགས་པའི་རང་བཞིན་གཞན་བརྟུལ་ཞུགས་ཀྱི་གནས་ལྔ་ལྷ་སྦྱིན་གྱིས་བཅས་པ་ཡིན་ཏེ། འདི་ལྟ་སྟེ་འོ་མ་དང་ལན་ཚ་མི་བཟའ་བ་དང༌། གོས་མ་དྲས་པ་བགོ་བ་དང༌། གྲོང་དུ་གནས་པར་མི་བྱ་བའོ་ཞེས་འཆད་པ་ནི་དོན་འབྲེལ་པར་མ་མཐོང་སྟེ། ཕྱེ་བ་ལས་དུས་ལོག་པར་ལྟ་བ་སྐྱེས་པ་ན་དེ་རྣམས་སྟོན་པའི་ཕྱིར་རོ། འདི་ལྟར་ལྷ་སྦྱིན་གྱིས་འཕགས་པ་ལ་སྐུར་བ་འདེབས་པ་ཅན་གྱི་ལོག་པར་ལྟ་བ་རྙེད་ནས། དགེ་བའི་རྩ་བ་ཡོངས་སུ་ཆད་པ་འཇིག་རྟེན་ཕ་རོལ་ལ་མེད་དོ་ཞེས་བྱ་བ་ལ་སོགས་པའི་ཉེས་པ་རྙེད་ནས་ཉན་ཐོས་རྣམས་ལ་ཚིག་ལྔ་རྣམས་ཀྱིས་ཆོས་སྟོན་པར་བྱེད་པ་ནི་དགེ་སྦྱོང་གཽ་ཏ་མ་ནི་འོ་མ་འཐུང་སྟེ་ཞེས་པ་ལ་སོགས་པ་གཞི་ལས་གསུངས་པའི་ཕྱིར་རོ། །འདིར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་འདི་ནི་རྒྱུ་མ་ཡིན་པ་ལ་ལམ་དུ་ལྟ་བ་ཞེས་དེ་དང་དེར་གསུངས་སོ། །རྒྱུ་མ་ཡིན་པ་ལ་རྒྱུར་རྟོགས་པ་ཉིད་ཀྱིས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ་ཞེས་ཡེ་ཤེས་ལ་འཇུག་པའི་བསྟན་བཅོས་ལས་བཤད་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་དགེ་འདུན་གྱི་དབྱེན་དུ་གྱུར་པའི་བརྫུན་དུ་སྨྲ་བ་འདི་ནི་ཉེས་པར་སྤྱོད་པ་ཐམས་ཅད་ལས་ཁ་ན་མ་ཐོ་བ་ཆེན་པོར་བསྟན་ཏོ། ཆོས་དང་ཆོས་མ་ཡིན་པ་ཤེས་ཀྱང་ཆེད་དུ་བསམས་ནས་དགེ་འདུན་གྱི་དབུས་སུ་ལོག་པར་སྟོན་པའི་ཕྱིར་རོ། །དེ་ཡང་དགེ་འདུན་དབྱེ་བའི་ཕྱིར་བརྫུན་དུ་སྨྲ་བ་ཁ་ན་མ་ཐོ་བ་རབ་ཆེར་འདོད་ཅེས་བཤད་པའི་ཕྱིར་རོ། །ཁ་ཅིག་ན་རེ་དགེ་འདུན་གྱི་དབྱེན་གྱི་སྦྱོར་བ་ལ་སྦོམ་པོའོ། །བཞམས་ཏེ་བསྒོ་བ་ན་མི་ལྡོག་ན་སྦོམ་པོའོ། །གསོལ་བ་དང་གཉིས་ཀྱི་ལས་དག་གིས་མི་ལྡོག་ན་སྦོམ་པོའོ། །ལས་བརྗོད་པ་གསུམ་པ་ཡོངས་སུ་མ་རྫོགས་པ་ལ་སྒོམ་པོའོ། །དེ་རྫོགས་པའི་ཐ་མ་ནི་ལྷག་མའོ་སྙམ་དུ་སེམས་ཏེ། དེ་བཞིན་དུ་རྗེས་སུ་ཕྱོགས་པ་དང་ཁྱིམ་སུན་འབྱིན་པ་དང་བཀའ་བློ་མི་བདེ་བ་ལ་ཡང་ཅི་རིགས་པར་རྟོགས་པར་བྱ་སྟེ། འཇུག་པ་ནི་སྦྱོར་བ་ཉིད་དོ། །བསྐྲད་པ་གླེང་བ་དྲན་པ་མ་བྱས་པ་ནི་དེའིའོ་ཞེས་བཤད་པའི་ཕྱིར་རོ་ཞེས་ཟེར་བ་དེ་རིགས་པ་མ་


DTG155_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། གང་གི་ཕྱིར་དགེ་འདུན་གྱི་དབྱེན་བྱེད་པར་བརྟུལ་པ་དང༌། རྗེས་སུ་ཕྱོགས་ནས་འཇུག་པ་ནི་སྦོམ་པོའི་སྦྱོར་བ་ཉིད་ཡིན་པས་ཉེས་བྱས་ཡིན་ཏེ། དགེ་འདུན་གྱི་དབྱེན་ལ་ནི་སྦོམ་པོ་འབྱུང་བ་མིན་ལ། དེའི་སྦྱོར་བ་ལ་ཉེས་བྱས་སོ་ཞེས་བཤད་པའི་ཕྱིར་རོ། །འདུན་པས་འགྲོ་བ་ལ་སོགས་པ་བརྗོད་པ་དང༌། བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བྱེད་པའི་འཇུག་པའི་སྦྱོར་བ་ལ་ཡང་ཉེས་བྱས་ཉིད་དོ། །འདུན་པས་འགྲོ་བ་ལ་སོགས་པ་ཉིད་དུ་བརྗོད་པ་དང་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བྱེད་པ་ལ་ཚིག་ཀྱལ་པ་སྨྲ་བ་ཉིད་ཀྱིས་ཉེས་བྱས་འབྱུང་བའི་ཕྱིར་རོ། །སྦོམ་པོ་དང་ཉེས་བྱས་ཀྱི་སྦྱོར་བ་དག་ལ་སྦོམ་པོ་ཉིད་དུ་རིགས་པ་མ་ཡིན་ཏེ་སྦྱོར་བ་ལ་ན་སྨད་པའི་ཕྱིར་རོ། །དེ་ལྟར་ཡང་འགའ་ཞིག་ལས་ཇི་སྲིད་དགེ་སློང་འགའ་ཞིག་དགེ་འདུན་མཐུན་པ་བྱེད་པར་བརྟུལ་བར་བྱེད་པ་ལ་ནི་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །བཞམས་ཏེ་བསྒོ་བ་ན་མི་གཏོང་ན་ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་འགའ་ཞིག་དགེ་འདུན་མཐུན་པ་འབྱེད་པའི་རྗེས་སུ་ཕྱོགས་པར་བྱེད་པ་ལ་ཉེས་བྱས་སུ་འགྱུར་རོ། །ཇི་སྲིད་དུ་དགེ་འདུན་འགའ་ཞིག་གིས་ཤེས་ནས་དགེ་སློང་རྣམས་ཀྱིས་བསྐྲད་པའི་ལས་བྱས་པ་དང༌། དེ་ལ་འདུན་པས་འགྲོ་བ་ལ་སོགས་པ་ཟེར་ན་ཉེས་བྱས་སོ། །ཇི་སྲིད་དགེ་སྦྱོང་འགའ་ཞིག་བདེ་བར་གཤེགས་པའི་མདོར་གཏོགས་པ་ལ་སོགས་པ་ལ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །བཞམས་ཏེ་བསྒོ་བ་ན་ཉེས་བྱས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པས་ཇི་ལྟར་འདི་ལ་སྦོམ་པོར་བརྗོད་པར་བྱ། གསོལ་བ་དང་གཉིས་ལས་བརྗོད་པ་དག་ལས་མི་ལྡོག་ན་སྦོམ་པོའོ། །ལས་བརྗོད་པ་ལ་གསུམ་མ་རྫོགས་ན་ལྷག་མར་འགྱུར་ཏེ། འདིར་དགེ་འདུན་ལྷག་མ་གསུམ་པོ་རྣམས་ལ་ལྟུང་བའི་བྱེ་བྲག་དེ་ལྟར་རྟོགས་པར་བྱའོ། །དགེ་འདུན་གྱི་དབྱེན་འདི་ནི་མི་ཆོས་བླ་མའི་ཕྱོགས་སུ་གཏོགས་པར་བལྟ་བར་བྱའོ། །འདིའི་ཡན་ལག་ནི་འཁོར་ལོའི་དབྱེན་གྱི་བདག་ཉིད་ཀྱི་དགེ་འདུན་གྱི་དབྱེན་དང་ཆོས་དང་ཆོས་མ་ཡིན་པ་ལ་ཆེད་དུ་བསམས་ནས་དགེ་འདུན་གྱི་དབུས་སུ་བརྫུན་དུ་སྨྲ་བས་ཕྱིན་ཅི་ལོག་ཏུ་སྟོན་པ་དང༌། གསོལ་བ་དང་བཞིའི་ལས་ཀྱི་མཐར་ཕྱིན་པ་ཞེས་བྱ་བ་འདི་ཡིན་


DTG155_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །བཀའ་བློ་མི་བདེ་བ་ལས་གང་གི་ཕྱིར་ཕྱིན་ཅི་ལོག་ཏུ་འཆད་པའི་ཆོས་དང་འདུལ་བ་རྣམས་ཀྱི་གཞུང་ནི། ཆོས་ལ་ཡོངས་སུ་དོགས་པ་ཡིས། །རྣམ་པར་སྤྱད་པར་མི་བྱ་སྟེ། །འོན་ལོང་གྱུར་པ་བཞིན་བྱོས་ལ། །གོང་བཤད་དེ་ནི་སྤྱད་པར་གྱིས། །ཞེས་བྱ་བ་ནི་འདི་ཡིན་ནོ། །བཀའ་བློ་མི་བདེ་བའི་རང་བཞིན་ཅན་ནི་གདུག་པ་ཅན་འདི་ལ་ཚིག་འབྲས་བུ་མེད་པའི་ཕྱིར་བཀའ་བློ་མི་བདེ་བ་སྟེ་ལེགས་པར་མི་ཉན་པའོ། །དེའི་རང་བཞིན་ནི་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དེ་ཚིག་མི་བཟོད་པ་ཞེས་བྱ་བའི་དོན་ཏོ། །གཞན་ནི་ཚིག་གི་རྗེས་སུ་མི་བྱེད་པ་ཞེས་བྱ་བའི་དོན་ཏོ། །རྣམ་པར་འབྱེད་པ་ལས་བཀའ་བློ་མི་བདེ་བ་ཞེས་བྱ་བ་ནི་ཚིག་གི་ལམ་རྗེས་སུ་མཐུན་པར་མི་བྱེད་པ་དང༌། མི་འཛིན་པའོ་ཞེས་གསུངས་སོ། །ལྷག་མ་གདོན་པའོ། །ཆོས་གོས་ལྟག་པ་ཞེས་བྱ་བ་ནི་སྣམ་སྦྱར་བླ་གས་མཐང་གོས་ལ་ལྟོས་པའི་བྱིན་གྱིས་བརླབས་པའི་ཆོས་གོས་གསུམ་པོ་ལས་གཞན་ཤམ་ཐབས་ཀྱི་གཟན་ལ་སོགས་པ་ལྷག་པའོ། །གང་གི་ཕྱིར་དོན་དམ་པར་ན་བྱིན་གྱིས་བརླབས་པའི་ཆོས་གོས་གསུམ་པོ་ནི་བདག་གིར་བྱ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་འདི་འདིས་བསྟན་པར་རིག་པར་བྱའོ། །ཆོས་གོས་ལྷག་མ་ནི་འདིའི་བྱུང་བའི་དབང་གིས་གསུངས་པ་ཡིན་ཏེ། འཐག་པའི་སྤོང་བའི་ལྟུང་བྱེད་ལ་རང་གིས་བླངས་པའི་དོག་པ་བཞིན་ནོ། །འདི་ཡན་ལག་ནི་མ་ཡིན་ཏེ། ཆོས་གོས་གསུམ་པ་ཡོད་ལ་བྱིན་གྱིས་མ་བརླབས་ཤིང་རྣམ་པར་མ་བརྟགས་པའི་གོས་ཞག་བཅུ་ལས་འདས་པར་འཆད་ན་སྤང་པའི་ལྟུང་བྱེད་ཡིན་ཏེ། ལྷུང་བཟེད་འཆད་པའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །དེ་ལྟར་ཡང་ཞུས་པ་ལས་བཙུན་པ་དགེ་སློང་ལ་ལྷུང་བཟེད་གཅིག་མཆིས་པ་དེ་ཉིད་སྤང་བར་འགྱུར་པ་མཆིས་སམ། ཉེ་བ་འཁོར་བྱིན་གྱིས་མ་བརླབས་པར་འཆད་ན་འགྱུར་རོ་ཞེས་གསུངས་ཏེ། ལྷུང་བཟེད་འཆང་བ་ལ་ཡང་གཞུང་འདི་ཉིད་ཡིན་ནོ། །གོས་རྣམ་པར་བརྟགས་པར་བྱེད་པ་ན་མཁན་པོའི་མིང་ནས་བརྗོད་པར་བྱའོ། །སྲ་བརྐྱང་བཏིང་བའི་ཕན་ཡོན་ནི་བཅོམ་ལྡན་འདས་ཀྱིས་ཞག་བཅུ་ལས་འདས་པ་མེད་པ་དང༌། ནུབ་གཅིག་འབྲལ་བ་མེད་པ་དང༌། འཇོག་པ་མེད་པ་དང༌། སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འགྲོ་བ་དང༌། འདུས་ཤིང་ཟ་བ་དང༌།


DTG155_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡང་ཟ་བ་དང༌། ཁྱིམ་རྣམས་སུ་མགྲོན་དུ་མ་བོས་པར་འགྲོ་བ་དང༌། གོས་ཅི་བདེར་ཚོལ་བ་དང༌། སྟོན་ཟླ་འབྲིང་པོ་ནས་དཔྱིད་ཟླར་བ་ཉའི་བར་དུ་སྲབ་རྐྱང་བཏིང་བའི་རྙེད་པ་ཐུན་མོང་དུ་འགྱུར་བ་དང༌། རྣམ་པར་མ་བརྟགས་པའི་ཆོས་གོས་ཇི་ཙམ་འདོད་པ་འཆང་པའོ་ཞེས་གསུངས་སོ། །ཇི་སྲིད་དུ་སྤང་བའི་དངོས་པོ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ་ཆོས་གོས་སམ་དྲ་བའམ་ཕོར་བུའམ་སྐ་རགས་སམ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་དག་ཉེ་བར་འཇོག་པར་བྱེད་ན་དེ་ལྟར་ན་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ་ཞེས་གསུངས་སོ། །མདོ་མཛད་པས་ཀྱང་ལྟུང་བ་དེ་ཡོད་ན་ཡོ་བྱད་ཙམ་བདག་གིར་བྱས་པ་ལ་སྤང་བ་ཉིད་དོ་ཞེས་བཤད་དོ། །དགེ་སློང་མ་དང་བསླབ་པ་སྦྱིན་པ་ལ་ནི་སྤང་བའི་ལྟུང་བྱེད་དོ། །ཉམས་པ་དང་མ་ཆགས་པ་དག་ལ་ནི་ཉེས་བྱས་སོ། །དགེ་སློང་མ་དང་དགེ་ཚུལ་དང་དགེ་ཚུལ་མ་ལ་ནི་འཆང་བའི་ལྟུང་བ་མེད་དོ། གང་གི་ཕྱིར་འཆང་བའི་ལྟུང་བ་འདི་ནི་དགེ་སློང་མ་ལ་སོགས་པ་ལ་རྣམ་པར་མ་བཞག་པའི་ཕྱིར་རོ། །དགེ་སློབ་མ་ལ་ནི་བརྒྱད་ལྟུང་བ་མེད་པ་ཡིན་ལ་དགེ་ཚུལ་གཉིས་ལ་ནི་བཅུ་གསུམ་མ་བསྟན་ཏེ། ལྷག་མ་ནི་ཅི་རིགས་པར་རྟོགས་པར་བྱའོ། །འབྲལ་བ་ལ་མཚམས་མེད་པའི་གནས་སུ་ནི་ཡན་ལག་གིས་ཁྱབ་པ་གནས་ཀྱི་མཐའོ། །ཉེ་འཁོར་ནི་ཁོར་ཁོར་ཡུག་ཏུ་འདོམ་གང་ཙམ་མོ། །རྩིག་པ་དང་རིབ་མ་དང་འོབས་ཀྱིས་བསྐོར་བའི་གྲོང་ལ་ནི་དེ་ཙམ་ཉིད་ཉེ་འཁོར་ཡིན་ནོ། །ཆོས་གོས་བྱིན་གྱིས་བརླབས་པ་དང་ནུབ་གཅིག་བྲལ་ན་སྤང་བ་ཡིན་ལ། བྲལ་བས་བྱིན་གྱིས་བརླབས་པ་ཞིག་པ་ནི་མ་ཡིན་ནོ། །བྱིན་གྱིས་བརླབས་པ་དང་འབྲལ་བ་ལ་ནི་སླར་དབྱུང་བ་དང་འབྲེལ་པ་མེད་པའི་ཕྱིར་ལ་བྲལ་བས་ནི་བྱིན་གྱིས་བརླབས་པ་སླར་དབྱུང་བའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གང་གི་ཚེ་ལྟུང་བ་བཤགས་པའི་དོན་དུ་དགེ་སློང་གཞན་ལ་སྤོང་བར་བྱེད་པ་དེའི་ཚེ་སླར་བྱུང་ལ་སྤང་བ་བྱའོ། །སྤང་བའི་དུས་སུ་ཆོས་གོས་གཞན་བྱིན་གྱིས་བརླབ་པར་མི་བྱ་བ་སྟེ། སྤང་བ་ལ་ནི་འབྲལ་བ་སྔོན་དུ་བཏང་བས་སྤང་བ་ཉིད་ཡིན་ནོ་ཞེས་བཤད་པའི་ཕྱིར་ལ། བྲལ་བར་རྗེས་སུ་གནང་བ་ན་ཆོས་གོས་བྱིན་གྱིས་བརླབས་པ་བཀག་པའི་ཕྱིར་རོ། །ཆོས་གོས་གཞན་བྱིན་གྱིས་


DTG155_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་ན་བྲལ་བ་མེད་པའི་ཕྱིར་ལྟུང་བ་བཤགས་པ་ཉིད་མ་ཡིན་ཏེ། གང་གི་ཕྱིར་འབྲལ་བ་ནི་བདག་གིར་བྱེད་པ་མེད་པར་གསུངས་པ་ཡིན་ལ། དེ་ལ་ནི་དེ་མེད་པའི་ཕྱིར་རོ། །དེས་ན་ཇི་སྐད་བཤད་པའི་ཆོས་གོས་ལྟུང་བ་བཤགས་པ་བྱས་ལ་ཡང་བྱིན་གྱིས་བརླབ་པར་བྱའོ་ཞེས་འདུལ་བ་འཛིན་པ་དག་འདོད་དོ། །འདུག་པ་ལས་འབྲལ་བ་ནི་མེད་དོ། །འོན་ཀྱང་དེའི་ནང་ནས་གཞན་དུ་སྐྱ་རེངས་ཤར་བར་མི་བྱ་སྟེ། དེ་ཤར་ན་ནི་ཉེས་བྱས་ཉིད་དོ། །སྣམ་སྦྱར་ཡང་རྣམ་པ་ལྔས་བཅོལ་དུ་རུང་བར་བསྟན་ཏེ། དགེ་སློང་དང་སྒོ་གླེགས་དང་བཅས་པ་ཉིད་ཀྱི་གནས་སུ་རྟུར་བ་དང༌། ཆར་འབབ་པ་དང་འབབ་ཏུ་དོགས་པ་དང༌། གྲོང་གཞན་དུ་འགྲོ་བར་འདོད་པ་ཆུ་ཀླུང་གིས་མ་ཆོད་པ་དང༌། སྲ་བརྐྱང་མ་བཏིང་བའི་གནས་ཡིན་པ་དང༌། གསོལ་བ་དང་ལས་ཉིད་ནི་ལྔ་པ་ཡིན་ནོ། །མདོ་མཛད་པས་ཀྱང་དེ་སྐད་བཤད་དོ། །དེ་ལྟ་བུའི་རྐྱེན་མེད་ན་སྣམ་སྦྱར་མེད་པར་གྲོང་དུ་འགྲོ་བར་མི་བྱ། ཁང་པའི་ནང་དུ་འགྲོ་བ་དང་འདུག་པར་མི་བྱ་སྟེ། ཇི་སྐད་དུ་བཙུན་པ་མ་དྲས་པའི་ཆོས་གོས་ཀྱིས་གྲོང་དུ་འཇུག་པར་གནང་ངམ། ཉེ་བ་འཁོར་མི་གནང་སྟེ། དེ་ལྟ་བུའི་རྐྱེན་རྣམས་ཡོད་ན་གནང་ངོ་ཞེས་གསུངས་སོ། །འདིར་མ་དྲས་པ་ནི་སྣམ་སྦྱར་ཡིན་གྱི་བླ་གོས་དང་མཐོང་གོས་ནི་མ་ཡིན་ཏེ། དེ་ལྟར་ཡང་བླ་གོས་དང་མཐང་གོས་དང་བཅས་པས་སྐྱེ་བོའི་ནང་དུ་རྒྱུ་ཞིང་འགྲོ་བར་བྱའོ་ཞེས་གསུངས་པ་འདིར་གཞུང་ཡིན་ནོ། །མདོ་མཛད་པས་ཀྱང་རྐྱེན་དེ་ལྟ་བུ་མེད་པར་མ་དྲས་པར་དེས་གྲོང་ངམ་ཁྱིམ་གཞན་དུ་འཇུག་པ་དང་འདུག་པར་མི་བྱའོ་ཞེས་བཤད་དོ། །ཁ་ཅིག་དགེ་སློང་མ་ལ་འཁྲུར་འཇུག་པའི་སྤང་བ་འདོད་དེ། བཤད་པའི་མཚན་ཉིད་བཅུ་པོ་དེ་དག་ནི་དགེ་སློང་མ་ལ་ཡང་བལྟ་བར་བྱའོ་ཞེས་བཤད་པའི་ཕྱིར་རོ་ཞེས་འདོད་པ་དེ་རིགས་པ་མ་ཡིན་ཏེ། བྱུང་བ་མེད་པའི་ཕྱིར་དང༌། བསླབ་པའི་གཞི་མཐུན་པ་རྣམ་པར་མ་བཞག་པའི་ཕྱིར་རོ། །གལ་ཏེ་དགེ་སློང་གི་རྒྱུད་ཀྱི་ཆོས་གོས་བཀྲུས་པའི་ཕྱིར་རོ་ཞེ་ན། དགེ་སློང་གི་གོས་ལ་དགེ་སློང་མ་ལ་ལྟུང་བ་འབྱུང་བར་རིགས་པ་མ་ཡིན་ཏེ། ཇི་ལྟར་ཡང་སྤང་བར་བྱ་བའི་དངོས་པོ་ལས་སྤང་བ་འབྱུང་བའི་ཕྱིར་ཏེ། གཞན་གྱི་ནི་བདག་གིར་བྱས་པ་མ་ཡིན་པ་ལ་སྤང་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་མ་བརྟགས་པའི་ཕྱོགས་ལ་


DTG155_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའི་ཉེས་བྱས་སུ་ཤེས་པར་བྱའོ། །སློང་བའི་སྤང་བའི་ཡན་ལག་ནི་མིའི་འགྲོ་བ་ཉིད་དང༌། རང་བཞིན་དུ་གནས་པ་དང༌། ཁྱིམ་པ་ཉིད་དང༌། ཉེ་དུ་མ་ཡིན་པ་ཉིད་དང༌། དོན་གོ་བ་ཉིད་དང༌། བདག་ཉིད་དང་འབྲེལ་བ་དང༌། རང་གི་ངག་དང༌། བདག་གི་དོན་དུ་སློང་བ་སྟེ་འོག་མ་དག་ལ་ཡང་ཅི་རིགས་པར་སྦྱར་རོ། །སློང་བར་རིགས་པའི་གླང་གཞི་གྲོང་ཕྲེང་བ་ཅན་གྱི་དགེ་སློང་བཞི་བཅུ་ལ་བརྟེན་ནས་བཅས་སོ། །ཡང་ན་ཁ་ཅིག་ནི་འཕགས་པ་དྲུག་སྡེ་དཔེར་བྱེད་པ་ནི་དེ་དག་འཁྲུལ་ནས་བྱས་པར་མཐོང་སྟེ། གང་གི་ཕྱིར་འཕགས་པ་དྲུག་སྡེ་རྣམས་ཀྱིས་དེ་དག་གི་ཆེད་དུ་བསྐུལ་བ་དེས་ན་དེ་དག་པར་རྗོད་པར་བྱེད་པ་ཡིན་གྱི་བསླབ་པ་བཅས་པའི་དུས་ན་ནི་བཞི་བཅུ་པོ་ལ་རྨས་པ་ན་དེ་ཉིད་ལ་བརྩམས་ནས་བཅས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆོས་གོས་ཕྲོགས་པ་ལ་སོགས་པ་ནི་དུས་ཀྱི་ཚིགས་ནི་བཞི་བཅུ་པོ་ལ་བརྟེན་ནས་གསུངས་པ་ཡིན་ཏེ། དེ་དག་ཁོ་ན་ལ་ཡོད་པའི་ཕྱིར་ཏེ། གཞན་དག་ལ་མེད་པའི་ཕྱིར་རོ། །སོ་སོར་ནས་སྤགས་པ་སློང་བ་ལ་འདིར་སོ་སོར་ཞེས་བཤད་པ་ཡིན་པས་ཕྱིས་ནི་གཉི་ག་འདུས་ནས་བདག་ལ་སྐོན་ཅིག་ཅེས་བསྟན་པ་དེ་ལྟར་ན་བཟང་པོ་འདོད་པས་སྦྱིན་པ་པོས་ཆོས་གོས་དུ་མ་གཅིག་ཏུ་བྱས་པའི་དོན་དུ་གཉི་ག་འདུས་པས་ཆོས་གོས་གཅིག་ཅེས་བྱ་བའི་ཚིག་འདི་ཡིན་ནོ། །བསྐུར་བ་ལ་གསེར་ལ་སོགས་པ་མི་རུང་བ་ཉིད་བདག་གིར་བྱེད་པ་ནི་དགག་པའི་ཕྱིར་རོ། །རུང་བར་བྱས་པ་ཡིན་ན་ཆོས་གོས་ཀྱི་རིན་སྤང་བ་མ་བྱས་པར་ལེན་ན་ལྟུང་བ་འགའ་ཡང་མེད་པར་རྟོགས་པར་བྱའོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་ཞིག་གིས་གོས་ཀྱི་རིན་སྦྱིན་པར་སེམས་པ་ཡིན་ན་ངའི་ཉན་ཐོས་ཀྱི་རིན་དོན་དུ་གཉེར་བའི་དགེ་སློང་རྣམས་ལ་རུང་བ་འགའ་ཞིག་ངས་རྗེས་སུ་གནང་བར་བྱའོ་ཞེས་དགོངས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བླང་བར་བྱ་ཞིང་བླངས་ནས་སྦྱིན་བདག་དེ་ཉིད་ལ་ཡིད་ལ་བརྟན་ཏེ་བཅང་བར་བྱའོ་ཞེས་གསུངས་པ་ནི་རུང་བ་མ་ཡིན་པ་གསེར་ལ་སོགས་པ་ཆོས་གོས་ཀྱི་རིན་རྣམས་ནི་རུང་བར་བྱས་ལ་བླང་བར་བྱ་བར་གསུངས་པ་ཡིན་ནོ། །ཞལ་ཏ་བས་སྦྱིན་པར་བྱེད་པའི་སེམས་སྡུད་པར་ཁས་ལེན་པ་ལས་བླངས་ན་ལྟུང་བ་མེད་དོ། །གཞན་དུ་ལེན་ན་ཉེས་བྱས་ཏེ། རྣམ་


DTG155_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་ལས་དགེ་སློང་གོ་རིམས་དེ་ལྟར་མ་བྱས་པར་ལེན་ན་ཐམས་ཅད་ལ་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ། །སྲིན་བལ་གྱི་སྤང་བ་ལ་ནང་ཚངས་ཅན་དང་བླིངས་པའི་བྱེ་བྲག་གིས་སྟན་པ་རྣམ་པ་གཉིས་ཡིན་པ་དེ་ལྟ་ན་ཡང་འདིར་ནི་ནང་ཚངས་ཅན་ལ་བརྗོད་པར་བྱའོ་བླིངས་པ་ནི་མ་ཡིན་ཏེ། དེ་ནི་ཕྱིང་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཅིག་ཤོས་འགན་སྟན་གྱི་རང་བཞིན་ཡིན་པས་སྲིན་བལ་ཕྱིང་པར་བླིངས་པ་འཐད་པའི་ཕྱིར་རོ་ཞེས་གཞན་དག་འཆད་པ་མི་རིགས་ཏེ། གང་གི་ཕྱིར་སྟན་རྣམ་པ་གཉིས་ཏེ། ནང་ཚངས་ཅན་དང་བླིངས་པའོ། །དོན་འདིར་ནི་གཉིས་ཀ་ཡིན་པར་དགོངས་སོ་ཞེས་གཉིས་སུ་གསུངས་པའི་ཕྱིར་གནས་པ་མ་ཡིན་པ་ལ་མངོན་པར་ཞེན་པ་རང་འདོད་ཀྱིས་རྣམ་པར་བརྟགས་པ་ཡིན་ནོ། །འདིར་ནང་ཚངས་ཅན་སྨོས་པས་གོས་ཀྱིས་གཡོགས་པ་ཉིད་དུ་ཉེ་བར་བཟུང་ན་འཆང་བའི་སྤང་བར་མི་འགྱུར་ཏེ། གོས་ཉིད་མ་ཡིན་པའི་ཕྱིར་རོ། །སྟན་གང་ལ་སྟན་ཉིད་ཀྱང་ཡིན་པ་གོས་ཉིད་ཀྱང་ཡིན་པ་དེ་ནི་འཆང་བ་ཉིད་དུ་འགྱུར་ཏེ་འཆང་བའི་སྤང་བའི་གོས་སུ་གྱུར་པའི་ཕྱིར་སྟེང་དུ་གདིང་བ་བཞིན་ནོ། །དེ་ལྟར་ཡང་འགྲེལ་པར་བྱེད་པས་ནར་ཚངས་ཅན་སྟོས་པ་ནི་འདིར་གོས་ལ་ཡང་གཡོགས་ཁས་བླངས་པར་གྱུར་པ་རིག་པར་བྱའོ་ཞེས་བཤད་དོ། །འདིར་ཡང་བལ་དཀར་པོའམ། སྲིན་བུ་ཀ་ཙའི་བལ་ལམ། རང་གི་རྒྱུས་བསྲེས་ནས་བྱེད་དུ་བཅུག་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ། །ཁ་ཅིག་ནི་རྫས་མཚུངས་པས་ཀ་ཙ་ལ་སོགས་པས་སྟན་བྱེད་ན་ཡང་སྤང་བར་འགྱུར་ཏེ། རྙེད་པར་དཀའ་བའི་ཕྱིར་དང། རིན་ཐང་ཆེ་བའི་ཕྱིར་རོ་ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་ན་ནི་དཔག་བསམ་གྱི་ཤིང་ལས་བྱུང་བ་ཡང་རིན་ཆེ་ལ་རྙེད་དཀའ་བས་སྤང་བར་ཐལ་ལོ། །ལུང་ལས་ཉེས་བྱས་སུ་གསུངས་སོ། །དེའི་ཕྱིར་སྟོན་པས་བསླབ་པ་བཅའ་བའི་རྒྱུ་མཚན་གྱིས་ལྟུང་བ་རྣམ་པར་གཞག་པ་ཡིན་གྱི་དངོས་པོའི་རྒྱུ་མཚན་གྱིས་མ་ཡིན་ནོ། །ཁ་ཅིག་དགེ་སློང་མ་ལ་སྲིན་བལ་གྱི་སྤང་བ་མི་འདོད་པ་དེ་མི་རིགས་ཏེ། དགེ་སློང་མའི་རྣམ་འབྱེད་ལས་མཚུངས་པར་གཞག་པའི་ཕྱིར་རོ། །ལོ་དྲུག་པའི་སྐབས་སུ་འདི་ལ་ལྔ་རྣམས་སུ་བཀག་པ་ཡིན་གྱི་དྲུག་པ་ལ་ནི་ལྟུང་བ་མེད་


DTG155_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ལུང་ལས་ཀྱང་འོན་ཀྱང་ལོ་དྲུག་པ་ལ་ལྟུང་བ་མེད་དོ་ཞེས་རྣམ་འབྱེད་ལས་གསུངས་སོ། །མཐོ་གང་ལ་ཁ་ཅིག་ནི་བྱས་ཟིན་པ་རྙེད་པའི་རྙེད་པ་ལ་ཡང་གླན་པར་བྱ་བ་ཉིད་ཡིན་ཏེ། རྙེད་པས་གསར་བ་ལ་ཡང་འདོད་པ་མི་རིགས་ཏེ། བྱས་པས་གསར་པ་ཁྱད་པར་དུ་བཟུང་བའི་ཕྱིར་རོ། །ཡང་གསར་བ་ནི་ཁ་དོག་མི་སྡུག་པར་བྱ་བ་ཡིན་ལ། རྙིང་པ་ནི་རྙིངས་པ་ཉིད་ཀྱིས་ཁ་དོག་མི་སྡུག་པར་འགྲུབ་པའི་ཕྱིར་དང༌། ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །དེ་ནི་གདིང་བ་གསར་པའི་དཀྱིལ་ནས་གླན་པར་བྱ་སྟེ། སྲ་བ་དང་རྙིང་པ་ཆུད་མ་ཟོས་པར་བྱས་པ་ཡིན་ནོ། །ལམ་ལ་ཁྱེར་བ་ཡོད་ཀྱང་རུང་སྟེ་དཔག་ཚད་གསུམ་ལས་འདས་ན་དང་པོ་ཉིད་ནས་བྱས་ཏེ་ཁུར་ལྕི་བ་ཁུར་ན་ཉེས་བྱས་སོ་ཞེས་བྱ་བའི་དོན་ཡིན་ནོ། །ཁུར་བ་མེད་ན་དཔག་ཚད་གསུམ་ལས་འདས་པ་ཡིན་ལ་ཡོད་ན་དང་པོ་ཉིད་ནས་འབྱུང་བ་ཡིན་ནོ་ཞེས་འགྲེལ་པ་བྱེད་པས་བཤད་པ་མི་བདེན་ཏེ། གང་གི་ཕྱིར་དེ་ལས་འདས་པར་ཁྱེར་ན་ཞེས་དཔག་ཚད་གསུམ་ལས་འདས་པའི་ལམ་ལྟུང་བའི་བྱེད་པ་པོ་ཡིན་པར་གསུངས་སོ། །ལྟུང་བ་བསྟན་པ་རྣམས་སུ་ཡང་དཔག་ཚད་གསུམ་ལས་འདས་པར་ལུག་གི་བལ་ཁྱེར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་འདས་པའི་ལམ་ཉིད་ལྟུང་བ་བྱེད་པ་པོར་གསུངས་པ་ཡིན་ནོ། །ཁྱེར་ཡོད་ན་ལྟུང་བ་འགའ་ཞིག་བསྟན་པ་ནི་མི་མཛད་དེ། འོན་ཀྱང་ཁྱེར་བ་མེད་ན་ཞེས་གསུངས་པའི་ཕྱིར་ཁྱེར་ཡོད་ན་བདག་ཉིད་ཀྱིས་བསྐུར་བར་བྱ་བ་མ་ཡིན་པར་གསུངས་པས་ཉེས་བྱས་ཉིད་དེ་དེས་ནི་ཐ་དད་པར་བསྟན་པ་ཡིན་ནོ། །གསེར་དངུལ་མ་རུང་བ་གསུམ་པོ་འདི་ཕྱི་མ་ཕྱི་མ་གཙོ་བོར་གྱུར་པར་རྟོགས་པར་བྱ་སྟེ། སྦྱིན་བདག་མོས་སུ་གཞུག་པ་དང༌། ཞལ་ཏ་བྱེད་པ་བདག་པོ་ཉིད་དུ་ཁས་ལེན་དུ་བཅུག་པ་ན་གསལ་བར་གཞན་ནི་བློ་ཉིད་སྐྱེ་བ་ཡིན་ནོ། །བྱིན་གྱིས་བརླབས་པ་ན་གསལ་བར་བདག་གིར་བྱས་པ་མ་ཡིན་པའི་བློ་འབྱུང་བ་ཡིན་ནོ། །གང་ཞིག་རྣམ་འབྱེད་ལས་དགེ་སློང་ཐ་དད་དུ་མི་རུང་བའི་གསེར་ལ་རེག་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པའི་དོན་ཅི་ཡིན་སྙམ་པ་ལ་འདིར་མ་གསུངས་པ་ནི་ཐ་སྙད་དུ་མི་རུང་བ་ཉིད་གསེར་དུ་གསུངས་སོ། །འོན་ཏེ་འདིར་རིན་པོ་ཆེ་ནི་ཡོད་པ་ཡིན་ལ་དེས་ན་རིན་པོ་ཆེ་ཉིད་ཡོངས་སུ་རྫོགས་པས་ཁ་ན་མ་ཐོ་བའི་རྟེན་ཡིན་ལ་ཇི་ལྟར་


DTG155_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཉེས་བྱས་སུ་གསུངས་ཏེ། དེ་ལྟར་ཡང་གང་གིས་དབྱིག་ལ་རེག་ན་སྤང་བའོ། །གསེར་ལ་རེག་ན་སྤང་བའོ། །ཞེས་སྤྱིར་དབྱིག་དང་གསེར་ལ་རེག་ན་སྤང་བར་གསུངས་པའི་ཕྱིར་རོ་ཞེ་ན། འགལ་བ་མེད་དེ་འཇིག་རྟེན་ན་ཟོང་གི་རྒྱུ་མཚན་དུ་འགྱུར་བའི་མངོན་མཚན་ཅན་ལ་བརྟེན་པའི་ཕྱིར་ཏེ། ཐ་སྙད་དུ་མི་རུང་བ་ཉིད་ལ་ནི་མངོན་མཚན་ཡོངས་སུ་རྫོགས་པ་དེས་ན་ཉེས་བྱས་སུ་གསུངས་པ་ཡིན་ནོ། །དེས་ན་དོན་འདི་ཡིན་ཏེ། གང་གི་རྒྱུ་མཚན་གྱི་ཐ་སྙད་དུ་རུང་བའི་རྒྱུ་མཚན་ཞིག་ན་ཐ་སྙད་དུ་བྱར་རུང་བའི་རྒྱུ་མཚན་ཡང་ཞིག་པ་ཡིན་ནོ། །འདིར་རྫས་ཉིད་འབའ་ཞིག་ནི་ཐ་སྙད་གདགས་སུ་རུང་བ་མ་ཡིན་ཏེ། མངོན་མཚན་ལ་མི་ལྟོས་པར་ཐ་སྙད་དུ་བྱེད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །གང་གི་ཕྱིར་མངོན་མཚན་ཅན་དང་ལྡན་པའི་ཐ་སྙད་དུ་རུང་བའི་རྒྱུ་མཚན་ཡིན་ཏེ་མངོན་མཚན་དེས་མ་བཏབ་པའི་རྫས་དེ་ལ་ནི་ཉེས་བྱས་སུ་གསུངས་པ་ཡིན་ཏེ། ཐ་སྙད་དུ་མི་རིང་བའི་ཕྱིར་དང༌། རྒྱུ་མཚན་ཉམས་པའི་ཕྱིར་ལ། དེས་ཀྱང་རིན་པོ་ཆེའི་རྫས་ཉམས་པ་ནི་མ་ཡིན་ཏེ། གཞན་དུ་ཐ་སྙད་མི་རུང་བའི་ཟངས་མ་བཞིན་དུ་ལྟུང་བ་མེད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་ཞུས་པ་ལས་དགེ་སློང་གིས་གསེར་གྱི་སྟེགས་བུ་ལ་འདུག་ན་ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་རིན་པོ་ཆེ་འམ་རིན་པོ་ཆེར་སྨོས་པ་ཞིག་ལ་རེག་ན་ཅིར་འགྱུར་ཉེས་བྱས་སོ། །དེ་བཞིན་དུ་ཐ་སྙད་དུ་གདགས་སུ་མི་རུང་བའི་དབྱིག་གམ་གསེར་ལ་རེག་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཞིག་པ་ནི་ཆག་པ་དང་གས་པ་ལ་སོགས་པའི་མཚོན་བྱེད་ཡིན་ཏེ། མདོ་མཛད་པས་ཀྱང་ཐ་སྙད་དུ་མི་རུང་བ་ཉིད་ལ་ནི་ན་སྨད་དོ། །གས་པ་དང༌། ཆག་པ་དང་ཞེས་པ་ལ་སོགས་པ་བཤད་དོ། །དེས་ན་རིན་པོ་ཆེའི་བདག་ཉིད་ཐ་སྙད་དུ་མི་རུང་བ་དང༌། མངོན་མཚན་ཅན་མ་ཡིན་པའི་རིན་པོ་ཆེ་གང་ཡིན་པ་དེ་ཐ་སྙད་དུ་མི་རུང་བ་དེ་ལ་རེག་ན་ཉེས་བྱས་སུ་རྟོགས་པར་བྱའོ། །རུང་བར་བྱས་པའི་རིན་པོ་ཆེ་ལ་སོགས་པ་ལ་ཐམས་པར་གནས་པའི་གནས་སྐབས་སུ་རེག་ན་ཡང་རུང་བ་མ་ཡིན་པའི་ཕྱོགས་ལ་བརྟེན་པའི་ཕྱིར་དང༌། གྲགས་པའི་ཕྱིར་དང༌། མན་ངག་ལས་ཉེས་བྱས་སུ་རྟོགས་པར་བྱའོ། །མངོན་མཚན་ཅན་ལ་ཀཱར་ཤཱ་པ་ཎ་དང་ཟངས་མ་ལ་སོགས་པ་ཐ་སྙད་གདགས་སུ་རུང་


DTG155_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སྦང་བའོ། །འདིར་ཡང་འབྲས་དང་གོས་ལ་སོགས་པའི་མཚོན་བྱེད་ཡིན་ཏེ་རྣམ་འབྱེད་ལས་ཐམས་ཅད་ལ་སྤང་བར་གསུངས་སོ། །ཉོ་ཚོང་ལ་པ་ན་དང་རིན་པོ་ཆེ་དང་འབྲས་དང་འབྲུ་དང་ཆང་དང་གོས་ལ་སོགས་པའི་རྫས་ཀྱི་རིགས་སྐྱེད་ཀྱི་དོན་དུ་ཉོ་ནས་ཁྱིམ་པ་ཉེ་དུ་མ་ཡིན་པ་དང་ལྷན་ཅིག་ཉོ་ཚོང་བྱས་པ་སྐྱེད་ཐོབ་པ་ན་སྤང་བའོ། །སྐྱེད་དོན་དུ་གཉེར་བ་མེད་པར་ཉོས་ན་སྐྱེད་དགོས་པས་བཙོངས་ན་ཉེས་བྱས་སུ་འགྱུར་ཏེ། ཡན་ལག་མ་ཚང་བའི་ཕྱིར་རོ། །རྣམ་འབྱེད་ལས་རྙེད་པ་འདོད་པས་འཚོང་ན་སྤང་བའོ། །བཟློག་པ་གཉིས་ལ་ཉེས་བྱས་སོ། །གཉི་ག་ལ་རྙེད་པ་འདོད་པ་མེད་པ་ན་ལྟུང་བ་མེད་དོ་ཞེས་གསུངས་སོ། །མངོན་མཚན་ཉོ་ཚང་གི་ཁྱད་ནི་རྒྱ་འགྲེལ་དང་མཐུན་ནོ། །ལྟུང་བཟེད་འཆང་བ་ལ་རྣམ་པར་བརྟག་པ་འབའ་ཞིག་མ་གཏོགས་པ་ཞིག་གོས་འཆང་བ་བཞིན་ནོ། །འཕྲོག་པ་ལ་གོས་ལས་གཞན་པའི་ཡོ་བྱད་འཕྲོགས་པ་ལ་ཉེས་བྱས་སུ་བལྟ་སྟེ་འདུལ་བ་མདོར་བསྡུས་ཀྱིས་རྟོགས་སོ། །བརྟད་པ་ལ་འགྲེལ་པ་བྱེད་པས་བརྟད་པ་ལྔ་པོ་ནི་དཔེ་སྟེ། རྒྱལ་པོ་དང་བློན་པོ་ལ་སོགས་པ་ནས་མཆོད་གནམ་བགོ་སྐལ་ལ་གཏོགས་པ་འཆར་དགོས་པ་ལ་ཡང་ཡང་གཏད་པ་འདི་རྣམ་པར་གཞག་པ་ཡིན་ཏེ། བརྟད་པ་ཙམ་དང་འབྲེལ་པ་ཡིན་ནོ་ཞེས་འཆད་པ་མི་རིགས་ཏེ། ལྟུང་བ་བསྟན་པ་ལས་བྱུང་བའི་གོས་ལྔ་པོ་དག་བགོ་བར་བྱའོ་ཞེས་གསུངས་པའི་ཕྱིར་བརྟད་པ་ལས་བྱུང་བ་ལྔ་པོ་ཉིད་བརྟད་པ་ལས་བྱུང་བ་ཉིད་དུ་བརྟེན་པའི་ཕྱིར། གཞན་ཡང་བརྟད་པ་ལས་བྱུང་བ་འདི་དག་ནི་ཡོངས་སུ་རྫོགས་པ་ཉིད་ཡིན་ཏེ། བརྟད་པ་ལས་བྱུང་བ་ཉིད་ནི་འཆི་བའི་རང་བཞིན་ལ་ཡིན་པའི་ཕྱིར་དང༌། འཆི་བའི་དོན་གྱི་རང་བཞིན་གྱི་དོན་དུ་ཡིན་པའི་ཕྱིར་འདི་དག་ཁོ་ན་ལེན་པ་དང་འགོད་པ་དག་ལ་ཉེས་པ་མེད་པ་ཉིད་ཡིན་གྱི་རྒྱལ་པོས་འཕྲོག་པ་ལ་སོགས་པ་འཇིགས་པས་ནི་མ་ཡིན་ནོ། །དེ་དག་གིས་ནི་སྲོག་ཐུག་པ་མེད་པའི་ཕྱིར་རོ། །དུས་ལ་མ་བབ་པར་བླངས་ན་བརྐམ་ཆགས་ཅན་དུ་སྒྲོ་འདོགས་པར་འགྱུར་ལ། ཡུན་རིང་པོ་ནས་བགོས་ན་རབ་ཏུ་འཇིགས་པའི་དུས་སུ་འགྱུར་རོ། །བརྟད་པ་ལས་བྱུང་བའི་དུས་སུ་སྦྱིན་བདག་ལ་རྗེས་སུ་བརྩེ་བས་ལེན་པ་ལ་བརྐམ་ཆགས་ཅན་དུ་སྒྲོ་འདོགས་པ་མེད་པ་ཡིན་ལ་ཞག་བཅུས་མ་ཚང་བའི་


DTG155_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱི་དུས་ཀྱི་བར་དུ་བཅད་པ་རྣམས་ཉམས་པར་མི་འགྱུར་རོ་ཞེས་དེ་ལྟར་རྟོགས་པར་བྱའོ། །འགྲེལ་པ་བྱེད་པས་བརྟན་པ་ལས་བྱུང་བའི་གོས་ལས་གཞན་པའི་རྙེད་པ་ལ་ཡང་སྤང་བར་འདོད་པ་དེ་ནི་རིགས་པ་མ་ཡིན་ནོ། །བརྟད་པ་ལས་བྱུང་བའི་གོས་ནི་གོས་སྦྱིན་པའི་དུས་ལས་འདས་པར་འཆང་ན་སྤང་བར་བཤད་པའི་ཕྱིར་དེ་ལས་གཞན་པའི་བརྟད་པ་ལས་བྱུང་བ་དང་དབྱིག་དང་གསེར་ལ་སོགས་པའི་ནོར་གོས་མ་ཡིན་པ་དབྱར་གྱི་ནང་དུ་རྙེད་པ་འགོད་པ་ལ་ཉེས་བྱས་སུ་ཤེས་པར་བྱ་སྟེ། སྤྱིར་དབྱར་གྱི་ནང་དུ་རྙེད་པ་ཐམས་ཅད་སྤང་བར་འགྱུར་བ་མ་ཡིན་ཏེ། གང་གི་ཕྱིར་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅད་བར་བྱའོ། །དེ་ལས་འདས་པར་འཆང་ན་སྤང་བའོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་གོས་ཁོ་ན་ལ་སྤང་བ་ཉིད་དུ་ཉེ་བར་བསྟན་པའི་ཕྱིར་དང༌། གཞན་ལ་ནི་སྤྱིར་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་དགེ་སློང་རྣམས་ཀྱིས་དབྱར་གྱི་ནང་དུ་རྙེད་པ་བགོ་བར་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བརྟད་པ་ལས་བྱུང་བའི་གོས་ལྔ་པོ་ངག་སྦྱིན་བདག་གིས་རང་གིས་བྱིན་པ་ལ་ལྟུང་བ་མེད་དོ། །དབྱར་གྱི་ནང་དུ་བགོས་ན་སྨོད་པར་འགྱུར་ལ། བགོ་བའི་དོན་དུ་བྱིན་པ་ལ་ནི་མ་ཡིན་ནོ། །སྦྱིན་བདག་རྣམས་ཀྱིས་སེམས་མ་བཅོས་པ་དང༌། དགེ་སློང་རྣམས་ལ་སྐྱོན་མེད་པའི་ཕྱིར་འདི་ནི་དེ་ལྟར་ཤེས་པར་བྱའོ། །ཁ་ཅིག་དགེ་སློང་རྣམས་ལ་བརྟད་པ་ལས་བྱུང་བའི་སྤང་བ་མི་འདོད་པ་རྣམས་ལ་དེ་ནི་རིགས་པ་མ་ཡིན་ཏེ། དགེ་སློང་མའི་རྣམ་པར་འབྱེད་པ་ཉིད་ལས་དེ་རྣམ་པར་གཞག་པའི་ཕྱིར་ཏེ། དབྱར་གྱི་ནང་དུ་རྙེད་པ་དེ་རྣམ་པར་གཞག་པའི་ཕྱིར་ཏེ། སྟོན་ཟླ་ཐ་ཆུངས་ཀྱི་ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་བརྟད་པ་ལས་བྱུང་བའི་གོས་འདོད་པའི་དགེ་སློང་མས་བླང་བར་བྱའོ། །བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ་དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དགོན་པ་ལ་ཞག་བདུན་པའི་འབྲལ་བའི་སྤང་བ་འདི་ནི། དགེ་སློང་དགོན་པར་གནས་པ་རྣམས་ཀྱི་དབང་དུ་བྱས་ནས་བཅས་པ་མ་ཡིན་གྱི་འོན་ཀྱང་བཙུན་པ་དྲུག་སྡེ་རྣམས་ཀྱི་དབང་དུ་བྱས་སོ། །འདི་ཞག་དྲུག་པའི་སྤང་བ་ནི་མ་ཡིན་ཏེ་གང་གི་ཕྱིར་དེ་ཞག་དྲུག་ཚུན་ཆད་


DTG155_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་པས་ཞག་བདུན་བཀག་པའི་ཕྱིར་ལ། གང་གི་ཕྱིར་དྲུག་སྡེ་རྣམས་ཀྱིས་བསམས་བཞིན་དུ་ཞག་བདུན་འབྲལ་བར་བྱེད་ན་ཞེས་གསུངས་པའི་ཕྱིར་རོ། །དེས་ན་ནུབ་བདུན་འདས་པ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དབྱར་ཕྱི་མ་ནི་གླེང་གཞིའི་དབང་གིས་ཡིན་ཏེ། དཔེར་ན་དགེ་སློང་གང་ཁྲོས་འཁྲུགས་རྔམས་པར་གྱུར་ནས་གཞི་མེད་པར་སྐུར་པ་འདེབས་པ་ལ་ཁྲོས་པ་སྨོས་པ་དང༌། གོས་ཕྲོགས་པ་ལ་རང་གིས་བྱིན་པ་ཉིད་ལྟ་བུའོ། །དགེ་སློང་མ་ལ་ཞག་བདུན་པའི་ལྟུང་བ་འདི་རྣམ་པར་མ་བཞག་པ་སྟེ། དགོན་པར་གནས་པར་བཀག་པའི་ཕྱིར་རོ། །དེ་ལས་འདས་པར་དེ་གནས་པར་བྱེད་ན་རུང་བ་མ་ཡིན་པའི་ཕྱོགས་ལ་བརྟེན་པའི་འཁོར་དུ་གྱུར་པའི་ཕྱིར་ཉེས་བྱས་སོ། །དབྱར་གྱི་རས་ཆེན་བཙལ་བ་ནི། ཁྱིམ་བདག་གམ་དེའི་ཆུང་མ་ལས་སོ། །གཞན་ལས་ནི་ཉེས་བྱས་སོ། །འདིར་འཆང་བ་གཙོ་བོ་ཡིན་གྱི་ཚོལ་བ་ནི་མ་ཡིན། དེས་ན་ཚོལ་བ་དང་བཅས་པའི་འཆང་བ་ལྟུང་བའི་བྱེད་པ་པོ་ཡིན་པར་བལྟ་བར་བྱའོ། །ཚོལ་བ་འབའ་ཞིག་གམ་འཆང་བ་འབའ་ཞིག་ནི་མ་ཡིན་ནོ། དེ་ལྟར་ཡང་རྣམ་འབྱེད་ལས་དགེ་སློང་གིས་ཅི་ཟམ་དུ་ཧ་ཆང་མྱུར་དུ་ཚོལ་བར་བྱེད་པ་དང༌། ཧ་ཅང་ཡུན་རིན་གུད་འཆང་བར་བྱེད་པ་ན་ཐམས་ཅད་དུ་སྤང་བའོ་ཞེས་གསུངས་ཏེ། ཐམས་ཅད་སྨོས་པས་ཚོལ་བ་དང་འཆང་བ་སྡོམ་པ་དག་ལྟུང་བའི་བྱེད་པ་པོར་གསུངས་ཀྱི་སོ་སོ་བདག་ནི་མ་ཡིན་ནོ། །དེ་ནི་དེ་ལྟར་ཡིན་ཏེ་གཞན་དུ་ན་སྤང་བ་སུམ་ཅུ་རྩ་གཅིག་ཏུ་ཐལ་བ་དང་སུམ་ཅུ་ཉམས་པ་ཉིད་དུ་འགྱུར་རོ། །བསྔོས་བསྒྱུར་ལ་གོས་ཀྱི་རྙེད་པ་བསྒྱུར་བ་ཁོ་ན་ལས་སྤང་བར་གྱུར་ཏེ། རྣམ་འབྱེད་དང་ཞུ་བ་ལས་གསུངས་པའི་ཕྱིར་རོ། །དེ་ལས་གཞན་པ་ལ་ནི་ཉེས་བྱས་སོ། །ཁ་ཅིག་ནི་གང་ཟག་གི་རྙེད་པ་ཡང་བསྒྱུར་ན་སྤང་བར་འཆད་པ་མི་རིགས་ཏེ། དགེ་འདུན་གྱི་རྙེད་པར་སྒྱུར་བར་བྱེད་ན་ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ཞེས་མདོ་དང་རྣམ་འབྱེད་དག་ལས་གསུངས་པའི་ཕྱིར་རོ། །དེ་དཔེར་བརྗོད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ་བཙུན་པ་རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་རྙེད་པ་བདག་ལ་བསྒྱུར་ཏེ་མཚན་གྱུར་ན་ཞེས་བྱ་བ་ལ་སོགས་པ་དང་ལྟུང་བ་བསྟན་པ་ལས་ཐམས་ཅད་དུ་དགེ་འདུན་ཁོ་ན་ལ་བརྟེན་ནས་བཤད་


DTG155_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ཡང་ཁ་ཅིག་དག་ཡན་ལག་མ་ཡིན་པར་བརྗོད་པ་རིགས་པ་མ་ཡིན་ཏེ་ཞུ་བ་ལས་ཕོ་ཉས་སྐུར་ན་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །ཇི་ལྟར་འདིར་ཕམ་པར་མི་འགྱུར་སྙམ་པ་ལ་ཁ་ཅིག་ནི་རྐུ་སེམས་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་ནི་དཔྲལ་བར་བྱ་བ་དགེ་འདུན་མང་བས་རིན་ཐང་མ་ཚང་བས་སོ་ཞེའོ། །གཞན་ནི་དངོས་སུ་མ་ཕུལ་བས་བདག་གིར་བྱས་པ་མེད་པས་སོ་ཞེའོ། །གསོག་འཇོག་ལ་ཞག་བདུན་པའི་སྨན་དེ་དག་ཞག་བདུན་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ཞག་བདུན་པའི་མཐའི་དུས་ཀྱི་བར་དུ་ལོངས་སྤྱོད་པར་བྱ་སྟེ། གལ་ཏེ་ཞག་བརྒྱད་པའི་ཉིན་མོ་ལོངས་སྤྱད་ན་དེས་འདི་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །ལོངས་སྤྱད་ན་ཞེས་བྱ་བ་ནི་འཆང་བ་སྟེ། དེས་ན་ཡོངས་སུ་ལོངས་སྤྱོད་ན་ཞེས་བྱ་བ་འཆང་ན་ཞེས་བྱ་བའི་དོན་ཡིན་གྱི་ཟན་ཞེས་བྱ་བ་ནི་མ་ཡིན་ཏེ། ཟ་བ་ལ་སྤང་བ་མི་སྲིད་པའི་ཕྱིར་རོ། །ནད་པ་ལ་འདི་དག་བྱིན་གྱིས་བརླབས་པ་ལ་ཕན་ཡོན་ཅི་ཞིག་ཡོད་ཅེ་ན་བྱིན་ལེན་བྱས་པ་དག་མི་ལྡན་པ་ལ་ཡང་དང་ཡང་དུ་ལེན་པ་རང་གི་ལུས་ཀྱི་བར་དུ་ལོངས་སྤྱོད་པ་དང༌། སྔ་རོལ་ཉིད་དང༌། རང་གི་ལུས་ཀྱིས་མཚམས་ལས་འདས་པར་འཇོག་པར་བྱེད་པ་ཉིད་ནི་ཕན་ཡོན་ཡིན་ཏེ། གསོག་འཇོག་བྱེད་པའི་ལོངས་སྤྱོད་པར་བྱའོ། ཞེས་གསུངས་པའི་ཕྱིར་རོ། །བྱིན་གྱིས་བརླབས་པ་ཡང་སྨན་གསུམ་ལ་ཡིན་གྱི་དུས་སུ་རུང་བ་ནི་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ། །གསོག་འཇོག་གི་ཉེས་པ་སྤང་བའི་དོན་དུ་བྱིན་གྱིས་རློབ་པར་བྱེད་པ་ཡིན་ན། དུས་སུ་རུང་བ་ལ་བྱིན་གྱིས་རློབ་པར་བྱེད་པ་ན་ཟ་བའི་དུས་ལས་འདས་པ་ཉིད་ན་གསོག་འཇོག་ཏུ་གྱུར་བ་དེས་ན་དེ་ལ་བྱིན་གྱིས་བརླབས་པ་མ་བསྟན་ཏོ། །ཁ་ཅིག་ནི་བསྙེན་པར་མ་རྫོགས་པ་ཁོ་ནས་ཆུས་གདབ་པར་བྱའོ་ཞེས་འཆད་པར་བྱའོ། །ལུང་འགའ་ཞིག་ཏུ་དེ་ལྟར་བུར་གྱུར་པའི་ཚིག་ནི་མ་མཐོང་སྟེ་འོན་ཀྱང་སྤྱིར་དགེ་སློང་གིས་རུང་བ་བྱས་པ་ནི་བྱས་པ་ཉིད་དེ་ཞེས་གསུངས་སོ། །ཆང་གི་ཆ་ནི་བཏུང་བར་མི་བྱ་སྟེ་འདུལ་བ་ཡུལ་ཆོས་ཀྱིས་དགག་པས་བཀག་པའི་ཕྱིར་དང༌། རུང་བ་མ་ཡིན་པའི་ཕྱོགས་ལ་བརྟེན་པའི་ཕྱིར་རོ། །འདུལ་བ་མདོར་བསྡུས་ཀྱིས་ཤེས་སོ། །ཁ་ཅིག་ནི་བུ་རམ་བཞིན་དུ་སྦྲང་རྩི་ཡང་དུས་མ་ཡིན་པར་བཟའ་བ་ལ་སོགས་པར་


DTG155_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཏེ། གང་གི་ཕྱིར་མདོ་ལས་སྤྲེའུས་སྦྲང་རྩི་ལ་ཆུ་བསིལ་མོས་བྲན་ཏེ་དྲངས་པ་དང༌། བུད་དྷས་བྱིན་ལེན་མཛད་པ་ཡིན་ཏེ། གདོན་མི་ཟ་བར་དུས་མ་ཡིན་པ་ཁོ་ནར་ལོངས་སྤྱོད་པའི་ཕྱིར་ཏེ། དུས་སུ་སྦྲང་རྩི་ལོངས་སྤྱད་པ་ནི་རླུང་གི་རྒྱུ་མཚན་གྱིས་རྗེས་སུ་མཐུན་པ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་མི་རིགས་ཏེ། དུས་མ་ཡིན་པར་ལོངས་སྤྱད་དོ་ཞེས་དེ་ལྟ་བུའི་ཚིག་རང་བཞིན་གྱི་ཚིག་མེད་པའི་ཕྱིར་རོ། །སྦྲང་རྩི་ལོངས་སྤྱད་པ་ནི་དུས་མ་ཡིན་ཏེ། བད་ཀན་བསལ་བའི་དོན་དང༌། སྤྲེའུའི་སེམས་དང་བ་འཕེལ་བའི་དོན་དུ་སྲིད་པའི་ཕྱིར་ལ་དུས་མ་ཡིན་པར་ལོངས་སྤྱད་པ་ཡང་བཙགས་ནས་ལོངས་སྤྱད་པ་སྲིད་པའི་ཕྱིར་ཏེ། དེའི་ཕྱིར་བུ་རམ་བཞིན་དུ་སྦྲང་རྩི་ནི་དུས་མ་ཡིན་པར་ལོངས་སྤྱད་པར་བྱ་བ་མ་ཡིན་པར་བརྗོད་པར་བྱའོ། །རེ་ཞིག་ཞག་བདུན་པའི་སྨན་ནི་གསོག་འཇོག་གི་སྤང་པའི་ལྟུང་བྱེད་དོ། །ཐུན་ཚོད་དུ་རུང་བ་དང་ཇི་སྲིད་འཚོ་བ་དག་ལ་ཉེས་བྱས་སོ། །གསོག་འཇོག་གི་སྤང་བ་དང་བྱིན་ལེན་མ་བྱས་པ་ལ་སོགས་པ་རུང་བ་མ་ཡིན་པ་ནི་ལྟོས་པ་མེད་པའི་བསམ་པས་དགེ་ཚུལ་ལ་སྤང་བར་བྱ་བ་ཉིད་དོ། །སྤང་བ་གདོན་པའོ།། །།སྐྱོ་སྔོགས་ལ་ཕོ་ཉ་ལ་སོགས་པས་བྱེད་ན་ཉེས་བྱས་སོ། །ལས་བྱས་པ་ལ་ཡང་བྱེད་དུ་བཅུག་པ་སྟེ། ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་དུ་འཇུག་པ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ཞེས་བྱ་བ་ནི་ཡང་ལས་བྱེད་པས་སྔར་གྱི་ལས་བྱས་པ་སྤོང་བར་བྱེད་ན་ཞེས་ཟེར་རོ། །གཞན་ནི་ཡང་བྱེད་པ་ཉིད་ཀྱིས་འགོག་པར་བྱེད་ནའོ་ཞེས་འཆད་དོ། །གཞན་ནི་ལེགས་པར་མ་བྱས་སོ་ཞེས་རྗོད་པར་བྱེད་ན་ཞེས་འཆད་དོ། །གསུམ་པོ་དེ་དག་ནི་ལོག་པ་ཡིན་ཏེ། གང་གི་ཕྱིར་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ཞེས་བྱ་བ་ནི་ཡང་བྱེད་ནའོ་ཞེས་བཅོམ་ལྡན་འདས་རང་ཉིད་ཀྱིས་རྣམ་པར་འབྱེད་པ་ལས་མདོའི་དོན་བཤད་པའི་ཕྱིར་རང་དགས་སྦྱར་བའི་བཤད་པ་ནི་དོན་མེད་པ་ཡིན་ནོ། །འདོན་པ་ལ་དགེ་སློང་ཕོ་མོ་ཕན་ཚུན་འདོན་ན་ཉེས་བྱས་སོ། །འདོན་པའི་ཚུལ་ལས་འདས་ན་གཞན་དུ་འཇུག་པའི་ཕྱིར་ཆོས་འདོན་པར་བྱ་བ་དང་འདོན་པར་བྱེད་པ་གཉིས་ཀ་དག་གིས་ཡང་གུས་པ་ཉམས་པར་འགྱུར་ཞིང་ཇི་ལྟར་འདོན་པའི་ཕྱིར་ཆོས་ལ་སྙིང་པོ་མེད་པའི་བློ་སྐྱེ་བར་འགྱུར་བ་དེས་ན་འདི་གསུངས་པ་ཡིན་ནོ་


DTG155_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འགྲེལ་བར་བྱེད་པས་བཤད་དོ། །གནས་ངན་ལེན་བརྗོད་པ་འོན་ཏེ་དགེ་སློང་གིས་ལྟུང་བ་འདི་དག་བྱས་སོ་དེ་ལྟར་འབྲེལ་བ་མེད་པའི་ཕྱིར་ཐམས་ཅད་ཀྱི་ཕམ་པར་འགྱུར་བའམ་ལྷག་མའི་ལྟུང་བ་བརྗོད་པ་ལ་ལྟུང་བྱེད་དུ་འགྱུར་ཏེ། དེས་ན་སྤྱིར་བརྗོད་པ་ན་མིང་མ་བསྟན་པའི་ཕྱིར་ལྟུང་བྱེད་ཉིད་དུ་འགྱུར་རོ་སྙམ་པ་ལ་གླེང་གཞི་ནི་དགེ་སློང་གིས་བྱས་པའི་ལྟུང་བ་བརྗོད་པར་གསུངས་པ་ཡིན་ལ་ལྟུང་བ་བསྟན་པ་ལས་ཀྱང་དགེ་སློང་གིས་རྗོད་པར་བྱེད་ན་ཞེས་བྱ་བ་དང་དེ་བཞིན་དུ་ཁྱིམ་སུན་འབྱིན་པའི་དགེ་སློང་དང་དགེ་སློང་མ་དག་ནི་སྡིག་པ་སྤྱོད་པར་ཤེས་པར་བྱའོ་ཞེས་བྱ་བ་དང༌། དེ་བཞིན་དུ་དགེ་སློང་འདི་དང་དགེ་སློང་མ་འདི་ནི་ས་བོན་ཚིག་པ་འདི་ནི་མི་འབྱུང་བའི་ཆོས་ཅན་ནོ་ཞེས་བྱ་བ་ལ་སོགས་པས་ཡང་དང་ཡང་དུ་དགེ་སློང་འདི་ཉིད་རྟེན་དུ་བྱས་པ་དེའི་ཕྱིར་དགེ་སློང་གིས་བྱས་སོ་ཞེས་དེ་ལྟར་བརྗོད་པ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་དེ་ལྟར་ཁྱད་པར་དང་བཅས་པ་རྟོགས་པར་བྱ་བའི་ཕྱིར་ལྟུང་བ་སྡེ་ལྔ་རྗོད་པར་བྱེད་པ་ལ་ནི་ཉེས་བྱས་སུ་འགྱུར་ཏེ། གང་གི་ཕྱིར་དེས་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པའི་སྤྱོད་པ་རྗེས་སུ་བསྒྲགས་པ་རུང་བ་མ་ཡིན་པའི་ཕྱོགས་ལ་བརྟེན་པའི་ཕྱིར་རོ། །དེ་ལྟར་ཡང་འགྲེལ་པ་བྱེད་པས་སྡོམ་པ་མཆོག་ཏུ་གྱུར་པའི་བྱ་བ་ནི་དམན་པའི་དྲུང་དུ་བརྗོད་པར་མི་བྱའོ། །སྤྱོད་པ་རྗེས་སུ་བསྒྲག་པར་མི་བྱའོ་ཞེས་བཤད་པས་དེའི་ཕྱིར་འདི་འབྱུང་བར་རིག་པར་བྱའོ། །འདིར་དགེ་འདུན་གྱི་གསང་བ་ཉམས་པར་སྤང་བའི་ཕྱིར། འདི་བྱེད་པ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་འདིར་ངེས་པ་ཡིན་ནོ། །མི་ཆོས་བླ་མ་བདེན་པར་སྨྲ་བའི་སྐབས་ལས་བདེན་པ་ཉིད་ཡིན་ཡང་གདུལ་བར་བྱ་བ་མ་ཡིན་པའི་སེམས་ཅན་རྣམས་ལ་ཡིད་ཆེས་པ་ལ་སོགས་པ་མེད་པའི་ཕྱིར་སྐྱོན་ཡོད་པས་བཀག་པ་ཡིན་ཏེ། གང་དུ་ཡང་ཡིད་མི་ཆེས་པ་ལ་སོགས་པའི་ཉེས་པ་སྲིད་པ་མེད་པ་དེར་ནི་བསྙེན་པར་མ་རྫོགས་པ་ལ་བདེན་པར་སྨྲས་ན་ལྟུང་བ་མེད་པ་ཡིན་ཏེ་འགའ་ཞིག་ལས་བདེན་པ་མཐོང་བ་ལྟ་བུ་ཕུན་སུམ་ཚོགས་པ་ཁ་ཅིག་ལ་ནི་སྨྲས་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །མ་གུས་པ་སྤང་བའི་དོན་དུ་འདི་ལ་ལྟུང་བ་མེད་དེ། གང་གི་ཕྱིར་དེས་བྱས་པའི་ཕྱིར་མིའི་ཆོས་བླ་མ་དང་ལྡན་པ་ཉིད། འབྱུང་བ་མེད་པའི་


DTG155_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །རྫུ་འཕྲུལ་ནི་སྔགས་དང་སྨན་དག་གིས་ཀྱང་འགྲུབ་པ་མ་ཡིན་ཏེ། དྲི་ཅན་ཞེས་བྱ་བའི་རིགས་པས་ནམ་མཁའ་ལ་འགྲོ་བ་ཡོད་དོ། །ནམ་མཁའི་གནོན་པའི་སྨན་ལག་པར་ཐོགས་པའམ་ཟོས་པས་ནམ་མཁའ་ལ་འགྲོ་བ་ཡོད་དོ། །ཀུན་བརྗོད་པ་ཡང་མཚན་མ་དང་ཚིག་དང་སྔགས་ལ་སོགས་པ་མངོན་དུ་བྱེད་པ་ཡིན་ནོ། །གང་གི་ཕྱིར་སྐད་ཅིག་མ་རྣམས་མ་རིག་པས་གཞན་གྱི་སེམས་ཤེས་པར་བྱེད་པ་ཡོད་དོ། །རྒྱུ་བག་གི་རྒྱུ་ལ་བརྟེན་ནས་འཇུག་པ་ཡིན་གྱི་འདི་ལ་ལྷའི་མིག་དང་རྣ་བ་ལ་སོགས་པ་མིའི་ཆོས་བླ་མ་ནི་ཡོད་པ་མ་ཡིན་ནོ་ཞེས་དེ་ལྟར་སྡིག་པའི་ལས་ཅན་འགའ་ཞིག་ཐོག་མ་མེད་པའི་དུས་ཀྱི་དྲི་མས་ནང་གི་ཁྱད་པར་མ་རིག་པའི་མུན་པ་ཆེན་པོས་ཡིད་དྲི་མ་ཅན་དུ་གྱུར་པ་ལ་རང་གི་ཡོན་ཏན་གྱིས་ཕོངས་པས་ཉམས་པ་དང༌། གཞན་སེམས་དང་སེམས་ལས་བྱུང་བ་ཉམས་པ་དང༌། གཞན་གྱི་ཡེ་ཤེས་ཀྱི་ཁྱད་པར་མ་རྟོགས་པ་དང༌། དོན་དམ་པ་དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ཀྱིས་དགེ་སློང་རྣམས་ལ་མི་སྲིད་པ་འདེབས་ཤིང་ཐོ་འཚམས་པར་བྱེད་དོ། །བདེན་པ་མཐོང་བའི་གང་ཟག་ལ་ནི་ཉེས་པ་འདི་སྲིད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་དག་མིའི་ཆོས་བླ་མའི་ཡུལ་ལ་ལྟ་བ་ལོག་པ་དང་ཡིད་གཉིས་རྣམས་སྤངས་ནས་དེ་དང་ལྡན་པའི་གང་ཟག་སྲིད་པའི་ཕྱིར་ཏེ་དེས་ན་བདེན་པ་མཐོང་བ་ལ་ཡང་བསྙེན་པར་མ་རྫོགས་པ་ལ་མི་ཆོས་བླ་མ་སྨྲས་ན་ལྟུང་བར་འགྱུར་བར་བཅོམ་ལྡན་འདས་ཀྱིས་དགོངས་པ་ཡིན་ཏེ། དེ་ལྟར་ཡང་འགྲེལ་བ་བྱེད་པས་ཐོ་འཚམས་པ་ཡོངས་སུ་སྤང་བའི་དོན་དུ་འདི་བཅས་པ་ཡིན་ཏེ། བདེན་པ་མཐོང་བ་ལ་ནི་གོ་སྐབས་འདི་ཡོད་པ་མ་ཡིན་པའི་ཕྱིར་རིགས་པ་དང་ལྡན་པར་ངེས་པར་བྱས་ནས་བདེན་པ་མ་མཐོང་བ་ཁྱིམ་པའི་མདུན་དུ་རྫུ་འཕྲུལ་བསྟན་པ་ནི་ཉེས་བྱས་སོ། །གཞན་གདུལ་བའི་དོན་དུ་ཉེས་པ་མེད་དོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷཱའི་བྲ་ཟེ་དང་ཁྱིམ་བདག་རྣམས་ཀྱི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ལྟེང་རྒྱས་འོད་སྲུངས་ཀྱི་མདུན་དུ་རྫུ་འཕྲུལ་མཛད་དོ་ཞེས་གཏམ་རྒྱུད་ལས་རྒྱས་པར་རྟོགས་པར་བྱའོ། །བཤེས་དོར་ལ་གང་ཟག་ལ་བསྔོས་པ་ནི་འདིར་གླེང་གཞིའི་དབང་དུ་བྱས་ནས་བསྟན་གྱི་དགེ་སློང་ཡིན་པར་བཟུང་བར་མི་བྱ་སྟེ། འོན་ཀྱང་ཁྱིམ་པའི་མཐར་ཕྱིན་


DTG155_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ལ་ཡང་ངོ༌། །དེ་ལྟར་འགྲེལ་པ་བྱེད་པས་གང་ཟག་གི་སྒྲས་ནི་དགེ་སློང་ངམ་ཁྱིམ་པ་གཞན་ཡང་བཟུང་བར་ཤེས་པར་བྱ་སྟེ་བདག་ཉིད་འབའ་ཞིག་ལ་ནི་མ་ཡིན་ནོ། །འདིར་བརྫུན་དུ་སྨྲ་བ་གཙོ་བོ་ཡིན་པའི་ཕྱིར་ཏེ། བདག་ཉིད་མ་ཡིན་པ་དགེ་སློང་ཐོབ་པར་འོས་པ་མ་ཡིན་པ་ལ་བསྔོས་སོ་ཞེས་བྱ་བ་བརྫུན་དུ་སྨྲ་བ་གཙོ་བོ་ཡིན་པའི་ཕྱིར་རོ། །ཁྱིམ་པ་དང་བསླབ་པ་བྱིན་པ་དག་ལ་བརྫུན་དུ་སྨྲ་བ་འདི་ནི་སྡིག་པ་ཆེ་བ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །ཡང་ཁ་ཅིག་ནི་བདག་གིས་གང་ཟག་ལ་བསྔོས་སོ་ཞེས་འདོན་པར་བྱེད་ཅིང་འཆད་དེ། རྣམ་འབྱེད་ལས་བདག་གིས་གང་ཟག་ལ་བསྔོས་སོ་ཞེས་བྱ་བ་ནི་བདག་གི་དོན་དུ་ཞེས་གསུངས་པ་ཡིན་ནོ་ཞེས་ཟེར་བ་དེ་མི་རིགས་ཏེ་འདི་ལྟར་བཤེས་ངོར་བྱས་ཏེ་ཞེས་བྱ་བ་འགལ་བའི་ཕྱིར་དང༌། ཞུས་པ་ལས་ཀྱང་འདི་སྐད་དུ་ཚེ་དང་ལྡན་པ་འདི་ལྟར་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ་ཞེས་གསུངས་པའི་ཕྱིར་དང༌། །དེ་བཞིན་དུ་གཞན་ལས་ཀྱང་དགེ་འདུན་ལ་བསྔོས་པའི་རྙེད་པ་འདི་དག་བཤེས་ངོར་བྱས་ཏེ་དགེ་སློང་ལ་བསྔོས་པར་ཤེས་སོ་ཞེས་བྱ་བའི་ཕྱིར་དང༌། གླེང་གཞིར་ཡང་བདག་ལ་བསྔོས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་བཤེས་ངོར་བྱས་པ་ནི་གང་དག་མཁན་པོ་དང༌། སློབ་དཔོན་ལ་སོགས་པ་གཅིག་པའི་མཛའ་བ་དེ་དག་ལ་དགེ་འདུན་གྱི་རྙེད་པ་འདི་དག་གང་ཟག་ལ་བསྔོས་སོ་ཞེས་བདག་ཉིད་ལ་བསྔོས་པ་སྤངས་ནས་འདི་དག་སླུ་བར་བྱེད་པའི་ཕྱིར་བཀག་པ་ཡིན་ནོ། །འདིར་ལྟུང་བ་རྣམ་པར་གཞག་པ་ནི་སྦྱིན་པར་ཁས་བླངས་པ་ལ་བརྫུན་དུ་སྨྲ་ན་ནི་དངོས་གཞིར་འགྱུར་ལ་སྦྱིན་པར་ཁས་མ་བླངས་ན་ནི་ཉེས་བྱས་སོ། །གཉི་ག་བརྫུན་མ་ཡིན་པར་སྨྲས་པ་ལ་ནི་ལྟུང་བ་མེད་དོ། །ཁས་བླངས་པ་ཕྱིན་ཅི་ལོག་ཡིན་པར་ཤེས་པ་ལ་ནི་ཉེས་བྱས་སོ་ཞེས་འགྲེལ་བ་བྱེད་པས་བཤད་དོ། །ཁྱད་དུ་གསོད་པ་པོ་སོ་སོར་ཐར་པའི་མདོ་སྨོས་པ་ནི་འདོན་པའི་དུས་ནི་འདུལ་བ་ལྷག་མ་དང་གཞན་ལས་བཤད་པའི་མཚོན་བྱེད་ཡིན་ཏེ། ཇི་སྲིད་དུ་གཞི་དང་ཕྲན་ཚེགས་ལ་སོགས་པ་དང༌། དེ་ལས་གཞན་པ་འདུལ་བ་དང་ལྡན་པ་རྣམས་ལ་ཁྱད་དུ་གསོད་ན་ལྟུང་བྱེད་དོ། །དགེ་སློང་གིས་འདུལ་བ་དང་མཚུངས་པར་ལྡན་པ་འདོན་པ་ན་སྨོད་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །འདིར་ཚིག་ལས་ལྟུང་བའི་བྱེ་བྲག་ཏུ་ཤེས་


DTG155_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའི་འདོན་པ་ལས་ནི་མ་ཡིན་ནོ། །གཅིག་ཏུ་འདོན་པའི་ཚིག་ཐམས་ཅད་ལ་ནི་ལྟུང་བྱེད་གཅིག་ཏུ་འགྱུར་ལ་གཞན་ལ་ནི་གཞན་དུའོ། །སོ་སོར་ཐར་པའི་མདོ་སྨོས་པ་ནི་འདིར་ཡན་ལག་གི་གཙོ་བོ་ཡིན་ཏེ་ཕམ་པར་འགྱུར་བའི་ཆོས་བཞི་པ་སྟོན་པ་ན་འདི་སྐད་ཅེས་བྱ་བ་ལ་སོགས་པ་འགྲེལ་པ་བྱེད་པས་བཤད་པའི་ཕྱིར་རོ། །འདིར་འདུལ་བར་གསུངས་པའི་གཞི་འབའ་ཞིག་ཁྱད་དུ་གསོད་པས་ལྟུང་བ་འདིར་འགྱུར་བ་མ་ཡིན་གྱི། འོན་ཀྱང་ཚུལ་ཁྲིམས་ཀྱི་ཕུང་པོ་དང་མཚུངས་པར་ལྡན་པའི་མདོ་སྡེ་ཕུང་པོ་གསུམ་པ་ལ་སོགས་པའི་བསླབ་པའི་གཞི་རྣམས་ལ་ཡང་སྨད་པས་ལྟུང་བྱེད་འདིར་འགྱུར་རོ། །དེ་ལྟར་ཡང་དེ་ལས་གཞན་པ་འདུལ་བ་དང་མཚུངས་པར་ལྡན་པའི་མདོ་སྡེར་བསྟན་པ་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་མདོ་སྡེ་དང་མཚུངས་པར་ལྡན་པའི་མདོ་བཏོན་པ་འདི་དག་གིས་ཅི་ཞིག་བྱ་ཞེས་ཟེར་བ་ལ་སོགས་པ་འདིར་གཞུང་ཡིན་ནོ། །འདུལ་བ་དང་མཚུངས་པར་ལྡན་པའི་མདོ་སྡེ་ལ་ཉེས་བྱས་སོ། །མངོན་པ་ལ་འདུལ་བ་དང་ལྡན་པ་ལ་ལྟུང་བྱེད་དོ། །མདོ་སྡེ་གཏན་ལ་འབེབས་པའི་མངོན་པ་ལ་ཉེས་བྱས་སོ། །ས་བོན་ལ་གང་གི་ཕྱིར་མེས་རེག་པ་ལ་བཀྲ་མི་ཤིས་པའི་ཕྱིར་ས་བོན་གྱི་ཐ་སྙད་འདོགས་པ་ཡིན་ཏེ། ཕུང་པོར་བྱས་པ་ལ་ཡང་རེག་ན་རུང་བ་ཉིད་དོ། །རུང་བ་བྱེད་པ་ན་ས་བོན་འཇིག་པར་བྱ་བ་ནི་མ་ཡིན་ཏེ། །ས་བོན་མ་ཡིན་པ་ཉིད་དུ་གྱུར་གྱི་བར་དུ་ལྟོས་པར་བྱ་མི་དགོས་པ་ཉིད་དོ་ཞེས་བཤད་པའི་ཕྱིར་རོ། །མུ་སྟེགས་རྣམས་ཀྱི་མ་དད་པ་སྤང་བ་འབའ་ཞིག་གི་དོན་དུ་མཚོན་དང་མེ་ལ་སོགས་པས་རུང་བར་བྱ་བ་ཡིན་ཏེ། གང་གི་ཕྱིར་དེ་དག་གི་གྲུབ་པའི་མཐའ་ནི་ཤིང་རྣམས་སེམས་པ་དང་བཅས་པ་ཡིན་ཏེ། དེ་དག་གི་ཤུན་པ་བཤུས་ན་འཆི་བའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལྟར་ན་མཚོན་དང་མེ་ལ་སོགས་པས་བསྣུན་པ་ན་ཤི་བ་རྣམས་ལ་ཡང་འཇིག་པར་བྱེད་པ་ལ་ནི་སོལ་བའི་ཕྱེ་མ་བཞིན་དུ་དགེ་སློང་རྣམས་ཀྱི་ཟ་བ་ལ་སོགས་པ་ལ་ཉེས་པ་མེད་དོ་ཞེས་འདུལ་བ་འཛིན་པ་དག་སྨྲའོ། །འཕྱ་བ་འདི་རང་དོན་ཡིན་ན་ལྟུང་བྱེད་དུ་འགྱུར་ལ་གཞན་གྱི་དོན་དུ་ཉེས་བྱས་ཏེ། ཞུ་བ་ཁ་ཅིག་ལས་གཞན་གྱི་དོན་དུ་འཕྱ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མདོ་མཛད་པས་ཀྱང་རང་གི་དོན་ཉིད་གཙོ་ཆེར་ཡོད་པ་ཉིད་


DTG155_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཞེས་བཤད་དོ། །བསྒོ་བ་རྣ་ལ་གཟོན་པ་ནི་ཁ་ཅིག་ནི་བཙུན་པ་རེ་ཞིག་དགེ་སློང་གིས་ལྟུང་བ་མ་གཏོགས་པ་གཞན་ལ་བསྒོ་བ་རྣ་ལ་གཟོན་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་འཆད་པ་དེ་ནི་མི་རིགས་ཏེ། གང་གི་ཕྱིར་ཇི་སྲིད་དགེ་སློང་གིས་འགའ་ཞིག་རིག་པ་ན་གཞན་དུ་ལུང་སྟོན་པར་བྱེད་ན་ཞེས་ཐམས་ཅད་ལྟུང་བྱེད་དུ་གསུངས་པའི་ཕྱིར་ཐམས་ཅད་ལ་ལྟུང་བྱེད་དུ་རྣམ་པར་གཞག་པ་ཡིན་ནོ། །གདིང་བའི་སྐབས་སུ་ཡན་ལག་ནི་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང༌། ས་སྣུམ་པ་དང་དངར་བ་ཉིད་དང༌། སྲིལ་ལ་སོགས་པའི་ཉེ་བར་འཚེ་བ་དང་ལྡན་པ་ཉིད་དང༌། རང་གི་ངེས་པར་སྦྱར་བར་བྱ་བ་ཉིད་དམ་གཞན་ལ་དངོས་སུ་བཅོལ་བ་ཉིད་དམ། རྩྭའམ་ལོ་མའི་གདིང་བ་ཉིད་དམ། རླུང་གིས་བཟློག་པ་དང་སྲིལ་གྱིས་རིམ་པ་གཞན་ཕྱིན་པ་དང༌། ཐ་མལ་དུ་གནས་པའོ། །སྐྲོད་པ་འགའ་ཞིག་ཏུ་འཁྲུག་ལོང་བྱེད་པ་བསྐྲད་པར་གསུངས་སམ་ཞེ་ན། རེ་ཞིག་སྤང་བ་ཡང་མ་གསུངས་ན་འཁྲུག་ལོང་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་གནས་དང་ལོངས་སྤྱོད་གཉིས་ལས་ཕྱི་རོལ་དུ་མ་གྱུར་པའི་ཕྱིར་རོ། །ཁ་ཅིག་ནི། འཁྲུག་ལོང་བྱེད་དང་ཁྱིམ་སུན་འབྱིན། །ཚུལ་ཁྲིམས་འཆལ་བ་གསུམ་པ་སྟེ། །དགེ་འདུན་གྱིས་ནི་གཎྜཱི་ནི། །བརྡུངས་ནས་འབད་པས་བསྐྲད་པར་བྱ། །ཞེས་བྱ་བ་སྨྲ་བར་མི་རིགས་ཏེ། དེ་ལ་རེ་ཞིག་གཞུང་ནི་ཡོད་པ་མ་ཡིན་ཏེ། རིགས་པ་དང་འགལ་བར་ཡང་འགྱུར་ཏེ། གང་གི་ཕྱིར་སྡོམ་པ་མ་ཉམས་པ་སྐྲོད་པར་བྱེད་པ་མ་ཡིན་ཏེ། རྙེད་པའི་སྐལ་བ་དང་མ་བྲལ་བའི་ཕྱིར་རོ། །དགེ་འདུན་ཐམས་ཅད་ཡང་འཁྲུག་ལོང་བྱེད་པའི་ཕྱིར་བསྐྲད་པར་བྱ་བ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་སྐལ་བ་དང་མ་བྲལ་བའི་ཕྱིར་དགེ་འདུན་འབྱེད་པ་ཡང་བསྐྲད་པར་བྱ་བ་ཉིད་དུ་ཐལ་བར་བྱ་བའི་ཕྱིར་རོ། །འོན་ཏེ་འཁྲུག་ལོང་བྱེད་པ་བསྐྲད་པར་བྱའོ་གནས་པར་མི་བྱའོ་ཞེས་པ་དེ་ཇི་ལྟར་སྙམ་པ་ལ། དེ་དག་གིས་བསལ་བ་ནི་འདི་ཡིན་ཏེ། དགེ་འདུན་གྱི་འཁྲུག་པ་ཉེ་བར་ཞི་བ་ལ་སོགས་པའི་དོན་དང༌། བསྐྲད་པའི་བསླབ་པའི་གཞི་ལས་འདས་པ་ལ་ཡང་དགེ་འདུན་གྱིས་སམ་གང་ཟག་གིས་སྐྲོད་པར་བྱེད་པ་ན་བསྡུ་བར་ནི་མི་བྱ་སྟེ། ཉེ་བར་མཚོན་པར་བྱེད་པའི་ཕྱིར་འདི་དགག་པ་ཡིན་ནོ། །དོན་གང་དང་གང་ལ་འཁྲུག་ལོང་ལ་དགའ་བས་ཆོས་དང་ཆོས་མ་ཡིན་པའི་འཁྲུག་ལོང་བྱེད་པའི་


DTG155_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འཁྲུག་ལོང་བྱེད་པ་ཉིད་དུ་རྟོགས་པར་བྱའོ། །འདི་སྟོན་པར་བྱེད་པའི་གཞུང་ཐ་དད་པ་ནི་ཁོ་བོ་དམིགས་པ་མེད་དོ། །ཕྱིས་གནོན་ལ་ཁ་ཅིག་ནི་དགེ་སློང་ལ་ཐོ་འཚམས་པ་འདིས་རླུང་དང་འདྲ་བ་ལ་སོགས་པར་གཞག་པའི་མཚོན་པར་བྱེད་པ་ཡིན་པས་ཐོ་འཚམས་པ་གཞན་དག་ལ་ཡང་ལྟུང་བྱེད་དུ་འདོད་དེ་འདི་ནི་ཐོ་འཚམས་པར་འདུན་པས་དགེ་སློང་ལ་ཐོ་འཚམས་པ་དག་ཀྱང་ངོ་ཞེས་པས་མཚོན་བྱེད་ཡིན་ནོ། །བར་སྡོམ་ལ། ངན་དང་བསོད་དང་དྲང་རོ་དང༌། །ཞེས་བྱ་བ་ལ་སོགས་པའི་ཕྱིར་རོ་ཞེས་ཟེར་བ་དེ་ནི་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་ལྟུང་བྱེད་དགུ་བཅུར་འདོད་པ་འདི་དགུ་བཅུར་གྲངས་ངེས་པར་བཟུང་བའི་ཕྱིར་ཏེ། གྲངས་པ་ལ་སོགས་པར་བཞག་པས་ཐོ་འཚམས་པར་བྱེད་པས་ལྟུང་བ་ཐ་དད་པར་རྣམ་པར་གཞག་པས་ན་ལྷག་པར་འགྱུར་རོ། །ཐོ་འཚམས་པར་བྱེད་པ་སྤྱིས་ཀྱང་ལྟུང་བྱེད་གཅིག་ཏུ་བྱེད་པ་ཡིན་ན་སྐྲོད་པ་དང་ཁྲི་རྐང་འབྱིན་པ་དང་རྡེག་པ་དང་གཟས་པ་དང་སྐྱོ་སྡོགས་བྱེད་པ་དང་གནས་ངན་ལེན་བརྗོད་པ་ལ་སོགས་པས་ཐོ་འཚམས་པ་རྣམས་ལྟུང་བ་གཅིག་ཏུ་འགྱུར་བའི་ཕྱིར་ཉུང་བར་འགྱུར་རོ། །གཞན་ཡང་གལ་ཏེ་ཐོ་འཚམས་པར་བྱེད་པ་ཐམས་ཅད་ལ་ལྟུང་བྱེད་དུ་འགྱུར་བ་དེ་ལྟ་ན་བཙུན་པ་རེ་ཞིག་དགེ་སློང་གིས་གང་ཟག་གི་གཙུག་ལག་ཁང་ན་སྔ་ནས་གནས་པའི་དགེ་སློང་རྣམས་ཕྱིས་གནོན་བགྱིས་ནས་མཆིས་སམ་ཉལ་བར་བགྱིད་ན་ཅིར་འགྱུར་ཏེ་ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་ནས་ཕྱིས་གནོན་བགྱིས་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཡོད་དེ་མི་རུང་བའི་མལ་སྟན་ལའོ་ཞེས་གསུངས་པ་དེ་ལ་ཡང་ལྟུང་བྱེད་དུ་འགྱུར་ཏེ། གང་ཟག་གི་གཙུག་ལག་ཁང་དང་མི་རུང་བའི་མལ་སྟན་ལ་ཐོ་འཚམས་པ་ནི་ཐོ་འཚམས་པ་མ་ཡིན་ཏེ། དེའི་ཕྱིར་ཕྱིས་གནོན་བྱེད་པ་ལས་གཞན་པ་ལ་ནི་ཉེས་བྱས་སོ། །དེ་ལྟར་ཡང་རྣམ་འབྱེད་ལས་གཅིག་ཏུ་དགེ་སློང་འགའ་ཞིག་དགེ་སློང་ལ་ཐོ་འཚམས་པར་བྱེད་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ལྟུང་བ་བསྟན་པར་ཡང་ཕྱིས་གནོན་བྱས་ནས་ཉལ་ལམ་འདུག་པར་བྱེད་ན་ཞེས་བྱ་བས་དེ་ལ་མ་བརྟེན་པའི་ཕྱིར་རོ། །འདེབས་པའི་ཡན་ལག་ནི་དུད་འགྲོའི་འགྲོ་བ་པ་དང་གསོད་སེམས་དང་མངོན་པར་བསམས་


DTG155_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མ་འཁྲུལ་པ་དང་ཤི་བ་ཞེས་བྱ་བ་ནི་ཡན་ལག་ཡིན་ནོ། །གཙུག་ལག་ཁང་ལ་གང་ཟག་གི་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་ཏེ། བཙུན་པར་རེ་ཞིག་དགེ་སློང་གིས་གང་ཟག་གི་གཙུག་ལག་ཁང་རྩིག་པ་ནི་རིམ་པ་གཉིས་སམ་གསུམ་ལས་ལྷག་པར་བརྩིགས་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །འདིས་ནི་བསྙེན་པར་མ་རྫོགས་པ་དང༌། མ་ཉམས་པ་ལ་སོགས་པའི་ཁང་པ་ལ་ཡང་བཤད་པ་ཡིན་ཏེ། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་དག་ནི་ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །གང་ཡང་གཙུག་ལག་ཁང་ཐམས་ཅད་ལ་ཡང་འགྱུར་ཏེ། ཐ་ན་ཁྱིམ་པའི་ལ་ཡང་ངོ་ཞེས་ཟེར་བ་འདིས་གསལ་བར་བལྟ་བར་བྱའོ། །འཇིམ་པ་མེད་པར་ལྷག་པར་བརྩིགས་པ་ལ་ཉེས་བྱས་སོ། །སྒོའི་སྦུབས་ཀྱི་གནས་ཞེས་བྱ་བ་ནི་སྒོ་ཁང་གི་གནས་པ་སྟེ་སྒོ་སྐྱེས་ཀྱིས་ཀུན་ནས་བསྐོར་བ་ལ་སོགས་པའོ། །གཏན་པའི་གནས་ནི་སྒོ་ལོགས་ཅིག་ཏུ་ཕྱིས་གཞུག་པའི་གནས་ཀྱི་ཕྱོགས་ཞེས་བྱ་བའི་དོན་ཏོ། །ཡང་ན་གཏན་པའི་གནས་ནི་འཕྲེད་གཏན་ལ་སོགས་པ་སྒོའི་ཕྱོགས་དག་ཏུ་གཏན་པ་གཞུག་པའི་ཕྱོགས་སོ་ཞེས་གཞན་དག་འཆད་དོ། །སྣང་བའི་གནས་ཞེས་བྱ་བ་ནི་འདིས་སྣང་བར་བྱེད་པས་ན་སྣང་བ་སྟེ། སྐར་ཁུང་དང་ཆུ་ཁུང་བརྗོད་པའི་བུ་གའི་གནས་སོ། །ཆུ་ཁུང་ཡང་སྐར་ཁུང་གི་རྣམ་པ་ཅན་ཡིན་པའི་ཕྱིར་སྣང་བ་ཞེས་བརྗོད་པ་ཡིན་ནོ། །སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་ཀྱིས་ཞེས་བྱ་བ་ནི་སྐར་ཁུང་དང་ཆུ་ཁུང་གི་གནས་ཇི་ཙམ་འདོད་པར་བྱ་བའི་འདུ་ཤེས་ཀྱིས་སོ་ཞེས་གསུངས་པ་ཡིན་ནོ། །དེ་མ་གྲུབ་ན་ཉེས་བྱས་སུ་རྟོགས་པར་བྱ་བ་ཡིན་ཏེ། ལྟུང་བ་བསྟན་པ་དང་ཞུ་བ་ལ་སོགས་པ་ཐམས་ཅད་དུ་ཡང་ཕ་གུའི་རྩིག་པ་ཁོ་ན་སྨོས་པ་ཡིན་གྱི་དེ་དག་ནི་མ་སྨོས་པའི་ཕྱིར་ཏེ། དགེ་སློང་འགའ་ཞིག་ཕ་གུ་རིམ་པ་གཉིས་སམ་གསུམ་ལས་ལྷག་པར་བརྩིགས་ན་ཐམས་ཅད་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་དང༌། ཞུས་པ་ལས་ཕྲིན་གྱིས་རིམ་པ་གཉིས་སམ་གསུམ་ལས་ལྷག་པར་བརྩིགས་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེས་ན་ངག་གི་དོན་འདིར་འགྱུར་ཏེ། དགེ་སློང་འགའ་ཞིག་ཕ་གུ་རིམ་པ་བཞི་ལ་སོགས་པར་རྩིག་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །སྒོའི་སྦུབས་


DTG155_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཏན་པ་དང་སྣང་བའི་གནས་མ་བཞག་པ་ལ་ནི་མི་རིགས་པ་སྒྲུབ་པའི་ཕྱིར་ཉེས་བྱས་སོ་ཞེས་བྱ་བ་ཡིན་ནོ། །སྦྱིན་བདག་རིངས་པ་ཡིན་ན་གཙུག་ལག་ཁང་ནི་དེ་ལ་རག་ལས་པའི་ཕྱིར་དུ་ལྟུང་བ་མེད་དོ། །མདོ་སྡེ་འཛིན་པ་ཀ་ལྱཱ་ན་མི་ཏྲས་ཉེ་བར་སྦྱར་བ་སོ་སོར་ཐར་པའི་ཚིག་གི་བཤད་པ་དགའ་བ་བསྐྱེད་པ་ལས། གཙུག་ལག་ཁང་གི་ལྟུང་བྱེད་ཀྱི་རྣམ་པར་ངེས་པའོ་རྫོགས་སོ།།


previousསོ་སོར་ཐར་པའི་འགྲེལ་ཚིག་དགའ་བ་བསྐྱེད་པ། next