Nitartha Digital Library
Tibetan
 
previousཀླུ་ཀུན་ཏུ་དགའ་བ་ཞེས་བྱ་བའི་ཟློས་གར། དགའ་བའི་ལྷ།no next

ཀླུ་ཀུན་ཏུ་དགའ་བ་ཞེས་བྱ་བའི་ཟློས་གར།
དགའ་བའི་ལྷ།


DTG169_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ནཱ་གཱ་ན་ནཱ་ནཱ་མ་ནཱ་ཊ་ཀ །བོད་སྐད་དུ། ཀླུ་ཀུན་དུ་དགའ་བ་ཞེས་བྱ་བའི་ཟློས་གར། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དགའ་མ་དགའ་བའི་ཟོལ་ལས་སྐྱེས་པའི་སྤུ་ལངས་དག་གིས་བསྒྲིབས་པའི་ལུས་འཛིན་ཅིང༌། །འཛུམ་དང་ལྡན་པས་རྒྱལ་བའི་བྱང་ཆུབ་དག་ལ་བཀོད་པ་མེ་ཏོག་སྙིམ་པ་ནི། །གཤོག་རྩལ་རབ་བསྐྱོད་སྒྲ་སྒྲོགས་སྦྲང་རྩི་བྱེད་རྣམས་སྦྲང་རྩི་རེ་བས་བསྟེན་ཅིང་དེའི། །རྐང་པས་བསྣུན་པས་ཁ་ཟུམ་ཚོགས་ཕྱེ་གེ་སར་གསར་པར་གྱུར་པ་ཁྱེད་ལ་སྲུངས། །བསམ་གཏན་ཟོལ་དག་ཉེ་བར་བཟུང་ནས་སྐད་ཅིག་མིག་ཕྱེ་སུ་ལ་སེམས་པར་བྱེད། །སྐྱོབ་པ་ཡིན་ཡང་ལུས་མེད་འདས་གཟིར་སྐྱེ་བོ་འདི་དག་སྲུང་བ་མིན་ལ་ལྟོས། །སྙིང་རྗེར་ལྡན་པར་བརྫུས་ཏེ་ཁྱོད་ལས་གཞན་པའི་བརྩེ་མེད་སྐྱེས་བུ་ག་ལ་ཡོད། །བདུད་མོ་རྣམས་ཀྱིས་བྱང་ཆུབ་ལ་འདི་ཕྲག་དོག་གིས་བརྗོད་རྒྱལ་བས་ཁྱེད་ལ་སྲུངས། །གཞན་ཡང་གཞུ་བཀང་འདོད་པ་དང་ནི་རྔ་གསང་བརྡུང་ཞིང་སྒྲ་སྒྲོགས་བདུད་ཀྱི་དཔའ་བོ་དང༌། །སྨིན་འཁྱོག་རབ་འདར་གླལ་འཛུམ་ལོགས་སུ་ལྟ་བ་མཐོ་རིས་བུ་མོའི་སྐྱེ་བོ་དང༌། །གྲུབ་པ་ཡན་ལག་མཆོག་བཏུད་རྣམས་དང་མཚར་བས་སྤུ་ལངས་ལུས་ཅན་ནོར་ལྷ་ཡིས། །བྱང་ཆུབ་འཐོབ་ལ་བསམ་གཏན་གཡོ་མེད་ཅེས་བལྟས་ཐུབ་པའི་དབང་པོས་ཁྱེད་ལ་སྲུངས། །ཤིན་ཏུ་མང་བར་འགྱུར་བས་དགའ་བར་བྱས་ཏེ་མདོ་འཛིན་པའོ། །དི་རིང་བདག་པོའི་དགའ་སྟོན་ལ་ཕྱོགས་སྣ་ཚོགས་ནས་འོངས་བ་དཔལ་ལྡན་དགའ་བའི་ལྷའི་ཞབས་ཀྱི་པདྨ་ཉེ་བར་བསྟེན་པའི་རྒྱལ་པོའི་ཚོགས་རྣམས་ཀྱིས་གུས་པ་དང་ལྡན་པར་བོས་ཏེ། བདག་ལ་སྨྲས་པ། ཇི་ལྟར་ཁོ་བོ་ཅག་གི་རྗེ་དཔལ་ལྡན་དགའ་བའི་ལྷས། སྔར་མེད་པའི་དངོས་པོའི་རྒྱན་རྣམ་པར་བཀོད་པ་རིག་པ་འཛིན་པའི་སྒེས་རབས་ལས་བརྩམས་པ། །ཀླུ་ཀུན་དུ་དགའ་བ་ཞེས་བྱ་བའི་ཟློས་གར་མཛད་པ་ནི་ཁོ་བོ་ཅག་རྣམས་ཀྱི་ཉན་པ་པོའི་བརྒྱུད་པ་ལས་ཐོས་ཏེ། སྦྱོར་བ་དག་ནི་མ་མཐོང་ངོ༌། །དེའི་ཕྱིར་རྒྱལ་པོ་དེ་ཉིད་ལ་གུས་པ་དང༌། ཁོ་བོ་


DTG169_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ལ་རྗེས་སུ་གཟུང་བའི་བློས་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཁྱོད་ཀྱིས་ཟློས་གར་དག་བྱོས་ཤིག་ཅེས་སོ། །དེའི་ཕྱིར་རེ་ཞིག་ཚོན་གྱི་བཀོད་པ་དག་བྱས་ནས་ཇི་ལྟར་མངོན་པར་འདོད་པ་བཞིན་ཡོངས་སུ་རྫོགས་པར་བྱའོ། །འདུས་པའི་སྐྱེ་བོ་འདི་དག་གི་ཡིད་ནི་ཀུན་དུ་ཚིམ་པར་གྱུར་ཏོ་ཞེས་བྱ་བར་བདག་གིས་ངེས་ཏེ། གང་གི་ཕྱིར། དཔལ་ལྡན་དགའ་བ་སྙན་དངགས་མཁན་པོ་མཁས་ལ་འདུས་པ་འདི་དག་ཡོན་ཏན་འཛིན། །འཇིག་རྟེན་དུ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་འཕྲོག་ཟློས་གར་བདག་ཅག་མཁས། །འདིར་ནི་དངོས་པོ་རེ་རེ་དག་ཀྱང་འདོད་པའི་འབྲས་བུ་འཐོབ་པའི་གནས་ཡིན་ན། །བདག་གི་སྐལ་པ་རྒྱས་པས་ཡོན་ཏན་ཀུན་གྱི་ཚོགས་འདུས་འདི་ལ་སྨོས་ཅི་དགོས། །དེས་ན་རེ་ཞིག་ཁྱིམ་པ་མོ་བོས་ཏེ་གླུ་དག་ལ་གནས་པར་བྱའོ། །ཡོངས་སུ་བགྲོད་ཅིང་ཕྱིར་མངོན་པར་ཕྱོགས་ཏེ་བལྟས་ནས་འཕགས་མ་རེ་ཞིག་འདིར། །དེ་ནས་གར་མཁན་མ་ངུ་ཞིང་ཞུགས་སོ། །མདོ་འཛིན་པས་མཐོང་ནས། འཕགས་མ་ཀླུ་ཀུན་དུ་དགའ་བ་ཞེས་བྱ་བའི་ཟློས་གར་བྱ་བ་ཡིན་ན་ཅིའི་དོན་དུ་རྒྱུ་མེད་པ་ཉིད་དུ་ངུ་བར་བྱེད། གར་མཁན་མས་ཇོ་བོ་ཇི་ལྟར་མི་ངུ་སྟེ། གང་གི་ཕྱིར་རེ་ཞིག་ཡབ་ནི་ཡུམ་དང་འགྲོགས་ནས་རྒན་པོའི་དངོས་པོས་ཡིད་བྱུང་སྟེ། ད་ནི་ཁྱོད་ཀྱིས་གཉེན་ཚན་གྱི་ཁུར་དག་འཛིན་པར་བཟོད་དོ་ཞེས་ཐུགས་ལ་བཞག་ནས་དཀའ་ཐུབ་ཀྱི་ནགས་སུ་གཤེགས་སོ། །མདོ་འཛིན་པས་བདག་ཀྱང་ཡོངས་སུ་བཏང་ནས་ཇི་ལྟར་ཡབ་ཡུམ་ནགས་སུ་གཤེགས། རྣམ་པར་བསམས་ནས་དེ་ལ་ད་ནི་ཅི་ཞིག་རིགས་པར་འགྱུར། །ཡང་ན་བདག་བླ་མའི་ཞབས་ཀྱི་རིམ་གྲོ་བྱེད་པའི་བདེ་བ་ཡོངས་སུ་བཏང་ནས་ཇི་ལྟར་ཁྱིམ་དུ་འདུག་པར་བྱེད། ཇི་ལྟར་སྤྲིན་གྱི་བཞོན་པ་བཞིན། །དབང་ཕྱུག་རིམ་པས་འོངས་བཏང་སྟེ། །ཕ་མའི་སྲི་ཞུ་བསྒྲུབ་པའི་ཕྱིར། །བདག་ཀྱང་ནགས་སུ་འགྲོ་བར་བྱ། །སོང་བར་གྱུར་ཏེ་སྐབས་དབྱེ་བའོ། །དེ་ནས་སྤྲིན་གྱི་བཞོན་པ་དང༌། བི་དཱུ་ཥ་ཀ་དག་ཞུགས་ཏེ། འདྲེན་པས། ཆགས་པའི་གནས་ཞེས་བྱ་བར་བདག་གིས་རིག །འཇིག་ཅེས་བྱ་བར་བདག་གིས་མ་རྟོགས་མིན། །བྱ་དང་བྱ་མིན་རྣམ་པར་དཔྱད་རྣམས་ལ། །ཕྱིར་ཕྱོགས་གྱུར་བར་སལ་སུས་མ་རིག །ཕ་མའི་སྲི་ཞུ་བྱེད་པ་བདག་གི་ནི། །ལང་ཚོ་དབང་པོའི་དབང་དུ་གྱུར་པ་འདི། །གལ་ཏེ་གུས་པས་འདི་ལྟར་ཉིད་གྱུར་ན། །དེ་ལྟར་སྨད་པར་འོས་ཀྱང་དགའ་བྱེད་འགྱུར། །བིདཱུ་ཥ་


DTG169_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཀས་ཁྲོས་པ་དང་བཅས་པར། ཀྱེ་གང་གི་ཚེ་གསོན་བཞིན་དུ་ཤི་བའི་རྒན་རྒོན་འདི་དག་འདི་ལྟར་ནགས་ན་འདུག་པ་ལ་འདི་སྙེད་ཀྱི་དུས་སུ་སྡུག་བསྔལ་ཉམས་སུ་མྱོང་ཡང་ཁྱོད་ནི་ཡིད་བྱུང་བར་མ་གྱུར་ཏོ། །དེས་ན་རབ་ཏུ་དང་བས་ད་དུང་ཡང་རེ་ཞིག་བླ་མའི་ཞབས་ཀྱི་སྲི་ཞུ་ལ་ཆགས་པ་ལས་ཕྱིར་བཟློག་ལ་རྒྱལ་སྲིད་ཀྱི་བདེ་བ་ཉམས་སུ་མྱོང་བར་བྱོས་ཤིག །འདྲེན་པས། ཇི་ལྟར་ཡབ་ཀྱི་མདུན་དུ་སར་འདུག་མཛེས་པ་དེ་ལྟ་སེང་གེའི་ཁྲི་ལ་ཡོད་དམ་ཅི། །ཡབ་ཀྱི་ཞབས་དག་ཉེད་པ་ལས་བྱུང་བདེ་བ་དེ་ནི་རྒྱལ་སྲིད་དག་ལའང་ཡོད་དམ་ཅི། །བླ་མའི་ལྷག་མ་སྤྱད་པའི་དགའ་བ་གང་འདིས་ས་གསུམ་སྤྱད་པ་དག་ལ་ཡོད་དམ་ཅི། །བླ་མས་བཏང་བའི་རྒྱལ་སྲིད་ངེས་པར་གདུང་བྱེད་དག་སྟེ་དེས་ན་ཡོན་ཏན་ཅི་ཞིག་ཡོད། །བི་དཱུ་ཥ་ཀས། བདག་ཉིད་ཀྱིས་རྟོགས་པར་ཨེ་མ་འདི་ནི་སྐྱེ་བོ་བླ་མའི་སྲི་ཞུ་ལ་ཆགས་བ་ཞིག་གོ་སྙམ་དུ་བསམས་ནས། དེས་ན་འདིར་ཡང་རེ་ཞིག་བརྗོད་པར་བྱའོ། །གསལ་བར་ཀྱེ་གྲོགས་པོ་ངེས་པར་རྒྱལ་སྲིད་ཀྱི་བདེ་བ་འབའ་ཞིག་གི་ཆེད་དུ་བདག་གིས་འདི་བརྗོད་པ་མ་ཡིན་ཏེ། གཞན་ཡང་ཁྱོད་ལ་བྱ་བ་དག་ཡོད་པ་ཉིད་དོ། །འདྲེན་པས། འཛུམ་དང་བཅས་པས་བྱ་བ་བདག་གིས་བྱས་པ་ཉིད་མ་ཡིན་ནམ་ལྟོས་ཤིག །རིགས་པར་འོས་པའི་ལམ་ལ་བློན་པོ་རྣམས་སྦྱར་དམ་པ་རྣམས་ནི་བདེ་ལ་བཞག །དེ་བཞིན་གཉེན་གྱི་སྐྱེ་བོ་བདག་མཚུངས་ཉིད་བྱས་རྒྱལ་སྲིད་དག་ཀྱང་བསྲུང་བར་བྱས། །ཡིད་ལ་རེ་བ་ལས་ལྷག་འབྲས་སྟེར་བདག་བསམ་ཤིང་ཡང་སློང་བ་རྣམས་ལ་བྱིན། །འདི་ལས་གཞན་པའི་བྱ་བ་ཅི་ཞིག་ཁྱོད་ཀྱི་སེམས་ལ་གང་ཞིག་གནས་པ་སྨྲོས། བི་དཱུ་ཥ་ཀས། ཀྱེ་གྲོགས་པོ་ཤིན་ཏུ་ཐུབ་ཆོད་ལྡན་ཞིང་ཉམས་པར་བྱེད་པའི་ལྷ། མ་ཏང་ག་འདི་མི་མཐུན་པའི་ཕྱོགས་སུ་ཉེ་བར་གནས་བལ་གཙོ་བོ་དང་གཉེན་དག་ཡང་དག་པར་གནས་ཀྱང་ཁྱོད་མེད་ན་བདག་ནི་རྒྱལ་སྲིད་ལེགས་པར་གནས་པར་མི་རྟོག་གོ །འདྲེན་པས་མ་ཏང་གས་རྒྱལ་སྲིད་ལེན་པར་འགྱུར་རོ་ཞེས་བྱ་བའི་དོགས་པ་ཡོད་དམ་ཅི། གལ་ཏེ་དེ་ལྟར་གྱུར་ན་དེ་ལས་ཅིར་འགྱུར། བདག་གི་ལུས་ལ་སོགས་པ་ཐམས་ཅད་གཞན་གྱི་དོན་ཉིད་དུ་ཡོངས་སུ་བསྲུངས་པ་མ་ཡིན་ནམ། གང་ཡང་རང་གིས་མ་བྱིན་པ་དེ་ནི་ཡབ་ཀྱི་ངོར་ཡིན་ནོ། །དེས་ན་དོན་མེད་པའི་བསམ་བ་འདིས་ཅི་ཞིག་བྱ། ཡབ་ཀྱིས་རྗེས་


DTG169_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྟན་པ་ཉིད་ལྷུར་བསྒྲུབ་པར་བྱའོ། །བི་དཱུ་ཥ་ཀས། ཀྱེ་ཡབ་ཀྱིས་ཅི་ཞིག་བསྟན། འདྲེན་པས། ཇི་ལྟར་ཉི་མ་མང་པོར་ཡོངས་སུ་དཔྱད་པས་དཀའ་ཐུབ་ཀྱི་ནགས་འདི་ཡམ་ཤིང་དང༌། ཀུ་ཤ་དང༌། མེ་ཏོག་དང༌། ཉེ་བར་མཁོ་བའི་རྩ་བ་དང༌། འབྲས་བུ་དང༌། སྡོང་བུ་དང༌། དྲི་ཞིམ་པ་དང༌། རྔད་མང་བ་དག་རིང་དུ་བྱས་པར་གྱུར་གྱིས། །དེའི་ཕྱིར། མ་ལ་ཡའི་རི་ལ་སོང་ལ་བསྟི་གནས་འགའ་ཞིག་རྟོགས་ཤིག་ཅེས་ཡབ་ཀྱིས་བདག་ལ་རྗེས་སུ་བསྟན་ཏོ། །དེའི་ཕྱིར་རེ་ཞིག་མ་ལ་ཡ་ཉིད་དུ་འགྲོའོ་ཞེས་ཏེ་སོང་བར་གྱུར་ཏོ། །བི་དཱུ་ཥ་ཀས་མདུན་དུ་བལྟས་ནས་ཀྱེ་གྲོགས་པོ་ལྟོས་ཤིག་ལྟོས་ཤིག །རླན་དང་བཅས་ཤིང་སྟུག་པོའི་ཙན་དན་གྱི་ནགས་ཀྱི་ཁྲོད་ནས་ཡོངས་སུ་བསྐྱོད་པ་དྲི་བཟང་རྒྱ་ཆེན་པོས་བསྒོས་བ་ཅན་རིའི་ངོས་མི་བཟད་པ་ལས་བབས་པས་དུམ་བུར་འགྱུར་བའི་ཆུ་རྒྱུན་ལས་འཐོར་བའི་ཐིགས་པ་བསིལ་པོ་འཛིན་པ་མ་ལ་ཡའི་རླུང་འདི་ནི་ངེས་པར་ལམ་གྱིས་ཡོངས་སུ་དུབ་པ་དག་སེལ་ཞིང༌། དང་པོར་འགྲོགས་པར་འདོད་པའི་དགའ་མ་ལ་མགྲིན་པ་ནས་བཟུང་བ་བཞིན་དུ་གྲོགས་པོ་མཛའ་བོ་ལ་སྤུ་ལོང་རྒྱས་པར་བྱེད་པ་འདྲའོ། །འདྲེན་པས་ཀུན་དུ་བལྟས་ནས་ཨ་ཡེ་བདག་ཅག་གིས་རིམ་ལ་ཡར་སླེབ་པར་གྱུར་ཏོ། །བརྟགས་ནས། ཨེ་མ་འདི་ནི་དགའ་བར་བྱ་བ་ཞིག་སྟེ། དེ་ལྟར་ཡང༌། དགའ་ལྡན་ཕྱོགས་ཀྱི་གླང་པོ་འགྲམ་བའི་ངོས་འདར་ཙན་དན་དག་ནི་ཆ་ག་ཅིང་ཟག །ཆུ་གཏེར་རླབས་རྣམས་རབ་ཏུ་བསྣུན་པས་ཕུག་དང་ལུང་པ་དག་ནི་ཆོ་ངེས་སྒྲོགས། །གྲུབ་པའི་བུད་མེད་བགྲོད་པ་རྣམས་ཀྱི་རྐང་པའི་སྨུག་རྩིས་དམར་པ་མུ་ཏིག་རྡོ། །བསྟེན་བྱ་རི་བོ་མ་ལ་ཡ་འདིས་བདག་གི་སེམས་ནི་ཅི་ཡང་སྲེད་ལྡན་བྱེད། །དེས་ན་ཚུར་ཤེག །འདི་ལ་འཛེགས་ཏེ་འདུག་པར་འོས་བའི་བསྟི་གནས་དག་བཙལ་བར་བྱའོ། །འཇོགས་ཏེ་མཚན་མ་གསལ་བར་བྱས་ནས། བདག་གི་མིག་ནི་གཡས་པ་གཡོ། །འབྲས་བུ་འདོད་པ་འགའ་ཡང་མེད། །ཐུབ་པའི་གསུང་ཡང་བརྫུན་མ་ཡིན། །འདི་ནི་ཅི་ཞིག་འཆད་འགྱུར་ཀེ །བི་དཱུ་ཥ་ཀས། ཀྱེ་གྲོགས་པོ་གྲོགས་པོ་ལ་དགའ་བ་འགའ་ཞིག་ཉེ་བར་སྟོན་ཏོ། །འདྲེན་པས། ངེས་པར་ཇི་ལྟར་ཁྱོད་ཀྱིས་སྨྲས་པ་དེ་བཞིན་ནོ། །བི་དཱུ་ཥ་ཀས། ཀྱེ་གྲོགས་པོ་ལྟོས་ཤིག་ལྟོས་ཤིག །ཁྱད་པར་དང་བཅས་པར་སྟུག་ཅིང་སྣུམ་པའི་རྐང་འཐུང་གིས་ཉེ་བར་མཛེས་ཤིང་བའི་མར་གྱི་དྲིའི་སྙིང་


DTG169_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཅན་གྱི་དུ་བ་དྲག་ཏུ་འཕྱུར་ལ། །རི་དགས་ཀྱི་ཚོགས་འཇིགས་པ་མེད་ཅིང་ལམ་དུ་བག་ཕབ་སྟེ་གནས་པ་འདི་ནི་དཀའ་ཐུབ་ཀྱི་ནགས་ཚལ་བཞིན་དུ་མཚོན་ནོ། །འདྲེན་པས། གྲོགས་པོ་ཡང་དག་པར་མཚོན་ནོ། །འདི་དག་ནི་དཀའ་ཐུབ་ཀྱི་ནགས་ཚལ་ཉིད་དེ། གང་གི་ཕྱིར། གོས་ཀྱི་དོན་དུ་ཤིང་ཤུན་རྣམས་བཅད་རྩེ་བ་ཉིད་ཀྱིས་ཤིན་ཏུ་ཆེ་བ་མིན། །རིལ་བ་རྙིང་བ་ཆག་པས་མཚན་པའི་ཆུ་རྒྱུན་དག་ནི་མཁའ་ལྟར་རབ་ཏུ་དང༌། །འབའ་ཞིག་དག་ན་མུཉྫའི་སྐེ་རགས་ཁྱེའུས་བཅད་ཅིང་དོར་བར་གྱུར་པ་མཐོང༌། །རྟག་ཏུ་ཐོས་པས་ནེ་ཚོ་དག་ཀྱང་རིག་བྱེད་ཚིག་འདི་རབ་ཏུ་སྒྲོགས་པར་བྱེད། །དེས་ན་ཚུར་ཤེག་རབ་ཏུ་ཞུགས་ཏེ། ཉེ་བར་མཚོན་པར་བྱའོ། །རབ་ཏུ་ཞུགས་ཏེ་གར་དག་བྱེད་དོ། །འདྲེན་པས། ཨེ་མ་ཐུབ་པའི་སྐྱེ་བོ་རབ་ཏུ་དགའ་བ་རྣམས་ནི་རིག་བྱེད་ཀྱི་ཚིག་རྒྱས་པ་ལ་ཐེ་ཚོམ་རྣམ་པར་གཅོད་པར་བྱེད་ལ། ཁྱེའུའི་སྐྱེ་བོ་རྣམས་ནི་ཇི་ལྟར་གཤེར་བ་གཤེར་བའི་ཡམ་ཤིང་དག་གཅོད་ཅིང༌། །དཀའ་ཐུབ་པའི་གཞོན་ནུ་མ་རྣམས་ནི་ལྗོན་པ་གསར་བའི་ཀྱོ་ར་འགེངས་པར་བྱེད་པའི་དཀའ་ཐུབ་ཀྱི་ནགས་ཚལ་ནི་རབ་ཏུ་ཞི་བ་དང་དགའ་བར་བྱེད་པ་ཉིད་དོ། །འདི་ཉིད་ན། བུང་བའི་སྒྲ་ཡིས་ལེགས་པར་འོངས་སམ་ཞེས་ནི་བརྗོད་པ་བཞིན། །འདི་དག་མགོ་ནི་འབྲས་བུ་དུད་པས་འདུད་པར་བྱེད་པ་བཞིན། །མེ་ཏོག་ཆར་པ་འཐོར་ཞིང་བདག་ལ་མཆོད་ཡོན་སྟེར་བ་བཞིན། །ཡལ་ག་ལྡན་པ་ཡིས་ཀྱང་མགྲོན་གྱི་བསྙེན་བཀུར་ཇི་ལྟར་བསླབས། །དེའི་ཕྱིར་དཀའ་ཐུབ་ཀྱི་ནགས་ཚལ་འདིར་ནི་འདུག་པར་འོས་པ་ཞིག་སྟེ། འདིར་གནས་ན་བདག་ཅག་གི་སེམས་བདེ་བར་འགྱུར་རོ་སྙམ་མོ། །བི་དཱུ་ཥ་ཀས། ཀྱེ་གྲོགས་པོ་འོན་ཀྱང་ངེས་པར་རི་དགས་འདི་དག་མགྲིན་པ་ཅུང་ཟད་ཀྱོགས་ཏེ་གཡོ་བ་མེད་པའི་ཁ་ལས་ཅུང་ཟད་ཟོས་པའི་རྩྭ་ཁམ་ནང་ན་གནས་བ་ཟག་ཅིང་རྣ་བ་གཅིག་རབ་ཏུ་བསླངས་ཏེ་གཏད་ནས་མིག་ཟུམ་པ་དང་བཅས་པས་ཉན་པར་བྱེད་པ་ལྟ་བུར་མཚོན་ནོ། །འདྲེན་པས་རྣ་བ་གཏད་ནས། གནས་ཐོབ་རབ་ཏུ་གསལ་བའི་འགྲོས་ཅན་གདངས་སྙན་དག་གིས་རྣམ་པར་གཞག་པ་འཛིན་བྱེད་པ། །བུང་བའི་སྒྲ་བཞིན་ངེས་པར་ཡིད་འཕྲོག་རྒྱུད་མངས་དག་གི་རྒྱུད་མངས་སྒྲ་དང་ལྡན་པ་ཡིས། །གསལ་ཞིང་རོལ་སྒེག་ཚིག་ལྡན་གླུ་ནི་ཀུན་དུ་འཁྱོག་པའི་ལུས་ཅན་རི་དགས་འདི་དག་རྣམས། །སོ་ཡི་བར་ན་གནས་པ་རྩྭ་ཡི་ཁམ་ནི་གཅོད་པའི་སྒྲ་དག་


DTG169_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམས་ནས་ཉན་པར་བྱེད། །བིདཱུ་ཥ་ཀས། ཀྱེ་གྲོགས་པོ་དཀའ་ཐུབ་ཀྱི་ནགས་ཚལ་འདི་ན་སུ་ཞིག་གླུ་ལེན་པར་བྱེད། འདྲེན་པས། ཇི་ལྟར་སོར་མོ་འཇམ་པའི་འདབ་མས་མངོན་པར་བསྣུན་པའི་རྒྱུད་མངས་ཤིན་ཏུ་གསལ་བ་མ་ཡིན་པར་སྒྲོགས་ཤིང་གླུ་ཡང་སྙན་ཅིང་ཕྲ་བ་གཙོར་ལེན་པ་དེ་ལྟར་བདག་རྟོག་པ་ནི་གནས་འདི་ན་ལྷ་དག་མཉེས་པར་བྱེད་ཅིང་ལྷའི་བུད་མེད་རྒྱུད་མངས་དང་ལྡན་པའི་གླུ་ལེན་པར་བྱེད་དོ། །བི་དཱུ་ཥ་ཀས། ཀྱེ་གྲོགས་པོ་ཚུར་ཤོག །ཡུའུ་ཅག་ཀྱང་ལྷའི་གནས་བལྟ་བར་བྱའོ། །འདྲེན་པས་ལེགས་པར་བརྗོད་དེ། ངེས་པར་ལྷ་ནི་ཕྱག་བྱ་བར་འོས་པའོ། །ཉེ་བར་སོང་སྟེ་འབྲལ་ལ་འདུག་ནས་གྲོགས་པོ་གལ་ཏེ་ན་སྐྱེ་བོ་འདི་ལྟ་བར་མི་འོས་པ་སྲིད་དོ། །དེ་ནས་རེ་ཞིག་ཏ་མ་ལའི་གེལ་བ་འདིའི་ནང་དུ་འདུག་སྟེ་ལྷ་ལྟ་བའི་སྐབས་བཙལ་བར་བྱའོ། །དེ་ལྟར་བྱས་ཏེ། དེ་ནས་མ་ལ་ཡ་ཅན་མ་དང༌། འབངས་མོ་ཞུགས་ཏེ་ས་ལ་འདུག་ནས་རྒྱུད་མངས་སྤྲེང་བར་བྱེད་དོ། །འདྲེན་མས་གླུ་ལེན་པ། གཽ་རཱི་རབ་རྒྱས་པདྨའི་གེ་སར་གྱི། །དངུལ་ལྟར་དཀར་བའི་འོད་ཅན་བཅོམ་ལྡན་མ། །ཁྱོད་ཀྱི་བཀའ་དྲིན་དག་གིས་བདག་གི་ནི། །མངོན་པར་འདོད་པ་རབ་ཏུ་གྲུབ་པར་མཛོད། །འདྲེན་པ་རྣ་གཏང་ནས། ཨེ་མ་ཧོ་གླུ། ཨེ་མ་ཧོ་རོལ་མོ། འདི་ལ་གསལ་བྱེད་ཀྱི་དབྱངས་རྣམ་པ་བཅུ་པོ་འདིས་གསལ་བ་ཐོབ་ཅིང༌། མྱུར་བ་དང༌། བར་མ་དང༌། དལ་བའི་སྟབས་རྣམ་པ་གསུམ་རབ་ཏུ་གསལ་བར་ཡོངས་སུ་བཅད་དེ། པ་ལང་གི་རྔ་མ་ལ་སོགས་པ་རྣམ་པ་གསུམ་གྱི་རིམ་པས་ངལ་བསོ་བར་བྱས་པ་དེ་ཁོ་ནའི་ཚོགས་ཀྱི་རྗེས་སུ་འབྲང་བའི་རོལ་མོའི་ཆོ་ག་ཡང་དག་པ་གསུམ་བསྟན་ཏོ། །འབང་སྨོས། རྗེའི་སྲས་མོ་ངེས་པར་ཡུན་རིང་དུ་གླུ་དག་བླངས་ནས་ཁྱོད་ཀྱི་ལག་རྩེ་དག་ཡོངས་སུ་མི་ངལ་ལམ། འདྲེན་མས། གྲུང་མོ་བཅོམ་ལྡན་མའི་མདུན་དུ་རྒྱུད་མངས་སྒྲོགས་པར་བྱེད་པ་ལ་བདག་ག་ལ་ངལ། འབངས་མོས་སྨོད་པ་དང་བཅས་པར་ཀྱེ་བརྩེ་མེད་མ་འདིའི་མདུན་དུ་རྒྱུད་མངས་བསྒྲགས་པས་ཅི་ཞིག་བྱ་ཞེས་བདག་སྨྲའོ། །གང་ཞིག་འདི་སྙེད་ཀྱི་དུས་སུ་སྐྱེ་བོ་གཞོན་ནུ་མའི་དཀའ་ཐུབ་བསྙེན་ནས་ངེས་པ་ལ་གནས་པས་བསྟན་ཀྱང་ད་དུང་ཁྱོད་ལ་དང་བར་མི་སྟོན་ནོ། །བི་དཱུ་ཥ་ཀས་ཐོས་ནས། ཀྱེ་གྲོགས་པོ་འདི་ནི་ངེས་པར་གཞོན་ནུ་མ་སྟེ་ཅིའི་ཕྱིར་མི་ལྟ། འདྲེན་པས་སྐྱོན་ཅི་ཡོད། གཞོན་ནུ་མ་ལྟ་བ་ནི་སྐྱོན་མེད་པ་ཉིད་དོ། །འོན་ཀྱང་


DTG169_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ན་བདག་ཅག་མཐོང་ནས་འཇིགས་ཏེ། ངོ་ཚ་བ་གཞོན་ནུ་མ་ལ་རྙེད་སླ་བས་འདིར་ཡུན་རིང་དུ་མི་སྡོད་པ་མི་སྲིད་དོ། །དེས་ན་རེ་ཞིག་འཁྲི་ཤིང་གི་དྲ་བ་འདིས་བསྒྲིབས་ཏེ་བལྟ་བར་བྱའོ། །གཉི་གས་བལྟས་ཏེ། བི་དཱུ་ཥ་ཀས། ཡ་མཚན་དང་བཅས་པར་ཀྱེ་གྲོགས་པོ་ལྟོས་ཤིག་ལྟོས་ཤིག །ངོ་མཚར་རོ་ངོ་མཚར་རོ། །རྒྱུད་མངས་ཀྱི་སྒྲས་རྣ་བའི་བདེ་བ་སྐྱེད་པར་བྱེད་པ་འབའ་ཞིག་ཏུ་མ་ཟད་དེ། རྣམ་པར་ཤེས་པའི་རྗེས་སུ་མཐུན་པའི་གཟུགས་འདིས་མིག་གི་ཡང་བདེ་བ་སྐྱེད་པར་བྱེད་དོ། །དེའི་ཕྱིར་འདི་ནི་སུ་ཞིག་ཡིན་ཅི་ལྷ་མོའམ། ཀླུའི་བུ་མོའམ། ཡང་ན་རིག་པ་འཛིན་པའི་བུ་མོ་འམ། ཡང་ན་གྲུབ་པའི་རིགས་ལས་འཁྲུངས་པ་ཞིག་གོ །འདྲེན་པས་རྣམ་པར་བལྟ་ཞིང་ཆགས་པ་དང་བཅས་པར་གྲོགས་པོ་འདི་སུ་ཞིག་ཡིན་ཞེས་བདག་གིས་མ་རྟོགས་སོ། །བདག་གིས་འདི་ཙམ་ཤེས་ཏེ། གལ་ཏེ་མཐོ་རིས་བུ་མོ་ཡིན་ན་འཕྲོག་བྱེད་མིག་སྟོང་ལྡན་དེས་དོན་བྱས་འགྱུར། །གལ་ཏེ་ཀླུ་ཡི་བུ་མོ་ཡིན་ནའང་འདིའི་གདོང་ཡོད་ཚེ་ས་འོག་ཟླ་བས་སྟོང་མ་ཡིན། །གལ་ཏེ་རིག་འཛིན་མ་ཡིན་གཞན་རིགས་ལས་རྒྱལ་བདག་ཅག་རིགས་ནི་འབྲས་དང་བཅས། །གལ་ཏེ་གྲུབ་རིགས་ལས་སྐྱེས་དེ་ཕྱིར་གྲུབ་པ་འཇིག་རྟེན་གསུམ་དུ་གྲགས་པར་འགྱུར། །བི་དཱུ་ཥ་ཀས། འདྲེན་པ་ལ་བལྟས་ནས་དགའ་བ་དང་བཅས་ཤིང་རང་གིས་རྟོགས་པར་ཨེ་མའོ། །ཡུན་རིང་པོ་ཞིག་ནས་ཡིད་སྲུབ་ཀྱི་སྤྱོད་ཡུལ་དུ་ལྷུང་བར་གྱུར་ཏོ། །བདག་ཉིད་ལ་སྟོན་ཅིང༌། ཡང་ན་མ་ཡིན་ཏེ། བྲམ་ཟེ་བདག་གིའོ། །འབངས་མོས། མཛའ་བ་དང་བཅས་པར་ཀྱེ་བྲམ་ཟེ་བདག་སྨྲའོ། །བརྩེ་མེད་མ་འདིའི་མདུན་དུ་རྒྱུད་མངས་བསྒྲགས་པས་ཅི་ཞིག་བྱ་ཞེས་ཏེ་རྒྱུད་མངས་འཕང་སོ། །འདྲེན་མས་བུ་མོ་བཅོམ་ལྡན་མ་གཽ་རཱི་ལ་མ་སྨད་ཅིག །ཀེ་དིང་བཅོམ་ལྡན་མས་བཀའ་དྲིན་མཛད་པ་བཞིན་ནོ། །འབངས་མོས། རྗེའི་སྲས་མོ་རེ་ཞིག་ཅི་འདྲ་བ་དག་སྨྲོས་ཤིག །འདྲེན་མས། བུ་མོ་ངེས་པར་དེང་རྨི་ལམ་དུ་བདག་འདི་བཞིན་ཉིད་དུ་རྒྱུ་མངས་བསྒྲེང་བ་ལ་བཅོམ་ལྡན་མས་གསུངས་པ། བུ་མོ་ཁྱོད་ཀྱིས་རྒྱུད་མངས་བསྒྲེང་བ་མཁས་པ་ཁྱད་པར་དུ་འཕགས་པ་འདི་དང༌། བདག་ལ་ཐུན་མོང་མ་ཡིན་པའི་གུས་པ་བུ་མོའི་དངོས་པོ་ལ་རྙེད་དཀའ་བ་འདིས་བདག་ཤིན་ཏུ་ཚིམ་པར་གྱུར་ཏོ། །དེའི་ཕྱིར་ཡུན་རིང་པོ་མ་ཡིན་པ་ན་རིག་


DTG169_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛིན་པའི་འཁོར་ལོས་སྒྱུར་བས་ལག་པ་འཛིན་པར་འགྱུར་རོ་ཞེས་སོ། །འབངས་མོས་དགའ་བ་དང་བཅས་པར་རྗེའི་སྲས་མོ། གལ་ཏེ་དེ་ལྟར་ཡིན་ན་རྨི་ལམ་དུ་ཞེས་ཅིའི་ཕྱིར་བརྗོད། །ལྷ་མོས་སྙིང་ལ་འདོད་པའི་མཆོག་བྱིན་པ་ཉིད་ཡིན་ནོ། །བི་དཱུ་ཥ་ཀས། ངེས་བར་བདག་ཅག་ལྷ་མོ་ལྟ་བའི་སྐབས་སུ་བབ་པོ། །དེའི་ཕྱིར་ཚུར་ཤེག་ཉེ་བར་འགྲོ་བར་བྱའོ་ཞེས་ཏེ་ཉེ་བར་བཏུད་དོ། །བི་དཱུ་ཥ་ཀས། མི་འདོད་བཞིན་དུ་ཁྱེར་ནས་ཇོ་མོ་གྲུང་མོ་བདག་བདེན་པར་སྨྲ་སྟེ། འདི་ནི་མཆོག་བྱིན་པ་ཉིད་དོ། །འདྲེན་མས་འཇིགས་པ་དང་བཅས་པར་འདྲེན་པ་ལ་མཚོན་ཏེ། བུ་མོ་འདི་སུ་ཞིག་ཅེས་སོ། །འབང་སྨོས། གཞན་དང་ཐུན་མོང་མ་ཡིན་པའི་རྣམ་པ་འདིས་ན། འདི་ཉིད་བཅོམ་ལྡན་མས་བཀའ་དྲིན་མཛད་པ་ཡིན་སྙམ་མོ། །འདྲེན་མས་ཆགས་བ་དང་བཅས་ཤིང་ངོ་ཚ་བ་དང་བཅས་པར་བལྟས་སོ། །འདྲེན་པས། གཡོ་ཞིང་ཡངས་པའི་མིག་ལྡན་དབུགས་འབྱིན་ཅིང༌། །འདར་ཞིང་མཁྲེགས་སྟུག་ནུ་ལྡན་འཁྲུལ་བྱེད་མ། །ལུས་འདི་དཀའ་ཐུབ་ཉིད་ཀྱིས་ཤིན་ཏུ་ནི། །ངལ་གྱུར་སླར་ཡང་ཅི་སླད་གདུང་བར་བྱེད། །འདྲེན་མས། བུ་མོ་ཤིན་ཏུ་འཇིགས་པས་འདི་ལ་མངོན་དུ་ཕྱོགས་ཏེ་འདུག་པར་མི་ནུས་སོ་ཞེས་ཏེ། ལོགས་ལ་ལྟས་ནས་འཁོད་དོ། །བི་དཱུ་ཥ་ཀས། ཇོ་མོ་ཁྱོད་ཀྱི་དཀའ་ཐུབ་ཀྱི་ནགས་ཚལ་འདི་ན་གང་ཞིག་འགྲོན་པོ་འོངས་པ་ལ་ཚིག་ཙམ་གྱིས་ཀྱང་ཕེབས་པར་སྨྲ་བ་མ་ཡིན་པ་འདི་འདྲ་བའི་ཀུན་དུ་སྤྱོད་པ་ཡོད་དམ་ཅི། འབངས་མོས་རྗེའི་སྲས་མོ། འགྲོན་པོ་ལ་བསྙེན་བཀུར་བྱ་བ་རིགས་པ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་མཐུ་ཆེན་པོ་དང་ལྡན་པ་འདི་དག་ལ་གུས་པར་བྱ་བ་ལ་རྨོང་པར་གནས། ཡང་ན་ཁྱོད་བཞུགས་ཤིག །ཁོ་མོ་ཉིད་ཀྱིས་ཇི་ལྟར་རིགས་པ་དག་བྱའི། འདྲེན་པ་ལ་མཚོན་ཏེ་ཇོ་བོ་ལེགས་པར་འོངས་སམ། ཇོ་བོ་སྟན་ཡོང་སུ་བཟུང་བས་ཕྱོགས་འདི་བརྒྱན་བར་མཛོད་ཅིག །བི་དཱུ་ཥ་ཀས། ཀྱེ་གྲོགས་པོ་འདི་ནི་ལེགས་པར་སྨྲའོ། །ཡུད་ཙམ་ཞིག་འདུག་སྟེ་ངལ་གསོ་བར་བྱའོ། །འདྲེན་བས། ཁྱོད་ནི་རིགས་པར་སྨྲའོ། །གཉི་ག་འཁོད་དོ། །འདྲེན་མས་ཀྭ་ཡི་བཞད་གད་ཀྱི་ངང་ཚུལ་ཅན་མ་དེ་ལྟར་མ་བྱེད། གལ་ཏེ་དཀའ་ཐུབ་པ་འགའ་ཞིག་གིས་མཐོང་ན་འདི་ལས་བདག་དུལ་བ་མ་ཡིན་པ་དང་ལྡན་པར་དོགས་པར་འགྱུར་རོ། །དེ་ནས་དཀའ་ཐུབ་པ་ཞུགས་ཏེ། རིགས་ཀྱི་བདག་པོ་ཀཽ་ཤི་ཀས་བདག་ལ་བཀའ་བསྒོས་པ། མཉེས་


DTG169_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་ཤཱ་ཎ་ཌ་ལྱ། ཡབ་ཀྱི་བཀས། རྒྱལ་ཚབ་བཤེས་གཉེན་གྱི་དབྱིག་གཞོན་ནུ་སྤྲིན་གྱི་བཞོན་པ་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་བདག་རི་མ་ཡ་འདི་ཉིད་ཀྱི་ཕྱོགས་འགའ་ཞིག་ན་གནས་པ་སྲིང་མོ་མ་ལ་ཡ་ཅན་གྱི་ཁྱིམ་ཐབ་ཀྱི་སླད་དུ་བལྟ་བའི་ཕྱིར་དི་རིང་འོངས་ཏེ། གལ་ཏེ་དེ་བལྟ་ཞིང་མ་ལ་ཡ་ཅན་གྱི་ཉི་མ་གུང་གི་མཆོད་སྦྱིན་གྱི་དུས་ཡོལ་བར་འགྱུར་སྲིད་དོ། །དེས་ན་དེ་བོས་ལ་ཤོག་ཤིག་ཅེས་སོ། །དེས་ན་བདག་རེ་ཞིག་གཽ་རཱིའི་ཁང་པ་ཉིད་དུ་འགྲོའོ། །འགྲོ་ཞིང་ས་ལ་རྣམ་པར་བལྟས་ནས། ཨ་ཡེ་རྡུལ་དང་ལྡན་པའི་ཕྱོགས་ན་རབ་ཏུ་གསལ་བའི་འཁོར་ལོས་མཚན་པའི་རྗེས་ཀྱི་ཕྲེང་བདག་སྣང་བ་འདི་སུ་ཞིག་གི་ཡིན། མདུན་དུ་བལྟས་ཏེ་སྤྲིན་གྱི་བཞོན་བ་ལ་ངེས་པར་བརྟགས་ནས་འདི་ནི་སྐྱེས་བུ་ཆེན་པོ་འདི་ཡིན་ནམ་སྙམ་མོ། །གཞན་ཡང༌། མགོ་ལ་གཙུག་ཏོར་འདི་གསལ་སྨིན་མའི་བར་ན་མཛོད་སྤུ་འདི་ནི་རྣམ་པར་མཛེས། །མིག་ནི་པདྨའི་རྗེས་སུ་མཐུན་ཞིང་བྲང་གདེངས་འཕྲོག་བྱེད་དག་ལ་འགྲན་པར་བྱེད། །ལག་པ་འཁོར་ལོས་མཚན་པ་ཇི་ལྟར་དེ་ལྟར་སྐྱེས་བུ་དག་ནི་སུ་ཞིག་འདི། རིག་པ་འཛིན་པའི་འཁོར་ལོས་སྒྱུར་བའི་གནས་དག་མ་ཐོབ་འདུག་པ་ཡིན་ནམ་སྙམ། ཡང་ན་ཐེ་ཚོམ་གྱིས་ཅི་ཞིག་བྱ་སྟེ། ཤིན་ཏུ་གསལ་བར་འདི་ནི་སྤྲིན་གྱི་བཞོན་པ་ཡིན་པར་ངེས་སོ། །མལ་ཡ་ཅན་མལ་བལྟས་ནས་ཨ་ཡེ་འདི་ཡང་རྒྱལ་བོའི་བུ་མོའོ། །གཉི་ག་ལ་བལྟས་ནས། གལ་ཏེ་ཕན་ཚུན་རྗེས་སུ་འཚམ་པ་འདི་དག་འབྲེལ་པར་བྱེད་ན་བྱེད་པ་པོ་ནི་ཡུན་རིང་པོ་ཞིག་ན་རིག་པ་བྱེད་པར་གྱུར་ཏོ། །ཉེ་བར་བཏུད་ནས་ཁྱོད་ནི་དགེ་བར་གྱུར་ཅིག །འདྲེན་པས། བཅོམ་ལྡན་སྤྲིན་གྱི་བཞོན་པ་ཕྱག་བགྱིད་དོ་ཞེས་ཏེ་ལྡང་བར་འདོད་དོ། །དཀའ་ཐུབ་བས་མངོན་དུ་ལྡང་མི་དགོས་སོ། །ཀྱེ་མངོན་འོངས་ཀུན་གྱི་བླ་མ་ཉིད་ཅེས་པས། ཁྱོད་ཉིད་བདག་ཅག་གི་བླ་མ་ཡིན་ནོ། །དེས་ན་ཇི་ལྟར་བདེ་བར་བཞུགས་ཤིག །མ་ལ་ཡ་ཅན་མས། ཇོ་བོ་ལ་ཕྱག་འཚལ་ལོ། །དཀའ་ཐུབ་པས་དེ་མཐོང་ནས། རྗེས་སུ་འཚམ་པའི་བདག་པོའི་སྐལ་བ་དང་ལྡན་པར་གྱུར་ཅིག །རྒྱལ་པོའི་བུ་མོ། ཁྱོད་ལ་རིགས་ཀྱི་བདག་པོ་ཀཽ་ཤི་ཀས་བཀའ་སྩལ་པ། ཁྱོད་ཀྱི་མཆོད་སྦྱིན་གྱི་དུས་ཡོལ་བར་འགྱུར་གྱིས་མྱུར་དུ་ཤོག་ཤིག་ཅེས་སོ། །འདྲེན་མས། མི་དགའ་བ་དང་བཅས་པར། གང་བླ་མས་བཀའ་སྩལ་པ་ཉིད་དོ། །རང་གི་


DTG169_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར། གཅིག་ནི་བླ་མའི་གསུང་དང་གཞན། །མཛའ་བོ་བལྟ་བའི་རྩེ་དགའ་བཟང༌། །འགྲོ་འམ་མི་འགྲོ་འགལ་བ་ལ། །བདག་སྙིང་འཕྱང་མོ་ཡུག་བར་འགྱུར། །ཤུགས་ཕྱུང་ཞིང་ལངས་ཏེ་ངོ་ཚ་བ་དང་བཅས་ཤིང་ཆགས་པ་དང་བཅས་པར་འདྲེན་པ་ལ་བལྟ་ཞིང་དཀའ་ཐུབ་པ་དང་ལྷན་ཅིག་སོང་བར་གྱུར་ཏོ། །འདྲེན་པས། སྲེད་པ་དང་བཅས་པར་ཤུགས་ཕྱུང་ནས་འདྲེན་མ་ལ་བལྟ་ཞིང༌། ཚང་རའི་ཁྱོན་གྱི་ཁུར་ལྡན་ཞིག །དམན་པ་དག་ཏུ་འགྲོ་མ་འདི། །གཞན་དུ་འགྲོ་ཡང་བདག་གི་ནི། །སྙིང་ལ་གོམ་པ་བཀོད་པར་གྱུར། །འབང་སྨོས། ཚུར་ཤེག་ཆུར་ཤེག །རྗེའི་སྲས་མོ་ཞེས་ཏེ། མ་ལ་ཡ་ཅན་མ་འཁོར་དང་བཅས་པ་སོང་བར་གྱུར་ཏོ། །བི་དཱུ་ཥ་ཀས། ཀྱེ་གང་ཞིག་བལྟ་བར་བྱ་བ་དག་མཐོང་ངོ༌། །ད་ནི་ཉི་མ་གུང་གི་ཉི་མའི་གདུང་བ་ཉིས་འགྱུར་དུ་བྱས་པ་བཞིན་དུ་བདག་གི་ལྟོ་བའི་མེ་དག་ལྷབ་ལྷབ་བྱེད་དོ། །དེའི་ཕྱིར་འདི་ནས་སོང་སྟེ། གང་གིས་བྲམ་ཟེ་དག་གི་མགྲོན་དུ་འགྱུར་བར་བྱས་ནས་ཐུབ་པའི་སྐྱེ་བོ་ལས་དངོས་སུ་རྙེད་པའི་རྩ་བ་དང་ཆུ་བ་ལ་སོགས་པས་སྲོག་གཟུང་བར་བྱའོ། །འདྲེན་པས། སྟེང་དུ་བལྟས་ནས། ཨ་ཡེ། བཅོམ་ལྡན་འོད་ཟེར་སྟོང་ཕྲག་ལྡན་ནི་ནམ་མཁའི་དཀྱིལ་ན་འཛེགས་ཏེ་བཞུགས་སོ། །དེ་ལྟར་ཡང༌། གདུང་བས་དེ་དུས་ཙན་དན་ལ་བདར་ཐང་ཆུས་དཀར་བའི་འགྲམ་པ་འཛིན་བྱེད་ཅིང༌། །རང་གི་རྣ་བ་བསྐྱོད་པའི་རླུང་ནི་ཡང་དག་ཆགས་པས་བཞིན་ལ་གཡོ་བ་བྱེད་ཅིང༌། །ལག་བས་གཏོར་བའི་ཆུ་ཐིགས་སྙིང་ཁར་ཁྱད་པར་དུ་འདྲེན་གླང་པོའི་བདག་པོ་འདི། །ད་ནི་བཟོད་དཀའ་ཟུག་རྡུ་དྲག་པོས་ཟུག་པ་ལྟ་བུའི་གནས་སྐབས་འཛིན་པར་བྱེད། །ཅེས་ཏེ་གཉི་ག་སོང་ངོ། །མཚན་མ་དང་བོའོ།། །།དེ་ནས་འབངས་མོ་ཞུགས་ཏེ། རྗེའི་སྲས་མོ་མལ་ཡ་ཅན་མས། བདག་ལ་གསུངས་པ། བུ་མོ་མེ་ཏོག་གསར་བ་ཅན་བདག་གི་མིང་པོ་ཇོ་བོ་བཤེས་གཉེན་གྱི་དབྱིག་དི་རིང་ཡུན་རིང་དུ་ཐོགས་སོ། །དེའི་ཕྱིར་སོང་ལ་འོང་ངམ་མི་འོང་རྟོགས་ཤིག་ཅེས་སོ། །ཡོངས་སུ་བགྲོད་དེ་ཕྱི་རོལ་དུ་མངོན་པར་ཕྱོགས་ཤིང་བལྟས་ནས། འདི་ཉིད་ནས་འོངས་པ་འདི་སུ་ཞིག་ཡིན། ངེས་པར་བརྟགས་ནས་ཅི་གྲུང་མོའམ། འབངས་མོ་གཉིས་པ་ཡང་ཞུགས་སོ། །དང་པོ་མས་ཉེ་བར་བཏུད་ནས། གྲོགས་མོ་གྲུང་མོ་ཁྱོད་ཀྱང་ཅིའི་ཕྱིར་མགྱོགས་པར་འགྲོ་བར་བྱེད། གཉིས་པས་


DTG169_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྲས་མོ་མ་ལ་ཡ་ཅན་མས་བདག་ལ་གསུངས་པ། བུ་མོ་གྲུང་མོ་བདག་གི་ལུས་ཀྱིས་མེ་ཏོག་ཐུ་བའི་ཡོངས་སུ་ངལ་བ་མི་བཟོད་དོ། །སྟོན་ཀའི་གདུང་བས་བྱས་པ་བཞིན་དུ་བདག་ཡོངས་སུ་གདུང་བས་ཤིང་ཏུ་ལྷག་པར་གཟིར་བར་གྱུར་ཏོ། །དེས་ན་ཁྱོད་སོང་ལ་ཆུ་ཤིང་གཞོན་ནུའི་འདབ་མས་བསྒྲིབས་པ་ཙན་དན་འཁྲི་ཤིང་གི་ཁང་པར། ཟླ་བ་ཆུ་ཤེལ་གི་རྡོལ་མལ་སྟན་ཆས་གྱིས་ཤིག་ཅེས་སོ། །ཇི་ལྟར་གསུངས་པ་བཞིན་དུ་བདག་གིས་ཀྱང་བྱས་ཏེ། དེའི་ཕྱིར་སོང་ནས་རྗེའི་སྲས་མོ་ཉིད་ལ་སྦྲན་པར་བྱའོ། །དང་པོ་མས། གལ་ཏེ་དེ་ལྟར་ཡིན་ན་མྱུར་དུ་ཆས་དག་གྱིས་ཤིག །དེར་སོང་ན་དེའི་གདུང་བ་ཉེ་བར་ཞི་བར་འགྱུར་རོ། །གཉིས་བས་བགད་ནས་རང་གིས་རྟོགས་པར་གང་ཞིག་འདི་འདྲ་བའི་གདུང་བ་དག་ནི་དེ་ལྟ་བུས་ཉེ་བར་ཞི་བར་མི་འགྱུར་རོ། །རྣམ་པར་བཀྲ་ཞིང་དགའ་བར་བྱ་བ་ཙན་དན་འཁྲི་ཤིང་གི་ཁང་པ་མཐོང་ནས་དེ་ནི་ཤིན་ཏུ་ཡང་ལྷག་པར་འགྱུར་རོ་ཞེས་བདག་རྟོག་གོ །གསལ་བར་གྲོགས་མོ་ཁྱོད་སོང་ཤིག །བདག་གིས་ཀྱང་རྡོ་བའི་གཞི་བསྟར་བ་བདག་རྗེའི་སྲས་མོལ་སྦྲན་པར་བྱའོ་ཞེས་ནས་སོང་སྟེ་འཇུག་པར་བྱེད་པའོ། །དེ་ནས་སྲེད་པ་དང་ལྡན་པའི་མ་ལ་ཡ་ཅན་མ་དང༌། འབངས་མོ་ཡང་ཞུགས་སོ། །འདྲེན་མས་ཤུགས་ནར་ཕྱུང་ནས་བདག་ཉིད་ཀྱིས་རྟོགས་པར། །སྐྱེ་བོ་དེ་ལ་སེམས་ཁྱོད་ཀྱིས་བདག་ངོ་ཚས། དེ་ལྟར་ཕྱིར་ཕྱོགས་པར་བྱས་ཏེ། ད་ནི་ཁྱོད་ཉིད་དེར་འགྲོ་བའི་ཕྱིར་ན། ཨེ་མ་ཁྱོད་ནི་བདག་ཉིད་རྒྱས་པར་བྱེད་པ་ཞིག་གོ །གསལ་བར། བུ་མོ་བཅོམ་ལྡན་མའི་གནས་སུ་འགྲོ་བའི་ལམ་དག་བདག་ལ་སྟོན་ཅིག །འབངས་མོས་རྗེའི་སྲས་མོ་ཙན་དན་འཁྲི་ཤིང་གི་ཁང་པར་གཤེགས་པ་མ་ལགས་སམ། འདྲེན་མས། ངོ་ཚ་དང་བཅས་པས་བུ་མོ་ཁྱོད་ཀྱིས་ལེགས་པར་དྲན་པར་བྱས་སོ། །དེའི་ཕྱིར་ཚུར་ཤེག་དེ་ཉིད་དུ་འགྲོ་བར་བྱའོ། །འབངས་མོས་བྱོན་ཅིག་བྱོན་ཅིག་རྗེའི་སྲས་མོ་སོང་བར་གྱུར་ཏོ། །འདྲེན་མ་གཞན་དུ་སོང་བ་ན། འབངས་མོས་ཕྱིར་བལྟས་ནས་མྱ་ངན་དང་བཅས་ཤིང་བདག་ཉིད་ཀྱིས་རྟོགས་པར་ཀྱེ་མ་འདི་ནི་སྙིང་གིས་སྟོང་བ་ཞིག་སྟེ་ཇི་ལྟར་ཡང་ལྷ་མོའི་གནས་དེ་ཉིད་དུ་འཇུག་པར་བྱེད་དོ། །གསལ་བར་དེ་ན་ཙན་དན་འཁྲི་ཤིང་ཁང་པ་ཡོད་པ་མ་ཡིན་ནམ། དེས་ན་འདིར་བྱོན་ཅིག །འདྲེན་མས་སྐྱེངས་པའི་འཛུམ་དང་བཅས་པར་དེ་ལྟར་བྱེད་དོ། །


DTG169_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་མོས་ཙན་དན་འཁྲི་ཤིང་གི་ཁང་པ་དེ་ནི་འདི་ལགས་སོ། །དེས་ན་ནང་དུ་ཞུགས་ཏེ་ཟླ་བ་ཆུ་ཤེལ་གྱི་ནོར་བུའི་རྡོ་ལ་རྗེའི་སྲས་མོ་བཞུགས་པར་མཛོད་ཅིག །འདྲེན་མས། དེ་ལྟར་བྱས་ཏེ་ཤུགས་ནར་ཕྱུང་ནས་བདག་ཉིད་ཀྱིས་རྟོགས་པར། བཅོམ་ལྡན་མེ་ཏོག་གི་མཚོན་དང་ལྡན་པ་གང་གི་གཟུགས་ཀྱིས་ཕམ་པར་བྱས་པ་དེ་ལ་ཅི་ཡང་མི་བགྱིད་པར་གནོད་པ་མ་བྱས་ཤིང་བུད་མེད་དུ་གྱུར་པ་དག་ལ་བསྣུན་པར་བགྱིད། ངོ་ཚ་བ་མ་མཆིས་སམ་ཞེས་ཏེ་མྱོས་པའི་གནས་སྐབས་ཀྱི་གར་དག་བྱེད་དོ། །གསལ་བར་ངེས་པར་བྱས་ནས་བུ་མོ་ཅིའི་ཕྱིར་ཡལ་འདབ་སྟུག་བོས་ཉི་མའི་འོད་ཟེར་སྒྲིབ་པ་དང་ལྡན་པའི་ཙན་དན་འཁྲི་ཤིང་གི་ཁང་པ་འདི་དག་དིང་བདག་གདུང་བའི་སྡུག་བསྔལ་སེལ་བར་མི་བྱེད། འབང་སྨོས་འཛུམ་དང་བཅས་པར་གདུང་བའི་རྒྱུ་ནི་བདག་གིས་ཤེས་ཏེ། འོན་ཀྱང་རྗེའི་སྲས་མོ། བདག་ལ་ཐུགས་མི་ཆེས་པས་ཁས་ལེན་བར་མི་འགྱུར་རོ། །འདྲེན་མས། བདག་ཉིད་ཀྱིས་རྟོགས་པར་འདིས་བདག་མཚོན་ཡང་རེ་ཞིག་དྲི་བར་བྱའོ། །གསལ་བར། བུ་མོ་རེ་ཞིག་དེ་དག་གིས་ཅི། དེའི་རྒྱུ་ཅི་ཡིན་བདག་སྨྲོས་ཤིག །འབངས་མོས། རྗེའི་སྲས་མོ་འདི་ནི་ཁྱོད་ཀྱི་སྙིང་ལ་འདོད་པའི་མཆོག །འདྲེན་མས་བརྟབས་པ་དང་བཅས་ཤིང་དགའ་བ་དང་བཅས་པར་ལངས་ཏེ། མདུན་དུ་གོམ་པ་གཉིས་གསུམ་སོང་ནས་དེ་གང་ན་གང་ན། འབངས་མོས་ལངས་ཏེ། འཛུམ་པ་དང་བཅས་པར་རྗེའི་སྲས་མོ་ཅི་ལགས། འདྲེན་མས། ངོ་ཚ་དང་བཅས་པར་འདུག་སྟེ་ཁ་འོག་ཏུ་བལྟས་ནས་འཁོད་དོ། །འབངས་མོས་རྗེའི་སྲས་མོ་བདག་ནི་འདི་སྐད་བརྗོད་པར་འདོད་དེ། འདི་ནི་ཁྱོད་ཀྱི་སྙིང་ལ་འདོད་པའི་མཆོག་གདུང་བའི་རྒྱུ་ཡིན་པ་གང་གིས་ན་ཙན་དན་འཁྲི་ཤིང་གི་ཁང་པ་རང་བཞིན་གྱིས་བསིལ་ཡང་ཁྱོད་ཀྱི་གདུང་བའི་སྡུག་བསྔལ་སེལ་བར་མི་ནུས་སོ། །འདྲེན་མས་དགའ་པ་དང་བཅས་པར་འབངས་མོ་ལ་འཁྱུད་ནས། བུ་མོ་གྲུང་མོ་ཁྱོད་ནི་ངེས་པར་གྲུང་མོ་སྟེ། གཞན་པ་ཅི་ཞིག་དྲི་བར་བྱ། དེས་ན་སྨྲོས་ཤིག །འབངས་མོ་རྗེའི་སྲས་མོ་ད་ལྟ་ཉིད་ཁྱོད་ལ་སྨྲས་པ་ཡིན་ནོ། །དེས་ན་མཆོག་ལྟ་བས་བྱས་པའི་གདུང་བ་འདིས་རེ་ཞིག་གདུང་བར་མ་བྱེད་ཅིག །གལ་ཏེ་བདག་གྲུང་མོ་ཡིན་པ་དེ་ལྟ་ན་དེ་ཡང་རྗེའི་སྲས་མོ་མཐོང་བ་མེད་པར་ཡུད་ཙམ་ཡང་གཞན་དུ་མངོན་པར་དགའ་བར་མི་འགྱུར་རོ། །འདི་ཡན་


DTG169_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཤེས་པ་ཉིད་དོ། །འདྲེན་མས་མཆི་མ་དང་བཅས་པར་བུ་མོ་དེ་ལྟ་བུའི་སྐལ་བ་བདག་ལག་ལ་ཡོད། འབངས་མོས་རྗེའི་སྲས་མོ་དེ་སྐད་ཅི་ལ་གསུངས། ཁྱབ་འཇུག་བྲང་གི་གཞི་ལ་དཔལ་མོ་འཛིན་པ་ཡང་བདེ་བར་ཇི་ལྟར་འགྱུར། འདྲེན་མས་སྐྱེ་བོ་ལེགས་པ་ངག་སྙན་པ་བོར་ནས། གཞན་སྨྲ་བར་བྱེད་དམ་ཅི། བུ་མོ་བདག་གི་གདུང་བ་འདི་བས་ཀྱང་འདི་ཤིན་ཏུ་ལྷག་པར་གཟིར་བ་སྟེ། གང་གཟི་བྱིན་ཆེན་པོ་དེ་ལ་ཚིག་ཙམ་གྱིས་ཀྱང་དགའ་བར་མ་བྱས་པ་བདག་ཚུལ་དང་མཐུན་པ་མ་ཡིན་པར་མཁྱེན་ཏོ་ཞེས་ཏེ་དུས་སོ། །འབངས་མོས་མཆི་མ་དང་བཅས་པར་རྗེའི་སྲས་མོ་མ་བཤུམས་ཤིག །ལངས་ནས་ཡལ་འདབ་བླངས་ནས་བཙིར་ཏེ་ཁུ་བ་སྙིང་གར་བྱུགས་སོ། །རྗེའི་སྲས་མོ། བདག་སྨྲའོ། །མ་བཤུམས་ཤིག །ནུ་མའི་ངོས་ལ་བྱུགས་པ་ཙན་དན་ཡལ་འདབ་ཀྱི་ཐང་ཆུ་འདི་ནི་ངེས་པར་རྒྱུན་ཆད་མེད་པར་འབབ་པ་མཆི་མའི་ཐིགས་པ་འདི་དག་གིས་དྲོ་བར་བྱས་པས་ཁྱོད་ཀྱི་སྙིང་གའི་གདུང་བ་མི་སེལ་ལོ་ཞེས་ཏེ་ཆུ་ཤིང་གི་འདབ་མ་དག་གིས་གཡོ་པར་བྱེད་དོ། །འདྲེན་མས། ལག་པས་བཟློག་ཅིང༌། བུ་མོ་མ་གཡོབ་མ་གཡོབ་ཆུ་ཤིང་གི་འདབ་མའི་རླུང་འདི་ནི་ཤིན་ཏུ་ཚའོ། །འབངས་མོས་རྗེའི་སྲས་མོ་འདིའི་སྐྱོན་དུ་མ་བྱེད་ཅིག །འདི་ལྟར་སྙམ་ཞིང་སྟུག་པའི་ཙན་དན་འཁྲི་ཤིང་ཡལ་འདབ་དང་འགྲོགས་པ་ཆུ་ཤིང་གི་འདབ་མའི་རླུང་འདི་ནི་ཤིན་ཏུ་བསིལ་ཡང་ཁྱོད་ཉིད་ཀྱི་དབུགས་ཀྱིས་ཚ་བར་བྱས་སོ། །འདྲེན་མས་མཆི་མ་དང་བཅས་པར་བུ་མོ་སྡུག་བསྔལ་འདི་ཉེ་བར་ཞི་བའི་ཐབས་འགའ་ཞིག་ཡོད་དམ། འབངས་མོས་རྗེའི་སྲས་མོ་གལ་ཏེ་དེ་ཉིད་འདིར་འོངས་ན་ཡོད་པ་ཉིད་དོ། །དེ་ནས་འདྲེན་པ་དང༌། བི་དཱུ་ཥ་ཀ་དག་ཞུགས་སོ། །འདྲེན་པས། ཕྱིར་ལོག་དཀར་དང་དཀར་མིན་མིག་གི་འོད་ཀྱིས་བསྟི་གནས་ཤིང་དེ་རྣམས། །ཡལ་ག་ལ་ཆགས་རི་དགས་པགས་པའི་ཚོགས་ཀྱིས་སྒེག་པ་བཞིན་བྱེད་ཅིང༌། །ཐུབ་པའི་སྔོན་དུ་བདག་ལ་བལྟས་པ་གང་དེ་ཉིད་ཀྱིས་བདག་ནི་བཅོམ་གྱུར་ན། །མེ་ཏོག་མདའ་ཅན་ཁྱོད་ཀྱིས་དོན་མེད་མདའ་འདི་དག་ནི་ཅི་སླད་འཕེན་པར་བྱེད། །བི་དཱུ་ཥ་ཀས། ཀྱེ་གྲོགས་པོ་ངེས་པར་ཁྱོད་ཀྱི་བརྟན་པ་གང་དུ་སོང༌། འདྲེན་པས། གྲོགས་པོ་བདག་ལ་བརྟན་པ་ཡོད་པ་ཉིད་མ་ཡིན་ནམ། གང་གི་ཕྱིར། ཟླ་བས་དག་པའི་མཚན་ལས་མིན་ནམ་ཅི་ཞིག་


DTG169_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤ་ལ་སྔོན་པོ་མ་བསྣམས་སམ། །རབ་རྒྱས་ཛཱ་ཏིའི་མེ་ཏོག་དྲི་ལྡང་སྲོད་ལའི་རླུང་དག་བཟོད་པ་མིན་ནམ་ཅི། །པད་ཚལ་སྦྲང་རྩི་བྱེད་པའི་དར་དིར་སྒྲ་དག་ཅི་ཞིག་བདག་གིས་མ་མཉན་ནམ། །གདུང་བ་དག་གིས་གནོད་མེད་བདག་ལ་མི་བརྟེན་པ་ཞེས་གང་གིས་ཁྱོད་རྗོད་བྱེད། །ཡང་ནི་གྲོགས་པོ་ཨ་ཏིའི་རིགས་བདག་གིས་ཡང་དག་པར་མ་བརྗོད་དོ། །ལུས་མེད་ཀྱིས་འཕངས་པ་མེ་ཏོག་གི་མདའ་ནི་བུད་མེད་ཀྱི་སྙིང་གིས་ཀྱང་བཟོད་པ་མ་ཡིན་ནམ། གང་གིས་ན་དེ་རིང་ཁྱོད་ཀྱི་མདུན་དུ་བདག་གིས་བསྟན་པ་ཡིན་ནོ་ཞེས་བརྗོད་པར་བྱ། བི་དཱུ་ཥ་ཀས། བདག་ཉིད་ཀྱིས་རྟོགས་པར་འདི་ལྟར་བརྟན་པ་མེད་པ་ཉིད་དུ་ཡང་ཁས་ལེན་ཅིང༌། འདིས་སྙིང་ལ་གདུང་བ་ཆེན་པོ་གནས་པ་དག་གསལ་བར་བྱེད་དོ། །དེས་ན་རེ་ཞིག་ཇི་ལྟར་ཡང་འདི་གཡེང་བར་བྱའོ། །གསལ་བར་ཀྱེ་གྲོགས་པོ་དིང་ཁྱོད་བླ་མའི་བསྙེན་བཀུར་མྱུར་བ་ཉིད་དུ་བྱས་ནས་ཅིའི་སླད་དུ་འདིར་འོངས། འདྲེན་པས། གྲོགས་པོ་གནས་དག་དྲིས་ཏེ་གཞན་སུ་ཞིག་ལ་འདི་སྨྲ་བར་བྱ། དིང་བདག་གི་རྨི་ལམ་དུ་ཤེས་པ་ནི་དགའ་མའི་མཆོག་དེ་ཉིད་མཛུབ་མོས་སྟོན་ཅིང་ཙན་དན་འཁྲི་ཤིང་གི་ཁང་པ་ཟླ་བ་ཆུ་ཤེལ་གྱི་སྟན་འདི་ལ་འདུག་ནས་མཛའ་བས་ཁྲོས་ཏེ། བདག་ལ་འགའ་ཞིག་སྨོད་བཞིན་དུ་དུ་ཞིང་འདུག་པ་བདག་གིས་མཐོང་ངོ༌། །དེས་ན་རྨི་ལམ་དུ་དགའ་མ་དང་འགྲོགས་པའི་དགའ་བ་ཉམས་སུ་མྱོང་བར་གྱུར་པའི་གནས་འདི་ཉིད་དུ་ཉི་མ་བསྐྱལ་བར་འདོད་དོ། །དེའི་ཕྱིར་ཚུར་ཤེག་དེ་ཉིད་དུ་འགྲོ་བར་བྱའོ་ཞེས་ཏེ་སོང་ངོ༌། །འབངས་མོས་རིངས་པ་དང་བཅས་པར་ཐོས་ནས་རྗེའི་སྲས་མོ་རྐང་པའི་སྒྲ་འདྲ་བ་དག་ཐོས་སོ། །འདྲེན་མས་རིངས་པ་དང་བཅས་པར་བདག་ཉིད་ལ་བལྟ་ཞིང༌། བུ་མོ་བདག་གི་སྤྱོད་པ་འདི་འདྲ་བ་འདི་མཐོང་ནས་འདི་འགའ་ཞིག་གིས་བདག་གི་སེམས་རིག་པར་འགྱུར་རོ། །དེས་ན་ཤིང་མྱ་ངན་མེད་པ་དམར་པོའི་ཁྲོད་འདིར་འདུག་སྟེ། འདི་དག་སུ་ཞིག་ཡིན་བལྟ་བར་བྱའོ། །དེ་བཞིན་བྱས་སོ། །བི་དཱུ་ཥ་ཀས། འདི་ནི་ཙན་དན་འཁྲི་ཤིང་གི་ཁང་པ་སྟེ། དེས་ན་འཇུག་པར་བྱའོ། །གར་གྱིས་རབ་ཏུ་ཞུགས་པར་གྱུར་ཏོ། །འདྲེན་པས། ཙན་དན་འཁྲི་ཤིང་དག་གི་ཁང་པ་ནི། །ཟླ་བ་ནོར་བུའི་རྡོ་དང་ལྡན་མོད་ཀྱང༌། །ཟླ་བཞིན་མ་བྲལ་འདི་ལ་བདག་མི་དགའ། །ཟླ་འོད་དང་བྲལ་མཚན་མོའི་སྒོ་བཞིན་ནོ། །འབངས་མོས་མཐོང་ནས་རྗེའི་


DTG169_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་མོ་དགའ་བ་འཕེལ་བར་མཛོད་ཅིག །ཁྱོད་ཀྱི་སྙིང་སྡུག་དེ་ནི་འདི་ཉིད་དོ། །འདྲེན་མས་མཐོང་ནས་དགའ་བ་དང་བཅས་ཤིང་རྟབས་པ་དང་བཅས་པར་བུ་མོ་འདི་མཐོང་བར་ཤིན་ཏུ་འཇིགས་པའི་ཕྱིར། འདི་དང་ཤིན་ཏུ་ཉེ་བར་འདུག་མི་བཟོད་དོ། །གལ་ཏེ་ན་འདིས་བདག་མཐོང་བར་འགྱུར་རོ། །དེས་ན་ཚུར་ཤེག་གཞན་དུ་འགྲོའོ། །བྱིན་པ་འདར་བ་དང་བཅས་པར་རྐང་པ་བཀོད་ནས། བུ་མོ། བདག་གི་བྱིན་པ་དག་འདར་རོ། །འབངས་མོས་བགད་ནས། ཤིན་ཏུ་སྐྲག་མ་འདིར་འཁོད་ཀྱང་ཁྱོད་སུ་ཞིག་གིས་མཐོང༌། ཤིང་མྱ་ངན་མེད་པ་དམར་པོའི་ཁྲོད་ན་གནས་པ་དག་བརྗེད་དམ། དེས་ན་འདི་ཉིད་དུ་འཁོད་ལ་འདུག་ཅིག །དེ་ལྟར་བྱས་སོ། །བི་དཱུ་ཥ་ཀས། བརྟགས་ནས་ཀྱེ་གྲོགས་པོ་ཟླ་བ་ནོར་བུའི་རྡོ་ལམ་དེ་འདི་ཡིན་ནམ། འདྲེན་མས་མཆི་མ་དང་བཅས་པར་ཤུགས་རིང་ཕྱུང་ངོ༌། །འབངས་མོས་རྗེའི་སྲས་མོ་འདི་འདི་ཞེས་པའི་གཏམ་དག་ཐོས་སོ། །དེས་ན་ངེས་པར་བརྟགས་ལ་མཉན་པར་བྱའོ། །དེ་བཞིན་བྱས་སོ། །བི་དཱུ་ཥ་ཀས། ལག་པ་བསྐྱོད་ཅིག །ཀྱེ་གྲོགས་པོ་ཟླ་བ་ནོར་བུའི་རྡོ་ལམ་དེ་འདི་ཡིན་ནམ་བྱས་པ་ན། འདྲེན་པས། ཡང་དག་པར་མཚོན་ཅིང་ལག་པས་བསྟན་ནས། ལག་གཡོན་ཡལ་འདབ་དག་ལ་རྣམ་པར་དཀར་བའི་གདོང་པ་བཞག་ནས་ནི། །ཤུགས་རིང་དབུགས་འབྱིན་ཡིད་ལ་ཁྲོ་བ་ངེས་བྱས་སྨིན་མ་དག །ཅུང་ཟད་བསྐྱོད་ཅིང་ཡུན་རིང་ཐོགས་པ་བདག་ལ་བསམ་པ་གསལ་བྱས་པའི། །དགའ་མ་གང་དུ་བདག་གིས་མཐོང་བའི་ཟླ་བ་ནོར་བུའི་རྡོ་འདིའོ། །དེའི་ཕྱིར་ཟླ་བ་ནོར་བུའི་རྡོ་འདི་ཉིད་ལ་འདུག་པར་བྱའོ། །བི་དཱུ་ཥ་ཀས། གང་ཁྱོད་གསུངས་པའོ། །གཉི་ག་ཉེ་བར་འཁོད་དོ། །འདྲེན་མས་བསམས་པ། འདིས་སེམས་པར་བྱེད་པ་དེ་སུ་ཞིག་ཡིན། འབངས་མོས། རྗེའི་སྲས་མོ་ཇི་ལྟར་ཡུ་བུ་ཅག་གིས་བསྒྲིབས་ནས་འདི་དག་མཐོང་བ་དེ་བཞིན་ཉིད་དུ། ཁྱོད་ཀྱང་འདི་དག་གིས་མཐོང་བ་ཡིན་པ་སྲིད་དོ། །འདྲེན་མས། འདི་ནི་རིགས་ཏེ། འོན་ཀྱང་མཛའ་བས་ཁྲོ་བའི་དགའ་མའི་སྐྱེ་བོ་སྙིང་ལ་བྱས་ནས་རྗོད་པར་བྱེད་དོ། །འབངས་མོས། འདི་འདྲ་བའི་དོགས་པ་མ་བྱེད་ཅིག །ད་དུང་རེ་ཞིག་མཉན་པར་བྱའོ། །བི་དཱུ་ཥ་ཀས། བདག་ཉིད་ཀྱིས་རྟོགས་པར་འདིའི་གཏམ་འདི་ནི་མངོན་པར་དགའོ། །དེས་ན་འདི་ཉིད་འཕེལ་དུ་གཞུག་པར་བྱའོ། །


DTG169_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་ཀྱེ་གྲོགས་པོ་དེ་ནས་དུ་བ་དང་བཅས་པ་དེ་ལ་ཁྱོད་ཀྱིས་ཅི་ཞིག་སྨྲས། འདྲེན་པས་གྲོགས་པོ་བདག་གིས་འདི་སྐད་བརྗོད་དེ། ཟླ་བ་ཆུ་ཤེལ་རྡོ་དག་ནི། །མཆི་མའི་ཆུ་ཡིས་བྲན་པ་འདི། །ཁྱོད་ཀྱི་བཞིན་གྱི་ཟླ་བ་དག །ཤར་བ་འདི་ཡིས་བཞུ་བ་བཞིན། །འདྲེན་མས། ཁྲོ་བ་དང་བཅས་པར་གྲུང་མོ་འདི་ལས་ཀྱང་གཞན་མཉན་པར་བྱ་བ་ཡོད་དམ། །མཆི་མ་དང་བཅས་པར་ཚུར་ཤེག་འགྲོ་བར་བྱའོ། །འབངས་མོས་རྗེའི་སྲས་མོ་དེ་ལྟར་མ་སེམས་ཤིག །གང་གིས་ཁྱོད་མཐོང་བ་དེས་གཞན་དུ་ཡང་བརྗོད་དོ་ཞེས་བྱ་བ་ལ་བདག་ཡིད་མི་ཆེས་སོ། །དེས་ན་གཏམ་གྱི་མཐར་ཐུག་པ་རེ་ཞིག་བརྟག་པར་བྱའོ། །འདྲེན་པས་གྲོགས་པོ་རྡོ་བའི་གཞི་འདི་ལ་དེ་ཉིད་བྲིས་ཏེ། རི་མོར་གྱུར་པ་དེ་དང་བདག་ཉིད་རྩེ་ཞིང་འདུག་པར་བྱའོ་སྙམ་མོ། །དེས་ན་རིའི་ངོས་འདི་ཉིད་ནས། ལྡོང་རོས་ཀྱི་དུམ་བུ་དག་ལོང་ལ་ཤོག་ཅིག །གྲོགས་པོ་གང་ཁྱོད་གསུང་བའོ། །དེ་ལྟར་བྱས་ནས། ཀྱེ་ཁྱོད་ཀྱི་ཁ་དོག་ཅི་ལོང་ཞེས་གསུངས་ནས། བདག་གིས་ནི་རི་འདི་ལས་རྙེད་སླ་བའི་ཚོན་ཁ་དོག་ལྔ་ཡང་བླངས་ཏེ་མཆིས་སོ། །དེས་ན་ལེགས་པར་བྲིས་ཤིག་ཅེས་གཏད་དོ། །འདྲེན་པས་གྲོགས་པོ་ལེགས་པར་བྱས་སོ། །བླངས་ནས་མངོན་པར་བྲིས་ཏེ་སྤུ་ལོང་དང་ལྡན་པར་གྲོགས་པོ་ལྟོས་ཤིག་ལྟོས་ཤིག །མཉམས་བིམ་པ་ལྟར་མཛེས་མཆུ། །མིག་གི་དགའ་སྟོན་དགའ་མ་ཡི། །བཞིན་རས་རི་བོང་ཅན་གྱི་བཞིན། །དང་པོ་མཐོང་འདིས་སེམས་དགའ་བྱེད། །ཅེས་བྲིས་སོ། །བི་དཱུ་ཥ་ཀས། ཡ་མཚན་དང་བཅས་པར་འདི་ནི་ཡ་མཚན་ཆེ་སྟེ། ཀྱེ་གྲོགས་པོ་མངོན་སུམ་དུ་གྱུར་པ་མ་ཡིན་ཡང་དེ་ལྟར་མངོན་པར་འདྲི་བ་ནི་ཡ་མཚན་ཆེའོ། །འདྲེན་པས། འཛུམ་པ་དང་བཅས་པར། དགའ་མ་འདི་ཡང་ཀུན་རྟོག་ལ། །གནས་པ་དག་ནི་ཉེ་བ་ཉིད། །དེ་བ་ལྟས་བལྟས་ཤིང་འདྲི་བ་གང༌། །འདི་ལ་ཡ་མཚན་ཅི་ཞིག་ཡོད། །འདྲེན་མས། ཤུགས་རིང་ཕྱུང་ཞིང་མཆེ་མ་དང་བཅས་པར་གྲུང་མོ་ངེས་པར་གཏམ་གྱི་མཇུག་ཏུ་གྱུར་ཏོ། །དེས་ན་ཚུར་ཤེག །རེ་ཞིག་ཇོ་བོ་བཤེས་གཉེན་གྱི་དབྱིག་ཀྱང་བལྟ་བར་བྱའོ། །འབངས་མོས་ཡིད་འབྱུང་བ་དང་བཅས་ཤིང་རང་གིས་རྟོག་པར་འདིའི་གཏམ་ནི་སྲོག་ལ་ཡང་ལྟོས་པ་མེད་པ་བཞིན་ནོ། །གསལ་བར་རྗེའི་སྲས་མོ་དེར་མེ་ཏོག་སར་པ་ཅན་སོང་བ་མ་ཡིན་ནམ། དེས་ན་གལ་ཏེ་ཇོ་བོ་བཤེས་


DTG169_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གྱི་དབྱིག་འདི་ཉིད་དུ་འོང་བ་ཡང་སྲིད་དོ། །དེས་ན་བཤེས་གཉེན་གྱི་དབྱིག་ཞུགས་པར་གྱུར་ཏོ། །ཡབ་ཀྱིས་བདག་ལ་བཀའ་སྩལ་པ། བུ་བཤེས་གཉེན་གྱི་དབྱིག་གཞོན་ནུ་སྤྲིན་གྱི་བཞོན་པ་བདག་གིས་ཡོངས་སུ་བརྟག་པ་བྱས་ཏེ་འདི་ཉིད་ན་ཉེ་བར་གནས་སོ། །འདི་ནི་བདག་ཅག་གི་མག་པར་འོས་པ་ཡིན་པས། དེ་ལ་བུ་མོ་མ་ལ་ཡ་ཅན་མ་སྦྱིན་པར་གྱིས་ཤིག །བདག་ནི་བྱམས་པའི་དབང་དུ་གྱུར་པས་གཞན་པའི་གནས་སྐབས་འགའ་ཞིག་ཀྱང་སེམས་པར་བྱེད་དེ་གང་གི་ཕྱིར། གང་ཞིག་རིག་འཛིན་རྒྱལ་རིགས་ཐིག་ལེ་ཤེས་རབ་དམ་པའི་འདོད་པ་ངག་དང་ལྡན། །གཟུགས་ནི་ཟླ་ཡོད་མ་ཡིན་ཕ་རོལ་གནོན་པའི་ནོར་ལྡན་མཁས་ཤིང་དུལ་ལ་གཞོན། །གང་ཡང་སྙིང་རྗེས་སེམས་ཅན་དོན་ལ་མངོན་སྦྱོར་སྲོག་ཀྱང་ཀུན་དུ་གཏོང་བ་དེས། །དེ་ལ་མཚུངས་མེད་སྲིང་མོ་སྦྱིན་ལ་དགའ་བ་དང་ནི་ཆགས་བྲལ་དང་ཡང་ལྡན། །ཇི་ལྟར་སྤྲིན་གྱི་བཞོན་པ་འདི་གཽ་རཱིའི་བསྟི་གནས་དང་ཉེ་བ་ཙན་དན་འཁྲི་ཤིང་གི་ཁང་པ་འདི་ཉིད་ན་གནས་སོ་ཞེས་བྱ་བ་ཡང་བདག་གིས་ཐོས་སོ། །དེས་ན་ཙན་དན་འཁྲི་ཤིང་གི་ཁང་པ་འདི་ཉིད་དུ་འགྲོ་བར་བྱའོ། །བལྟས་ནས་ཞུགས་ཏེ་གར་བྱེད་དོ། །བི་དཱུ་ཥ་ཀས། རིངས་པ་དང་བཅས་པར་མཐོང་ནས་ཀྱེ་གྲོགས་པོ་ཆུ་ཤིང་གི་འདབ་མ་འདིས་རི་མོར་གྱུར་པ་འདི་སྒྲིབས་ཤིག ། གྲུབ་པའི་རྒྱལ་ཚབ་བཤེས་གཉེན་གྱི་དབྱིག་འདི་འདིར་ངེས་པར་འོངས་ཏེ། གལ་ཏེ་ན་མཐོང་བར་འགྱུར་རོ། །འདྲེན་པས་དེ་ལྟར་བྱེད་དོ། །བཤེས་གཉེན་གྱི་དབྱིག་ཉེ་བར་བཏུད་ནས་གཞོན་དུ་བཤེས་གཉེན་གྱི་དབྱིག་ཕྱག་བགྱིད་དོ། །འདྲེན་པས། བཤེས་གཉེན་གྱི་དབྱིག་ལེགས་པར་འདས་སམ། འདིར་འདུག་ཅིག །འབངས་མོས། རྗེའི་སྲས་མོ་ཇོ་བོ་བཤེས་གཉེན་གྱི་དབྱིག་ནི་བྱོན་པ་ཉིད་དོ། །འདྲེན་མས། བུ་མོ་བལྟ་བར་བྱའོ། །འདྲེན་པས་བཤེས་གཉེན་གྱི་དབྱིག་གྲུབ་པའི་རྒྱལ་པོ་ཀུན་གྱི་དབྱིག་དགེའམ། བཤེས་གཉེན་གྱི་དབྱིག་གིས་དགེའོ། །ཡབ་ཀྱི་གསུང་ཉིད་ཀྱིས་བདག་ནི་ཁྱོད་ཀྱི་མངོན་དུ་འོངས་སོ། །འདྲེན་པས་གྲུབ་པའི་རྒྱལ་པོ་ལགས་བདག་ལ་ཅི་ཞིག་གསུང༌། འདྲེན་མས། རེ་ཞིག་ཡབ་ཀྱིས་ཅི་ཞིག་གསུངས་པ་དག་མཉན་པར་བྱའོ། །བཤེས་གཉེན་གྱི་དབྱིག་གིས་དགའ་བ་དང་བཅས་པར་ཡབ་ནི་འདི་སྐད་གསུང་སྟེ། བདག་གི་བུ་མོ་མ་ལ་ཡ་ཅན་ཞེས་བྱ་བ་གྲུབ་


DTG169_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་རིགས་ཐམས་ཅད་ཀྱི་སྲོག་ལྟ་བུ་དེ་བདག་གིས་ཁྱོད་ལ་སྦྱིན་གྱིས་བླངས་པར་མཛོད་ཅིག་ཅེས་སོ། །འབངས་མོས་བགད་ནས་རྗེའི་སྲས་མོ་ད་ནི་ཁྲོ་བར་མ་མཛད་ཅིག །འདྲེན་མས་བུ་མོ་ཚིམ་པར་མ་བྱེད་ཅིག །འདྲེན་པས། སྐྱེ་བོས་དབེན་པར་གྲོག་པོ་དོག་པ་དག་ཏུ་ལྟུང་བར་གྱུར་ན། བདག་གིས་ཅི་ཞིག་སྨྲ་བར་བྱ། བི་དཱུ་ཥ་ཀས། ཀྱེ་ཁྱོད་ཀྱིས་སེམས་དེ་མ་གཏོགས་པ་གཞན་པ་དག་ལ་མངོན་པར་དགའ་བར་མི་འགྱུར་བ་བདག་གིས་ཤེས་སོ། །དེ་ལྟ་ན་ཡང་འདི་ལ་གང་ཅུང་ཟད་སྨྲོས་ལ་གཏང་བར་མཛོད་ཅིག །འདྲེན་མས། ཁྲོ་བ་དང་བཅས་པར་ཀྱེ་འབངས་དག་དེ་སུས་མི་ཤེས། འདྲེན་པས། ཁྱེད་ལྟ་བུ་དང་ལྷན་ཅིག་འབྲེལ་པ་བསྔགས་པར་འོས་པ་འདི་འདྲ་བདག །སུ་ཞིག་མི་འདོད། འོན་ཀྱང་གཞན་དུ་ཞུགས་པའི་སེམས་དག་གཞན་དུ་རབ་ཏུ་འཇུག་པར་བྱེད་པར་མི་ནུས་སོ། །དེའི་ཕྱིར་བདག་ནི་འདི་ལེན་པར་སྤྲོ་བ་མེད་དོ། །འདྲེན་མས། རྨོངས་པའི་གར་དག་བྱེད་དོ། །འབངས་མོས། རྗེའི་སྲས་མོ་དག་རབ་ཏུ་སྟོན་ཅིག་རབ་ཏུ་སྟོན་ཅིག །བི་དཱུ་ཥ་ཀས། འདི་ནི་ངེས་པར་གཞན་གྱི་དབང་དུ་གྱུར་པ་ཞིག་སྟེ། བརྗོད་པ་འདི་དག་གིས་ཅི་ཞིག་བྱ། སོང་སྟེ་བླ་མའི་སྐྱེ་བོ་དེ་ཉིད་ལ་དོན་དུ་གཉེར་བར་བྱའོ། །བཤེས་གཉེན་གྱི་དབྱིག་གིས། བདག་ཉིད་ཀྱིས་རྟོགས་པར་འདིས་ལེགས་པར་བརྗོད་དེ། འདི་ནི་བླ་མ་དག་གི་གསུང་ལས་འདའ་བ་མ་ཡིན་ནོ། །འདིའི་བླ་མ་དག་ཀྱང༌། གཽ་རཱིའི་བསྟི་གནས་དང༌། ཉེ་བ་འདི་ཉིད་ན་རབ་ཏུ་གནས་སོ། །དེས་ན་རེ་ཞིག་སོང་སྟེ། འདིའི་ཕ་མ་དག་ལ་མ་ལ་ཡ་ཅན་མ་ལེན་དུ་གཞུག་པར་བྱའོ། །འདྲེན་མ་དབུགས་ཕྱིན་པར་གྱུར་ཏོ། །བཤེས་གཉེན་གྱི་དབྱིག་གིས་གསལ་བར་འདི་སྐད་སྨྲ་བར་བྱེད་པའི་བདག་ཉིད། བདག་ཅག་རྣམས་འགོག་པར་བྱེད་ཅིང་གཞོན་ནུ་ཉིད་ཀྱིས་ཤིན་ཏུ་མང་བར་མཁྱེན་ཏོ། །འདྲེན་མས། ཇི་ལྟར་སྨད་ཅིང་ཞན་པར་སླར་ཡང་བཤེས་གཉེན་གྱི་དབྱིག་སྨྲ་བར་བྱེད། །བཤེས་གཉེན་གྱི་དབྱིག་སོང་བར་གྱུར་ཏོ། །འདྲེན་མས། མཆི་མ་དང་བཅས་ཤིང་བདག་ཉིད་ཀྱིས་རྟོགས་པར། སྐལ་བ་ངན་པའི་རྙོག་པས་དྲི་མར་བྱས་ཤིང༌། ད་དུང་ཡང༌། སྡུག་བསྔལ་བསྟེན་པ་བདག་གི་ལུས་འདིས་ཅི་ཞིག་བྱ། དེས་ན་ཤིང་མྱ་ངན་མེད་པ་འདི་ཉིད་ལ། ཨ་ཏི་མུཀྟའི་འཁྲི་


DTG169_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་འདི་དག་གིས་བཏགས་ཏེ། བདག་ཉིད་འཆི་བར་འགྱུར་བ་དེ་ལྟར་རེ་ཞིག་བྱའོ། །གསལ་བར་འཛུམ་པས་བུ་མོ་རེ་ཞིག་བཤེས་གཉེན་གྱི་དབྱིག་རིང་དུ་སོང་ངམ་མ་སོང་རྟོགས་ཤིག །དེ་ནས་བདག་ཅག་ཀྱང་འདི་ནས་འགྲོ་བར་བྱའོ། །འབངས་མོས། བདག་ཉིད་ཀྱིས་རྟོགས་པར་འདིའི་སེམས་ནི་གཞན་པ་ཞིག་ཡོད་པ་འདྲའོ། །དེས་ན་འདི་ཉིད་ནས་བསྒྲིབས་ཏེ། འདི་ཅི་ཞིག་བྱེད་པ་དག་བལྟ་བར་བྱའོ། །གསལ་བར་རྗེའི་སྲས་མོ་གང་གསུང་བ་ཉིད་དོ་ཞེས་ཏེ། ཐོན་ནས་གོམ་པ་འགའ་ཞིག་སོང་ཞིང་བསྒྲིབས་ཏེ་གནས་སོ། །འདྲེན་མས། ཕྱོགས་སུ་བལྟས་ནས་གྲུང་མོ་སོང་བ་དང་འཁྲི་ཤིང་གི་ཞགས་པ་དག་བྱས་ནས། མཆི་མ་དང་བཅས་པར་བཅོམ་ལྡན་མ་གཽ་རཱི་གལ་ཏེ་ཁྱོད་ཀྱིས་སྐྱེ་བ་འདི་ལ་བཀའ་དྲིན་མཛད་ན་ཡང༌། རེ་ཞིག་སྐྱེ་བ་གཞན་ལ་ཇི་ལྟར་འདི་འདྲ་བའི་སྡུག་བསྔལ་དང་ལྡན་པར་མི་འགྱུར་བ་དེ་ལྟར་མཛོད་ཅིག་ཅེས་ཏེ་མགྲིན་པ་ལ་ཞགས་པ་བཅུག་གོ །འབངས་མོས་མཐོང་ནས་རིངས་པ་དང་བཅས་པར་ཇོ་བོ་ཇོ་བོ་སྐྱོབས་ཤིག་སྐྱོབས་ཤིག །ངེས་པར་རྗེའི་སྲས་མོ་འདི་ནི་བདག་ཉིད་དབྱངས་ཏེ་འཆི་བར་བྱེད་དོ། །འདྲེན་པས། གང་ན་གང་ན། འབངས་མོས། མྱ་ངན་མེད་པའི་ཤིང་འདི་ལའོ། །འདྲེན་པས་མཐོང་ནས་དགའ་བ་དང་བཅས་པར་ཨ་ཡེ་བདག་ཅག་གི་ཡིད་ལ་རེ་བའི་ས་གཞི་དེ་ནི་འདི་ཡིན་ནོ། །འདྲེན་མའི་ལག་པ་ནས་བཟུང་སྟེ་ཞགས་པ་འགྲོལ་ཞིང༌། མ་བྱེད་མ་བྱེད་མཛེས་མ་ཐུབ་ཆོད་བྱ་བ་འདི། །འཁྲི་ཤིང་ཡལ་འདབ་རྩེ་ཡི་ལག་པ་འདི་དག་ཐོང༌། །གང་གི་མེ་ཏོག་དག་ཀྱང་བཏུ་བར་ནུས་མིན་པ། །དེ་ཡིས་ཁྱོད་ནི་འཆི་སླད་ཞགས་པ་ཇི་ལྟར་འཛིན། །འདྲེན་མས། འཇིགས་པ་དང་བཅས་པར་ཀྱེ་མ་སྨད་དོ། །ཀྱེ་མ་སྨད་དོ། །འདི་སུ་ཞིག །ངེས་པར་བརྟགས་ནས་ཁྲོ་བ་དང་བཅས་པར་ལག་པ་འགྲོལ་ཞིང་བདག་ཟློག་པར་བྱེད་པའི། །ལག་པའི་རྩེ་མོ་དག་ཐོང་ཤིག་ཐོང་ཤིག །འཆི་བ་ཡང་ཁྱོད་ཉིད་ལ་དོན་དུ་གཉེར་བར་བྱེད་དམ་ཅི། འདྲེན་པས། དགའ་བ་དང་བཅས་པར། གང་གི་ཁྱོད་མགྲིན་དོ་ཤལ་གྱི། །འཁྲི་ཤིང་འོས་ལ་ཞགས་པ་བཅུག །གནོད་པ་དང་བཅས་བཟུང་བ་ཡི། །ལག་པ་འདི་ནི་ཇི་ལྟར་གཏོང༌། །བི་དཱུ་ཥ་ཀས། ཀྱེ་གྲུང་མོ་ཁྱོད་ཀྱི་རྗེའི་སྲས་མོ་འདི་འཆི་བ་ལ་མངོན་པར་ཞེན་པའི་རྒྱུ་དག་


DTG169_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་ཡིན། །འབངས་མོས། ཁྱོད་ཀྱི་གྲོགས་པོ་འདི་ཉིད་རྒྱུ་ཡིན་ནོ། །འདྲེན་པས། ཇི་ལྟར་ན། ད་ཉིད་འཆི་བའི་རྒྱུ་དག་ཡིན། །འདི་ནི་ངེས་པར་མི་ཤེས་སོ། །བི་དཱུ་ཥ་ཀས། ཀྱེ་བུ་མོ་དེ་ཇི་ལྟར། འབངས་མོས། ཁྲོ་བ་དང་བཅས་པར་ཁྱོད་ཀྱི་དགའ་བའི་གྲོགས་པོས། སྙིང་གི་དགའ་གྲོགས་སུ་ཞིག །རྡོ་བའི་གཞིལ་བྲིས་པ་དེ་ཉིད་ཀྱི་ཕྱོགས་སུ་ལྷུང་བ་འདིས། བཤེས་གཉེན་གྱི་དབྱིག་གིས་བྱིན་པར་གྱུར་ཀྱང༌། བདག་མ་བཞེད་པར་གྱུར་ཏོ་ཞེས་མྱ་ངན་སྐྱེས་ཏེ། འདི་འདི་ལྟ་བུར་གདུང་བར་གྱུར་ཏམ་སྙམ་མོ། །འདྲེན་པས། དགའ་བ་དང་བཅས་ཤིང་བདག་ཉིད་ཀྱིས་རྟོགས་པར་ཇི་ལྟར་ཀུན་གྱི་དབྱིག་གི་བུ་མོ་མ་ལ་ཡ་ཅན་མ་དེ་འདི་ཉིད་ཡིན་ནམ། ཡང་ན་ཟླ་བ་ཚེས་པ་རིན་ཆེན་འབྱུང་གནས་ལས་གཞན་གང་ལས་འཁྲུངས་པར་འགྱུར། ཀྱེ་མ་ཡུད་ཙམ་ཞིག་གིས་བདག་མ་བསླུས་སོ། །བི་དཱུ་ཥ་ཀས། ཀྱེ་བུ་མོ་གལ་ཏེ་དེ་ལྟ་ཡིན་ན་བདག་གི་གྲོགས་པོ་ཉེས་པ་མེད་པ་ཞིག་སྟེ། འདི་ཉིད་དེར་བྲིས་པ་ཡིན་ནོ། །ཅི་སྟེ་དེ་ལྟར་ཡིད་མི་ཆེས་ན། བུ་མོ་ཁྱེད་ཉིད་དེར་སོང་ལ་རྡོ་བའི་གཞི་ལ་བལྟ་བར་བྱོས་ཤིག །འདྲེན་མས། དགའ་བ་དང་བཅས་ཤིང་ངོ་ཚ་བ་དང་བཅས་པར་འདྲེན་པ་ལ་བལྟ་ཞིང་ལག་པ་འདྲེན་པར་བྱེད་དོ། །འདྲེན་པས། ཇི་སྲིད་བདག་གིས་སྙིང་གི་དགའ་མ་རྡོ་བའི་གཞི་ལ་མངོན་པར་བྲིས་པ་མ་མཐོང་བ་དེ་སྲིད་དུ་མི་གཏོང་ངོ་ཞེས་ཏེ་ཐམས་ཅད་དེར་སོང་ངོ༌། །བི་དཱུ་ཥ་ཀས། ཆུ་ཤིང་གི་འདབ་མ་བསལ་ནས་ལྟོས་ཤིག་ལྟོས་ཤིག །འདི་ཉིད་འདིའི་སྙིང་གི་དགའ་མའོ། །འདྲེན་མས། ངེས་པར་བརྟགས་ནས་གྲུང་མོ་ང་ལྟ་བུ་ཞིག་བྲིས་པ་འདྲའོ། འབངས་མོས་ངེས་པར་བརྟགས་ནས་རྗེའི་སྲས་མོ་ང་འདྲ་བ་ཞིག་བྲིས་སོ་ཞེས་ཅི་སྟེ་གསུང༌། འདི་ཁྱོད་འདྲ་བ་ནི་གང་གིས་ན་ཅི། རེ་ཞིག་རྡོ་བའི་གཞི་འདི་ལ་རྗེའི་སྲས་མོ་ཁྱོད་ཀྱི་གཟུགས་བརྙན་དག་འཕོས་པ་ཡིན་ནམ་འོན་ཏེ་ཁྱོད་བྲིས་པ་ཡིན་ཡང་ཡོངས་སུ་མི་ཤེས་སོ། །འདྲེན་མས་བགད་ནས་འདི་ཡི་རི་མོར་གྱུར་པ་འདི་སྟོན་པར་བྱེད་པ་ནི་བདག་གིས་ངན་པའི་ལུགས་དག་བྱས་སོ། །བི་དཱུ་ཥ་ཀས། གྱེ་གྲོགས་པོ་ད་ནི་ཁྱོད་ཀྱི་དྲི་ཟའི་བག་མ་དག་རྫོགས་པར་གྱུར་ཏོ། །ད་ནི་འདིའི་ལག་པའི་རྩེ་མོ་དག་ཐོང་ཤིག །འདྲེན་པས་དེ་ལྟར་བྱེད་དོ། །འབངས་མོས། དོ་ར་ལས་ཕྱིར་མངོན་པར་ཕྱོགས་ཏེ། བལྟས་


DTG169_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ངེས་པར་རིངས་པ་རིངས་པར་འདི་ཉིད་དུ་འོང་བ་འདི་སུ་ཞིག་ཡིན། །དེ་ནས་འབངས་མོས་ཞུགས་ཏེ། དགའ་བ་དང་བཅས་པར་ཉེ་བར་བཏུད་ནས། རྗེའི་སྲས་མོ་དག་དགྱེས་པ་འཕེལ་བར་མཛོད་ཅིག །མངའ་བདག་གཞོན་ནུ་སྤྲིན་གྱི་བཞོན་པའི་བླ་མ་དག་གིས་གུས་པ་དང་བཅས་པར་དགའ་བའི་གྲོགས་ལ། ཁྱོད་བཞེས་པར་གྱུར་ཏོ། །བི་དཱུ་ཥ་ཀས། དགའ་བ་དང་བཅས་པར་དགའ་བའི་གྲོགས་ཀྱི་ཡིད་ལ་རེ་བ་རྫོགས་པར་གྱུར་ཏོ། །ཡང་ན་དེ་མ་ཡིན་ཏེ། མ་ལ་ཡ་ཅན་མ་ཁྱོད་ཉིད་ཀྱིའོ། །ཡང་ན་བྲམ་ཟེ་བདག་ཉིད་ཀྱིའོ་ཞེས་ཏེ། ཟས་ཀྱི་མངོན་པར་སྦྱོར་པའི་གར་དག་བྱེད་དོ། །འབངས་མོས། རྒྱལ་ཚབ་བཤེས་གཉེན་གྱི་དབྱིག་གིས་བདག་ལ་གསུངས་པ། དི་རིང་ཉིད་མ་ལ་ཡ་ཅན་མ་ནི་བག་མའོ། །དེས་ན་བཀྲ་ཤིས་ཀྱིས་ཁྲུས་ཀྱི་དོན་དུ་མྱུར་བར་བོས་ལ་ཤོག་ཤིག་ཅེས་སོ། །དེའི་ཕྱིར་བྱོན་ཅིག་གཤེགས་པར་བགྱིའོ། །བི་དཱུ་ཥ་ཀས། འབངས་མོའི་བུ་མོ་ངེས་པར་ཁྱོད་འདི་བོས་ཏེ་སོང་ནས་འདི་དག་འདི་ཉིད་དུ་འདུག་པར་བྱའམ་ཅི། འབངས་མོས། ཨ་ཨི་རིངས་པར་མ་བྱེད་ཅིག །ཁྱེད་རྣམས་ཀྱི་ཡང་ཁྲུས་ཀྱི་རྫས་དག་འོང་བ་ཉིད་དོ། །འདྲེན་མས་སྒེག་པ་དང་བཅས་པར་འདྲེན་པ་བལྟ་ཞིང་སོང་བར་གྱུར་ཏོ། །ཕྱི་རོལ་ནས་བསྟོད་པ་མཁན་ཀློག་པར་བྱེད་དོ། །བི་ཥ་ཏ་ཀའི་ཆར་གྱིས་ལྷུན་པོ་དང་མཚུངས་མཛེས་པ་འཛིན་པ་མ་ལ་ཡ་དག་ལ། །གསེར་དང་ནོར་བུའི་རྐང་གདུབ་སྒྲ་ལྡན་ཡིད་འོང་སྙན་སྒྲོགས་བུད་མེད་རྣམས་ཀྱི་གླུ་ལྡན་པ། །ཁྱོད་ཀྱི་བག་མའི་ཁྲུས་ཀྱི་དུས་ནི་གྲུབ་པའི་སླད་དུ་གྲུབ་པའི་འཇིག་རྟེན་ལི་ཁྲི་ཡི། །རྡུལ་བཀོད་ཉིན་མོ་རབ་ཏུ་རྩོམ་པའི་མཚམས་ཀྱི་ཉི་འོད་དཔལ་དང་ལྡན་རྣམས་སྒྲོགས་པར་བྱེད། །བི་དཱུ་ཥ་ཀས་ཐོས་ནས། ཀྱེ་གྲོགས་པོ་ཨེ་མ་འདི་ནི་ཁྱོད་ཀྱི་ཁྲུས་ཀྱི་རྫས་དག་འོངས་པ་ཉིད་དོ། །འདྲེན་པས་དགའ་བ་དང་བཅས་པར་གྲོགས་པོ་ད་ནི་འདིར་འདུག་ནས་ཅི་ཞིག་བྱ། །དེས་ན་ཚུར་ཤིག་ཡབ་ལ་ཕྱག་འཚལ་ཏེ་ཁྲུས་ཀྱི་གཞི་ཉིད་དུ་འགྲོ་བར་བྱའོ། །ཕྱི་རོལ་ནས་སླར་ཡང་བསྟོད་པ་པོས། གཟུགས་དང་རྗེས་ཆགས་རིགས་ན་ཚོད། །མཐུན་པར་ཕན་ཚུན་མཐོང་བྱས་པ། །བསོད་ནམས་ལྡན་པ་འགའ་ཞིག་ཉིད། །འགྲོགས་པར་འགྱུར་བ་ཡིན་ནམ་སྙམ། །ཞེས་ཏེ་སོང་བར་གྱུར་ཏོ། །མཚན་མ་


DTG169_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའོ།། །།དེ་ནས་རབ་ཏུ་འབར་བའི་ཆས་དང་ལྡན་ཞིང་ལག་ན་ཆང་གི་སྣོད་གཟུང་བའི་བི་ཊ་དང༌། འབངས་དག་ཞུགས་པར་གྱུར་ཏོ། །བི་ཊས། གང་ཞིག་རྟག་ཏུ་ཆང་འཐུང་དང༌། །གང་ཡང་དགའ་མར་འགྲོགས་བྱེད་པ། །སྟོབས་ཀྱི་ལྷ་དང་འདོད་ལྷ་སྟེ། །སྐྱེ་བོའི་ལྷ་གཉིས་ཆེ་བ་ཉིད།། ཟུར་ཕུད་ཅན་བདག་གིས་འཚོ་བ་ནི་བསྔགས་པར་འོས་པ་ཡིན་ཏེ། བྲང་གི་གཞི་ལ་དགའ་མ་དང༌། །ཁ་ལ་ཨུཏྤལ་སྔོས་བསྒོས་ཆང༌། །མགོ་ལ་མེ་ཏོག་ཟུར་ཕུད་དག །གང་ལ་རྟག་ཏུ་གནས་པའོ། །ཡོངས་སུ་འགྱེལ་ཞིང་ཀྱེ་སུས་ང་ལ་འབུལ་ཞིང་ཡོད། ངེས་པར་མེ་ཏོག་གསར་པ་ཅན་ཡིན་ནོ་ཞེས་དགོད་དོ། །འབངས་ཀྱིས། ཇོ་བོ་དེ་ནི་མ་འོངས་སོ། །བི་ཊས། ཁྲོ་བ་དང་བཅས་པར་སྲོད་ལ་དང་པོ་ཉིད་ལ་མ་ལ་ཡ་ཅན་གྱི་བག་མའི་བཀྲ་ཤིས་དག་ཚར་རོ། །དེས་ན་ཡུགས་མོ་དེ་ད་དུང་ཅིའི་ཕྱིར་མི་འོང༌། རྣམ་པར་བསམས་ནས་དགའ་བ་དང་བཅས་པར་ཡང་ན་དི་རིང་མ་ལ་ཡ་ཅན་མའི་བག་མའི་དགའ་སྟོན་ཆེན་པོ་འདི་ལ་གྲུབ་པ་དང་རིག་པ་འཛིན་པའི་འཇིག་རྟེན་ཐམས་ཅད་རང་རང་གི་དགའ་བའི་སྐྱེ་བོ་དང་ལྷན་ཅིག་སྐྱེད་མོས་ཚལ་མེ་ཏོག་གི་འབྱུང་གནས་སུ་ཆང་འཐུང་བའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་ཡོད་དོ། །དེ་ཉིད་ན་མེ་ཏོག་སར་པ་ཅན་ཡང་བདག་ལྟ་ཞིང་ཡོད་དམ་སྙམ་མོ། །དེས་ན་དེ་ཉིད་དུ་འགྲོ་བར་བྱ་སྟེ། མེ་ཏོག་སར་པ་མེད་པའི་ཟུར་ཕུད་ཀྱིས་ཅི་བྱེད། ཡོངས་སུ་འགྱེལ་ཞིང་སོང་ངོ༌། །འབངས་ཀྱིས་ངེས་པར་སྐྱེད་མོས་ཚལ་འདིར་འཇུག་པར་བྱའོ། །གཉི་གས་ཞུགས་སོ། །དེ་ནས་བི་དཱུ་ཥ་ཀས་ཕྲག་པ་ལ་གོས་ཟུང་དག་བཀོད་དེ་ཞུགས་པར་གྱུར་ཏོ། །བི་དཱུ་ཥ་ཀས། དགའ་བའི་གྲོགས་པོ་དི་རིང་སྐྱེད་མོས་ཚལ་མེ་ཏོག་གི་འབྱུང་གནས་སུ་འགྲོ་བར་འགྱུར་རོ་ཞེས་བདག་གིས་ཐོས་སོ། །དེས་ན་སྐྱེད་མོས་ཚལ་མེ་ཏོག་གི་འབྱུང་གནས་འདིར་རེ་ཞིག་འཇུག་པར་བྱའོ། །ཞུགས་ནས་བུང་བ་འབབ་པའི་ཚུལ་གྱིས་གར་དག་བྱེད་དོ། །གཟིར་བ་དང་བཅས་པར་ཅིའི་ཕྱིར་སྦྲང་རྩིའི་བྱེད་པ་འདི་དག་བདག་ཉིད་ལ་མངོན་པར་འབབ་པར་འགྱུར། བདག་ཉིད་ལ་མནོས་ནས་རིག་པ་དག་ཤེས་པར་གྱུར་ཏེ། མ་ལ་ཡ་ཅན་མའི་གཉེན་འདུན་གྱི་སྐྱེ་བོའི་མག་པའི་དགའ་གྲོགས་ཡིན་ནོ་ཞེས་གུས་པ་དང་བཅས་པར་བྱུག་པ་རྣམས་ཀྱིས་བྱུགས་པ་དང་ལྷའི་མེ་ཏོག་རྣམས་ཀྱི་ཅོད་པན་དག་བྱེད་དོ། །དེས་ན་ཤིན་ཏུ་གུས་པར་བྱས་པ་དེ་དག་ད་


DTG169_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདིར་གནོད་པའི་རྒྱུར་གྱུར་ཏོ། །དེས་ན་འདིར་བདག་གིས་ཅི་ཞིག་བྱ། ཡང་ན་མ་ལ་ཡ་ཅན་མ་ལས་དངོས་སུ་ཐོབ་པའི་གོས་དམར་ཟུང་གཅིག་པོ་འདི་དག་གིས་བུད་མེད་བཞིན་ཡོངས་སུ་གཡོགས་ཏེ། སྟོད་གཡོགས་ཀྱིས་བཅིང་བ་བྱས་ནས་འགྲོ་བར་བྱེད་དེ། རེ་ཞིག་འབངས་ཕྲུག་ངན་པ་སྦྲང་རྩི་བྱེད་པ་འདི་དག་གིས་བདག་ལ་ཅི་ཞིག་བྱེད་པར་འགྱུར་པ་བལྟ་བར་བྱའོ་ཞེས་ཏེ་དེ་ལྟར་བྱེད་དོ། །བི་ཊས། ངེས་པར་བརྟགས་ནས་དགའ་བ་དང་བཅས་པར་ཀེ་ཀེ་འབངས་པོ་སོར་མོས་སྟོན་ཅིང་དགོད་པ་དང་བཅས་པར་འདི་ནི་ངེས་པར་མེ་ཏོག་སར་པ་ཅན་ཏེ། བདག་མཐོང་ནས་ང་ཡུན་རིང་པོ་ཞིག་ནས་འོང་ས་སོ་ཞེས་ཁྲོས་ཏེ། གོས་ཀྱིས་གཡོགས་ཏེ་ས་གཞན་དུ་འགྲོའོ། །དེས་ན་མ་ཚོར་བར་མགྲིན་པ་ནས་བཟུང་སྟེ་འདི་དང་བར་བྱའོ། །འཕྲལ་ལ་ཉེ་བར་བཏུད་དེ་བཟུང་ན་ཁར་ཏམ་བུ་ལ་སྤྱིན་པར་འདོད་དོ། །བི་དཱུ་ཥ་ཀས། ཆང་གི་དྲི་ཚོར་ཏེ་སྣ་བཟུང་ནས་གདོང་གཞན་དུ་ཕྱོགས་ཏེ། ཇི་ལྟར་ན་གཅིག་ཏུ་སྦྲང་རྩི་བྱེད་པ་རྣམས་ལས་ཇི་ལྟ་ཇི་ལྟར་ཡང་ཐར་བར་གྱུར་ན་གཞན་དུ་ངན་པ་ཆང་གིས་མྱོས་པ་ངག་གི་ཁར་ལྟུང་ངོ༌། །བི་ཊས། ཇི་ལྟར་ཁྲོ་བས་གདོང་གཞན་དུ་ཕྱོགས་པར་གྱུར་ཕྱག་འཚལ་བར་བྱེད་ཅིང༌། བི་དཱུ་ཥ་ཀའི་རྐང་པ་ལ་བདག་ཉིད་ཀྱི་མགོ་བོ་གཏུགས་ནས་བཟོད་པར་མཛོད་ཅིག །མེ་ཏོག་སར་པ་ཅན་བཟོད་པར་མཛོད་ཅིག །དེ་ནས་འབངས་མོ་ཞུགས་པར་གྱུར་ཏེ། རྗེའི་སྲས་མོའི་མས་བདག་ལ་གསུངས་པ། བུ་མོ་མེ་ཏོག་སར་པ་ཅན་སྐྱེད་མོས་ཚལ་མེ་ཏོག་གི་འབྱུང་གནས་སུ་སོང་ལ། སྐྱེད་མོས་ཚལ་བསྲུང་བ་ལ་ཡལ་འདབ་ཅན་མ་ལ་དི་རིང་ཁྱད་པར་བཅས་པར་ཤིང་ཏ་མ་ལའི་གནས་དག་ལེགས་པར་བསྟར་བར་བྱོས་ཤིག །མ་ལ་ཡ་ཅན་མ་དང་བཅས་པའི་མག་པ་དག་དེར་འོང་བར་འགྱུར་རོ་ཞེས་སྨྲོས་ཤིག་ཅེས་སོ། །བདག་གི་ཡལ་འདབ་ཅན་མ་ལ་སྨྲས་ཟིན་ཏེ། དས་ན་རེ་ཞིག་མཚན་མོ་བྲལ་བས་སྲེད་པ་འཕེལ་བའི་མཛའ་བོ་ཟུར་ཕུད་ཅན་ལ་བལྟ་བར་བྱའོ། །མཐོང་ནས་ཁྲོ་བ་དང་བཅས་པར་ཇི་ལྟར་བུད་མེད་གཞན་སུ་ཞིག་ལ་དང་པར་བྱེད། བི་ཊས། སེང་གེ་འཕྲོག་བྱེད་མེས་པོ་དག་ལ་ཡང༌། །འདུད་པར་མི་བྱེད་ཁེངས་དང་ལྡན་པ་གང༌། །ཟུར་ཕུད་ཅན་དེས་མེ་ཏོག་སར་པ་ཅན། །ཁྱོད་ཀྱི་རྐང་བདག་ལ་གཏུགས་གྱུར་ཏོ། །བི་དཱུ་ཥ་ཀས་ཁྲོ་པ་དང་བཅས་པར་འབངས་ཕྲུག་ཆང་


DTG169_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མྱོས་པ། འདི་ན་མེ་ཏོག་སར་བ་ཅན་གང་ན་ཡོད། འབངས་མོས། བརྟགས་ནས་འཇུམ་པ་དང་བཅས་པར་ཇི་ལྟར་མྱོས་པ་དང་བཅས། འདོད་པའི་གཞན་དབང་དུ་གྱུར་པའི་ཟུར་ཕུང་ཅན་གྱི་ཇོ་བོ་ཨ་ཏྲེའི་རིགས་ལ་ད་ཡིན་པར་བྱས་ནས་དང་བར་བྱེད་དོ། །དེས་ན་རེ་ཞིག་ཀྱལ་ཀའི་ཁྲོ་བར་བྱས་ཏེ། འདི་གཉི་ག་ལ་ཐོ་བཙམས་པར་བྱའོ། །འབངས་ཀྱིས་མཐོང་ནས་ལག་པས་བསྐྱོད་ཅིང་ཇོ་བོ་ཐོང་ཤིག །འདི་ནི་མེ་ཏོག་སར་བ་ཅན་མ་ཡིན་ཏེ། མེ་ཏོག་སར་པ་ཅན་དེ་ནི་ཁྲོ་བས་དམར་བའི་མིག་གིས་བལྟ་ཞིང་འོངས་པར་གྱུར་ཏོ། །འབངས་མོས་ཟུར་ཕུད་ཅན་འདི་ངེས་པར་སུ་ཞིག་ལ་དང་བར་བྱེད། བི་དཱུ་ཥ་ཀས་གོས་ཀྱིས་དཀྲིས་པ་དག་འགྲོལ་ཞིང་སྐལ་བ་ངན་པར་གྱུར་པའི་བུ་བདག་གོ །བི་ཊས། བི་དཱུ་ཥ་ཀ་ལ་ངེས་པར་བརྟགས་ནས། ཀྱེའི་སྤྲེའུ་སེར་སྐྱ་ཁྱོད་ཀྱིས་ཀྱང་ཟུར་ཕུད་ཅན་བདག་བསླུས་སོ། །འབངས་ཇི་སྲིད་དུ་མེ་ཏོག་སར་པ་ཅན་དང་བར་གྱུར་པ་དེ་སྲིད་དུ་འདི་ཟུང་ཤིག །འབངས་ཀྱིས་རྗེ་གང་གསུངས་པ་ཉིད་དོ། །བི་ཊས། བི་དཱུ་ཥ་ཀས་བཏང་ནས་འབངས་མོའི་རྐང་པ་དག་ལ་གཏུགས་ཏེ་དང་བར་མཛོད་ཅིག །མེ་ཏོག་སར་པ་ཅན་དང་པར་མཛོད་ཅིག །བི་དཱུ་ཥ་ཀས་བདག་ཉིད་ཀྱིས་རྟོགས་པར་འདི་ནི་བདག་འབྲོས་པའི་གནས་སྐབས་ཡིན་ནོ་ཞེས་ཏེ། འབྲོས་པར་འདོད་པ་དང༌། འབངས་ཀྱིས་བི་དཱུ་ཥ་ཀའི་ཚངས་སྐུད་ནས་བཟུང་བས་ཚངས་སྐུད་ཆད་པར་གྱུར་ཏོ། སྤྲེའུ་སེར་སྐྱ་གང་དང་གང་དུ་འབྲོས། །སྟོད་གཡོགས་ཀྱིས་མགྲིན་པ་ནས་བཏགས་ཏེ་དྲང་ངོ༌། །བི་དཱུ་ཥ་ཀས། བུ་མོ་མེ་ཏོག་སར་པ་ཅན་མ་བདག་ལ་བཀའ་དྲིན་མཛོད་ལ་གཏོང་དུ་ཆུག་ཅིག །འབངས་མོས་བགད་ནས་གལ་ཏེ་ས་ལ་མགོ་བོ་བཀོད་ནས་བདག་གི་རྐང་པ་དག་ལ་གཏུགས་ནའོ། །བི་དཱུ་ཥ་ཀས་ཁྲོ་བ་དང་བཅས་པར་ཇི་ལྟར་རྒྱལ་པོའི་གྲོགས་པོར་གྱུར་ནས་འབངས་ཀྱི་བུ་མོ་ཁྱོད་ཀྱི་རྐང་པ་ལ་གཏུགས་པར་བྱེད། འབངས་མོས་མཛུབ་མོ་འཛུགས་ཤིང་འཛུམ་པ་དང་བཅས་པར་ད་ལྟ་ཉིད་ཁྱོད་གཏུགས་པར་འགྱུར་རོ། །ཟུར་ཕུད་ཅན་ལོངས་ཤིག །ཁྱོད་ལ་བདག་རབ་ཏུ་དང་བར་གྱུར་ཏོ། །མགྲིན་པ་ནས་བཟུང་སྟེ། འདི་ནི་མག་པའི་དགའ་གྲོགས་ཏེ་དེ་ལ་ཁྱོད་ཀྱིས་ངན་པ་དག་བྱས་སོ། །དེ་དག་གལ་ཏེ་གསན་ན་ཇོ་བོ་བཤེས་གཉེན་གྱི་དབྱིག་ཁྲོ་བར་འགྱུར་རོ། །དེས་ན་འདི་ནི་གུས་པ་དང་བཅས་པར་མཆོད་དེ་གཏང་བར་བྱའོ། །


DTG169_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བི་ཊས། །ཇི་ལྟར་མེ་ཏོག་སར་པ་ཅན་གསུངས་པ་བཞིན་ནོ། །བི་དཱུ་ཥ་ཀའི་མགྲིན་པ་ནས་བཟུང་སྟེ། ཀྱེ་ཁྱོད་ནི་དགའ་གྲོགས་ཀྱི་འབྲེལ་པ་ཡིན་པར་བྱས་ཏེ། བདག་གིས་ཀྱ་ལ་ཀ་དག་བྱས་སོ། །འཁོར་ཞིང་ངེས་པར་ཟུར་ཕུད་ཅན་མྱོས་པ་ཡིན་ནམ་ཅི། དེས་ན་བཞད་གད་དག་བྱས་པ་ཡིན་ནོ། །སྟོད་གཡོགས་བཟླུམས་ཏེ་སྟན་དུ་བྱིན་ནས། འབྲེལ་བ་དག་འདིར་བཞུགས་ཤིག །བི་དཱུ་ཥ་ཀས། ཨེ་མ་ཧོ་འདི་ནི་མྱོས་པས་གཟིར་བ་དང་བྲལ་བར་གྱུར་ཏོ། །ཉེ་བར་འཁོད་དོ། །བི་ཊས། མེ་ཏོག་སར་པ་ཅན་ཁྱོད་ཀྱང་འདིའི་ལོགས་ཉིད་དུ་ཉེ་བར་འདུག་ཅིག །གང་གིས་ན་ཁྱོད་གཉི་ག་ཡང་མཉམ་པ་ཉིད་དུ་བདག་གིས་མཆོད་པར་བྱའོ། །འབངས་མོས་བགད་ནས་འཁོད་དོ། །བི་ཊས། འབངས་དག་ཆང་གི་སྣོད་འདི་ཆང་དག་གིས་གང་བར་བྱོས་ཤིག །འབངས་ཀྱིས་གར་བྱེད་ཅིང་གང་བར་བྱས་སོ། །བི་ཊས། རང་གི་མགོའི་ཟུར་ཕུད་ལས་མེ་ཏོག་བླངས་ནས་ཆང་གི་སྣོད་དུ་བཀོད་དེ་པུས་མོ་དག་བཙུགས་ནས་མེ་ཏོག་སར་པ་ཅན་ལ་ཉེ་བར་བསྟབས་ཏེ། བི་དཱུ་ཥ་ཀ་ལ་བལྟས་ནས་མེ་ཏོག་སར་པ་ཅན་གྱི་ཁ་ཡི་རེག་པ་ཁྱད་པར་དུ་རོ་འཕེལ་བར་གྱུར་པ་ཟུར་ཕུད་ཅན་ལས་གཞན་སུ་ཡིས་ཀྱང་སྔར་མ་མྱོང་བ་ཡིན་ནོ། །དེ་བས་ན་འདི་འཐུང་ཤིག །ཁྱོད་ལ་འདི་ལས་གཞན་པའི་བཀུར་སྟི་བྱ་བ་ཅི་ཞིག་ཡོད། བི་དཱུ་ཥ་ཀས། སྐྱེངས་པའི་འཛུམ་དག་བྱས་ནས་ཟུར་ཕུད་ཅན་ངེས་པར་བདག་ནི་བྲམ་ཟེ་ཡིན་ནོ། །བི་ཊས། གལ་ཏེ་ཁྱོད་བྲམ་ཟེ་ཡིན་ན་ཁྱོད་ཀྱི་ཚངས་སྐུད་ག་རེ། བི་དཱུ་ཥ་ཀས། དེ་ནི་འབངས་འདིས་འཐེན་ནས་བཅད་དོ། །འབངས་མོས། གལ་ཏེ་དེ་ལྟ་ཡིན་ན་རིག་བྱེད་ཀྱི་ཡི་གེ་འགའ་ཞིག་རྗོད་ཅིག །བི་དཱུ་ཥ་ཀས། བུ་མོ་ཆང་གི་དྲིས་བདག་གི་རིག་བྱེད་ཀྱི་ཡི་གེ་དག་ཉམས་པར་གྱུར་ཏོ། །ཡང་ན་བུ་མོ་ཁྱོད་ལ་རྩོད་པ་འདིས་བདག་ལ་ཅི་ཞིག་བྱ། བྲམ་ཟེ་བདག་ཁྱོད་ཀྱི་རྐང་པ་དག་ལ་གཏུག་གོ་ཞེས་ཏེ། རྐང་པ་དག་ལ་གཏུགས་པར་འདོད་དོ། །འབངས་མོས་ལག་བ་དག་གིས་ཟློག་ཅིང༌། ཇོ་བོ་འདི་ལྟ་བུ་ངེས་པར་མ་བྱེད། ཟུར་ཕུད་ཅན་བདེན་པ་ཉིད་དུ་འདི་ནི་བྲམ་ཟེ་ཞིག་གོ །བི་དཱུ་ཥ་ཀའི་རྐང་པ་དག་ལ་གཏུགས་ནས་ཇོ་བོ་ཁྱོད་ཁྲོ་བར་མི་བྱའོ། །འབྲེལ་པ་ལ་རྗེས་སུ་འཚམ་པའི་ཀྱལ་ཀ་འདི་ནི་ངེས་པར་བདག་གིས་བྱས་སོ། །བི་ཊས། བདག་གིས་ཀྱང་


DTG169_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་བར་བྱའོ། །རྐང་པ་དག་ལ་གཏུགས་ན་ཇོ་བོ་མྱོས་པའི་དབང་དུ་གྱུར་པ་བདག་གིས་གནོད་པ་གང་བྱས་པ་དག་བཟོད་པར་མཛོད་ཅིག །བདག་ཀྱང་མེ་ཏོག་སར་པ་ཅན་དང་འགྲོགས་ནས། ཆང་འཐུང་བ་དག་ཅན་དུ་འགྲོའོ། །བི་དཱུ་ཥ་ཀས། བདག་གིས་བཟོད་ཀྱིས་སོང་ཤིག །བདག་གིས་ཀྱང་དགའ་བའི་གྲོགས་པོ་བལྟ་བར་བྱའོ། །འབངས་མོ་དང༌། བི་ཊ་དག་སོང་བར་གྱུར་ཏོ། །བི་དཱུ་ཥ་ཀས་བྲམ་ཟེ་བདག་གི་དུས་མ་ཡིན་པའི་འཆི་བ་དག་སོང་བར་གྱུར་ཏོ། །དེས་ན་རེ་ཞིག་མྱོས་པའི་སྐྱེ་བོས་རེག་པས་སྐྱོན་ཅན་དུ་བྱས་པ་དག་རྫིང་བུ་འདིར་ཁྲུས་བྱའོ། །དེ་ལྟར་བྱེད་དེ། །ཕྱི་རོལ་དུ་མངོན་པར་ཕྱོགས་ནས་འདི་ནི་ངེས་པར་དགའ་བའི་གྲོགས་པོས་དཔལ་མོ་མཆོག་གིས་གཟུགས་ལས་རྒྱལ་བ། མ་ལ་ཡ་ཅན་མ་བཟུང་ནས་འདི་ཉིད་དུ་འོང་བ་དག་གོ །དེས་ན་རེ་ཞིག་དེའི་ལོགས་ཉིད་དུ་འགྲོ་བར་བྱའོ། །དེ་ནས་ཆེས་མཆོག་གིས་བརྒྱན་པའི་འདྲེན་པ་དང༌། མ་ལ་ཡ་ཅན་མ་དང༌། རྣམ་པར་འབྱོར་བའི་འཁོར་དང་བཅས་པ་དག་ཞུགས་པར་གྱུར་ཏོ། །འདྲེན་པས་བལྟས་ན་མིག་ནི་འོག་ཏུ་སྟེར་ཞིང་སྨྲས་པ་དག་ལ་ཀུན་དུ་སྨྲ་མི་བྱེད། །མལ་སྟན་དག་ལ་བཟློག་ནས་འཁོད་ཅིང་སྟོབས་ཀྱིས་འཁྱུད་པ་དག་ལ་འདར་བར་བྱེད། །གྲོགས་མོ་རྣམས་ནི་ཕྱིར་སོང་ཚེ་ན་གནས་ཁང་དག་ལས་འཐོན་པ་ཉིད་དུ་འདོད། །མི་མཐུན་ཉིད་ཀྱིས་དི་རིང་བག་གསར་དགའ་མ་བདག་གི་ཤིན་ཏུ་དགའ་སླད་གྱུར། །མ་ལ་ཡ་ཅན་མ་ལ་བལྟ་ཞིང་དགའ་མ་མ་ལ་ཡ་ཅན་མ། །ཧཱུཾ་ཞེས་སྟེར་བྱེད་དག་གིས་སོ་སོའི་ཚིག་ལ་སྨྲ་བཅད་སྟེན་པ་གང་ཡིན་དང༌། །ལུས་འདི་ཟླ་འོད་ནགས་མེ་འབར་བ་ལྟ་བུས་གདུངས་པར་གྱུར་པ་གང་ཡིན་དང༌། །ཉིན་མཚན་ཤིན་ཏུ་མང་བར་ཡིད་གཞན་མེད་པར་བསམས་པ་གང་ཡིན་དཀའ་ཐུབ་དེའི། །འབྲས་བུ་གང་དག་ད་ལྟར་དགའ་མ་ཁྱོད་ཀྱི་བཞིན་འདི་ལྟ་བ་འདི་ཉིད་དོ། །འདྲེན་མས་བསྒྲིབས་ཏེ་བུ་མོ་གཟུགས་བཟང་བ་འབའ་ཞིག་ཏུ་མ་ཟད་དེ། ངེས་པར་སྙན་པར་སྨྲ་བ་ཡང་ཤེས་པ་ཞིག་གོ །འབངས་མོས་བགད་ནས་ཨ་ཨཱི་མཛའ་བོའི་ཕྱོགས་སུ་ལྷུང་མ་འདི་ནི་བདེན་པ་ཉིད་དེ། འདི་ལ་སྙན་པར་སྨྲ་བ་ཅི་ཞིག་ཡོད། འདྲེན་པས། གྲུང་མོ་སྐྱེད་མོས་ཚལ་མེ་ཏོག་གི་འབྱུང་གནས་ཀྱི་ལམ་དག་སྟོན་ཅིག །འབངས་མོས་ཇོ་བོ་ཚུར་གཤེགས་ཚུར་གཤེགས། འདྲེན་མས་འགྲོ་ཞིང་འདྲེན་མ་ལ་མཚོན་ཏེ།


DTG169_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་དལ་བུད་ལ་བུར་ཤོག་ཅིག །ནུ་མའི་ཁུར་ཉིད་ཁྱོད་ཀྱི་རྐེད་པ་ངལ་སླད་གྱུར་ན་དོ་ཤལ་གཞན་གྱིས་ཅི། །བྱིན་པ་ཟུང་ནི་ཚང་རའི་ཁུར་གྱིས་གདུང་བར་བྱེད་ན་དྲིལ་ཆུང་འདིས་ཀྱང་ཅི། །རྐང་གཉིས་དག་གིས་བྱིན་པ་ཟུང་ནི་ཁུར་ནུས་མིན་ན་རྐང་གདུབ་གལ་ཞིག །རང་ལུས་ཉིད་ཀྱིས་བརྒྱན་པ་ཁྱོད་ནི་ཉོན་མོངས་སླད་དུ་རྒྱན་དག་ཅི་ལ་འཛིན། །འབངས་མོས་འདི་ནི་སྐྱེད་མོས་ཚལ་མེ་ཏོག་གི་འབྱུང་གནས་ཏེ། ཇོ་བོ་ཞུགས་ཤིག །ཐམས་ཅད་ཞུགས་པར་གྱུར་ཏོ། །ཞུགས་ནས་འདྲེན་པས་ཨེ་མ་སྐྱེད་མོས་ཚལ་མེ་ཏོག་གི་འབྱུང་གནས་ཀྱི་དཔལ་ནི་འདི་ཉིད་ནའོ། །འཁྲི་ཤིང་ཁང་བཟངས་བཀོད་པ་བྱས་མཐར་ཙན་དན་དག་ལས་ཟགས་པ་རྣམས་ཀྱིས་བསིལ་བར་བྱེད། །རྒྱུན་གྱི་ཁང་པ་དག་དང་ཉེ་བར་མགྲིན་སྔོན་རྣམས་ཀྱི་སྒྲ་ནི་གསལ་བར་རྗེས་སུ་སྒྲོགས། །འཁྲུལ་འཁོར་གྱིས་བཏང་ཆུ་ཡི་ཆོགས་ནི་མེ་ཏོག་རྡུལ་དག་བབས་པར་གྱུར་པའི་ཚོགས་པ་རྣམས། །རོལ་པར་ཁྱེར་བས་སེར་བ་འདི་དག་ཡལ་ག་ཅན་གྱི་ཀྱོ་ར་འགྱེངས་ཤིང་མགྱོགས་པར་འབབ། །གཞན་ཡང་འཁྲི་ཤིང་ཁང་བཟངས་ས་གཞི་གླུ་ཡི་བརྩོན་པས་མུ་ཅོར་དུ་བྱེད་ཅིང༌། །མེ་ཏོག་རྡུལ་གྱིས་གསལ་བར་དགའ་སྟོན་རྟགས་དག་གིས་ནི་རེག་གྱུར་ཏེ། །ལྷན་ཅིག་སྤྱོད་པ་དང་འགྲོགས་སྤྲང་རྩིའི་རོ་ནི་རྫོགས་པར་འཐུང་བྱེད་པའི། །བུང་བ་འདི་དག་ཀུན་ནས་ཆང་འཐུང་ལོངས་སྤྱོད་ཉམས་སུ་མྱོང་བྱེད་བཞིན། །བི་དཱུ་ཥ་ཀས་སྐྱེས་པ་ཁྱོད་རྒྱལ་བར་གྱུར་ཅིག །བུ་མོ་ཁྱོད་ཤིས་པར་གྱུར་ཅིག །འདྲེན་པས། གྲོགས་པོ་དེ་ཙམ་གྱི་དུས་སུ་གང་དུ་འདུག །བི་དཱུ་ཥ་ཀས། བདག་ནི་མགྱོགས་པ་ཉིད་དུ་འོངས་ཏེ། འོན་ཀྱང་བག་མའི་དགའ་སྟོན་ལ་འདུས་པ་གྲུབ་པ་དང་རིག་པ་འཛིན་པའི་ཆང་འཐུང་རྣམས་ལྟ་བའི་དགེ་མཚན་ལ་འདི་སྙེད་ཀྱི་དུས་སུ་བདག་འདུག་པར་གྱུར་ཏོ། །དེས་ན་གྲོགས་པོ་ཡང་རེ་ཞིག་གཟིགས་ཤིག །འདྲེན་པས་བལྟ་ཞིང་ཇི་ལྟར་ཁྱོད་བརྗོད་པ་བཞིན་ནོ། །ཧ་རི་ཙན་དན་གྱིས་བྱུགས་ལུས་ཅན་ལ་ཡི་མེ་ཏོག་ཕྲེང་བ་རབ་ཏུ་འཛིན། །ནོར་བུའི་རྒྱན་གྱི་འོད་དག་རེག་པས་དངས་ཤིང་བཀྲ་བར་བྱས་པའི་གོས་དང་ལྡན། །གྲུབ་པའི་སྐྱེ་བོ་དག་དང་ལྷན་ཅིག་སྤེལ་བར་གྱུར་པའི་རིག་འཛིན་འདི་དག་རྣམས། །ཙན་དན་གྲིབ་བསིལ་དག་ལ་དགའ་མའི་འཐུངས་ལྷག་ཏུ་གྱུར་ཆང་དག་འཐུང་བར་བྱེད། །དེས་


DTG169_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཚུར་ཤེག་ཡུ་ཅག་ཀྱང་ཤིང་ཏ་མ་ལའི་བསྟི་གནས་སུ་འགྲོ་བར་བྱའོ། །ཡོངས་སུ་སོང་ངོ༌། །བི་དཱུ་ཥ་ཀས། འདི་ནི་ངེས་པར་ཤིང་ཏ་མ་ལའི་གནས་སོ། །བུ་མོ་ཁྱོད་ཀྱི་བཞིན་འདི་ནི་སྟོན་ཀའི་ཚད་པ་དག་གིས་ཡོངས་སུ་ཉམས་པར་བྱས་པ་བཞིན་མཚོན་ཏོ། །དེས་ན་ཤེལ་གྱི་རྡོའི་གཞི་འདི་ཉིད་ལ་ཉེ་བར་འདུག་ཅིག །འདྲེན་བས། གྲོགས་པོ་ཡང་དག་པར་མཚོན་ནོ། །དགའ་མའི་གདོང་འདི་འགྲམ་པ་དག །མཛེས་པས་ཟླ་བ་ཕམ་བྱས་ནས། །གདུང་བས་མངོན་པར་དམར་བའི་མིག །པདྨོ་དག་ལས་རྒྱལ་འདོད་བཞིན། །མ་ལ་ཡ་ཅན་མའི་ལག་པ་བཟུང་ནས་དགའ་མ་འདིར་འདུག་ཅིག་ཐམས་ཅད་འཁོད་དོ། །འདྲེན་པས། འདྲེན་མའི་གདོང་པ་བཏེག་ནས་བལྟ་ཞིང༌། བདག་ཅག་སྐྱེད་མོས་ཚལ་མེ་ཏོག་གི་འབྱུང་གནས་དོན་མེད་པར་ལྟ་བའི་དགེ་མཚན་ཅན་རྣམས་ཀྱིས་ཁྱོད་ཡོངས་སུ་ངལ་པར་བྱས་ཏེ། གང་གི་ཕྱིར། སྨིན་མའི་འཁྲི་ཤིང་རབ་མཛེས་ཤིང༌། །མཆུ་ཡི་ཡལ་འདབ་དམར་པོ་ཅན། །བཞིན་འདི་དགའ་བའི་སྐྱེད་ཚལ་ཏེ། །འདི་ལས་གཞན་པ་ནགས་འབའ་ཞིག །འབངས་མོས། འཛུམ་པ་དང་བཅས་པར་བི་དཱུ་ཥ་ཀ་ལ་མཚོན་ནས་ཁྱོད་ཀྱིས་རྗེའི་སྲས་མོའི་གདོང་ཇི་ལྟར་བསྔགས་པ་ཐོས་སམ། བི་དཱུ་ཥ་ཀས་གྲུང་མོ་དེ་ལྟ་བུའི་ཁེངས་པ་འཛིན་པར་མ་བྱེད་ཅིག །འཛུམ་པ་དང་བཅས་བར་བདག་ཅག་གི་ནང་ན་ཡང་སྐྱེ་བོ་བལྟ་བར་འོས་པ་ནི་ཡོད་པ་ཉིད་དོ། །ཕྲག་དོག་འབའ་ཞིག་གིས་སུ་ཡང་བསྔགས་པར་མི་བྱད་དོ། །འབངས་མོས། འཛུམ་པ་དང་བཅས་པར་ཇོ་བོ་ཁྱོད་བདག་གིས་བསྔགས་པར་བགྱིའོ། །བི་དཱུ་ཥ་ཀས། དགའ་བ་དང་བཅས་པར་འཚོ་བ་དག་ཏུ་བྱས་སོ། །བུ་མོ་ཁྱོད་ཀྱིས་གང་གིས་ན་སླར་ཡང་འགའ་ཞིག་གིས་བདག་ལ་ཇི་ལྟར་ཁྱོད་ནི་འདི་ལྟར་སྤྲེའུ་སེར་སྐྱའོ་ཞེས་མི་བརྗོད་པ་དེ་ལྟར་བཀའ་དྲིན་མཛོད་ཅིག །འབངས་མོས། བག་མ་ལ་གཉིད་མ་ལོག་པར་ཁྱོད་དི་རིང་གཉིད་དུ་འགྲོ་ཞིང་མིག་ཟུམ་པ་དང་ལྡན་པ་མཛེས་བར་བདག་གིས་མཐོང་ངོ༌། །དེས་ན་དེ་ལྟར་ཉིད་དུ་འདུག་ཅིག །བི་དཱུ་ཥ་ཀས། དེ་ལྟར་བྱས་སོ། །འབངས་མོས། རེ་ཞིག་ཤིང་ཏ་མ་ལའི་ཡལ་འདབ་ཀྱི་ཁུ་བ་རམས་ཀྱི་ཁུ་བའི་རྗེས་སུ་མཐུན་བ་དག་གིས་འདིའི་བཞིན་ནག་པོར་བྱའོ། །ལངས་ནས་ཡལ་འདབ་བླངས་ཏེ་འཚིར་བའི་གར་བྱེད་དོ། །འདྲེན་པ་དང༌། འདྲི་ནམས་བི་དཱུ་ཥ་ཀ་མཐོང་བར་གྱུར་ཏོ། །འདྲེན་པས་གྲོགས་པོ་བདག་ཅག་རྣམས་


DTG169_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལ་ཁྱོད་ཉིད་ཁ་བསྒྱུར་བ་ནི་སྐལ་བ་དང་ལྡན་པའོ། །འབངས་མོས་ཤིང་ཏ་མ་ལའི་ཡལ་འདབ་ཀྱི་ཐང་ཆུས་བི་དཱུ་ཥ་ཀའི་བཞིན་ནག་པོར་བྱས་སོ། །འདྲེན་མས་འཛུམ་པ་དང་བཅས་པས་བི་དཱུ་ཥ་ཀ་མཐོང་ནས་འདྲེན་པ་ལ་བལྟའོ། །འདྲེན་པས། འཛུམ་པའི་མེ་ཏོག་རྒྱས་པ་འདི། །ཁྱོད་མཆུའི་ཡལ་འདབ་དག་ལ་མཐོང༌། །འབྲས་བུ་ལྟ་བྱེད་བདག་གི་ནི། །མིག་ལ་སྨིན་ནོ་མིག་མཛེས་མ། །བི་དཱུ་ཥ་ཀས། བུ་མོ་ཁྱོད་ཀྱིས་ཅི་ཞིག་བྱས། འབངས་མོས་ཀྱེ་བསྔགས་པ་བྱས་སོ། །བི་དཱུ་ཥ་ཀས། ལག་པས་གདོང་ལ་བྱུགས་ཏེ། ལག་པ་ལ་བལྟས་ནས་ཁྲོ་བ་དང་བཅས་པས་ཤིང་གི་དབྱུག་པ་ཕྱར་ཏེ། འབངས་མོའི་བུ་མོ་འདི་རྒྱལ་པོའི་ཁབ་ཡིན་པས་ཁྱོད་ལ་ཅི་ཞིག་བྱ། འདྲེན་པ་ལ་མཚོན་ནས་ཀྱེ་ཁྱོད་ཀྱི་མདུན་ཉིད་དུ་བདག་འབངས་ཀྱི་བུ་མོས་སྨ་ཕབ་བོ། །དེས་ན་བདག་འདིར་འདུག་སྟེ་ཅི་ཞིག་བྱ། གཞན་དུ་འགྲོ་བར་བྱའོ། །སོང་བར་གྱུར་ཏོ། །འབངས་མོས་ངེས་པར་ཇོ་བོ་བདག་ལ་ཁྲོས་པས། རེ་ཞིག་སོང་ལ་འདི་དང་བར་བྱའོ། །འདྲེན་མས་བུ་མོ་གྲུང་མོ་བདག་གཅིག་བུ་དོར་ནས་ཁྱོད་གང་དུ་འགྲོ། འབངས་མོས་འདྲེན་མ་ལ་མཚོན་ནས་འཛུམ་པ་དང་བཅས་པས་ཁྱོད་གཅིག་པུ་འདི་ལྟ་བུ་ཉིད་དུ་ཡུན་རིང་དུ་འོང་བར་ཤོག་ཤིག་སོང་བར་གྱུར་ཏོ། །འདྲེན་པས། ཉིན་བྱེད་ཟེར་གྱི་རེག་པས་ཡོངས་སུ་དམར་བའི་མཛེས་པ་འཛིན་བྱེད་ཅིང༌། །རབ་འཕྲོ་སོ་ཡི་འོད་ཟེར་རྣམས་ཀྱིས་གེ་སར་དག་ནི་གསལ་བར་བྱས། །ཨ་ཡི་མཛེས་མ་ཁྱོད་ཀྱི་བཞིན་འདི་བདེན་པར་པདྨོ་དང་མཚུངས་ཏེ། །འོན་ཀྱང་འདི་ལ་སྦྲང་རྩི་བྱེད་པ་འཐུང་ཞིང་རྣམ་པར་སྤྱོད་པ་མེད། །འདྲེན་མས་བགད་ནས་གདོང་དུད་པར་གྱུར་ཏེ། །འདྲེན་པས་དེ་ཉིད་བརྗོད་དོ། །དེ་ནས་འབངས་མོ་ཞུགས་ཏེ། འཕྲལ་ལ་ཉེ་བར་བཏུད་ནས་ངེས་བར་རྒྱལ་ཚབ་བཤེས་གཉེན་གྱི་དབྱིག་འདི་དོན་གྱིས་བཞིན་དུ་གཞོན་ནུ་ལྟ་བ་ལ་འོངས་པར་གྱུར་ཏོ། །འདྲེན་པས། དགའ་མ་ཁྱེད་བདག་ཉིད་ཀྱི་ཁང་པར་སོང་ཤིག །བདག་ཀྱང་བཤེས་གཉེན་གྱི་དབྱིག་བལྟས་ནས་མྱུར་དུ་འོང་བ་ཉིད་དོ། །འདྲེན་མ་འབངས་མོ་དང་འགྲོགས་ཏེ་སོང་བར་གྱུར་ཏོ། །དེ་ནས་བཤེས་གཉེན་གྱི་དབྱིག་རབ་ཏུ་ཞུགས་སོ། །ནུས་དང་ལྡན་ལ་དེ་མ་བཅོམ། །སྤྲིན་གྱི་བཞོན་པ་དག་ལ་ནི། །ཁྱོད་ཀྱི་རྒྱལ་སྲིད་དགྲས་ཁྱེར་ཞེས། །ངོ་ཚ་མེད་བདག་ཇི་ལྟར་གླེང༌། །


DTG169_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་མོད་ཀྱི་མ་བརྗོད་པར་འགྲོ་བ་ཡང་རིགས་པ་མ་ཡིན་པའི་ཕྱིར་བརྗོད་དེ་འགྲོ་བར་བྱའོ། །ཉེ་བར་བཏུད་དོ། །འདྲེན་པས་མཐོང་ནས་བཤེས་གཉེན་གྱི་དབྱིག་འདིར་འདུག་ཅིག །བཤེས་གཉེན་གྱི་དབྱིག་གིས་ཉེ་བར་འཁོད་དོ། །འདྲེན་པས། ངེས་པར་བརྟགས་ནས་བཤེས་གཉེན་གྱི་དབྱིག་ནི་ཁྲོས་པ་བཞིན་དུ་མཚོན་ནོ། །བཤེས་གཉེན་གྱི་དབྱིག་གིས་བགད་ནས། མ་ཏང་ག་ཉམས་པ་ལ་ངེས་པར་ཅི་ཞིག་ཁྲོ། འདྲེན་པས་མ་ཏང་གས་ཅི་བྱས་བཤེས་གཉེན་གྱི་དབྱིག་གིས་རང་ཉམས་པར་བྱ་བའི་སླད་དུ་ཁྱེད་ཀྱི་རྒྱལ་སྲིད་བླངས་སོ་ཞེས་གྲག་གོ །འདྲེན་བས་དགའ་བ་དང་བཅས་ཤིང་བདག་ཉིད་ཀྱིས་རྟོགས་པར་ངེས་པར་ཡང་འདི་ནི་བདེན་བ་ཞིག་གོ །བཤེས་གཉེན་གྱི་དབྱིག་གིས་དེ་གཞོམ་པར་བྱ་བའི་ཕྱིར་བདག་ལ་གཞོན་ནུས་བཀའ་སྒོས་ཤིག །མང་པོས་ཅི་ཞིག་བྱ། མཐའ་དག་ནམ་མཁའ་ལམ་དུ་བྱས་ཏེ་བགྲོད་པའི་གཞལ་ཡས་ཁང་དག་ཀུན་ནས་རབ་འདུད་པས། །དབྱར་བཞིན་ཉི་མའི་འོད་ཟེར་སྒྲིབ་ཅིང་ཉིན་པར་དག་ནི་ནག་པོ་ཉིད་དུ་བྱེད་པ་ཡི། །གྲུབ་པ་འདི་རྣམས་ཁྱོད་ཀྱི་གསུང་དག་ཐོབ་ན་འདི་ནས་འཕྲལ་དུ་གཡུལ་ལ་འགྲོ་བྱེད་ཅིང༌། །འཕྱར་བའི་སྒྲ་བརླག་འཇིགས་བཅས་རྒྱལ་བོའི་ཚོགས་འདུད་ཁྱོད་ཀྱི་རྒྱལ་སྲིད་རང་གིར་འགྲུབ་པར་འགྱུར། །ཡང་ན་དཔུང་གི་ཚོགས་ཀྱིས་ཅི་ཞིག་བྱ། །དྲག་ཏུ་ངེས་པར་ཕྱུང་བ་རལ་གྲིའི་འོད་ཟེར་ཚོགས་ཀྱིས་ནི། །རལ་པའི་ཚོགས་ཀྱིས་མཛེས་པར་གྱུར་པ་བདག་ཉིད་གཅིག་པུས་ཀྱང༌། །རྒྱང་ནས་མཆོངས་པའི་སེང་གེ་དག་གིས་གླང་པོའི་དབང་པོ་བཞིན། །ཉམས་པ་མ་ཏང་ག་ནི་གཡུལ་དུ་འཇོམས་པ་ཉིད་རིག་མཛོད། །འདྲེན་པས། བདག་ཉིད་ཀྱིས་རྟོག་པར་རྣ་བ་བསྒྲིབས་ནས་ཨ་ཧ་ཧ་མི་བཟད་པ་དག་མངོན་པར་བརྗོད་དོ། །ཡང་ན་རེ་ཞིག་འདི་སྐད་ཅེས་གསལ་བར་འཛུམ་པ་དང་བཅས་ཏེ་བཤེས་གཉེན་གྱི་དབྱིག་དེ་དག་ཅི། དཔུང་བའི་སྟོབས་དང་ལྡན་པ་ཁྱོད་ལ་འདི་ལས་ཤིན་ཏུ་ལྷག་པ་དག་ཀྱང་ཡོད་དོ། །འོང་ཀྱང་གཞན་གྱི་དོན་དུ་རང་གི་ལུས་དག་ཀྱང༌། །བསླངས་པ་མེད་པར་བརྩེ་བས་སྦྱིན་པ་གང༌། །དེ་ནི་རྒྱལ་སྲིད་ཆེད་དུ་སྲོག་ཆགས་དག །གསོད་པའི་གདུག་པ་ཇི་ལྟར་ཁས་ལེན་བྱེད། །གཞན་ཡང་ཉོན་མོངས་པ་ལས་གཞན་པ་དག་ལ་དགྲའི་བློ་བདག་ལ་ཡོད་པ་མ་ཡིན་ནོ། །དེས་ན་ཁྱོད་གལ་ཏེ་བདག་ལ་དགའ་བར་བྱ་བར་འདོད་པ་དེ་ལྟ་ན་ཉོན་མོངས་པས་དབང་དུ་


DTG169_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་གདུང་བ་ཅན་འདི་ལ་རྗེས་སུ་བརྩེ་བར་བྱོས་ཤིག །བཤེས་གཉེན་གྱི་དབྱིག་གིས་ཁྲོ་བའི་རྒོད་པ་དང་བཅས་པར་ཇི་ལྟར་འདི་བདག་ཅག་ལ་ཕན་པར་བྱེད་པའམ། །ཕོངས་པ་ཡིན་པས་རྗེས་སུ་བརྩེ་བ་ཇི་ལྟར་མི་བྱེད། འདྲེན་པས་བསྒྲིབས་ཏེ་གསར་པའི་ཁྲོ་བས་འཕངས་བའི་སེམས་དང་ལྡན་པ་འདི་རེ་ཞིག་བཟློག་པར་མི་ནུས་ཏེ། དེས་ན་རེ་ཞིག་འདི་སྐད་ཅེས། གསལ་བར་བཤེས་གཉེན་གྱི་དབྱིག་ལོངས་ཤིག །ནང་དུ་འཇུག་པར་བྱ་སྟེ། །དེ་ཉིད་དུ་ཁྱོད་ལ་རྟོག་པར་བྱའོ། །ནུབ་ཀྱི་ཕྱོགས་སུ་བལྟས་ནས་ཇི་ལྟར་ཉིན་པར་ཡང་ཡོངས་སུ་གྱུར་ཏོ། །དེ་ལྟར་ཡང་ད་ནི་བཅོམ་ལྡན་འོད་ཟེར་སྟོང་ཕྲག་ཅན་འདི། མཚན་མོ་མེད་པར་གཉིད་ཀྱི་རྒྱ་ཡིས་བཅིངས་པའི་གདུང་བ་སེལ་ཞིང་པདྨོའི་མཛོད་དག་ལས། །རབ་མཆོག་རང་གི་ཟེར་གྱིས་ཕྱོགས་འགེངས་བྱ་བ་གཅིག་པུས་ཐམས་ཅད་མ་ལུས་ཚིམ་བྱེད་པ། །རྒྱུན་དུ་བསྟོད་པའི་མུ་ཅོར་བཞི་ལྡན་གྲུབ་པ་རྣམས་ཀྱིས་བལྟས་པ་གང་གི་ངལ་དུབ་ནི། །གཞན་ཕན་རྒྱུ་ཉིད་དུ་གྱུར་ཉི་མ་གཅིག་པུ་འདི་ནི་ནུབ་པར་གྱུར་ཡང་བསྔགས་པར་འོས། །ཐམས་ཅད་སོང་བར་གྱུར་ཏོ། །མཚན་མ་གསུམ་པའོ།། །།དེ་ནས་གོས་ཟུང་ཅིག་བཟུང་བའི་ཉུག་རུམ་པ་དང༌། སྒོ་སྲུངས་ཀྱང་ཞུགས་པར་གྱུར་ཏོ། །ཉུག་རུམ་པས། བཙུན་མོའི་འཁོར་དུ་རྣམ་གཞག་བསྒྲུབས་གྱུར་པ། །དགའ་བས་གཟིར་བ་བདག་ནི་ཁྲིམས་ལུགས་ཀྱིས། །གནས་དང་གནས་སུ་འགྱེལ་བ་སྲུང་བྱེད་ཅིང༌། །སྤྱོད་པ་ཐམས་ཅད་མི་བདག་རྗེས་སུ་མཐུན། །སྒོ་སྲུངས་ཀྱིས་ཀྱེ་ཇོ་བོ་ཁྱོད་གང་དུ་གཤེགས། ཉུག་རུམ་པས། ལྷ་མོ་བཤེས་གཉེན་གྱི་དབྱིག་གི་ཡུམ་གྱིས་བདག་ལ་གསུངས་པ། ཉུག་རུམ་པ་ཁྱོད་ཀྱིས་ཇི་སྲིད་ཞག་བཅུའི་བར་དུ་མ་ལ་ཡ་ཅན་མ་དང༌། མག་པ་ལ་གོས་དམར་པོ་དག་སྦྱིན་པར་བྱའོ་ཞེས་སོ། །རྒྱལ་པོའི་བུ་མོ་ཡང་གྱོས་སྒྱུག་གི་ཁབ་ཏུ་འཁོད་དོ། །གཞོན་ནུ་སྤྲིན་གྱི་བཞོན་པ་ཡང་རྒྱལ་ཚབ་བཤེས་གཉེན་གྱི་དབྱིག་དང་འགྲོགས་ཏེ་རྒྱ་མཚོའི་འགྲམ་བལྟ་རུ་དེ་རིང་སོང་ངོ་ཞེས་བདག་གིས་ཐོས་སོ། །དེས་ན་རེ་ཞིག་རྒྱལ་པོའི་བུ་མོའི་སྔོན་དུ་འགྲོའམ། མག་པའི་སྔོན་དུ་འགྲོ་བདག་གིས་མ་ཤེས་སོ། །སྒོ་སྲུངས་ཀྱིས། ཇོ་བོ་སྔོན་ལ་རྒྱལ་པོའི་བུ་མོའི་སྔོན་དུ་སོང་ཤིག །དེ་ཉིད་དུ་གལ་ཏེ་ན། དུས་འདི་ཙམ་དུ་མག་པ་ཡང་སླར་འོང་བར་འགྱུར་རོ། །ཉུག་རུམ་པས། རབ་དགའ་ལེགས་པ་


DTG169_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དག་བསྟན་ཏོ། །ཁྱོད་ཀྱང་གང་དུ་འགྲོ། སྒོ་སྲུང་ཀྱིས། བདག་ལ་ཡང་རྒྱལ་པོ་ཆེན་པོ་ཀུན་གྱི་དབྱིག་གིས་བཀའ་སྩལ་པ། ཇི་ལྟར་རབ་དགའ་སོང་ལ་བཤེས་གཉེན་གྱི་དབྱིག་ལ་སྨྲོས་ཤིག །ཚེས་གཅིག་གི་སྒྲོན་མའི་དགའ་སྟོན་འདི་ལ་མ་ལ་ཡ་ཅན་མ་དང༌། མག་པ་ལ་ཡང་འོངས་ནས་དགའ་སྟོན་དེ་ལ་འོས་པ་རྣམས་ཅུང་ཟད་ཉེ་བར་བསྒྲུབ་པར་བྱའོ་ཞེས་སོ། །དེས་ཇོ་བོ་རྒྱལ་པོའི་བུ་མོའི་སྔོན་དུ་སོང་ཤིག །བདག་ཀྱང་བཤེས་གཉེན་དབྱིག་བོད་པའི་སླད་དུ་འགྲོ་བར་བྱའོ། །གཉི་ག་སོང་བར་གྱུར་ཏོ། །འཇུག་པར་བྱེད་པའོ། །དེ་ནས་སྤྲིན་གྱི་བཞོན་པ་དང༌། བཤེས་གཉེན་གྱི་དབྱིག་ཞུགས་པར་གྱུར་ཏོ། །འདྲེན་པས་མལ་སྟན་རྩྭ་འཇམ་དག་དང་གདན་ནི་རྡོག་ཙང་ཁང་པ་ལྗོན་པ་དག་གི་འོག །བཏུང་བ་ཆུ་རྒྱུན་བསིལ་བ་དག་དང་ཁ་ཟས་གཙང་བ་གྲོགས་ནི་རི་དགས་ཏེ། །དེ་ལྟར་མ་བསླངས་འབྱོར་པ་ཐམས་ཅད་རྙེད་པའི་ནགས་ཚལ་འདི་ན་སྤྱོན་ཅིག་སྟེ། །གང་ཞིག་སློང་བ་རྙེད་དཀའ་གཞན་དོན་བསྒྲུབ་པའི་འབྲས་མེད་དོན་བྲལ་ཉིད་དུ་གནས་པའོ། །བཤེས་གཉེན་གྱི་དབྱིག་གིས་སྟེང་དུ་བལྟས་ནས་གཞོན་ནུ་མྱུར་བར་མཛོད་ཅིག །འདི་ནི་ཆུའི་ཕུང་པོ་བསྐྱོད་པའི་དུས་སོ། །སྤྲིན་གྱི་བཞོན་པས་ཐོས་ནས་ལེགས་པར་མཚོན་ནོ། །དེ་ལྟར་ཡང༌། རབ་སྒྲོགས་ཆུ་ཡི་གླང་ཆེན་དབང་པོའི་ཤུགས་ཀྱིས་བསྣུན་པས་རྗེས་འབྲེལ་རབ་རྒྱས་ཤིང༌། །རི་ཡི་ཕུག་ནང་དག་གིས་གཞི་ཐམས་ཅད་སྒྲ་སྙན་རབ་ཏུ་སྒྲོགས་བྱེད་པ། །ཐོས་པའི་ལམ་འགོག་སྒྲ་འདི་ཇི་ལྟར་དྲག་ཏུ་སྒྲོགས་པར་བྱེད་པ་དེ་ལྟ་བར། །རབ་འཕར་གྲངས་མེད་དུང་དང་ལྡན་པའི་རླབས་འདི་དག་ནི་ཉེ་བར་འོངས་པ་འདྲ། །བཤེས་གཉེན་གྱི་དབྱིག་གིས། གཞོན་ནུ་བྱུང་བ་ཉིད་མ་ཡིན་ནམ་ལྟོས་ཤིག །ལི་ཤིའི་ཡལ་འདབ་དག་ནི་ཟོས་གྱུར་པའི། །ལག་ལྡན་ཆུ་སྲིན་སྒྲེགས་པའི་དྲི་བཟངས་ཀྱི། །ཆུ་དང་ལྡན་བ་རྒྱ་མཚོའི་དབའ་རླབས་འདི། །རིན་ཆེན་འོད་ཟེར་དག་གིས་སྤྲས་ཏེ་མཛེས། །འདྲེན་པས། བཤེས་གཉེན་གྱི་དབྱིག །སྟོན་གྱི་དུས་ཀྱི་ཆུ་འཛིན་ནི། །དཀར་བའི་སྒྲིབ་བྱེད་ཀྱིས་བསྒྲིབས་པ། མ་ལ་ཡ་ཡི་རྩེ་མོ་འདི། །གངས་ཅན་རི་རྩེའི་དཔལ་དག་འཛིན། །བཤེས་གཉེན་གྱི་དབྱིག་གིས། གཞོན་ནུ་འདི་དག་ནི་རིམ་ལ་ཡའི་རྩེ་མོ་མ་ཡིན་ཏེ། ངེས་པར་འདི་དག་ནི་ཀླུ་རྣམས་ཀྱི་རུས་བའི་ཚོགས་སོ། །སྤྲིན་གྱི་བཞོན་པས། མྱ་ངན་སྡུག་བསྔལ་དང་བཅས་པར་རྒྱུ་མཚན་ཅིའི་ཕྱིར་འདི་སྙེད་དུས་གཅིག་ཏུ་ཤི་བར་གྱུར། བཤེས་གཉེན་གྱི་དབྱིག་གིས། གཞོན་ནུ་འདི་དག་དུས་གཅིག་ཏུ་ཤི་བ་ཉིད་མ་ཡིན་ཏེ། འདི་དག་ཇི་ལྟར་གྱུར་པ་


DTG169_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་པར་མཛོད་ཅིག །སྔོན་རང་གི་གཤོག་པའི་རླུང་གིས་རྒྱ་མཚོའི་ཆུ་བསྐྱོད་དེ་ས་འོག་ནས་བླངས་ནས་བྱ་ཁྱུང་གིས་ཉི་མ་སོ་སོ་ལ་ལག་འགྲོ་དུ་མ་ཟ་བར་བྱེད་ལོ། །སྤྲིན་གྱི་བཞོན་བས་སྡུག་པ་ཤིན་ཏུ་དཀའ་བ་དག་བྱེད་དོ། །དེ་ནས་བཤེས་གཉེན་གྱི་དབྱིག་གིས་དེ་ནས་ནམ་ཞིག་གི་ཚེ་ཀླུའི་འཇིག་རྟེན་མཐའ་དག་བརླག་ཏུ་དོགས་ནས་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱིས་བྱ་ཁྱུང་ལ་སྨྲས་པ། སྤྲིན་གྱི་བཞོན་པས་གུས་པ་དང་བཅས་པར་དང་པོར་ང་ཟོ་ཤིག་ཅེས་པ་འམ་ཅི། བཤེས་གཉེན་གྱི་དབྱིག་གིས་མ་ཡིན་ནོ། །སྤྲིན་གྱི་བཞོན་བས་སྨད་པ་དང་བཅས་པར་གཞན་ཅི། བཤེས་གཉེན་གྱི་དབྱིག་གིས་འདི་བརྗོད། ཁྱོད་ཀྱི་མངོན་པར་འདེབས་པས་སྐྲག་ནས་ལག་འགྲོ་མ་སྟོང་ཕྲག་རྣམས་ཀྱི་མངལ་ལྟུང་བར་བྱེད་ཅིང་ཕྲུ་གུ་རྣམས་ཀྱང་ལྔ་པ་ཉིད་དུ་ཉེ་བར་འགྲོའོ། །དེ་ལྟར་བདག་ཅག་གི་རྒྱུན་ཆད་པར་གྱུར་ན་ཁྱོད་ཉིད་ཀྱི་རང་གི་དོན་ཉམས་པར་བྱས་པར་འགྱུར་རོ། །དེས་ན་གང་གི་དོན་དུ་ཁྱོད་ས་འོག་ཏུ་མངོན་པར་བབས་པ་དེའི་དོན་དུ་ཉི་མ་སོ་སོར་རྒྱ་མཚོའི་འགྲམ་ན་གནས་པ་ལ་རེ་རེ་ང་ཉིད་ཀྱིས་བསྐུལ་ཏེ་གཏང་བར་བྱའོ་ཞེས་སོ། །སྤྲིན་གྱི་བཞོན་པས་སྡུག་པ་དེ་ལྟར་ཀླུའི་རྒྱལ་པོས་ཀླུ་རྣམས་ལེགས་པར་བསྲུངས་ལོ། །གང་གི་ལྕེ་ནི་སྟོང་ཕྲག་གཉིས་ནང་ན། །གང་གིས་སྤྲུལ་གཅིག་བསྲུང་ཕྱིར་སྦྲུལ་དགྲ་ལ། །དིང་བདག་བདག་ཉིད་སྟེར་ཞེས་སྨྲ་བ་ཡི། །ལྕེ་དེ་དེ་ལ་གཅིག་ཀྱང་མེད་དམ་ཅི། །བཤེས་གཉེན་གྱི་དབྱིག་གིས། དེ་དག་ཀྱང་བྱའི་རྒྱལ་པོས་ཁས་བླངས་སོ། །དེ་ལྟར་ཉི་མ་སོ་སོ་རེ་རེ་རྣམ་བཞག་བསྒྲུབས་གྱུར་པའི། །གང་ཞིག་སྦྲུལ་བདག་རྣམས་ནི་འདབ་ཆགས་རྒྱལ་པོས་ཟ་བར་བྱེད། །དེ་དག་རྣམས་ཀྱི་རུས་ཕུང་གངས་རི་དག་གི་འོད་ཅན་འདི། །ཉི་མ་སོ་སོར་འཕེལ་བར་གྱུར་ཅིང་འགྱུར་ལ་འགྱུར་བ་ཡིན། །སྤྲིན་གྱི་བཞོན་པས་ངོ་མཚར་དང་བཅས་པར། །གཙང་བ་མིན་པ་ཀུན་གྱི་གཏེར། །བྱས་པ་མི་གཟོ་རྣམ་པར་འཇིག །ལུས་ངན་དག་གི་ཆེད་དུ་ཡང༌། །རྨོངས་པ་དག་ནི་སྡིག་པར་བྱེད། །ཀྱེ་མ་ཀླུ་རྣམས་ཀྱི་རྒུད་པ་ལ་འདི་ནི་མཐར་ཐུག་པ་མེད་དོ། །བདག་ཉིད་ཀྱིས་རྟོགས་པར་རང་གི་ལུས་ཡོངས་སུ་བཏང་བས་གདེངས་ཅན་ཅིག་ཙམ་ཡང་བདག་གིས་ཡོངས་སུ་སྲུང་བར་བྱེད་ནུས་པར་གྱུར་ན་ཅི་མ་རུང་འོན་ཀྱང་བཤེས་གཉེན་གྱི་དབྱིག་གནས་སོ། །དེ་ནས་སྒོ་སྐྱོང་ཞུགས་པར་གྱུར་ཏོ། །རིའི་རྩེ་མོར་ནི་བདག་གིས་འཛེགས་སོ། །རྣམ་པར་བལྟས་ནས་བཤེས་གཉེན་གྱི་དབྱིག་འདི་མག་པ་དང་ཉེ་བ་ན་འཁོད་དོ། །རེ་ཞིག་དྲུང་དུ་འགྲོ་


DTG169_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །ཉི་བར་བཏུད་དེ། གཞོན་ནུ་རྒྱལ་བར་གྱུར་ཅིག །བཤེས་གཉེན་གྱི་དབྱིག་གིས། །རབ་དགའ་དགོས་པ་ཅིའི་སླད་དུ་འོངས། སྒོ་སྲུངས་ཀྱིས་རྣ་བར་ཤུབ་པར་བྱེད་དོ། །བཤེས་གཉེན་གྱི་དབྱིག་གིས། གཞོན་ནུ་ཡབ་ཀྱིས་བདག་འབོད་པར་བྱེད་དོ། །འདྲེན་པས་གཤེགས་མཛོད་ཅིག ། བཤེས་གཉེན་གྱི་དབྱིག་གིས། གཞོན་ནུ་ཡང་གནོད་པ་མང་བའི་ཕྱོགས་འདིར་ལྟད་མོ་ལ་ཡུན་རིང་དུ་གནས་པར་མི་བྱའོ། །སྒོ་སྲུངས་དང་འགྲོགས་ཏེ་སོང་བར་གྱུར་ཏོ། །སྤྲིན་གྱི་བཞོན་པས། རེ་ཞིག་བདག་གིས་ཀྱང་རིའི་རྩེ་མོ་འདི་ལས་བབས་ཏེ་རྒྱ་མཚོའི་འགྲམ་བལྟ་བར་བྱའོ། །བབས་ནས་སོང་ངོ༌། །ཕྱི་རོལ་ན་ཀྱི་ཧུད་བུ་སྡུག །ཀྱི་ཧུད་བུ་སྡུག །དུང་གི་གཙུག་ཁྱོད་གསོད་པར་བྱེད་ཟེར་ན་བདག་གིས་ཇི་ལྟར་བལྟ་བར་བྱ། །སྤྲིན་གྱི་བཞོན་པས་ཨ་ཡེ་བུད་མེད་ལྟ་བུ་གཟིར་བའི་ཆོ་ངེ་དག་གོ །དེས་ན་རེ་ཞིག་ཉེ་བར་བཏུད་དེ། འདི་སུ་ཞིག་ཡིན། འདིའི་འཇིགས་པ་གང་ལས་ཡིན་ཞེས་གསལ་བར་བྱའོ། །དེ་ནས་རྒན་མོ་ངུ་ཞིང་རྗེས་སུ་འབྲང་བའི་དུང་གི་གཙུག་ཞུགས་པར་གྱུར་ཏོ། །གོས་ཟུང་དག་སྤྲས་པའི་ཀིང་ཀ་ར་ཡང་ངོ༌། །རྒན་མོས་མཆི་མ་དང་བཅས་པར་ཀྱི་ཧུད་བུ་སྡུག་དུང་གི་གཙུག །དི་རིང་ཁྱོད་གསོད་པར་འགྱུར་བ་བདག་གིས་ཇི་ལྟར་བལྟ་བར་བྱ། ཨོ་སྐོ་ནས་བཟུང་སྟེ། ཁྱོད་ཀྱི་བཞིན་གྱི་ཟླ་བ་འདི་དང་བྲལ་པས་ནི་དི་རིང་བདག་གི་ས་འོག་མུན་པར་འགྱུར་རོ། །དུང་གི་གཙུག་གིས། མ་མ་འདི་ལྟར་ཤིན་ཏུ་སྨྲེ་སྔགས་འདོན་ཅིང་བདག་རབ་ཏུ་གདུང་བར་བྱེད། རྒན་མོས་ངེས་པར་བརྟགས་ནས། བུའི་ལུས་ལ་རེག་ཅིང༌། ཀྱི་ཧུད་བུ་སྡུག་ཁྱོད་ཀྱི་ལུས་ཉི་མ་མ་མཐོང་བས་ཤིན་ཏུ་གཞོན་པ་འདི་ཇི་ལྟར་ན་སྙིང་ལ་བརྩེ་བ་མེད་པའི་མཁའ་ལྡིང་གིས་ངེས་པར་ཟ་བར་འགྱུར། །མགྲིན་པ་ནས་བཟུང་སྟེ་དུ་བར་བྱེད་དོ། །དུང་གི་གཙུག་གིས་ཡུམ་སྨྲེ་སྔགས་ཀྱིས་ཅི་ཞིག་ཕན་ལྟོས་ཤིག །དང་པོ་གང་ཚེ་སྐྱེས་པ་ན། །མི་རྟག་ཉིད་ཀྱི་པང་དུ་བྱེད། །མ་ཡིས་ཕྱིས་ནས་མ་མས་བཞིན། །དེ་ཚེ་མྱ་ངན་རིམ་པ་ཅི། །རྒན་མོས་བུ་སྡུག་ཡུད་ཙམ་ཞིག་འདུག་དང༌། རེ་ཞིག་ཁྱོད་ཀྱི་བཞིན་བལྟ་བར་བྱའོ། །ཀིང་ཀ་རས་ཚུར་ཤོག་ཚུར་ཤོག་གཞོན་ནུ་དུང་གི་གཙུག །དེ་དག་བརྗོད་པས་ཁྱོད་ལ་ཅི། ངེས་པར་བུ་ལ་ཆགས་པས་རྨོངས་པ་འདི་དག་གིས་ནི་རྒྱལ་པོའི་བྱ་བ་མི་ཤེས་སོ། །དུང་གི་གཙུག་གིས་བཟང་པོ་འོང་བ་འདི་ཉིད་དོ། །ཀིང་ཀ་རས་བདག་ཉིད་ཀྱིས་རྟོགས་


DTG169_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངེས་པར་བདག་གིས་དུང་གི་གཙུག་གསོད་པའི་རྡོ་དང་ཉེ་བར་ཁྲིད་ཟིན་ཏོ། །རེ་ཞིག་གསོད་པའི་རྟགས་འདི་བྱིན་ཏོ་གསོད་པའི་རྡོ་དག་བསྟན་པར་བྱའོ། །སྤྲིན་གྱི་བཞོན་པས་མཐོང་ནས། ཨ་ཡེ་འདི་ནི་བུད་མེད་དོ། །དུང་གི་གཙུག་མཐོང་ནས་ངེས་པར་འདི་ནི་འདིའི་བུ་ཡིན་པར་བརྟག་པར་བྱའོ། །དེས་ན་ངེས་པར་ཅིའི་དོན་དུ་དུ་བར་བྱེད། ཀུན་དུ་བལྟས་ནས། ངེས་པར་འཇིགས་པའི་རྒྱུ་ནི་ཅི་ཡང་མ་མཐོང་ངོ༌། །དེས་ན་འདིའི་འཇིགས་པ་གང་ལས་འབྱུང་བར་འགྱུར། །ཅི་ཞིག་ཉེ་བར་བཏུད་ནས་དྲི་བར་བྱའོ། །ཡང་ན་འདི་ནི་འདི་ལྟར་རྒྱུན་དུ་ཆོ་ངེ་འདོན་པས་གལ་ཏེ་འདི་ཉིད་ལས་གསལ་བར་འགྱུར་རོ། །དེས་ན་ཡལ་འདབ་ཅན་གྱིས་བསྒྲིབས་ཏེ་མཉན་པར་བྱའོ། །ཀིང་ཀར་རས་མཆི་མ་དང་བཅས་པར་ཐལ་མོ་སྦྱར་ནས་གཞོན་ནུ་དུང་གི་གཙུག་འདི་ནི་ངེས་པར་ཇོ་བོའི་བཀའ་ཡིན་ནོ་ཞེས་བྱ་སྟེ། མི་བཟད་པ་འདི་འདྲ་བདག་སྨྲའོ། །དུང་གི་གཙུག་གིས་བཟང་པོར་སྨྲོས་ཤིག །ཀིང་ཀ་རས་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱིས་ཁྱོད་ལ་བཀའ་སྩལ་ཏོ། །དུང་གི་གཙུག་གིས་གུས་པ་དང་བཅས་པར་སྤྱི་བོར་ཐལ་མོ་སྦྱར་ནས་རྗེ་ཡིས་ཅི་ཞིག་བཀའ་སྩལ། ཀིང་ཀ་རས་གོས་དམར་པོ་ཟུང་འདི་དག་གྱོན་ལ་གསོད་པའི་རྡོ་ལ་འཛེགས་ཤིག །གང་གིས་གོས་དམར་པོའི་རྟགས་ཀྱིས་ཉེ་བར་མཚོན་པ་དག་མཁའ་ལྡིང་གིས་བཟུང་ནས་ཟས་ཀྱི་དོན་དུ་འཁྱེར་བར་འགྱུར་རོ། །སྤྲིན་གྱི་བཞོན་པས་མཆི་མ་དང་བཅས་པར་འདི་ཉིད་སྡུག་པ་ནོར་རྒྱས་ཀྱིས་ཡོངས་སུ་བཏང་བ་ཞིག་གོ །ཀིང་ཀ་རས། དུང་གི་གཙུག་འདི་ལོང་ཤིག །གོས་ཟུང་དག་གཏོད་དོ། །དུང་གི་གཙུག་གིས་གུས་པ་དང་བཅས་པར་བླངས་ཏེ། མགོ་ལ་བཟུང་ནས་རྗེ་ལ་གུས་པར་བྱེད་དོ། །རྒན་མོས་བུའི་ལག་ན་གོས་དག་འདུག་པ་མཐོང་ནས་བྲང་བརྡུང་བ་དང་བཅས་པར་ཀྱི་ཧུད་མཉེས་གཤིན་གང་གིས་འཇིགས་པ་རྡོ་རྗེ་ལྷུང་བ་ནི་འདི་ཉིད་དོ། །བརྒྱལ་བར་གྱུར་ཏོ། །ཀིང་ཀ་རས་ངེས་པར་མཁའ་ལྡིང་འོང་བའི་དུས་ལ་ཉེ་བར་གྱུར་ཏོ། །དེས་ན་མྱུར་དུ་འབྲོས་པར་བྱའོ། །ཀིང་ཀ་ར་སོང་པར་གྱུར་ཏོ། །དུང་གི་གཙུག་གིས་ཡུམ་དབུགས་ཕྱིན་པར་གྱུར་ཅིག །རྒན་མོ་དབུགས་ཕྱུང་སྟེ་མཆི་མ་དང་བཅས་པར་ཀྱི་ཧུད་ཀྱི་ཧུད་བུ་སྡུག་ཡིད་ལ་རེ་བ་བརྒྱ་ཡིས་ཐོབ་བ་བོ། །ཁྱོད་ཕྱིས་བདག་གིས་གང་དུ་མཐོང་བར་འགྱུར། མགྲིན་པ་ལ་བཟུང་སྟེ། སྤྲིན་གྱི་བཞོན་པས་


DTG169_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

མཆི་མ་དང་བཅས་པར་ཀུན་དུ་རྨོངས་ཤིང་ཡང་ཡང་མཆི་མའི་རྒྱུན་གཏོང་སྨྲེ་སྔགས་མང་དུ་བརྗོད་བྱས་ནས། །བདག་གི་བུ་སྡུག་སྐྱོབ་པ་སུ་ཞེས་ཕྱོགས་རྣམས་དག་ཏུ་ཕོངས་པས་མིག་འཕེན་མའི། །མ་ཡི་ཕང་ན་ཉེ་བར་བསྟེན་པའི་བུ་འདི་བརྩེ་བ་དོར་ནས་ཟ་བྱེད་པ། །བྱ་ཡི་བདག་པོའི་མཆུ་ཉིད་མ་ཡིན་སྙིང་ཡང་རྡོ་རྗེ་དག་ལས་བྱས་སམ་སྙམ། །དུང་གི་གཙུག་གིས་བདག་ཉིད་ཀྱི་ལག་པས་མའི་གདོང་ཡོངས་སུ་འཕྱི་ཞིང་ཡུམ་ཤིན་ཏུ་འཁྲུགས་པས་ཅི་ཞིག་ཕན་དབུགས་ཕྱུང་ཤིག །རྒན་མོས་མཆི་མ་དང་བཅས་པར་ཇི་ལྟར་དབུགས་ཕྱིན་པར་འགྱུར། །ཅི་བདག་ནི་པུ་གཅིག་པ་ཅན་ནོ་ཞེས་བྱ་སྟེ་བརྩེ་བ་དང་བཅས་པར་ཀླུའི་རྒྱལ་པོས་མ་བསམས་སོ། །ཀྱི་ཧུད་བརྩེ་མེད་མཐར་བྱེད་ད་ལྟ་བརྩེ་བ་མེད་པའི་སྙིང་ཅན་ཁྱོད་ཀྱིས་འདི་ལྟར་རྒྱས་ཤིང་གསོན་པའི་འཇིག་རྟེན་ན་བདག་གི་བུ་སྡུག་གཅིག་པུ་དྲན་ནོ། །རྣམ་པ་ཐམས་ཅད་དུ་སྐལ་བ་ཞན་པ་བདག་བཅོམ་པར་གྱུར་ཏོ། །བརྒྱལ་ལོ། །སྤྲིན་གྱི་བཞོན་པས། གཟིར་ཞིང་མགྲིན་པར་སྲོག་ཕྱིན་ཏེ། །རང་གི་གཉེན་གྱིས་ཡོངས་བཏང་བ། །འདི་ནི་གལ་ཏེ་མ་བསྲུངས་ན། །བདག་གི་ལུས་ཀྱི་ཡོན་ཏན་ཅི། །དེས་ན་རེ་ཞིག་ཉེ་བར་འགྲོ་བར་བྱའོ། །དུང་གི་གཙུག་གིས་ཡུམ་བདག་ཉིད་བརྟན་པར་མཛོད་ཅིག །རྒན་མོས་ཀྱི་ཧུད་བུ་སྡུག་རྙེད་དཀའ་བ་རྙེད་པ་དུང་གི་གཙུག །གལ་ཏེ་རེ་ཞིག་ཀླུའི་འཇིག་རྟེན་ཡོངས་སུ་སྲུང་བར་བྱེད་པ་ནོར་རྒྱས་ཀྱིས་ཁྱོད་ཡོངས་སུ་བཏང་བ་དེ་ལ་སུ་ཞིག་གིས་ཁྱོད་ཡོངས་སུ་སྐྱོབ་བར་འགྱུར། །སྤྲིན་གྱི་བཞོན་པས་འཕྲལ་ལ་ཉེ་བར་བཏུད་དེ་ཀྱེ་བདག་གོ །རྒན་མོས་འཇིགས་པ་དང་བཅས་པར་སྟོད་གཡོགས་ཀྱིས་བུ་གཡོགས་ནས་སྤྲིན་གྱི་བཞོན་པ་ལ་ཉེ་བར་བཏུད་དེ། བི་ན་ཏའི་བུ་བདག་ལ་འཚེ་བ་གྱིས་ཤིག །བདག་ནི་ཁྱོད་ཀྱི་ཟས་ཀྱི་རྒྱུར་ཡོངས་སུ་བརྟགས་པའོ། །སྤྲིན་གྱི་བཞོན་པས། མཆི་མ་དང་བཅས་པར། ཨེ་མའོ་པུ་ལ་བྱམས་པའོ། །འདི་ཡི་བུ་ལ་བྱམས་པ་ཡིས། །འཁྲུགས་པ་འདི་ནི་མཐོང་གྱུར་ནས། །སྙིང་ལ་བརྩེ་མེད་ལག་འགྲོ་ཡི། །དགྲ་ཡང་བརྩེ་བ་བྱེད་དམ་སྙམ། །དུང་གི་གཙུག་གིས་ཡུམ་སྐྲག་པས་ཅི་ཞིག་ཕན། འདི་ནི་ངེས་པར་ཀླུའི་དགྲ་མ་ཡིན་ནོ། །ལྟོས་ཤིག །ཀླུ་ཆེན་མགོ་བོ་བསྐམ་ཞིང་ཁྲག་གཟགས་པའི། །ཟེར་མས་བྱུགས་པ་གཏུམ་པོའི་མཆུ་དང་ལྡན། །གང་ན་མཁའ་ལྡིང་དག་སྟེ་གང་ན་ཡང༌། །ཞི་བའི་རང་བཞིན་གཟུགས་


DTG169_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དམ་པ་འདི། །རྒན་མོས་བུ་སྡུག་བདག་ནི་ཁྱོད་གསོད་པས་འཇིགས་ཏེ་ཐམས་ཅད་མཁའ་ལྡིང་ཉིད་དུ་མཐོང་ངོ༌། །སྤྲིན་གྱི་བཞོན་པས། ཀྱེ་ཡུམ་མ་འཇིགས་ཤིག །བདག་ནི་རིག་པ་འཛིན་པའི་གཞོན་ནུ་སྟེ། ཁྱོད་ཀྱི་བུ་བསྲུང་བ་ཉིད་ཀྱི་དོན་དུ་འོངས་པ་ཡིན་ནོ། །རྒན་མོས་དགའ་བ་དང་བཅས་པར་བུ་སླར་ཡང་དེ་བརྗོད་ཅིག །སྤྲིན་གྱི་བཞོན་པས། ཡུམ་ཡང་དང་ཡང་དུ་བརྗོད་པ་འདི་ཡིས་ཅི། ལས་ཉིད་ཀྱིས་རྫོགས་པར་བྱའོ། །རྒན་མོས་སྤྱི་བོར་ཐལ་མོ་སྦྱར་ནས་བདག་གི་བུ་སྡུག་ཡུན་རིང་དུ་འཚོ་བར་གྱུར་ཅིག །སྤྲིན་གྱི་བཞོན་པས། ཡུམ་གཅིག་གསོད་རྟགས་འདི་ནི་བདག་ལ་གསོལ། །རང་ལུས་གཡོགས་ཏེ་ཁྱོད་ཀྱི་བུ་ཡི་ནི། །སྲོག་དག་བསྲུང་ཕྱིར་བི་ན་ཏ་སྐྱེས་ཀྱི། །ཁ་ཟས་དག་ལ་བདག་གིས་སྩལ་བར་བགྱིའོ། །རྒན་མོས་རྣ་བ་བསྒྲིབས་ཏེ་ཚིག་དེ་ཞི་བར་གྱུར་ཅིག །ཁྱོད་ཀྱང་དུང་གི་གཙུག་དང༌། ཁྱད་པར་མེད་པར་བདག་གི་བུ་ཉིད་དོ། །ཡང་ན་དུང་གི་གཙུག་པས་ཀྱང་ཁྱོད་ཤིན་ཏུ་ལྷག་པ་ཉིད་དོ། །གང་ཞིག་གཉེན་གྱི་སྐྱེ་བོས་ཀྱང་ཡོངས་སུ་བཏང་བ་བདག་གི་བུ་ལུས་སྦྱིན་པས་ཀྱང་བསྲུང་བར་འདོད་པའི་ཕྱིར་རོ། །དུང་གི་གཙུག་གིས་ཡ་མཚན་དང་བཅས་པར་ཨེ་མ་ཧོ་སེམས་ཅན་ཆེན་པོ་འདིའི་སྤྱོད་པ་ནི་འགྲོ་བ་དག་ལས་བཟློག་པ་ཞིག་སྟེ། གང་གི་ཕྱིར། གང་གི་སླང་དུ་ཀུན་གྱི་བཤེས་ཀྱི་གཏུམ་པོ་བཞིན་དུ་སྔོན་ཚེ་ཁྱི་ཤ་ཟོས་གྱུར་ཅིང༌། །གང་གི་ཆེད་དུ་གཽ་ཏ་མ་ཡིས་དེ་ལ་ཕན་བྱས་ཏཱ་ལའི་བྱིན་པ་རབ་ཏུ་བསད། །གང་གི་དོན་དུ་མཁའ་ལྡིང་འོད་སྲུང་བུ་འདིས་ཉི་མ་སོ་སོར་ལྟོ་འཕྱེ་འཇོམས་བྱེད་པ། །སྲོག་དེ་ཉིད་ནི་རྩྭ་བཞིན་གང་ཞིག་བརྩེ་བས་གཞན་གྱི་དོན་དུ་སྟེར་བར་བྱེད་པ་མཚར། །སྤྲིན་གྱི་བཞོན་པ་ལ་མཆོན་ནས་ཀྱེ་བདག་ཉིད་ཆེན་པོ་ཁྱོད་ཀྱིས་བདག་ཉིད་རབ་ཏུ་རྩོམ་པའི་ཟོལ་མེད་པའི་བརྩེ་བ་དང་ལྡན་པ་དག་བདག་ལ་བསྟན་ཏོ། །དེས་ན་འབད་པ་འདི་ཡིས་ཅི་ཞིག་བྱ། ལྟོས་ཤིག །བདག་ལྟ་སྲོག་ཆགས་ཕྲ་མོ་རྣམས། །སྐྱེ་བ་དང་ནི་འཆི་འགྱུར་ཏེ། །གཞན་གྱི་དོན་ལ་ནུས་ལྡན་པ། །ཁྱོད་འདྲ་འབྱུང་བ་ག་ལ་ཞིག །དེས་ན་འདིས་ཅི་ཞིག་བྱ། ཞེན་པ་འདི་ཐོང་ཤིག །སྤྲིན་གྱི་བཞོན་པས་དུང་གི་གཙུག་གི་ལག་ནས་བཟུང་སྟེ། གཞོན་ནུ་དང་གི་གཙུག་བདག་གིས་གཞན་གྱི་དོན་ཕུན་སུམ་ཚོགས་པས་ཡིད་ལ་རེ་བའི་སྐབས་ཡུན་རིང་པོ་ནས་རྙེད་བདག་གི་བར་ཆད་བྱ་བར་མི་འོས་སོ། །རྣམ་པར་


DTG169_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་མེད་པར་གསོད་པའི་རྟགས་དག་བྱིན་ཅིག །དུང་གི་གཙུག་གིས་སེམས་དཔའ་ཆེན་པོ་དོན་མེད་པའི་གདུང་བ་ཆེན་པོ་འདིས་ཅི་ཞིག་བྱ། །དུང་གི་གཙུག་གིས་དུང་སྐྱོང་གི་རིགས་དུང་ལྟར་དཀར་བ་དྲི་མ་ཅན་དུ་བྱེད་དམ་ཅི། །ཅི་སྟེ་ཁྱོད་བདག་ལ་རྗེས་སུ་བརྩེ་བར་བྱེད་པ་དེ་ལྟ་ན་བདག་ཅག་གི་ཡུམ་འདི་ཇི་ལྟར་འཚོ་བ་སྟོང་པར་མི་འགྱུར་བདེ་ལྟ་བུའི་ཐབས་བསམ་པར་མཛོད་ཅིག །སྤྲིན་གྱི་བཞོན་པས་ཀྱེ་ཐབས་བསམས་པ་ཉིད་མ་ཡིན་ནམ། འདིར་ཅི་ཞིག་བསམ། དེ་ནི་ཁྱོད་ཉིད་ཀྱི་དབང་དུ་གྱུར་ཏོ། །དུང་གི་གཅུག་གིས་ཇི་ལྟར་སྤྲིན་གྱི་བཞོན་པས་གང་ཞིག་ཁྱོད་ནི་ཤི་གྱུར་ན། །འཆི་ཞིང་གསོན་ན་གསོན་འགྱུར་བ། །དེ་ནི་གལ་ཏེ་གསོན་འདོད་ན། །བདག་གི་སྲོག་གིས་བདག་ཉིད་སྲུངས། །འདི་ནི་ཐབས་ཡིན་ཏེ། །དེས་ན་བདག་ལ་གསོད་པའི་མཚན་མ་མྱུར་དུ་གསོལ་ཅིག །འདིས་བདག་ཉིད་གཡོགས་ཏེ་གསོད་པའི་རྡོ་ལ་འཛེགས་པར་བྱའོ། །ཁྱོད་ཀྱང་མའི་མདུན་དུ་བརྡར་ཏེ་གནས་འདི་ནས་ལྡོག་པར་བྱོས་ཤིག །གལ་ཏེ་ན་གསོད་པའི་གནས་ཉེ་བར་གྱུར་པ་འདི་མཐོང་ནས་བུད་མེད་རང་བཞིན་གྱིས་སྡར་མའི་ངང་ཅན་སྲོག་བཏང་བར་སྲིད་དོ། །བསད་པའི་ཀླུ་རྣམས་ཀྱིས་ཀེང་རུས་ཀྱིས་དཀྲིགས་པའི་དུར་ཁྲོད་ཆེན་པོ་ཁྱོད་ཀྱིས་མ་མཐོང་ངམ་ཅི། །དེ་ལྟར་ཡང་གཡོ་བའི་མཆུ་ཡིས་དྲངས་ཤིང་ཕྱེད་ལྷུང་ཤ་ཡི་ཆ་ནི་ཟོས་པས་འདོད་པ་འཕེལ་གྱུར་པའི། །བྱ་རྒོད་རྣམས་ཀྱི་གཤོག་པ་གཉིས་ནི་སྐྱོད་པར་བྱེད་པས་མུན་པ་སྟུག་པོ་ཉིད་བྱས་ཤིང༌། །ཁྲག་གི་རྒྱུན་འབེབས་མང་པོའི་ཞག་ནི་རྒྱུན་དུ་ཟག་ཅིང་རུལ་པའི་དྲིང་ལྡང་བ་འདིར། །ཅེ་སྤྱང་རྣམས་ཀྱི་ཁ་ནས་རབ་འབར་མེ་ཡི་ཕྲེང་བ་ལྟུང་ཞིང་ལྷབ་ཅེས་སྒྲོགས་པར་བྱེད། །དུང་གི་གཙུག་གིས་ཇི་ལྟར་བདག་གིས་མ་མཐོང་སྤྲུལ་གྱི་ཟས་ཀྱིས་ཉི་མ་སོ་སོར་ནི། །མི་སྟོང་བྱ་བའི་འདྲེན་པས་དགའ་བྱས་པ། །རི་བོང་ཅན་དཀར་རུས་པ་ཐོད་པ་ཅན། །དུར་ཁྲོད་འདི་ནི་དྲག་པོའི་ལུས་བཞིན་ནོ། །དེས་ན་སོང་ཞིག་སྐྲག་པར་ཉེ་བར་བཀོད་པ་འདི་དག་གིས་ཅི་ཞིག་བྱ། །ངེས་པར་མཁའ་ལྡིང་འོང་བའི་དུས་ནི་ཉེ་བར་གྱུར་ཏོ། །མའི་མདུན་དུ་པུས་མོ་བཙུགས་ནས་སྤྱི་བོར་ཐལ་མོ་སྦྱར་བ་བཀོད་དེ། ད་ནི་ཡུམ་ཁྱོད་ཀྱང་ལོག་ཅིག །ཡུམ་གཅིག་གང་དང་གང་དུ་བདག །རབ་ཏུ་སྐྱེ་བ་ཉིད་འགྱུར་བ། །དེ་དང་དེར་ནི་བུ་ལ་བྱམས། །ཁྱོད་ཉིད་བདག་གི་མར་གྱུར་ཅིག །རྐང་པ་ལ་གཏུགས་སོ། །རྒན་མོས་མཆི་མ་དང་བཅས་པས་ཀྱི་ཧུད་ཇི་


DTG169_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཁྱོད་ཀྱི་ཚིག་ནི་མཆི་མ་མེད་པའོ། །ངེས་པར་བུ་སྡུག་ཁྱོད་བཏང་ནས་གཞན་དུ་བདག་གི་རྐང་པ་མི་འདོར་རོ། །དེས་ན་ཁྱོད་ཉིད་དང་ལྷན་ཅིག་ཏུ་འགྲོ་བར་བྱའོ། །དུང་གི་གཙུག་གིས་ལོངས་ནས་རེ་ཞིག་བདག་གིས་ཀྱང་ཤིན་ཏུ་མི་རིང་བ་ན་ལེགས་ལྡན་ལྷོ་ཕྱོགས་གོ་ཀརྞ་ཡོད་པ་ལ་བསྐོར་བ་བྱས་ཏེ། རྗེའི་བཀའ་ལ་གནས་པར་བྱའོ། །གཉི་གསོང་བར་གྱུར་ཏོ། །སྤྲིན་གྱི་བཞོན་པས། ཀྱེ་མ་མངོན་པར་འདོད་པ་གྲུབ་པར་མ་གྱུར་ཏོ། །དེས་ན་འདི་ལ་ཐབས་ཅི་ཞིག་ཡོད་འཕྲལ་ལ་ཉུག་རུམ་པར་ཞུགས་པར་གྱུར་ཏེ་གོས་ཟུང་འདི་སྤྲིན་གྱི་བཞོན་པས་མཐོང་ནས་དགའ་བ་དང་བཅས་ཤིང་བདག་ཉིད་ཀྱིས་རྟོགས་པ་ཨེ་མ་མ་བརྟགས་པར་རྙེད་པའི་གོས་དམར་པོ་ཟུང་ཅིག་པོ་འདིས་བདག་གི་མངོན་པར་འདོད་པར་གྲུབ་པར་གྱུར་ཏོ། །ཉུག་རུམ་པས། གོས་ཟུང་ཅིག་པོ་འདི་ནི་ལྷ་མོ་བཤེས་གཉེན་གྱི་དབྱིག་གི་ཡུམ་གྱིས་གཞོན་ནུ་ལ་བསྐུར་བ་ཡིན་ནོ། །དེས་ན་གཞོན་ནུས་འདི་ཡོངས་སུ་བཞེས་ཤིག །སྤྲིན་གྱི་བཞོན་པས་ལངས་ནས་བླངས་ཏེ་བདག་ཉིད་ཀྱིས་རྟོགས་པར་བདག་གི་མ་ལ་ཡ་ཅན་མའི་ལག་པ་བཟུང་བ་ནི་འབྲས་བུ་དང་བཅས་པར་གྱུར་ཏོ། །གྱོན་ནས་གསལ་བར་ཀྱེ་ཉུག་རུམ་པ་གཤེགས་ཤིག་ཁྱོད་ཀྱིས་བདག་ཚིག་གིས་ལྷ་མོ་ལ་ཕྱག་འཚལ་བར་བྱ་སྟེ། ཇི་ལྟར་ཡུན་རིང་དུ་ཐོགས་པའི་སྤྲིན་གྱི་བཞོན་པ་ལ་ཕྱག་འཚལ་བར་བྱེད་དོ། །ཉུག་རུམ་པས། ཇི་ལྟར་གཞོན་ནུས་བཀའ་སྩལ་པ་བཞིན་ནོ། །སོང་ངོ་སྤྲིན་གྱི་བཞོན་པས། གཞན་གྱི་དོན་དུ་ལུས་གཏོང་བའི། །དུས་ལ་བབ་ཆེ་བྱུང་གྱུར་པ། །གོས་ནི་དམར་པོ་ཟུང་འདི་དག །དགའ་བ་ཤིན་ཏུ་ཆེན་པོ་བྱེད། །རྣམ་པར་བལྟས་ནས་ཇི་ལྟར་རིམ་ལ་ཡའི་རྡོའི་ཚོགས་གཡོ་བ་དང་རླུང་དྲག་ཏུ་ལྡང་བདེ་ལྟར་བྱའི་རྒྱལ་པོ་ཉེ་བར་གྱུར་ཏོ་ཞེས་བདག་རྟོག་གོ །གཞན་ཡང་འཇིག་པའི་སྤྲིན་དང་མཚུངས་པ་གཤོག་རྩའི་ཕྲེང་བ་དག་གིས་ནམ་མཁའ་རབ་ཏུ་སྒྲིབ་བྱེད་ཅིང༌། །ཤུགས་ཀྱི་རླུང་གིས་བསྐྱོད་པའི་རྒྱ་མཚོས་ས་གཞི་འགེངས་པ་བཞིན་དུ་ཆུ་དག་ངོགས་སུ་འཕེན། །ཕྱོགས་ཀྱི་གཉིས་འཐུང་དབང་པོ་རྣམས་ཀྱི་དུས་མཐར་དོགས་པ་བྱེད་ཅིང་འཇིགས་བཅས་བལྟས་གྱུར་ཏེ། །བཅུ་གཉིས་ཉི་མ་ལྟར་འབར་ལུས་ཀྱི་འོད་ཀྱིས་ཕྱོགས་བཅུ་དག་ནི་རབ་ཏུ་སེར་སྐྱར་བྱེད། །དེས་ན་ཇི་སྲིད་དུང་གི་གཙུག་འདི་འོངས་པར་མ་གྱུར་པ་དེ་སྲིད་དུ་གསོད་པའི་རྡོ་འདི་ལ་མྱུར་བར་བདག་འཛེག་པར་བྱའོ། །དེ་ལྟར་བྱེད་དོ། །འདུག་སྟེ་རེག་པའི་གར་བྱེད་ཅིང༌། །ཨེ་མ་


DTG169_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་རེག་པའོ། །ཇི་ལྟར་མངོན་པར་འདོད་དོན་གྲུབ་པའི་སླད། །གསོད་པའི་རྡོ་འདི་ལ་སྦྱར་དེ་ལྟར་ནི། །མ་ལ་ཡ་ཡི་ཙན་དན་རོས་བརླན་པའི། །མ་ལ་ཡ་ཅན་མས་ཀྱང་བདེ་མི་བྱེད། །ཡང་ན་མལ་ཡ་ཅན་མ་ཅི་ཞིག །མ་ཡི་པང་དུ་བྱིས་པ་ནི། །བདེ་བར་ཉལ་བས་གང་ཐོབ་པའི། །བདེ་དེ་བདག་གིས་གསོད་པ་ཡི། །རྡོ་འདི་ཡི་ནི་སྟེང་དུ་ཐོབ། །དེས་ན་བྱ་ཁྱུང་འདིར་འོང་སྟེ། །རེ་ཞིག་བདག་ཉིད་བསྒྲིབས་ཏེ་འདུག་པར་བྱའོ། །དེ་ལྟར་བྱེད་དོ། །དེ་ནས་མཁའ་ལྡིང་ཞུགས་པར་གྱུར་ཏོ། །ལྷག་མ་ཅན་གཟུགས་འཇིགས་པས་ཟླུམ་པོར་བྱས་པ་དྲན་ཞིང་བསིལ་ཟེར་ཅན་གྱི་དཀྱིལ་འཁོར་འཕངས། །ཤིང་རྟའི་རྟ་ནི་སྐྲག་ནས་ཉི་མ་བསྐྱོད་ཚེ་སྔོན་ལ་སྐྱེས་པས་ཀུན་དགའ་ལྡན་པར་མཐོང༌། །མཐའ་ནས་ཆུ་འཛིན་ཚོགས་པ་དག་ནི་ངེས་པར་འབབ་པས་གཤོག་པ་རིང་པོ་ཉིད་གྱུར་པ། །སྦྲུལ་ཟས་ལ་དགའ་བདག་ནི་མགྱོགས་པས་སྐད་ཅིག་ཉིད་ལ་རི་བོ་མ་ལ་ཡར་ཕྱིན་ཏོ། །སྤྲིན་གྱི་བཞོན་པས་སྨོན་ལམ་བྱེད་དོ། །ཀླུ་ནི་སྲུང་བྱེད་བདག་གི་བསོད་ནམས་གང༌། །རང་ལུས་སྦྱིན་ལས་དེ་རིང་གང་བསྒྲུབས་པ། །དེ་ཡིས་བདག་ཉིད་སྲིད་པ་སྲིད་པར་ནི། །གཞན་ཕན་སྙིང་པོར་ལྡན་པའི་ལུས་ཐོབ་ཤོག །མཁའི་ལྡིང་གིས་སྤྲིན་གྱི་བཞོན་པ་ལ་ངེས་པར་བརྟགས་ནས། །ལྷག་མའི་ཀླུ་རྣམས་བསྲུང་ཕྱིར་གསོད་པའི་རྡོ་འདི་དག་ལ་ངེས་པར་ལྷུང་གྱུར་པའི། །སྙིང་ཁ་ལ་ནི་རྡོ་རྗེའི་དབྱུག་པ་རབ་དྲག་མཆུ་ཡིས་རབ་ཏུ་བཅོམ་བྱས་ནས།། །། བདག་ལ་འཇིགས་པས་སྙིང་དག་དྲལ་ཞིང་ཟག་པའི་ཁྲག་གིས་རབ་ཏུ་བྱུགས་པ་བཞིན། །གོས་དམར་གྱིས་གཡོགས་གདེངས་ཅན་དག་ནི་བཟའ་བར་བྱ་ཕྱིར་མྱུར་བར་བླང་བར་བྱ། །མངོན་པར་བཏབ་སྟེ་བླངས་སོ། །མཐའ་ནས་མེ་ཏོག་ལྟུང་བར་བྱེད་དོ། །མཁའ་ལྡིང་གིས་ཡ་མཚན་དང་བཅས་པར་ཨ་ཡེ་སྟེང་ནས་མེ། ཏོག་གི་ཆར་པ་དང་རྔ་བོ་ཆེའི་སྒྲ་འདི་དག་ཀྱང་མཐོང་ཞིང་ཐོས་ནས། །བུང་བ་ཀུན་དུ་དགའ་བར་བྱེད་པའི་དྲི་ལྡང་མེ་ཏོག་ཆར་འདི་མཁའ་ལས་ཅི་ཕྱིར་འབབ། །མཐོ་རིས་ཕྱོགས་ཀྱི་འཁོར་ལོ་རྔ་ཆེན་རྣམས་ཀྱི་སྒྲ་འདིས་མུ་ཅོར་དག་ཏུ་ཅི་སླད་བྱེད། །དེ་ཡང་འདི་ལྟར་ཤེས་ཏེ། བདག་གི་ཤུགས་ཀྱི་རླུང་གིས་ཡོངས་འདུ་དག་ནི་བསྐྱོད་པ་དང༌། །འཇིགས་པའི་སྤྲིན་གྱི་ཚོགས་རྣམས་དུས་མཐར་དོགས་པ་སྐྱེས་ཏེ་འདི་ཡང་བསྒྲགས་པ་ཡིན་ནམ་སྙམ། །སྤྲིན་གྱི་བཞོན་པས་ཨེ་མ་བདག་གི་དོན་བྱས་པར་གྱུར་ཏོ། །མཁའ་ལྡིང་གིས་རྟོག་ཅིང་ཀླུ་རྣམས་སྲུང་བར་བྱེད་པ་འདི། །ཇི་ལྟར་བདག་ལ་ལྗི་བར་སྣང༌། །དེ་ལྟར་སྦྲུལ་དག་ཟ་འདོད་པ། །གསལ་བར་དི་རིང་སེལ་བར་འགྱུར། །དེས་


DTG169_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ན་རེ་ཞིག་རི་མ་ལ་ཡའི་རྩེ་མོར་འཛེགས་ཏེ་ཇི་ལྟར་འདོད་པར་འདི་བཟའ་བར་བྱའོ། །ཁྱེར་ནས་སོང་བར་གྱུར་ཏོ། །མཚན་མ་བཞི་པའོ།། །།དེ་ནས་སྒོ་སྲུངས་རབ་དགའ་ཞུགས་པར་གྱུར་ཏོ། །མཛའ་བོས་རང་ཁྱིམ་སྐྱེད་ཚལ་གནས་ལ་ཡང༌། །མཛའ་བདག་ལ་སྡིག་པ་དོགས་འགྱུར་ན། །གནོད་མང་མཐོང་ཞིང་འཇིགས་སུ་རུང་བ་ཡི། །འབྲོག་དགོན་དབུས་ན་གནས་ལ་སྨོས་ཅི་དགོས། །དེ་ལྟར་ཡང་སྤྲིན་གྱི་བཞོན་པ་རྒྱ་མཚོའི་རླབས་ལྟ་བའི་ལྟད་མོ་ལ་སོང་པ་ནི་ཡུན་རིང་དུ་ཐོགས་སོ་ཞེས་རྒྱལ་པོ་ཆེན་པོ་ཀུན་གྱི་དབྱིག་སྡུག་བསྔལ་དང་ལྡན་པར་གནས་སོ། །དེ་ཡིས་བདག་ལ་དཀའ་བསྒོས་པ་རབ་དགའ་བདག་གི་མཁའ་ལྡིང་གི་འཇིགས་པ་དང་ཉེ་བའི་ཕྱོགས་སུ་མག་པ་སྤྲིན་གྱི་བཞོན་པ་སོང་པར་གྱུར་ཏོ་ཞེས་ཐོས་སོ། །ཚུལ་འདིས་དོགས་པར་གྱུར་ཏེ། དེས་ན་མྱུར་བར་སོང་ལ་ཅི་འདི་རང་གི་ཁྱིམ་དུ་འོངས་སམ། མ་འོངས་ཤེས་པར་གྱིས་ཤིག་ཅེས་སོ། །རེ་ཞིག་དེ་ཉིད་དུ་འགྲོ་བར་བྱའོ། །སོང་བ་དང་མདུན་དུ་མཐོང་ནས། ཨ་ཡེ་འདི་ནི་རྒྱལ་པོའི་དྲང་སྲོང་སྤྲིན་གྱི་བཞོན་པའི་ཡབ་སྤྲིན་གྱི་ཏོག་བསྟི་གནས་ཀྱི་ཁྱམས་ན་ཡུམ་ཆོས་སྤྱོད་མ་དང་ལྷན་ཅིག་རྒྱལ་པོའི་བུ་མོས་རིམ་གྲོ་བྱེད་ཅིང་འཁོད་དོ། །དེ་ལྟར་ཡང་རབ་དཀར་འཁྱོག་པོ་གཡོ་ཞིང་བསྐྱོད་པ་ལྦུ་བ་ལྡན་པའི་ཆུ་དང་མཚུངས་པ་འཛིན། །ན་ཚོད་མཚུངས་ཤིང་བསོད་ནམས་ཆེ་ལྡན་ལྷ་མོས་རྣམ་མཛེས་ཛཧྣུའི་བུ་མོ་བཞིན། །ཇི་ལྟར་རླབས་ཀྱིས་མཛེས་བཞིན་གང་གི་དྲུང་ན་མ་ལ་ཡ་ཅན་ཉེ་བར་གནས། །སྤྲིན་གྱི་ཏོག་འདི་ཉིད་ནི་ཆུ་གཏེར་དག་དང་རབ་ཏུ་མཚུངས་པའི་དཔལ་འདི་འཛིན། །དེས་ན་རེ་ཞིག་ཉེ་བར་འགྲོ་བར་བྱའོ། །དེ་ནས་སྤྲིན་གྱི་ཏོག་གདན་ལ་གནས་ཤིང་བཙུན་མོ་དང་མནའ་མ་དང་བཅས་པ་ཞུགས་པར་གྱུར་ཏོ། །ལང་ཚོ་དག་གི་བདེ་བ་སྤྱད་ཅིང་གྲགས་པ་རྒྱས་པར་བྱས། །བརྟན་པའི་བློ་ཡིས་རྒྱལ་སྲིད་ལ་འདུག་དཀའ་ཐུབ་རྣམ་པར་སྤྱད། །བུ་འདི་བསྔགས་འོས་མནའ་མ་འདི་ནི་རིགས་མཚུངས་ལེགས་ལས་སྐྱེས། །ཀ་ཡེ་དོན་བྱས་བདག་གི་དི་རིང་འཆི་བ་བསམ་པར་བྱས། །རབ་དགས་འཕྲལ་ལ་ཉེ་བར་བཏུད་ནས་སྤྲིན་གྱི་བཞོན་པའི་སྤྲིན་གྱི་ཏོག་གིས་རྣ་བ་བསྒྲིབས་ནས་སྡིག་པ་ཞི་བར་གྱུར་ཅིག །ཡུམ་གྱིས་ངེས་པར་བཀྲ་མི་ཤེས་པ་འདི་ཉམས་པར་གྱུར་ཅིག །མ་ལ་ཡ་ཅན་མས་བདག་ཉིད་ཀྱིས་རྟོགས་པར་མཚན་མ་ངན་པ་འདིས་བདག་གི་སྙིང་འདར་བ་བཞིན་ནོ། །སྤྲིན་གྱི་ཏོག་གིས་བཟང་པོ་སྤྲིན་གྱི་བཞོན་པ་ཅི། རབ་དགས་སྤྲིན་གྱི་བཞོན་པའི་ལམ་ལྟ་བ་ལ་རྒྱལ་པོ་ཆེན་


DTG169_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཀུན་གྱི་དབྱིག་གིས་ཁྱོད་ཀྱི་དྲུང་དུ་བདག་བཏང་ངོ༌། །དེས་ན་རྒྱལ་པོ་ཆེན་པོ་བདག་ལ་བཀའ་སྩོལ་ཅིག །བདག་གིས་རྗེ་ལ་ཇི་སྐད་ཅེས་རྟོགས་པར་བགྱི། །སྤྲིན་གྱི་ཏོག་གིས། ཅི་བུ་དེ་ཉིད་ན་ཉེ་བར་མི་གནས་སམ་རབ་དགས་མ་མཆིས་སོ། །ཡུམ་གྱིས་མྱ་ངན་དང་བཅས་པར་རྒྱལ་པོ་ཆེན་པོ་དེ་ཡང་མེད་ན་ད་ནི་བདག་གི་བུ་གང་དུ་སོང། །གང་གིས་ན་དེ་ལྟར་ཡུན་རིང་དུ་ཐོགས། སྤྲིན་གྱི་ཏོག་གིས་ངེས་པར་བདག་ཅག་གི་སྲོག་བསྲུང་བའི་དོན་དུ་རིང་དུ་སོང་བར་གྱུར་ཏོ། །མ་ལ་ཡ་ཅན་མས་མྱ་ངན་དང་བཅས་ཤིང་བདག་ཉིད་ཀྱིས་རྟོགས་པར་བདག་གིས་ཀྱང་རྗེའི་སྲས་ཡུད་ཙམ་ཞིག་ཀྱང་མ་མཐོང་བས་གཞན་ཉིད་འགའ་ཞིག་དོགས་སོ། །རབ་དགས་རྒྱལ་པོ་ཆེན་པོ་བཀའ་སྩོལ་ཅིག །བདག་གིས་རྗེ་ལ་ཇི་སྐད་གསོལ་པ་བགྱི། སྤྲིན་གྱི་ཏོག་གིས་མིག་གཡོན་པ་འགུལ་བས་གསལ་བར་བྱེད་དོ། །སྤྲིན་གྱི་བཞོན་པ་ཡུན་རིང་དུ་ཐོགས་སོ་ཞེས་བདག་འཁྲུགས་ཤིང་སེམས་པར་བྱེད་པ་ན་མི་འདོད་བསལ་བར་བྱ་བའི་ཕྱིར། །ཡང་ཡང་གཡས་པ་མིན་པའི་མིག །ཅི་ཞིག་ལ་གཡོ་མིག་ངན་ཁྱོད། །གཡོབ་ཉི་མས་སེལ་གྱུར་ཅིག །སྟེང་དུ་ལྟ་ཞིང༌། བཅོམ་ལྡན་འོད་སྟོང་པ་འདི་ནི་སྲིད་པ་གསུམ་གྱི་མིག་གཅིག་པུ་སྟེ། སྤྲིན་གྱི་བཞོན་པ་དགེ་ལེགས་དག་གསལ་བར་སྟོན་ཅིག །ཡ་མཚན་དང་བཅས་པར། བལྟས་པར་གྱུར་ན་མིག་ལ་སྡུག་བསྔལ་རབ་ཏུ་སྟེར། །ཁྲག་གི་ཟེར་མ་དང་མཚུངས་འོད་ཟེར་གསལ་བོ་འགྱེད། །ལྟས་ངན་རླུང་གིས་བསྐྱོད་བྱས་སྐར་མ་དང་མཚུངས་འདི། །གློ་བུར་ཉིད་དུ་མཁའ་ལས་ཅི་སླད་མདུན་དུ་འབབ། །ཇི་ལྟར་བདག་གི་རྐང་པ་ཉིད་ལ་འབབ། །ཐམས་ཅད་ཀྱིས་ངེས་པར་བརྟགས་སོ། །སྤྲིན་གྱི་ཏོག་གིས་ཨ་ཡེ་ཤ་རློན་པ་དང་སྐྲ་དང་བཅས་པའི་གཙུག་གི་ནོར་བུ་འདི་སུ་ཞིག་གི་ཡིན་པར་འགྱུར། །ཡུམ་གྱིས་མྱ་ངན་དང་བཅས་པར་གཙུག་གི་རིན་པོ་ཆེ་འདི་ནི་བདག་གི་བུའི་ཡིན་པ་འདྲའོ། །མ་ལ་ཡ་ཅན་མས། ཡུམ་དེ་སྐད་མ་གསུངས། རབ་དགས་རྒྱལ་པོ་ཆེན་པོ་དེ་ལྟར་མ་རྟོགས་པར་གདུང་བར་མ་བྱེད་ཅིག །འདིར་ནི་ཀླུ་མཁའ་ལྡིང་གིས་ཟོས་པ་རྣམས་ཀྱི་གཙུག་གི་ནོར་བུ་སྡེར་མོ་དང་ཁས་བཅོམ་པ་དུ་མ་དག་ལྟུང་བ་ཉིད་དོ། །སྤྲིན་གྱི་ཏོག་གིས། ལྷ་མོ་རབ་དགས་རིག་པ་དག་བརྗོད་དོ། །གལ་ཏེ་དེ་ལྟར་ཡང་ཡིན་པ་སྲིད་དོ། །ཡུམ་གྱི་ས་རབ་དགས་གལ་ཏེ་ན་དུས་འདི་ཙམ་གྱིས་གྱོས་སྒྱུག་གི་ཁབ་ཉིད་དུ་བདག་གི་བུ་འོངས་པ་སྲིད་དོ། །དེས་ན་སོང་ལ་རྟོགས་ཏེ་མྱུར་དུ་


DTG169_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་སྲིངས་ཤིག །རབ་དགས་ཇི་ལྟར་ལྷ་མོས་གསུངས་པ་བཞིན་ནོ། །སོང་བར་གྱུར་ཏོ། །སྤྲིན་གྱི་ཏོག་གིས། ལྷ་མོ་ཀླུ་དག་གི་གཙུག་གི་ནོར་བུ་ཡིན་པ་ཡང་སྲིད་དོ། །དེ་ནས་དུང་གི་གཙུག་གོས་དམར་པོ་དག་བཟུང་སྟ་ཞུགས་པར་གྱུར་ཏོ། །མཆི་མ་དང་བཅས་པར་བརླག་གོ །ཀྱེ་མ་བརླག་གོ །མྱུར་བར་རྒྱ་མཚོའི་འགྲམ་དུ་གོ་ཀརྞ་ལ་བཏུད་བྱས་ནས། །ལྟོ་འཕྱེ་ཆེན་པོ་གསོད་པའི་ས་གཞི་དེར་ནི་བདག་ཕྱིན་ན། །རིག་པ་འཛིན་པ་ཁ་དང་སྡེར་མོས་སྙིང་ཁ་བཅོམ་པ་དེ། །ཁྱེར་ནས་མཁའ་ལྡིང་དག་ནི་མཁའ་ལ་རབ་ཏུ་སོང་བར་གྱུར། །ཀྱི་ཧུད་རྒྱུ་མེད་པའི་གཉེན་གཅིག་པོ། །ཀྱི་ཧུད་མཆོག་གི་སྙིང་རྗེ་ཅན་གྱི་ཧུད་གཞན་གྱི་སྡུག་བསྔལ་བ་ཅན། ཀྱེ་ཁྱོད་ནི་གང་དུ་གཤེགས་བདག་གི་ཚིག་གི་ལན་བྱིན་ཅིག །ཉམས་པ་དུང་གི་གཙུག་མངལ་ན་གནས་པ་ཉིད་ན་ཅིའི་ཕྱིར་མ་ཤི་ཁྱོད་ཀྱིས་ཅི་ཞིག་བྱས། །ཀླུ་རྣམས་བསྐྱབས་ལས་གྲགས་བ་ཅིག་མ་ཐོབ། །བསྔགས་པར་འོས་པའི་རྗེ་ཡི་གསུང་མ་བསྒྲུབས། །གཞན་གྱིས་བདག་ཉིད་བཏང་བསྲུངས་མྱ་ངན་འོས། །ཀྱེ་མ་ཀྱི་ཧུད་སྨད་བདག་བསླུས་སོ་བསླུས། །དེས་ན་རྣམ་པ་འདི་ལྟར་གྱུར་པ་བདག་ནི་སྐད་ཅིག་ཙམ་འཚོ་ཞིང་བདག་ཉིད་ལ་ཉེ་བར་བགད་པར་མི་བྱའོ། །རེ་ཞིག་འདིའི་རྗེས་སུ་སོང་སྟེ་བརྟག་པར་བྱའོ། །ཡོངས་སུ་འགྲོ་ཞིང་ས་ལ་བལྟས་ཏེ། དང་པོར་ས་གཞི་ཁྱབ་བྱས་དེ་ནས་མདུན་དུ་ཐིགས་པ་རགས་པ་གྲོལ་བ་དག་ཏུ་ལྷུང༌། །རྡོ་རྣམས་ལ་ལྷུང་བརྡབས་ཤིང་འཐོར་གྱུར་ཐིགས་ཕྲན་ལྡན་པའི་ཐང་ལ་སྲོག་ཆགས་རྣམས་ཀྱིས་དཀྲིགས། ཁམས་ཀྱི་ངོས་ལ་མཚོན་དཀའ་བཞིན་སྟུག་དག་གི་རྩེ་དང་ཕུག་རྣམས་ངག་ལ་ཆགས་གྱུར་པ། །ཁྲག་གི་རྒྱུན་འདིའི་རྗེས་སུ་ལེགས་པར་འབྲངས་ཏེ་མཁའ་ལྡིང་ལྟ་འདོད་བདག་ནི་འགྲོ་བར་བྱ། །ཡུམ་གྱིས་ཐོས་ནས་སྐྲག་པ་དང་བཅས་པར། རྒྱལ་པོ་ཆེན་པོ་སུ་ཞིག་དུ་བའི་བཞིན་དང་ལྡན་པ་འདི་ནི་འདི་ཉིད་དུ་མྱུར་བར་འོང་ཞིང་བདག་གི་སྙིང་འཁྲུགས་པར་བྱེད་དེས་ན་རེ་ཞིག་འདི་སུ་ཡིན་ཤེས་པར་བྱོས་ཤིག །སྤྲིན་གྱི་ཏོག་གིས། ཇི་ལྟར་ལྷ་མོ་སྨྲ་བ་བཞིན་ནོ། །དུང་གི་གཙུག་གིས་ཀྱི་ཧུད་འཇིག་རྟེན་གསུམ་གྱི་གཙུག་གི་ནོར་བུ་གཅིག་པུ་ཁྱོད་བདག་གི་གང་དུ་བལྟ་བར་བྱ། བཅོམ་པར་གྱུར་ཏོ། །སྤྲིན་གྱི་ཏོག་གིས་ཐོས་ནས་དགའ་བ་དང་བཅས་པར་བགད་ནས་ལྷ་མོ་མྱ་ངན་ཐོང་ཤིག །འདིའི་གཙུག་གི་ནོར་བུ་འདི་ཤ་ལ་ཆགས་པའི་བྱ་འགའ་ཞིག་གིས་མགོ་ལས་བཅད་དེ་ཁྱེར་བ་ལྷུང་བ་ཡིན་ནམ་སྙམ་མོ། །ཡུམ་གྱིས་ཚིམ་པ་དང་བཅས་པར་མ་ལ་ཡ་ཅན་མ་ལ་འཁྱུད་ནས་ཨ་ཨཱི་ཡུགས་ས་མོར་མ་གྱུར་མ་བརྟེན་པར་མཛོད་ཅིག །ཁྱོད་ནི་རྣམ་པ་འདི་འདྲ་བདག་གིས་


DTG169_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་ཡུགས་སའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་མ་ཡིན་ནོ། །མ་ལ་ཡ་ཅན་མས་དགའ་བ་དང་བཅས་པར་ཡུམ་ཁྱོད་ཀྱི་ཤིས་པར་བརྗོད་པ་ཡིས་སོ་ཞེས་ཏེ་ཞབས་ལ་གཏུགས་སོ། །སྤྲིན་གྱི་ཏོག་གི་དུང་གི་གཙུག་ལ་ཉེ་བར་བཏུད་ནས་བུ་ཁྱོད་ཀྱི་གཙུག་གི་ནོར་བུ་སྟོར་རམ་ཅི། དུང་གི་གཙུག་གིས་རྗེ་བདག་གཅིག་པུའི་མ་ཡིན་གྱི། །འཇིག་རྟེན་གསུམ་གྱི་ཡང་ངོ༌། །སྤྲིན་གྱི་ཏོག་གི་བུ་ཇི་ལྟར་ན་དུང་གི་གཙུག་གི་སྡུག་བསྔལ་གྱི་ཁུར་ཆེན་པོ་དང་ལྡན་པས་མཆི་མས་མགྲིན་པ་ཉེ་བར་བསྒགས་པ་བདག་གིས་བརྗོད་པར་མི་ནུས་སོ། །སྤྲིན་གྱི་ཏོག་གིས་རང་གི་མྱ་ངན་ཤིན་ཏུ་བཟོད་པར་དཀའ་བ་དག་བདག་ལ་སྨོས་ཤིག །དེ་བདག་ལ་འཕོས་པ་གང་གིས་ན་ཁྱོད་ཀྱིས་བཟོད་པར་བྱ་བར་འགྱུར་རོ། །དུང་གི་གཙུག་གིས་གསན་པར་མཛོད་ཅིག །ངེས་པར་བདག་ནི་ཀླུ་རུང་གི་གཙུག་ཅེས་བྱ་བའོ། །ཟས་ཀྱི་རེས་ལ་བབ་ནས་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱིས་བི་ན་ཏའི་བུ་ལ་བསྲིངས་སོ། །མང་པོས་ཅི་ཞིག་བྱ། གལ་ཏེ་ཁྲག་གི་རྒྱུན་གྱི་ལམ་འདི་རྡུལ་གྱིས་བསྒྲིབས་ཏེ་མཚན་དཀའ་བར་འགྱུར་རོ། །དེས་ན་མདོར་བསྡུས་པ་བཤད་པར་བྱའོ། །སེམས་ནི་སྙིང་རྗེ་དང་ལྡན་པ། །རིག་པ་འཛིན་པ་སུ་ཞིག་གིས། །རང་ཉིད་མཁའ་ལྡིང་ལ་བྱིན་ནས། །བདག་གིས་སྲོག་ནི་བསྲུངས་པར་གྱུར། །སྤྲིན་གྱི་ཏོག་གིས། མཉེས་གཤིན་གཞན་ལ་ཕན་པ་ལ་ཞེན་པ་དེ་ལྟ་བུ་བདག་གི་བུ་ལས་གཞན་པ་སུ་ཞིག་ཡོད། ཀྱེ་བུ་སྤྲིན་གྱི་བཞོན་པ་ཡིས་ཞེས་གསལ་བར་བརྗོད་ཅིག །ཀྱི་ཧུད་སྐལ་བ་ངན་པ་བདག་བཅོམ་མོ། །ཡུམ་གྱིས་ཀྱི་ཧུད་བུ་སྡུག་པ་ཁྱོད་ཀྱིས་འདི་ཅི་ལ་བྱས། མ་ལ་ཡ་ཅན་མས། ཀྱི་ཧུད་ཇི་ལྟར་བདག་ལ་མཚན་མ་ངན་པ་ནི་བདེན་པ་ཉིད་དུ་གྱུར་ཏོ། །བརྒྱལ་བར་གྱུར་ཏོ། །དུང་གི་གཙུག་གིས་མཆི་མ་དང་བཅས་པར་ཨ་ཡེ་ངེས་པར་སེམས་དཔའ་ཆེན་པོ་དེའི་ཡབ་ཡུམ་ནི་འདི་དག་གོ །བདག་གི་མི་འདོད་པ་བརྗོད་ནས་འདི་དག་གནས་སྐབས་འདི་ལ་བཀོད་དོ། །ཡང་ན་དུག་འཛིན་གྱི་ཁ་ནས་དུག་ལས་གཞན་པ་ཅི་ཞིག་འབྱུང་བར་འགྱུར། ཀྱེ་མ་སྲོག་རབ་ཏུ་སྟེར་བ་སྤྲིན་གྱི་བཞོན་པ་ལ་དེ་དང་མཚུངས་པའི་ཕན་པ་དུང་གི་གཙུག་གིས་བྱས་སོ། །དེས་ན་ད་ལྟ་ཉིད་དུ་བདག་ཉིད་ཀྱིས་གསད་པར་བྱ་འམ་ཅི། ཡང་ན་རེ་ཞིག་འདི་དག་དབུགས་དབྱུང་བར་བྱའོ། །ཡབ་དབུགས་ཕྱིན་པར་མཛོད་ཅིང༌། །ཡུམ་དབུགས་ཕྱིན་པར་མཛོད་ཅིག །གཉི་ག་དབུགས་ཕྱིན་པར་གྱུར་ཏོ། ཡུམ་གྱིས་བུ་མོ་ལོངས་ཤིག །རིངས་པར་མ་བྱེད་ཅིག །བདག་ཅག་ཀྱང་སྤྲིན་གྱི་བཞོན་པ་མེད་པར་འཚོ་འམ་ཅི། དེས་ན་གྲེ་ཞིག་དབུགས་ཕྱིན་པར་གྱིས་ཤིག །མལ་ཡ་ཅན་མས་


DTG169_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ཕྱིན་ནས་ཀྱི་ཧུད་རྗེའི་སྲས་ཁྱོད་གང་དུ་བདག་གིས་བལྟ་བར་བྱ། །སྤྲིན་གྱི་ཏོག་གིས། ཀྱི་ཧུད་བུ་བླ་མའི་ཞབས་ཀྱི་བསྙེན་བཀུར་གྱི་ཆོ་ག་ཤེས་པ་ཁྱོད་བདག་གིས་གང་དུ་བལྟ་བར་བྱ། ཁྱོད་ཀྱིས་བདག་གི་རྐང་པ་ལ། །གཙུག་གི་ནོར་བུ་གཏུག་ཏུ་བཅུག །འཇིག་རྟེན་གཞན་དུ་འགྲོ་ན་ཡང༌། །དུལ་བའི་རིམ་པ་མདོར་རོ། །གཙུག་གི་ནོར་བུ་བླངས་ནས་ཀྱི་ཧུད་ཁྱོད་ཀྱིས་བདག་ལ་འདི་ཙམ་ཁོ་ན་བསྟན་པར་བྱས། སྙིང་ལ་བརླན་ནས་ཨ་ཧ་ཧ་གུས་པས་ཤིན་ཏུ་རིངས་ནས་འདུག་ཅིང་མགོ་བཏུད་པས། །རྟག་ཏུ་བདག་གི་རྐང་ལ་ཕྱག་འཚལ་ཁྱོད་ཀྱི་ནི། །གཙུག་གི་ནོར་བུ་འདི་རྩུབ་མིན་ཡང་བརྡར་བ་ཡིས། །བདག་གི་སྙིང་ནི་ཤིན་ཏུ་འཇོམས་པར་བྱེད་པ་ཅི། །ཡུམ་གྱིས་ཀྱི་ཧུད་བུ་སྤྲིན་གྱི་བཞོན་པ་གང་ཁྱོད་ནི་བླ་མའི་ཞབས་ཀྱི་སྲི་ཞུ་བོར་ནས་གཞན་པའི་བདེ་བ་ཉིད་ལ་སྲེང་པ་མ་ཡིན་ན། དེ་ཇི་ལྟར་ད་ནི་ཡབ་སྤངས་ནས་མཐོ་རིས་ཀྱི་བདེ་བ་ཉམས་སུ་མྱོང་བར་བྱེད་དུ་སོང་བར་གྱུར། སྤྲིན་གྱི་ཏོག་གིས་མཆི་མ་དང་བཅས་པར་ལྷ་མོ་ཡུ་ཅག་སྤྲིན་གྱི་བཞོན་པ་མེད་པར་འཚོའམ་ཅི་གང་གིས་ན་དེ་ལྟ་བུའི་སྨྲེ་སྔགས་རྗོད་པར་བྱེད། མ་ལ་ཡ་ཅན་མས་རྐང་པ་དག་ལ་གཏུགས་ཏེ། ཐལ་མོ་སྦྱར་ནས་ཡབ་རྗེའི་སྲས་ཀྱི་མཚན་མ་གཙུག་གི་ནོར་བུ་དག་སྩོལ་ཅིག །གང་གིས་ན་འདི་སྙིང་ལ་བྱས་པས་མེ་བཅུག་སྟེ་བདག་ཉིད་ཀྱི་གདུང་བ་བསལ་བར་བྱའོ། །སྤྲིན་གྱི་ཏོག་གིས་བདག་པོའི་བརྟུལ་ཞུགས་མ་ཅི་ལ་འཁྲུགས་པར་བྱེད། བདག་ཅག་ཐམས་ཅད་འདི་ཉིད་དུ་ངེས་པ་མ་ཡིན་ནམ། ཡུམ་གྱིས་ཀྱེ་རྒྱལ་པོ་ཆེན་པོ་དེ་ལྟ་ན་ཅི་ཞིག་ལ་ཐོགས། སྤྲིན་གྱི་ཏོག་གིས་ཅི་ལ་ཡང་མ་ཡིན་ནོ། །འོན་ཀྱང་བསྒྲུབས་པའི་མེ་ལས་གཞན་པའི་མེས་འདུས་བྱ་བ་མངོན་པར་བསྒྲུབས་པ་མ་ཡིན་ནོ། །དེས་ན་མཆོད་སྦྱིན་གྱི་ཁང་པ་ལས་མེ་བླངས་ཏེ་བདག་ཅག་རྣམས་བསྲེག་པར་བྱའོ། །དུང་གི་གཙུག་གིས་བདག་ཉིད་རྟོགས་པར་ཇི་ལྟར་སྡིག་ཅན་བདག་གཅིག་པུའི་དོན་དུ་རིག་པ་འཛིན་པའི་རིགས་འདི་མཐའ་དག་ཆད་པར་འགྱུར་ཏེ། དེས་ན་རེ་ཞིག་འདི་སྐད་དོ། །གསལ་བར་ཡབ་ངེས་པ་ཉིད་དུ་མ་གྱུར་པར་འདི་འདྲ་བའི་ཐུབ་ཆོད་སྒྲུབ་པར་རེགས་པ་མ་ཡིན་ནོ། །བྱེད་པོའི་རྣམ་འཕྲུལ་ནི་རྣམ་པར་བཀྲ་བ་ཡིན་ཏེ། གལ་ཏེ་ན་ཀླུའི་དགྲས་འདི་ཀླུ་མ་ཡིན་པ་ཞིག་གོ་ཞེས་ཤེས་ཏེ། སྤྲིན་གྱི་བཞོན་པ་འཚོ་བ་དང་བཅས་པ་ཉིད་གཏོང་བ་ཡང་སྲིད་དོ། །དེས་ན་ཁྲག་གི་རྒྱུན་འདི་ཉིད་ཀྱིས་རེ་ཞིག་པི་ན་ཏའི་བུའི་རྗེས་སུ་འབྲང་བར་བྱའོ། །ཡུམ་གྱིས་རྣམ་པ་ཀུན་དུ་ལྷ་རྣམས་ཀྱི་


DTG169_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་གྱིས་བུ་འཚོ་བ་དང་ལྡན་པ་ཉིད་མཐོང་བར་གྱུར་ཅིག །མ་ལ་ཡ་ཅན་མས་བདག་ཉིད་ཀྱིས་རྟོགས་པར་ངེས་པར་འདི་ནི་སྐལ་བ་ཞན་པ་བདག་ལ་དཀོན་ནོ། །སྤྲིན་གྱི་ཏོག་གིས། བུ་ཁྱོད་ཀྱི་ཚིག་མི་བདེན་པ་མ་ཡིན་པར་གྱུར་ཅིག །དེ་ལྟ་ན་ཡང་མེ་དང་བཅས་པ་ཉིད་དུ་བདག་ཉིད་འགྲོ་བར་རིགས་སོ། །དེས་ན་ཁྱོད་རྗེས་སུ་སོང་ཤིག །བདག་ཅག་ཀྱང་མེའི་ཁང་པ་ནས་མེ་བླངས་ཏ་མྱུར་བ་ཉིད་དུ་འོང་ངོ༌། །སྤྲིན་གྱི་ཏོག་བཙུན་མོ་དང་མནའ་མ་དང་བཅས་པ་སོང་བར་གྱུར་ཏོ། །དུང་གི་གཙུག་གིས་དེས་ན་རེ་ཞིག་མཁའ་ལྡིང་གི་རྗེས་སུ་འབྲང་བར་བྱའོ། །འཇིག་རྟེན་འདས་གྱུར་སྤྱོད་པ་དག་གིས་གཙང་བའི་ལུས་དང་ལྡན། །བྱ་ཡི་བདག་པོ་བློ་གྲོས་འཁྲུལ་པ་དག་གིས་ཁྱེར་བ་འདི། །ཇི་སྲིད་ཟོས་པར་མ་གྱུར་དེ་སྲིད་རབ་ཏུ་བསྲུང་བའི་ཕྱིར། །ས་གཞི་འཛིན་པ་མཆོག་ཏུ་མཐོ་བའི་ཕྱིར་ནི་འགྲོ་བར་བྱ། །ཞེས་ཏེ་དུང་གི་གཙུག་སོང་བར་གྱུར་ཏོ། །མཚན་མ་ལྔ་པའོ།། །།དེས་ན་དུང་གི་གཙུག་ཞུགས་པར་གྱུར་ཏེ། མདུན་དུ་ངེས་པར་བརྟགས་ནས། ཁྲག་གིས་བརླན་པའི་མཆུ་དག་བརྡར་བས་རིལ་དྲོ་ཎི་གསར་པ་བཞིན་བྱེད་ཅིང༌། །རང་གི་འདྲེན་བྱེད་འོད་ཟེར་མེ་ཡི་ཕྲེང་བས་ཉེ་བའི་ནགས་ཀྱི་ཁོངས་དག་བསྲེགས། །འཇིགས་རུང་རྡོ་རྗེ་ལྟར་རྩུབ་སྡེར་མོ་དག་ནི་མཐའ་རུས་ལ་བརྡབ་ཅིང་བྱིང༌། །སྦྲུལ་གྱི་དགྲ་འདི་མལ་ཡ་ཡི་ཅོག་གི་རྩེ་མོར་རིང་པོ་དག་ནས་མཐོང༌། །དེ་ནས་མདུན་དུ་སྤྲིན་གྱི་བཞོན་པ་འགྱེལ་བའི་མཁའ་ལྡིང་ཞུགས་པར་གྱུར་ཏོ། །མཁའ་ལྡིང་གི་བདག་ཉིད་ཀྱིས་རྟོགས་པ་སྐྱེས་ནས་བཟུང་སྟེ་ལག་འགྲོའི་བདག་པོ་དག་ཟོས་པར་གྱུར་ན། འདི་འདྲ་བའི་ཡ་མཚན་དང་བཅས་པ་ནི་བདག་གིས་སྔར་མ་མཐོང་ངོ༌། །གང་ཞིག་སེམས་དཔའ་ཆེན་པོ་འདི་ལ་གདུང་བ་མེད་པ་འབའ་ཞིག་ཏུ་མ་ཟད་དེ། དགའ་བརྒྱ་ཆེན་པོ་དང་བཅས་པ་བཞིན་དུ་ཡང་མཐོང་ངོ༌། །དེ་ལྟར་ཡང༌། བརྟན་པའི་རྒྱ་མཚོ་འདི་ཡི་ཁྲག་ནི་ལྷག་པར་འཐུངས་ཀྱང་དམན་པར་འགྱུར་པ་མེད། །ཤ་དག་རབ་ཏུ་བཅད་པ་ལས་སྐྱེས་གདུང་བ་འཛིན་ཡང་དགའ་བས་བཞིན་རབ་དངས། །གང་ཞིག་ལུས་ནི་ཟོས་པ་མིན་པ་དེ་ལ་སྤུ་ལོང་འདི་ནི་གསལ་པོས་མཚན། །གནོད་བྱེད་བདག་ལ་ཡང་ནི་འདི་ཡི་མིག་དག་ཕན་པ་བྱེད་པ་བཞིན་དུ་བལྟ། །དེས་ན་འདི་ཡི་བརྟན་པའི་ཚུལ་གྱིས་བདག་ནི་དགེ་མཚན་དང་ལྡན་པ་བཞིན་དུ་བྱས་སོ། །འདི་ནི་བཟའ་བར་མི་བྱའི། རེ་ཞིག་སུ་ཡིན་བརྟག་པར་བྱའོ། །སྤྲིན་གྱི་བཞོན་པས་མཁའ་ལྡིང་ལ་བལྟས་ནས། བདག་གི་ལུས་ལ་ད་དུང་ཤ་དག་ཡོད། །རྩ་སྒོ་རྣམས་ལས་ཁྲག་ནི་ཟག་པ་ཉིད།།


DTG169_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱང་ཚིམ་པར་གྱུར་པ་མ་མཐོང་ན། །མཁའ་ལྡིང་ཟས་ཀྱི་དོན་ལ་ཆགས་བྲལ་ཅི། །མཁའ་ལྡིང་གི་བདག་ཉིད་ཀྱིས་རྟོགས་ཤིང་ངོ་མཚར་དང་བཅས་པར་ཇི་ལྟར་ན་འདི་གནས་སྐབས་འདི་ལ་ཡང་འདི་ལྟར་སྙིང་སྟོབས་དང་ལྡན་པ་ཉིད་དུ་མངོན་པར་བརྗོད། གསལ་བར། ཁྱོད་ཀྱི་སྙིང་ལས་ཁྲག་དག་ནི། །བདག་གི་མཆུ་ཡིས་རབ་ཏུ་འཕྲོག །སླར་ཡང་ཁྱོད་ཀྱི་བརྟན་པ་འདིས། །བདག་གི་སྙིང་ཉིད་ཕྲོགས་པར་གྱུར། །དེའི་ཕྱིར་ཁྱོད་སུ་ཡིན་ཐོས་པར་འདོད་དོ། །སྤྲིན་གྱི་བཞོན་པས། འདི་ལྟར་བཀྲེས་པའི་སྡུག་བསྔལ་གྱིས། །གཟིར་ལ་ཁྱོད་ཀྱིས་མཉན་མི་འོས། །རེ་ཞིག་བདག་གི་ཤ་དང་ནི། །ཁྲག་རྣམས་དག་གིས་ཚིམ་པར་མཛོད། །དུང་གི་གཙུག་གིས་རིངས་པ་དང་བཅས་པར་ཉེ་བར་བཏུད་དེ། མཁའ་ལྡིང་མཁའ་ལྡིང་ངེས་པར་ཐུབ་ཆོད་དག་བསྒྲུབ་པར་མི་བྱའོ། །འདི་ནི་ཀླུ་མ་ཡིན་པས་ཡོངས་སུ་ཐོང་ལ་བདག་ཟོ་ཤིག །བདག་ནི་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱིས་ཁྱོད་ཀྱི་ཟས་ཀྱི་དོན་དུ་བཏང་བའོ་བྲང་བསྟན་ཏོ། །སྤྲིན་གྱི་བཞོན་པས་དུང་གི་གཙུག་ལ་ལྟ་ཞིང་ཀྱེ་མ་དུང་གི་གཙུག་འོངས་ཏེ། བདག་གི་ཡིད་ལ་རེ་བ་འབྲས་བུ་མེད་པར་བྱས་སོ། །མཁའ་ལྡིང་གིས་གཉི་ག་ལ་བལྟས་ནས། གཉི་གཡང་གསོད་པའི་མཚན་མ་དང་ལྡན་པས་གང་ངེས་པར་ཀླུ་ཡིན་ཞེས་བདག་གིས་མ་རྟོགས་སོ། །དུང་གི་གཙུག་གིས་ཁྱོད་ནི་གནས་མ་ཡིན་པ་ལ་འཁྲུལ་པ་སྟེ། བྲང་ལ་བཀྲ་ཤིས་མཚན་མ་ལྟ་ཞོག་བདག་གི་ལུས་ལ་ཤུན་པ་མ་མཐོང་ངམ། །རྗོད་པར་བྱེད་བཞིན་དུ་ཡང་ལྕེ་གཉིས་དག་ནི་ཁྱོད་ཀྱིས་ངེས་པར་མ་འགྲངས་སམ། །མི་བཟད་དུག་གི་མེ་ཡི་དུ་བའི་ཚོགས་ཀྱིས་རིན་ཆེན་འོད་ཟེར་ཉམས་བྱེད་ཅིང༌། །བཟོད་དཀའ་གདུང་བས་སྡུད་བྱས་རླུང་གིས་རྒྱས་གྱུར་གདེངས་ཀ་འདི་གསུམ་མ་མཐོང་ངམ། །མཁའ་ལྡིང་གིས་དུང་གི་གཙུག་གི་གདེངས་ཀ་མཐོང་ནས། སྤྲིན་གྱི་བཞོན་པ་ལ་ལྟ་ཞིང་ངེས་པར་འདི་སུ་ཞིག་བདག་གིས་བསད་པར་གྱུར། དུང་གི་གཙུག་གིས། ཀྱེ་འདི་ནི་རིག་པ་འཛིན་པ་སྤྲིན་གྱི་བཞོན་པའོ། །མཁའ་ལྡིང་གིས། འདི་རིག་པ་འཛིན་པའི་རིགས་ཀྱི་ཐིག་ལེ་སྤྲིན་གྱི་བཞོན་པ་ཡིན་ནམ། རི་རབ་མནྡཱ་རའི་ངོས་དང་གངས་ཀྱི་རྩེ་དང་དབང་ཆེན་དག་གི་རི། །ཀེ་ལ་ཤ་ཡི་རྡོ་བའི་གཞི་དང་མ་ལ་ཡ་ཡི་ངོས་ཀྱི་ཆ་དག་དང༌། ཕྱོགས་ནི་དེ་དང་དེ་དག་རྣམས་སུ་གང་གི་གྲགས་པ་རྣམ་མང་འཇིག་རྟེན་དང༌། །འཇིག་རྟེན་མིན་པར་རྣམ་དཔྱོད་རྒྱུ་བའི་ཚོགས་རྣམས་དག་གིས་གླུར་ལེན་དེ་དག་ཐོས། །རྣམ་པ་ཐམས་ཅད་དུ་གྲགས་པ་མ་ཡིན་པའི་འདམ་ཆེན་པོར་བྱིང་བར་གྱུར་ཏོ། །སྤྲིན་གྱི་བཞོན་པས་


DTG169_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་ཅན་གྱི་བདག་པོ་ཅིའི་ཕྱིར་འདི་ལྟར་ཡིད་འབྱུང་བར་བྱེད། དུང་གི་གཙུག་གིས། འདི་ཡིད་འབྱུང་བའི་གནས་མ་ཡིན་ནམ་ཅི། རང་གི་ལུས་ཀྱིས་བདག་གི་ལུས་འདི་མཁའ་ལྡིང་ལས་ཡོངས་སུ་བསྲུངས་པ་ཁྱོད་ཀྱིས་བདག་ས་འོག་ལས་ཀྱང་འོག་ཏུ་དགྱེར་བར་འོས་སོ། །མཁའ་ལྡིང་གིས་ཨ་ཡེ་ཇི་ལྟར་བརྩེ་བས་བརླན་པའི་སེམས་དང་ལྡན་པའི་བདག་ཉིད་ཆེན་པོ་འདི་བདག་གིས་བཟའ་བའི་སྤྱོད་ཡུལ་དུ་གྱུར་པའི་གདེངས་ཅན་རྣམས་ཀྱི་སྲོག་ཡོངས་སུ་བསྲུང་བའི་ཕྱིར་བདག་ཉིད་རང་ཟས་ཀྱི་དོན་དུ་ཉ་བར་འོངས་སོ། །དེས་ན་བདག་གི་བྱ་བ་མ་ཡིན་པ་ཆེན་པོ་བྱས་སོ། །མང་པོས་ཅི་ཞིག་བྱ། བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ཉིད་གསད་པར་གྱུར་ཏོ། །དེས་ན་སྡིག་པ་ཆེན་པོ་འདི་དག་པར་བྱེད་པ་ནི་མེར་རབ་ཏུ་འཇུག་པ་ལས་གཞན་མ་མཐོང་ངོ༌། །དེས་ན་ངེས་པར་བདག་གིས་མེ་དག་གང་དུ་རྙེད་པར་འགྱུར། ཕྱོགས་རྣམས་སུ་བལྟ་ཞིང་ཨ་ཡེ་སུ་ཞིག་འདིས་མེ་བླངས་ནས་འདི་ཉིད་དུ་འོང་བར་བྱེད་དེ། རེ་ཞིག་འདིར་རྗེས་སུ་བསྐྱང་བར་བྱའོ། དེ་ནས་དུང་གི་གཙུག་གིས་གཞོན་ནུ་ཁྱོད་ཀྱི་ཡབ་ཡུམ་འདི་དག་བྱོན་ཏོ། །སྤྲིན་གྱི་བཞོན་པས། རིངས་པ་དང་བཅས་པར་དུང་གི་གཙུག་ཉེ་བར་འདུག་སྟེ་སྟོད་གཡོགས་འདིས་ལུས་ཡོངས་སུ་བསྒྲིབས་པ་བྱས་ནས་ཉེ་བར་གནས་པས་བདག་གཟུང་བར་བྱའོ། །གཞན་དུ་གལ་ཏེ་ན་འཕྲལ་ལ་འདི་འདྲ་བ་མཐོང་ན་ཡུམ་གྱི་སྲོག་གཏོང་བར་འགྱུར་རོ། །དུང་གི་གཙུག་གིས་ལོགས་སུ་འདུག་སྟེ་སྟོད་གཡོགས་བཟུང་ནས་དེ་ལྟར་བྱེད་དོ། །དེ་ནས་སྤྲིན་གྱི་ཏོག་བཙུན་མོ་དང་མནའ་མར་བཅས་པ་ཞུགས་པར་གྱུར་ཏོ། །སྤྲིན་གྱི་ཏོག་གིས་མཆི་མ་དང་བཅས་པར། བུ་སྤྲིན་གྱི་བཞོན་པ། བདག་དང་གཞན་གྱི་འདི་ཞེས་བདེན་པར་སྙིང་རྗེའི་རིམ་པ་བདག་ལ་ག་ལ་ཡོད། །ཅི་ཞིག་མང་པོ་འམ་གཅིག་ཉིད་བསྲུང་ཞེས་ཁྱོད་ལ་བསམ་པ་ཇི་ལྟར་སྐྱེས་མ་གྱུར། །མཁའ་ལྡིང་དག་ལས་སྦྲུལ་འདི་བསྲུང་ཕྱིར་རང་སྲོག་གཅེས་པ་ཡོངས་སུ་གཏོང་བར་བྱེད་མོད་ཀྱི། །གང་ཞིག་གིས་ནི་བདག་དང་ཕ་མ་ཆུང་མ་དག་གི་ཚོགས་འདི་ལུས་པ་མེད་པར་བཅོམ། །མ་ལ་ཡ་ཅན་མས་ཀྱི་ཧུད་རྗེའི་སྲས་རྗེས་སུ་འབྲང་བའི་སྐྱེ་བོ་དོར་ནས་གཅིག་པུ་གང་དུ་གཤེགས། །སྐལ་བ་ཞན་མ་བདག་རྗེས་སུ་སྐྱོངས་ཤིག །ཡུམ་གྱིས་མ་ལ་ཡ་ཅན་མ་ལ་མཚོན་ནས་བུ་མོ་ཡུད་ཙམ་མ་དུ་ཞིག །མཆི་མ་རྒྱུན་དུ་ལྷུང་བས་མེ་ཉམས་པར་བྱེད་དོ། །ཐམས་ཅད་སོང་བར་གྱུར་ཏོ། །མཁའ་ལྡིང་གིས་ཀྱི་ཧུད་བུ་སྤྲིན་གྱི་བཞོན་པ་ཞེས་སྨྲ་བ་འདི་གསལ་བར་འདིའི་ཡབ་ཡིན་ནོ། །དེས་ན་འདིའི་མེས་


DTG169_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་མེད་དེ། །བུ་བསད་པས་ངོ་ཚབས་ན་འདིའི་བཞིན་ལ་བལྟ་བར་མི་ནུས་སོ། །ཡང་ན་མེའི་ཆེད་དུ་ཡོངས་སུ་འཁྲུགས་པས་ཅི་ཞིག་བྱ། བདག་ཆུ་གཏེར་གྱི་དོགས་ཉིད་དུ་གནས་པར་བྱའོ། །དེ་ནས་རེ་ཞིག་ད་ནི་འཇིག་རྟེན་གསུམ་ཟ་རོལ་བསྐྱོད་པའི་དུས་ཀྱི་ལྕེ་རྩེ་དང་འདྲ་འབར་ཞིང་འཁྱོག །ཀུན་ནས་རབ་ཏུ་གཡོ་ཞིང་རྒྱ་མཚོ་དག་ནི་རྩྭ་བཞིན་ཁམ་དུ་བྱེད་པར་འདོད། །རང་གི་གཤོག་རླུང་ལྟས་ངན་རླུང་རབ་དཀྲིགས་འདྲ་རབ་ཏུ་གསལ་བས་བསྐྱོད་བྱས་པས། །འཇིགས་རུང་བསྐལ་པ་ཐ་མའི་མེ་འདྲ་རྟག་དོང་མེ་འདི་ལ་ནི་བདག་མཆོད་དོ། །ལྡང་བར་འདོད་དོ། །སྤྲིན་གྱི་བཞོན་པས། ཀྱེ་འདབ་ཆགས་ཀྱི་རྒྱལ་པོ་སྡིག་པ་འདི་དག་པར་བྱེད་པ་ནི་རྩོམ་པ་འདི་མ་ཡིན་ནོ། །མཁའ་ལྡིང་གིས་པུས་མོ་བཙུགས་ཏེ་ཐལ་མོ་སྦྱར་ནས་བདག་ཉིད་ཆེན་པོའོ་ན་ཅི་ཡིན་སྨྲོས་ཤིག །སྤྲིན་གྱི་བཞོན་པས། སྐད་ཅིག་སྡོད་ཅིག །བདག་གི་ཕ་མ་དག་འོངས་པ་འདི་དག་ལ་རེ་ཞིག་ཕྱག་བྱའོ། །མཁའ་ལྡིང་གིས་དེ་བཞིན་ནོ། །སྤྲིན་གྱི་ཏོག་གིས། དགའ་བ་དང་བཅས་པར་ལྷ་མོ་དགའ་བ་འཕེལ་བར་མཛོད་ཅིག །བུ་སྤྲིན་གྱི་བཞོན་པ་འདི་ནི་འཚོའོ། །འཚོ་བ་འབའ་ཞིག་ཏུ་མ་ཟད་དེ། སློབ་མས་བྱ་བ་བཞིན་དུ་མཁའ་ལྡིང་གིས་ཐལ་མོ་སྦྱར་ཞིང་ཉེ་བར་བསྟེན་ཏེ་གནས་སོ། །ཡུམ་གྱིས་རྒྱལ་པོ་ཆེན་པོ་ཉམས་པ་མེད་པ་ཉིད་དུ་བུའི་བཞིན་མཐོང་བ་ནི་བདག་ཅག་དོན་བྱས་པ་ཡིན་ནོ། །མ་ལ་ཡ་ཅན་མས། གང་བདེན་པར་རྗེའི་སྲས་མཐོང་བཞིན་དུ་ཡང་ཤིན་ཏུ་མཛའི་བས་བདག་གི་སྙིང་ཡིད་མི་ཆེས་སོ། །སྤྲིན་གྱི་ཏོག་གིས་ཉེ་བར་བཏུད་ནས། བུ་ཚུར་ཤོག་ཚུར་ཤོག །བདག་ལ་ཡོངས་སུ་འཁྱུད་ཅིག །སྤྲིན་གྱི་བཞོན་པས་ལྡང་བར་འདོད་པ་ན་སྟོང་གཡོགས་ལྷུང་ཞིང་བརྒྱལ་བར་གྱུར་ཏོ། །དུང་གི་གཙུག་གིས་གཞོན་ནུ་ཐུགས་རྟོན་ཅིག །སྤྲིན་གྱི་ཏོག་གིས་ཉེ་བར་བཏུད་ནས། བུ་ཇི་ལྟར་མཐོང་ཡང་བདག་ཡོངས་སུ་དོར་ནས་འགྲོ་འམ། ཡུམ་གྱིས་ཀྱི་ཧུད་བུ་ཚིག་ཙམ་གྱིས་ཀྱང་ཁྱོད་ཕེབས་པར་མི་སྨྲ་འམ། མ་ལ་ཡ་ཅན་མས་རྗེའི་སྲས་ཇི་ལྟར་ན་ཉིད་བླ་མའི་སྐྱེ་བོ་ལ་ཡང་ལྟོས་པར་མི་བགྱིད་ལགས་བརྒྱལ་བར་གྱུར་ཏོ། །དུང་གི་གཙུག་གིས་བདག་ཉིད་ལ་མཚོན་ཏེ། ཉམས་པ་དུང་གི་གཙུག་ཁྱོད་མངལ་ཉིད་དུ་ཅིལ་མི་འཆི། གང་གིས་ན་འདི་ལྟར་སྐད་ཅིག་སྐད་ཅིག་ལ་འཆི་བ་བས་ལྷག་པའི་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད། །མཁའ་ལྡིང་གིས། འདི་ཐམས་ཅད་ནི་གཏུམ་པོ་མ་བརྟགས་པར་བྱེད་པ་བདག་གིས་བསྐྱེད་པའོ། །དེས་ན་རེ་ཞིག་འདི་ལྟར་བྱའོ། །གཤོག་པས་རླུང་གཡོབ་ཅིང་


DTG169_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བརྟན་པར་མཛོད་ཅིག །བདག་ཉིད་ཆེན་པོ་ཡིད་བརྟན་པར་མཛོད་ཅིག །སྤྲིན་གྱི་བཞོན་པས་ཡིད་བརྟན་ནས་དུང་གི་གཙུག་བླ་མ་དག་དབུགས་དབྱུང་བར་མཛོད་ཅིག །དུང་གི་གཙུག་གིས་དེ་ལྟར་བྱེད་དོ། །ཡབ་ཡུམ་དབུགས་ཕྱིན་པར་མཛོད་ཅིག་སྤྲིན་གྱི་བཞོན་པ་ནི་དབུགས་ཕྱིན་པར་གྱུར་ཏོ། །ཅི་མི་ལྟ་འམ་སླར་ལ་ཁྱེད་ཉིད་དུ་དབུགས་དབྱུང་བའི་སླད་དུ་ཉེ་བར་འཁོད་དེ་གནས་སོ། །གཉི་ག་དབུགས་ཕྱིན་པར་གྱུར་ཏོ། །ཡུམ་གྱིས་ཀྱི་ཧུད་བུ་བདག་ཅག་གིས་མཐོང་བཞིན་ཉིད་དུ་མཐར་བྱེད་ཉམས་པས་ཁྱོད་ཕམ་པར་བྱེད་དོ། །སྤྲིན་གྱི་ཏོག་གིས་འཚོ་ཞིང་ཚེ་དང་ལྡན་བཞིན་དུ་བཀྲ་མི་ཤིས་པ་འདི་ལྟ་བུ་མ་བརྗོད་ཅིག །དེས་རེ་ཞིག་མནའ་མ་ཡང་དབུགས་ཕྱུང་ཤིག །ཡུམ་གྱི་གདོང་གོས་ཀྱིས་བསྒྲིབས་ནས་དུ་བར་བྱེད་དོ། །འདི་ལྟར་བཀྲ་མི་ཤིས་པ་ཉམས་པར་གྱུར་ཅིག་དུ་བར་མི་བྱའོ། །བུ་མོ་དབུགས་ཕྱིན་པར་གྱིས་ཤིག །དབུགས་ཕྱིན་པར་གྱིས་ཤིག །ལོངས་ཤིག་འདི་ཉིད་ཀྱི་དུས་སུ་ཁྱོད་ཀྱིས་བདག་པོའི་གདོང་མཐོང་ངོ༌། །མ་ལ་ཡ་ཅན་མ་དབུགས་ཕྱིན་ནས་ཀྱི་ཧུད་རྗེའི་སྲས་དགའ་བ་ཡང་བཏང་ནས་གཅིག་པུ་ཉིད་དུ་གཤེགས་པར་བཞེད་དམ། ཡུམ་གྱིས་མ་ལ་ཡ་ཅན་མའི་ཁ་ལག་པས་བསྒྲིབས་ནས་བུ་མོ་དེ་ལྟར་མ་བརྗོད་ཅིག །འདི་དག་ཉམས་པར་གྱུར་ཅིག །སྤྲིན་གྱི་ཏོག་གིས་མཆི་མ་དང་བཅས་ཤིང་བདག་ཉིད་ཀྱིས་རྟོགས་པར། ཡན་ལག་ཀུན་ཟོས་གནས་མེད་བཞིན། །སྲོག་འགྲོ་མགྲིན་པའི་ཕྱོགས་ལ་ནི། །བརྟེན་པའི་བུ་ནི་མཐོང་གྱུར་ནས། །སྡིག་བདག་ཇི་ལྟར་བརྒྱལ་མི་འགྱུར། །མ་ལ་ཡ་ཅན་མས། བདག་ནི་ཤིན་ཏུ་སྡིག་པ་བྱེད་མ་སྟེ། གང་རྗེའི་སྲས་འདི་ལྟར་གྱུར་པ་མཐོང་ཡང་ད་དུང་ཡང་སྲོག་ཡོངས་སུ་མི་གཏོང་ངོ༌། །ཡུམ་གྱི་འདྲེན་པའི་ལུས་ལ་ཀུན་དུ་རེག་ཅིང༌། མཁའ་ལྡིང་ལ་མཚོན་ནས། གཏུམ་པོ་ཁྱོད་ཀྱིས་ད་ཇི་ལྟར་བདག་གི་བུ་ན་ཚོད་ཡོངས་སུ་མ་རྫོགས་ཤིང་མཛེས་པའི་ལུས་ཅན་འདི་ལྟ་བུའི་གནས་སྐབས་སུ་བྱས་པར་གྱུར། སྤྲིན་གྱི་བཞོན་པས་ཡུམ་དེ་ལྟར་མ་བརྗོད་ཅིག །འདིས་ཅི་ཞིག་བྱས། སྔོན་དུ་ཡང་དོན་དམ་པར་འདི་ལྟ་བུ་ཉིད་དོ།། ལྟོས་ཤིག །ཚིལ་དང་རུས་པ་དག་དང་རྐང༌། །ཤ་ཁྲག་ཚོགས་ནི་པགས་པས་གཡོགས། །ལུས་ཀྱི་མིང་ཅན་རྟག་ཏུ་ནི། །འཇིགས་རུང་སྟོན་ལ་མཛེས་པ་ཅི། །མཁའ་ལྡིང་གིས་ཀྱེ་བདག་ཉིད་ཆེན་པོ་དམྱལ་བའི་མེ་འབར་བ་ཉམས་སུ་མྱོང་བར་བྱེད་པ་བཞིན་དུ་བདག་ཉིད་སེམས་པར་བྱེད་ཅིང་སྡུག་བསྔལ་བར་གནས་སོ། །


DTG169_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཉེ་བར་བསྟན་པར་མཛོད་ཅིག །གང་གིས་སྡིག་པ་ལས་གྲོལ་བར་འགྱུར། །སྤྲིན་གྱི་བཞོན་པས་ཡབ་བདག་ལ་གནང་བ་གསོལ་ཅིག །འདིའི་སྡིག་པ་ཡོངས་སུ་འཛད་པ་ཉེ་བར་བསྟན་པར་བྱའོ། །སྤྲིན་གྱི་ཏོག་གིས་བུ་དེ་བཞིན་གྱིས་ཤིག །སྤྲིན་གྱི་བཞོན་པས་བི་ན་ཏའི་བུ་ཉོན་ཅིག །མཁའ་ལྡིང་གིས་ཐལ་མོ་སྦྱར་ནས་པུས་མོ་བཙུགས་ཏེ་བཀའ་སྩོལ་ཅིག །སྤྲིན་གྱི་བཞོན་པས། རྟག་ཏུ་སྲོག་ཆགས་གསོད་ལ་རྣམ་པར་ལོག་ཅིང་སྔར་བྱས་པ་ཡང་རྗེས་སུ་འགྱོད་པར་བྱོས། །སེམས་ཅན་ཀུན་ལ་མི་འཇིགས་སྟེར་ཞིང་བསོད་ནམས་དག་གི་རྒྱུ་ནི་འབད་པས་རབ་ཏུ་བསྒྲུབས། །གང་གིས་སྲོག་ཆགས་འཚེ་བདག་ལས་ཐོབ་སྡིག་དེ་འདིར་འབྲས་བུ་ཡོངས་སུ་སྨིན་མི་འགྱུར། །གཏིང་མཐའ་རྟོགས་པར་དཀའ་བ་མཚོ་ཡི་ཆུ་ནང་དག་ཏུ་ལན་ཚའི་ཆ་ནི་འཕངས་པ་བཞིན། །མཁའ་ལྡིང་གིས། རྨོངས་པའི་གཉིད་དུ་སོང་བ་བདག །ཁྱོད་ཀྱིས་རབ་ཏུ་སད་པར་བྱས། །སྲོག་ཆགས་གསོད་པ་ཐམས་ཅད་ལས། །དིང་ནས་བཟུང་སྟེ་བདག་ལྡོག་གོ ། སྤྲིན་གྱི་བཞོན་པས་ལེགས་སོ། །སེམས་དཔའ་ཆེན་ཕོ་ལེགས་སོ། །བདག་ཅག་རྗེས་སུ་ཡི་རང་ངོ༌། །རྣམ་པ་ཐམས་ཅད་དུ་བརྟན་པར་གནས་པར་མཛོད་ཅིག །དུང་གི་གཙུག་ལ་མཚོན་ནས་དུང་གི་གཙུག་ད་ནི་ཁྱིམ་དུ་འགྲོ་བར་མཛོད་ཅིག །དུང་གི་གཙུག་ཤུགས་རིངས་ཕྱུང་ནས་ཁ་འོག་ཏུ་བལྟས་ཏེ་འདུག་གོ ། སྤྲིན་གྱི་བཞོན་པས། དུང་གི་གཙུག་ཅིའི་སླད་དུ་ཤུགས་རིང་ཕྱུང་སྟེ། ཁ་འོག་ཏུ་བལྟས་ནས་འདུག་པར་བྱེད། སོང་ལམ་ལ་ལྟོས་ཤིག །ཁྱོད་ནི་མཁའ་ལྡིང་མཆུ་རྩེ་ཡིས། །རབ་ཏུ་བཅོམ་པར་རྣམ་རྟོག་ཅིང༌། །ཁྱོད་ཀྱི་མ་དེ་ཁྱེད་སྡུག་པས། །སྡུག་བསྔལ་སྡུག་བསྔལ་ལྡན་པར་གནས། །ཡུམ་གྱིས་མཆི་མ་དང་བཅས་པར་གང་ཞིག་ངེས་པར་མཁའ་ལྡིང་གི་ཁར་ལྷུང་ཡང་ལུས་ཉམས་པ་མེད་པའི་བུ་མཐོང་བ་དེ་ནི་སྐལ་བ་དང་ལྡན་པ་ཞིག་གོ །དུང་གི་གཙུག་གིས། གལ་ཏེ་གཞོན་ནུ་རྣལ་དུ་གནས་པར་གྱུར་ན་འདི་དག་བདེན་པ་ཉིད་དོ། །སྤྲིན་གྱི་བཞོན་པས་ཚོར་བར་ལྡན་པའི་གར་བྱེད་དོ། །ཨ་ཧ་ཧ་གཞན་དོན་ཕུན་ཚོགས་རོ་ཡིས་གཡེངས་གྱུར་ཏེ། །འདི་སྙེད་དུས་སུ་བདག་གིས་རིག་མ་གྱུར། །ད་ནི་གནད་གཅོད་པ་ཡི་ཚོར་བདག །བདག་ནི་གཟིར་བའི་སླད་དུ་རྩོམ་པར་བྱེད། །འཆི་བའི་སྐབས་ཀྱི་གར་བྱེད་དོ། །སྤྲིན་གྱི་ཏོག་གིས་རྟབས་པ་དང་བཅས་པར། བུ་དེ་ལྟར་ཅི་ཞིག་བྱེད་ཡུམ་གྱིས། ཀྱི་ཧུད་འདི་དག་ཅི་ཞིག་བྱུང༌། བྲང་རྡུང་བ་དང་བཅས་པར་ཡོངས་སུ་


DTG169_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབས་ཤིག །ཡོངས་སུ་སྐྱོབས་ཤིག །བདག་གི་བུ་འདི་ནི་འཆི་བར་བྱེད་དོ། །མ་ལ་ཡ་ཅན་མས། ཀྱི་ཧུད་རྗེའི་སྲས་པོ་ཁྱོད་ནི་ཡོངས་སུ་འདོར་བར་འདོད་པ་བཞིན་དུ་མཚོན་ནོ་འདི་ཅི་ཞིག་བྱུང༌། སྤྲིན་གྱི་བཞོན་པས་ཐལ་མོ་སྦྱར་བར་འདོད་ཅིང༌། དུང་གི་གཙུག་བདག་གི་ལག་པ་སྦྱོར་ཅིག །དུང་གི་གཙུག་གིས་དེ་ལྟར་བྱེད་ཅིང་མཆི་མ་དང་བཅས་པར་ཀྱེ་མ་ཅུང་ཟད་ནས་འགྲོ་བ་མུན་པར་གྱུར་ཏོ། །སྤྲིན་གྱི་བཞོན་པས་ཕྱེད་རབ་ཏུ་བྱེ་བའི་མིག་གིས་ཕ་མ་བལྟ་ཞིང་ཡབ་ཡུམ་འདི་ནི་བདག་གི་ཕྱི་མ་ཡོང་པ་མ་ཡིན་པའི་ཕྱག་གོ །སེམས་དང་བྲལ་བའི་ལུས་འདི་དག་ནི་ལས་སུ་མི་རུང་ཞིང༌། རྣ་བས་ཚིག་དང་ཡི་གེ་གསལ་པོའི་སྒྲ་དག་ཐོས་མ་ཡིན། །མིག་འདི་འཕྲལ་ལ་སུ་ཞིག་དག་གིས་ཟུམ་པར་བྱས་པ་བཞིན། །ཡབ་ལགས་དབང་བྲལ་བདག་གི་སྲོག་ཀྱང་ཀྱེ་མ་འགྲོ་བར་བྱེད། །འགྱེལ་བར་གྱུར་ཏོ། །ཡུམ་གྱིས་ཀྱི་ཧུད་བུ་ཀྱི་ཧུད་སྙིང་རྗེས་མཉེས་གཤིན་སྤྲིན་གྱི་བཞོན་པ་ཁྱོད་སླར་གང་དུ་བལྟ་བར་བྱ། སྤྲིན་གྱི་ཏོག་གིས། ཀྱི་ཧུད་སྤྲིན་གྱི་བཞོན་པ། ཀྱི་ཧུད་དོན་གཉེར་གྱི་སྐྱེ་བོ་ལ་བྱམས་པ། ཀྱི་ཧུད་ཡོན་ཏན་ཀུན་གྱི་གཏེར། གང་དུ་སོང༌། བདག་གི་ཚིག་ལན་བྱིན་ཅིག །ལག་པ་བསྒྲེངས་ཏེ་སྡུག་བསྔལ་ལོ། །ཀྱེ་མ་སྡུག་བསྔལ་ལོ། །བརྟན་པ་བདག་ལ་གཞི་མེད་དུལ་པ་ལམ་ནི་གང་དུ་འགྲོ་བར་འགྱུར། །བཟོད་པ་འཛིན་བཟོད་སུ་ཞིག་འདི་ན་སྦྱིན་པ་ལྷུར་ལེན་དག་དང་བྲལ། བདེ་ནས་བདེ་བར་བཅོམ་སྟེ་སྙིང་རྗེ་སྡུག་པ་དེ་རིང་གང་དུ་འགྲོ། །བུ་ཁྱོད་འཇིག་རྟེན་གཞན་དུ་སོང་ཚེ་འགྲོ་བ་སྟོང་པ་ཉིད་འགྱུར་རོ། །མ་ལ་ཡ་ཅན་མས། ཀྱི་ཧུད་རྗེའི་སྲས་བདག་ཡོངས་སུ་བཏང་ནས་ཁྱོད་གང་དུ་གཤེགས། མ་ལ་ཡ་ཅན་བརྩེ་མེད་མ་ཅི་ཞིག་འདི་བལྟ་བར་བྱ་བའི་ཕྱིར་འདི་སྙེད་ཀྱི་དུས་སུ་འཚོ་འམ། དུང་གི་གཙུག་གིས་གཞོན་ནུ་སྲོག་ལས་ཀྱང་ལྷག་པར་ཕངས་པའི་འཁོར་བདག་བཏང་ནས་གང་དུ་གཤེགས། དེས་ན་ངེས་པར་དུང་གི་གཙུག་རྗེས་སུ་བཀྲི་བར་བྱའོ། །མཁའ་ལྡིང་གིས་སྡུག་བསྔལ་ལོ། །བདག་ཉིད་ཆེན་པོ་འདི་གྲོངས་པར་གྱུར་ཏོ། །ད་ནི་བདག་གིས་ཅི་ཞིག་བྱ། ཡུམ་གྱིས་མཆི་མ་དང་བཅས་པར་སྟེང་དུ་བལྟས་ནས་བཅོམ་ལྡན་འཇིག་རྟེན་སྐྱོང་བ་རྣམས་ཇི་ལྟ་ཇི་ལྟར་ཡང་བདུད་རྩིས་བྲན་ནས་བདག་གི་བུ་འཚོ་བར་མི་མཛད་དམ། མཁའ་ལྡིང་གིས་དགའ་བ་དང་བཅས་ཤིང་བདག་ཉིད་ཀྱིས་རྟོགས་པར་བདུད་རྩི་སྨོས་པས་ལེགས་པར་དྲན་ཏེ། བདག་གྲགས་པ་ཉམས་པ་དང་བྲལ་བར་གྱུར་ཏོ་སྙམ་མོ། །དེས་ན་ལྷའི་བདག་པོ་ལ་མངོན་པར་བླངས་ཏེ་དེས་བྱིན་པའི་བདུད་


DTG169_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་ཆར་གྱིས་སྤྲིན་གྱི་བཞོན་པ་འབའ་ཞིག་ཏུ་མ་ཟད་དེ་སྔར་སོའི་དུག་ཅན་ཟོས་པའི་རུས་པའི་ཕུང་པོ་འདི་དག་ཀྱང་སླར་འཚོ་བར་བྱའོ། །ཅི་སྟེ་འདི་མ་བྱིན་ན་དེའི་ཚེ། བདག་གིས་ཆུ་ཡི་མགོན་པོ་གཤོག་པས་འཐུང་ཞིང་ལུས་ནི་རབ་ཏུ་བསྐྱོད་ཚེ་དྲག་པོའི་རླུང་དང་ལྡན། །མེ་དང་བཅས་པའི་ཉི་མ་བཅུ་གཉིས་མིག་གི་འོད་ཀྱིས་སྲེག་ཅིང་བརྒྱལ་འཁྲུགས་འགྱེལ་འགྱུར་བའི། །མཆུ་ཡིས་བརྒྱ་བྱིན་རྡོ་རྗེ་ནོར་ལྷའི་བེ་ཅོན་ཡི་དགས་དབང་པོའི་དབྱིག་པ་བཅོམ་བྱས་ནས། །རང་དགར་གཤོག་པ་སྤངས་ཏེ་སྐད་ཅིག་བདུད་རྩིའི་རང་བཞིན་ཆར་ནི་མངོན་པར་དབབ་པར་བྱ། །ངེས་ན་བདག་འོངས་སོ་ཞེས་ཏེ་སོང་བར་གྱུར་ཏོ། །སྤྲིན་གྱི་ཏོག་གིས། དུང་གི་གཙུག་ད་དུང་བསྡད་ནས་ཅི་ཞིག་བྱ། ཤིང་དག་སྤུངས་ལ་སྲེག་ཁང་སྒྲུབས་ཤིག །གང་གིས་ན་བདག་ཅག་འདི་ཉིད་དང་ལྷན་ཅིག་འགྲོ་བར་བྱའོ། །ཡུམ་གྱིས་བུ་དུང་གི་གཙུག་མྱུར་དུ་མྱུར་དུ་སྒྲུབས་ཤིག །བདག་ཅག་མེད་ན་ཁྱོད་ཀྱི་གྲོགས་པོའི་བརྒྱལ་བར་གནས་སོ། །དུང་གི་གཙུག་གིས་མཆི་མ་དང་བཅས་པར་བླ་མ་དག་གིས་ཇི་ལྟར་བཀའ་སྩལ་བ་བཞིན་ནོ། །འདིར་ཁྱེད་ཅག་ལས་ཁོ་བོ་སྔོན་དུ་འགྲོ་བ་མ་ཡིན་ནམ། ལངས་ནས་སྲེག་ཁང་བརྩིགས་ཏེ་གར་བྱས་ནས་ཡབ་སྲེག་ཁང་འདི་ནི་བསྒྲུབས་ཟིན་ཏོ། །སྤྲིན་གྱི་ཏོག་གིས་ལྷ་མོ་དུ་བ་གཞན་གྱིས་ཅི་ཞིག་བྱ། དེས་ན་ལོངས་ཤིག་སྲེག་ཁང་ལ་འཛེག་པར་བྱའོ། །ཐམས་ཅད་ལངས་པར་གྱུར་ཏོ། །མ་ལ་ཡ་ཅན་མས་ཐལ་མོ་སྦྱར་ཏེ་སྟེང་དུ་བལྟས་ནས་བཅོམ་ལྡན་མ་གཽ་རཱི་ཁྱོད་ཀྱིས་བདག་ལ་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་ཁྱོད་ཀྱི་བདག་པོར་འགྱུར་རོ་ཞེས་བཀའ་སྩལ་ན་དེ་ཡང་ཇི་ལྟར་བདག་སྐལ་བ་ཞན་པའི་སླད་དུ་ཁྱོད་ཀྱང་བདེན་པ་གསུང་བ་མ་ཡིན་པ་ཉིད་དུ་གྱུར་ཏོ། །དེ་ནས་གཽ་རཱི་རྟབས་པ་དང་བཅས་པར་ཞུགས་ཏེ། རྒྱལ་པོ་ཆེན་པོ་སྤྲིན་གྱི་ཏོག་ཐུབ་ཆོད་དག་ངེས་པར་མི་བྱའོ། །སྤྲིན་གྱི་ཏོག་གིས། ཇི་ལྟར་ན་མཐོང་བ་དོན་ཡོད་མ། །བཅོམ་ལྡན་མ་གཽ་རཱིས་མ་ལ་ཡ་ཅན་མ་ལ་མཚོན་ཏེ། བུ་མོ་ཇི་ལྟར་ན་བདག་བདེན་པ་མ་ཡིན་པ་སྨྲ་བ་ཡིན་ལྟོས་ཤིག །སྤྲིན་གྱི་བཞོན་པ་ལ་མངོན་པར་བཏུད་དེ། རིལ་བའི་ཆུས་བྲན་ནས། རང་གི་འཚོ་བ་དག་གིས་ཀྱང༌། །འགྲོ་བ་རྣམས་ལ་ཕན་བྱེད་པ། །ཁྱོད་ལ་ཡོངས་སུ་ཚིམ་མོ་བུ། །སྤྲིན་གྱི་བཞོན་པ་འཚོ་གྱུར་ཅིག །སྤྲིན་གྱི་བཞོན་པ་ལངས་སོ། །སྤྲིན་གྱི་ཏོག་གིས་དགའ་བ་དང་བཅས་པར་ལྷ་མོ་དགའ་བ་འཕེལ་བར་མཛོད་ཅིག །སླར་ཡང་


DTG169_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་གྱི་བཞོན་པ་ནི་ཉམས་པ་མེད་པའི་ལུས་དང་ལྡན་ནོ། །ཡུམ་གྱིས་ལངས་ཏེ་དགའ་བ་དང་བཅས་པར་བཅོམ་ལྡན་མའི་བཀའ་དྲིན་གྱིས་སོ། །རྐང་པ་དག་ལ་གཏུགས་སོ། །གཉི་གས་སྤྲིན་གྱི་བཞོན་པ་ལ་འཁྱུད་དོ། །མ་ལ་ཡ་ཅན་མས་རྗེའི་སྲས་སླར་འཚོ་བར་བྱས་པ་ནི་དགའོ། །གཽ་རཱའི་ཞབས་དག་ལ་གཏུགས་སོ། །སྤྲིན་གྱི་བཞོན་པས་གཽ་རཱི་མཐོང་སྟེ་ཐལ་མོ་སྦྱར་ཏེ། ཇི་ལྟར་བཅོམ་ལྡན་གཽ་རཱི། མངོན་པར་འདོད་ལས་ལྷག་པའི་མཆོག་སྟེར་མ། །སྐྱེ་བོ་ཕོངས་པའི་རྒུད་འཕྲོག་སྐྱོབ་བྱེད་མ། །གཽ་རཱི་རིག་འཛིན་རིགས་ཀྱི་ལྷ་ཉིད་མ། །ཁྱོད་ཀྱི་ཞབས་གཉིས་དག་ལ་བདག་ཕྱག་འཚལ། །ཞབས་དག་ལ་གཏུགས་སོ། །ཐམས་ཅད་སྟེང་དུ་བལྟའོ། །སྤྲིན་གྱི་ཏོག་གིས། ཇི་ལྟར་སྤྲིན་མེད་པའི་ཆར་འབབ། །བཅོམ་ལྡན་མ་འདི་ཅི་ཞིག་གཽ་རཱིས། །རྒྱལ་པོ་ཆེན་པོ་སྤྲིན་གྱི་བཞོན་པ་དང༌། །ལྟོ་འཕྱེའི་བདག་པོ་རུས་པའི་ལྷག་མར་གྱུར་པ་འདི་དག་སླར་འཚོ་བར་བྱ་བའི་ཕྱིར་འདབ་ཆགས་ཀྱི་བདག་པོ་འགྱོད་པ་ཡང་དག་པར་སྐྱེས་པས་ལྷའི་འཇིག་རྟེན་ནས་བདུད་རྩིའི་ཆར་འབེབས་པར་བྱེད་དོ། །མཛུབ་མོས་སྟོན་ཅིང་ཁྱོད་ཀྱིས་མ་མཐོང་དམ་ཅི། །གདེངས་ཀའི་ནོར་བུ་གསལ་ཞིང་རབ་འབར་ཡན་ལག་མཆོག་ལྡན་ཉམས་པ་མེད་པའི་ལུས་ཐོབ་ཅིང༌། །བདུད་རྩིའི་རོ་ནི་མྱང་བ་ལ་ཆགས་ལྕེ་རྩེ་གཉིས་ཀྱིས་ས་ལ་རབ་ཏུ་ལྡག་བྱེད་ཅིང༌། །དུག་འཛིན་བདག་པོ་འདི་དག་ད་ནི་མགྱོགས་པ་དང་བཅས་འཁྱོག་པོར་འཇུག་པའི་ལམ་དག་ནས། །རི་བོ་མ་ལ་ཡ་ཡི་ཀླུང་གི་ཆུ་རྒྱུན་བཞིན་དུ་ཆུ་ཡི་ཕུང་པོས་འཇུག་པར་བྱེད། །སྤྲིན་གྱི་བཞོན་པ་ལ་མཚོན་ནས་བུ་སྤྲིན་གྱི་བཞོན་པ་ཁྱོད་ལ་འཚོ་བ་ཙམ་ཉིད་འོས་པ་མ་ཡིན་ནོ། །དེས་ན་གཞན་འདི་ཡང་ཁྱོད་ལ་བསྒྲུབ་པར་བྱའོ། །དང་པའི་ཕྲག་པས་གསེར་གྱི་པད་བཅོམ་རྡུལ་གྱིས་རེག་པའི་འདམ་ནི་སྤངས་གྱུར་ཅིང༌། །བདག་གི་ཡིད་མཚོ་ལས་བྱུང་རྒྱུན་ཆད་མེད་པའི་ཆུ་ནི་དག་པ་ཆེན་པོ་ཡིས། །རང་འདོད་ཀྱིས་སྤྲུལ་རིན་ཆེན་བུམ་པ་བཀོད་དེ་བདག་རང་ཉིད་ཀྱིས་དབང་བསྐུར་ནས། །དགའ་བས་ཁྱོད་ནི་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་སྐད་ཅིག་ཉིད་ལ་བྱ། །གཞན་ཡང་གསེར་གྱི་འཁོར་ལོ་འདི་ནི་མདུན་དུ་བྱུང་བར་གྱུར་པ་དང༌། །སོ་བཞི་དག་གིས་མཚན་པའི་གཉིས་འཐུང་དཀར་པོ་འདི་དང་ནི། །སྡོ་བསངས་རྟ་མཆོག་མ་ལ་ཡ་ཅན་ཡང་སྟེ་འདི་དག་ནི། །ཁྱོད་ཀྱི་རིན་ཆེན་རྣམས་སོ་འཁོར་ལོས་སྒྱུར་བ་ལེགས་པར་ལྟོས། །གཟིགས་པར་མཛོད་ཅིག །མ་ཏང་ག་དེ་བ་ལ་སོགས་པ་རིག་པ་འཛིན་པའི་བདག་


DTG169_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི་རྣམས་བདག་གིས་བསྐུལ་ཏེ། གཙུག་གི་ནོར་བུ་རབ་ཏུ་མཛེས་པའི་འོད་ཟེར་གྱིས་དབང་པོའི་གཞུའི་ཕྲེང་བ་འགོད་ཅིང་གུས་པས་སློབ་མའི་ལུས་མངོན་པར་བཏུད་དེ་ཕྱག་འཚལ་བར་བྱེད་དོ། །བུ་སླར་ཡང་ཁྱོད་ལ་དགའ་བ་ཅི་ཞིག་བྱ། །སྤྲིན་གྱི་བཞོན་པས། འདི་ལས་གཞན་པའི་དགའ་བ་ཅི་ཞིག་ཡོད། དུང་གི་གཙུག་འདི་འདབ་ཆགས་བདག་པོའི་ཁ་ལས་བསྐྱབས་ཤིང་བི་ན་ཏ་ལས་སྐྱེས་པ་བཏུལ། དེ་ཡིས་སྔར་ཟོས་དུག་འཛིན་བདག་པོ་གང་ཡིན་དེ་དག་རྣམས་ཀྱང་ཐམས་ཅད་སོས་པར་བྱས། །བདག་སྲོག་རྙེད་པས་བླ་མ་རྣམས་ཀྱི་འཚོ་བ་མ་བཏང་འཁོར་ལོས་སྒྱུར་བ་ཉིད་དག་ཐོབ། །ཁྱོད་ཀྱང་མངོན་སུམ་དུ་མཐོང་འདི་ལས་དགའ་བ་གཞན་གང་བདག་ནི་ཅི་ཞིག་དོན་དུ་གཉེར། །དེ་ལྟ་མོད་ཀྱིས་འདི་ལྟར་གྱུར་ཅིག་རྨ་བྱ་རབ་དགའི་འཇོ་སྒེག་ལྟར་བྱེད་ཆུ་འཛིན་དག་ནི་དུས་སུ་ཆར་འབེབས་ཤིང༌། །ས་གཞི་རྒྱུན་དུ་རབ་འཁྲུངས་ལོ་ཐོག་ལྗང་གུའི་གོས་དང་ལྡན་པར་བྱེད་གྱུར་ཅིག །ངོགས་བཞིན་ལུས་ཀྱི་ཚོགས་གཏམ་འགའ་ཞིག་དག་ཏུ་གླིང་གི་རྣམ་པ་དང༌། །འགའ་ཞིག་དག་ཏུ་ལུས་པོ་བསྐྱིལ་བའི་འཁོར་ལོ་དག་ཏུ་འཁྲུལ་བར་བྱེད། །འགའ་ཞིག་ཏུ་ཡང་རྒྱ་མཚོའི་ཆུར་བྱིང་ཟམ་པ་དག་དང་མཚུངས་པ་སྟེ། །ཀླུ་ཡི་ཚོགས་རྣམས་རྒྱ་མཚོ་ཆེན་པོར་བདེ་བ་ཉིད་དུ་རོལ་གྱུར་ཅིག །གཞན་ཡང་ཁྱོད་ཀྱི་གྲགས་པ་འདི་དག་ཙན་དན་གི་ནགས་ཚལ་འདིར་ནི་ཀླུ་ཡི་ན་ཆུང་རྣམས། །ལི་ཁྲིས་བྱུགས་བཞིན་རབ་རྣོ་ཉི་མའི་འོད་ཟེར་རེག་པས་འགྲམ་པ་དམར་བ་དང་ལྡན་ཞིང༌། །སྐྲ་ཡི་ཚོགས་པ་རབ་འཛིན་དགོད་པའི་ངལ་དུ་བདག་གིས་ལུས་དམན་གདུང་བ་མི་རྩི་བར། །ཏིང་ཏིང་ཤག་ལྷུང་བླངས་ནས་ཁུ་བུ་ག་བཞིན་དུ་ཤིན་ཏུ་རབ་སྙན་ཆགས་ལས་སྒྲོགས་གྱུར་ཅིག་རྒུད་པ་དང་བྲལ་ཕྲག་དོག་མེད་པའི་ཡིད་ཀྱིས་ལེགས་བྱས་རབ་ཏུ་རྒྱས་བྱེད་ཅིང༌། །སྟུག་པོའི་གཉེན་འདུན་གྲོགས་ཀྱི་ཚོགས་ཀྱིས་རབ་དགའ་སྐྱེ་དགུ་རྣམས་ནི་དགའ་གྱུར་ཅིག །ཐམས་ཅད་སོང་བར་གྱུར་ཏོ། །མཚན་མ་དྲུག་པའོ། །ཀླུ་ཀུན་དུ་དགའ་བ་ཞེས་བྱ་བའི་ཟློས་གར་དཔལ་དགའ་བའི་ལྷས་མཛད་པ་རྫོགས་སོ།། །།ཡོན་ཏན་ཕུལ་དུ་བྱུང་བ་དཔག་ཏུ་མེད་པས་སྤྲས་པའི་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་དང༌། དཔོན་ཆེན་ཤཱཀྱ་བཟང་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ལཀྵྨཱི་ཀ་ར་དང་བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བའོ།། །།


previousཀླུ་ཀུན་ཏུ་དགའ་བ་ཞེས་བྱ་བའི་ཟློས་གར། དགའ་བའི་ལྷ།no next