Nitartha Digital Library
Tibetan
 
no previousསེང་གེ་ཞབས་འབྲིང་པའི་སྐྱེས་པ་རབས་ཀྱི་ཕྲེང་བ་ཞེས་བྱ་བ། སེང་གེ་ཞབས་འབྲིང་པ།next

སེང་གེ་ཞབས་འབྲིང་པའི་སྐྱེས་པ་རབས་ཀྱི་ཕྲེང་བ་ཞེས་བྱ་བ།
སེང་གེ་ཞབས་འབྲིང་པ།


DTG169_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧ་རི་བྷཱ་ནཱ་མ་ཛཱ་ཏ་ཀ་མཱ་ལ། བོད་སྐད་དུ། སེང་གེ་ཞབས་འབྲིང་པའི་སྐྱེས་པ་རབས་ཀྱི་ཕྲེང་བ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་མ་ལུས་ཕ་རོལ་ཕྱིན་པའི་སྟོབས་ཀྱིས་ཐོང་གྱུར་པའི། །ཞི་བའི་གོ་འཕང་གིས་ནི་མེ་ཏོག་ཏོག་ཅན་སྡུག་བསྔལ་མཛད། །རྣམ་པར་དག་པའི་ཡོན་ཏན་འོད་ཟེར་དཀྱིལ་འཁོར་ཅན་རྨོངས་ལ། །མུན་པ་སེལ་བར་མཛད་པའི་ཐུབ་པ་དེ་ལ་ཕྱག་འཚལ་ཤོག །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་ཀྱི་རྒྱུད་རྣམས་དང༌། །གཞན་དག་མཉམ་པ་ཉིད་དུ་རྗེས་སུ་འགྲོ་ཕྱིར་བྱེད་ནུས་མིན། །བསིལ་བའི་འོད་ཀྱིས་ཀུ་མུ་ད་ནི་སོ་སོར་བྱེད་ནུས་ཀྱི། །སྐར་མའི་ཚོགས་གཞན་གཅིག་ཏུ་བསྡུས་ཀྱང་མི་ནུས་པ་ཉིད་དོ། །སྙན་དང་གས་མཁས་ཆེན་རྣམས་ཀྱི་སྙན་དངགས་ཉིད་ནི་འདི་ཤེས་པས། །ཤིན་ཏུ་ལུང་ལ་མཁས་པར་གྲགས་པ་ཉིད་དུ་ངག་འགྲོ་སྡེ། །བྱང་ཆུབ་སེམས་དཔའི་སྤྱོད་པར་གྲགས་པ་ལ་ནི་དེ་ལྟར་ཡང༌། །རང་དོན་འདོད་ལ་མཁས་པ་བདག་གིས་འདི་དག་ངེས་


DTG169_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྦྱར། །གལ་ཏེ་འཇིག་རྟེན་བྱ་བ་ལ་རྒོད་བདག་ལ་འདིར་སྐྱོན་གང༌། །འོན་ཀྱང་ངོ་ཚ་མེད་པས་སྨྲ་ན་བདེན་པར་བརྗོད་མེད་ཀྱི། །རང་དོན་བསྒྲུབ་པར་འདོད་པ་ཡོན་ཏན་དག་ལ་སྲིད་པ་གང༌། །ཐམས་ཅད་བཟོད་པའི་སྐྱེས་བུས་འབྱུང་བའི་ཕྱིར་ནི་རིག་པ་སྟེ། །ཟས་གཙང་སྲས་ཀྱི་རིག་པ་དང་པོ་བདག་ནི་སྨྲ་བ་ན། །ངེས་པར་ཡོན་ཏན་གྲགས་པ་ལ་མཁས་བདག་གྱུར་ཅིག །གོམས་པ་བསགས་པའི་མཁས་པ་ཉིད་ཀྱིས་རྣམ་པར་དག་པའི་བློས། །རི་མོ་མཁན་གྱི་གཟུགས་ལྟར་འཇམ་པོ་ཅི་ཞིག་མི་འདྲི་འམ། །ལུས་དང་ངག་དང་ཡིད་དག་གིས་ཀྱང་དགེ་བ་ཡི་ནི་ལས། །སྐྱེས་བུ་ལེ་ལོ་ཅན་གྱི་ཡིད་ཀྱིས་ཐོབ་པར་ནུས་མ་ཡིན། །མེ་ཏོག་དུ་མ་དོན་གཉེར་འབད་མེད་གལ་ཏེ་འགྱུར་བ་ན། །མེ་ཏོག་ལས་བྱུང་སྦྲང་རྩི་བུང་བས་འཐུང་བར་མི་འགྱུར་རམ། །ཀྱེ་མ་རྒྱལ་བའི་ཡོན་ཏན་བརྗོད་པ་ཆུང་ཡང་དགེ་བའི་ཕྱིར་མི་ནུས། །དེ་སླད་སྙན་དངགས་མཁན་ནི་སུ་ཞིག་གུས་པ་ལྷོད་པར་བྱེད། །རྙེད་པ་ཆེན་པོ་རྣམ་པར་མཐོང་ན་གཏོང་བ་ཆུང་བ་ནི། །བློ་ནི་རྒྱུ་ཆེན་ལྡན་པས་ཚོང་ཕྱིར་ཐོགས་པར་མི་རིགས་སོ། །དེ་ཕྱིར་རྣམ་པ་གང་གིས་མི་ལུས་ཐོབ་པ་རྟོགས་བྱས་ནས། །བསྟན་པ་འདི་ཡང་དྲང་སྲོང་གི་ནི་རབ་རིབ་བསལ་མཛད་དེ། །ཡུན་


DTG169_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བོས་ཀྱང་མི་འདྲའི་བསྟོད་པ་རྡུལ་གྱིས་ཁྱབ་པ་ཡི། །ཚིག་ནི་སངས་རྒྱས་རྟོགས་པ་བརྗོད་པའི་ཆུ་རྣམས་ཀྱིས་ནི་བཀྲུ་བར་བྱ། །གང་གི་ཕྱིར་ཆོས་ཀྱི་གཏམ་ལ་མཁས་པ་འདི་ནི་མདོ་སྡེའི་རྗེས་སུ་བརྗོད་པས་ཕྱིས་བྱང་ཆུབ་སེམས་དཔའི་སྐྱེས་རབས་རྗེས་སུ་བརྗོད་དེ་རི་མོ་བྲིས་པའི་ཁང་པ་ལ་མར་མེའི་འོད་དང་འདྲ་བས་བདེ་བླག་ཏུ་གསལ་བར་ཉན་པ་པོའི་སྐྱེ་བོའི་ཡིད་ལ་དགའ་བ་ལྷག་པར་སྐྱེད་པར་བྱེད་པ། ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་རྒུད་པ་བསལ་བར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོ་ཡང་དག་པར་བསྐྱེད་པའི་བཅོམ་ལྡན་འདས་ཀྱི་སྦྱོད་པ་རྗེས་སུ་བརྗོད་པར་འགྱུར་བའི་གཉིད་རྨུགས་པའི་སྐྱོན་བསལ་ནས་ཡིད་མཉམ་པར་གཞག་པའི་ཉན་པ་པོ་རྣམས་ཀྱིས་བདུད་རྩི་བཞིན་དུ་འཐུང་བར་འདོད་པ་རྣམས་ཀྱིས་འཁོར་བའི་སྡུག་བསྔལ་དུ་མ་འཛད་པའི་ཕྱིར་དུ་ཡང་དག་པར་མྱང་བར་བྱའོ། །རྣམ་པ་སྣ་ཚོགས་ཉོན་མོངས་སྦྲུལ་ལྟ་བུའི། །སྲིད་ཚོགས་ས་འོག་ནས་ནི་འགྲོ་དོན་ཕྱིར། །སངས་རྒྱས་ཉིད་ཕྱིར་སྨོན་ལམ་རྒྱ་ཆེན་པོ། །བདག་ཉིད་ཆེ་མིན་རྣམས་ལ་འབྱུང་བ་མིན། །འདི་ལྟར་རྗེས་སུ་ཐོས་ཏེ། སྔོན་འདས་པའི་དུས་ན་རྟག་ཏུ་མེ་ཏོག་འབྱུང་བའི་སྐྱེད་མོས་ཚལ་ཉམས་དགའ་བ་མཐའ་དང་ལྡན་པ་སྐྱེ་བོའི་ཚོགས་མཐའ་མེད་པ་ལ་ཀུན་ནས་མི་གནོད་པའི་རྩིག་པའི་ངོས་བཞི་དང་ཚོང་དུས་ན། ནོར་བུ་དང༌། གསེར་གྱི་ཀ་བའི་ཕྲེང་བས་ཡིད་འཕྲོག་པར་བྱེད་པའི་ཁང་པ་རྣམས་ཀྱིས་བར་དུ་ཆོད་པ། སྟོན་ཀའི་དུས་པས་ལྷག་པའི་དྲི་མ་དང་བྲལ་བའི་སྐར་མའི་བདག་པོ་དང༌། སྐར་མའི་ཚོགས་ཀྱིས་མངོན་པར་བརྒྱན་པ་མཐོ་རིས་དང་འདྲ་བའི་འོད་དང་ལྡན་པ་འོད་ལྡན་ཞེས་བྱ་བའི་རྒྱལ་པོའི་ཕོ་བྲང་བྱུང་བར་གྱུར་ཏོ། །དེ་ལ་ཡང་མཐའ་དག་གིས་སའི་བུད་མེད་ལ་མུ་ཏིག་གི་ཆུན་པོའི་སྲོག་ཤིང་དུ་གྱུར་པའི་ནོར་བུ་དང་འདྲ་བར་དྲི་མ་མེད་པའི་རབ་ཏུ་སྣང་བས་རབ་སྣང་ཞེས་བྱ་བའི་རྒྱལ་པོ་བྱུང་བར་གྱུར་ཏོ། །གང་གི་ཁང་པའི་ནང་དུ་དྲི་མེད་ཤེལ་གྱི་རྩིག་ངོས་ལ། །རྣ་བར་མེ་ཏོག་ཕྲེང་དང་ཐིག་ལེ་རབ་ཏུ་སྣང་བ་ཡི། །བུད་མེད་རྣམས་ཀྱི་ལག་པ་འཇམ་པོ་རྒྱན་གྱི་ཆོ་ག་ལྟར། །མེ་ཏོག་འཛིན་པས་ཡོངས་སུ་ངལ་བའི་སྡུག་བསྔལ་འཛིན་མི་འགྱུར། །གང་ཞིག་ཉེ་བ་རྣམས་ནི་ཆུ་འཛིན་དང་འདྲ་


DTG169_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་སྟེ། །སྦྱིན་པའི་ཆུ་ཡིས་ཡོངས་སུ་འཕེལ་བའི་ས་བོན་ནི། །གང་གི་ཁྲོ་བ་ཡིས་ནི་སྟོབས་དང་ལྡན་པའི་དགྲ་རྣམས་ཀྱང༌། །ཉིན་མོ་གློག་གིས་བྱུང་བའི་མེ་ལྟར་བཟོད་པར་མི་འགྱུར་རོ། །དུས་གཅིག་ན་དེ་ལྟ་བུའི་འབྱོར་བ་དང་སྟོབས་འབྱུང་བ་ཉི་མ་ཤར་བའི་རིའི་རྩེ་མོ་དང་འདྲ་བའི་དྲི་མ་མེད་པའི་ནོར་བུ་སྟོང་ཕྲག་གིས་རྣམ་པར་ཤར་བའི་ལོགས་གཉིས་སུ་སེང་གེའི་ཁྲི་ལྷག་པར་གནས་པའི་སའི་བདག་པོ་དེའི་གནས་ཇི་ལྟ་བ་བཞིན་དུ་བཞུགས་པའི་བྲམ་ཟེ་དང་རྒྱལ་པོ་དང་བློན་པོ་ཆེན་པོ་དང༌། །བློན་པོ་དང་ཕོ་ཉའི་ཚོགས་དང་ལྡན་པ། ཐ་མལ་པའི་སྐྱེ་བོ་ཡོངས་སུ་དོགས་པ་དང་ལྡན་པ་སྒོ་བ་རྣམས་ཀྱིས་བཀག་བཞིན་པ། ཕྱི་རོལ་དུ་ངེས་པར་བཅིངས་པའི་གླང་པོ་ཆེ་དང་རྟ་དང་ཤིང་རྟའི་མཆོག་གི་འདུག་ས་ལ་ཀུན་ནས་གཟིགས་ཤིང་ཀུན་ནས་འོངས་ཏེ། ཞུགས་པ་རྗེས་སུ་གནང་བའི་ནགས་ན་རྒྱུ་བ་རྣམས་ཀྱིས་སའི་སྟེང་དུ་རྣམ་པར་གཞག་པའི་བུས་མོ་དང་རང་བཞིན་དུ་ཡང་བའི་ཡིད་དང་ལྡན་པའི་ཕྱིར་བརྟབས་པ་དང་ཚིག་མི་གསལ་བ་དང་དོར་བའི་ཚིག་རྣམས་ཀྱིས་ངེས་པར་ཞུས་སོ། །བདག་ཅག་གིས་ནི་ནགས་མཐུག་པ་ལ་གླང་པོ་ཆེ་ཡི་ཚོགས་ནང་ན། །གླང་པོ་མཐོང་སྟེ་ཀུ་མུ་ཏ་ཡི་ཚོགས་ལྟར་དཀར་བ་ཡི་ནི་གཟུགས། །སར་པའི་ཆུ་འཛིན་ཚོགས་ཀྱིས་འདོར་བར་བྱས་པའི་རྩ་བ་ལ། །ཁ་བ་ཅན་གྱི་རི་ཡི་རྩེ་མོ་དང་མཚུངས་གཟུགས་ཀྱི་བཞིན་དང་ལྡན། །དེ་ནི་དེ་འཛིན་པ་ལ་ལྷ་ཚད་མ་ཡིན་ཞེས་བྱའོ། །དེ་ནས་གཤོལ་གྱི་རྩེ་མོས་རྨོ་བཞིན་པའི་མོ་སྟའི་འབྲས་བུ་དང་ཀུ་ཤའི་རྩ་ཡང་ཡང་དག་པར་བྱུང་བའི་ཙག་ཙག་ཞེས་བྱ་བའི་སྒྲ་དང་ལྡན་པ་འགའ་ཞིག་ཏུ་ཞིང་སྲུང་མའི་ལག་པའི་ཐལ་མོའི་སྒྲས་རྣམ་པར་བསྲེས་པའི་ཏེབ་ཏེབ་ཀྱི་སྒྲས་ཀུན་ནས་སྐྲག་པའི་ཡང་དག་པར་བླངས་པའི་ནེ་ཙོའི་གཤོག་པས་འཕངས་པས་རྣམ་པར་བསྐྱོད་པའི་ཡོངས་སུ་གྱུར་པའི་སྤྲེའུའི་དུམ་བུའི་གོས་ཀྱི་དྲ་བ་ཅན་དང༌། འབྲས་ཁུར་བའི་ཡོངས་སུ་ཚོལ་བར་གྱུར་བའི་ཞིང་པ་རྣམས་དང༌། ཉེ་བར་ངེས་པར་འབྲེལ་བའི་སྐྲག་པའི་བྱ་རྒོད་ཅན་དང༌། རྫིང་གི་ཆུ་རྙོག་པ་ཅན་ལ་གནས་པའི་སྐྱུག་ལྡད་དུ་གྱུར་པའི་མ་ཧེ་མོའི་རིགས་མཐུན་པའི་ཕྱོགས་ཀྱི་གདོང་གིས་བསྒུལ་བས་བཟློག་པར་བྱས་པའི་དེའི་ཡན་ལག་


DTG169_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་དང༌། ཐོས་བཞིན་པའི་རབ་ཏུ་བསྐྱོད་པའི་བ་གླང་གི་ཚོགས་བསྐྱོད་པའི་སིལ་སིལ་གྱི་སྒྲ་དང་ལྡན་པ་དང༌། ཞིང་གི་པདྨ་རྣམས་ཀྱི་སྡོང་བུ་ལྷུང་བས་དང་སྐྱ་དང༌། དུར་པ་དང་ཁྲུང་ཁྲུང་བཟའ་གཉིས་དང་ལྡན་པ་དང༌། གྲོང་དང༌། གྲོང་ཁྱེར་དང་ཡང་དག་པར་འབྲེལ་བའི་ཞིང་གིས་ལས་ཤིན་ཏུ་འདས་ནས་དམག་གི་ཚོགས་ཀྱིས་ཀུན་ཏུ་སྐྲག་པས་རྣམ་པར་བྱེད་བར་གྱུར་པའི་རི་དགས་ཀྱི་ཚོགས་ཀྱིས་ཁྱབ་པ་དང༌། རྟ་རྣམས་ཀྱི་རྨིག་པས་གཅོད་པར་གྱུར་པའི་རྩྭ་སར་པའི་མྱུ་གུ་ཅན་དེའི་རིའི་ནགས་ཅན་དེའི་སྟོན་ཀའི་དུས་ཡང་དག་པར་བྱུང་བ་ན། གླང་པོ་ཆེ་འཛིན་པས་མངོན་པར་འཕེལ་བའི་ལྟད་མོ་དང་ལྡན་པའི་ཤིང་རྟ་མཆོག་ལ་ཞོན་པ་གདུགས་དཀར་པོས་ཉིན་མོར་བྱེད་པའི་འོད་ཟེར་གྱིས་ཡང་དག་པར་བཟློག་པར་བྱས་པའི་རྒྱལ་པོ་དེ་ནགས་གཞན་དུ་རབ་ཏུ་ཞུགས་པར་གྱུར་ཏོ། །དེ་ནས་གླང་པོའི་བདག་པོ་རིང་ནས་ཚོགས་ཀྱི་དབུས་སུ་དེར་གནས་པ། དྲི་ཞིམ་བསིལ་བའི་དྲི་ལྡན་མེ་ཏོག་ཤིང་དག་དུམ་བུ་བྱེད་བཞིན་པ། །ས་ཡི་བདག་པོས་མཐོང་བར་གྱུར་པ་སྨྱོན་ཆུའི་རི་མོ་ཉེ་བར་གནས་པ་ལ། །བུང་བའི་ཚོགས་ཀྱིས་བསྐོར་ཞིང་རྣ་བ་ཅུང་ཟད་བསྐྱོད་པས་སྡེབས་པར་བྱེད། །དེ་ནས་རེ་ཞིག་གླང་པོའི་བདག་པོ་འདི་དང་བདག་ཅག་གིས་གླང་པོ་ཆེ་སྨྱོན་པ་འདི་འཐབ་པ་བལྟ་བར་བྱའོ་ཞེས་རྣམ་པར་བསམས་ནས་རྒྱལ་པོ་རབ་སྣང་གིས་ཀུན་ནས་བསྡམས་པ་ཞེས་བྱ་བའི་གླང་པོ་ཆེ་འདུལ་བ་ལ་གླང་པོའི་མཆོག་འདི་ནི་གདོང་གཡོགས་རབ་ཏུ་བསལ་བར་བྱས་ནས་ནགས་ཀྱི་གླང་པོ་ཆེ་དང་ལྷན་ཅིག་འཐབ་པའི་ཕྱིར་ཡང་དག་པར་བསྐུལ་བར་གྱིས་ཤིག་ཅེས་བསྒོའོ། །ཇི་ལྟར་ལྷས་བཀའ་སྩལ་པ་བཞིན་དུ་བྱའོ་ཞེས་སྣ་བརྐྱང་བས་འཐབ་པ་ལ་སྤྲོ་བ་སྐྱེས་པའི་གླང་པོ་ཆེ་གཞན་གྱི་དམག་ཚོགས་ལྡོག་པར་བྱེད་པ་དེ་ལ་མངོན་དུ་ཕྱོགས་པ་གླང་པོ་ཆེ་འདུལ་བར་བྱེད་པས་བྱེད་པར་འགྱུར་རོ། །དེ་ནས་ཕན་ཚུན་མཐོང་བའི་ཁྲོས་པས་ཤིན་ཏུ་ལྷག་པའི་མངོན་པར་འཕེལ་བ་སྨྱོན་ཆུའི་ཐིགས་པའི་ཕྲེང་བས་ཀུན་ནས་བརླན་པ་དང༌། དྲི་ཞིམ་པར་བྱས་པའི་སའི་རྡུལ་དང་ལྡན་པ་ཀུན་ནས་ལྕི་བའི་མཆེ་བས་ཡང་དག་པར་ཕྲད་པའི་སྒྲས་འཇིགས་པར་བྱེད་པ། འདི་ནི་བྲོས་སོ་བྲོས་སོ་ཞེས་དམག་མིའི་སྐྱེ་བོས་ལྟ་བར་གྱུར་པ་


DTG169_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་ཡུན་རིང་པོར་འཐབ་མོ་བྱུང་བར་གྱུར་ཏོ། །ཕན་ཚུན་སོ་སོར་འཐབ་པས་ཐ་དད་གདོང་ཅན་ཀུན་ནས་ཟླུམ་པ་སེར་སྐྱའི་མིག་ལྡན་པ། །ཀུན་ནས་འཕངས་པས་རྣམ་པར་བརྟགས་པའི་སྣ་ལྡན་དཀར་དང་དཀར་མིན་སྤྲིན་གྱི་འོད་ལྡན་པ། །ཁྲོས་པས་སྣ་ནི་གྱེན་དུ་བསླང་བའི་གླང་པོ་དག་ལ་སྦོམ་པའི་བསྐྱོད་པའི་ཆུ་ལྡན་པ། །ཅུང་ཟད་འདབ་མ་དཀར་དང་དམར་བའི་གསལ་བར་འགྲོ་འགྱུར་དེ་དག་གི་ནི་དཀན་གཉིས་དག །དཀར་བའི་གཉིས་འཐུང་བ་དག་པོ་མཆེ་བ་རྣམ་པར་འཕྲད་པ་ཡིས། །ཡང་དག་འབྱུང་བའི་མེ་སྟག་གིས་ནི་ཁྱབ་པར་བྱས་པ་དང༌། །དེ་ནས་རྒྱལ་པོའི་གླང་པོ་ཆེ་དེའི་མཆེ་བ་ལ་བརྟེན་པའི། །ལྕགས་ཀྱིས་དཀྲིས་པ་ཡོངས་སུ་གློད་པ་འབྱུང་བར་གྱུར་པ་སྟེ། །གླང་པོ་ཆེན་དེས་ནི་ས་ཡི་བདག་པོའི་གླང་པོ་ཆེ་ནི་བཅོམ། །འདུལ་བྱེད་དེ་ནི་ངོ་ཚ་དང་ལྡན་ཐུར་དུ་བལྟ་བར་གྱུར། །དེ་ཡི་ཚོགས་ལ་གླང་པོའི་དབང་པོ་དེ་ནི་སླར་ཡང་ཞུགས། །ཟབ་མོ་ས་ཡི་བདག་པོ་ཡང་ནི་ངོ་མཚར་དང་བཅས་གྱུར། །དེས་ན་རྒྱལ་པོ་རབ་སྣང་ལ་བློན་པོ་ཆེན་པོ་རྣམས་ཡང་འདུས་ནས། ལྷ་གླང་པོ་ཆེ་རྣམས་ཐམས་ཅད་ཀྱིས་ཀྱང་འདི་ནི་བསྒྲུབ་པར་དཀའ་བ་སྟེ། སྔགས་ཀྱི་བཟླས་པ་དང་སྨན་གྱི་སྟོབས་རྣམས་ཀྱིས་དུ་མས་འཐུང་བ་འདི་དབང་དུ་བྱའོ་ཞེས་ཞུས་སོ་དེ་བཞིན་དུ་བྱའོ་ཞེས་རྒྱལ་པོ་དེས་བརྗོད་ནས་སླར་རྒྱལ་པོའི་ཕོ་བྲང་དུ་གཤེགས་པར་གྱུར་ཏོ། །དེ་རྣམས་ཀྱང་ཐབས་དེས་སྤོས་ཀྱི་གླང་པོ་དེ་ལ་གླང་མོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་འོངས་ནས་གླང་པོ་ཆེའི་ར་བར་ཞུགས་པར་བྱས་ཏེ། ཀ་བ་ལ་བཅིངས་ནས་གླང་པོ་ཆེ་དེ་འོངས་སོ་ཞེས་རྒྱལ་པོ་ལ་ཞུ་བ་བྱས་པར་གྱུར་ཏོ། །དེ་ནས་རྒྱལ་པོས་ཀུན་ནས་སོང་བ་ཞེས་བྱ་བ་གླང་པོ་ཆེ་འདུལ་བྱེད་ལ་བཟང་པོ་དེ་ལྟར་འདི་གླང་པོ་ཆེའི་རྒྱལ་པོ་དུལ་བར་བྱ་བ་ཇི་ལྟར་བདག་ལ་བཞོན་པར་རུང་བར་འགྱུར་བ་ཞིག་ཅེས་བཀའ་སྩལ་ཏོ། །དེས་ཀྱང་མགོས་ཕྱག་འཚལ་བ་དང་བཅས་པས་རྒྱལ་པོའི་ངག་གཟུང་ནས་གླང་པོ་ཆེ་དེ་འདུལ་བ་ལ་ཞུགས་སོ། །གང་གང་གླང་པོ་འདུལ་བ་དེས། །བསླབ་པ་ཡང་དག་བརྟན་གྱུར་པ། །བློ་ལྡན་སློབ་མ་བཟང་པོ་ལྔར། །གླང་པོ་དེ་དང་དེ་ནི་གཟུང༌། །དེ་ནས་གླང་པོ་ཆེན་པོ་ཡང་དག་ཡོངས་


DTG169_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །གླང་ཆེན་རྣམས་ཀྱི་ང་རྒྱལ་རྒྱགས་པ་ཕྲོག་བྱེད་པ། །རྣམ་པར་འདུད་པའི་སྤྱི་བོ་འདུལ་བས་ཐལ་མོར་བཅས། །ས་ཡི་དབང་ཕྱུག་ལ་ནི་གླང་པོ་འདུལ་བར་ཞུས་པའོ། །འདི་ནི་དུལ་བས་སྐྱོང་བའི་གླང་པོ་ཆེ། །ཤིན་ཏུ་ས་སྐྱོང་གཞན་ལ་ཟློག་པར་བྱེད་པ་དེ། །གླང་པོའི་དབང་པོའི་བསླབ་པ་ཐོབ་ནས་དེ་ལྟར་ནི། །རྒྱགས་པ་ཡང་ནི་དེ་ལྟར་མིན་ན་མགུ་མི་བྱེད། །ལྕགས་ཀྱུ་མེད་པས་ཀྱང་ནི་སྨྱུག་མ་མེད་པས་ཀྱང༌། །རྣམ་པར་འགྱུར་བ་འགྲོ་མིན་དུས་སོགས་མེད་པས་ཀྱང༌། །བདག་གིས་ལོངས་ཤིག་ཅེས་བྱ་སླར་ནི་བསྐུལ་བྱས་པ། །གླང་པོ་འདི་ནི་འབར་བའི་ལྕགས་ཀྱི་རི་ལུ་ཟ། །དེ་ནས་དེའི་སྟེང་དུ་རྒྱལ་པོ་ཞོན་ནས་རྟོག །གླང་པོའི་དབང་པོ་འདི་ནི་ཁ་བའི་རི་དང་འདྲ། །འོན་ཀྱང་རང་ཉིད་རིན་པོ་ཆེ་ནི་རྟོག་ལ་མཁས། །ངོ་མཚར་སྐྱེས་པ་ཉིད་ཀྱིས་འདི་ནི་བརྟག་པར་གྱིས། །དེ་ནས་རྒྱལ་པོ་རབ་སྣང་གླང་པོ་ཆེའི་མཆོག་དེ་ལ་ཞོན་ནས་སྟོན་ཀའི་དུས་ལྟར་དཀར་བའི་ཉིན་མོར་བྱེད་པ་སྤྲིན་ལ་ཞོན་པ་ལྟར་བཙུན་མོའི་འཁོར་གྱིས་བསྐོར་བ་དང་བཅས་པ་བག་མེད་པས་ནགས་སུ་རྩེ་བ་ཉམས་སུ་མྱོང་བའི་དོན་དུ་ཞུགས་པར་མཛད་དོ། །དེ་ནས་མཚོ་ནང་སྒེག་བཅས་ཆུ་ནི་ཡན་ལག་ལ་ནི་གཏོར་བྱེད་པ། །གསལ་བ་འདུད་པ་བཅག་པའི་པད་མའི་རྩ་བ་དུམ་བུར་བྱེད་པ་ནི། །གླང་མོ་མཐོང་བས་གླང་པོའི་རྒྱལ་པོ་སྒེག་པས་ཀྱང་ནི་འགྲོ་འགྱུར་ཏེ། །པད་མས་པད་མ་བཅག་པར་གྱུར་པ་མངོན་པར་བཟོད་པར་བྱེད་པ་ཡི། །པད་མའི་ནགས་ཚལ་གྱི་ནི་དབུས་སུ་གླང་མོ་དེ་ནི་དེས་མཐོང་ནས། །གླང་པོའི་བདག་པོ་ཆགས་པའི་གཟུགས་དངོས་ཀྱི་ནི་སེམས་ལ་ཁྱབ། །འཆལ་པ་རྩུབ་པའི་དག་གིས་འདུལ་བར་བྱེད་པས་བཟློག་པར་གྱུར་པ་ཡང༌། །ཤིན་ཏུ་མགྱོགས་པར་རྒྱུག་པ་དེ་ཡང་འཇིགས་པས་རབ་ཏུ་འགྲོ་བར་འགྱུར། །གླང་པོ་རྗེས་སུ་འགྲོ་བ་རབ་ཏུ་ཞུགས་པ་གླང་པོ་དེ་ལ་ནི། །རི་མོའི་མདོག་ནི་དམར་པོ་ལུས་ཀྱིས་རྣམ་པར་འབྱེད་པ་ཡང༌། །མགྱོགས་པར་རྗེས་སུ་སོང་བའི་རྟ་རྣམས་ཀྱིས་ནི་རླུང་གིས་འཆག་པ་ནི། །བཞོན་པ་བཞིན་དུ་འགྲམ་ལ་གནས་པའི་བྲན་གྱིས་ཅུང་ཟད་མཐོང་བར་འགྱུར། །ཁྱོད་ཀྱིས་བདག་ནི་ནམ་ཡང་བཏང་བ་ཡིན་ཏེ། །ཁྱོད་ཀྱིས་བརྩེ་བ་མེད་པ་ཅི་ཞིག་འདི་ལྟ་བུ། །དེ་ལྟར་


DTG169_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་དྲུག་པའི་ཕྲང་བ་ཡུད་ཙམ་ཞིག །སྒྲ་འབྱིན་དེ་ཡི་ལམ་ལ་རྗེས་སུ་འགྲོ་བར་འགྱུར། །གླང་པོའི་དཔྲལ་བའི་དབྱེས་ལ་ལྕགས་ཀྱུས་བཏབ་ཀྱང་དེ། །འདུལ་བར་བྱེད་པས་དེ་ནི་ཕྱིར་ལྡོག་མི་ནུས་ཏེ། །སྐྱེས་པ་ཡང་ནི་འདུལ་བར་བྱ་བ་ནུས་མ་ཡིན། །ཅི་ཞིག་དུད་འགྲོ་འདོད་པའི་དོན་ལ་དམན་པའི་བློ། །དེ་ན་མྱུར་བ་ཉིད་དུ་མ་ཧེའི་ར་དང་དྲི་མ་དང་བཅས་པའི་ནགས་ཀྱི་མེའི་དུ་བས་མི་གསལ་བའི་རིའི་ཚང་ཚིང་གི་ནང་ཤིན་ཏུ་མི་མཉམ་པའི་སའི་ཆ་དང་ལྡན་པའི་ཕྱོགས་གཅིག་ན་གླང་པོ་ཆེ་ཚོགས་ཀྱིས་ཤིང་རྩ་བ་ནས་བཏོན་པའི་རྩེ་མོ་ནས་འཕུར་བའི་འདབ་ཆགས་རྣམས་ཀྱི་ཚང་ནས་སྒོང་ང་ལྷུང་སྟེ་ཆག་པའི་དུམ་བུ་རྣམས་ཀྱི་བསྲེས་པ་དང་ལྡན་པ། སྟག་རྣམས་ཀྱིས་ཉེ་བར་ལོངས་སྤྱོད་ཅིང་ཟོས་པའི་རླན་གྱིས་ཤིན་ཏུ་གོས་པ་ལ་བྱ་རྒོད་དང༌། ཁྲ་ད་དང༌། ཅེ་སྦྱང་རྣམས་ཟ་བ་དང་ལྡན་པ། ཤིང་བྱའི་སྒྲ་ཤིན་ཏུ་རྩུབ་པས་འཇིགས་པར་བྱེད་པ། སྐྱ་རེངས་ཞེས་བྱ་བས་ཤིང་རྟ་སྐུལ་བར་བྱེད་པའི་འོད་ཟེར་གྱིས་ཀུན་ནས་གདུངས་པའི་ས་འཛིན་གྱི་རྩེ་མོ་རྡོའི་ཚོགས་དང་ལྡན་པ། དམ་པ་མ་ཡིན་པ་དང་འབྲེལ་བ་ལྟ་བུར་མངོན་པར་མི་དགའ་བའི་གནས་སུ་གླང་པོ་དེ་འཇིགས་པ་དང་ལྡན་པས་རབ་ཏུ་ཞུགས་པར་གྱུར་ཏོ། །དེ་ཡང་ཆགས་པའི་དབང་གིས་ཚེར་མ་དང་ལྡན་པའི་སྨྱུག་མའི་ཤིང་གི་ཡལ་ག་ལྷུང་བ་ཟུག་པས། བརླ་དང་རྗེ་ངར་དང་ལག་པ་དང་བྲང་གི་མཐིལ་ལས་རབ་ཏུ་འཛག་པའི་ཁྲག་དང་ལྡན་པའི་སའི་བདག་པོ་ཁུར་ཞིང་ལྕགས་ཀྱུ་བཏབ་པ་རྣམས་མི་ཚོར་བར་དགོན་པ་དེ་ཉིད་དུ་ཞུགས་པར་གྱུར་ཏོ། །པ་ལ་ཤ་དང་ཨུ་དུམ་བཱ་ར་ལྟ་བུ་དམར་སྐྱའི་བཞིན་ལྡན་སྐད་ཅིག་མི་གཡོ་བར། །དྲིལ་བུའི་མ་ལ་ངོ་མཚར་བས་ནི་ཤིང་ལ་གནས་པའི་ཡལ་གའི་རི་དགས་རྣམས་ཀྱིས་བལྟ་བྱས་པ། །གླང་པོ་ཆེ་ནི་ལྕགས་ཀྱུ་ཤོར་བས་ཀུ་ཤའི་ཚོགས་ཀྱི་ཐང་ནི་སྔོ་བསངས་རྣམ་སྤངས་ནས། །རྩྭ་སར་བཅད་ནས་ཟ་ཞིང་མགྲིན་པ་གྱེན་དུ་ལྟ་བའི་རི་དགས་རྣམས་ཀྱང་ཡུད་ཙམ་མཐོང༌། །དེ་ནས་གླང་པོ་འདུལ་བས་རྒྱལ་པོ་དེ་ལ་ལྷ་ལགས་གླང་པོའི་བདག་པོ་འདི་ད་ནི་ལྕགས་ཀྱུ་མེད་པ་ཉིད་ཀྱིས་སྐྱེ་བོ་ངན་པ་ལྟར་ངོ་ཚ་དང་བྲལ་བའི་ཕྱིར་ཤིན་ཏུ་ཡང་དབང་དུ་བྱ་བ་མ་ཡིན་པ་སྟེ། གལ་ཏེ་རྣམ་པ་གང་གིས་ཀྱང་


DTG169_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གླང་པོ་གདུག་པ་ཅན་འདི་ཤིང་ཁ་ཅིག་གི་འོག་ནས་འགྲོ་བར་གྱུར་པ་དེ་བས་ན་དེའི་ཡལ་ག་བཟུང་ནས་ལྷས་བདག་ཉིད་བརྟན་པར་བྱའོ་ཞེས་ཞུས་སོ། །དེ་ནས་རྒྱལ་པོ་དེ་ཅོད་པན་དང་དཔུང་རྒྱན་དང་མུ་ཏིག་གི་ཆུན་འཕྱང་དང༌། ན་བཟའ་ལྷུང་བ་ན་ཙོ་རྣམས་ཀྱིས་མྱང་བར་བྱས་ཏེ། སིན་དྷུ་རས་རྗེས་སུ་ཁ་བསྒྱུར་བའི་གཙོ་མོའི་མཆུ་དང་རྗེས་སུ་མཐུན་པའི་འབྲས་བུ་དང་ལྡན་པ། འབྲས་བུ་མེད་པའི་སྲོག་གི་རེ་བ་ཅན་རྣམ་པ་གང་གིས་ཀྱང་ནྱ་གྲོ་དྷའི་ཤིང་གི་ཡལ་ག་ཡུན་རིང་པོར་མ་ཕྲད་པས་ཤིན་ཏུ་འདོད་པ་སྐྱེས་ཤིང་ཡིད་དུ་འོང་པ་ལྟར་འཕྱངས་ཤིང་འཁྱུད་པར་གྱུར་ནས་ཤིང་གི་སྡོང་བུ་མཆོག་ལ་གནས་པར་གྱུར་ཏོ། །མཆེ་བ་གཉིས་པ་རྣམས་ཀྱི་བདག་པོ་སོ་བའི་ཤིང་རྣམས་ཀྱི། །ཡལ་གའི་རྩེ་མོ་རྣམས་ཀྱིས་བཤིག་པའི་རྣ་བའི་རྔ་ཡབ་ནི། །རིང་བའི་ཕྱིར་ནི་མིག་གི་ལམ་ལས་འདས་པ་མཐོན་པོ་དང༌། །དྲིལ་བུའི་སྒྲ་དེས་སྐྱོང་གིས་ནི་ཐོས་པར་མ་གྱུར་ཏོ། །དེ་ནས་མིའི་བདག་པོ་དེའི་བཙུན་མོའི་འཁོར་གྱི་བུད་མེད་རྣམས་ངུ་བྲོ་བས་བཟློག་པ་དང་བཅས་པས་རབ་ཏུ་ཞུགས་ཏེ་སའི་བདག་པོའི་མྱ་ངན་གྱི་དབང་གིས་སའི་སྟེང་ན་གནས་པར་ཡང་ནས་ཡང་དུ་འདི་ལྟར་སྡུག་བསྔལ་བྱེད་པའི་ཕྱིར་རྩོམ་པར་གྱུར་ཏོ། །ས་རྡུལ་ལྷུང་བ་སྐྱེས་པ་ལ་ནི་འགའ་ཞིག་ཏུ། །རི་ཡི་ཚང་ཚིང་ཆེ་བའི་བྲག་གིས་མི་མཉམ་ལ། །ས་བདག་རྒྱལ་པོ་དེ་ནི་མཚོན་ཆ་དང་བྲལ་བ། །འཇིགས་པ་དང་བཅས་ནགས་ནས་ཅི་ལྟར་འོང་བར་འགྱུར། །རྣམ་པར་ལྷུང་བས་ཆག་དང་བྱུང་བའི་དཔུང་པ་ལག །ཡང་ན་དེ་ནི་སྙོམ་པའི་སྟོབས་ལྡན་གནོད་བྱས་པ། །རྐང་མཐིལ་འཇམ་པོ་དག་ལ་ཀུ་ཤའི་རྩེ་རྣམས་འབིགས། །དེང་སང་ཆུ་ནི་འཐུང་འདོད་ཅི་ལྟར་འཐུང་བར་འགྱུར། །མ་བསམས་པ་ཡི་རྒུད་པ་དེ་ནི་ཐོབ་བྱས་པ། །སྐྱེ་བོ་རྣམས་ཀྱིས་བསྐོར་ཀྱང་ཇི་ལྟར་གླང་པོ་ཆེས། །ཡང་ན་བདེ་སྡུག་འབྲས་བུ་ཅན་གྱི་ལྷ་ཡི་ལམ། །གང་ཞིག་སུ་ཞེས་བྱ་བ་འདའ་བར་བྱེད་པར་འགྱུར། །གལ་ཏེ་མི་ཡི་བདག་པོ་དེ་ཡི་ཅུང་ཟད་མི་ཤེས་པ། །ངེས་པར་བདག་ཅག་ཀྱང་ནི་འཆི་བར་འདོད་པ་སྟེ། །འོན་ཏེ་གླང་པོའི་བདག་པོ་གཉའ་རལ་ཅན་གྱིས་ཀྱང༌། །གླང་མོའི་ཚོགས་ནི་ནགས་ཀྱི་རི་ལ་དགའ་བ་མིན། །གླང་པོ་འདུལ་དེས་བཀའ་སྩོལ་ཡང་དག་


DTG169_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ནས་ཤེས་བྱ་བ། །ས་ཡི་སྟེང་གི་དབང་པོ་དེ་ནི་གསོན་ཞེས་སུ་ཞིག་སྨྲའམ། །སླར་ཡང་བཞེད་པ་ཡིས་ནི་ཡིད་འཕྲོག་ཟླ་བའི་ཞལ་ཅན་དེ། །མི་ཡི་བདག་པོའི་དཔལ་ནི་འཛིན་ཅིང་ནམ་ཞིག་མཐོང་འགྱུར་ཞེའོ། །དེ་ལྟར་བཙུན་མོའི་འཁོར་དེ་རྣམས་སྨྲེ་སྔགས་འདོན་པ་རྩེ་གཅིག་པ་མིག་གི་མཆི་མས་སྨུག་རྩི་བཀྲུས་པ་དེ་ཡང་ཡང་དག་པར་དབུགས་ཕྱུང་ནས་བློན་པོའི་སྐྱེ་བོ་འཁོར་དང་བཅས་པ་ཤིང་རྟ་རྣམས་ལ་ཞོན་ནས་རིམ་གྱིས་སོང་སྟེ། གླང་པོ་ཆེའི་བདག་པོ་དེའི་རྐང་པའི་རྗེས་ཀྱིས་རྩ་དང་བོང་བ་ཀུན་ནས་བརྫིས་པ་དང༌། སྨྱོན་ཆུའི་ཐིགས་པ་ཀུན་ནས་ལྷུང་བས་རྩྭའི་མྱུ་གུའི་མཐར་ཐུག་པ་དྲི་དང་བཅས་པ་དང༌། སྦྲང་རྩི་བྱེད་པའི་ཚོགས་ཀྱིས་ཀུན་ནས་བསྐོར་བའི་ལམ་དེ་རྗེས་སུ་ཚོལ་བར་གྱུར་ཏོ། །དེར་མུ་ཏིག་གི་ཚོགས་ལས་ལྷུང་བའི་ལྕི་བའི་རིན་པོ་ཆེའི་ཚོགས་ཀྱི་གཞི་དྲི་དང་བཅས་པ་དཀར་པོ་མུ་ཏིག་གི་ཚོགས་ཀྱི་སྐུད་པ་འདུག་པ་རྩྭ་ལ་ཐོགས་པ་རི་དང་ཉེ་བར་དེ་ནས་མུ་ཏིག་གི་ཕྲེང་བ་དེ་ན་གནས་པ་གཡོ་ཞིང་ཤིན་ཏུ་དཀར་བའི་ལྟོ་འཕྱེ་དང་འདྲ་བའི་འོད་ཀུན་ནས་བྱེད་ནུས་པ་མིའི་བདག་པོའི་སྐྱེ་བོ་དེས་མཐོང་ངོ༌། །མུ་ཏིག་གི་ཕྲེང་བ་མཐོང་བས་ཀྱང་ངེས་པར་ལྷ་ཉེ་བར་གནས་སོ་ཞེས་བསམས་པར་གྱུར་པའི་བློན་པོ་དེ་རྣམས་དེ་ནས་ཅུང་ཟད་ཀྱི་བར་དུ་ཕྱིན་ནས་ནྱ་གྲོ་དྷ་དེའི་འོག་ཏུ་རྒྱལ་པོ་དེ་སྐོམ་པས་བསྐམས་ཏེ་ལུས་སྐྱ་བོར་གྱུར་ཅིང་ཀུན་ནས་ཅོད་པན་ལྷུང་བ་ཤིན་ཏུ་རྣོ་བའི་ཚེར་མ་ཅན་གྱིས་རྒྱས་པའི་ཤིང་རྣམས་ཀྱིས་ཕོག་པས་སྡུག་བསྔལ་གྱི་ཚོར་བ་མཐོང་བར་གྱུར་ཏོ། །རྟ་དང་ཤིང་རྟ་རྣམས་ལས་བབས་ཏེ་དགའ་བའི་ཡིད་དང་ལྡན་པ་རྣམས་པད་མའི་རྩ་བའི་བུག་པ་རྣམས་ལས་ངེས་པར་བྱུང་བའི་ལྷའི་དབང་པོ་ལྷ་རྣམས་ཀྱིས་མཐོང་བ་བཞིན་དུ་གུས་པ་དང་བཅས་པས་བསྙེན་བཀུར་བྱེད་པར་གྱུར་ཏོ། །མིའི་བདག་པོ་དེས་ཀྱང་མ་ལུས་པ་དེ་རྣམས་ལ་སྨྲས་པར་གྱུར་ཏོ། །དེ་ནས་བློན་པོ་དེ་རྣམས་ཡི་རང་བ་ནི་ཤིང་རྟ་བཅུ་པའི་སྲས་ལྟར་ཤིང་རྟའི་མཆོག་དེ་ལ་བསྐྱོན་ནས་དགོན་པའི་ས་ཕྱོགས་དེ་ལས་སླར་གྲོང་ཁྱེར་དེར་འོངས་པ་ན་རྟ་བབས་ལ་དྲི་ཞིམ་པོ་རྣམ་པ་སྣ་ཚོགས་པའི་མེ་ཏོག་གི་ཕྲེང་བ་རྣམས་ཀྱིས་བཅིངས་པར་གྱུར་པ་ན་བུང་བས་ངེས་པར་འབྲེལ་ཞིང་རྒྱལ་མཚན་དང་བ་དན་གྱིས་སྐུལ་བར་


DTG169_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། དྲི་དང་བཅས་པའི་ཆུས་ལམ་པོ་ཆེའི་བར་དྲི་ཞིམ་པོར་བྱས་པ། སྣ་ཚོགས་པའི་གར་གྱི་དགའ་སྟོན་ལ་འཇུག་པ་རྒྱལ་པོའི་ཕོ་བྲང་འོད་ལྡན་གྱི་གྲོང་ཁྱེར་བ་རྣམས་ཀྱི་ཡིད་དགའ་བར་བྱས་པར་གྱུར་ཏོ། །གླང་པོ་ཆེ་དེ་ཡང་གླང་མོ་དེ་ལ་འདོད་པས་ལྟད་མོ་བྱེད་པ་ནི་དྲེགས་པ་དང་བཅས་པའི་གཤོལ་འཛིན་པའི་རྩེ་བ་ལྟར་གོམས་པར་བྱེད་ཅིང༌། གླང་པོ་འདུལ་བ་འཇིགས་པ་དང་ངོ་ཆ་བས་རྣམ་པར་རྨོངས་པའི་ཡིད་ཀྱིས་དེ་དང་ལྷན་ཅིག་ཏུ་རྒྱལ་པོ་དེའི་དྲུང་དུ་འོངས་སོ། །སྐྲག་པས་འདར་བ་བསྐྱེད་པའི་གླང་པོ་འདུལ་བ་དེས། །དེ་ནས་མཐོང་བས་མི་ཡི་བདག་པོ་དེ་ཡིན། །སྤྱན་གཉིས་ཁྲོས་པས་སྐད་ཅིག་གིས་ནི་འགྱུར་བ་ཅན། །ཨུཏྤལ་དམར་པོ་ཟེའུ་འབྲུ་མེད་པ་བཞིན་དུ་དམར། །ཁྲོ་བའི་སྒྲ་ཅན་གྱིས་དྲི་མ་དང་བཅས་པར་བྱས་པའི་ཞལ་གྱི་ཟླ་བ་ཅན་གྱི་རྒྱལ་པོས་བདག་ཉིད་ངན་པ་གླང་པོ་འདུལ་བྱེད་དམན་པ་ཀྭའི་ཅི་ཁྱོད་སུ་ཞིག་གིས་བསྐུལ་བ་ཡིན། གང་གི་ཕྱིར་དྲེགས་པ་འཛིན་པའི་གླང་པོ་ཆེ་ངན་པ་འདི་ལ་ཁྱོད་ཀྱིས་བདག་བསྐྱོན་བར་གྱུར་ཏོ་ཞེས་སྨྲས་སོ། །ཇི་ལྟར་གླང་པོ་ཆེའི་མཆོག་འདི་བདག་གི་ཚིག་གིས་ལྕགས་ཀྱི་རི་ལུ་འབར་བར་འགྱུར་བ་ཟའོ་ཞེས་འོན་ཀྱང་ཁྱོད་ཀྱི་བདེན་པ་ད་ལྟར་བལྟ་ཡིས། དེ་ནས་ཉི་མ་ཤར་བ་དང༌། །འདྲ་བའི་གླང་ཆེན་མདུན་དུ་དེ། །བྱིན་ཟ་དབུས་ནས་ཕྱུང་ནས་ནི། །ལྕགས་ཀྱི་རི་ལུ་གཞག་པར་གྱུར། །བློན་པོ་ཆེན་པོ་ལ་སྨྲས་པ། །ངོ་མཚར་ཅན་གྱི་བློན་པོས་བསྐོར། །གླང་པོའི་ཐོག་ཏུ་ཞོན་ནས་ནི། །ལྕགས་ཀྱི་རི་ལུ་ཁྱེར་ཤོག་ཅེས། །དེ་ལྟར་དེས་ནི་ཐོས་པ་དང༌། །སྨྱུག་མ་མདུན་དུ་བླངས་ནས་སུ། །གླང་པོ་ལོང་ཤིག་ཅེས་སྨྲས་པས། །དེ་ཡང་མི་མཐུན་ཉིད་མ་གྱུར། །ལྕགས་རིལ་ལེན་པར་འདོད་པ་དེ། །མཐོང་ནས་གླང་ཆེན་དེ་ཡང་ནི། །གླང་པོ་ཆེ་ནི་འདི་ལས་བཟློག །ཀུན་ནས་བསྡམས་པ་རྒྱལ་པོས་སྨྲས། །གླང་པོ་འདུལ་བྱེད་དེས་ནི་གླང་པོ་བཟློག་པ་དང༌།། དེ་ནས་སླར་ཡང་མི་ཡི་བདག་པོས་སྨྲས་པ་སྟེ། །ལུས་པོ་ཙམ་ནི་རྣམ་པར་འདུལ་བར་ནུས་ཡིན་གྱི། །སེམས་ཀྱི་གཡོ་བ་འདི་ནི་ཆར་གཅོད་ནུས་མ་ཡིན། །དེ་ནས་གནས་གཙང་མའི་ལྷ་ཅིག་བར་སྣང་ལ་གནས་ཏེ་སའི་བདག་པོ་འདི་གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་


DTG169_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་གྱི་ཚོགས་ཐོས་ན་དེ་ནས་ཐེ་ཚོམ་མེད་པར་སངས་རྒྱས་ཉིད་ཀྱི་ཕྱིར་སྨོན་ལམ་བྱེད་ཅེས་བྱ་བའོ། །དེའི་ཕྱིར་འདི་འདིར་དུས་ལ་བབ་པས་གླང་པོ་སྐྱོང་བ་འདི་ཉིད་ལ་བདག་རྗེས་སུ་ཞུགས་སོ་ཞེས་རྣམ་པར་བསམས་ནས་སྐད་ཅིག་ཉིད་ཀྱིས་དེའི་ལུས་ལ་རྗེས་སུ་ཞུགས་པར་གྱུར་ཏོ། །དེ་ནས་ཀུན་ནས་བསྡམས་པའི་རྒྱལ་པོ་དེ་ལ་གསོལ་པ། །དཀའ་ཐུབ་ཀྱིས་ནི་ཡན་ལག་རིང་གྱུར་འདོད་པ་རྣམས། །འདོད་ལྷས་ཐུབ་པ་རྣམས་ཀྱང་རྣམ་འགྱུར་ཐོབ་བྱས་པས། །དེ་རྣམས་ཀྱིས་ཀྱང་གལ་ཏེ་ཡིད་ནི་འདུལ་ནུས་མིན། །གཞན་གྱིས་རབ་ཏུ་བྱེད་པ་ཇི་ལྟར་བྱས་པར་འགྱུར། །རྒྱལ་པོས་སྨྲས་པ། སུ་ཞིག་གིས་སེམས་འདུལ་བ་ནུས་པར་འགྱུར། ཀུན་ནས་བསྡམས་ཀྱིས་གསོལ་པ། སངས་རྒྱས་ཞེས་བྱ་འགྲོ་བའི་མགོན། །བྱུང་འགྱུར་འབྱུང་བ་རྣམས་ཉིད་ནི། །དེ་རྣམས་རང་དང་གཞན་གྱི་སེམས། །འདུལ་བར་བྱེད་པར་ནུས་པ་ཡིན། །སངས་རྒྱས་ཞེས་བྱའི་ཚིག་ཐོས་ནས། །ངལ་བ་དེ་ལས་དེ་ཡི་ནི། །དང་བ་སྤུ་ལངས་བྱུང་རྣམས་ཀྱིས། །མང་པོ་ཉིད་དུ་ཡང་དག་ཐོབ། །རྒྱལ་པོས་སྨྲས་པ། བཟང་པོ་སངས་རྒྱས་རྣམས་ལ་ཇི་ལྟ་བུའི་མཐུ་དང་ལྡན་པ་རེ་ཞིག་སྨོས་ཤིག །ཀུན་ནས་བསྡམས་ཀྱིས་གསོལ་བ། །མ་རིག་རབ་རིབ་ལོང་རྣམས་ཀྱི། །སྲིད་པ་གཞན་ནི་བཟློག་ཕྱིར་རོ། །གང་དེ་རྟོགས་བྱའི་གོ་འཕང་ཞི། །དེ་རྟོགས་པས་ནི་དེ་བཞིན་གཤེགས། །དེ་ནས་རྒྱལ་པོ་དེ་ཡིད་རབ་ཏུ་དགའ་བ་དང་ལྡན་པས་སླར་སྨྲས་པ། འོ་ན་རེ་ཞིག་སངས་རྒྱས་ཉིད་ཇི་ལྟར་རྟོགས་པར་བྱ་བ་བརྗོད་པར་གྱིས་ཤིག་ཅེས་སོ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཡང་དག་ལྡན། །སློབ་མར་གྱུར་པའི་མི་རྣམས་ཀྱིས། །འབད་པས་སངས་རྒྱས་ཉིད་ནི་ཐོབ། །དེ་ནས་རྒྱལ་བོ་དེས་སངས་རྒྱས་ཉིད་རྟོགས་པའི་ལམ་ལ་ཉེ་བར་དམིགས་ནས་འདི་ལྟར་སྨོན་ལམ་བྱས་པར་གྱུར་ཏོ། །སེམས་ཅན་རྣམས་ནི་ཞི་དོན་དུ། །སྦྱིན་སོགས་ཡོན་ཏན་མང་ལྡན་པ། །སངས་རྒྱས་རྟོགས་བྱ་ལ་མཁས་པ། །དེ་ནས་མྱུར་དུ་བདག་གྱུར་ཅིག །དེ་ནས་དེ་ལྟར་སྨོན་ལམ་ཆེན་པོ་བྱང་ཆུབ་སེམས་དཔའ་དག་པ་ཡིས། །བྱས་པའི་བློ་ཅན་བྱས་པར་གྱུར་ལ་བློ་ལྡན་རྣམས་ནི་དགའ་བར་འགྱུར། །རང་གི་


DTG169_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ནི་རྣམ་པར་ཉམས་པའི་ཡིད་ནི་རྒྱ་ཡི་དབུས་གནས་པ། །མདས་ཕུག་རི་དགས་ལྟར་ནི་མེ་ཏོག་རྒྱལ་མཚན་གྱིས་ནི་སྡུག་བསྔལ་མྱོང༌། །ཡིད་ཀྱི་ཞིང་རྣམས་ཀྱིས་ནི་འཛིན་པའི་སྨོན་ལམ་ཤིང་ནི་སྐྱེ་བོ་དགའ་བྱེད་པ། །ཕལ་ཆེར་ཡང་དག་འབྱུང་བ་དང་པོ་སྙིང་རྗེའི་མེ་ཏོག་གིས་ནི་ནུས་ལྡན་པ། །རིམ་གྱིས་རྒྱུན་མ་ཆད་པར་འདོད་པའི་དབང་ཕྱུག་ཆེན་པོ་སྦྱིན་པའི་ཆུ་ཡིས་ནི། །འབྲས་བུ་དོན་དུ་གཉེར་བའི་ས་སྐྱོང་ཉིན་རེ་ཞིང་དུ་ཞིང་དང་འདྲ་བར་འཆུ། །ས་ཡི་བདག་པོ་སྤྱོད་པ་ནམ་མཁའ་ལྟ་བུར་རྒྱས་པས་རབ་ཏུ་བརྒྱན་པར་བྱས་པ་ནི། །བསལ་བར་དཀའ་བ་འགྲོ་བའི་མི་ཤེས་རབ་རིབ་གཡོགས་པ་བསལ་བར་འདོད་པ་ཡིས། །རྒྱལ་པོ་ཟླ་བའི་སྨོན་ལམ་སྟོན་ཀ་དང་འདྲ་རྩོམ་པས་དྲི་མ་དང་བྲལ་རྒྱས། །ཤིན་ཏུ་སྦྱིན་པའི་ཟླ་འོད་དོན་དུ་གཉེར་ལ་ཀུ་མུ་ད་ཡི་དགའ་བ་སྐྱེད་པར་བྱེད། །གཡོག་རྣམས་གླང་པོའི་ཕྲུ་གུ་ལྟར་ནི་ཤིན་ཏུ་སྐྱོད་བྱེད་པ། །དཔལ་ནི་གླང་མོ་བཞིན་དུ་ཡུན་རིང་པོར་ནི་མཉེས་བྱེད་ཅིང༌། །སྦྱིན་པའི་དོན་དུ་གཉེར་བ་འདོད་པ་རྣམས་ནི་འོངས་ནས་ནི། །ས་བདག་དེ་ལ་གླང་པོའི་དབང་པོ་བུང་བ་ལྟར་ནི་བསྐོར། །གང་ཞིག་སྔོན་ནི་ཐོབ་དཀའ་མེ་ལྟར་འགྱུར་བ་སྟེ། །གང་ཞིག་ཉིད་ནི་བྱ་བས་དཀྱིལ་འཁོར་འབྱིན་འཁྱོག་པ་ཡི་མིག་དང་ལྡན། །དེ་ཉིད་བྱང་ཆུབ་ལ་ནི་རྣམ་འབྲེལ་ངེས་པ་ཅན། །མི་ཡི་བདག་པོ་མཚོ་བཞིན་སྐྱེ་བོ་རྣམས་ལ་བསྐྱེད། །ལུས་ཅན་རྣམས་ཀྱི་སེང་སྣའི་མུན་པ་བསལ་བ་ནི། །རིམ་གྱིས་ཡིད་ནི་རང་བཞིན་གཞན་དུ་འགྲོ་བ་སྟེ། །དུ་བ་གང་ཞིག་ཉིད་ནི་མིག་ལ་རབ་གནོད་པ། །དེ་ཉིད་བསགས་པ་སྤྲིན་ཉིད་དུ་ནི་འགྲོ་བའོ། །ཤིན་ཏུ་སྦྱིན་ལ་སེམས་རྩེ་གཅིག་པའི་རྒྱལ་པོ་ལ། །འབངས་ཀྱི་སྐྱེ་བོ་ཡང་ནི་སྦྱིན་པ་དེ་ལ་སྦྱིན། །གང་ཕྱིར་དུས་ཉིད་དེ་ལྟ་བུ་དེ་འགའ་ཞིག་ཏུ། །ཞིང་རྣམས་གང་དུ་འབྲས་བུ་མང་བར་འགྱུར་བ་ཡིན། །ཡོན་ཏན་ལ་ནི་རྗེས་ཆགས་མི་བདག་མཐོང་ནས་ནི། །བློན་པོ་རྣམས་ཀྱང་ཡོན་ཏན་ལ་འདོད་སྐྱེད་པར་བྱེད། །རི་བོང་ཅན་གྱི་འོད་ཀྱིས་རྗེས་སུ་འབྲེལ་གྱུར་བ། །ཆུ་ཤེལ་དྲི་མ་དང་བྲལ་ཆུ་ནི་སྟེར་བར་བྱེད། །ཡོན་ཏན་དང་བཅས་སྐྱེ་བོས་སྦྱར་བར་གྱུར་པ་ནི། །མཛེས་པའི་ཡིད་ནི་ཡོན་ཏན་རྗེས་ཆགས་སུ་མི་འགྱུར། །ཐུབ་པའི་སྤོད་ཡུལ་འོངས་ཏེ་དམན་པའི་བློ་ལྡན་པ།།


DTG169_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་དང་རི་དགས་ཀྱང་ནི་དྲག་པོའི་ངོ་བོ་འདོར། །དེ་ལྟར་སངས་རྒྱས་ཡོན་ཏན་རྗེས་མཐུན་ཡི་གེ་ཅན། །གླང་པོ་འདུལ་བ་ལ་ནི་ཡིད་འཕྲོག་ངག་ཐོས་ནས། །སྲིད་པའི་འཆིང་བ་འཇོམས་པའི་རྒྱུ་ཅན་སྨོན་ལམ་འདི། །སྔར་བྱུང་ཤཱཀྱའི་སྲས་ཀྱི་འབྱུང་བར་འགྱུར་བ་ཡིན། དེ་ལྟར་བདེ་བར་གཤེགས་པའི་ཡོན་ཏན་གྱི་ཆེ་བའི་བདག་ཉིད་ཐོས་པའི་སྐྱེས་པ་ཁྱད་པར་ཅན་རྣམས་ལུས་ཅན་རྣམས་ཀྱི་འཁོར་བའི་སྡུག་བསྔལ་རྣམ་པར་གཅོད་པའི་ཕྱིར་དང༌། སངས་རྒྱས་ཉིད་རྟོགས་པའི་ཕྱིར་བརྩོན་འགྲུས་ཀྱི་གོ་ཆ་གྱོན་པ་ཞེས་བྱ་བ་རྣམ་པར་བསམས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་དོན་དུ་སློབ་བཞིན་པའི་བློ་ཅན་གྱིས་ཐོག་མ་ཉིད་དུ་སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ་ལ་འབད་པར་བྱ་ཞེས་བྱའོ། །རབ་སྣང་གི་སྐྱེས་པའི་རབས་ཏེ་དང་པོ་རྫོགས་སོ།། །།གང་ཞིག་གཞན་གྱི་སྡུག་བསྔལ་རྣམས་ཀྱིས་སྡུག །དེ་ནི་རྣམ་པར་གཅོད་ཕྱིར་དམ་བཅའ་བྱས།། འགྲོ་བ་རྣམས་ཀྱི་དོན་ནི་བྱེད་གྱུར་པ། །དེ་ཉིད་ཤིན་ཏུ་སྡུག་བསྔལ་རྣམས་ནི་བཟོད། །འདི་ལྟར་རྗེས་སུ་ཐོས་ཏེ་སའི་སྟེང་ན་ཅོད་པན་དུ་གྱུར་པ་ཚུལ་གྱིས་རབ་ཏུ་གདུང་བས་བློན་པོ་ཆེན་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་པོ་ཚངས་པས་བྱིན་གྱིས་བརླབས་པའི་གྲོང་ཁྱེར་བཱ་རཱཎ་སཱིའི་རྒྱལ་པོའི་ཕོ་བྲང་ན། བསོད་ནམས་ཀྱི་ཚོགས་སྣ་ཚོགས་པ་ཉེ་བར་བསགས་པ། བསྟན་བཅོས་དུ་མའི་ཆ་ལ་མཁས་པའི་གྲགས་པས་རབ་ཏུ་གྲགས་པ། གཏོང་བ་དང་ཁྲེལ་ཡོད་པ་དང་བཟོད་པ་ལ་སོགས་པའི་ཡོན་ཏན་རྣམས་ལྷག་པར་གནས་པ། བཤེས་པ་དང་དོན་དུ་གཉེར་བ་དང་གཉེན་འདུན་དུ་གྱུར་པའི་སྐྱེ་བོ་རྣམས་ཀྱི་ཡིད་དུ་འོང་བའི་དི་དེ་དཔོན་ཤིན་ཏུ་དགའ་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་བྱུང་བར་གྱུར་ཏོ། །དུས་ཀུན་དུ་ནི་ཐམས་ཅད་ཉིད། །ཀུན་གྱི་ཕྱིར་ནི་སྦྱིན་བྱ་ཞེས། །སེམས་ཅན་ཀུན་ལ་བརྩེ་བ་ཡི། །དེ་ཡི་དམ་བཅའ་བྱུང་བར་གྱུར། །འཇིག་རྟེན་སྡུག་བསྔལ་བཅད་པའི་ཕྱིར། །ཤིན་ཏུ་བྱས་པའི་སེམས་རྣམས་ཀྱི། །སེམས་ཅན་ལ་ཆེ་དམ་བཅའ་ནི། །ཆེན་པོ་ཉིད་རྣམས་ལ་ནི་སྐྱེ། །གཏོང་བས་སྐྱེ་བོ་རབ་དགའ་བྱེད། །དེས་ན་སེམས་དཔའ་དག་པར་འགྱུར། །སྟོན་ཀའི་དུས་ན་ཟླ་བ་བཞིན། །ཆེན་པོ་ཤར་བས་མུན་པ་སེལ། །བདག་ཅག་


DTG169_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་འདིས་ནི་འཛིན། །ལོངས་སྤྱོད་བསོད་ནམས་སྟོབས་ཀྱིས་རྙེད། །དོན་དུ་གཉེར་རྣམས་རྫས་རྣམས་ལ། །དེ་ཡི་བདག་འཛིན་དེ་ལྟར་དམིགས། །ངེས་པར་ལེགས་པའི་བློ་གློས་འདི་ཡི་སྨོན་ལམ་ས་བོན་ནི། །ཡིད་ཀྱིས་འདི་ལ་ནི་རྒྱལ་བ་ཉིད་ཀྱི་འབྲས་བུའི་ཕྱིར། །སྔོན་ནི་སྦྱིན་བའི་ཕ་རོལ་ཕྱིན་པས་བསོད་ནམས་ཀྱི་ནི་ལས། །དེ་ནི་ཕྲད་པས་དགའ་བ་བཞིན་དུ་མྱུར་དུ་སྤྲད་ནས་འཁྱུད། །དེ་ལྟར་དགེ་བའི་རྩ་བ་ཉེ་བར་བསགས་པས་སྦྱིན་པ་ཆེན་པོ་ལ་ཞུགས་པ། སེམས་ཅན་གྱི་དོན་གྱི་ཕྱིར་སྙིང་རྗེའི་ལྕག་གིས་ཡིད་ཀྱི་རྟ་ཡང་དག་པར་བསྐུལ་པར་བྱས་པ། ངེས་པའི་ཤིང་རྟ་ལ་ལྷག་པར་ཞོན་པའི་བྱང་ཆུབ་སེམས་དཔས། ཉིན་པར་འདི་ནི་གཏོང་མི་འགྱུར། །སྦྱིན་བའི་ཕ་རོལ་ཕྱིན་པ་ཞེས། །ལྷག་མ་ཕ་རོལ་ཕྱིན་རྣམས་དེའི། །ཕྲད་འདོད་ལྟ་བུར་གནས་པར་གྱུར། །དེ་ནས་བདག་ཉིད་ཆེན་པོ་དེ་སོ་གའི་དུས་ཀྱི་ཉིན་མོར་བྱེད་པའི་འོད་ཟེར་ལྟར་ཆུའི་སྣོད་ཀྱིས་ཆུ་ཀུན་ནས་འཐུང་བར་གྱུར་པ་ཉིད་དམ་རེ་རེར་དོན་དུ་གཉེར་བ་རྣམས་ཀྱིས་ལྷག་མ་ཅུང་ཟད་ཙམ་མཛོད་ཀྱི་སྙིང་པོ་མཐོང་ནས། སློང་མོ་པའི་སྐྱེ་བོའི་རེ་བ་འབྲས་བུ་མེད་པར་བྱེད་པ་མི་ནུས་པས་རིན་པོ་ཆེའི་གླིང་དུ་མངོན་པར་འགྲོ་བར་འདོད་ཅིང༌། སྣ་ཚོགས་པའི་ཟོང་གིས་ཡོངས་སུ་གང་བ། མཐོན་པོའི་རླུང་རས་ལ་འཇམ་པའི་རླུང་ལྷུང་བ་དང༌། ཤིན་ཏུ་མཁས་པའི་སྐྱ་ཆེན་འཛིན་པ་རྣམས་ཀྱིས་སྐྱ་བ་འཛིན་པ་རྣམས་དང༌། ཡིད་ཆེས་པའི་འཁོར་གྱི་སྐྱེ་བོ་རྣམས་ཀྱིས་ལྷག་པར་གནས་པའི་གཟིངས་སུ་ཞུགས་ནས། ཚོང་པའི་སྐྱེ་བོ་དུ་མས་ཡོངས་སུ་བསྐོར་བ། ཨ་ཏ་ས་ཡི་མེ་ཏོག་ཁ་བྱེ་བཀྲམ་པ་ངང་འདྲ་བའི། །ནམ་མཁའི་ཆུ་ཉིད་དུ་ནི་ཀུན་ནས་འོངས་པ་འདྲ་བ་སྟེ། །འོད་ལྡན་ལྟོ་འཕྱེའི་ནོར་བུ་མར་མེ་སྟོང་གི་ནང་ནས་ནི། །ཟབ་ཅིང་བགྲོད་པར་དཀའ་བའི་ཆུ་ལྡན་རྒྱ་མཚོ་འཁྲུག་པར་བྱས། །གཟིངས་འགྲོ་བའི་དབང་གིས་ཆུ་མཐོ་བའི་འགྲམ་གྱི་ཤིང་རྣམས་བུམ་པ་ལྟར་སྐད་ཅིག་ཉིད་དུ་ནི་ཡང་དག་པར་མཐོང་ནས་རླུང་གི་སྟོབས་ཀྱིས་འབྱུང་བར་གྱུར་པའི་རླབས་ཆེན་པོ་རྣམས་ཀྱིས་མི་མཉམ་པ་མདུན་དུ་རྒྱུག་པ་དང་འདྲ་བར་རིམ་གྱིས་རྒྱ་མཚོ་ཆེན་བོ་ལ་བརྒལ་ནས་རིན་པོ་ཆེའི་གླིང་དུ་ཕྱིན་ཏེ། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེ་རྣམས་བླངས་ནས་ཚོང་པ་དེ་རྣམས་དང་ལྷན་ཅིག་ཏུ་གེགས་


DTG169_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཤིན་ཏུ་དགའ་བས་སླར་ལོག་སྟེ་འགྲོན་པོ་ཐང་གི་ལམ་ནས་ཁྲིད་པ་བརྩམས་པར་གྱུར་ཏོ། །འདི་ལ་བརྟེན་ནས་དོན་གཉེར་ཚོགས་ནི་རྒྱབ་ཕྱོགས་མ་སོང་སྟེ། །འདི་ཡི་སེམས་ནི་དགྲ་དང་བུ་ལའང་མཉམ་པར་འཇུག་པ་ཞེས། །དེ་ལྟར་ཡོན་ཏན་རྣམས་ནི་བརྗོད་ཅིང་ཡོན་ཏན་འདོད་པ་ཡིས། །དེ་ཡི་འགྲོན་པོ་རྐུན་མོའི་ཚོགས་ཀྱིས་ཀྱང་ནི་ཆོམས་མི་འགྱུར། །ཚུལ་ཁྲིམས་གཙང་མས་བརྒྱན་པའི་སྐྱེ་བོ་ལ། །འགྲོ་བའི་དོན་དུ་སོ་སོར་འབྲེལ་བའི་སེམས། །འོན་ཀྱང་ཆོས་ལ་རྒྱབ་ཕྱོགས་སྐྱེ་བོ་ནི། །བཤེས་པ་བཞིན་དུ་བཟང་བ་ཉིད་དུ་འགྲོ། །དེ་ནས་བདག་ཉིད་ཆེན་པོ་དེ་བཱ་རཱ་ཎ་སཱིར་ཉེ་བར་འོངས་ནས་དགའ་བའི་ཡིད་ཅན་གཉེན་འདུན་རྣམས་ཀྱིས་མཐོང་བར་གྱུར་ཏེ་རང་གི་ཁྱིམ་དུ་རྗེས་སུ་ཞུགས་ནས་རིན་པོ་ཆེའི་གླིང་ནས་རྙེད་པ་ལ་རང་དབང་དུ་སྤྱོད་པ་ངེས་དོན་དུ་གཉེར་བའི་སྐྱེ་བོ་རྣམས་ལ་ཡང་ཉིན་རེ་བཞིན་དུ་འགྱེད་པར་བྱས་པར་གྱུར་ཏོ། །བདག་ཉིད་ཆེན་པོ་དེས་ནི་གཞན་དོན་ཕུན་སུམ་ཚོགས། །རྒྱ་ཆེའི་སེམས་དང་ལྡན་པས་སྦྱིན་པ་རབ་སྦྱིན་ཅིང༌། །འབྲས་བུ་དང་བཅས་དོན་གཉེར་མང་པོ་འོངས་པ་ཡི། །དོན་གཉེར་རྣམས་ཀྱིས་ཁྱིམ་གྱི་སྒོ་ནི་སྟོངས་མ་གྱུར། །དེ་ནས་བདག་ཉིད་ཆེན་པོ་དེ་དུས་གཅིག་གི་ཚེ་མལ་ཆ་མཆོག་ལ་གནས་ཤིང་ནུབ་མོ་འདི་བསམས་པར་གྱུར་ཏོ། །ནོར་འདི་ཡང་སྐྱེ་བོ་དོན་དུ་གཉེར་བ་ལ་སོ་སོར་མཆོད་པའི་ཕྱིར་ནུས་པ་ཉིད་མ་ཡིན་སྙམ་མོ། །སླར་ནི་སྦྱིན་པའི་འབྲས་བུ་ཇི་ལྟ་བུ་བསྒྲུབ་པར་བྱ། གང་གིས་བདག་ལ་རྟག་ཏུ་སྦྱིན་པ་རྒྱུན་མ་ཆད་པས་ཡིད་ཚིམ་པ་དོན་དུ་གཉེར་བ་རྣམས་ལ་འགྱུར་ཞེས་བྱའོ། །གཞན་ཡང་མཚན་མོ་འདི་མྱུར་དུ་འདའ་བ་ནི་གང་གི་ཕྱིར་བདག་གིས་དོན་དུ་གཉེར་བའི་ཚོགས་རྣམས་ལ་ཇི་ལྟར་དགྱེ་བར་བྱ་ཞེས་བསམས་སོ། །སྐྱེ་བོ་ཐམས་ཅད་ན་བའི་དུས་སུ་གཉིད་འདོད་དེ། །སེམས་ནི་བདེ་བའི་ཕྱིར་ནི་ངལ་བས་གདུངས་པའམ། །འདི་ནི་སྦྱིན་བའི་བདག་པོ་སྟེར་བའི་གེགས་བྱེད་ཅེས། །དམ་པ་དེ་ནི་གཉིད་ལོག་པས་ནི་སྡུག་བསྔལ་གྱུར། །དེ་ནས་སེམས་དཔའ་ཆེན་པོ་དེ་གཉིད་ཀྱི་དབང་དུ་ཉེ་བར་སོང་བ་ན་རྨི་ལམ་དུ་འོད་ཟེར་དྲི་མ་མེད་པ་འཁོར་ཡུག་ལ་མངོན་པར་འབྱུང་བའི་འོབས་ལམ་ན་ལུས་ནུས་པ་བུང་བའི་ཚོགས་ཀྱིས་ཤིན་ཏུ་ནག་པ་ལྷོད་པའི་སྐྲའི་ཚོགས་ཀྱིས་


DTG169_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་པ་ཕྱོགས་གཅིག་བཀབ་པར་བྱས་ཏེ། པད་མའི་འདབ་མ་ལྟར་ཤིན་ཏུ་དམར་ཞིང་ཡངས་པའི་མིག་དང་ལྡན་པ། གསེར་གྱི་བུམ་པ་དང་རྗེས་སུ་མཐུན་པའི་ནུ་མའི་སྟེང་དུ་ཁྱབ་པའི་མུ་ཏིག་གི་ཆུན་པོ་དང་ནོར་བུའི་འོད་ཀྱིས་ཀུན་ནས་གསལ་བར་བྱས་པའི་བྲང་གི་མཐིལ་ཅན། མེ་ཏོག་བན་དུ་ཛི་བ་སར་པ་ལྟར་ཤིན་ཏུ་དམར་བའི་མཆུ་དང་ལྡན་པ། གསུས་གཉེར་གསུམ་ནི་སྐས་ཀྱི་གདང་བུ་ལ་འཛེགས་པས་རབ་ཏུ་སྲབ་པའི་སྤུའི་ཕྲེང་བ་འཁྱོག་ཟེར་བར་བྱས་པ། ཟླ་བའི་མཛེས་པ་གཟུགས་དང་ལྡན་པ་ལྟར་རྣ་བའི་རྒྱན་གྱི་ནོར་བུའི་འོད་ཀྱིས་མཁུར་ཚོས་ཀྱི་སྨུག་རྩི་འདོར་བ། སྲབ་པ་དང་དཀར་བའི་སྟོད་གཡོགས་ཀྱིས་ཡན་ལག་སྦས་པ། སྟོན་ཀ་ཟླ་བ་ཚེས་པའི་འོད་ཀྱིས་ཀུན་ནས་ཁྱབ་པའི་གསེར་གྱི་སྐུ་གཟུགས་ལྟར་རྗེས་སུ་མཐུན་པའི་ལྷ་མོ་མཐོང་ངོ༌། །དེས་ཀྱང་མངོན་བར་གསལ་བར་གྱུར་པའི་སོ་དང་ནོར་བུའི་འོད་ཀྱིས་བཞིན་སྣང་བར་བྱས་ཏེ། གསལ་བ་དང་འཇམ་པའི་ཚིག་གིས་འདི་སྐད་ཅེས་གསུངས་སོ། །སྦྱིན་ལ་ཤིན་ཏུ་ཆགས་པས་མཛོད་ཀྱི་ཕུན་ཚོགས་ནི། །ཁྱོད་ཀྱིས་འདི་ནི་རིམ་གྱིས་སྲབ་པ་ཉིད་དུ་འགྱུར། །མཚན་མོ་མཛེས་བས་ཟླ་བའི་མཛེས་པ་ཟད་པ་སྟེ། །རྒྱ་མཚོའི་རླབས་ནི་ངེས་པར་བཟློག་པར་འགྱུར་བ་ལྟར། །དེ་ནས་ཁྱོད་ལ་ཤར་བ་སོང་བ་འགྲོ་འགྱུར་ཏེ། །ལྟ་བ་བཟློག་ཅིང་དོན་དུ་གཉེར་ལ་རྒྱབ་ཕྱོགས་པ། །སྐད་དང་བྲལ་བ་ཡིད་འོང་དངོས་ནི་ལྷུང་བ་ཡི། །སྟོན་ཀའི་དུས་ནི་སྤྲིན་ལ་ཡུན་རིངས་རྨ་བྱ་བཞིན། །དེ་ལྟར་འཛད་པར་འགྱུར་བའི་མཛོད་ཀྱི་ཕུན་ཚོགས་ལ། །ཁྱོད་ནི་དོན་གཉེར་རྙེད་ནས་མྱ་ངན་འགྲོ་འགྱུར་ཏེ། །ཁྱོད་ཀྱི་སྦྱིན་འདོད་འདི་ནི་ཤིན་ཏུ་གྲགས་པ་ནི། །ནམ་ཞིག་ཀྱང་ནི་རྣམ་པར་འགྱུར་བར་འགྲོ་མི་འགྱུར། །ཤིང་ནི་ཟད་པའི་སོང་བར་གཡོ་བའི་འོད་ཟེར་གྱིས། །མེ་ནི་འབར་བ་ཟད་པར་ཡང་ནི་རབ་འགྲོ་སྟེ། །ཕལ་ཆེར་གོམས་པས་རྣམ་པར་འཕེལ་བའི་སྐྱེ་བོ་ནི། །ཆེན་པོ་རྣམས་ཀྱི་སྦྱིན་འདོད་རྒུད་ཀྱང་དེ་ལྟ་མིན། །འདི་ནི་ནོར་རྣམས་ཡོངས་སུ་ཟད་ཀྱང་དོན་གཉེར་རྣམས། །སློང་ལ་བརྟེན་པའི་འཇིགས་པ་འཇིགས་པར་མི་བྱེད་དེ། །དེ་ལྟར་གསལ་བར་བྱས་པའི་ངེས་པ་སྐྱེད་རྣམས་ཀྱིས། །སྐྱེ་བ་དཀའ་བ་ལ་ཡང་རྒྱ་ཆེན་ཉིད་མི་སྤོང༌། །དེ་ལྟར་ཁྱོད་ནི་བདེན་


DTG169_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨྲ་བ་སྟེ། །སྲིད་པ་རྣམ་པར་གཅོད་པའི་གོ་འཕང་ཚུལ་བྱེད་པ། །བྱ་བ་ཉུང་བ་ཉིད་ནི་མྱུར་དུ་བཅིངས་ནས་སུ། །འཇིག་རྟེན་རྣམས་ལ་འབྱོར་ཕྱིར་རྒྱ་ཤུག་གླིང་དུ་གཤེགས། །བདག་གིས་ཉེ་བར་བསྟན་པ་དེ་ཉོན་ཅིག །འགྲོ་བ་ས་འཛིན་ཀླུ་དང་གནོད་སྦྱིན་གྱིས་འཇིགས་པ། །རྒྱ་མཚོ་མང་བ་རྣམས་ཀྱིས་ཀྱང་ནི་འགག་འགྱུར་བ། །དེ་ནི་ཤིན་ཏུ་སྒྲུབ་པའི་དོན་དུ་ཁྱོད་ཉིད་ནུས། །རི་བོ་མ་ལ་ཡ་ལ་འཛེག་བྱེད་བདུད་རྩི་ཞེས། །བརྩོན་པ་བཏང་ན་གཙང་བའི་དྲི་ལྡན་སྨན་ཡོད་དེ། །དགང་བླུགས་ཡོངས་སུ་སྨིན་ནས་དེ་ཟོ་ཤིག །ངལ་དང་སྐོམ་པ་སེལ་དང་བཀྲེས་པ་སེལ་བའི་ཕྱིར། །གླིང་རྣམས་བརྒྱ་ཕྲག་ལྔ་དང་འཇིགས་པའི་ཆུ་ལྡན་ཆུ་བོ་དེ་དང་དེ་རྣམས་འདས་ནས་ནི། །ཆུ་གཏེར་རྣམས་ལ་བསོད་ནམས་དང་ནི་བརྩོན་འགྲུས་ཀྱིས་ནི་གཟིངས་རྣམས་དབུས་ནས་རྒལ་ནས་ཀྱང༌། ས་འཛིན་མཐོན་པོའི་སྟེང་ན་ཆེན་མོ་མིང་གི་ཚོགས་ནི་ཆེན་པོ་ཞེས་བྱ་སྨན་ཡོད་དེ། །དེ་ནི་བླངས་ནས་ལྟོ་འཕྱེ་ཆེན་པོའི་དུག་ནི་ཆད་པར་བྱ་ཕྱིར་དེར་ནི་ཁྱོད་སོང་ཅིག །ལྕང་ངར་གྱིས་ཕུག་པར་བྱས་པའི་སྤའི་ནགས་རྒལ་བར་བྱས་ནས་རྒྱ་མཚོའི་འགྲམ་དུས་འཛིན་གྱི་ཕུག་གི་ནང་ན་གནས་པ་སྐར་མའི་མིག་ཅེས་བྱ་བ་སྲིན་པོ་ཁྱོད་ཀྱིས་མཐོང་བར་འགྱུར་ཏེ། གཉིད་ལོག་པ་ལས་སད་པ་བཞིན་དུ་འབར་བའི་མེས་འབར་བ། །གང་གིས་མིག་དང་ཉི་མའི་དཀྱིལ་འཁོར་འདྲ་བའི་འབྲས་བུ་ཅན། །ཀུན་ནས་སེར་བའི་རྫི་མས་ཡོངས་བསྐོར་ལམ་གྱི་པྲི་ཀ་ཅན། །གཉིད་སངས་པ་ལ་བསྐུམ་པ་དང་འདྲ་བར་ནི་འཛུམས་མེད་པ། །དེ་ནི་གཉིད་ལོག་པ་ན་མཐུག་པའི་དབུགས་ཀྱི་རླུང་གིས་ནི། །ཤིང་རྣམས་ཀྱི་ནི་མེ་ཏོག་དཀར་པོ་རབ་ཏུ་རྙིངས་པར་འགྱུར། །འདི་ཡི་ལྕེ་ནི་གཡོ་བ་རྣམ་པར་འགྱུར་ཏེ་ཁ་ཡི་སྦྱོར་བ་ལས། །འཇིགས་པའི་སྒྲ་ཡི་ཆུ་འཛིན་པ་ལས་གློག་འགྱུའི་རྒྱུན་བཞིན་ནོ། །དེ་ནས་གནོད་སྦྱིན་དང་ལྟོ་འཕྱེ་རྣམས་ཞི་བའི་དོན་དུ་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པའི་མདོའི་ཚིག་རྣམས་འདོན་ཅིང་ཁྱོད་ཀྱིས་འགྲོ་བར་བྱས་ཏེ་སོང་ནས་ཀྱང་ཤིན་ཏུ་རིང་བ་མ་ཡིན་པ་ནི་སྐྱེད་མོས་ཚལ་རྣམ་པ་སྣ་ཚོགས་པའི་མེ་ཏོག་རྣམས་ཀྱིས་དྲི་ཞིམ་པའི་རླུང་དང་ལྡན་པ་རིན་པོ་ཆེ་དུ་མས་རབ་ཏུ་སྣང་བར་བྱས་པའི་


DTG169_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་འགྲམ་ན་ས་འཛིན་རྣམས་ཀྱིས་རབ་ཏུ་བྱས་པ་དུ་མ་ཐ་དད་པའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པར་གནོན་པའི་སྐྱེས་བུའི་ལམ་ཤི་བ་མེད་པའི་གྲོང་དང་འདྲ་བའི་རོ་ཧི་ཏ་ཞེས་བྱ་བའི་གྲོང་ཁྱོད་ཀྱིས་མཐོང་བར་འགྱུར་རོ། །དེར་ཡང་ཟླ་བ་ཉ་བ་ལྟར་ཡིད་དུ་འོང་བ་རྣམ་པ་སྣ་ཚོགས་པའི་ཡོན་ཏན་གྱི་ཚོགས་དང་ལྡན་པ་དེད་དཔོན་མ་གྷ་ཞེས་བྱ་བ་ཡོད་དེ། །དེ་ནི་རྒྱ་ཤུག་གི་གླིང་གི་ལམ་ཁྱོད་ལ་ཉེ་བར་སྟོན་པར་འགྱུར་རོ། །དེད་དཔོན་ཆེན་པོ་དེ་ཡང་ནད་ཤིན་ཏུ་དྲག་པོ་ཉིད་ཀྱིས་སེང་གེ་དང་སྟག་གིས་འཇིགས་སུ་རུང་བའི་རི་བོ་དང་ནགས་ཀྱིས་ཁྱབ་པའི་དཔག་ཚད་མང་པོར་སོང་སྟེ་དུས་དུས་ཀྱི་ལམ་གྱིས་སྦྱར་བར་འགྱུར་རོ། །ཁྱེད་ཀྱང་དེར་སྡུག་བསྔལ་མི་བྱའོ། །སྙིང་རྗེས་རབ་ཏུ་བསྐུལ་བ་ནི། །སེམས་ཅན་ཕན་ཕྱིར་བསྟན་པ་རྣམས། །སྤྲོ་བ་དང་འབྲེལ་རང་བཞིན་ཆོས། །འདོད་པ་ཡང་དག་སྒྲུབ་པ་ཡིན། །ཕྱི་ནས་ལྷའི་མཐུ་དང་བསོད་ནམས་ཀྱི་མཐུས་རིང་པོར་འདའ་བར་བྱ་སྟེ། ཁ་བ་ཅན་གྱི་རིའི་རྩེ་མོར་རྗེས་སུ་བྱེད་པའི་ར་བས་ཡོངས་སུ་བསྐོར་ཞིང་དངུལ་གྱི་གྲོང་ཁྱེར་སྒ་བཅད་པ་ཁྱོད་ཀྱིས་མཐོང་བེར་འགྱུར་ཞེས་བྱ་བའོ། །དེར་ཡང་ཁྱོད་ཀྱིས་མདོའི་ཚིག་དེ་རྣམས་ཉིད་གདོན་པར་བྱའོ། །དེ་ནས་སྒོ་གླེགས་དེ་རང་ཉིད་ཀྱིས་ཕྱེ་བ་འབྱུང་བར་འགྱུར་རོ། །དེ་ཡི་རྗེས་སུ་མི་འམ་ཅི་མོ་བཞི་ནི་ངེས་པར་འབྱུང་བར་འགྱུར་ཏེ་ལྕི་བ་ཡི། །ནུ་མའི་བུམ་པའི་ཁུར་གྱིས་ཤིན་ཏུ་ངལ་ཞིང་དགོད་པའི་དབང་གིས་སོ་ཡི་འོད་ནི་གསལ། །སྨིན་མའི་རི་མོ་ཆེ་བར་ལྡན་ཞིང་ཨུཏྤལ་འདབ་ལྟར་སྔོ་བའི་མིག་ལྡན་པ། །སྲབ་ཅིང་དཀར་བའི་ལྷ་ལས་འབྱུང་བའི་གོས་ཀྱི་ན་བཟའ་འཛིན་པར་བྱེད་པ་མོ། །འཇམ་པའི་རྒོད་པས་ཟུར་མིག་གིས་ལྟ་བ་དང་སྨིན་མཚམས་སྒེག་པས་འདོད་པའི་ལྷ་གསལ་བར་བྱས་པ་དེ་རྣམས་ལ་ཡང་ཁྱོད་ཀྱིས་སྲིང་མོའི་འདུ་ཤེས་བསྐྱེད་པར་བྱའོ། །དེ་རྣམས་ཀྱང་ཁྱོད་ལ་རྒྱ་ཤུག་གི་གླིང་གི་ལམ་སྟོན་པར་བྱེད་པར་འགྱུར་རོ། །དེ་ནས་རྒྱ་ཤུག་གི་གླིང་གི་བདག་པོ་མི་འམ་ཅིའི་རྒྱལ་པོ་རྣམས་ཀྱིས་རབ་ཏུ་སྤྲོ་བ་སྐྱེད་དེ་ཁྱོད་ལ་ཡིད་བཞིན་ནོར་བུ་སྦྱིན་པར་འགྱུར་རོ། །དེར་ཡང་བཻ་ཌཱུཪྻའི་རང་བཞིན་གྱི་གྲོང་ཁྱེར་དང་ཉེ་བར་སྐྱེས་པ་སྐྱེད་མོས་ཚལ་དུ་ཡོངས་པ་མ་རྨོས་པར་བཏབ་པའི་ལོ་ཐོག་གི་འབྲས་བུ་སྦུན་པ་མེད་པར་ཟ་ཞིང་སྟོན་ཀའི་སྤྲིན་ཞེས་བྱ་བ་


DTG169_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ལྟར་རྟའི་རྒྱལ་པོ་ཁྱོད་ཀྱིས་མཐོང་བར་འགྱུར་རོ། །དེས་ཁྱོད་ལ་ནམ་མཁའི་ལམ་གྱིས་དོན་བྱས་པའི་བཱ་རཱ་ཎ་སཱིར་འགུགས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་སྨྲས་ནས་ལྷ་མོ་དེ་མི་སྣང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཡང་དགེ་བའི་རྨི་ལམ་མཐོང་བས་རབ་ཏུ་དགའ་བ་མཆོག་འཛིན་ཅིང་ངེས་པར་བདག་རྒྱ་ཤུག་གི་གླིང་དུ་ཕྱིན་པའི་འབྲས་བུ་རྙེད་པར་འགྱུར་ཞེས་བྱ་བ་རྣམ་པར་བསམས་ནས་ལྷ་རྣམས་མཆོད་པར་བྱས་ཏེ། དགེ་སྦྱོང་དང་བྲམ་ཟེ་དང་སྡུག་ཕོངས་རྣམས་ལ་སྦྱིན་པ་བྱིན་ནས་ཇི་ལྟར་ལྷ་མོས་ཉེ་བར་བསྟན་པའི་ལོ་བཅུ་གཉིས་རྒྱ་ཤུག་གི་གླིང་དུ་ཕྱིན་ཏེ་མིའམ་ཅིའི་བདག་པོའི་དྲུང་ནས་ཡིད་བཞིན་གྱི་ནོར་བུ་དེ་ཐོབ་ནས་ཅི་ནས་ཀྱང་རྟའི་བདག་པོ་དེ་འོང་ངམ་སེམས་ཤིང་འདུག་གོ །བསོད་ནམས་ལས་ཅན་དེ་ལས་ཀྱང་ནི་རྣམ་བསམས་པ། །གཞན་དོན་སྒྲུབ་བ་ལ་ནི་ངེས་པར་འབྲེལ་སེམས་ཀྱིས། །ཟླ་བའི་འོད་ཟེར་རྣམས་སྐྱི་སྤྲོ་བའི་སྤུངས་པ་ལྟར། །རྟ་ཡི་རྒྱལ་པོ་དེ་ཡང་ཀུན་ནས་མྱུར་དུ་འོངས་པར་གྱུར། །ཀུན་ནས་འོངས་ཏེ་མི་ཡི་སྐད་དུ་དེས་སྨྲས་པ། །གོས་ཀྱི་སྐུད་པའི་རྣམ་པ་མཐུན་པའི་ཟེའུ་སོགས་ཅན། །གྲོང་ཁྱེར་འདི་ལས་རི་དང་རྒྱ་མཚོས་བགྲོད་དཀའ་བའི། །རང་ཡུལ་ལས་ཕྱོགས་ནམ་མཁའི་ལམ་ལས་སུ་བདག་ཁྱེར། །རབ་ཏུ་དགའ་བ་ཡོན་ཏན་ལ་དགའ་ཡོན་ཏན་ཅན་གྱིས་དབྱེན། །རྟ་མཆོག་ཟླ་བའི་འོད་ཟེར་ལྟར་ནི་དཀར་བ་དེ་ལ་སྨྲས། །བུང་བ་རྒྱས་པ་རྣམས་ཀྱིས་ཁྱབ་པའི་སྐྱེད་མོས་ཚལ་གྱི་ནང༌། །བདག་གི་པཱ་རཱ་ཎ་སཱིར་རྟ་རྒྱལ་ཁྱོད་ཀྱིས་མྱུར་ཁྲིད་ཅིག །དེ་ནས་རྟ་ཡི་རྒྱལ་པོས་བསྟན་པའི་སེམས་ཅན་དེ་ལ་སྨྲས། །བདག་གི་རྒྱབ་འདི་ལ་ནི་ཞོན་ནས་ཡན་ལག་བརྟན་པར་ཤོག །རང་གི་གོས་ལ་དག་པའི་འོད་ཟེར་རིན་པོ་ཆེ་བཅིངས་ནས། །དེ་ནི་བྱ་ཡི་རྒྱལ་པོ་དང་མཉམ་སྤྲིན་ལ་ཞོན་པར་གྱུར། །རྨིག་པ་རྣམས་ཀྱིས་ཐུག་མེད་ཆུ་འཛིན་འབིགས་ཤིང་འགའ་ཞིག་ཏུ། །གློག་ནི་ཀུན་དུ་སྣང་བས་ཡན་ལག་ཀུན་ནས་སེར་བྱས་པ། །ནམ་མཁར་ཕྱིན་ནས་གཡོ་མེད་རྒྱ་མཚོའི་ཆུ་ལྟར་སྔོ་བ་ཡི། །བཱ་རཱ་ཎ་སཱིར་རྟ་ཡི་རྒྱལ་པོ་དེ་ནི་བབས་པར་གྱུར། །དེ་ཡང་རང་གི་ཁང་པ་དང་ཉེ་བར་འཇུག་སྟེ་སྤྲིན་གྱི་ཤུགས་སླར་ཡང་རྒྱ་ཤུག་གི་གླིང་ཉིད་དུ་ལོ་


DTG169_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཏོ། །བྱང་ཆུབ་སེམས་དཔས་ཀྱང་ཞུགས་ནས་རབ་ཏུ་དགའ་བའི་ཡིད་དང་ལྡན་པ་དོན་དུ་གཉེར་བ་རྣམས་དང་གཉེན་བཤེས་རྣམས་ཀྱིས་བསྡུས་ཏེ་རང་གི་ཁྱིམ་དུ་ཞུགས་ཉི་མ་གཞན་ལ་ཕྱིར་བྱུང་སྟེ། ཡིད་བཞིན་ནོར་བུ་དེ་རྒྱལ་མཚན་གྱི་མཆོག་ལ་བཞག་ནས་འདི་སྐད་ཅེས་སྨྲས་སོ། །གང་ཞིག་གང་གང་རྫས་འདོད་པ། །མི་རྣམས་ཀྱིས་ནི་འདི་རྙེད་དཀའ། །ཡིད་བཞིན་ནོར་འདི་ཡང་དག་པར། །དེ་ཕྱིར་དེ་དེ་སྦྱིན་གྱུར་ཅིག །དེའི་ཚེ་ཡུལ་དེ་ན་ཞིང་པའི་སྐྱེ་བོ་ཆུ་མེད་པ་ཉིད་ཀྱི་ཆུ་འཛིན་དཀར་པོ་རྣམས་ཀྱིས་མ་ལུས་པར་ཁྱབ་པའི་ཕྱོགས་ཀྱི་མཐའ་ཅན། ཤི་བའི་བ་གླང་རྣམས་ཀྱི་ལུས་ལ་ཁའི་ཚོགས་གནས་པ་དབུལ་པོའི་ཚོགས་ཀྱིས་ཤིན་ཏུ་ཁྱབ་པ། སློང་མོའི་ཉེ་བར་སྤྱོད་པས་མ་རྙེད་པའི་མུ་གེ་ཆེན་པོ་བྱུང་བར་གྱུར་ཏོ། །དེ་ནས་སྐྱེ་བོ་དེ་རྣམས་འོངས་ཏེ་རབ་ཏུ་དགའ་བ་ལ་རེ་ཞིག་ནོར་བུའི་མཆོག་འབྲས་ཀྱི་སོ་བ་ཉིད་ཕོབ་ཤིག་ཅེས་སྨྲ་བར་གྱུར་ཏོ། །དེ་ལྟར་ཤོག་ཅིག་ཅེས་བྱ་བ་བྱང་ཆུབ་སེམས་དཔས་སྨྲས་པ་དང༌། རྣམ་པར་བསམས་ནས་ནོར་བུ་ཆེན་པོ་འདི་ལ་བལྟས་སོ། །འགའ་ཞིག་པ་ལ་ཤ་ཡི་ཤིང༌། །ནང་འབྱུང་ནམ་མཁའ་ལས་ལྟུང་བའི། །འབྲས་སོ་མང་པོས་ས་འདི་ནི། །བར་མ་ཆད་པར་བྱུང་བར་གྱུར། །དེ་ནས་ནོར་བུ་སྣ་ཚོགས་སྤྲོ་བའི་འོད་ལྡན་པ། །གཙང་བའི་འོད་དང་ལྡན་པའི་རྒྱན་རྣམས་ཡང་དང་ཡང༌། །རླུང་གིས་རྣམ་པར་གཡོ་བ་ཀུན་ནས་ལྟུང་བ་ནི། །སྲབ་པའི་གོས་རྣམས་ཀྱང་ནི་ནམ་མཁའ་ལས་ལྟུང་སྟེ། །དེ་ནས་སྣ་ཚོགས་རྒྱན་དང་གོས་ཀྱི་ཕྲེང་བ་དང༌། །དགའ་སྟོན་སྣ་ཚོགས་དང་ནི་དབྱངས་སྙན་སྒྲ་འཇུག་པའི། །ངོ་མཚར་དང་བཅས་སྐྱེ་བོ་ཚོགས་ལ་བརྩེ་བས་དེ། །མདུན་གནས་དོན་གཉེར་རྣམས་ནི་འདི་ལྟར་ཚིམ་པར་གྱུར། །ཀྱེ་མ་ཀྱི་ཧུང་ཤིན་ཏུ་ངོ་མཚར་འདོད་འདི་ནི། །གཞན་ལ་ཕན་ཕྱིར་སྐྱེ་བ་བླངས་གྱུར་ཏེ། །ཨེ་མ་ཀུན་ད་ལྟར་དཀར་གྲགས་པ་རྣམས་ཀྱིས་ནི། །ཡོངས་སུ་འདོར་བའི་ས་ནི་རྒོད་པ་འདྲ་བར་བྱེད། །ཅིས་ཀྱང་སྐྱེ་བོ་དེ་ལྟ་བུ་ནི་ཡོད་ཉིད་དེ། །རང་གི་སྐལ་བའི་ཕུན་སུམ་ཚོགས་དགེ་ལ་དམིགས་པའི། །ཁྱོད་ཅག་ལྟ་བུའི་འགྲོ་བའི་དོན་ནི་བྱེད་རྣམས་ལ། །གང་ཞིག་དེ་ལྟར་སྐྱེ་བ་སྐྱེ་བར་དོན་ཡོད་པ། །སྡུག་བསྔལ་ཆེན་པོ་ལས་གྲོལ་


DTG169_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །ཉོན་མོངས་མེད་པའི་འབྲས་ཆེན་སྟེར། །ཆོས་ཀྱི་རྣམ་པར་སྨིན་ལྟར་ཁྱོད། །དོན་གཉེར་རྣམས་ཀྱིས་བདེ་བའི་རྒྱུ། །དེ་ལྟར་བདག་ཉིད་ཀྱིས་སྡུག་བསྔལ་ལ་མ་རྩིས་ཤིང་འགྲོ་བ་རྣམས་ལ་བདེ་བར་བྱེད་པ་རྣམས་ཀྱི་སྙིང་རྗེ་ཆེན་པོ་དང་ལྡན་པའི་བདག་ཉིད་ཆེན་པོ་དམ་བཅས་པ་ལས་འདའ་བར་མི་བྱེད་དེ། །དེ་ལྟར་བདག་གི་བདེ་བ་ལ་མ་ལྟོས་པར་གཞན་དོན་སྒྲུབ་པར་བྱེད་པ་ལ་མཁས་པས་བྱང་ཆུབ་ཏུ་འགྲོ་བར་བྱ་ཞེས་འགྲོ་བའོ། །རྒྱ་ཤུག་གི་གླིང་དུ་འགྲོ་བའི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་གཉིས་པའོ།། །།མི་ཤེས་མུན་པ་བསལ་བའི་དོན་དུ་ནི། །བྱང་ཆུབ་སེམས་དཔའ་ལས་གཞན་ནུས་པ་མིན། །ལེགས་པར་སྨྲས་པའི་ནོར་བུ་འགའ་ཞིག་ནི། །སྲོག་གི་རིན་གྱིས་ཉོས་པར་གྱུར་པ་ཡིན། །འདི་ལྟར་རྗེས་སུ་ཐོས་པ་ཡིན་ཏེ། ཐོས་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་མངོན་པར་མཚོན་ཅིང༌། སའི་སྟེང་དུ་རྒྱན་དུ་གྱུར་པ། སེམས་ཅན་རྣམས་བརྩེ་བ་དང་ལྡན་པ། དུས་རྟག་ཏུ་འཇུག་པའི་ཚངས་པའི་དབྱངས་ཀྱིས་མེའི་སྦྱིན་སྲེག་ལ་ཡམ་ཤིང་དང་ཀུ་ཤའི་ལས་ཀྱི་མཐའ་དང་ལྡན་པ་དུལ་བར་གྱུར་པའི་སློབ་མ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་སློབ་དཔོན་དང་ལྡན་པའི་བྲམ་ཟེའི་རིགས་ལ་འཇིག་རྟེན་པ་ལ་ཕན་པའི་དོན་དུ་བརྩོན་འགྲུས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དབང་དུ་བྱ་བའི་ཕྱིར་འཁྲུངས་པར་གྱུར་ཏོ། །བདག་ཉིད་ཆེན་པོ་དེ་ཉི་མ་རེ་རེ་ཞིང་ཡང་དག་པར་རྫོགས་པར་གྱུར་པའི་མཛེས་པ་དང་ལྡན་པ་ནི། འགྲོ་བའི་ཡིད་འོང་ཇི་ལྟ་ཇི་ལྟར་ཀུན་ནས་འཕེལ། །རི་བོང་ཅན་ལྟར་འོད་ཟེར་རྣམས་ཀྱིས་མུན་འབྱེད་ཅིང༌། །དེ་ལྟ་དེ་ལྟར་ཆེན་པོའི་རིགས་ཅན་ཆེ་བ་དེས། །རྒྱ་མཚོའི་ཆུ་ལྟར་འཕེལ་བ་ཀུན་ནས་བྱུང་བར་གྱུར། །ལ་ལ་ཞིག་ཉིད་སྐལ་བ་ཆེ། །དམ་པ་རྣམས་ལ་འདོད་པ་སྐྱེ། །གང་ལ་དམིགས་ནས་རིགས་ཀྱི་དཔལ། །ཤིང་གི་ཡལ་ག་བཞིན་དུ་འཕེལ། །མཐུ་ཆེན་པོ་དང་ལྡན་པ་ཚངས་སྐུད་འདོགས་པའི་འདུ་བྱེད་བྱས་པ། །བག་མེད་མང་བའི་ལང་ཚོ་ལ་གནས་པར་གྱུར་པ་ཡང༌། ཆགས་པའི་སྐྱོན་རྣམ་པར་བཟློག་པ་དེའི་ཆོས་འདོར་བ་ཉིད་མཆོག་ཏུ་མཐོང་ནས་ཉེ་འདུན་རྣམས་ཀྱིས་ཆོས་འདོད་པ་


DTG169_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་རྗེས་སུ་མཐུན་པའི་མིང་བཏགས་པར་གྱུར་ཏོ། །སྲོག་ཆགས་ཕལ་ཆེར་འཇིག་རྟེན་ལ། །ཡོན་ཏན་ཅན་ནམ་ཡོན་ཏན་གྱི། །མིང་ཡང་བསོད་ནམས་ལས་བྱུང་བ། །དགའ་བ་ཉིད་དུ་རབ་ཏུ་འགྱུར། །དེ་ལ་ཡང་རྣམ་པ་སྣ་ཚོགས་པའི་དོན་དང་ལྡན་པའི་བསྟན་བཅོས་ལེགས་པར་སྨྲས་པ་རྣམས་ལ་ཡང་མཆོག་ཏུ་དགའ་བར་གྱུར་ཏོ། །ལེགས་པར་སྨྲས་པ་དོན་དུ་གཉེར་བ་དེ་ཡི་ལེགས་དཔྱད་ནི། །མཁས་པ་གང་ལས་ཀྱང་ནི་མཉན་པར་འགྱུར་བ་ཡིས། །ཤིན་ཏུ་སྣ་ཚོགས་ལས་བྱེད་དགའ་བར་གྱུར་པ་ནི། །བ་སྤུ་ལངས་དང་ཐིགས་པ་འཇུག་པ་བྱས་པར་གྱུར། །གཙང་བ་འཇིག་རྟེན་རྣམ་པར་སྣང་བར་བྱེད་པ་ཀུན་ནས་ནི། །མཛེས་པ་མུན་པ་འབིགས་པར་བྱེད་པ་འོང་བར་གྲགས་པ་དང༌། །དགེ་བ་གང་གི་སྙིང་ག་རི་བོང་ཅན་གྱི་མཚན་མ་ལྟར། །སྐྱེས་བུ་བཟང་པོའི་ལེགས་པར་བཤད་པས་ཅི་ཕྱིར་བདེར་མི་འགྱུར། །གང་ལས་ལེགས་པར་བཤད་པ་ཤིན་ཏུ་ལེགས་པར་བཤད་པ་ཞེས། །རབ་རིབ་ཐར་བྱེད་ཐོས་པར་གྱུར་པས་རབ་རིབ་འབྱེད་པ་ནི། །བློ་ཡི་ཆེ་བ་རབ་ཏུ་གྲགས་པ་ཆེན་པོ་རྣམས་ཀྱི་འདུ་བའི་སར། །ཐོ་རངས་མཆོག་ཏུ་དེ་ནི་དེ་ལ་སྟོང་ཕྲག་བརྒྱ་སྦྱིན་འགྱུར། །བདག་ཉིད་ཆེན་པོ་དེ་ཡང་གང་དང་གང་དུ་འགྲོ་བར་གྱུར་པ་དེ་དང་དེར་སྐྱེ་བོས་སོ་སོར་མཆོད་པར་གྱུར་ཏོ། །དེ་ནས་དུས་གཅིག་གི་ཚེ་ན་གདུག་པའི་སེམས་དང་ལྡན་པ་བྲམ་ཟེ་གཞན་དག་དེ་ལ་གནོད་པ་བྱེད་པར་འདོད་པས་བདག་ཉིད་ཆེན་པོ་དེའི་རྙེད་པ་དང་བཀུར་སྟིའི་ཁྱད་པར་དེ་ཉིད་རེ་རེར་མངོན་པར་འཕེལ་བར་གྱུར་པ་མི་བཟོད་པས་ཁྲོ་བ་དང་ལྡན་པས་མྱུར་དུ་གོམ་པ་འདོར་བས་དེའི་གན་དུ་འོངས་པར་གྱུར་ཏེ། ཡོན་ཏན་གྱིས་རྙེད་མཆོད་པ་ནི། །གཞན་ལས་ཐོབ་མིན་སྐྱེ་བོ་ངན། །མཆོད་སྦྱིན་པ་ཡི་མཁས་པ་ཡང༌། །གཞན་དག་ལ་ཡང་ཕྲག་དོག་བྱེད། །གདུག་པའི་བདག་ཉིད་བྲམ་ཟེའི་གཟུགས་འཛིན་པ་དེ་ཡང་ཤ་ཟ་ལྟར་སེམས་དཔའ་ཆེན་པོ་གང་ན་དེར་ཉེ་བར་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །བདག་གིས་ཐོས་པ་ཁྱོད་ནི་ཤིན་ཏུ་ལེགས་སྤྱད་དགའ། །ཤེས་པའི་ཁྱད་པར་ཅན་ལ་ནོར་ནི་སྦྱིན་པ་པོ། །དེ་ཕྱིར་བདག་ནི་སྐྱེ་བ་ཤེས་པ་ཁྱེད་ཅན་དུ། །ལེགས་པར་བཤད་པ་རྣམས་ཀྱིས་ཁྱེར་ཞིང་ཉེ་བར་འོངས། །


DTG169_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བུང་བ་རྣམས་ནི་ཡོངས་སུ་བསྐོར་བར་བྱེད་གྱུར་པ། །ལྷན་ཅིག་བྱེད་པའི་སྙེ་མ་ཁ་བྱེ་རྣམ་སྤངས་ནས། །མཆེ་བ་ཅན་གྱི་སྨྱོན་ཆུ་འཐུང་འདོད་ཡང་དག་འགྲོ། །དེ་ལ་ཡོན་ཏན་ཁྱད་པར་དེ་ནི་ངེས་པར་མཐོང༌། །དེ་ནས་བྱང་ཆུབ་སེམས་དཔའ་ལེགས་པར་བཤད་པའི་སྐྱེས་སུ་འབུལ་བར་བྱེད་པའི་བྲམ་ཟེ་དེ་མཐོང་ནས་རབ་ཏུ་དགའ་བས་བ་སྤུ་རབ་ཏུ་ལངས་པར་གྱུར་པའི་མཛེས་པ་དང་ལྡན་པ་ཀུན་ནས་ལངས་ཏེ་ལགས་པར་འོངས་པ་དང༌། ལེགས་པར་བཤད་པའི་རིན་པོ་ཆ་འཚོང་བའི་བྲམ་ཟེ་ལ་བདག་ཅག་ནི་ལེགས་པར་བཤད་པའི་ནོར་བུ་རྣམས་ཉོའོ་ཞེས་བྱ་བ་སྨྲས་ནས་བྲམ་ཟེ་དེ་བདག་ཉིད་ཀྱི་གདན་ཆེན་པོ་ལ་འདུག་ཏུ་བཅུག་སྟེ་རང་ཉིད་ས་ལ་འདུག་པར་གྱུར་ཏོ། །དེ་ནས་ཆོས་འདོད་པ་ལ་གྲོགས་པོ་རྣམས་ངོ་མཚར་དང་བཅས་པས་འདི་སྐད་ཅེས་སྨྲས་པར་གྱུར་ཏོ། །ལེགས་བཤད་རྣམས་ནི་ཐོས་པར་འགྱུར་བ་ཞེས་བྱ་ཁྱོད་ཀྱི་བཞིན་ནི་དགོད་དང་བཅས་པར་འགྱུར། །ཐོས་ནས་མིག་གཉིས་མཆི་མ་དང་བཅས་པས་ནི་དགའ་བས་དཔལ་གང་ཡང་ནི་འགྲོ་བར་འགྱུར། །ཡན་ལག་གཅོད་པའི་དབང་གིས་དྲི་ཞིམ་ཀུ་མུ་ཏ་ནི་དལ་གྱིས་ཀུན་ནས་ཕྱེ་འགྱུར་ཏེ། །ཟླ་བའི་འོད་ཟེར་མུན་པ་བསལ་བར་བྱེད་པ་ཐོབ་ནས་མཛེས་པ་མཆོག་ནི་རྒྱས་པར་འགྱུར། །དེ་ནས་ཆོས་འདོད་གུས་པ་མང་བ་དང་བཅས་པས་བྲམ་ཟེ་དེ་མཐོང་སྟེ་དེ་ལ་སློབ་མའི་སྐྱེ་བོ་ཉན་པར་འདོད་པ་ལ། སློབ་དཔོན་གྱིས་མངོན་པར་བརྗོད་པར་འོས་སོ་ཞེས་སྨྲས་སོ། །དེ་ནས་སྡིག་ཅན་དེས་གལ་ཏེ་ཁྱོད་ལེགས་པར་བཤད་པའི་རིན་པོ་ཆེ་འདོད་པའི་ཕྱིར་དུ་བ་མེད་པའི་མེས་ཡོངས་སུ་གང་བའི་འོབས་ཆེན་པོ་ལ་བདག་ཉིད་མཆོང་བར་ནུས་ན་དེ་ནས་བདག་གིས་ལེགས་པར་བཤད་པ་སྔོན་མ་ཐོས་པ་ཡིད་དུ་འཕྲོག་པ་འདི་སྦྱིན་པར་བྱའོ་ཞེས་དེ་ལ་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ལ་ཡོངས་སུ་འཕེལ་བའི་བློ་དང་ལྡན་པ་འདི་སྨྲས་པར་གྱུར་ཏོ། །བྲམ་ཟེ་ཆེན་པོ་བདག་ཉིད་ཀྱི་སྡུག་བསྔལ་ལ་མི་ལྟོས་པར་བདག་ཅག་ལྟ་བུ་རྣམས་ལ་འདི་ནི་བྱ་དཀའ་བ་མ་ཡིན་ཏེ་འོན་ཀྱང༌། ལེགས་བཤད་འགྲོ་བ་རྣམས་ཕྱིར་དམ་པའི་སྐྱེ་བོ་ལས། །ཞིང་ལས་འབྲས་བུ་བཞིན་དུ་བདག་གིས་ཀུན་ནས་བསགས་པ་སྟེ། །


DTG169_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དང་ལྡན་པའི་འོབས་ཆེན་ནང་དུ་བདག་ནི་འགྲོ་བ་ལ། །སྐྱེ་བོ་འདི་ནི་རྣམ་པ་གང་གིས་དེ་ནི་འཛིན་པར་འགྱུར། །བྲམ་ཟེས་སྨྲས་པ། ལེགས་པར་བཤད་པ་འདི་ནི་སྐྱེ་བོའི་ཚོགས་མ་ལུས་པ་ལ་ཐོས་པར་བྱ་སྟེ། དེ་ནས་མེའི་འོབས་སུ་བདག་ཉིད་མཆོང་བར་གྱིས་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། ཇི་ལྟར་སློབ་དཔོན་འདོད་པ་དེ་ལྟར་བགྱིའོ། །རྣམ་པར་རྟོག་པའི་རྒྱ་མཚོ་ཤིན་ཏུ་རྒྱ་ཆེ་བ། །ཡུན་ནི་རིང་པོར་རྒལ་བར་དཀའ་བ་མ་བརྒལ་ཞིང༌། །གཏི་མུག་རབ་རིབ་ཆེན་པོ་ཟད་པར་བྱེད་པ་ཡིས། །བྱང་ཆུབ་ནོར་བུ་འགྲོ་བས་ཇི་ལྟར་རྙེད་པར་འགྱུར། །དེ་བས་བདག་གིས་ལེགས་པར་བཤད་པ་འདི་འདོད་པས། །སྲེག་བླུགས་ཟ་བ་ལ་ནི་ཆུ་བཞིན་ཞུགས་པར་བགྱི། །ཆོས་ཀྱི་གཏམ་གྱིས་ཕྲོགས་པའི་སེམས་ལྡན་བདག་ལ་ནི། །སྲེག་བླུགས་འཛིན་པ་ཡང་ནི་སྡུག་བསྔལ་བྱེད་མི་འགྱུར། །དེ་ལྟར་ཐོས་ནས་འོབས་ཆེན་པོ་ནི་བརྐོ་བྱས་ཏེ། །དེ་ནི་མེ་དང་ལྡན་པར་མི་རྣམས་བྱེད་དུ་བཅུག །ཁྱིམ་གཞན་ནས་ནི་ཕྱི་རོལ་དུ་ནི་བྱུང་ནས་ནི། །སྐད་ཅིག་དེ་ལ་བྲམ་ཟེ་སྲིན་པོ་ལྷན་ཅིག་པས། །བློ་གྲོས་ཆེན་པོས་སྲེག་བླུགས་ཟ་བ་འབར་བ་ལ། །མཆོང་བའི་དོན་དུ་ངེས་པར་བྱས་པའི་ཡིད་ལྡན་པས། །མཆི་མས་གང་བའི་མིག་དང་ལྡན་པའི་གྲོགས་རྣམས་ཀྱིས། །གྲོགས་པོ་ཉིད་ཀྱིས་ཡོངས་སུ་འཁྱུད་ནས་དེ་ནི་བཀག །དེ་ནས་ཆོས་འདོད་ལ་གྲོགས་པོ་རྣམས་དང་གཉེན་འདུན་རྣམས་སྡུག་བསྔལ་གྱི་མིག་མཆི་མས་ཡོངས་སུ་གང་བས་སྒྲ་དང་བཅས་པས་འདི་སྐད་ཅེས་སྨྲས་སོ། །ཤིན་ཏུ་ལེགས་པར་བཤད་པ་འདིས་ཅི་ཞིག་བྱ་སྟེ། བྱ་བ་དང་བྱ་བ་མ་ཡིན་པ་ལ་མི་ལྟོས་པ་དྲི་མ་མེད་པའི་རིགས་ལས་སྐྱེས་པ་སྐར་མའི་བདག་པོའི་འོད་ཟེར་ལྟར་རྣམ་པར་དག་པ་གྲགས་པའི་རྟེན་མི་ལུས་རྙེད་པར་དཀའ་བ་འདི་ལ་བརྙས་པར་བྱས་ནས་གཉེན་འདུན་གྱི་སྐྱེ་བོ་ཡང་ཤིན་ཏུ་སྡུག་བསྔལ་གྱི་སྐལ་བ་ཅན་དུ་བྱས་ནས་བདག་ཉིད་ཡོངས་སུ་འདོར་བར་འདོད་བ་སྟེ། འོ་ན་ལམ་མ་ཡིན་པར་འགྲོ་བའི་བློ་འདི་བཟློག་པར་གྱིས་ཤིག །རེ་ཞིག་ཁྱོད་ཀྱིས་ལྟ་བར་གྱིས་ཤིག །གང་རྣམས་ཞེས་བྱ་རྟག་ཏུ་ཤིན་ཏུ་ཡིད་འོང་སྐྱེ་བོ་ལ། །བུང་བས་ཀྱང་ནི་འདོད་པའི་འབྲས་སྟེར་གྲོགས་པོའི་སྐྱེ་བོ་ལ། །སྲོག་དེ་རྣམས་ཀྱིས་བདག་


DTG169_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གི་བདེ་ལ་མ་ལྟོས་ཉོ་བ་སྟེ། །ཅི་ཕྱིར་ལེགས་པར་བཤད་པ་ཤིན་ཏུ་ལེགས་པར་བཤད་པ་ཞེས། །དེ་ནས་བྱང་ཆུབ་སེམས་དཔའ་སྐྱེ་བོའི་ཚོགས་དེ་ལ་ལེགས་པར་བཤད་པའི་ཡོན་ཏན་བརྗོད་པར་འདོད་པས་ཆོས་བསྟན་པ་འདི་ལྟར་བྱས་པར་གྱུར་ཏོ། །རྣམ་པར་ཤེས་པ་འབར་བར་བྱེད་ཅིང་སྤོབས་པ་རྒྱས་པར་བྱེད། །དེ་ཉིད་རབ་ཏུ་གསལ་བར་བྱེད་ཅིང་ལམ་ངན་གཅོད་པར་བྱེད། །དམ་པའི་ལེགས་པར་བཤད་པ་ཀྱེ་མ་ཡོངས་སུ་བསགས་གྱུར་པ། །དགེ་བའི་བཤེས་གཉེན་ལྟར་ནི་ཕན་པ་ཇི་བཞིན་བྱེད་མི་འགྱུར། །གང་དུ་ཤར་བའི་དྲི་མ་མེད་པའི་ལམ་ལ་ཉི་མ་ཤར། །སྐྱེས་པ་རྣམས་ཀྱི་བློ་ནི་པདྨ་ལྟ་བུར་རྣམ་ཕྱེ་འགྱུར། །ཤིན་ཏུ་རབ་རིབ་འབིགས་པ་གཞན་ལས་ལེགས་པའི་བློ་གྲོས་ཀྱིས། །དེ་ནི་གཟུང་བྱ་བདག་ཉིད་ཚུལ་གྱིས་ལེགས་བཤད་ཅི་ལྟར་མིན། །དེ་ཕྱིར་བདག་གིས་མེ་ཡིས་སྲེག་པ་ལ་ནི་མ་བསམས་ཤིང༌། དེ་བཞིན་གཤེགས་པའི་གོ་འཕང་རྗེས་སུ་བསྒྲུབ་པར་འདོད་བཞིན་དུ། །ཤེས་རབ་བླ་མ་བླ་མ་བཞིན་དུ་ཉུང་མིན་ལེགས་བཤད་ཕྱིར། །དགའ་ཞིང་ལུས་ཀྱི་ཡོན་ཏན་རྣམས་ཀྱིས་བླ་མ་མཆོད་པར་བྱ། །མི་ལུས་ལྷ་ཡི་མཆོད་པའང་རུང༌། །ལེགས་པར་བྱས་པའི་རྟེན་གྱིས་ཐོབ།། ལེགས་པར་བཤད་པའི་བཅུད་ལེན་ནི། །བསོད་ནམས་ཀྱིས་ཐོབ་བརྒྱ་ལམ་ན། །དེའི་ཕྱིར་བདག་དགེ་བའི་ཕྱོགས་ལ་དམིགས་པའི་ཁྱེད་ཅག་བགེགས་བྱེད་པའི་ཕྱིར་འོས་པ་མ་ཡིན་ཏེ། །དེ་བས་གྲོགས་པོ་དེ་རྣམས་དང་གཉེན་འདུན་རྣམས་ལ་ཡང་རྗེས་སུ་ཆགས་པ་དང་བཅས་པ་རྣམ་བར་བཟློག་ནས་བདག་ཉིད་མེའི་རང་བཞིན་དུ་བྱེད་པའི་ཕྱིར་ཤིང་སྡོང་པོ་ལ་ཞོན་ནས། བྲམ་ཟེ་དེ་ལ་ནི་སློབ་དཔོན་ལེགས་པར་བཤད་པ་དེ་རབ་ཏུ་བརྗོད་པར་མཛོད་ཅིག་ཅེས་སྨྲས་སོ། །བྲམ་ཟེས་སྨྲས་པ། རྟག་ཏུ་རབ་སྦྱིན་ལ་མཁས་ཤིང༌། །གཙོ་བོ་གཡེར་བག་ཅན་རྣམས་ཀྱིས། །ཚུལ་ཁྲིམས་དྲི་མེད་ལ་གནས་པའི། །ཤིན་ཏུ་བརྩོན་འགྲུས་གོ་ཆ་ཡིས། །མི་ཟད་གོ་འཕང་ཐོབ་པར་འགྱུར། །ཞེས་བྱ་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡང་རབ་ཏུ་དགའ་བས་ཚིགས་སུ་བཅད་པ་དེ་བཟུང་ནས་སྐྱེ་བོའི་ཚོགས་དེ་ལ་ཐོས་པར་བྱེད་ཅིང་གནས་སོ། །དེ་ནས་གྲོགས་པོ་དེ་རྣམས་


DTG169_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེས་དོན་འདི་སྨྲས་སོ། །དགེ་བ་ལ་དམིགས་ཁྱེད་ཉིད་ཀྱིས་ནི་ལེགས་བཤད་པ། །མཆོག་ཏུ་དགའ་བ་ཡང་ཡང་བསྐྱེད་པ་སྟེ། །གང་ཕྱིར་སྡུག་བསྔལ་རྒྱུ་ཉིད་དུ་ནི་ཉེར་སོང་བ། །འོ་ན་དེ་ཕྱིར་བདག་ཅག་ལ་ནི་ལེགས་བཤད་མིན། །དེ་ནས་དེར་རང་བཞིན་གྱི་སྙིང་རྗེས་བརླན་པའི་བསམ་པ་དང་ལྡན་པའི་མ་མོའི་ཚོགས་ནི་དམ་པ་དེའི་འབྲེལ་བ་མེད་པ་ཡང་མྱ་ངན་གྱི་དབང་གིས་འདི་ལྟར་རྩེ་གཅིག་པའི་ཡིད་མི་བདེ་བ་བྱུང་བར་གྱུར་ཏོ། །དྲི་ཞིམ་ངག་གི་སྦྲང་རྩི་ཤིན་ཏུ་དྲི་ཞིམ་པ། །ཡོངས་སུ་སྤྲོས་པའི་འོད་ཟེར་གེ་སར་ལྡན། །ཞལ་གྱི་ཆུ་སྐྱེས་དང་ལ་ལྡན་འདི་ནི་སྲེག་བླུགས་ཟ། །སྙིང་རྗེ་དང་བྲལ་ཇི་ལྟར་འདི་ནི་སྲེག་པར་བྱེད། །རྣམ་པར་དག་པའི་གསེར་ལྟར་དཀར་བའི་མེ་ཡིས་ནི། །ཡོངས་སུ་རྙིངས་གྱུར་ཡོངས་སུ་སྒྲ་སྒྲོགས་མིག་ལྡན་པ། །འདི་ཡི་ལུས་ཀྱི་ཀྱེ་མ་འབྱུང་བར་གྱུར་པ་སྟེ། །རབ་ཏུ་ཚིག་པའི་ཤིང་དང་འདྲ་བ་དྲི་མ་ཅན། །ཏོག་ཏོག་སྒྲ་ནི་འབྱུང་གྱུར་པ། །མེ་ཡི་ནང་དུ་འཇུག་པ་ནི། །ལུས་པོ་འདི་ནི་དག་གྱུར་ཅིང༌། །འདི་ནི་སུ་ཞིག་བལྟ་བར་ནུས། །རྣམ་པ་གཉིས་སུ་བྱེད་འགྱུར་བའི། །གླིང་བུ་རྣམས་ཀྱི་དུས་ཚིགས་སྒྲ། །གཉེན་འདུན་རྣམས་ཀྱི་རེ་བ་འདིའི། །ཇི་ལྟར་སྒྲ་ནི་གསལ་ཐོས་འགྱུར། །རླུང་གིས་ཆགས་པ་འདི་རྣམས་ནི། །བསྐྱོད་པས་འདབ་མ་ལྷགས་རྣམས་ཀྱིས། །འདི་ནི་སྲེག་པར་མ་བྱེད་ཅིག །ཤིང་རྣམས་མེ་ལ་བཟློག་བཞིན་བྱེད། །སྡུག་བསྔལ་ཆུས་ནི་མིག་དམར་བའི། །ཧ་ཧ་ཞེས་པའི་ཡིག་གཅིག་ངག །འདི་ཡིས་གཉེན་འདུན་སྡུག་བསྔལ་བའི། །བདག་ཅག་ཡིད་ནི་རྣམ་པར་གདུང༌། །འདི་ནི་འདི་འདྲའི་ངག་བྱས་ཏེ། །དོན་དུ་གཉེར་ལ་འདིར་ནོར་སྦྱིན། །དེ་ལྟར་དམ་པའི་གྲོགས་འདི་རྣམས། །མཆི་མ་དང་བཅས་སྟོན་པར་འགྱུར། །ཉེ་བར་མིན་པར་བདག་ཅག་གི །ཡིད་ནི་སྡུག་བསྔལ་སྲེག་པར་བྱེད། །གྲོགས་པོའམ་ནི་གཉེན་རྣམས་ནི། །སྲོག་ཆགས་ཇི་ལྟར་འཛིན་པར་བྱེད། །དེ་བས་ན་ཤིན་ཏུ་སྙིང་རྗེ་བའི་དྲག་པོའི་ལས་བྱ་དཀའ་བ་འདི་ལྟ་བ་འདི་ནུས་པ་མ་ཡིན་ནོ་ཞེས་བྱ་བ་མངོན་པར་བརྗོད་ནས་བུད་མེད་ཀྱི་སྐྱེ་བོ་དེ་ཁྱིམ་ལ་མངོན་པར་ཕྱོགས་ཏེ་རབ་ཏུ་སོང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་སྨོན་ལམ་འདི་ལྟར་བྱས་པར་གྱུར་ཏེ། བདག་ནི་བརྒྱ་བྱིན་གོ་འཕང་དགེ་


DTG169_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བས་རྙེད་པ་དོན་མི་གཉེར། །རིག་འཛིན་བདག་པོ་ཉིད་ཀྱང་མིན་ཏེ་རྒྱལ་སྲིད་ཀྱང་མ་ཡིན། །དགེ་བ་སྐྱེས་པ་འདི་ཡིས་འགྲོ་བ་འདི་ལ་བདེ་གཤེགས་ཉིད། །ཐོས་ནས་སྡུག་བསྔལ་ཟད་པའི་དོན་དུ་འབྱུང་བར་འགྱུར་བར་ཤོག །དེ་ལྟར་བརྗོད་ནས་བདག་ཉིད་ཆེན་པོ་དེས་བདག་ཉིད་དོར་ཏེ་དོར་མ་ཐག་ཏུ་མེ་དེ་འབར་བའི་ཚོགས་དང་དུ་བའི་ཚོགས་ཉེ་བར་ཞི་ནས་དྲི་ཞིམ་པའི་པདྨ་ཁ་ཕྱེ་བའི་དྲིས་དྲི་ཞིམ་པར་བྱས་པའི་ཕྱོགས་ཀྱི་དབུས་སུ་པདྨ་དང་ལོ་མ་སྔོན་པོ་ལ་གནས་པའི་དྲི་མ་དང་བྲལ་བའི་ཆུའི་ཐིགས་པ་དང་ལྡན་པ། ཤེལ་དང་འདྲ་བའི་ཐིགས་པས་ཁྱབ་པའི་མར་གད་ཀྱི་བྲག་དང་རྗེས་སུ་མཐུན་པའི་ཚོགས་དང་ངར་ངུར་ཟུང་དང༌། ངང་པ་དང༌། ཆུ་སྐྱར་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ་པདྨའི་འབྱུང་གནས་ཉིད་དུ་འགྲོ་བར་གྱུར་ཏོ། །དོན་བྱས་འདྲ་བ་པདྨ་ཉིད། །རློམ་པའི་སེམས་ཀྱི་པདྨ་ལ། །དེ་ཡང་བློ་ལྡན་རྣམས་ཀྱི་མཆོག ། བདག་ཉིད་གནས་པ་མཐོང་བར་འགྱུར། །ཞབས་དང་ཉེ་བར་མྱོས་པའི་བུང་བའི་འཁོར་བ་ནི། །ཞི་བའི་ཆོས་འདོད་པ་ལ་ཆོས་ནི་གསུངས་གྱུར་པ། །པདྨའི་འདབ་ལྟར་རྒྱས་པའི་སྦྱན་ནི་པད་གནས་པ། །པདྨའི་སྐྱེ་གནས་མཛེས་པ་ཤིན་ཏུ་འཛིན་པར་གྱུར། །འདི་ནི་རྨི་ལམ་ཡིན་ཏེ་འོན་ཏེ་འདི་སྒྱུ་མ། །མེ་ནི་འདི་གང་གང་དུ་འདི་ནི་ཆུ་སྐྱེས་ཉིད། །དེ་ལྟར་ངོ་མཚར་ཕངས་པའི་སེམས་ལྡན་པ། །དེ་ལ་མཐོང་ཞིང་སྐྱེ་བོ་དེ་རྣམས་ངག་ཏུ་སྨྲ། །སྐྱེ་བོ་དེ་རྣམས་དེ་ནི་མཐོང་བར་གྱུར་པ་ལ། །ཆུ་སྐྱེས་དབུས་སུ་གནས་པར་འདོད་པ་མཐོང་བ་ནི། །དགའ་བའི་མཆི་མ་ཡང་དག་འབྱུང་བའི་སྐད་ཅིག་གིས། །ཁྲོ་བས་མྱ་ངན་མཆི་མའི་ཆུ་ནི་གཏོང་བ་ལྟར། །དེ་ནས་ནམ་མཁའ་ལས་ནི་ཟེའུ་འབྲུས་ཁྱབ་པའི་དྲི་ལྡན་ལྷུང་བ་ལྟར། །བུང་བའི་ཕྲེང་རྣམས་ཀྱིས་ནི་ཀུན་ནས་རྗེས་སུ་འགྲོ་བ་མེ་ཏོག་ཆར། །བདུད་ཀྱང་མེ་ཏོག་གིས་བྱས་གཞུ་ནི་བཟུང་ནས་ལོགས་སུ་འབྱུང་འགྱུར་ཏེ། །མྱ་ངན་ཉེ་བར་འཛིན་ཅིང་ལག་པ་རྣམ་པར་གནས་པའི་འཁོར་ལོ་ཅན། །དེ་ནས་བྲམ་ཟེ་དེ་འབར་བའི་སོལ་བའི་དབུས་སུ་གནས་པ་དང་འདྲ་བའི་བདག་ཉིད་ཀྱི་དབུགས་དྲི་བས་མངོན་པར་ཚ་བའི་བཞིན་གྱི་བར་དང་ལྡན་པ་བདག་ཉིད་རྣམ་པ་གང་གིས་ཀྱང་འཛིན་


DTG169_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འདི་སྐད་ཅེས་སྨྲས་སོ། །ས་ཡི་བུག་པ་ཟབ་མོ་ལ་ནི་ཡོངས་སུ་སྤྲོ་བྱེད་པ། །མེ་དང་འདྲ་བར་མདུན་དུ་ཆེ་བ་དག་ནི་མཐོང་བ་སྟེ། །འདི་ལ་རིམ་གྱིས་ཡོངས་སུ་བསྡིགས་བྱེད་ཤིན་ཏུ་སྡུག་བསྔལ་གྱིས། །ས་ལ་བདག་གི་གཟུགས་ནི་རྣམ་པར་ནུབ་པ་ལྟ་བུར་བྱེད། །དྲག་པོའི་མེ་ལྡན་དམྱལ་བ་འདིར་ནི་བདག་ནི་ལྷུང་གྱུར་པ། །ཆོས་འདོད་ཁྱོད་ནི་དེ་རིང་འདིར་ནི་བདག་གི་སྐྱབས་གྱུར་ཅིག །འདོད་པ་མཐོན་པོ་གཞན་ལ་ཕན་པར་བྱེད་པ་ཆེན་པོ་རྣམས། །ཁྱེད་ཅག་ལྟ་བུ་གྲོགས་པོ་དང་ནི་དགྲ་ལ་མཉམ་སེམས་ལྡན། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ལ་སྙིང་བརྩེ་བས་བདེན་པའི་བྱིན་གྱི་རླབས་བྱས་པར་གྱུར་ཏེ། བདེན་པ་གང་གིས་སེམས་ཅན་དོན། །བྱང་ཆུབ་སྤྱོད་པ་བདག་སྤྱོད་པས། །དམྱལ་བ་འབར་བའི་མེ་ལྡན་པར། །དེས་ནི་བྲམ་ཟེ་མ་སོང་ཅིག །དེ་ལྟར་བྱང་ཆུབ་སེམས་དཔས་བྲམ་ཟེ་དེ་ལ་གནས་པའི་སྐད་ཅིག་དེ་ཉིད་དུ་ཧ་རི་ཙན་དན་གྱིས་རྗེས་སུ་བྱུགས་པ་དང་འདྲ་བར་བདག་ཉིད་རབ་ཏུ་དགའ་བར་གྱུར་ཏོ། །དགེ་བའི་བཤེས་གཉེན་ལ་བརྟེན་ནས། །འགྲོ་བའི་དོན་ལ་མཁས་པ་ལ། །སྡིག་པ་བྱས་པ་རྣམས་ཀྱི་ཡང༌། །སྡིག་པ་མྱུར་དུ་འཇིག་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དགའ་བའི་ཡིད་དང་ལྡན་པའི་གྲོགས་པོ་དང་གཉེན་བཤེས་དང་དོན་དུ་གཉེར་བ་རྣམས་ཀྱིས་ཀུན་ལ་སྣང་བར་གྱུར་པའི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཡང་དག་པའི་གཟི་བརྗིད་ཀྱི་དོན་དུ་ཆོས་དང་མཐུན་པའི་གཏམ་བྱས་པར་གྱུར་ཏོ། །ལུས་དང་རྗེས་སུ་དཔག་པས་ཀྱང༌། །གཉི་ག་མ་ངེས་རྒྱུ་ཕྱིར་ནི། །ཁྱད་པར་ངེས་པར་སྐྱེད་པའི་ཕྱིར། །མངོན་སུམ་ཤིན་ཏུ་སྟོབས་དང་ལྡན། །ཡོངས་སུ་གཏོང་བ་ཆེན་པོ་འདི་ནི་ངོ་མཚར་བཅས། །ཡུན་རིངས་རྣམ་མཐོང་བདག་ལ་མེ་ལྕེ་འཕྲོ་བ་ནི། །མེ་འདི་མངོན་སུམ་ལུས་ཅན་རྣམས་ལ་ཐམས་ཅད་དུ། །རབ་རྒྱས་པདྨའི་འབྱུང་གནས་ཉིད་དུ་ཉེ་བར་སོང༌། །དེ་ནས་རྒྱ་ནི་ཆེ་བའི་ལས་ཀྱི་མཐུ་འདི་དང༌། །ངོ་མཚར་ཆེན་པོ་ཡང་དག་པར་ནི་མཐོང་ནས་ནི། །དགེ་མི་དགེ་ཡི་འབྲས་བུ་བདེ་དང་སྡུག་བསྔལ་ཡོད་པ་སྟེ། །འདི་ནི་རྣམ་པར་བསམས་ནས་ལམ་ནི་ངན་པ་སྤོངས། །བདག་མེད་ཉིད་ཀྱིས་རྣམ་པར་བཙུམས་པའི་བདག་ཉིད་ཀྱི། །ལུས་ཅན་


DTG169_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རབ་སད་ཉེ་བར་མཁོ་བ་སྟེ། །མཁས་པ་རྣམས་ནི་གསལ་བར་བློ་ཡི་མིག་རྣམས་ལ། །རབ་སད་ཡོད་བ་ལ་ནི་ཅི་ཞིག་རབ་ཏུ་སད། །ཕན་པས་མངོན་པར་ཕྱོགས་རྣམས་ལ་ཡང་ཆོས་ངག་གིས། །དམ་པ་རྣམས་ནི་ཤིན་ཏུ་རབ་སད་སྐྱེད་པར་བྱེད། །ལྕག་གིས་ཡང་དག་བསྐུལ་བས་རབ་ཏུ་འགྲོ་བ་ཡི། །རྟ་རྣམས་ལ་ནི་འགྲོས་ཀྱི་ཁྱད་པར་འབྱུང་བར་འགྱུར། །གཡོ་སྒྱུ་མང་བའི་ཁྱིམ་གྱི་གནས་ནི་སྐྱོང་བྱེད་པའི། །བློ་ལྡན་རྣམས་ལ་ཅུང་ཟད་ཀྱང་ནི་ཡིད་བརྟན་མེད། །རབ་ཏུ་གྲག་པའི་མཆེ་གཉིས་མྱོས་པ་འཛེག་རྣམས་ལ། །ལྕགས་ཀྱུ་མ་བཏབ་པར་ནི་གཉིད་ནི་མི་རིགས་སོ། །བུ་ཆུང་སྨྲ་བ་དང་ནི་ཁྱིམ་ནི་ཕུན་སུམ་ཚོགས་ལྡན་པ། །སྒེག་དང་གཟུགས་བྱད་རྣམ་པར་མཛེས་པའི་བུད་མེད་རྣམས། །རབ་ཏུ་ཆགས་ཅན་བློ་མེད་རྣམས་ཀྱི་འདི་ཐམས་ཅད། །ཞི་བ་རྗེས་སུ་མཐུན་ལ་ལམ་ནི་འགག་པར་བྱེད། །རྣམ་པ་གང་གིས་མི་ཁོམ་བརྒྱད་པོ་དང་བྲལ་བའི། །མི་ལུས་ཤིན་ཏུ་རྙེད་དཀའ་འཐོབ་ནས་ཀྱང༌། །གང་ཞིག་བག་མེད་བསྟེན་པས་ཞི་བའི་དོན་མི་མྱུར། །འདི་ནི་བ་གླང་རྣམས་ཀྱི་གྲལ་དུ་རྣམ་པར་སྦྱར། །འདི་ནི་ཐོབ་དང་ཐོད་ནི་ཐོབ་བྱ་མ་ཡིན་པ། །འདི་ནི་བྱས་དང་འདི་ནི་བྱེད་འགྱུར་མི་རྣམས་ལ། །དེ་ལྟར་ཡིད་ཀྱི་སྣ་ཚོགས་པས་ཟད་པ། །ཡིད་ཀྱི་ཤིང་རྟས་འཇུག་པ་འགྲོ་བར་མི་འགྱུར་རོ། །ཡུལ་རྣམས་ལ་ནི་ཉེ་བར་ལོངས་སྤྱོད་མཐར་ནི་རྩུབ་པ་སྟེ། །སྦྲུལ་གྱིས་དཀྲིས་པའི་ཙན་དན་བཞིན་དུ་ཡོངས་སུ་འཁྱུད་པ་ནི། །བདེ་བ་ཞེས་བྱ་ཡང་དག་མ་ཡིན་ཀུན་རྟོག་རྗེས་འགྲོ་བའི། །སྐྱེ་བོ་རྣམས་ནི་སྡུག་བསྔལ་དྲ་བ་མང་ལ་ལྷག་པར་ཉལ། །ཀྱེ་མ་མ་རིག་པས་ནི་འགྲོ་བ་མ་ལུས་འོག་ཏུ་བྱས། །གློ་བུར་སྐྱེས་པའི་དྲི་མ་རྣམས་ཀྱིས་དྲི་མར་བཅས་པ་སྨད། །གང་ཞིག་འདི་ནི་བསྡུས་བྱས་འཆི་བའི་སྒྲ་ཡི་སྤྱོད་ཡུལ་ནི། །གླང་པོ་ཆེ་ནི་ཉལ་བ་བཞིན་དུ་བབས་ནས་གནས་པར་འགྱུར།། གཡོ་སྒྱུ་ཅན་གྱི་སྒྲིབ་པའི་སྒྲ་རྣམས་ཀྱིས་ནི་ལམ་བཟང་འཕྲོག །མི་རྟག་པ་ཡི་འཇིགས་པ་རྟག་ཏུ་རྣམ་པར་བསམ་པར་མ་བྱས་ཤིང༌། །བདེ་བར་གཤེགས་པའི་རྗེས་སུ་བསྟན་པའི་གྲུ་ནི་སྤངས་བྱས་ནས། །འགྲོ་བ་སྡུག་བསྔལ་རྒྱ་མཚོ་ལ་ནི་རྣམ་པར་ནུབ་པར་འགྱུར། །སྐད་ཅིག་རེ་རེར་


DTG169_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ནི་ཉེ་བར་ཟད་པར་འགྱུར་བ་སྟེ། །དུ་བའི་ལམ་ཅན་རབ་ཏུ་ཞི་བར་འགྱུར་བའི་གཟུགས་བཞིན་དུ། །དེ་བས་རྟག་ཏུ་ཡུལ་རྣམས་ལ་ནི་རྟག་ཏུ་རྒྱབ་ཀྱིས་ཕྱོགས་པ་འདི། །མྱུར་བ་དང་བཅས་ཕན་པའི་ཕྱིར་ནི་བློ་གྲོས་དང་ལྡན་མཛོད། །དེ་ལྟར་ཚིག་ནི་རིགས་པ་མ་ལྡན་གལ་ཏེ་བདག་གིས་སྨྲས་པ་ནི། །ཇི་ལྟར་འདོད་པས་འདོད་པའི་བདེ་བའི་ཆོས་འབྲེལ་ཉམས་སུ་མྱོང་བར་གྱིས། །འོན་ཏེ་འདི་ནི་ཡོན་ཏན་དང་ལྡན་དམ་པ་རྣམས་ཀྱིས་བསམས་བྱས་ཀྱེ། །ཡུལ་ལ་སྲེད་པ་འགག་པར་བྱེད་པའི་ཞི་བ་མཆོག་ནི་བསྟེན་པར་མཛོད། །དེ་ལྟར་ཆོས་བསྟན་པ་མཛད་ནས་བྱང་ཆུབ་སེམས་དཔའ་གྲོགས་པོའི་སྐྱེ་བོ་དང་བཅས་པ་ཁྱིམ་དུ་ཞུགས་པར་གྱུར་ཏོ། །དེ་ལྟར་ལེགས་པར་སྤྱོད་པ་ལ་མཁས་པའི་བཅོམ་ལྡན་འདས་དེས་སྲོག་རྣམས་ཀྱིས་ཀྱང་ལེགས་པར་བཤད་པ་རྣམས་ཉོ་བར་མཛད་དོ་ཞེས་བྱ་བ་བསམས་ནས་དུས་རྟག་ཏུ་སྡུག་བསྔལ་གཅོད་པར་འདོད་པའི་ཤེས་རབ་ཅན་གྱི་ཆོས་ཀྱི་གཏམ་ཉན་པ་ལ་གུས་པ་ཆེན་པོ་བྱའོ། །དགེ་བའི་བཤེན་གཉེན་ལ་བརྟེན་པ་ཡང་མངོན་པར་འདོད་པའི་འབྲས་བུ་འགྲུབ་པར་བྱེད་པར་འགྱུར་བས་ན། །དེའི་ཕྱིར་དེ་དང་རྗེས་སུ་འཇུག་པས་གནས་པར་བྱ་ཞེས་བྱའོ། །ཆོས་འདོད་པའི་སྐྱེས་པའི་རབས་ཞེས་བྱ་བ་སྟེ་སྐྱེས་པའི་རབས་གསུམ་པའོ།། །།དམ་པ་དུད་འགྲོའི་སྐྱེ་གནས་སོན་རྣམས་ཀྱང༌། །གཞན་དོན་སྲོག་ནི་ཀུན་ནས་གཏོང་བ་སྟེ། །སུ་ཞེས་བྱ་བ་སྐྱེས་པར་གྱུར་པ་སྟེ། །ནོར་ཙམ་ལ་ནི་སུ་ཞིག་ཆགས་པར་བྱེད། །འདི་ལྟར་རྗེས་སུ་ཐོས་ཏེ། གཡོ་བ་མེད་པ་ངེས་པར་ཐིམ་པའི་ནེ་ཙོའི་ཚོགས་དང། རྩྭ་སྔོན་པོས་ཉེ་བར་ཁྱབ་པའི་སའི་ཆ་རྣམ་པ་སྣ་ཚོགས་པའི་རིའི་རྩེ་མོར་ཤིང་རྣམས་ཀྱི་གྲིབ་མ་ཉེ་བར་འདུག་ཅིང་སྐྱུག་ལྡད་བྱེད་པར་གྱུར་པའི་རི་དྭགས་ཀྱི་ཚོགས་དང་ལྡན་པ་དང༌། བུང་བའི་ཚོགས་ཀྱིས་བསྐོར་ཞིང་ཉེ་བར་སྒྲ་འབྱིན་པར་གྱུར་པའི་མེ་ཏོག་སྐྱེས་པའི་ལྗོན་ཤིང་རྣམས་ལ་ཡང་དག་པར་རེག་པས་དྲི་ཞིམ་པའི་རླུང་གིས་བསྐྱོད་པར་གྱུར་པའི་རི་ལས་འབབ་པའི་ཆུས་དག་པར་བྱས་པའི་བྲག་གིས་རྒྱབ་ཀྱི་མཐའ་དང་ལྡན་པ་དང༌། ཐུབ་པའི་སྐྱེ་བོ་རྣམས་ཀྱི་ཡིད་དང་རྗེས་སུ་མཐུན་པ་དང༌། རིགས་དང་ལྡན་པའི་ཤིང་དང་ལྗོན་ཤིང་རྣམས་ཀྱི་ཟེའུ་འབྲུ་ལྷུང་བས་ཆུ་བོའི་རླབས་


DTG169_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀུན་ནས་གདུངས་པའི་ཀུ་མུ་ད་ལྟར་དཀར་བའི་དབུ་བའི་ཚོགས་ཀྱིས་བརྒྱན་པར་བྱས་པའི་ཆུ་དང་ལྡན་པ་དང༌། མཆོག་གི་ཆུ་དང་འདབ་ཆགས་རྣམས་ཀྱི་སྒྲ་འབྱིན་པའི་པདྨའི་ནགས་དང་ལྡན་བའི་རི་བོའི་ནགས་འགའ་ཞིག་གི་ནང་དུ་བྱང་ཆུབ་སེམས་དཔའ་རི་བོང་བྱུང་བར་འགྱུར་ཏེ། དེར་ལྷན་ཅིག་གནས་པའི་ཡོན་ཏན་ལས་མངོན་པར་འཕེལ་བའི་གྲོགས་བཤེས་རབ་ཏུ་ཞི་བ་ཉེ་བར་བསགས་པའི་དབང་པོའི་ཚོགས་ཉེ་བར་ཞི་བ། གྲོང་པའི་ཆོས་ཀྱི་ཉེ་བར་ལོངས་སྤྱོད་པ་ལ་རྒྱབ་ཏུ་ཕྱོགས་པའི་ཡིད་དང་ལྡན་པ། རི་དགས་ཀྱི་པགས་པ་དང་སྦྱི་བླུགས་ཙམ་ཡོངས་སུ་འཛིན་ཞིང་དཀའ་ཐུབ་ཀྱིས་གདུངས་པའི་དཀའ་ཐུབ་པ་དེའི་གྲོགས་སུ་བྱུང་བར་གྱུར་ཏོ། །ཞི་དང་ཆོས་ནི་མཚུངས་པ་དང༌། །བདེ་སྡུག་བསྐྱེད་པ་མཉམ་པ་དང༌། །དེ་དག་ཕན་ཚུན་མ་མཐོང་ཞིང༌། །གྲོགས་བ་ཤེས་མཆོག་དག་དགའ་མི་འགྱུར། །བྱིས་པའི་དུས་ན་རི་བོང་དང་བྲལ་བ། །ཅུང་ཟད་དུས་ན་དྲོ་མིན་འོད་ཟེར་འབྱུང༌། །རི་བོང་རྣམ་པ་དེས་ནི་བརྒྱ་ལམ་ན། །བརྟུལ་ཞུགས་ཅན་དེས་ལེགས་པར་བྱས་པ་མིན། །གོམ་པ་བདུན་དུ་དོར་བའི་གྲོགས་བཤེས་ཉིད་ཡིན་ཏེ། །རང་བཞིན་གྱིས་དག་སེམས་ལྡན་དམ་པ་རྣམས་ལ་ནི། །ཕན་ཚུན་ཡོན་ཏན་གཏམ་གྱིས་ཡིད་ནི་ཆེས་གྱུར་པའི། །ངེས་པར་འབྲེལ་པའི་བསམ་ལྡན་རྣམས་ལ་སྨོས་ཅི་དགོས། །སྐྱེས་པ་ཏིང་འཛིན་གནས་པ་རྣམས་ཀྱི་བློ་ལ་ནི། །ཆོས་ཀྱི་དོན་དུ་གསལ་བ་ཉིད་ནི་འབྱུང་བ་སྟེ། །རབ་ཏུ་ཡང་བའི་ཡིད་ལྡན་དུད་འགྲོ་རྣམས་ལ་ནི། །ཆོས་ལ་རྩོམ་པའི་འདུ་ཤེས་ཅི་ཕྱིར་གྱུར་པ་ཡིན། །ཀྱེ་མ་རི་བོང་སྐྱེས་པ་འདི་ནི་གང་དུ་སྐྱེ། །གང་དུ་ཚིག་བརྟན་འདི་ནི་ཞི་བ་འདི་གང་དུ། །འདི་ལྟར་ལྷ་རྣམས་ལ་ནི་བྱུང་བར་གྱུར་པ་ཡིན། །རི་བོང་ཉིད་ལ་ངོ་མཚར་བ་དང་བཅས་པའི་སེམས། །དེ་ནས་དུས་ནམ་ཞིག་ན་ཆུ་མེད་པ་ཉིད་ཀྱིས་ཀུན་སྐྱ་བ་དང་ཕྲག་དོག་དང་བཅས་པའི་ཞིང་བའི་སྐྱེ་བོ་རྣམས་ཀྱིས་མཐོང་བར་གྱུར་པ་དང༌། གློག་གི་རྒྱུན་གྱི་སྒེག་པ་རྣམ་པར་ཟློག་པ་དང༌། རླུང་གི་སྟོབས་ཀྱི་ཚོགས་རྣམ་པར་ཆད་པའི་སྤྲིན་གྱི་ཚོགས་ཡོད་པ་ལ་ཉིན་མོར་བྱེད་པའི་འོད་ཟེར་རྣམས་ཀྱིས་བསྐམས་པའི་ཆུ་ལྷག་མ་དང་བཅས་པ་དང༌། སྙིང་པོ་ཡོངས་


DTG169_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྙིངས་པས་ཡང་བའི་ལོ་ཏོག་རྣམས་ཀྱིས་བཀབ་པའི་ཞིང་རྣམས་ཡོད་པ་ལ་ལན་ཅིག་ཆུ་རྣམ་པར་ཆད་པས་རབ་ཏུ་གྲམ་པའི་ཆུས་རྣམ་པར་གྲོལ་བ་ཤིན་ཏུ་རྒྱ་ཆེ་བའི་ཆུའི་འགྲམ་ན་ཆག་པ་དང༌། གན་རྐྱལ་དུ་ཉ་ཕྱིས་གནས་པའི་ཆུ་བོ་རྣམས་ཡོད་པ་དང༌། རྡུལ་བབས་བས་རྡུལ་གྱིས་མ་ནུས་པའི་རྣམ་པར་འབྲེལ་བའི་དབུགས་ཀྱིས་རབ་ཏུ་བསྐྱོད་པའི་མགྲིན་པ་དང་ལྡན་པ་མྱོས་པའི་དུས་ལ་ཡང་གར་གྱི་བྱ་བ་རྣམ་པར་བཟློག་པའི་མགྲིན་པ་སྔོན་པོ་ཅན་རྣམས་ཡོད་པ་ལ་དམའ་བར་སྐྱེས་པའི་རྩྭ་སར་པའི་མྱུ་གུ་བསྐམས་པས་ས་ལ་རྩྭ་ཟ་བ་མ་རྙེད་པ་ཉིད་ཀྱིས་ཀུན་ནས་དཀྲིས་པའི་ལྟོ་བ་དང་ལྡན་པ་དལ་གྱིས་འགྲོ་བས་བསྐྱོད་པ་དང་ལྐོག་ཤལ་འཕྱང་ཞིང་ལྷོད་པ་ཅན་འོ་མ་ཟད་པས་ནུ་འབུར་ཆུང་བ། ཀུན་ནས་སྟོབས་ཆུང་བའི་བ་བེའུ་དང་ལྡན་པ་ཡོད་པའི་དུས་ན། སྔོ་དང་འདྲ་བའི་ནས་ངན་པ་འཚལ་བས་རིད་པ་དང་རྩུབ་པའི་ཡན་ལག་ཅན་དབུལ་པོའི་སྐྱེ་བོ་ཡོད་པ་ན། མུ་གེའི་སྐྱོན་གྱིས་དོན་དུ་གཉེར་བ་ལ་བཀུར་སྟི་རྒྱབ་ཏུ་ཕྱོགས་པར་བྱས་པའི་གྲོང་དང་ལྡན་པ། སྐབས་སྐབས་སུ་བསྒྲུབ་པའི་སྒྲ་ཐོས་བཞིན་པའི་བ་གླང་གི་ར་བ་རྣམས་ཡོད་པའི་དུས་སུ། དཀའ་ཐུབ་པ་དེས་རི་བོང་དེ་ལ་ཀྱེ་མ་ཕན་པར་བྱས་པ་ལ་ཡང་ཕོངས་པའི་དུས་སུ་རང་བཞིན་གྱིས་དམན་པའི་སྲོག་ཆགས་རྗེས་སུ་འཇུག་པ་མ་ཡིན་ཏེ་ཞེས་བྱ་བ་སྨྲས་སོ། །ཁྱོད་ཀྱིས་བལྟ་བར་གྱིས་ཤིག་གང་གི་ཕྱིར་འདི་ནི། །ཆུ་རྒྱུན་འབབ་པས་རྣམ་འབྱེད་ཟླ་བའི་ནོར་བུ་ཅན་གྱི་སྒྲོ་ཚོགས་དགའ་བས་རྒྱས་བྱེད་ཅིང༌། །གར་གྱིས་སྒེག་པར་ལྡན་པ་སྔོན་དུ་རྣམ་བསམས་སྐད་ཀྱིས་གང་ཞིག་ལ་ནི་བསྟོད་བཞིན་པ། །རྨ་བྱ་ཆུ་མེད་པ་ཡི་སྤྲིན་དེ་ཉིད་ལ་མིག་གཉིས་བལྟ་བ་ལ་ནི་ལེ་ལོ་ཅན། །ཕལ་ཆར་སྐལ་བ་དང་ལྡན་ཉིད་ལ་རང་གི་དོན་ལ་མཁས་པའི་སྐྱེ་བོ་རྟེན་པར་བྱེད། །ཆུ་དང་བྲལ་བའི་ཆུ་འཛིན་རྣམས་ནི་སོ་སོར་འགྱུར་ཏེ་དབང་པོའི་གཞུ་ནི་རྣམ་པར་ཆད། །རི་ཡི་ཕུག་རྣམས་དང་ནི་འབྲེལ་པས་ཟབ་མོའི་ཚིག་རྣམས་རྨ་བྱ་རྣམས་ཀྱིས་ཐོས་མིན་ཏེ། །དངོས་པོ་ཐམས་ཅད་རང་བཞིན་གྱིས་ནི་འཇིག་ཅེས་བསམས་བཞིན་མྱ་ངན་གྱིས་ནི་ཡུན་རིང་པོར། །གློག་གི་གར་མཁན་མས་ནི་འཇམ་བའི་སྒེག་པས་གར་བྱེད་པ་ཡང་ཡོངས་སུ་དོར་བར་བྱེད། །འབྲས་བུ་ཅན་གྱི་ཤིང་གི་


DTG169_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ནི་འབྲས་ཟད་འགྱུར་ཏེ་ལྗོན་ཤིང་རྣམས་ནི་སྐམ་པར་འགྱུར། །རིམ་གྱིས་པདྨའི་རྩ་བ་རྣམས་ནི་རྙིངས་པས་པདྨའི་རྩ་བའི་འདབ་ནི་སྲ་འགྱུར་བ། །འདིར་ནི་བདག་གི་ཤིང་ལོའི་ཁང་པར་གང་ཞིག་རྒྱ་ཤུག་དང་ནི་ཨེ་གུ་དྷི་འབྲས་ཚོགས། །དེ་ཡང་ཟད་དེ་ཤིན་ཏུ་བྱ་དཀའི་དཀའ་ཐུབ་དོན་དུ་ལྟད་མོ་ཅི་ལྟར་བྱེད་པར་འགྱུར། །ཁ་ཟས་མེད་པས་སྐད་ཅིག་རེ་རེར་ལུས་པོ་འདི་ནི་ནུས་པ་མེད་པར་འགྲོ་བ་སྟེ། །ནུས་པ་མེད་པས་རྣལ་འབྱོར་རྣམས་ཀྱི་སེམས་ལ་རབ་ཏུ་འཇོམས་ཕྱིར་ཏིང་འཛིན་ག་ལ་བརྟན། །ཏིང་འཛིན་དམན་པའི་ཡིད་ཅན་ཤེས་རབ་ཅན་ཡང་དེ་ཉིད་མངོན་དུ་ཕྱོགས་པར་ཅི་ཕྱིར་འགྱུར། །དེ་ཉིད་མ་མཐོང་བས་ཀྱང་གཏི་མུག་རབ་རིབ་བཅིངས་པ་ཕྱིས་ནི་དོན་མེད་ངལ་བར་འགྱུར། །དེ་ཕྱིར་པགས་པའི་སྤྱིའུ་བླུགས་ཤིང་ཤུན་གོས་རྣམས་དོར་བྱས་ནས། །རང་གི་ཁྱིམ་དུ་གཉེན་འདུན་སྐྱེ་བོ་ལྷན་ཅིག་གནས་པར་བགྱི། །མུ་གེའི་སྐྱོན་ལས་ཐལ་བར་གྱུར་ནས་སླར་ནི་ནགས་ནང་དུ། །བྱམས་པ་འདིར་ནི་ཁྱོད་དང་ལྷན་ཅིག་ཡུན་རིངས་གནས་པར་བགྱི། །དེ་ནས་བྱང་ཆུབ་སེམས་དཔའ་ཡུན་རིང་པོར་ལྷན་ཅིག་ཏུ་གནས་པས་མངོན་པར་འཕེལ་བའི་གཉེན་བཞིན་པས་བརླན་པའི་སྙིང་གཏམ་དྲང་སྲོང་དེ་ལ་སྨྲས་པ། འཆིང་བའི་སྡོང་པོ་བཏོན་ནས་བདེ་བ་མངོན་འདོད་ཅིང༌། །རྣམ་པ་གང་གིས་མཆེ་གཉིས་པ་ནི་ནགས་མཐར་སོང༌། །སླར་ནི་ལྕགས་ཀྱུ་འདེབས་པའི་སྡུག་བསྔལ་མ་དྲན་པས། །མི་ཤེས་པ་ནི་སྐྱེ་བོའི་ནང་ཉིད་འགྲོ་བར་འདོད། །ཞི་དང་ཤེས་རབ་ཉིད་དང་དཀའ་ཐུབ་ཡོན་ཏན་དང༌། །ཤེས་བྱ་ལ་ནི་ཇི་བཞིན་རྗེས་འགྲོའི་ཐོས་པས་ཀྱང༌། །ཁྱོད་ནི་ཐུབ་པ་གཞན་རྣམས་ཟིལ་གྱིས་མནན་ནས་གནས། །ཉི་མས་མར་མེ་བཞིན་དུ་རིང་བའི་འོད་ཟེར་གྱིས། །མུན་པ་མེད་པའི་རྣམ་པར་དབེན་པའི་མིག་གིས་ནི། །དེ་ལྟར་ཁྱོད་ཀྱི་བསྟན་བཅོས་ངེས་པར་ཡང་ནི་མཐོང༌། །སྤྱོད་ཡུལ་ལས་འདས་ཡུལ་ལ་རབ་ཏུ་ཞུགས་འདོད་པ། །ཇི་ལྟར་བག་མེད་བྱེད་བཞིན་ཞེས་བྱ་མཚོན་པ་ཡིན། །མུན་པ་རྣམ་པར་འབྱེད་ཅིང་ཇི་ལྟར་གསལ་བྱེད་པ། །ལུས་ཅན་རྣམས་ལ་ཡིད་ནི་དང་བ་བསྐྱེད་པ་སྟེ། །རྨོངས་པས་མཁས་པ་རྣམས་ཀྱི་ལེགས་བཤད་མི་ཤེས་པས། །དམུས་ལོང་ཟ་བའི་དཀྱིལ་འཁོར་


DTG169_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བྱེད་པ་བཞིན། །ལེགས་པར་བློ་ཡི་མར་མེ་མེད་པས་དཀའ་ཐུབ་མ། །བདེ་བ་རྗེས་ཆགས་འདོར་བྱེད་ཅེས་བྱ་གཏམ་གང་ཡིན། །ཁྱིམ་པ་ཉིད་ལ་གང་ཞིག་ཡིད་ནི་དགའ་བྱེད་པ། །རྣམ་པར་དག་པའི་བསམ་ལྡན་དེ་ནི་ཆེ་མི་རིགས། །ཐུན་གསུམ་དུ་ནི་མར་གྱི་སྲེག་བླུགས་དྲིས་བསྒོས་པའི། །རྒྱ་ཤུག་དང་ནི་ཨེཾ་གུ་དྷི་འབྲས་ནང་ཞུགས་པ། །ཆུ་ལ་བརྟེན་པའི་ངང་སྐྱ་དང་ནི་ས་ར་སས། །ཞིང་ལ་ཉེ་བར་སྦས་པའི་ཤིང་ལོའི་ཁང་པས་བརྒྱན། །དཀའ་ཐུབ་ཅན་གྱི་བུ་མོས་བླུགས་པའི་བུམ་ཆུ་ཡིས། །རབ་ཏུ་གཏོར་ཞིང་འབྱུང་བའི་ཤིང་ནི་ཆུང་བ་རྣམས། །འགྲམ་དུ་ཤིང་གི་གྲིབ་མས་ཆུ་རྣམས་འགག་པ་ནི། །ཀུན་ནས་དབུགས་འབྱུང་མེ་ཏོག་དྲི་ཞིམ་རླུང་ལྡན་པ། །དཀའ་ཐུབ་ཅན་གྱི་བུ་རྣམས་ཡོངས་འཁོར་རྗེས་འགྲོ་བའི། །རི་དགས་རྣམས་ཀྱི་མྱུར་བར་དམ་བྱས་འགའ་ཞིག་ཏུ། །བཟླས་པས་ཁ་སྤུ་འགུལ་ཞིང་མགྲིན་པ་རེངས་པ་ཡི། །དཀའ་ཐུབ་ནོར་ཅན་རྣམས་ཀྱིས་རི་བོ་ཚད་ཚིང་རྟེན། །ཀྱེ་མ་མཉེས་གཤིན་བརྟན་པས་ངེས་པར་འབྲེལ་བའི་སེམས། །དམ་མིན་བདེ་བ་མྱོང་བའི་ཆ་དང་རྗེས་ཆགས་པས། །ཆགས་ཅན་ཤེས་རབ་མེད་པ་རྣམས་ཀྱི་སེམས་འདི་ནི། །རི་རྩེའི་ས་རྣམས་ཆགས་པ་བསྐྱེད་པར་མི་འགྱུར་རམ། །མི་དགེའི་སྐྱེ་བོ་རྣམས་ཀྱིས་བརྟེན་བྱ་ལམ་ངན་ཐོབ་ནས་གཏི་མུག་གིས། །ངེས་པར་མི་ཤེས་པ་ནི་མཉེས་གཤིན་ཞགས་པ་མ་སྤངས་ཉམས་པར་འགྱུར། །ལེགས་པར་བྱས་པ་རྣམས་ཀྱི་རྗེས་སུ་འགྲོ་བའི་ལམ་ཡང་ཡང་དག་འཛིན། །གང་ཕྱིར་རྡུལ་བྲལ་ལམ་ནི་གནས་པར་མི་འགྱུར་འདི་ནི་འདིར་མ་ཐོབ། །ཁྱིམ་ན་གནས་བའི་སྡུག་བསྔལ་གྱི་སྐྱོན་མང་པོ་དང་ལྡན་བའོ་ཞེས་བྱ་བར་ཤེས་ནས། ཞི་བ་དང་རྗེས་སུ་མཐུན་པ་རྣམ་པར་གྲོལ་བའི་ལམ་གསལ་བར་བྱེད་པའི་རབ་ཏུ་བྱུང་བ་ཉིད་འདི་སྤངས་ནས་བདེ་བ་ཅུང་ཟད་ཙམ་གྱི་ཕྱིར་འཇིགས་པ་ཆེན་པོའི་སྡུག་བསྔལ་གྱི་ས་འོག་ཏུ་ཞུགས་པའི་ཕྱིར་ཁྱོད་ཉིད་འདོད་པ་སྟེ། གང་ཡང་ཁྱོད་ཀྱིས་མངོན་པར་བརྗོད་པ་ནི། སླར་ཡང་བདག་དཀའ་ཐུབ་ཀྱི་དོན་དུ་ནགས་སུ་འོང་བར་བྱའོ་ཞེས་བྱ་བ་འདི་ནི་དད་པར་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཁྱིམ་ན་གནས་པ་ནི་གེགས་མང་བ་སྟེ། དབང་པོའི་དོན་ལ་དབང་དུ་སོང་བའི་འདོད་ཅན་མ།།


DTG169_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བར་བྱེད་ཅིང་དགོད་པའི་སྒེག་པའི་རྒྱན་གྱིས་བརྒྱན། །མ་སྨྲས་འབྲས་བུ་སྟེར་བའི་དཀའ་ཐུབ་ཅན་རི་ལ། །གཞན་ཡང་དྲང་སྲོང་ཆེན་པོ་ཡུལ་རྣམས་ལ་རྗེས་སུ་འཇུག་པའི་སྲོག་ཆགས་ནི་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བ་ཡིན་ཏེ། ལྟོས་ཤིང་རྔོན་པའི་གླུ་ཡིས་རི་དགས་ནི། །མདའ་ཡིས་འབེན་དུ་ཁྱེར་བ་ལྟར། །ཡུལ་རྣམས་མྱོང་བར་འདོད་རྣམས་ཀྱི། །རྒུད་པ་རྣམ་ཉིད་འབྱུང་བར་འགྱུར། །སོ་ཆག་པ་ནི་ཉི་མར་ལྟུང་བ་ཤི་བར་འགྱུར་བ་སྟེ། །ལྕི་བ་ཚ་བའི་སྡུག་བསྔལ་ཉེ་བར་ཉམས་སུ་མྱོང་ནས་ནི། །ཇི་ལྟར་ཡིད་དུ་འོང་བའི་གཟུགས་ལ་སེམས་དང་བཅས་རྣམས་ཀྱི། །སྡུག་བསྔལ་ལ་ནི་ཆགས་པ་རྣམས་ཀྱི་དྲུང་དུ་མི་འགྱུར་རམ། །གལ་ཏེ་མཆིལ་པ་ལ་གནས་ཤ་ནི་བཟུང་བར་མི་འགྱུར་རམ། །ལུས་ཅན་འདི་ནི་ཆུ་ལས་སུ་ཞིག་གིས་ནི་འདོན་པར་བྱེད། །བདེ་བ་ལ་ནི་ཆགས་པའི་བློ་ཅན་མདུན་དུ་རྗེས་འབྲེལ་བའི། །རྨོངས་པའི་སྐྱེ་བོ་ཡིས་ནི་འཇིགས་པར་རྣམ་པར་མཐོང་མི་བྱེད། །ཟུམ་པའི་པདྨ་ལ་ནི་བུང་བ་གནས་པར་བྱེད་པ་སྟེ། །ཤིན་ཏུ་དྲི་ལ་ཆགས་པ་དཀའ་བ་ཀུན་ནས་ཐོབ་འགྱུར་ཏེ། །གླང་པོ་ཆེས་ནི་ནགས་ནས་གླང་མོའི་རྗེས་སུ་འབྲང་བྱེད་ཅིང༌། །ཤིན་ཏུ་རྣོ་བའི་ལྕགས་ཀྱུའི་སྡུག་བསྔལ་ཆེན་པོ་བཟོད་པར་འགྱུར། །ཆུང་བའི་བློ་ཅན་རྣམས་ནི་རྣམ་རྨོངས་རྒུད་པའི་རྟེན་ཡིན་ལ། །བློ་བརྟན་བདག་ཉིད་ཆེན་པོ་རྣམས་ཀྱིས་ཀུན་ནས་སྤོང་བ་སྟེ། །གལ་ཏེ་རྟག་འབྱུང་བ་དེ་ལ་འདོད་པ་ཁྱེད་རྣམས་ལ་ནི་ཡོད། །དེ་ཕྱིར་དུག་བཞིན་ཡུལ་གྱི་སྦྲུལ་གྱི་སྤྱོད་ཡུལ་སྤོང་བར་མཛོད། །དྲང་སྲོང་གིས་སྨྲས་པ། གནོད་པ་ལ་སོགས་དུ་མ་དང་སྐྱོན་གྱི་མདའ་རྣམས་ཀྱི་འབེན་དུ་གྱུར་པ་ནི་ཁྱིམ་ན་གནས་པ་སྟེ། བདེ་བ་ཅུང་ཟད་མྱོང་བས་རྨོངས་པར་བྱས་པའི་བདག་ཉིད་ཅན་རྣམས་ཀྱིས་ཡོངས་སུ་དོར་བའི་དོན་དུ་ནུས་པ་མ་ཡིན་ཏེ་འོན་ཀྱང༌། ཤིན་ཏུ་སྙིང་གྲོགས་རི་བོང་ཚུལ་ཁྲིམས་རྒྱ་མཚོ་ཅན། །ཁྱེད་ཉིད་ཀྱི་ནི་ཡོན་ཏན་རྣམས་ནི་དེ་ལྟ་བུ། །བདག་གི་སེམས་ནི་འཕྲོ་བར་གང་རྣམས་ཀྱིས་འགྱུར་བ། །ཞི་བ་འདོད་པས་སླར་ཡང་འདིར་ནི་འོང་བར་བྱེད། །བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་ཁྱོད་གདོན་མི་ཟ་བ་ཉིད་དུ་མངོན་པར་འགྲོ་བ་འདོད་པ་དེ་ལྟ་ན་ཡང་ཉི་མ་གཅིག་པོ་འདི་འདིར་


DTG169_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་བྱས་ཏེ། ནང་པར་རང་གི་འདོད་པ་ཁྱེད་ཀྱིས་རྗེས་སུ་འགྲུབ་པར་གྱིས་ཤིག །དེ་ནས་ཐུབ་པ་དེས་འདི་ལྟར་བསམས་ཤིང་འདུག་སྟེ། ངེས་པར་བདག་ལ་འདི་སྤྱན་དྲང་བར་འདོད་པའོ་སྙམ་མོ། །འཛམ་བུའི་ཚལ་ནི་འབྲས་བུ་རྣམས་ཀྱིས་མངོན་དགའ་འགའ་ཞིག་འདིས། །མཐོང་བར་གྱུར་ཏམ་འོན་ཏེ་ཙཱུ་ཏའི་ཤིང་འདིར་འབྲས་སྐྱེས་ཤིང༌། །སྨིན་ཞིང་ཤིན་ཏུ་དམར་བ་འཇམ་པའི་འབྲས་བུའི་དྲི་ལྡན་པ། །ཨུ་དུམ་བཱ་རའི་ཤིང་ངམ་རི་གཞན་འགའ་ཞིག་ཏུ་ནི་མཐོང༌། །དེ་ནས་རི་བོང་མཚན་མོ་དེ་འདས་པ་དང་ཐོ་རངས་ཀྱི་དུས་སུ་ནགས་དེ་ཐམས་ཅད་ལ་ཡོངས་སུ་བསྐོར་ཞིང་རྩ་བ་དང་འབྲས་བུ་མ་རྙེད་པ་ལ་སེམས་ཤིང་གནས་སོ། །ལྟོ་སྟོང་དང་ལྡན་བཀྲེས་པ་དང་བཅས་ཡན་ལག་རིད་པ་འདི། །ཞི་བའི་ཐུབ་པ་བདེ་སྡུག་མཉམ་པ་གྲོགས་བཟང་ཡོད་པ་ལ། །བདག་ནི་རྩྭ་སྔོན་ནགས་ཀྱི་ནང་དུ་ཇི་ལྟར་ཟ་བར་བྱེད། །བསིལ་བར་དྲི་མ་མེད་པའི་ཆུ་ནི་ཇི་ལྟར་བཏུང་བར་བགྱི། །ཡང་ན་དོན་དུ་གཉེར་བའི་སྐྱེ་བོ་རེ་བསྒྲུབ་པར་བྱེད་ནུས་པའི་ལུས་འདི་ཡོད་པ་ལ་བདག་ནུས་པ་མེད་པ་དང་འདྲ་བར་ཡིད་མི་བདེ་བས་ཅིའི་ཕྱིར་གནས་པར་བྱེད། །དེ་ནས་དྲང་སྲོང་དེའི་དྲུང་དུ་སོང་ནས་སྨྲས་པ། །དྲང་སྲོང་ཆེན་པོ་རེ་ཞིག་ཡུད་ཙམ་བཞུགས་ཤིག་ཇི་སྲིད་བདག་གིས་ཁ་ཟས་ཀྱི་ཚོགས་ཅུང་ཟད་དབུལ་བར་བགྱིའོ། །དེ་ནས་ཐུབ་པ་དེ་འདི་ལྟར་ལྡུམ་གྱི་རྩ་བ་དང་འབྲས་བུ་ཀུན་ནས་ཟད་པའི་ནགས་འདིར་སླར་ཁ་ཟས་ཉེ་བར་སྡུད་པའི་ནུས་པ་ཇི་ལྟ་བུ་འདི་ལ་ཡོད་པར་འགྱུར་སྙམ་དུ་བསམས་སོ། །དེ་ནས་བདག་ཉིད་ཆེན་པོ་དེས་སོལ་བའི་ཕུང་པོ་འབར་བར་མཐོང་ནས་སྨོན་ལམ་འདི་ལྟར་མངོན་པར་འཕེལ་ཞིང་འདུག་གོ །ཇི་ལྟར་དོན་གཉེར་བཀྲེས་པ་ཞི་ཕྱིར་སྡུག་བསྔལ་དང་བྲལ་བ། །བདག་གིས་སྲེག་བླུགས་ཟ་བ་འབར་ཞིང་འཁྲུངས་ལ་སྲོག་རྣམས་དོར། །དེ་ལྟར་འགྲོ་བ་རྣམས་ཀྱི་སྡུག་བསྔལ་སེལ་བར་བྱེད་པ་ནི། །ཤིན་ཏུ་རྙེད་པར་དཀའ་བའི་སྟོབས་བཅུ་ཉིད་ནི་ཐོབ་པར་བགྱི། །གཞན་གྱི་དོན་ལ་རང་གི་བདག་ཉིད་དོར་བ་རབ་ཏུ་དགའ་བའི་ཡིད་དེས་དེ་ལྟར་བསམ་བྱས་ནས། །ཉོན་མོངས་བཅས་པར་བྱ་ཕྱིར་ཞི་བའི་གོ་འཕང་མངོན་པར་འདོད་ཅིང་སྲོག་ཆགས་རྣམས་ཀྱི་གཉེན་དུ་ནི། །ནགས་ཀྱི་མེ་དེ་རྣམས་ཀྱང་འབར་བའི་


DTG169_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ནི་ཉེ་བར་ཞི་གྱུར་དེ་ཡི་བསོད་ནམས་མཐུ་ཡིས་ཏེ། །སྒེག་པའི་ཆུ་རླབས་རི་མོ་ཅན་དང་རབ་བསྐྱོད་བུང་བའི་ཚོགས་ལྡན་པདྨའི་འབྱུང་གནས་ཉིད་དུ་གྱུར། །དེ་ནས་ཐུབ་པ་དེས་སྡུག་གོ་ཞེས་བརྗོད་ནས་མེ་ཞི་བར་བྱ་བའི་ཕྱིར་ཆུས་གང་བའི་སྤྱི་བླུགས་བཟུང་སྟེ། དེའི་དྲུང་དུ་ཉེ་བར་སོང་ནས་བདག་ཉིད་ཆེན་པོ་དེ་རྣམ་པར་ཁ་བྱེ་བའི་པདྨ་དཀར་པོའི་དབུས་སུ་ཉེ་བར་གནས་བཞིན་པས་ཆོས་སྟོན་པར་མཛད་པ་མཐོང་བར་གྱུར་ཏོ། །རི་བོང་དེས་ནི་ཤིན་ཏུ་བྱིན་གྱིས་བརླབས་པ་ནི། །ཆུ་ནང་པདྨ་དཀར་པོ་དེས་ནི་མཛེས་པར་གྱུར། །སྟོན་དུས་གསལ་བའི་ནམ་མཁའ་ལ་ནི་རབ་གསལ་བ། །རི་བོང་གིས་མཚན་གཟུགས་ནི་གསལ་བས་མཚན་པ་ལྟར། །དེ་ནས་པདྨ་དཀར་པོའི་ནང་དུ་གནས་པའི་རི་བོང་དེ་མཐོང་ནས་ཐུབ་པ་དེ་ངོ་མཚར་བའི་ཡིད་དང་ལྡན་པས་བསྟོད་པ་འདི་རབ་ཏུ་སྨྲ་བར་གྱུར་ཏོ། །ཨེ་མ་གཞན་གྱི་དོན་ནི་སྒྲུབ་པས་བཀྲ་ཤིས་པ། །གྲགས་པའི་གཏེར་ཁྱོད་ཀྱི་ནི་ཕྲིན་ལས་འདི་ངོ་མཚར། །བསམ་བྱས་བདག་ཉིད་ཆེན་པོའི་ཁྱད་པར་ཡང་དག་བསྟེན། །བློ་གྲོས་ཆེན་པོ་སུ་དག་རི་བོང་ལྟར་ཁྱེད་སྤྱོད། །རླུང་གིས་ཁ་ལོ་སྒྱུར་བ་རབ་འབར་འདི་གང་དུ། །པདྨའི་ནགས་ཚལ་ཉིད་ནི་འདི་འདྲ་གང་དུ་ཡང༌། །བདག་ཉིད་ཆེན་པོ་རྣམས་ཀྱི་བསོད་ནམས་སྟོབས་ཀྱིས་ནི། །བྱིན་གྱིས་བརླབས་པས་དུག་ཤིང་འདི་ཡང་སྨན་ཤིང་འགྱུར། །དེ་ནས་བདག་ཉིད་ཆེན་པོ་དེ་པདྨ་དཀར་པོ་ལས་བབས་ནས་ཐུབ་པ་དེ་དང་ལྷན་ཅིག་ཏུ་ཤིང་ལོ་ལས་བྱས་པའི་ཁང་པར་ཞུགས་ཏེ། །བྱང་ཆུབ་སེམས་དཔའི་མཛད་པ་ཤེས་པས་ངོ་མཚར་བའི་ཡིད་དང་ལྡན་པའི་ལྷའི་དབང་པོས་ཀུན་ནས་མིག་སྨན་གྱི་རི་བོ་ལྟར་སྔོ་བའི་ཆུ་འཛིན་གྱི་ཚོགས་ཀྱིས་ཉིན་མོར་བྱེད་པ་བསྒྲིབས་པས་ཡུན་རིང་པོ་མ་ཡིན་པའི་འོད་ཀྱི་གསལ་བས་ཀུན་ནས་དམར་བའི་ཕྱོགས་ཀྱི་བར་དང་ལྡན་པའི་ནམ་མཁའི་མཐོངས་བྱས་སོ། །དེ་ནས་རབ་ཏུ་བསྐྱོད་བྱས་ཆུ་ཡིས་བསིལ་བའི་རླུང་རྣམས་ནི། །ཀུན་ནས་ཤིང་ལོས་བྱས་པའི་ཁང་པ་བྱེད་ཅིང་རྒྱུ་བར་འགྱུར། །རི་བོང་ལྷན་ཅིག་བྱེད་པའི་ཤིང་ལ་ནེ་ཙོ་རྣམས་བརྟེན་པ། །ཡང་དག་འབྱུང་བའི་ཕྲེད་ཅན་འབྲས་བུ་དང་བཅས་རྣམ་མཛེས་གྱུར། །བུང་བའི་གླིང་བུ་རྣམས་ཀྱི་སྒྲ་ནི་ཀུན་ནས་འབྱུང་བ་དང༌། །


DTG169_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཡི་རི་ནི་འབབ་ཆུ་དང་བཅས་རྫ་རྔ་བཞིན་དུ་སྒྲ་སྒྲོགས་དུས། །རི་ཡི་སྟེང་དུ་གནས་པའི་རྨ་བྱ་དང་འབྲལ་ནམ་མཁའ་ལ། །སྤྲིན་ནི་སད་པ་རྣམ་པར་ལྡང་བར་བྱེད་ཅིང་གར་བྱེད་འགྱུར། །ལྷ་དབང་ཡིད་ནི་འཕྲོག་པར་བྱེད་པའི་གཞུང་ནི་རྒྱས་བྱས་ནས། །གང་ཞིག་མང་བ་བསིལ་བའི་ཆར་ཆུ་འབབ་པར་བྱས་པ་ནི། །ཆུ་འཛིན་རྣམས་ནི་སོ་ག་རྣམ་པར་ལྡང་བར་ཟད་བྱས་པ། །སྤྲོ་ཞིང་ཡུན་མི་རིང་བའི་འོད་ཟེར་རྣམས་ཀྱིས་རྣམ་པར་རྒྱས། །ཀུན་ནས་འཁོར་བའི་བུང་བ་ངེས་པར་ལྟུང་བས་ཁྲོས་པ་ནི། །ཀུན་ནས་དབུགས་བུང་རབ་ཏུ་བཞོན་པའི་ཀེ་ཏའི་ཤིང་གནས་པ། །དབུགས་ནི་བུང་བ་རང་གི་ངོ་བོ་འཁྱིལ་པའི་ལུས་འཛིན་པ། །ཡང་དང་ཡང་དུ་ལྟོ་འཕྱེས་གདེངས་ཀ་རྒྱས་པར་བྱེད་པར་འགྱུར། །བུད་མེད་མེད་པར་བ་ཡི་མཐོང་བར་སྤྲོ་བས་སྤྲོ། །རི་ལམ་ཤིང་ལ་བརྟེན་པའི་ལམ་པ་ཡིས། །ཆུ་རྒྱུན་ནང་ན་སྤྱོད་པའི་ཉུང་བ་ནི། །འཚེད་བྱེད་རྣམས་ཀྱི་ངག་ནི་ཀུན་ཐོས་འགྱུར། །ངོ་བོ་ལམ་པའི་བུད་མེད་རྣམས་ཀྱིས་འཕྲོག་པར་བྱེད་པའི་གློག །མཐོང་སྟེ་ཆུ་རྣམས་གཏོང་ལ་ཟུར་གྱིས་བལྟ་བའི་མིག །མཆེ་བ་གཉིས་པའི་སྟེང་དུ་རླུང་གིས་བསྐྱོད་པ་ནི། །རྒྱལ་མཚན་ལ་བཅིངས་བ་དན་གུར་ཀུམ་གྱིས་བཙོས་བཞིན། །རྨ་བྱའི་སྒྲོ་དང་བསྲེས་པའི་ཀ་ཤའི་ཉག་མ་ནི། །འགའ་ཞིག་བསྐོར་ཞིང་ཀུན་ནས་བསྐོར་བའི་སི་ལེན་དྲ། །ཆུ་བོ་རྣམས་ཀྱི་ཆུ་ནི་རྙོག་ཅན་འགྱུར་བ་སྟེ། །འགྲམ་དུ་འཛམ་བུའི་འབྲས་བུ་ལྷུང་བས་དབུ་བ་འབྱེད། །ཆུ་བོའི་འགྲམ་རྣམས་འཛམ་བུའི་འབྲས་བུ་རྣམས་ཀྱིས་འབྲེལ་པ་སྟེ། །ནེའུ་གསིང་འཇམ་པོ་དང་འབྲེལ་ཉམས་དགའ་མཛེས་པ་ལྟ་བར་གྱིས། །ཆུ་ཡི་ཐིགས་པ་ལྷུང་བས་སྒྲ་སྒྲོགས་ཤིང་ལོའི་ཁང་པ་ན། །ཐུབ་པ་དེ་ནི་རི་བོང་ལྷན་ཅིག་གནས་ཤིང་རབ་དགར་གྱུར། །དེ་ནས་དེ་ལ་དྲིས་པ་སྟེ། །རྣམ་པར་རྟོག་པ་ཆེན་པོ་འདིས། །ལྷ་ཡི་བདེ་བ་འདོད་པ་ཁྱོད། །ལྷ་དབང་གནས་ནི་འདོད་དམ་ཅི།། རི་བོང་བརྟན་པའི་སེམས་ལྡན་པའི། །དཀའ་ཐུབ་ཅན་དེ་ལ་ནི་སྨྲས། །སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ནི་སངས་རྒྱས་ཉིད་འདོད་དོ། །དེ་ནས་དེ་ལ་ཐུབ་པས་སྨྲས། །གང་ཚེ་སངས་རྒྱས་ཁྱོད་འགྱུར་བ། །དེ་ཚེ་བདག་སློབ་བདག་གྱུར་ཅིག །དེས་ཀྱང་དེ་ལ་ཁས་བླངས་


DTG169_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལྟར་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ན་ཡང་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ལ་སྤྱོད་ཅིང་སྲོག་རྣམས་ཀྱིས་ཀྱང་གཞན་རྣམས་ལ་ཕན་པ་མཛད་པ་སྟེ། དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་ལ་དང་བ་དང་རྩེ་གཅིག་པས་གནས་པར་བྱ་ཞེས་བྱ་བ་ནི། རི་བོང་གི་སྐྱེས་པའི་རབས་ཏེ། སྐྱེས་པའི་རབས་བཞི་པའོ།། །།བྱང་ཆུབ་སེམས་དཔའི་མགོ་བོ་ཡོངས་སུ་གཏོང་བ་སྟེ། །སུ་ཞིག་ངོ་མཚར་བར་ནི་གང་ཕྱིར་མ་གྱུར་ཏམ། །ཡང་ན་འབྲས་བུ་དང་ནི་རྗེས་སུ་མཐུན་པ་ནི། །ཕལ་ཆེར་ཆེན་པོ་རྣམས་ཀྱི་ཀུན་ནས་རྩོམ་པ་རྣམས། །འདི་ལྟར་རྗེས་སུ་ཐོས་ཏེ། སྲེག་བླུགས་འཛིན་པའི་གྲོགས་པོའི་སྟོབས་ཀྱིས་ཡང་དག་པར་སྐྱེས་པའི་རླབས་ཆེན་པོ་དང་ལྡན་པའི་འོ་མའི་རྒྱ་མཚོའི་རྗེས་སུ་བྱེད་པའི་ཁ་བ་ཅན་གྱི་རི་དང་འདྲ་བའི་མུ་ཏིག་གི་ཕྲེང་བས་མངོན་པར་བརྒྱན་པར་བྱས་པའི་ལུས་ངན་གྱི་ཕྱོགས་ཀྱི་བུད་མེད་ལ་རབ་ཏུ་དགའ་བའི་ཡིད་ཅན་ལྷའི་བཟོ་བོ་བི་ཤྭ་ཀརྨས་སྨུག་རྩི་དང་འདྲ་བར་བྲིས་པ། རྣམ་པ་སྣ་ཚོགས་པའི་སྐྱེ་བོས་ཀུན་ནས་གནོད་པར་བྱས་པ་རླུང་གིས་རྣམ་པར་བསྐྱོད་བཞིན་པའི་སྐྱེད་མོས་ཚལ་གྱི་མེ་ཏོག་རྣམས་ཀྱི་དྲིས་དྲི་ཞིམ་པར་བྱས་པའི་ཕྱོགས་རྣམས་ཀྱི་དབུས་དང་བཅས་པ། རྟག་ཏུ་ལོ་ལེགས་པའི་ཕྱིར་མཛོད་དང་བང་མཛོད་ཡོངས་སུ་གང་བ་ཅན་གྲོང་ཁྱེར་གྱི་ངོ་བོས་དཔལ་གནས་པ་དང་འདྲ་བའི་བཟང་པོའི་བྲག་ཅེས་བྱ་བའི་རྒྱལ་པོའི་ཕོ་བྲང་བྱུང་བར་གྱུར་ཏེ། གང་ཞིག་འདི་ད་ལྟར་ཡང་བཟང་པོའི་བྲག་ཅེས་བྱ་བའི་གྲགས་པ་ཐོབ་པའོ། །དེ་ནས་རྒྱལ་པོའི་ཚུལ་གྱི་ལག་པའི་སྟོབས་ཀྱིས་རྒྱལ་པོའམ་རྒྱལ་པོའི་བློན་པོ་ཆེན་པོ་གཞན་འཕམ་པར་བྱས་པ། ཆུ་བོ་རྣམས་རྒྱ་མཚོ་དང་འདྲ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་རིག་པ་ཐམས་ཅད་ཀྱི་སྣོད་དུ་གྱུར་པ་འབྱུང་པོ་རྣམས་ལ་བརྩེ་བ་དང་ལྡན་པ། དྲི་མ་དང་བྲལ་བའི་ཞལ་གྱི་ཟླ་བ་མཛེས་པས་ཟླ་བའི་འོད་སྐྱེངས་པར་བྱེད་པའི་རྒྱལ་པོ་ཟླ་འོད་ཅེས་བྱ་བ་བྱུང་བར་གྱུར་ཏེ། དགྲའི་གྲོང་ཁྱེར་རྣམས་ན་མི་མོའི་བད་གནས་དཔལ་ནི་འཕྲོག་བྱེད་ཅིང༌། །གྲོགས་པོའི་སྐྱེ་བོ་ཀུ་མུ་ད་རྣམས་ལ་ནི་བདེ་བ་སྐྱེད་བྱེད་པ། །མི་ཡི་བདག་པོ་ཟླ་བ་དེ་ཡི་ལུས་ཀྱི་འོད་ཉིད་མཚན་མོའི་དུས་


DTG169_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི། །མུན་པའི་ཚོགས་ནི་ཟད་པར་བྱེད་ཅིང་མར་མེའི་འབྲས་བུ་བྱེད་པར་གྱུར། །རྒྱལ་པོ་དེ་ལ་ཡང་འཇིག་རྟེན་ལས་འདས་པའི་སྐྱེ་བོ་མ་ལུས་པ་ཉིད་ངོ་མཚར་བར་བྱེད་པའི་དམ་བཅའ་འདི་བྱུང་བར་གྱུར་ཏོ། །གལ་ཏེ་བདག་ལ་དོན་གཉེར་ལ་ལ་སློང་གྱུར་ན། །མིག་དག་དང་ནི་སྲོག་གི་རྟེན་གྱི་མགོ་བོའམ། །སྲིད་པ་འཇིག་པར་བྱེད་པའི་གོ་འཕང་འགྲོ་འདོད་པ། །དོན་དུ་གཉེར་ལ་བདག་ནི་ཆད་པར་མི་བྱེད་དོ། །བརྒྱ་ཕྲག་བཅུའི་ནོར་ལ་སྐྱ་རེངས་དང་འདྲ་བར་བྱང་ཆུབ་སེམས་དཔའི་མདུན་དུ་རྟག་ཏུ་རྒྱུ་བ་བློན་པོའི་ཚོགས་རྣམས་ཀྱི་གཙོ་བོ་ཤེས་རབ་ཆེན་པོ་དང་ལྡན་པ་ཟླ་བ་ཆེན་པོ་ཞེས་བྱ་བའི་བློན་པོ་བྱུང་བར་གྱུར་ཏེ། ཕན་ཚུན་ཡོན་ཏན་སྨྲ་བ་པོ། །ཕན་ཚུན་ཕན་ལ་མངོན་ཕྱོགས་ལ། །དེ་དག་ནམ་ཡང་ཡོད་མིན་ཏེ། །ཕན་ཆུན་རྣམ་པར་འབྲལ་བ་ཅན། །དེ་ནས་དུས་འགའ་ཞིག་གི་ཚེ་ཟླ་བ་ཆེན་པོས་མཚན་མོ་གཉིད་ཀྱི་དབང་དུ་ཉེ་བར་སོང་བ་ན། རྨི་ལམ་དུ་ཤིང་ལོའི་ཕུང་པོ་ཚིག་པ་ལྟར་སོང་བ་སྔོ་བ་དང་རྩུབ་པའི་འོད་ཅན་གྱི་འབར་བའི་མེའི་ཚོགས་ལྟར་སྐྲ་དང་ཁ་སྤུ་རྣམས་སེར་སྐྱ་དང་ལྡན་པ་སེང་གེའི་སེན་མོ་ལྟར་འཁྱོག་པ་དང་རྣོ་བའི་སེན་མོ་ཅན་ཆུས་བུད་པར་བྱས་པའི་ལྕི་བའི་ཆུ་འཛིན་ལྟར་གསུས་པ་ཆེ་བ། ལྕགས་ཀྱི་ཀ་བ་ལྟར་གྲིམས་པ་དང་ཆེ་བའི་ལག་བ་དང་བྲང་དང་ལྡན་པ། རི་བོང་ཅན་གྱི་ཆ་ལྟར་འཁྱོག་པའི་མཆེ་བ་རྣམས་ཀྱིས་རྣམ་པར་འབྱེད་པས་ཤིན་ཏུ་མཛེས་པ། འཕྲོ་ཞིང་ཡུན་རིང་པོ་མ་ཡིན་པའི་འོད་ཀྱིས་རྣམ་པར་གཡོ་བས་སྨིན་མ་བསྐྱོད་པ། ཁྲག་དང་བཅས་པའི་སྐྱེས་པའི་པགས་པས་སྨད་གཡོགས་པར་བྱས་པའི་གནོད་སྦྱིན་རྣམས་ཀྱིས་མིའི་བདག་པོ་དེའི་ཉེ་བར་འཕྲོག་བཞིན་པ་དང་ཅོད་པན་གྱི་གཙུག་གི་ནོར་བུ་རྣམས་པར་ལྷུང་བ་མཐོང་བར་གྱུར་ཏོ། །གཉིད་སད་ནས་ཡིད་མི་བདེ་བས་འདི་ལྟར་བསམས་པར་གྱུར་ཏོ། །ཀྱེ་མ་བདག་གི་རྨི་ལམ་རྣམ་པར་སྨིན་པ་རྩུབ་པ་འདི་མཐོང་ངོ༌། །བདག་ཅག་གི་རྗེ་བོའི་ལུས་ཀྱང་བླངས་ན་དོན་དུ་གཉེར་བ་ལ་བདག་གིས་སྦྱིན་པར་བྱའོ་ཞེས་དམ་བཅས་ཏེ། དེ་བས་ན་ཇི་སྲིད་དུ་མིའི་བདག་པོ་ངེའི་མགོ་བོ་སུ་ཞིག་སློང་བར་མི་བྱེད་པ་དེ་སྲིད་དུ་དུ་མ་རིན་པོ་ཆེའི་རང་བཞིན་གྱི་མགོ་བོ་རྣམས་བཟོ་བོ་རྣམས་ལ་བྱེད་དུ་གཞུག་གོ་སྙམ་མོ། །དེ་རྣམས་ཉིད་ཀྱིས་ཀྱང་མགོ་བོ་སློང་


DTG169_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བ་སུ་ཞིག་ལ་ཕྱི་རོལ་ཉིད་དུ་སོ་སོར་མཆོད་ནས་གཏང་བར་བྱ་ཞེས་ཏེ། ས་སྐྱོང་བས་ནི་ས་འདི་ན། །དབང་པོ་སྐྱོང་བྱེད་སྐྱོང་བྱེད་ཅིང༌། །ཡུན་རིང་བྱས་བདག་ཉིད་འཚོ་ཞིང༌། །སྐྱེ་བོ་མ་ལུས་གསོ་བར་བྱེད། །དེ་ནས་ཟླ་བ་ཆེན་པོ་བློན་པོ་རྣམས་ཀྱི་གཙོ་བོས་རིན་པོ་ཆེའི་རང་བཞིན་གྱི་མགོ་རྣམས་བྱེད་དུ་བཅུག་སྟེ། ཕྱི་རོལ་ཉིད་དུ་སློང་བ་པའི་སྐྱེ་བོ་རྣམས་ལ་གང་གིས་དོན་གྲུབ་ཅེས་བྱ་བ་རྣམ་པར་སྤྱོད་ཅིང་འདུག་གོ །དེ་ནས་སྤོས་ངད་ལྡང་བའི་རིལ་སྤྲའི་གདོང་ཅན་སྐྲ་དང་སྨ་ར་ཡོངས་སུ་སྨིན་པ། མ་བྱས་པའི་ཁྲོ་གཉེར་བྱས་པ་འདྲ་བ། སྡོང་དུམ་ཚིག་པ་ལྟར་དཀར་བ་མ་ཡིན་པ་དང་པགས་པ་རྩུབ་པ་དང་ལྡན་པ་དང༌། འགྲོ་བ་ལ་སྲིན་བུ་པདྨ་ལྟར་འཁྱོག་པ་དང་རགས་པའི་རྩའི་དྲ་བས་མི་མཉམ་པའི་བྱིན་པ་དང་བརླ་དང་ལག་པ་དང་ལྡན་པ་དང༌། སྦྲུལ་ལྟར་རང་བཞིན་གྱིས་དྲག་པ། དྲག་པོའི་མིག་ཅན་ཞེས་བྱ་བའི་བྲམ་ཟེ་སོ་སོར་གནས་པར་གྱུར་ཏོ། །དེ་ལ་བསམ་པ་ཀུན་ནས་བྱུང་སྟེ། ཟླ་འོད་ཅེས་བྱ་བའི་རྒྱལ་པོ་ཐམས་ཅད་གཏོང་བ་སྟེ། དེ་བས་ན་རེ་ཞིག་འགྲོ་བར་བགྱིའོ། །རྒྱལ་པོ་དེ་ལ་མགོ་བོ་བླངས་པས་དམ་བཅའ་དོན་མེད་པར་བྱའོ་སྙམ་མོ། །མགོ་བོ་རབ་ཏུ་སྦྱིན་པའི་ནུས་པ་སུ་ཞིག་ཅེས་བྱ་བ་ལ་ཡོད་བ་ཞེས་བྱ་བ་རྣམ་པར་བསམས་ནས། །རིམ་གྱིས་བཟང་པོའི་བྲག་ཏུ་འོངས་པར་གྱུར་ཏོ། །དེ་ནས་ས་འཛིན་བཅས་པ་རྣམ་གཡོས་ཏེ། །ཡང་དང་ཡང་དུ་རྒྱ་མཚོ་འཁྲུག་པའི་ས། །ཆུ་བོའི་ཆུ་ནི་གང་བ་རྙོག་པ་ཅན། །བསྐྱོད་པའི་ཉ་རྣམས་ཀྱིས་ནི་གཡོས་པའི་བར། །ཉི་ཟླ་དག་ནི་རྣམ་པར་མཛེས་མི་འགྱུར། །རྡུལ་གྱིས་འོད་མེད་མེ་ལོང་རྣམ་པ་ཅན། །ཕྱོགས་རྣམས་ཀུན་ནས་དྲི་མ་ཅན་གྱུར་ཏེ། །བདག་པོ་མྱང་བ་བྱས་པ་དང་ནི་འདྲ། །དུས་མ་ཡིན་པ་ཡལ་ག་ཅན་རྣམས་ལས། །མེ་ཏོག་སྔོ་སྐྱ་གེ་སར་ཅན་འབྱུང་སྟེ། །རྡུལ་ཚོགས་འབྱུང་བའི་རླུང་རྣམས་ལྡང་བ་ནི། །གཙུག་ཕུད་ཆ་ཡིས་རྗེས་སུ་འགྲོ་བ་ལྟར། །རྒྱུ་དང་མི་རྒྱུ་དང་བཅས་ས་འབྱུང་སྟེ། །དྲི་བཅས་རིད་པའི་སྐྱེ་བོས་ཁྱབ་ཅིང་ཁྱབ། །མཚན་མོ་ཀུན་ནས་དུད་པའི་སྐར་མ་ཅན། །ནུབ་དང་ཉེ་བར་སོང་བའི་ཟླ་བ་བཞིན། །ནགས་ཀྱི་བདག་པོ་རྣམས་ཀྱང་རྩྭ་འཇམ་པ། །བ་རྣམས་འོ་མ་སྐད་ཅིག་གིས་ཟད་


DTG169_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །གཙང་བར་གྱུར་ཀྱང་ཞུགས་པའི་སྲེག་བླུགས་ཅན། །མཆོད་སྦྱིན་བྱེད་པའི་མེ་ནི་དེ་མི་འབར། །དེ་ནས་རྣམ་པ་སྣ་ཚོགས་པའི་མཚན་མ་ངན་པ་མཐོང་ནས་བཟང་པོའི་བྲག་ལ་གནས་པའི་སྐྱེ་བོས་འདི་ནི་ཅི་ཞིག་ཅེས་བྱ་བ་ཀུན་ནས་དོགས་པར་བྱེད་ཅིང་ཀུན་ནས་གཡེང་བ་དང་བཅས་པས་འགྲོ་བར་གྱུར་ཏོ། །དེར་ནི་གང་ཞིག་ཤིན་ཏུ་མཁས་པ་དེ་རྣམས་རྒྱལ་པོའི་བརླག་པ་ཉེ་བར་རྟོགས་པར་གྱུར་པ་ཡིད་མི་བདེ་བར་གྱུར་ནས་འདི་ལྟར་སྨྲས་པར་གྱུར་ཏོ། །དཀའ་བ་སྡུག་བསྔལ་ལས་སྐྱེས་པ། །ས་སྐྱོང་འདི་ལ་མ་གྱུར་ཅིག །གང་གི་དཔུང་པའི་གྲིབ་མ་ལ། །བརྟེན་ནས་ལུས་ཅན་བདེ་བར་ཉལ། །དེ་ནས་མཆི་མ་དང་བཅས་པའི། །མིག་དང་ལྡན་པའི་གྲོང་ཁྱེར་གྱི་ལྷ་མོས་བློན་པོ་ཟླ་བ་ཆེན་པོ་ལ། དྲག་པོའི་མིག་ཅན་ཞེས་བྱ་བའི་བྲམ་ཟེ་འདི་རྒྱལ་པོ་འདིའི་དབུ་སློང་བའི་ཕྱིར་འོངས་པ་སྟེ། དེ་བས་ན་ཐབས་གང་གིས་ཀྱང་འདི་བཟློག་པར་མཛོད་ཅིག་ཅེས་སྨྲ་ཞིང་འདུག་གོ །དེ་ནས་བློན་པོས་རིན་པོ་ཆེའི་རང་བཞིན་གྱི་མགོ་དེ་རྣམས་སྤུངས་ཏེ། བྲམ་ཟེ་ཆེན་པོ་གང་གིས་ཁྱེད་ཀྱི་དོན་འགྲུབ་པ་དེ་བདག་ཉིད་ཀྱིས་དོན་བསྒྲུབ་པར་བྱ་ཡིས་ཁྱོད་ཀྱིས་རྒྱལ་པོ་མཐོང་བས་དགོས་པ་ཅི་ཞིག་ཡོད་ཅེས་དྲག་པོའི་མིག་ཅན་ལ་སྨྲས་སོ། །གལ་ཏེ་ནོར་ནི་ཆུང་བའི་སྐྱེས་བུ་ལས་ཀྱང་ནི། །འདོད་པ་རྙེད་འགྱུར་དེ་ཕྱིར་ནོར་མང་བས་ནི་ཅི་ཞིག་བྱ། །གལ་ཏེ་གླང་ཆེན་གོམ་པ་ཙམ་ནི་བརྐོས་པའི་ཆུས། །སྐོམ་པ་སེལ་ན་རྒྱ་མཚོ་ས་དགོས་པ་ཅི་ཞིག་སྨྲོས། །བྲམ་ཟེས་སྨྲས་པ། རགས་པའི་འོ་མའི་ནུ་འཇིང་ལྡན་ཞིང་སྤྲིན་དཀར་ལྟར་ནི་འོད་ལྡན་པ་རྣམས་བེའུ་བཅས་མི་འདོད་དེ། །ཅུང་ཟད་རྣ་བ་གཡོ་བ་སྐོར་བའི་བུང་བའི་ཚོགས་མྱོས་པ་ཡི་གླང་པོའི་དབང་པོ་རྣམས་མི་འདོད། །རྒྱན་ཡང་གསལ་བ་གསལ་བའི་འོད་ཟེར་ལྡན་པའི་ནོར་བུ་རྣམས་དང་གོས་ཀྱང་ཁྱད་པར་ཅན་མི་འདོད། །འདི་ནི་ཐམས་ཅད་སྟེར་བ་ཞེས་བྱ་དེ་ཕྱིར་བདག་ནི་ས་སྐྱོང་འདི་ལས་མགོ་བོ་སློང་བར་འདོད། །བློན་པོས་སྨྲས་པ། དམ་པ་རིན་ཆེན་རང་བཞིན་མགོ་བོ་འདི་རྣམས་ནི། །དད་པ་རྩེ་གཅིག་པས་ནི་བདག་གིས་ཁྱེད་ལ་འབུལ། །གལ་ཏེ་འདི་རྣམས་ཀྱིས་ནི་ཁྱེད་ལ་དོན་མེད་ན། །ད་ལྟ་ཉིད་དུ་བདག་གི་མགོ་བོ་ཁྱེར་བར་མཛོད། །རྗེ་བོའི་དོན་དུ་སྲོག་འཛིན་པའི།།


DTG169_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་ཀྱི་དོན་ནི་བསྟན་འགྱུར་བ། །དེ་ཡི་དོན་དུ་འགྲུབ་གྱུར་པ། །གལ་ཏེ་དེ་རྣམས་དོན་བྱས་ཉིད། །བྲམ་ཟེས་སྨྲས་པ། ཡང་དང་ཡང་དུ་སྨྲས་པ་འདིས་ཅི་ཞིག་བྱ། །མངོན་སྤྱོད་ཀྱི་ལས་ལ་སའི་བདག་པོའི་མགོ་བོས་བདག་ལ་དགོས་པ་ཡོད་དོ། །དེ་ནས་རྒྱལ་པོ་ཟླ་འོད་ལྷའི་མིག་གིས་མགོ་བོ་སློང་བ་པོ་དེ་ཕྱི་རོལ་ན་གནས་པ་མཐོང་ནས་ལངས་ཏེ་དགའ་བའི་གྲོགས་པོ་དང་འདྲ་བར་བློན་པོའི་གཙོ་བོ་དེ་ལ་སྨྲས་པ། མང་པོས་སྨྲས་པས་ཆོག་སྟེ་དོན་དུ་གཉེར་བར་མ་བྱས་པས་འཁོར་བའི་རྒྱ་མཚོ་ལས་རྒལ་བའི་ཕྱིར་ཟམ་པར་གྱུར་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་གཉེར་བ་རྣམས་ཏེ། ཕ་རོལ་རིང་ཞིང་རྒལ་དཀའ་བ། །རྒྱ་མཚོ་རྒལ་བར་འདོད་པ་ལས། །གང་ཞིག་འབྲེལ་བའི་གྲུ་གཅོག་པ། །དེ་ནི་ཇི་ལྟར་གྲོགས་པོར་བརྗོད། །དེ་ནས་ཆོས་ལ་གྲོགས་གྱུར་པའི། །སྐྱེས་བུ་ཆོས་ཀྱི་རྗེས་འཇུག་ལ། །སྤྲོ་བ་ཉིད་དུ་བྱ་བ་སྟེ། །ཆོས་ཀྱི་གེགས་ནི་མི་རིགས་སོ། །གལ་ཏེ་དོན་གཉེར་འདི་ལྟ་བུ། །ཐར་པའི་རྒྱུ་ནི་མེད་གྱུར་ན། །སྦྱིན་པའི་ཕ་རོལ་ཕྱིན་པ་འདི། །བྱང་ཆུབ་སེམས་དཔས་ཇི་ལྟར་རྫོགས། །དེ་ལྟར་བླངས་ཏེ་རལ་གྲི་བླངས། །མི་བདག་འདིས་ནི་བྲམ་ཟེ་ལ། །བྲམ་ཟེ་བདག་གི་མགོ་ཆོད་ཅིག །ཅེས་བྱ་སྡུག་བསྔལ་མེད་པར་སྨྲས། །བྲམ་ཟེ་གང་དུ་སེམས་ནི་སྙིང་རྗེ་མེད་པ་གང་དུ་སྟེ། །གཏུམ་པོ་དང་ནི་ཡང་དག་འབྲེལ་པ་ལྟ་བུ་བདག་འདིས་ཞེས། །མཆོད་ཕྱིར་ཐོགས་པས་ཡུན་རིང་པོར་ནི་རྣམ་བསམས་ནས། །བྲམ་ཟེའི་བྲང་ལ་ངོ་ཚ་དང་བཅས་འདྲ་བར་གནས་པར་གྱུར། །དེ་ནས་བྲམ་ཟེ་དེས་སྨྲས་པ། །བློན་པོ་དང་གྲོགས་པོ་དང་གཉེན་འདུན་གྱི་སྐྱེ་བོས་ཡོངས་སུ་བསྐོར་བར་བྱས་པས་ཁྱེད་ལ་བདག་གཅིག་པུས་མགོ་གཅོད་པར་ནུས་པ་མ་ཡིན་ཏེ། །དེ་བས་ན་ཁྱེད་གཅིག་པུ་འདུག་པར་འོས་སོ་ཞེས་ཟེར་རོ། །དེ་ནས་རྒྱལ་པོ་དེས་མནའ་དང་བཅས་པར་སྡུག་བསྔལ་གྱི་ཆུས་ཀུན་ནས་གདུངས་པའི་མིག་དང་ལྡན་པའི་སྐྱེ་བོའི་ཚོགས་དེ་བཟློག་ནས་རལ་གྲིའི་ལག་པ་ཅན་གྱི་བྲམ་ཟེ་དེ་དང་རྗེས་སུ་འགྲོ་བར་གྱུར་པ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བའི་སྐྱེད་མོས་ཚལ་དུ་སོང་བར་གྱུར་ཏོ། །དེ་ནས་བློན་པོ་ཟླ་བ་ཆེན་པོས་འདི་ལྟར་སྨྲེ་སྔགས་ཀྱིས་ཀུན་ནས་བསླང་བའི་ཡི་གེ་


DTG169_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། ཀྱེ་མ་མི་ཡི་བདག་པོ་མགོ་བོ་མེད་པ་ནི། །དེ་རིང་སུ་ཞིག་གིས་ནི་ངེས་པར་ལྟ་བར་ནུས། །མཆོད་སྦྱིན་བྱེད་པའི་ནུས་པ་ཉེ་བར་ཉམས་པ་ནི། །མཆོད་སྦྱིན་སྲིན་པོ་རྣམས་ཀྱིས་ཉེ་བར་ཉམས་པ་ལྟར། །ས་ནི་སྐྱོད་བ་མེད་པར་དེ་རིང་གྲོང་ཁྱེར་འདིར། །ཤིན་ཏུ་ཕོངས་པར་རྣམས་པར་སྣང་བ་ཉིད་འགྱུར་ཏེ། །བུད་བའི་ཚོགས་ཀྱིས་བསྐོར་བས་ཁྱབ་པའི་ཆུ་ནས་ནི། །གླང་པོར་ནམས་ཀྱིས་པདྨ་རྒྱས་པ་འདོན་པ་ལྟར། །དེ་བས་ཇི་སྲིད་མི་ཡི་བདག་པོ་འདི་ནི་ཤི་བ་མ་ཐོས་པར། །དེ་སྲིད་ཐོག་མ་ཉིད་དུ་བདག་གི་སྲོག་འདི་བཏང་བར་བགྱི། །དེ་ལྟར་རྣམ་པར་བསམས་ནས་ཏིང་འཛིན་སྟོབས་ཀྱི་བློ་ལྡན་དེ། །རང་ལུས་རྣམ་པར་སྤངས་ནས་རང་འབྱུང་འགྲོ་བ་ཉིད་དུ་གྱུར། །སྐྱེས་བུ་དེ་ཉིད་དོན་བྱས་བདེ་བ་ཡང་དག་ཐོབ་ནས་ནི། །ཟླ་བའི་འོད་ལྟར་དཀར་བའི་ལས་ནི་འགྲོ་ལ་གསལ་བྱས་ནས། །གྲོགས་པོ་རྣམས་ལ་རྒུད་པ་ཆེན་པོ་ཐོབ་པར་བལྟ་བྱས་ཏེ། །གང་ཞིག་ཐོག་མ་ཉིད་དུ་ལུས་ཀྱི་འཇིག་པ་ཐོབ་པར་གྱུར། །དེ་ནས་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བའི་སྐྱེད་མོས་ཚལ་དུ་ཞུགས་པའི་རྒྱལ་པོ་ལ་དེའི་བཙུན་མོའི་འཁོར་དུ་འོ་དོད་འབོད་པའི་སྒྲ་ཆེན་པོ་ཀུན་ནས་བྱུང་བར་གྱུར་ཏོ། །སྐྱེད་མོས་ཚལ་དེར་ཞུགས་ནས་བྲམ་ཟེ་དེས་རྒྱལ་པོ་ལ་སྨྲས་པ། །གསོན་པའི་གཟུགས་དེ་ལྟར་གནས་པའི་ཁྱེད་ཀྱི་མགྲིན་པ་ལ་བདག་གིས་རལ་གྲི་རྡེག་པར་ནུས་པ་མ་ཡིན་ནོ། །རྒྱལ་པོས་སྨྲས་པ། བྲམ་ཟེ་དེ་བས་ན་རྟག་ཏུ་མེ་ཏོག་འབྱུང་བའི་ཙམ་པ་ཀའི་ཤིང་འདི་ལ་བདག་བཅིང་བར་གྱིས་ཤིག །བྲམ་ཟེ་དེས་ཀྱང་དེ་ལྟར་བྱས་པར་གྱུར་ཏོ། །དེ་ནས་སྐྱེད་མོས་ཚལ་ན་གནས་པའི་ལྷ་མོ་རྣམས་དྲག་པོའི་ལས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །འགྲོ་བའི་གཉེན་དུ་གྱུར་པ་ཡི། །ས་ཡི་བདག་པོ་འདི་ཡི་ནི། །མགྲིན་པར་རྣོ་བའི་རལ་གྲི་ཡིས། །ཇི་ལྟར་སྡིག་ཅན་ཁྱོད་རྡེག་བྱེད། །རྒྱུ་མཚན་མེད་པའི་དྲག་པོ་ཉིད་ཀྱིས་རྩུབ་པའི་ཡིད། །ཁྱོད་ནི་གལ་ཏེ་ས་ཡི་བདག་པོའི་མགོ་གཅོད་ན། །མེ་སྟག་འཕྲོ་བར་བྱེད་པའི་ཐོག་གིས་ཁྱེད་ཀྱི་ཡང༌། །མགོ་འདི་བདག་ཅག་རྣམས་ཀྱིས་ཁྱད་པར་དུ་བརླག་བགྱི། །དེ་ནས་རྒྱལ་པོ་དེས་ནགས་ཀྱི་ལྷ་མོ་རབ་ཏུ་མྱོས་པ་རྣམས་ལ་གུས་པ་དང་བཅས་པར་འདི་ལྟར་བཟློག་ཅིང་འདུག་གོ །བདག་བླ་ན་མེད་པ་ཡང་


DTG169_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་འདོད་པ་ལ་ཁྱེད་ཅག་རྣམས་ཀྱིས་བར་ཆད་ཆེན་པོ་བྱ་བར་ནི་མི་རིགས་ཏེ། གང་གི་ཕྱིར་རྗེས་སུ་ཡི་རང་པས་ནི་བསོད་ནམས་ཐོབ་པར་འགྱུར་རོ། །འདི་ལས་གཞན་དུ་ན་དགེ་བའི་ཕྱོགས་ཉམས་པ་ཉིད་དུ་འགྱུར་རོ། །དོན་གཉེར་སློང་བཞིན་པ་རྣམས་ལ། །བདག་གིས་མགོ་རྣམས་སྔོན་ཡང་བྱིན། །མགོ་བོ་འདིས་ནི་གཞན་རྣམས་ཀྱི། །སྟོང་ཕྲག་ཡོངས་སུ་རྫོགས་པར་འགྱུར། །དེ་ལྟར་བྱང་ཆུབ་སེམས་དཔའི་ཚིག་ཐོས་ནས་ལྷ་མོ་དེ་རྣམས་གནས་དེ་ནས་ལོག་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་འདི་ལྟར་སྨོན་ལམ་བཏབ་སྟེ། །འཇིག་རྟེན་ཡུན་རིང་ངོ་མཚར་སྐྱེད་བྱེད་པའི། །མགོ་བོ་བྱིན་པ་འདི་ལས་དགེ་བ་གང༌། །བྱང་ཆུབ་ཐོབ་ནས་དེས་ནི་ཞི་བ་གང༌། །ཕྲ་རབ་རྡུལ་ལྡན་དབང་པོ་བདག་ལ་ཤོག །བཟང་པོའི་བྲག་ཅེས་བྱ་བའི་གྲོང་ཁྱེར་འདི་ཉིད་དང༌། །བདག་གིས་གང་ལ་མགོ་བོ་རྣམས་ནི་བྱིན་པ་སྟེ། །ཡིད་ནི་མངོན་བར་དགའ་བའི་གནས་དེར་མཆོད་རྟེན་ནི། །ཆེན་པོ་ལུས་འཛིན་རྣམས་ལ་ཕན་པའི་དོན་གྱུར་ཅིག །དེ་ལྟར་སྨོན་ལམ་བཏབ་པའི་ས་བདག་ཉིད་ཀྱི་ནི། །སྙིང་རྗེ་འཇམ་པའི་སེམས་དང་ལྡན་ལ་སྙིང་རྗེ་མེད་པ་དེས། །ལྟོ་འཕྱེའི་འོད་དང་འདྲ་བའི་འོད་ལྡན་རལ་གྲིས་གློ་བུར་དུ། །ཞལ་གྱི་འདམ་སྐྱེས་པདྨ་བཞིན་དུ་གཅོད་པར་གྱུར། །དེ་ནས་སྐད་ཅིག་གིས་ནི་སའི་བདག་པོའི་མགོ་བོ་གཅོད་པ་ལ། །མེ་ཏོག་ཁ་བྱེ་མཆི་མའི་ཐིགས་པ་དོར་བས་རྗེས་འབྲེལ་པ། །རླུང་གིས་བསྐྱོད་པའི་རང་འདབ་ལག་པ་རྣམས་ཀྱིས་བདག་ཉིད་ལ། །ལྕུག་མ་གཞོན་ནུ་མ་རྣམས་རང་དབང་མེད་པར་བརྡུང་བར་གྱུར་པ་བཞིན། །རླུང་གིས་རྣུ་བ་བསྐོར་བའི་མ་ལུས་འབྱེད་པ་ནི། །རླུང་གིས་རྣམ་འཁྲུགས་རླབས་ཀྱི་ལག་པས་པད་གདོང་གཡོ་བྱས་པའི། །སྐྱེད་མོས་ཚལ་དེར་པདྨོའི་བུད་མེད་རྣམས་ཀྱི་ཚོགས་བྱུང་བ། །རྐང་པ་དྲུག་པའི་སྐད་ཀྱིས་མྱ་ངན་དང་བཅས་བཞིན་དུ་གྱུར། །སྒྲ་སྒྲོགས་རྒྱ་མཚོའི་མུ་ཡི་རྣམ་འགྱུར་ཅན། །ས་ནི་གཡོ་བར་གྱུར་ཅིང་ལྷ་རྣམས་ཀྱང་ནི་ངོ་མཚར་གྱུར། །ནམ་མཁའ་ས་དང་ཕྱོགས་རྣམས་ངོས་ལ་དྲི་ཞིམ་བསྒོས་བྱས་པའི། །མན་དར་བའི་ཆར་ནི་ས་བདག་ལུས་ལ་འབབ་བར་གྱུར། །རྒྱལ་པོ་འཇིག་རྟེན་ཕ་རོལ་སོང་བར་གྱུར་ན་


DTG169_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་ཁབ། །དཔལ་མེད་སྐྱེ་བོ་མང་པོས་ཁྱབ་པ་མཛེས་པར་མི་འགྱུར་རོ། །སྒྲ་མེད་པ་དང་གཡོ་མེད་ཆུ་སྐྱར་དང་ནི་ངང་པ་ཅན། །ཉིན་མོར་བྱེད་པ་ནུབ་པར་གྱུར་པ་ལ་ནི་པདྨ་ལྟར། །དེ་ནས་ཆངས་པའི་འཇིག་རྟེན་ས་སྐྱོང་གཤེགས་པར་གྱུར་པ་དེ་ལ་ནི། །རྒྱ་མཚོའི་ཆུ་ཡི་རླབས་བསྐྱེད་པས་ནི་སྐད་མེད་པ་ཡི་སྡུག་བསྔལ་ཤུགས་ལྡན་པ། །ས་ནི་དུ་བ་ལྟར་ནི་མཐོན་པོ་རྣམས་ལ་རིང་པོར་འཛེག་བྱས་ནས། །སེར་སྐྱ་དང་ནི་དཀར་པོའི་འོད་ལྡན་རི་རབ་གངས་ཀྱི་དཔུང་པ་ཅན། །བྲམ་ཟེ་དེས་ཀྱང་དེའི་མགོ་བོའི་སྐྲ་ལ་ཡང་དག་པར་བཟུང་ནས་སྐྱེད་མོས་ཚལ་དེ་ལས་ཕྱིར་འབྱུང་བར་བརྩམས་སོ། །དེ་ནས་བཟང་པོའི་བྲག་ལ་གནས་པའི་སྐྱེ་བོས་མྱ་ངན་གྱི་དབང་གིས་འདི་སྐད་ཅེས་སྨྲས་སོ། །མི་སྐྱོང་སེང་གེའི་ཁྲི་ལ་གནས་པའི་འབངས་རྣམས་ཀྱིས། །དགའ་བ་སྐྱེས་པའི་གདོང་གིས་ཇི་ལྟར་མཐོང་བ་ནི། །མཚོ་ལས་སྐྱེས་པ་རྙིང་པ་ལྟ་བུའི་མགོ་བོ་དེ། །བྲམ་ཟེས་སྐྲ་ནས་བཟུང་ནས་ཁྱེར་བ་ཉིད་དུ་གྱུར། །གཞན་ཡང་གང་ཞིག་ཤར་གྱི་རི་བོར་ཡང་དག་གནས་པའི་རི་བོང་ཅན་གྱི་མཛེས་ཆེན་འཛིན་བྱེད་ཅིང༌། །གླང་པོ་མཆོག་གི་རྒྱབ་གནས་གྱེན་ལྟའི་གདོང་ཅན་རྒྱལ་པོ་རྣམས་ཀྱིས་གུས་པ་དང་བཅས་མཐོང༌། མགོ་བོ་བཅད་པས་རྣམ་པར་འགྲོ་བའི་འཐུག་པའི་ཁྲག་གིས་བྲང་གི་སྟེང་ནི་ཉེར་གོས་པ། །འོག་ཏུ་བལྟ་ཞིང་བསྐོར་བའི་ཁྲི་རྣམས་ཀྱི་ནི་ས་ཡི་བདག་པོ་འདིང་བ་ཀུན་ནས་ལྟ་བའོ། །བློན་པོ་སྐྱབས་མེད་དུ་ཞིང་ཤིན་ཏུ་ཆེ་བའི་སྲེག་པའི་སར། །ག་པུར་དང་ནི་ཙན་དན་དུ་རུ་སྐ་ཡི་ཤིང་ལྡན་བྱས་ནས་ནི། །མི་ཡི་བདག་པོ་དེར་ནི་བཅུག་ནས་རླུང་ཡང་རླུང་གིས་ནི། །སྲེག་བླུགས་འཛིན་པས་གསང་སྔགས་ཀྱིས་ནི་བསྣུན་པས་འབར་ཞིང་འབྱུང༌། །དེ་ནས་འབར་བཞིན་པས་སྲེག་པ་མཐོང་ནས་སྨྲེ་སྔགས་འདོན་པར་གྱུར་པའི་སྐྱེ་བོའི་ཚོགས་དེས་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་བཅོམ་ལྡན་འདས་མ་མི་རྟག་བ་ཞེས་བྱ་བ་ཁྱད་པར་མེད་པ་སྟེ། །དལ་ཞིང་སོ་ཡི་རྣམ་པར་བྱུགས་པ་སྔར་ནི་རི་བོང་འཛིན་པའི་མཛེས་པ་འཕྲོག་པར་བྱེད་པའོ། །གང་ཞིག་བུད་མེད་རྣམས་ཀྱི་སོར་མོའི་ཟེའུ་འབྲུ་གི་ཝང་འཛིན་པ་རྣམས་ཀྱིས་རེག་པ་ནི། །དེ་ཡི་ལྷ་ཡི་དབང་པོའི་རྒྱལ་མཚན་ལྷུང་བ་དང་འདྲ་ཞི་བ་ལ་ནི་དམིགས་


DTG169_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ཡི། །གཡོ་བའི་སྦྱིན་སྲེག་འབར་བའི་སོར་མོ་རྣམས་ཀྱིས་རྒྱལ་པོའི་ལུས་ནི་ཀུན་ནས་སྲེག་པར་བྱེད། །དེ་ལྟར་སྨྲེ་སྔགས་བཏོན་ནས་སྐྱེ་བོའི་ཚོགས་དེ་མྱ་ངན་གྱིས་འཁྲུག་པའི་ཡིད་ཅན་གྱིས་རང་རང་གི་གནས་སུ་སོང་བར་གྱུར་ཏོ། །དེ་ལྟར་ན་རང་གི་མགོ་བོ་ཡོངས་སུ་གཏོང་བ་ལ་ཡང་ཡིད་མི་གཡོ་བས་བྱང་ཆུབ་སེམས་དཔར་གྱུར་པའི་བཅོམ་ལྡན་འདས་ཀྱིས་མཛད་དོ་ཞེས་བྱ་བ་རྣམ་པར་བསམས་ནས་བྱང་ཆུབ་འདོད་པ་གཞན་གྱིས་ཀྱང་གཏོང་བ་ལ་རྩེ་གཅིག་བའི་དམ་པས་གནས་པར་བྱ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱི་སྐྱེས་རབས་འདི། །དགྲ་བཅོམ་རྣམས་ལ་མཆོད་བྱའི་མཆོག །འཁོར་བའི་སྡུག་བསྔལ་ཆེན་པོའི་རྒྱུན། །རྒྱལ་བར་མཛད་པ་ཉིད་ཀྱིས་གསུངས། །དེ་ཚེ་ཟླ་འོད་ཅེས་བྱ་བའི། །ས་ཡི་བདག་པོར་བདག་གྱུར་ཏེ། །ཤཱ་རིའི་བུ་ནི་བློན་པོར་གྱུར། །བྲམ་ཟེ་དེ་ཉིད་ལྷ་སྦྱིན་ནོ། །ཟླ་འོད་ཀྱི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་ལྔ་པའོ།། །།བྱང་ཆུབ་སེམས་དཔས་བུད་མེད་ཉིད་དུས་ནའང༌། །རང་ལུས་ལས་ནི་ཤ་ནི་བཅད་ཅིང་བྱིན། །གཞན་དོན་ནུས་པའི་མི་ཡི་ལུས་ཉིད་ལ། །ལྷག་པའི་བསམ་པ་སྟོབས་ལྡན་སྨོས་ཅི་དགོས། །འདི་ལྟར་རྗེས་སུ་ཐོས་ཏེ། རྣམ་པ་སྣ་ཚོགས་པའི་སྐྱེད་མོས་ཚལ་སྔོ་བས་མཐར་ཐུག་པར་བྱས་པ། ནོར་སྦྱིན་དང་འདྲ་བར་གྱུར་པའི་ཚོང་པའི་སྐྱེ་བོས་ཡོངས་སུ་གང་བའི་ཚོང་འདུས་ཀྱི་ལམ་དང་ལྡན་པ། དྲི་ཟའི་ཡུལ་ལ་དཀར་པོ་གཙོ་བོར་གྱུར་པ། ས་ལ་རྒྱན་དང་འདྲ་བ་ཨུཏྤ་ལ་དང་ལྡན་པ་ཞེས་བྱ་བ་རྒྱལ་པོའི་ཕོ་བྲང་གང་ཞིག་རྫོགས་པ་དང་ལྡན་པ་ཞེས་བྱ་བ་ད་ལྟར་ཡང་གྲགས་པར་གྱུར་པའོ། །དེ་ལ་ལང་ཚོ་དང་པོས་ཉེ་བར་བསགས་བཞིན་པའི་མཛེས་པའི་རང་གི་ས་ལ་ལྷ་མོ་དང་འདྲ་བའི་བྱང་ཆུབ་སེམས་དཔའ་གཟུགས་ལྡན་མ་ཞེས་བྱ་བའི་བུད་མེད་བྱུང་བར་གྱུར་ཏེ། ཉེ་བར་ཞི་བ་ཉིད་ཀྱིས་གཞན་ལ་ཕན་པ་ནི། །གྲུབ་པར་བྱེད་དང་ཡིད་ཀྱང་གསལ་བར་བྱེད་ཉིད་ཀྱིས། །སྐྱེ་བོ་རྣམས་ལ་ཤིན་ཏུ་ངོ་མཚར་བྱེད་འགྱུར་བ། །དེ་ནི་སྙིང་རྗེས་གཟུགས་དང་ལྡན་པ་འདྲ་བར་སྣང༌། །དེ་ནས་དུས་གཅིག་གི་ཚེ་ཡུལ་དེར་དགེ་བའི་རྩ་བཟད་པས་མཛོད་དང་བང་མཛོད་ཀུན་ནས་ཟད་པ་མཐོང་ནས་ཀུན་ནས་ཕོངས་པའི་སྐྱེ་བ་དང་ལྡན་པ་


DTG169_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱ་རེངས་ཀྱི་ཁ་ལོ་སྒྱུར་བའི་འོད་ཟེར་རྣམས་ཀྱི་ཚ་བས་ལྷག་མ་དང་བཅས་པའི་ཁ་བ་ཅན་རིའི་ཁ་བ་རྣམ་པར་ཞུ་བ་དང༌། ཁ་བ་མེད་པ་ཉིད་ཀྱིས་ཆུ་བོ་ཀུན་གྱི་ཆུ་ཀུན་ནས་སྐམས་པ་དང༌། ཆུ་མེད་པ་ཉིད་ཀྱིས་ཞིང་པ་རྣམས་ཀུན་ནས་རྙིངས་པ་དེ་མཐོང་ནས་ཞིང་པའི་སྐྱེ་བོ་ཡིད་མི་བདེ་བ་དང༌། དོན་དུ་གཉེར་བ་རྣམས་ཀྱི་ཡིད་ཀྱི་རེ་བ་ཡོངས་སུ་མ་རྫོགས་པ་དང༌། ཤིན་ཏུ་སྟོབས་ཆུང་བའི་བ་གླང་རྫི་རྣམས་ཀྱིས་རྗེས་སུ་འགྲོ་བཞིན་བའི་ཤི་བ་ལྷག་མའི་བ་གླང་གི་ཚོགས་དང་ལྡན་པ། ཁ་ཟས་ལ་རྩེ་གཅིག་པའི་དབུལ་པོའི་སྐྱེ་བོ་དང་ལྡན་པ། དམ་པ་མ་ཡིན་པའི་སྐྱེ་བོས་འབྲེལ་བ་དང་འདྲ་བར་གནོད་པ་བྱེད་པའི་མུ་གེ་ཤིན་ཏུ་ཆེ་བ་བྱུང་བར་གྱུར་ཏོ། །ཡིད་འོང་ནུ་མའི་རྡེག་པོ་ནུབ་གྱུར་པ། །གཅང་བའི་གསེར་གྱི་བུམ་པ་དང་འདྲ་བའི། །ཁ་ཟས་མེད་པའི་བུད་མེད་རྣམས་ཀྱིས་ནི། །སོ་འཛིན་ལྕི་བ་སྲ་བ་ཉིད་ནི་དོར། །བདེ་བ་ཡོངས་སུ་དམན་པ་འཛིན་པར་བྱེད་བཞིན་པས། །ལྷག་པ་དཔུང་པའི་ཡལ་ག་རྣམས་ལ་སྲ་བ་ཉིད། །ཡོངས་སུ་ཕོངས་པའི་མིག་ཅན་བུད་མེད་རྣམས་ཀྱི་ནི། །གདུ་བུ་རྣམས་ནི་ལྷོད་པ་ཉིད་དུ་ཀུན་ནས་འགྱུར། །ཀུན་ནས་ཡེགས་པའི་སྐྲ་རྣམས་ཀྱིས་ནི་ཁྱབ་གྱུར་པ། །མཚན་མོ་ཟད་པས་རི་བོང་མཆན་ལྟར་འོད་མེད་ཅིང༌། །སྨིན་མ་སྒེག་པའི་རྒོད་པ་འབྱུང་བ་རྣམ་བྲལ་བ། །བུད་མེད་རྣམས་ཀྱི་གདོང་པ་རྣམས་ནི་བྱུང་བར་གྱུར། །ཁྱིམ་གྱི་ནང་དུ་འདག་པས་ཉེ་བར་བྱུགས་ནས་ནི། །བཟའ་བ་རྙིང་པ་བྱིས་པ་ལ་ནི་སྦྱིན་བྱས་ནས། །ཁྱིམ་བདག་མོ་ནི་རང་གིས་དེ་ལྟར་གདུང་བ་མིན། །ཁྱིམ་བདག་ལམ་གྱིས་བཀྲེས་ལྡན་མཐོང་ནས་འཛིན་མི་འགྱུར། །བེ་རུ་ཤི་བ་ཉིད་ཀྱིས་རྩྭ་ཡི་བཟའ་བ་འདོར་བ་ནི། །སྐད་འདོན་པས་ནི་གཡོ་བར་གྱུར་པའི་ལྐོག་ཤལ་ལྡན། །ནགས་ནས་བདག་པོའི་ཁྱིམ་དུ་འོངས་པའི་བ་ཉིད་ནི། །ལྷག་པར་མཆི་མ་དང་བཅས་མིག་ལྡན་བྱེད་པར་གྱུར། །རིམ་གྱིས་ཀུན་ནས་སྟོབས་ཆུང་ཉིད་དུ་སོང་བ་ཡི། །རྩྭ་ཟ་མེད་པ་ཉིད་ཀྱིས་རིམ་གྱིས་འགྲོ་རྣམས་ཀྱི། །ལྷག་པར་ལྷོད་པ་ཉིད་དུ་སོང་བར་གྱུར་པ་སྟེ། །བ་རྣམས་ནུ་འཇིང་རྣམས་ལ་འོ་མ་ཟད་པར་གྱུར། །ཀུན་ནས་སྟོབས་ནི་ཆུང་བ་དམན་པ་ཅུང་ཟད་མཐོང་ནས་ནི། །མཇུག་མའི་རྩ་བ་ལ་ནི་ཉེ་བར་དམིགས་ནས་ཀུན་འཁྲུགས་པ། །རྣམ་པ་གང་གིས་ཀྱང་ནི་རུང་བའི་ཚིག་ལ་གསལ་བ་ནི། །


DTG169_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་རྫིས་རྒས་ཤིང་ཡན་ལག་རིད་པའི་བ་ནི་བསླང་བར་གྱུར། །བཟའ་དང་བཏུང་བ་ཟད་པས་བ་གླང་ནོར་ནི་ཤི་བ་ཡང༌། །གོས་ནི་རྙིང་བ་གོན་པས་ལུས་བོ་སྐྱ་བ་དང་ལྡན་པ། །སྐྱེ་བོ་གནས་པས་ཉེ་བར་ཉམས་པའི་ཡུལ་ཕྱོགས་དེ་ལ་ནི། །ཁྱིམ་ལས་ཕྱི་རོལ་བྱུང་བའི་དོན་དུ་ནུས་བར་མི་འགྱུར་རོ། །དེ་ནས་གཟུགས་ལྡན་མས་ཁྱིམ་འགའ་ཞིག་ཏུ་བུད་མེད་གང་ཞིག་མངལ་ཕྱིར་བྱུང་བའི་དབང་གིས་ཤིན་ཏུ་ལྷག་པར་རབ་ཏུ་འབར་ཞིང་དྲེགས་པའི་མེས་གདུང་བར་བྱས་པའི་ལུས་ཅན་འགྲམ་པ་དང་མིག་དང་ལྟོ་བ་ཤིན་ཏུ་ཞོམ་པའི་ཁུང་བུ་ཅན་རྩིབ་མའི་ཕྲེང་བ་མངོན་པར་གསལ་བ། ཤིན་ཏུ་དྲི་མ་ཅན་གྱི་གོས་རུལ་གྱིས་ཡན་ལག་གཡོགས་པ། བདག་ཉིད་ལ་མཉེས་གཤིན་པའི་གུས་པས་བུ་ལ་ཆགས་པ་དང་བྲལ་བའི་བུད་མེད་སུ་ཞིག་བུ་དེ་ཉིད་ཟ་བར་འདོད་པ་མཐོང་ངོ༌། །མཐོང་ནས་ཀྱང་སྲིང་མོ་ཤིན་ཏུ་དྲག་པའི་ལས་འདི་ཁྱེད་བྱེད་པར་འདོད་དམ་ཞེས་བྱ་བ་དེ་ལ་སྨྲས་སོ། །བུད་མེད་དེ་ཡང་འདི་ལྟར་བསམས་ཏེ་གཟུགས་ལྡན་མ་ཞེས་བྱ་བ་འདི་ནི་སྦྱིན་པའི་ངང་ཚུལ་ཅན་ལ་སྙིང་རྗེ་དང་ལྡན་པ་སྟེ། །དེ་བས་ན་གལ་ཏེ་བདག་གིས་འདི་ལ་བྱ་བ་འདི་སྨྲས་པར་གྱུར་ན་ངེས་པར་འདི་བདག་ལ་བཀྲེས་པའི་གཉེན་པོ་བྱེད་པར་འགྱུར་ཞེས་བྱ་བ་རྣམ་པར་བསམས་ནས་སྨྲས་པ། སྲིང་མོ་བདག་ཤིན་ཏུ་མངལ་བྱུང་བས་མངོན་པར་འཕེལ་བའི་བཀྲེས་པའི་མེས་ཀུན་ཏུ་སོང་བའི་ལུས་དང་ལྡན་པ་སྟེ། དེ་བས་ན་བུ་ཆུང་འདི་ཟ་བར་འདོད་དོ་ཞེས་བྱ་བའོ། །བྲང་སྐྱེས་ཞེས་བྱའི་བུ་ཆུང་འདི། །སྡང་བར་བྱེད་པ་ལྟར་མཐོང་ཞིང༌། །བདག་ཅག་སེམས་ཅན་རྣམས་ལ་ནི། །ཆོས་དང་ཆོས་མིན་དག་མི་མཐོང༌། །དེ་ནས་གཟུགས་ལྡན་མ་སྙིང་རྗེ་སྐྱེས་པར་གྱུར་པའི་མཆི་མས་གང་བར་གྱུར་པའི་མིག་གི་ཨུཏྤལ་དང་ལྡན་པ་དེས་བུད་མེད་ལ་འདི་སྐད་ཅེས་སྨྲས་སོ། །སྙིང་རྗེ་དང་བཅས་ངུས་པ་ཙམ་གྱིས་རྣམ་མཐོང་བའི། སྡུག་བསྔལ་ཅན་འདི་ཁྱིམ་པའི་སྐྲ་ཡིས་ཁྱབ་པ་ནི། །རི་དགས་ཕྲུ་གུ་ལྟར་ནི་ཡིད་འཕྲོག་མིག་ལྡན་པའི། །སྙིང་རྗེ་མེད་མ་ཁྱོད་ནི་བྱིས་པ་ཇི་ལྟར་ཟ་བར་བྱེད། །མྱུར་དུ་འགྲོ་བས་རབ་བསྐྱོད་མཐོ་བའི་གཙུག་ཕུད་ཅན། །ས་ཡི་རྡུལ་གྱིས་མིག་གི་རྫི་མ་རྩུབ་གྱུར་པའི། །བྱིས་པ་གཞན་གྱི་བུ་ལ་ཡང་


DTG169_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འཇམ་སེམས་པ། །བུད་མེད་རྣམས་ལ་བྱམས་པ་ཉིད་ནི་འབྱུང་བར་འགྱུར། །རྒོད་པས་རྣམ་པར་འཕྲོ་བྱས་པ་ཡི་མཆུ་ཡི་འདབ་མ་ཅན། །ཁྱད་པར་བྱས་པ་ཤིན་ཏུ་རྒྱ་ཆེའི་མིག་དང་ལྡན། །ཟུར་ཆག་སྨྲ་བས་ཁྱབ་པ་ཇི་ལྟར་འདི་ལ་ནི། །བུ་ཡི་གདོང་པ་བལྟ་བའི་དོན་དུ་ཅི་ཡི་ཕྱིར་མི་ནུས། །རྟ་ཡི་འགྲོས་ཀྱི་ལད་མོ་བྱིས་པའི་ཕྱིར་ནི་བྱེད་བཞིན་པ། །དབྱུག་པའི་རྟ་ལ་གནས་པ་དྲི་ཅན་གཙུག་ཕུད་ཀྱིས་ཁྱབ་པ། །རྒོད་པས་འཕྲོ་བའི་སོ་ཡི་ཕྲེང་བ་འཁྱོག་ཅིང་མཛེས་ལྡན་པ། །བུད་མེད་སུ་ཞིག་བུ་ནི་བལྟ་བའི་ཕྱིར་ནི་འདོད་མ་ཡིན། །མཆུ་གཉིས་ཕྱེ་བ་དགའ་བས་ཀུན་ནས་ལྟ་བར་གྱུར་པ་ནི། །ཁ་ཟས་ཟ་བར་འདོད་པས་རྩུབ་པའི་སྒྲ་ནི་སྒྲོགས་བྱེད་པ། །ཁྭ་ཏ་མོ་ནི་བཀྲེས་པས་ཡོངས་སུ་གདུང་ཡང་ཕྲུ་གུ་ནི། །རྗེས་འགྲོ་འབད་པས་གསོན་བུད་མེད་དམ་པས་སྤོས་ཅི་དགོས། །གཞན་ཡང་བརྒྱ་ལམ་ན་སྐྱེ་བོས་འདི་ཐོས་ནས་ཤ་ཟ་མོ་ལྟར་ཁྲོ་བའི་དབང་གིས་འདི་བུ་གསོད་པ་ཞེས་བྱ་བ་ཡིན་པས་ཡུལ་ཕྱོགས་འདི་ནས་སྐྲོད་པར་བྱེད་དོ། །དེ་བས་ན་འདི་མ་བརྩམས་པ་ལས་ཡིད་སྐྱོ་བར་གྱིས་ཤིག་ཅེས་བྱ་བའོ། །སྟག་མོས་རི་དགས་ཕྲུ་གུ་ལྟར། །བུ་ཆུང་འདི་ནི་བཟའ་བྱས་ནས། །རི་དགས་སྡིག་ཅན་རབ་འབར་འདི། །ལྕགས་ཀྱི་རི་ལུ་ཟ་བར་བྱེད། །དེས་སྨྲས་པ། སྲིང་མོ་ཇི་ལྟར་བྱ་སྟེ་གང་གི་ཕྱིར་ཡན་ལག་ཐམས་ཅད་ནས་བྱུང་བའི་བཀྲེས་པའི་མེ་འདི་བཟོད་པར་མི་ནུས་སོ་ཞེས་ཟེར་རོ། །དེ་ནས་གཟུགས་ལྡན་མ་འདི་ལྟར་བསམ་པར་བྱེད་དེ། །གལ་ཏེ་བདག་བྱིས་པ་བླངས་ནས་འགྲོ་བར་གྱུར་པ་ན་དེའི་ཚེ་ངེས་པར་འདི་སྲོག་དང་བྲལ་བར་འགྱུར་རོ། །འོན་ཏེ་འདི་ལ་བཀྲེས་པ་ཞི་བའི་དོན་དུ་བཟའ་བ་ཤིན་ཏུ་རིང་པོ་ནས་བླངས་པར་གྱུར་ན་དེ་ནས་འདིས་བུ་འདི་སྲོག་དང་བྲལ་བར་བྱེད་པར་འགྱུར་རོ། །དུས་ལས་འདས་པ་འབྲས་བུ་མེད་པའི་ལས་བྱེད་ཅིང༌། །རྨོངས་པས་འཇིག་རྟེན་སྤྱོད་པ་ཉིད་དུ་ངལ་བར་འགྲོ། །དྲོ་བའི་འོད་ཟེར་ཇི་སྲིད་དུ་ནི་ནུབ་མི་འགྱུར། །དེ་སྲིད་ཉིད་དུ་ཉི་མ་སྐྱོང་བ་གཟུང་བར་རིགས། །དེ་ནས་འདིར་དུས་ལ་བབ་པས་རང་གི་ཤ་རྣམས་ཀྱིས་འདི་ནི་ཚིམ་པར་བགྱི་ཞེས་ཟེར་རོ། །སྡིག་ཅན་སྙིང་པོ་མེད་འདི་ཡི། །ལུས་ལས་སྙིང་པོ་བླང་བྱ་སྟེ། །ཆུ་ཀླུང་གིས་ཟོས་རྩ་འགུལ་བའི། །འགྲམ་


DTG169_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཤིང་ལས་འབྲས་བུ་བཞིན། །དེ་ནས་བུད་མེད་དེས་སླར་སྨྲས་པ། །སྲིང་མོ་སོང་ཤིག་དང་ཁྱོད་ཀྱི་དྲུང་དུ་བདག་གིས་བྱིས་པ་འདི་བག་མེད་པར་བྱེད་མི་ནུས་སོ། །དེ་ནས་གཟུགས་ལྡན་མས་དེ་ལ་སྨྲས་པ། །གལ་ཏེ་ཁྱོད་ལ་འདིར་མཚོན་ཆ་ཅུང་ཟད་ཡོད་ན་ར་ཞིག་ལོང་ཤིག། དེས་ཀྱང་གཟུགས་ལྡན་མ་ལ་མཚོན་ཆ་གཏད་ཅིང་འདུག་གོ །དེ་ནས་གཟུགས་ལྡན་མས་ནི་རང་གི་ལུས་ཀྱི་སྡུག་བསྔལ་མ་བསམས་ཤིང༌། །གསེར་གྱི་བུམ་པའི་རྣམ་པ་ཅན་གྱི་ནུ་མ་གཉིས་བཅད་ནས། །མཚོན་ཆ་ཤིན་ཏུ་རྣོན་པོ་དེས་ནི་ཁྲག་ནི་འབབ་བྱེད་པ། །བཀྲེས་པས་ཉེ་བར་གདུངས་པའི་བུད་མེད་དེ་ལ་བྱིན་པར་གྱུར། །བདག་གིས་སྡུག་བསྔལ་ལྟོས་མེད་པར། །སྲོག་ཆགས་རྣམས་ཀྱི་སྡུག་བསྔལ་སེལ། །གཞན་གྱི་སྡུག་བསྔལ་གྱིས་གནོད་དེ། །གང་ཕྱིར་རང་སྡུག་བསྔལ་གྱིས་མིན། །ནུ་མ་གཉིས་པོ་དེ་ཡང་བུད་མེད་དེ་ལ་བྱིན་ནས་གཟུགས་ལྡན་མ་རང་གི་ཁྱིམ་གྱི་ནང་དུ་རབ་ཏུ་ཞུགས་པར་གྱུར་ཏོ། །ནུ་མ་གཉིས་བཅད་རྣམ་པར་འཛག་པའི་ཁྲག་གིས་ནི། །མུ་ཏིག་ཧར་དང་གོས་དང་སྐྱེ་རགས་བཅིངས་བ་གོས། །གཟུགས་ནི་བཟང་བ་ཙན་དན་དམར་པོས་གོས་པ་ལ། །གསེར་གྱི་སྐུ་གཟུགས་འདྲ་བའི་བུད་མེད་དེ་བྱུང་གྱུར། །དེ་ནས་གཟུགས་ལྡན་མ་ལ་ཁྱིམ་ཐབ་ཀྱིས་ངོ་མཚར་བ་དང་བཅས་པས་སྟན་ལས་ལངས་ཏེ་དྲིས་བ། ཁྱེད་ལ་དགེ་བ་འདི་གང་གིས། །མཛེས་མ་དགེ་བ་མེད་པས་ནི། །ལུས་ལ་ཤ་ཟ་བཞིན་དུ་ཡང༌། །འོ་མ་འཛིན་དག་བཅད་པར་བྱས། །དེས་ཀྱང་གཏམ་དེ་ཁྱིམ་ཐབ་ལ་བརྗོད་པ། །འཕགས་པའི་བུས་མངལ་བྱུང་བས་མངོན་པར་འཕེལ་བའི་བཀྲེས་བའི་མེ་དང་ལྡན་པའི་བུད་མེད་དེ་ལ་མྱུར་དུ་བཟའ་བ་དང་བཏུང་བ་སྦྱིན་པར་འོས་ཞེས་སླར་སྨྲས་སོ། །གཟུགས་ལྡན་མའི་ཁྱིམ་ཐབ་དེས་ཀྱང་ངོ་མཚར་བའི་ཡིད་དང་ལྡན་པས་དེ་ལྟར་བྱ་ཞེས་བརྗོད་ནས། སྙིང་རྗེའི་སྣོད་དུ་གྱུར་པ་ཡི། །དེས་སྨྲས་ལ་ལ་ཤིན་ཏུ་ཞིམ། །སྣོད་ཀུན་ནས་འབྱུང་ཟ་བ་ནི། །ཕོངས་པའི་བུད་མེད་དེ་ལ་བྱིན། །དེ་ནས་སྐྱེ་བོའི་ཚོགས་དེས་ནི། །གཟུགས་ལྡན་མ་ཡི་ངོ་མཚར་དེ། །མཐོང་ནས་ཡུད་ཙམ་ངོ་མཚར་བས། །སོར་མོའི་འདབ་མ་བསྐྱོད་ཅིང་འདུག །འཇིག་རྟེན་འདི་ཡང་དེ་ལ་སྨྲས། །ཁྱོད་ཀྱི་ཕྲིན་ལས་འདི་ཡིས་


DTG169_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །སེར་སྣ་ཅན་གྱི་སེམས་ཀྱང་ནི། །ངེས་པར་གཏོང་ལ་རབ་སྤྲོ་བྱས། །སྦྱིན་པའི་ཕ་རོལ་ཕྱིན་པ་གང༌། །བྱང་ཆུབ་འདོད་རྣམས་ཀྱིས་ཐོས་འདི། །འཇིག་རྟེན་ཕན་ཕྱིར་དེ་ནི་ཁྱོད། །ངས་པར་གཟུགས་དང་ལྡན་པར་གནས། །བུད་མེད་ཉིད་ནི་གང་དུ་བློ་རྣོ་འདི་གང་དུ། །གཏོང་བ་འདི་ནི་གང་དུ་འཇམ་ཉིད་འདི་གང་དུ། །དམ་པ་འདི་ཡིས་ཀུན་ནས་གཏོང་བ་སྔོན་འགྲོ་བའི། །གཏོང་བས་གཏོང་བ་དང་ལྡན་གཞན་དག་ངོ་ཚར་བྱས། །དེ་ནས་གཟུགས་ལྡན་མའི་ཁྱིམ་ཐབ་དེས་བདེན་བའི་བྱིན་རླབས་འདི་ལྟར་བྱས་པར་གྱུར་ཏོ། །ཇི་ལྟར་སྐྱེས་པ་གཞན་གྱི་ཡང༌། །སྦྱིན་པ་འདི་འདྲ་མི་ཐོས་པ། །དེ་ལྟར་མྱུར་དུ་བདེན་པ་དེས། །བདག་གི་ནུ་མེད་ནུ་འབྱུང་ཤོག །བདེན་པའི་བྱིན་གྱིས་བརླབས་བྱེད་པའི། །དེ་ལྟར་ཁྱིམ་བདག་དེས་སྨྲས་པ། །ནུ་མའི་ཁུར་གྱིས་མི་ནུས་པ། །དེ་ཡི་བྲང་ལ་སླར་སྐྱེས་གྱུར། །སྦྱིན་པའི་ཆུ་ཡིས་འཇིག་རྟེན་སྐོམ་པ་སེལ་བྱེད་ཅིང༌། །སོ་ཡི་འོད་ཟེར་ཟེ་འབྲུས་ཡིད་འཕྲོག་ཞལ་གྱི་པདྨ་ཅན། །གྲོང་ཁྱེར་དེ་ལ་ལྕི་བའི་ནུ་འཇིང་གི་ནི་ངང་སྐྱ་ཅན། །གཟུགས་ལྡན་མ་ནི་སླར་ཡང་པདྨོ་ཀུན་ནས་སྣང་བར་གྱུར། །དེ་ནས་ལྷའི་བདག་པོས་འཇིག་རྟེན་པ་ཐམས་ཅད་ཀྱི་གཏོང་བ་ལས་ལྷག་པར་གྱུར་པའི་གཏོང་བ་འདིས་གཟུགས་ལྡན་མ་བདག་ལྷའི་གྲོང་ཁྱེར་ལས་ལྷུང་བར་བྱས་ནས་རང་ཉིད་ཀྱི་བདག་པོ་ཉིད་བྱེད་འདོད་པར་སླར་ཅི་ཞིག་འགྱུར་རམ་ཞེས་བྱ་བ་རྣམ་པར་བསམས་ནས། དོགས་པ་དང་བཅས་པའི་ཡིད་དང་ལྡན་པས་དགོངས་པ་དེའི་ཤེས་པར་འདོད་བཞིན་པས། །རབ་ཏུ་བརྒྱད་བར་བྱས་པའི་ཆུ་འཛིན་པའི་ཚོགས་ཀྱིས་ཤིན་ཏུ་སྔོ་བའི་བར་སྣང་ལ་འདུག་སྟེ། ཨུཏྤ་ལ་དང་ལྡན་པའི་རྒྱལ་པོའི་ཕོ་བྲང་དུ་ཞུགས་ནས་པདྨའི་སྡོང་པོའི་སྐུད་པ་ལྟར་དཀར་བའི་མཆོད་ཕྱིར་ཐོགས་ཀྱིས་བྲང་གི་དབུས་སུ་མངོན་པར་བརྒྱན་པར་བྱས་པ་དང་ལྡན་བ་དང༌། མགྲིན་པར་བཏགས་པའི་ཕྲེང་བ་དང་ལྡན་པ་དང༌། །བུད་མེད་ཀྱི་མིག་དང་འདྲེས་པ་ལྟར། ཁྲི་སྙན་ས་ལེ་ནག་པོའི་པགས་པ་ཕུག་པའི་ཕྱོགས་སུ་བཀལ་བར་བྱས་པ། ལག་པ་གཡས་པས་ཤིང་ལོའི་ཐུམ་བུ་གཉིས་ཐོགས་པ། བྲམ་ཟེ་གཉིས་སྐྱེས་ཀྱི་གཟུགས་མངོན་པར་སྤྲུལ་ནས་སློང་མོ་དོན་དུ་གཉེར་བ་ཞེས་བྱ་བ་གཟུགས་ལྡན་མའི་ཁྱིམ་དུ་ཕྱིན་པར་གྱུར་ཏོ། །དེ་ནས་གཟུགས་ལྡན་


DTG169_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མས་རྣམ་པ་སྣ་ཚོགས་པའི་བཟའ་སྟོན་བླངས་ནས་བྲམ་ཟེ་གཉིས་སྐྱེས་ཀྱི་བརྒྱ་བྱིན་ལ་བྱིན་ནོ། །གནས་སྐབས་ལ་བབ་པ་སྔོན་དུ་འགྲོ་བར། ལྷ་ཡི་བདག་པོས་འདི་ལ་སྨྲས། །ཁྱེད་ཀྱིས་ནུ་མ་ཡོངས་བཏང་བས། །ཀུན་ནས་འབྱུང་ཞིང་ཁྱབ་པ་ནི། །བཅག་པའི་དུང་ལྟར་དཀར་བ་ཡི། །གྲགས་པས་འགྲོ་བ་བརྒྱན་པར་བྱས། །དཀའ་ཐུབ་འདིས་ནི་ཅི་ཞིག་ཁྱོད། །ལྷ་ཡི་དབང་པོའི་གནས་འདོད་དམ། །བཟང་མོ་ངོ་མཚར་དབང་གིས་ཁྱོད། །ཉིད་ལ་བདག་ནི་འདྲི་བར་བྱེད། །དེ་ནས་ལྷ་ཡི་བདག་པོ་ལ་ནི་ཇི་བཞིན་དེས་སྨྲས་པ། །ས་གསུམ་ཞི་བའི་དོན་དུ་རྒྱལ་བ་ཉིད་ནི་བདག་འདོད་དེ། །བྲམ་ཟེ་བདག་གི་བདེན་པ་འདིས་ནི་དེ་ལྟར་འགྲོ་བ་ལ། །ཡོན་ཏན་རྣམས་ཀྱི་རྟེན་གྱུར་དེས་ནི་སྐྱེས་པའི་དངོས་པོར་ཤོག །ཚིག་ནི་དེ་ལྟར་སྨྲས་པ་དེས་ནི་སྐྱེས་པ་ཉིད་གྱུར་ཏེ། །དགའ་བའི་སེམས་ལྡན་བརྒྱ་བྱིན་ཡང་ནི་རང་གི་གྲོང་ཁྱེར་སོང༌། །འགྲོ་བ་ལ་ནི་ངོ་མཚར་བ་དེ་འབྱུང་བར་ཤེས་ནས་ནི། །འཇིག་རྟེན་པ་ཡང་ཤིན་ཏུ་བརྟེན་པའི་ངོ་མཚར་ཅན་དུ་གྱུར། །ཁ་སྤུ་འབྱུང་བ་རྣམ་བསྐྱོད་མིག་སྨན་ཕྱེ་མ་ལྟར་གནག་པ། །སྐྱེས་པར་གྱུར་བ་ཉེ་བར་མཐོང་ནས་དེ་ཞལ་ཟླ་བ་ལ། །ཉིད་དུ་གླང་པོའི་འཕྲལ་སྒོང་ལྟར་ཚོ་ནུ་འབུར་གཉིས་པོ་ནི། །ཡངས་པའི་བྲང་ལ་ངོ་ཚ་ལྟར་ཉིད་ཀྱིས་ནི་མི་སྣང་གྱུར། །བྱང་ཆུབ་སེམས་དཔའ་ལ་ཡང་གཟུགས་དང་ལྡན་པ་ཞེས་བྱ་བ་འཇིག་རྟེན་དུ་མིང་དུ་གྲགས་པར་གྱུར་ཏོ། །དེ་ནས་ཨུཏྤ་ལ་ལྡན་པའི་རྒྱལ་པོའི་ཕོ་བྲང་ལ་དུས་གཅིག་གི་ཚེ་ན་རྒྱལ་པོ་སྲས་མེད་པར་གྲོངས་པ་ཉིད་ཉེ་བར་སོང་བར་གྱུར་ཏེ། རྒྱལ་པོ་གྲོངས་པར་གྱུར་པ་སྒ་གཅན་གྱིས་གཟུང་བའི་མཚན་མོ་བྱེད་པའི་མཚན་མོ་ལྟར་གྲོང་ཁྱེར་དེ་མཛེས་པར་མ་གྱུར་ཏོ། །རྒྱལ་པོ་ཞིག་པས་མངོན་པར་འཕེལ་བའི་མྱ་ངན་དང་ལྡན་པའི་བློན་པོ་རྣམས་ལ་ཉམས་པ་འགའ་ཞིག་ལ་བཙུན་མོའི་འཁོར་གྱི་སྐྱེ་བོ་ལ་དབུགས་དབྱུང་བར་བྱས་ནས་གྲོང་ཁྱེར་བའི་ཚོགས་ལ་འདི་སྐད་ཅེས་སྨྲས་སོ། །གཙོ་བོ་མེད་པའི་ཕྱིར་ཡུལ་འདིར་བརྒྱ་ལམ་ན་དགྲ་རྣམས་འོངས་ཏེ་རང་གི་ནོར་དང་བྲལ་བར་བྱེད་པར་འགྱུར་ཏེ། དེ་བས་ན་ཁྱིམ་རབ་ཏུ་འབར་བ་བསལ་བའི་དོན་དུ་ཁྲོན་པ་རབ་ཏུ་རྐོ་བ་དང་འདྲ་བར་དུས་འདས་པ་སྡུག་བསྔལ་གྱི་རྒྱུ་བདག་ཅག་འདོད་པར་འགྱུར་


DTG169_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །དེ་བས་ན་འདིར་དུས་ཐོབ་པ་འདི་འདིར་གཞོན་ནུ་གཟུགས་ལྡན་འདི་ལ་རྒྱལ་པོའི་མཚན་མ་ལུས་པ་ཚང་བ་མངོན་པར་འབྱུང་བའི་ཡོན་ཏན་རྣམས་ཀྱིས་ཕུན་སུམ་ཚོགས་པ་དང་ལྡན་པ་སྟེ། དེ་བས་ན་འདི་ཉིད་བདག་པོར་བྱ་བའི་ཕྱིར་དབང་བསྐུར་བར་བགྱིའོ་ཞེས་ཟེར་རོ། །དེ་ནས་གཞན་ལ་ཕན་པའི་དོན་དུ་ཡིད་ནི་བརྟན་བྱས་ཏེ། །དེ་ལ་དགའ་བ་སྐྱེས་པའི་གྲོང་ཁྱེར་བས་ནི་དབང་བསྐུར་བྱས། །རྔ་ཡབ་གཉིས་དང་ལན་ཅིག་ཏུ་ནི་ཡིད་ནི་མངོན་དགའ་བའི། །གདུགས་དཀར་པོ་ནི་འཁོར་གྱི་སྐྱེ་བོས་ཀུན་ནས་གཟུང་བར་གྱུར། །ཚོང་དུས་སར་ནི་རྟ་བབས་སྟེང་དུ་མེ་ཏོག་ཕྲེང་བས་འབྲེལ། །རི་བོའི་བུང་བ་རྣམས་ཀྱི་གར་གྱིས་ཡིད་ནི་མངོན་པར་དགའ། །དྲི་ཡི་ཆུ་ཡིས་སྤངས་པས་དྲི་ཞིམ་བྱས་པའི་ལམ་ནས་འགྲོ། །གྲོང་ཁྱེར་པ་རྣམས་ལུས་ངན་གྲོང་ཁྱེར་དང་མཚུངས་གྲོང་ཁྱེར་བྱས། །ཆུ་འཛིན་རྣམས་ནི་དུས་སུ་ཤིན་ཏུ་ཆར་པ་སྦྱིན་གྱུར་ཏོ། །ཉེ་བར་འཚོ་བས་ནམ་ཡང་སྡུག་བསྔལ་བྱེད་པར་མི་འགྱུར་རོ། །དེར་ནི་ཁྲིམས་ཀྱིས་ས་ནི་སྐྱོད་བར་བྱེད་པའི་ས་བདག་ལ། །སྐྱེ་བོས་སྡུག་བསྔལ་འདི་འདྲ་ནམ་ཡང་ཐོས་པར་མི་འགྱུར་རོ། །མ་རྨོས་པར་ནི་འབྲས་བུ་ཆེ་བའི་ཞིང་ནི་བྱུང་གྱུར་ཏེ། །ཤིང་རྣམས་རྟག་ཏུ་མེ་ཏོག་དང་ནི་འབྲས་མང་སྟེར་བར་གྱུར། །རྒྱལ་པོ་བཟང་པོ་དེས་ནི་རྒྱལ་སྲིད་སྐྱོང་བ་སྲིད་སྒྲུབ་ལྟར། །རྔ་མོ་རྣམས་ཀྱང་རང་ཉིད་ཀྱིས་ནི་འོ་རྒྱུན་མང་པོ་འཇོ། །མི་འཆད་སྦྱིན་པས་ཡོངས་སུ་རྫོགས་པའི་ཡིད་ཀྱི་རེ་བ་ནི། །ནུས་པ་གསུམ་ནི་འབྱུང་བར་ལྡན་པ་དབང་པོ་རྣམས་རྒྱལ་བ། །སྣ་ཚོགས་ཡོན་ཏན་རྣམས་ཀྱི་རྒྱན་གྱིས་བརྒྱན་པའི་ལུས་ལྡན་པའི། །ས་སྐྱོང་དེས་ནི་རྒྱལ་པོ་དང་ནི་ལྡན་པའི་སར་ནི་གྱུར། །དེ་ནས་ནོར་བུ་རྣམས་ཀྱིས་ཡིད་འོང་སེང་གེའི་ཁྲིར་བཞུགས་ནས། །མི་དབང་སེང་གེ་མི་སྐྱོང་རྣམས་ཀྱིས་ཞབས་པད་འདུད་བྱས་པ། །པདྨ་འདྲ་བའི་ཞལ་ལྡན་རབ་ཏུ་ཤེས་རྒྱའི་ཆོས་དང་ལྡན། །སྐྱེ་བོའི་དོན་དུ་འབྲས་བུ་དོན་དམ་ཆོས་ནི་སྟོན་པར་མཛད། །སྦྱིན་པའི་རྣམ་པར་སྨིན་པ་ཆེ་བ་འདི་ནི་བལྟ་བར་བགྱི། །བདག་གིས་འདི་ཉིད་དུ་ནི་གང་གིས་བུད་མེད་ཉིད་སྤངས་ཏེ། །སྐྱེ་བའི་འབྲས་བུ་གྲགས་པའི་ཚོགས་གསུམ་གྲགས་པར་བྱས་པ་ནི། །འཇིག་རྟེན་བདག་པོས་དགའ་བར་བྱེད་པའི་སྐྱེས་པ་ཉིད་ནི་འདི། །སྦྱིན་པའི་


DTG169_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལས་མེ་ཏོག་ཙམ་ཞིག་འདིར་ནི་རབ་ཏུ་སྐྱེས། །ཕ་རོལ་དུ་ནི་རྒྱ་ཆེའི་འབྲས་བུ་གཞན་ནི་འབྱུང་བར་འགྱུར། །འདི་ན་ལན་གྲངས་དུ་མར་སྤྱད་ནས་དོན་གཉེར་ས་ལ་ནི། །ཚུལ་ཁྲིམས་དྲི་མེད་མ་ལུས་སྦྱིན་པའི་གཏེར་ནི་ངེས་པར་མཛད། །ཡོན་ཏན་ཆུ་བརླན་མེད་གྱུར་ན། །གལ་ཏེ་དོན་གཉེར་ཞིང་ས་རྣམས། །སྦྱིན་བདག་སྦྱིན་པའི་འབྲས་འདོད་པ། །སྦྱིན་པའི་ས་བོན་གང་དུ་གདབ། །གྲགས་དང་བསོད་ནམས་རབ་སྦྱིན་པའི། །གང་ཞིག་གཉེན་རྣམས་ལས་ལྷག་པ། །དོན་གཉེར་རྣམས་ནི་ཤེས་རབ་ཅན། །སྨིན་བསྐྱོད་ལྟོ་འཕྱེས་སུ་ཞིག་སྐྲག ། གཅིག་ནི་བསྟོད་པ་མང་པོ་དང་ལྡན་ངག་ནི་སྨྲ་སྟེ་གཅིག་ཀྱང་རྩུབ་པའི་ཡི་གེ་ཅན། །གཅིག་ནི་ནུས་པ་དང་བཅས་ལྟ་སྟེ་གཞན་ནི་ནོར་གྱི་ང་རྒྱལ་གྱིས་ནི་བརྙས་བཅས་དང༌། །གཅིག་གིས་བསོད་ནམས་གྲགས་པ་དག་ནི་ལེགས་པར་སྟེར་ལ་གཞན་ནི་དངོས་པོ་གཅིག་ཉིད་དོ། །རིང་པོར་སྦྱིན་བདག་བདག་ལྟོས་ཡོན་ཏན་འདི་རྣམས་ཀྱིས་ནི་སློང་བ་པོ་ནི་རྣམ་པར་རྒྱལ། །གལ་ཏེ་ཕྱོགས་རྣམས་ཡོན་ཏན་མེ་ཏོག་ཕྲེང་བས་དྲི་ཞིམ་པ་ནི་བྱེད་འགྱུར་ན། །གལ་ཏེ་སླར་ཡང་སྙིང་དགའི་འབྲས་བུས་ལོངས་སྤྱོད་ཕྱིར་ནི་འདོད་པ་མི་ཆུང་ཡོད། །གྲགས་པ་ཆེན་པོའི་གྲིབ་མ་ཅན་ནི་ནོར་གྱི་ཤིང་རྣམས་སྐྱེ་བར་འགྱུར་བ་ནི། །དེ་བས་དོན་དུ་གཉེར་བའི་སྐྱེ་བོའི་ས་ལ་ཉི་མ་རེ་རེར་གདབ་པར་མཛོད། །དེ་ནས་དྲུག་ཅུའི་ལོ་རྣམས་འཇིག་རྟེན་པ་ལ་རྗེས་བསྟན་ནས། །ཡོན་ཏན་ལྡན་པའི་དོན་གཉེར་རྣམས་ལ་ཡང་ཡང་བདེ་བྱས་ཏེ། །ཀུ་མུ་ད་ལྟར་དཀར་བའི་གྲགས་པས་ཕྱོགས་རྣམས་སྣང་བྱས་ནས། །སྟོབས་ཆེན་མི་སྐྱོང་དེ་ནི་སྐྱེ་བ་གཞན་དུ་འགྲོ་བར་འགྱུར། །དེ་ལྟར་བུད་མེད་ཉིད་དུ་གྱུར་པ་ན་ཡང་བཅོམ་ལྡན་འདས་དེས་རང་གི་ཤ་རྣམས་ཀྱང་སྦྱིན་པར་མཛད་ན་མིའི་ལུས་ཐོབ་པར་གྱུར་པ་སུ་ཞིག་ཅེས་བྱ་བའི་ཕྱི་རོལ་གྱི་དངོས་པོ་ལ་ལྟོས་པ་བྱེད་པར་གྱུར་ཞེས་དེ་བས་ན་གཏོང་བ་པོའི་སྐྱེ་བ་རབ་ཏུ་སྤྲོ་བ་བསྐྱེད་པའི་ཕྱིར་འདི་བརྗོད་པར་བྱའོ། །གཟུགས་ལྡན་མའི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་དྲུག་པའོ།། །།ཕྱི་རོལ་གྱུར་བའི་རྫས་ཀྱང་དཀའ་བ་ཡིས། །དམན་པ་རྣམས་ཀྱིས་ཡོན་ཏན་ཅན་ལ་དབུལ། །དམ་པ་རྣམས་ཀྱིས་དགའ་བའི་ལུས་ཀྱང་ནི། །དུད་འགྲོ་རྣམས་ལ་ཡང་ནི་གཏོང་བར་


DTG169_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །འདི་ལྟར་རྗེས་སུ་ཐོས་བཞིན་པ་ཡིད་འཕྲོག་ཅིང་མཐོང་བཞིན་པ་ངོ་མཚར་བར་བྱེད་པ། བྱང་ཕྱོགས་སུ་སྙིང་པོར་གྱུར་པ་པདྨ་དང་ཨུཏྤ་ལ་རྣམ་པར་ཕྱེ་བའི་ཚོགས་ཀྱིས་སྐྱེད་མོས་ཚལ་མངོན་པར་བརྒྱན་པར་བྱས་པ། རླུང་གིས་རྣམ་པར་བསྐྱོད་བཞིན་པའི་ལྷའི་ཉེ་འཁོར་ན་རྒྱལ་མཚན་དང་བ་དན་དང་ཨུཏྤ་ལ་དང་ལྡན་པའི་རྒྱལ་པོའི་ཁབ་ན། ལྷའི་གྲོང་ཁྱེར་གཞན་དག་གི་ཤིང་པ་རི་ཛཱ་ཏ་ཀ་སྐྱེས་པར་གྱུར་པ་དང་འདྲ་བར་བྱང་ཆུབ་སེམས་དཔའ་ཚོང་དཔོན་གྱི་རིགས་མཛེས་པར་གྱུར་ཏོ། །དེ་ནས་ཚོང་དཔོན་གཙོ་བོའི་རྒྱུ་སྐྱེས་པས་རབ་ཏུ་དགའ་བ་རྙེད་པས་དགའ་སྟོན་གྱི་ཁྱད་པར་སྣ་ཚོགས་པ་ལ་འཇུག་པའི་ཁང་པའི་ཕྱོགས་གཅིག་ན་རྣམ་པ་སྣ་ཚོགས་པའི་རོལ་ཆ་རྣམས་ཀྱི་སྒྲ་ཐོས་པས་གར་བྱེད་པའི་རྨ་བྱ་རྣམས་ཀྱིས་མངོན་པར་བརྒྱན་པ་དང༌། སྦྲང་རྩི་བྱེད་པ་ཀུན་ནས་འཛག་པའི་སྦྲང་རྩིའི་སྨྱོན་ཆུ་བུད་མེད་རྣམས་ཀྱི་འགྲམ་པ་ལ་མངོན་པར་ཆགས་པར་གྱུར་པ་དང༌། ནོར་བུའི་རང་བཞིན་རྟ་བབས་རྣམས་ལ་རྣམ་པ་སྣ་ཚོགས་པའི་དྲི་ཞིམ་པའི་མེ་ཏོག་གི་ཕྲེང་བ་བཅིངས་པར་གྱུར་པ་དང༌། དགའ་བས་སྨྲས་པས་འཁོར་གྱི་སྐྱེ་བོའི་དགའ་བ་དང་ལྡན་པ། གྲོགས་པོ་རྣམས་དང་གཉེན་འདུན་གྱིས་ཀྱེ་བོ་རྣམས་ཀུན་ནས་ཚིམ་པར་བྱས་པའི་རང་གི་ཁང་པར་དོན་དུ་གཉེར་བ་རྣམས་ལ་སྦྱིན་གཏོང་ཆེན་པོ་བྱིན་པར་གྱུར་ཏོ། །ཚོང་དཔོན་བུ་ཡི་འཕྲོ་བར་བྱེད་པའི་འོད་ཀྱིས་ནི། །བསིལ་བའི་འོད་ཟེར་ཅན་གྱི་འོད་ནི་ཀུན་ནས་འཕྲོག །གལ་ཏེ་དེ་བས་རང་གི་སྐྱེ་བོས་རྗེས་མཐུན་པ། །འདི་ཡི་མིང་ནི་ཟླ་འོད་ཉིད་ཅེས་བཏགས་པར་གྱུར། །རི་བོང་ཅན་སར་བཞིན་དུ་ཉི་མ་རེ་རེར་ཀུན་ནས་ཉེ་བར་བསགས་བཞིན་པའི་འོད་ཀྱི་མཛེས་པ་དང་ལྡན་པ་དེ་ཐོས་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་གསལ་ཞེས་བྱ་བའི་བླ་མ་གཞན་དག་ལ་བསྟན་བཅོས་དང་སྙན་དང་གས་ཀྱི་ཆ་གཟུང་བའི་དོན་དུ་ཕས་གཏད་ཅིང་འདུག་གོ །དེ་ནས་དེ་ཡི་དྲུང་གནས་ལ། །ཐོས་པ་དང་ནི་ཤེས་རབ་ཀྱིས། །ཡུན་མི་རིང་བའི་དུས་ཉིད་ན། །དབང་པོ་རྣམས་རྒྱལ་དེ་རྒྱལ་གྱུར། །དེ་ཡི་ཤེས་རབ་མཐོང་ནས་ནི། །སློབ་མ་ཀུན་པས་ཁྱད་པར་ཅན། །ལེགས་སྨྲས་རྩ་གཅིག་འདྲི་བ་ལ། །བླ་མ་ངོ་མཚར་དང་བཅས་གྱུར། །མུན་པའི་ཚོགས་ནི་འབྱེད་བྱེད་པ། །ལམ་


DTG169_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལམ་མིན་གསལ་བྱེད་པ། །དེར་ནི་རིག་པ་ལྷག་པར་མཛེས། །ཀུ་མུ་ད་འབྱུང་ཟླ་ཆས་བཞིན། །ལྷ་ཡི་མིག་གིས་མཐོང་ནས་ནི། །གཏེར་ནི་གང་གང་དེས་ཐོབ་པའི། །དེ་དེ་མ་ལུས་དོན་གཉེར་ལ། །དགེ་བ་ཐོབ་པས་སྦྱིན་པར་གྱུར། །རང་གི་བརྟན་པ་འདྲ་བ་དེས། །དེ་ལྟར་སྦྱིན་པ་སྦྱིན་པར་གྱུར། །ཇི་ལྟར་དོན་གཉེར་རྣམས་ཀྱི་ཚིག །བྱིན་ཅིག་ཅེས་བྱ་སླར་མ་ཐོས། །དེ་ནས་བླ་མ་དེའི་སློབ་མ་བརྒྱ་ཕྲག་ལྔ་ཙམ་པོ་དེ་རྣམས་ཀྱིས་ཟླ་འོད་ལ་འདི་སྐད་ཅེས་ཨེ་མ་དོན་དུ་གཉེར་བ་རྣམས་ཀྱི་སྟེང་དུ་ཁྱོད་ཀྱི་བརྩེ་བ་ཆེན་པོ་བདག་ཅག་གིས་བསམ་པར་བྱ་སྟེ། གལ་ཏེ་ཁྱོད་ལ་དོན་དུ་གཉེར་བ་སུ་ཞིག་སྲོག་རྣམས་ཀྱང་བསླངས་པར་གྱུར་ན་ངེས་པར་དེ་ལ་དེ་རྣམས་ཁྱོད་ཀྱིས་སྦྱིན་པར་འགྱུར་ཞེས་སྨྲས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། དེ་ལྟར་མ་ཡིན་ཏེ་སློང་བ་པོ་ཉིད་ནི་བརྩེ་བས་སྦྱིན་པ་པོ་ལས་ཁྱད་པར་དུ་འཕགས་ཏེ། ཅིའི་ཕྱིར་ཞེ་ན། གང་ཞིག་བདག་ཉིད་གནོད་བྱས་ནས། །སྦྱིན་པ་དགེ་བར་བྱེད་འདོད་པས། །སློང་བའི་སྡུག་བསྔལ་བཟོད་པ་སྟེ། །དེ་འདྲ་བརྩེ་བ་པོ་ནི་མེད། །འདིར་ནི་གྲགས་དང་ཕ་རོལ་དུ། །འབྲས་བུ་གཉིས་དོན་གཉེར་ལ་སྟེར། །ནོར་ཙམ་སྟེར་བའི་སྦྱིན་པ་པོ། །དེ་ལས་དེ་ནི་ཁྱད་པར་འཕགས། །དོན་གཉེར་བྱིན་ཅིག་ཅེས་བརྗོད་ཅིང༌། །ཆུང་ཞེས་བྱ་བར་མངོན་པར་བརྗོད། །སྦྱིན་བདག་མེད་ཅེས་རྗོད་བྱེད་ཅིང༌། །དེས་ནི་ཤིན་ཏུ་ཆུང་བར་འགྱུར། །ཕན་པའི་ཕྱིར་ནི་མཐར་འགྲོ་བས། །སྦྱིན་བདག་དཔག་བསམ་ཤིང་འདྲར་བྱེད། །གསལ་བྱས་འབྲས་བུས་སྔགས་པ་ནི། །དོན་གཉེར་ཉིད་དེ་ཅི་ལྟར་ཆུང༌། །གལ་ཏེ་འགྲོ་བ་ལ་ནི་རྣམ་པར་སྦྱར་ཕྱིར་ཡོད་མི་འགྱུར། །ཀུན་ནས་བསོད་ནམས་ཆུང་སྟེར་སློང་མོའི་སྤྲིན་རྣམས་འདི། །སྦྱིན་བདག་རྒྱ་མཚོ་རྣམས་ནི་འབྱུང་བ་མ་ཡིན་ཏེ། །ཡོན་ཏན་ལྡན་པ་མུ་ཏིག་གྲགས་པ་ཆེ་བའི་ལྟོ་བ་བསྟེན། །དེ་ནས་སློབ་མ་དེ་རྣམས་སླར་ཡང་བྱང་ཆུབ་སེམས་དཔའ་ལ་འདྲི་བར་གྱུར་ཏོ། །ཅི་ཞིག་ཁྱོད་སྦྱིན་བདག་ཆེན་པོའི་འབྲས་བུ་འདིས་ནི་མཆོད་སྦྱིན་བརྒྱ་བྱས་པའི་དཔལ་འདོད་དམ། འོ་ན་སྒྱུར་བ་ཉིད་འདོད་ཅེས་རེ་ཞིག་སྨྲ་བར་གྱིས་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། བདག་གི་བློ་ནི་རང་བཞིན་གྱིས་འཇིག་པའི་གོ་འཕང་མངོན་པར་


DTG169_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་མ་ཡིན་ཏེ། རེ་ཞིག་ཁྱེད་ཅག་རྣམས་ཀྱིས་བལྟ་བར་གྱིས་ཤིག །སྲིད་པའི་ཐང་ཀའི་དབུས་སུ་གང་གི་གཟུགས། །འདུ་བྱེད་བཟོ་བོ་རྣམས་ཀྱིས་བྱས་གྱུར་པ། །དེ་དང་དེ་ནི་མི་རྟག་པ་འདི་ནི། །གཡོ་བས་ཁྲོ་བ་བཞིན་དུ་འཇིགས་པར་བྱེད། །ཆགས་དང་སྡང་ལ་རྒྱབ་ཕྱོགས་པའི། །གདུག་པའི་བདག་ཉིད་འཆི་བདག་ལ། །སྲིད་པའི་རྩེར་ཡང་འགྲོ་བྱ་མིན། །སྲོག་ཆགས་རྣམས་ཀྱི་ཚེའི་གནས་པ། །བསྐྱོད་བཞིན་པ་ཡང་ཟད་པར་འགྱུར། །རི་མོའི་ལས་ལ་རྣམ་བཀོད་པ། །སྐད་ཅིག་རེ་རེར་སྐྱ་རིས་བཞིན། །དྲག་པོ་མི་རྟག་པ་ཐོབ་ནས། །དཔལ་ནི་ཡུན་རིང་འབར་བ་མིན། །བཞི་མདོར་གནས་པའི་མར་མེ་ཡི། །རྩེ་མོ་རླུང་གིས་བསྐྱོད་པ་བཞིན། །ཡིད་བྱུང་རྨོངས་པ་ཁ་ཅིག་ནི། །མི་རྟག་སེང་གེ་མོ་བཞིན་མཐོང༌། །དེ་ཉིད་བློས་བྱས་གཞན་དག་ནི། །འཇིགས་པ་མེད་པས་སྦྱང་མོ་བཞིན། །བསོད་ནམས་བྱས་པའི་བློ་ལྡན་གྱི། །ཡིད་ནི་འཆི་བདག་གནོད་མི་འགྱུར། །གདུགས་ཀྱི་གྲིབ་མས་བསྒྲིབས་པ་ནི། །ལམ་ཞུགས་ཉི་མས་གདུང་མི་བྱེད། །རྒྱགས་དང་ང་རྒྱལ་མུན་པའི་ཕྱིར་ནི་འདི་དག་རྣམས། །ཐོས་པའི་སྦྲུལ་ལྟར་ཐོབ་པར་དཀའ་བ་རྟག་ཏུ་ཉིད། །སྐྱེ་དགུ་རྣམས་ཀྱི་ལོངས་སྤྱོད་སྐད་ཅིག་གིས་འཇིག་པ། །རྗེས་སུ་འབྲེལ་བའི་སྒྲ་ཡི་བསྟན་བཅོས་བསྟེན་པ་ལྟར། །དེ་ལྟར་འགྲོ་བ་རྒྱུ་དང་མི་རྒྱུར་བཅས་ཤེས་ནས། །ཆུ་ཡི་ཤུགས་ཀྱིས་འཇིག་པའི་དབུ་བའི་ཚོགས་ལྟར་དོན་མེད་བ། །རྒྱགས་དང་ང་རྒྱལ་གཏི་མུག་ཚོགས་ནི་བཟློག་པ་ལ། །སྐྱེ་མེད་དོན་དུ་སྐྱེས་རྣམས་རེ་ཞིག་འབད་པ་མཛོད། །དེ་བས་ན་བདག་ཁྱབ་པ་ཉིད་དུ་འཇིག་རྟེན་པའི་སྡུག་བསྔལ་ཟད་པར་བྱ་བའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་དོ། །དེ་ནས་སློབ་མ་དེ་རྣམས་རབ་ཏུ་དགའ་བའི་ཡིད་དང་ལྡན་པས་སླར་འདི་སྐད་ཅེས་སྨྲས་སོ། །མང་པོས་སྨྲས་པས་ཅི་ཞིག་བྱ་སྟེ། སྨིན་མའི་དབུས་ནས་འོད་ཟེར་འཕྲོ་བ་མཛོད་སྤུའི་རི་བོང་མཚན་མ་འཛིན་བྱེད་པ། །མུན་པ་རྣམ་པར་རྒྱལ་བའི་འོད་ཟེར་རྣམས་ཀྱིས་དཀྱིལ་འཁོར་ཀུན་ནས་རྒྱས་མཛད་ཅིང༌། །འབྱུང་འགྱུར་གཟུགས་ཅན་བདེ་བར་གཤེགས་པའི་ཡོན་ཏན་ཆེན་པོ་ཁྱོད་ལ་མཐོང་བ་སྟེ། །གསེར་ནི་བཅད་ལྟར་འོད་ལྡན་ལུས་འཛིན་རྣམས་ལ་གྲོལ་བའི་ལམ་ནི་གསལ་བྱེད་འགྱུར། །བདག་ཅག་ཀྱང་རྣམ་པ་ཐམས་ཅད་དུ་


DTG169_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྫོགས་པར་བྱང་ཆུབ་ཐོབ་པ་ཁྱེད་ཀྱི་སློབ་མར་གྱུར་ཅིག་ཅེས་ཟེར་རོ། །བྱང་ཆུབ་སེམས་དཔས་སྨྲས་པ། དགོན་པ་ཆེན་པོ་སྦྲུལ་མང་བ། །འབད་པ་ལྡན་པས་རྒལ་འདོད་ཅིང༌། །ཞི་བའི་གནས་སུ་འགྲོ་འདོད་པ། །ཐབས་ནི་སུ་ཞིག་འདོད་མི་བྱེད། །བདག་ཉིད་ཆེན་པོ་འདིས་བདུད་རྩི་བགོས་སྐལ་བདག་ཅག་ལ་ཞལ་གྱིས་བཞེས་སོ་ཞེས་བྱ་བ་རྣམ་པར་བསམས་ནས། དགའ་བ་སྐྱེས་ནས་སོང་བའི་སློབ་མ་དེ་རྣམས་རང་གི་གནས་སུ་སོང་བ་དང༌། དུས་གཅིག་ན་ཚང་ཚིང་དུ་ཉེ་བར་སོང་བའི་བྱང་ཆུབ་སེམས་དཔས་འདི་ལྟར་བསམས་ཤིང་འདུག་གོ །བདག་གིས་དོན་དུ་གཉེར་བའི་སྐྱེ་བོའི་དོན་ཤིན་ཏུ་བྱས་ཏེ། ད་ནི་རང་གི་ཤ་དང་ཁྲག་གིས་དུད་འགྲོ་རྣམས་ཚིམ་པར་བྱའོ་ཞེས་རྣམ་བར་བསམས་ནས་མཚོན་ཆ་དང་སྦྲང་རྩི་དང་མར་བླངས་ཏེ། གཉེན་འདུན་རྣམས་ལ་མ་སྨྲས་པར་མཚན་མོ་ཆེན་མོའི་གོས་དང་རྗེས་སུ་མཐུན་པའི་ཐུན་མཚམས་སུ། ཡོལ་བས་མི་འདོར་བར་བྱས་པའི་ཕྱོགས་གཞན་ལ་མཐུག་པར་གྱུར་པའི་མུན་པས་མི་སྣང་བར་གྱུར་པའི་འགྲོ་བ་ལ་ཁྱིམ་གཞན་དུ་རབ་ཏུ་འབར་བཞིན་པའི་མར་མེའི་འོད་ཀྱིས་རེག་པ་ངོ་གདོང་མཛེས་པ་ཉིས་འགྱུར་དུ་གྱུར་པའི་གཞོན་ནུ་མའི་སྐྱེ་བོ་རྣམས་ཡོད་པ་དང༌། ཁྱད་པར་དུ་རྒྱན་འཛིན་པར་བྱས་པ་སྒེག་པ་དང་བཅས་པའི་སྨིན་མའི་ལྗོན་ཤིང་གྱེན་དུ་བྱས་པ་མཐོང་བས། །རྒོད་པ་དང་སྒེག་པའི་མཆིལ་མས་བཀུག་པའི་འདོད་པ་ཅན་སྐྱེ་བོའི་སྙིང་གི་ཉ་དང་ལྡན་པའི་སྨད་འཚོང་མ་རྣམས་ཡོད་པ་དང༌། གྲོགས་མོའི་སྐྱེ་བོས་སྟེར་བཞིན་པའི་དུས་བཏབ་པ་ཐོས་པས་གཡེང་བ་མེད་ཅིང་གཡོ་བ་མེད་པའི་མིག་དང་ལྡན་པའི་བར་མི་མོ་རྣམས་ཡོད་པ་དང༌། དགའ་བའི་སྐྱེ་བོ་རྣམས་ཀྱིས་དུས་བཏབ་པ་ལ་སྤྲོ་བ་དང་ལྡན་པ་ཡོད་པ་དང༌། དྲིའི་ཐིག་ལེ་བྱས་པ་དེ་མཐོང་བ་ལ་འཕྲོས་པས་མེ་ལོང་གི་ནང་དུ་ལྟ་བ་རྣམ་པར་རྒོད་པའི་འདོད་མ་རྣམས་ཡོད་པ་དང༌། འོ་མའི་རྒྱུན་གྱི་སྒྲ་ཐོས་བཞིན་པའི་བ་གླང་གི་རྫི་མོ་རྣམས་ཀྱིས་བེའུས་ལྡག་པས་གཡོ་བར་བྱེད་པའི་དྲིལ་ཆུང་ལྐོག་ཤལ་དང་ལྡན་པའི་བ་རྣམས་ཡོད་པ་དང་ལམ་གྱི་བཞི་མདོར་ལྡུགས་པའི་སྐྱུགས་ལྡད་ཀྱིས་བདེ་བར་མིག་རྣམ་པར་བཙུམས་པར་བྱས་པའི་ཚོང་དུས་ཀྱི་ཁྱུ་མཆོག་རྣམས་ཀྱིས་ལམ་འགགས་པར་གྱུར་པའི་གྲོང་ཁྱེར་གྱི་ལམ་རྣམས་ཡོད་པ་ལ། རྒྱགས་པ་དང་བཅས་པའི་


DTG169_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཐོང་གཤོལ་འཛིན་པའི་འགྲམ་པ་དམར་སྐྱ་ལྟར་དམར་བའི་ཤར་གྱི་རི་བོའི་རྩེ་མོར་ལྷག་པར་གནས་པའི་རི་བོང་ཅན་གྱི་མཚན་མ་ཡོད་པས། ཀུ་མུ་དའི་ཚོགས་རྒྱས་པས་སྐྱེད་མོས་ཚལ་དྲིས་བསྒོས་པའི་མཚན་མོའི་དུས་སུ་གྱུར་པ་ན། གཞན་དག་ཁྱིམ་ཐབ་ཤི་བའི་སྐྲ་ལོ་ལྟར་མགོ་ཡེགས་པ་དང༌། དུ་བས་འོད་མེད་པར་བྱས་པའི་རྣམ་པ་སྣ་ཚོགས་པའི་ཤིང་དང་ལྡན་པ། གྱེན་དུ་ལྟ་བའི་སྡིག་པ་ཅན་གྱི་ཅེ་སྤྱང་མོ་རྣམས་ཀྱི་སྐད་ཀྱིས་ཁ་ཕྱེ་བའི་ངོ་གདོང་གི་བུ་ག་ནས་རྣམ་པར་བྱུང་བའི་སྲེག་བླུགས་འཛིན་པའི་སྣང་བས་གསལ་ཤིང་ལ་གནས་པའི་སྐྱེས་བུ་རྣམས་ཀྱི་དཔུང་པར་ངེས་པར་འབྲེལ་པའི་ཤས་ཆེ་བར་གྱུར་པའི་མི་གཡོ་བའི་བྱ་རྒོད་དང་ཀཾ་ཀ་གསལ་བར་བྱས་པ་དང༌། ཤིན་ཏུ་དྲག་པའི་བུད་མེད་ཀྱི་ཚོགས་ཀྱིས་ཕྱེད་ཚིག་པའི་ཤིང་ཁང་གི་དབུས་སུ་གནས་པའི་སྐྱེས་བུ་རྣམས་ཀྱིས་ལུས་འགགས་པར་བྱེད་བཞིན་པ་དང༌། ཕྱོགས་འགའ་ཞིག་ཏུ་མཚན་མོ་རྒྱུ་བ་རྣམས་ལ་དོགས་པར་གྱུར་པའི་མེ་ཤའི་སྐྲ་ཐོས་པས་འབྱུང་པོའི་ཚོགས་ཀྱི་གདོང་ནས་ཁ་ཆུའི་ཐིགས་པ་རྣམ་པར་འཛག་པ་དང༌། གཞན་དུ་མཁའ་འགྲོ་མ་རྣམས་ཀྱི་ལག་པ་བདག་གིས་བཟུང་བར་བྱས་པའི་གྲི་གུག་རྣམས་ཀྱིས་རྣམ་པར་གཅོད་བཞིན་པའི་སྐྱེས་བུའི་བརླ་ལས་རྣམ་པར་འཛག་པའི་ཁྲག་གི་རྒྱུན་གྱིས་ས་སྟེངས་ཀུན་ནས་བངས་པ་དང་ཡང་ནས་ཡང་དུ་སྲེག་བླུགས་འཛིན་པའི་འབར་བའི་སོར་མོ་རྣམས་ཀྱིས་ཀུན་ནས་སྡིགས་མཛུབ་བྱེད་པ་དང་འདྲ་བར་མུན་པ་ཆེན་པོ་བསལ་བར་བྱས་པ་དང་ཕྱོགས་འགའ་ཞིག་ཏུ་མེ་ཏོག་ཀུན་ད་སར་པ་ལྟར་དཀར་བ་དང་ཀུན་ནས་སྐྱ་བའི་མགོ་བོའི་ཐོད་པ་དང་ལྡན་པ་དང༌། ཕྱོགས་གཞན་དུ་དུར་ཁྲོད་གནས་པའི་དགེ་སློང་རྣམས་ཀྱིས་ཀུན་ནས་ལྟ་བཞིན་པའི་བུད་མེད་རྣམས་ཀྱི་ལུས་ལ་ཅེ་སྤྱང་གི་ཚོགས་ཀྱིས་འབྲེལ་བ་དང༌། ཕྱོགས་འགའ་ཞིག་ཏུ་རིག་སྔགས་སྨྲ་བ་རྣམས་ཀྱིས་བྲིས་པའི་དཀྱིལ་འཁོར་གྱི་མཐར་གནས་པའི་ཕྱོགས་སྐྱོང་རྣམས་ལ་ཤུབས་ནས་བཏོན་པའི་དྲི་མ་མེད་པའི་རལ་གྲི་རྣམས་ཀྱི་ནང་དུ་སོན་པ་འཕྲོ་བའི་སྲེག་བླུགས་ཟ་བའི་གཟུགས་བརྙན་གྱིས་འཇིགས་སུ་རུང་བའི་མཐོང་བ་དང་ལྡན་པའི་དུར་ཁྲོད་ཆེན་པོར་ཕྱིན་པར་གྱུར་ཏོ། །བྱམས་པའི་སྔགས་ཀྱིས་ལུས་བསྲུང་བར་བྱས་པའི་བྱང་ཆུབ་སེམས་དཔའ་ལ་དེར་


DTG169_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཟ་བའི་བུད་མེད་ཀྱི་སྐྱེ་བོས་ཐོ་འཚམས་པར་མ་ནུས་སོ། །བདག་ཉིད་ཆེན་པོ་དེ་ཡང་དུར་ཁྲོད་ཀྱི་ཕྱོགས་གཅིག་ན་ཅེ་སྦྱང་རྣམས་ཀྱིས་བཀུག་པས་རྣམ་པར་སྐྱོང་བའི་ལྟོ་བའི་རྒྱུ་མའི་དྲ་བ་དང་ཤ་དང་རྩིབ་མའི་མཚམས་དྲི་མ་ཅན་གྱིས་གསལ་བ་དང༌། རླུང་གིས་བསྐྱོད་པའི་རོ་བསྲེགས་པའི་ཐལ་བའི་ཆས་ཀུན་ནས་སྐྱ་བར་བྱས་པའི་སྐྲ་ལོ་འཇིངས་པར་གྱུར་པ། ཁྲས་མཆུ་འཐོག་པ་ཉིད་ཀྱིས་སྣང་བར་གྱུར་ཅིང་རྣམ་པར་འགྱུར་བའི་སོའི་ཕྲེང་བ་དང་ལྡན་པ་ཤི་བའི་བུད་མེད་མཐོང་ནས་ཡིད་བྱུང་བ་དེར་སོང་བའི་མི་གཡོ་བའི་ལྟ་བ་ཅན་གྱིས་འདི་སྐད་ཅེས། ཀྱེ་མ་འདོད་ཆགས་ཅན་རྣམས་ཀྱིས་རིང་པོ་མ་ཡིན་པར་མཐོང་བའི་བློ་སྟེ། གང་རྣམས་ཀྱིས་འདི་ལྟ་བུའི་ཆགས་བྲལ་གྱི་བུད་མེད་ཀྱི་ལུས་ལ་ཡང་ཆགས་པ་སྐྱེ་བར་འགྱུར་ཞེས་སྨྲས་སོ། །ཡིད་འཕྲོག་རྣམ་པར་མི་གཡོའི་མིག་ཅན་གང་ལ་ནི། །དགའ་བའི་སྐྱེ་བོས་སིན་དྷུ་ར་ཡི་ཁྱད་པར་བྱས། །ད་རིང་འདིར་ནི་སྒེག་མོའི་གདོང་ཅན་དེ་ཉིད་ལ། །སླར་ཡང་ཅེ་སྤྱང་གིས་ནི་རྐང་འཛིན་བྱེད། །གང་དག་རྒོད་པས་ཅུང་ཟད་འོད་ནི་འབྱུང་འགྱུར་བ། །སྐྱེ་བོ་འདོད་ཆགས་ཅན་གྱི་ཡིད་ནི་འཕྲོག་བྱེད་པ། །ཁྱི་དང་ཁྭ་ཏས་གཅོད་པ་རྣམ་པར་རྙིང་བའི་མཆུ། །སོ་རྣམས་དེ་ཉིད་རྣམ་པར་འགྱུར་བ་ཉིད་དུ་སོང༌། །གང་དག་དགའ་བོས་རྣམ་པར་མཐོང་ཞིང་དགར་འགྱུར་ཏེ། །རྐང་པ་དྲུག་བཅས་ཆུ་སྐྱེས་འདབ་མ་ལྟར་ནི་མཛེས། །མིག་གཉིས་བྱ་རྣམས་ཀྱིས་ནི་ཤ་ཁྲག་འཕྲོག་བྱས་པ། །དེ་དག་སྦྲུལ་གྱི་ཚང་དང་རྗེས་སུ་ཟློས་པ་ཅན། །ཡུན་རིང་གང་དག་ལོ་མ་ལྟར་འཇམ་འོད་ལྡན་པ། །སྨུག་རྩི་དང་བཅས་གྲོགས་མོའི་སྐྱེ་བོས་བྱས་གྱུར་པ། །འགྲམ་པའི་རུས་པ་ལྷག་མ་ཅན་ནི་དེ་དག་གི །མ་དྷ་ཀ་ལྟར་སྐྱ་བ་ད་ལྟར་གང་དུ་སོང༌། །དེ་བས་བཙུམས་པར་བྱས་པའི་མིག་དང་ལྡན་པའི་གཞོན་ནུ་མའི། །བ་སྤུའི་ཚོགས་ནི་ལངས་པ་གང་ཞིག་དགའ་བོས་རེག་པ་ནི། །ནུ་འབུར་གཉིས་ནི་འགྱུར་བའི་ཁྲག་གིས་ཤིན་ཏུ་དམར་བ་ཡི། །དེ་ལ་ཁྱི་སོ་རྣམས་ཀྱིས་དེ་རིང་ཀུན་ནས་འབིགས་པར་བྱེད། །དགའ་བོའི་དབུང་རྒྱན་གྱིས་ནི་སྐྲ་ལོའི་མེ་ཏོག་ལྷུང་བ་ནི། །གང་ཞིག་བཙུམས་པར་བྱས་པའི་མིག་ཅན་འཁྱུད་ནས་བདེ་བར་ཉལ། །དེ་ནི་དུར་ཁྲོད་ས་ཡི་མལ་སྟན་ལ་ནི་ཉལ་བཞིན་པ། །གློ་བུར་


DTG169_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་ནས་ཤིན་ཏུ་དགའ་མར་ཅི་སྟེ་འཁྱུད་མི་བྱེད། །རྒྱུས་པ་རུས་པ་ཤ་དང་ཁྲག་དང་རྒྱུ་མའི་རང་བཞིན་ལས། །བུད་མེད་ཅས་བྱ་མང་བའི་སྐྱོན་གྱི་སྦྲུལ་གྱིས་ཁྱབ་འདི་ལ། །ཡང་དག་མ་ཡིན་ཀུན་ཏུ་བརྟགས་པས་ཉམས་པའི་སྐྱེ་བོ་འདི། །འདོད་ཆགས་དང་བྲལ་དངོས་པོ་ལ་ནི་དོན་མེད་ཆགས་པར་འགྱུར། །དེ་རྣམས་སྐྱེ་ངན་ཚོགས་ཀྱི་རྣོན་པོའི་མདའ་རྣམས་ཀྱིས་མི་འབིགས། །བརྟན་པ་དེ་ཞི་བ་དེའི་ལོངས་སྤྱོད་དེ་རྣམས་ཉིད། །བུད་མེད་དུག་ནི་ལྗོན་ཤིང་གི་ནི་རྣམ་སྤངས་ནས། །གང་དག་ཞི་བའི་འབྲས་བུ་ཅན་གྱི་དཀའ་ཐུབ་ནགས་རྣམས་གནས། །དེ་ནས་དེར་དུ་བའི་ཕུང་པོ་མངོན་པར་འཐུལ་བའི་མཆོད་སྦྱིན་གྱི་ཤིང་དང་ལྡན་པ། མིའི་རྐང་མར་ཡོངས་པས་དགང་བླུགས་ངེས་པར་ལྷུང་ཞིང་འབར་བར་སོལ་བའི་ཕུང་པོ་རྣམས་ལས་སྭ་ར་སྭ་རའི་སྒྲ་འབྱུང་བ་དང༌། བྷཎྜ་ཀའི་བྱའི་སྐད་མངོན་སྤྱོད་ཀྱི་སྔགས་བརྩམས་པའི་ལས་དང་ལྡན་པའི་དུར་ཁྲོད་ཀྱི་མཆོད་སྦྱིན་ལ་མཚོན་ཆ་རྣོན་པོས་ཡན་ལག་རྣམས་ཀུན་ནས་བཞོགས་ཏེ། སྦྲང་རྩི་དང་ནི་མར་དག་གིས། །འཛག་པའི་ཆུ་ཡི་རྒྱུན་གྱིས་བརླན། །གྲོག་སྦུར་རྣམས་ཀྱིས་ཟོས་བཞིན་པ། །བདག་ཉིད་བདག་ཉིད་ཀྱིས་ནི་འདི། །ལྔ་བདག་ཕྱུགས་ཉིད་དུ་ནི་ཁྱེར། །དེར་ཡང་དྲི་མས་རྩུབ་པའི་རིལ་བུར་བྱས་པའི་གོ་ཆ་ལྟར་དྲི་མར་བཅས་པའི་འོད་གླང་པོ་ཆེའི་ཁྲག་གིས་ཉེ་བར་གོས་པའི་རི་དགས་ཀྱི་བདག་པོའི་སེན་མོ་ལྟར་འཁྱོག་ཅིང་དམར་ཞིང་རྣོ་བའི་མཆུ་དང་ལྡན་པ། ལྟོ་འཕྱེ་ཁྲོས་པའི་མིག་དང་འདྲ་བའི་མིག་ཅན། ལྕགས་ཀྱི་ཚེར་མ་ལྟར་རྩུབ་པའི་སེན་མོ་རྩུབ་ཅིང་དངར་བ་མ་ཡིན་པའི་སྐད་ཀྱིས་བྱའི་ཆོགས་གཞན་རྣམས་ཀུན་ནས་སྐྲག་པར་བྱས་པ། བྱ་རྣམས་ཀྱིས་སྲ་བའི་འདབ་མའི་སྒྲས་འགྲོ་བ་ཀུན་དུ་མཚོན་བཞིན་པ། མཐོན་པོར་འགྲོ་བ་ཞེས་བྱ་བའི་འདབ་ཆགས་ནི། རི་བོ་ལྟར་ནི་མཐོན་པོའི་གཟུགས་ཅན་དེ་ཡི་ཕྲག་པར་བྱ་དེས་ནི། །གློ་བུར་དུ་ནི་མངོན་པར་འཛེག་པར་བྱས་ནས་མཐོ་ཡོར་ལྟར། །ཨུཏྤ་ལ་ཆེན་པོའི་འདབ་མ་དང་མཚུངས་མིག་ནི་གདོན་བྱས་ནས། །ཁྲག་གིས་ཁྱབ་པའི་མིག་རྫིའི་རི་མོ་སླར་ཡང་ལྷུང་བར་གྱུར། །ཕྲུག་པ་རྗེ་སྐྱོང་དོན་དུ་མཉེས་གཤིན་པས་ནི་རེག་བྱས་བ། །རི་དགས་མོ་ནི་མངོན་པར་ཕྱོགས་པར་སྟག་ལ་ཡང་ནི་རབ་ཏུ་འགྲོ། །མཉེས་གཤིན་པ་ཡང་


DTG169_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཞེས་བྱ་གཞན་དོན་སྒྲུབ་པའི་ཕྱིར། །སྐྱེད་བྱེད་བྱང་ཆུབ་སེམས་དཔའ་ལ་ནི་ཇི་ལྟར་གནོད་པར་བྱེད། །དེ་ནས་ནམ་མཁའ་ལ་འགྲོ་བ་དེས་བྱང་ཆུབ་སེམས་དཔའ་ལ་དྲིས་པར་གྱུར་ཏོ། །ངེས་པར་བདག་གི་འདོན་བཞིན་པའི་མིག་འདི་ལ་ཁྱེད་ཀྱི་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ངམ་ཞེས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། །གལ་ཏེ་གང་གིས་ཀྱང་མི་དགོས་པའི་བདག་གི་ལུས་ཟད་པར་སོང་བར་གྱུར་ན་དེ་ནས་བདག་ལ་སྡུག་བསྔལ་འབྱུང་བར་འགྱུར་ཏེ། ད་ལྟའི་ཉེ་པར་དགོས་བར་གྱུར་བ་སེམས་ཅན་དུ་མ་རྣམས་ཀྱིས་མཐོང་ནས་མཆོག་ཏུ་དགའ་བ་བདག་གིས་ཉམས་སུ་མྱོང་ཞེས་ཟེར་རོ། །གལ་ཏེ་ལུས་པོ་འདི་ནི་སྡུག་བསྔལ་རྣམས་ཀྱི་རྟེན། །ཡན་ལག་ཅན་རྣམས་ལ་ནི་འགྲུབ་པ་ཉིད་དུ་འགྲོ། །ཆེ་མིང་མང་འདོད་རྣམས་ལ་དེ་ལྟར་རིན་ཆེན་ལྡན། །འདི་ལས་གཞན་དུ་ལྟོ་འཕྱེ་བཞིན་དུ་སྐྱོན་མང་ངོ༌། །དེ་ནས་བྱང་ཆུབ་སེམས་དཔས་ཤ་ཟ་རྣམས་ཀྱིས་ཇི་ལྟར་བ་དེ་བར་བདག་ལ་ཟོ་ཤིག་ཅེས་རྣམ་པར་བསམས་ནས། བདག་ཉིད་རི་དགས་དང་འདྲ་བར་སྟོན་ཞིང་འདུག་གོ །དེ་ན་བྱ་རྣམས་ཡང་དག་འོངས་པ་ལ། །རྒྱུན་མི་འཆད་པའི་སྐད་ཀྱིས་འཇིགས་བྱས་པ། །དེ་ཡི་ཤ་ནི་ཅིག་ཅར་ཟད་འགྱུར་ཏེ། །སེམས་ཀྱི་བརྟན་པ་ལ་ནི་རྒྱབ་ཕྱོགས་མིན། །དེ་ནས་དེ་ཡི་ལུས་ནི་ཡོན་ཏན་མེ་ཏོག་གི །དྲི་ཡིས་ལྷག་པར་དྲི་ཞིམ་བྱས་ནས་སྲོག་རྣམས་ཀྱིས། །ཇི་ལྟར་ཡང་ནི་རྣམ་པར་སྤངས་ཏེ་སྐྱེས་པ་ཡི། །སྡུག་བསྔལ་གྱིས་ཁྱབ་བྱ་རྣམས་ལྟུང་བའི་གནས་ཤིང་བཞིན། །དེ་ནས་ནུས་པའི་རིའི་རྩེ་མོ་ནས་ཤིན་ཏུ་རིང་བར་ཀུན་ནས་ལོངས་སྤྱོད་པའི་བུང་བ་བཞིན་དུ་ཀུན་ད་ལྟར་དཀར་སྐར་མའི་བདག་པོ་སྤངས་ནས་མཚན་མོ་སོང་བ་ལ། བཟླས་པའི་མེ་ཏོག་རྩེ་མོ་དང་འདྲ་བར་ཉི་མའི་གདོང་གིས་ཉེ་བར་འབྲེལ་བར་གྱུར་པའི་ཤར་གྱི་རིའི་རྩེ་མོར་ཉི་མ་ཡོད་པ་ལ་ཉིན་མོར་བྱེད་པའི་འོད་ཟེར་རྣམས་ཀྱི་ལག་པས་ཡང་དག་པར་རེག་པའི་བདེ་བ་དང་འདྲ་བར་མངོན་པར་གསལ་བར་གྱུར་པའི་པདྨའི་སྡོང་བུའི་ཚེར་མ་རྣམས་ཀྱིས་ཁ་སྤུ་ལངས་ཤིང་གཉིད་དང་བྲལ་བའི་པདྨའི་བུད་མེད་རྣམས་ཡོད་པ་ལ་སྲོག་ཆགས་ཀུ་ར་ར་རྣམས་ཀྱི་སྐད་རྗེས་སུ་བྱེད་པའི་རྣམ་པར་གྲོལ་བར་གྱུར་པའི་གྲོང་ཁྱེར་གྱི་སྒོ་དང་སྒོ་གླེགས་ཡོད་པ་ལ་གཉིད་


DTG169_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སད་ནས། བྱང་ཆུབ་སེམས་དཔའི་མི་འདོད་པའི་དོགས་པས་ཡིད་སྡུག་བསྔལ་བར་གྱུར་པ་གྲོགས་པོ་དང་འཁོར་གྱི་སྐྱེ་བོ་དང༌། གཉེན་འདུན་གྱི་ཆོགས་དང་བཅས་པ་བུ་ཚོལ་བས་སེམས་གཡེངས་པ་དེ་དང་དེ་ལ་སེམས་ཤིང་འདུག་གི །བདག་གི་བུ་དེ་མཚན་མོ་ཀུན་ནས་འཁོར་ཞིང་སྦྲུལ་གྱིས་སོས་བཏབ་གྱུར་ཏམ་ཅི། །འོན་ཏེ་སྙིང་རྗེ་དང་བྲལ་སོ་སོར་འགུགས་བྱེད་རྣམས་ཀྱིས་རྒྱན་རྣམས་ཕྲོགས་ནས་བསད། །ས་ཡི་དབང་ཕྱུག་མཆེ་བ་ཅན་གྱི་མཆེ་བས་བྲང་དུ་ཀུན་ནས་བརྒྱབ་པས་ཟད་པར་གྱུར། །བཅིངས་པའི་ཀ་བ་བཅག་པར་བྱས་ནས་གཤིན་རྗེའི་གྲོང་ཁྱེར་ཅི་ཞིག་སོང་བར་གྱུར། །རིམ་གྱིས་ཉ་བར་སོང་ནས་དུར་ཁྲོད་ཀྱི་ཕྱོགས་གཅིག་ཏུ་བྱ་རྒོད་རྣམས་ཀྱིས་ཤ་ལ་གཅོད་པར་བྱེད་བཞིན་པའི་བྱང་ཆུབ་སེམས་དཔའ་རྣམ་པ་གང་གིས་ཀྱང་མངོན་པར་ཤེས་ནས་སྐྱེ་བོ་དེས་ཚོང་དཔོན་ལ་སྨྲ་ཞིང་འདུག་གོ །ཀྱེ་མ་བདག་ཉིད་ཆེན་པོ་འདི་ཤི་བ་ཉིད་དུ་ཉེ་བར་སོང་སྟེ། ཇི་ལྟར་རྟོག་པར་བྱེད་པ་དེ་ལྟར་ངེས་པར་འདིས་བདག་ཉིད་དུད་འགྲོ་རྣམས་ལ་སྦྱིན་པར་བྱ་ཞེས་བྱ་བའོ། །དེ་ཡང་ཐོས་ནས་ཚོང་དཔོན་དེ་དགྲ་སྟས་མ་ལུས་པར་གཅོད་པའི་ཤིང་བཞིན་དུ་ལྟུང་བར་གྱུར་ཏེ། ཡུན་རིང་པོར་འདུ་ཤེས་སོ་སོར་སྐྱེས་པ་འདི་ལྟར་སྨྲེ་སྔགས་འདོན་པ་ལ་རྩེ་གཅིག་པར་གྱུར་ཏོ། །བདག་སྐྱེས་འདི་ནི་བྱ་རྣམས་ཀྱིས་ནི་གཅོད་བཞིན་པ། །རུལ་པའི་འབྲེལ་པ་ལྷོད་པ་འདི་ལྟར་རྣམ་མཐོང་ནས། །ཀྱེ་མ་ལྷ་ཡི་ཉེས་པར་སྤྱད་པ་ཆེན་པོས་ནི། །དེ་ལྟ་ན་ཡང་རྩུབ་པའི་བསམ་ལྡན་བདག་ནི་འཚོ། །དུད་འགྲོ་རྣམས་ཀྱི་བརྩི་བ་འདི་འདི་འདྲ། །གལ་ཏེ་རང་གི་ལུས་ནི་སྦྱིན་བས་གསལ་བྱས་པ། །སྡིག་པ་མེད་པའི་ཕ་དག་ཀུན་ནས་དོར་བྱེད་པ། །ཁྱོད་ཀྱིས་ཇི་ལྟར་སྙིང་རྗེ་མེད་པ་ཉིད་ནི་བརྩམས། །འཇམ་པའི་ལྟན་ལྡན་མལ་ཆ་ཡིད་ནི་འཕྲོག་བྱེད་པར། །དཀར་པོ་སྟེང་དུ་གཡོགས་པར་བདེ་བར་ཉལ་བྱས་ནས། །དེ་རིང་འདིར་ནི་རུས་པ་རྣམས་ཀྱིས་ཀུན་ཁྱབ་པའི། །ཐལ་བ་དང་བཅས་ཤིང་ཁང་ས་མལ་ཇི་ལྟར་ཉལ། །དེ་རིང་མཐོ་རིས་སོང་བའི་སྙིང་རྗེའི་གྲོགས་ལྡན་དུ་ཁྱོད་ལ། །སྐྱེ་བོས་ལྟ་འདོད་བྱས་པ་རང་བདེ་ལ་ནི་མ་ལྟོས་པ། །དམ་པའི་ཡོན་ཏན་གཏམ་གྱིས་མེ་ཏོག་རྣམས་མཆོད་གཏམ་རྣམས་ལ། །ཡིད་ནི་འཕྲོག་བྱེད་གང་གི་ཚོགས་རྣམས་བདག་གིས་


DTG169_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པར་གྱུར། །ཁྱོད་ཀྱིས་བདག་ལ་གཤིན་པའི་ཆུ་སྙེམས་མཆི་མས་འདྲེས་པ་ནི། །ལྟ་འདོད་སྦྱིན་པར་གྱུར་ཅེས་བྱ་བ་གང་ཞིག་རྣམ་བསམས་པ། །མཉེས་གཤེན་པས་བརླན་དག་པའི་ཡིད་ཀྱིས་དེ་ཤེས་འགྱུར་ན་ནི། །བུད་མེད་ཀྱིས་ནི་བདག་ཡིད་རེབ་ཅི་ཕྱིར་ཉམས་པར་བྱས། །དེ་ལྟར་ཚོང་དཔོན་གྱིས་ཡུན་རིང་པོར་སྨྲེ་སྔགས་འདོན་པར་བྱས་ནས་བྱང་ཆུབ་སེམས་དཔའི་ལུས་ལ་མེས་འདུ་བྱས་ཏེ། མིག་གི་ཆུ་རབ་ཏུ་འཛག་པས་དབང་བསྐུར་བར་བྱས་པའི་བཞིན་དང་ལྡན་པས་སྟོང་པ་དང་འདྲ་བར་སྨྲེ་སྔགས་ཀྱི་སྒྲ་དང་བཅས་པར་རང་གི་ཁྱིམ་དུ་སོང་བར་གྱུར་ཏོ། །དེ་ནས་རི་རབ་ཀྱི་ནི་ཕྱོགས་རེར་ཕུག་རྣམས་ལས་ནི་སྒྲ་ཆེན་གྲག །གསེར་གྱི་རྔེའུ་ཆུང་དང་ནི་རྔ་ཆེན་རྔ་ཆུང་རྣམས་ནི་བརྡུང་བྱས་ནས། །ལྷ་ཡི་ཚོགས་ཀྱིས་མྱ་ངན་འདས་པའི་མེ་ནི་དེ་ལ་དྲི་ཞིམ་པའི། །མེ་ཏོག་ཆར་ནི་བྱང་ཆུབ་སེམས་དཔའི་རུས་པའི་ཕུང་པོ་ལ་འབེབས་གྱུར། །དེ་ལྟར་བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ཅིང་གཞན་གྱི་དོན་དུ་བདག་ཉིད་ལན་དུ་མར་ཡོངས་སུ་གཏོང་བ་ཞེས་བྱ་བ་རྣམ་པར་བསམས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོག་ཏུ་དད་པ་བསྐྱེད་པར་བྱའོ་ཞེས་བྱ་བའོ། །ཚོང་དཔོན་གྱི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་བདུན་པའོ།། །།གཞན་གྱི་དོན་ནི་ཡང་དག་བསྒྲུབ་པའི་ཕྱིར། །བྱང་ཆུབ་སེམས་དཔའ་རྩྭ་བཞིན་ལུས་ནི་བཏང༌། །གཞན་ལ་བདེ་བ་སྒྲུབ་བྱེད་བརྟན་པ་རྣམས། །རང་གི་བདེ་བ་ལ་ནི་ལྟོས་པ་མིན། །འདི་ལྟར་རྗེས་སུ་ཐོས་ཏེ། སྟོན་ཀར་ཆུ་འཛིན་གྱི་ཚོགས་གསལ་བའི་ནམ་མཁའ་ལ་ཟླ་བ་ལྟར། མ་ལུས་པའི་རི་བོང་ཅན་གྱི་དཀྱིལ་འཁོར་གྱི་འོད་ཟེར་རྣམས་ཀྱིས་སྣང་བར་བྱས་པའི་མཚན་མོ་ལ་ཀུ་མུ་དའི་ཚོགས་ཁ་བྱེ་བ་དང་འདྲ་བར། རབ་ཏུ་མྱོས་པའི་ནགས་ཀྱི་ས་ལ་པདྨའི་འབྱུང་གནས་བཞིན་དུ། ལང་ཚོ་དང་པོ་ཕུན་སུམ་ཚོགས་པ་ལ་དུལ་བ་དང་འདྲ་བ། གསལ་བ་དང་འཇམ་པའི་ཡི་གེའི་ཚིག་དང་ལྡན་པའི་ངག་ལ་དོན་དང་འདྲ་བར་སྟོན་ཀའི་ཟླ་ཚེས་རིང་པོ་ཉིད་དུ་སོང་བ་ལྟར་དྲི་མ་མེད་པའི་ཆུ་དང་ལྡན་པའི་གསལ་བའི་ཉའི་ཚོགས་ཀྱིས་གཏིང་དུ་ཁྱབ་པ། འགྲམ་གྱི་ཤིང་རྣམས་ཀྱི་མེ་ཏོག་གི་རྡུལ་གྱིས་ཀུན་ནས་སེར་སྐྱར་བྱས་པའི་དབུ་བའི་ཕྲེང་བའི་


DTG169_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་རགས་ཀྱི་ཚོགས་དང་ལྡན་པའི་བཱ་རཱ་ཎ་སཱི་ཞེས་བྱ་བའི་ཆུ་བོས་བརྒྱན་པར་བྱས་པའི་རང་བཞིན་གྱིས་དགེ་བར་གྱུར་པའི་བཱ་རཱ་ཎ་སཱིར་རྒྱལ་པོའི་ཕོ་བྲང་དུ། སྤྲོས་པའི་སོའི་ནོར་བུ་རྣམས་ཀྱི་འོད་ཟེར་གྱི་སྣང་བས་མངོན་པར་བརྒྱན་པར་བྱས་པའི་བཞིན་གྱི་པདྨ་ཅན་ཞེས་བྱ་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་བྱུང་བར་གྱུར། མཛེས་པ་དང་ནི་གཟུགས་དང་གཟི་བརྗིད་རྣམས་ཀྱིས་ཀྱང༌། །བདེ་བ་དང་ནི་རྨོངས་པར་བྱེད་པ་གདུང་བའི་རྒྱུ། །རི་བོང་མཚོན་དང་མེ་ཏོག་མཚོན་ཆ་དྲོ་བའི་འོད། །གང་ཞིག་ཉམས་པས་ཅིག་ཅར་དུ་ནི་རྒྱལ་བར་བྱས། །ནམ་མཁར་འགྲོ་བ་རྣམས་ལ་འབྲས་བུ་དང་བཅས་ཤིང༌། །པདྨའི་ནགས་ལ་ཕུང་བའི་ཚོགས་རྣམས་དང་ནི་འདྲ། །གཅིག་ཏུ་འགྲོ་བ་རྣམས་ཀྱི་གཉེན་དུ་གྱུར་རྣམས་ལ། །གང་ལ་གྲོགས་པོ་བཞིན་དུ་བདེ་བ་འབྱུང་བར་གྱུར། །འགྲོ་རྣམས་དོན་ནི་སྒྲུབ་བདེ་ཡང་དག་བརྩོན་པའི་བདག་ཉིད་ཅན། །སྙིང་རྗེས་ཡོངས་སུ་འཛིན་དང་རྣམ་པར་དག་པའི་བློ་ལྡན་པ། །གང་གི་སྙིང་གར་སེར་སྣ་རབ་ཏུ་རྣམ་པར་མ་ཞུགས་ཏེ། །ཁྱིམ་གྱི་སྦྲུལ་ནི་སྔགས་རྣམས་ཀྱིས་ནི་བསྲུང་བར་བྱས། །གང་གི་བསམ་པ་ཆེ་བ་རབ་ཏུ་གྲགས་པའི་སྦྱིན་པས་ནི། །སེར་སྣ་རྣམ་པར་བཟློག་པར་བྱས་ཤིང་ཕྱོགས་རྣམས་སུ་ནི་ཁྱབ། །སློང་བའི་སྐྱེ་བོས་ནམ་ཡང་བྱིན་ཞེས་བྱ་བའི་ཚིག་རྣམས་ནི། །ཆུང་བར་བྱེད་པའི་སླར་ཡང་འཇིག་རྟེན་པས་ནི་ཐོས་མ་གྱུར། །སྙིང་གི་ཁ་བའི་རི་ལས་སྦྱིན་པ་མཉམ་པའི་ས་ལས་འཇུག་པ་ནི། །ཀུན་ནས་རྡུལ་ནི་ཉེ་བར་བཟློག་པ་འཇིག་རྟེན་མ་ལུས་ཁྲུས་བྱས་པ། །གང་ཞིག་ས་རྣམས་ཀུན་གྱིས་འདུད་བྱ་གཞན་དོན་གཅིག་པའི་འབྲས་བུ་ཅན། །རི་བོང་ཅན་གྱི་འོད་ཟེར་རྣམ་དག་གྲགས་པའི་གང་གཱ་གཟུང་བར་གྱུར། །གང་གི་རྒུད་པ་བསལ་བྱས་ཏེ། །དེ་རིང་ནོར་གྱིས་ཚིམ་བྱས་གང༌། །ཞི་བའི་ལམ་ལ་གཞག་པ་གང༌། །འདི་འདྲ་གང་གིས་གནས་པར་འགྱུར། །བདག་ཉིད་སྲིད་པ་རྣམ་གཅོད་ཕྱིར། །ལམ་བཟང་ལ་ནི་བཞག་འདོད་པས། །གཞན་དོན་མེད་པས་འགའ་ཞིག་གཞན། །བྱ་བ་བདག་ཉིད་ཆེན་རྣམས་མེད། །དཔུང་པ་དང་ནི་བརྩོན་འགྲུས་ཀྱིས་འཕམ་དགྲ་ལས་རྒྱལ། །གཞན་གྱི་ཡུལ་དུ་སྟོབས་ཅན་གང་གི་སྟོབས་རྣམས་ནི། །མངོན་པར་སོང་སྟེ་མཐོང་བའི་འཕེལ་བ་བྱུང་བ་ཡི། །


DTG169_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་ཆུ་རྣམས་འགྲམ་གྱི་མཐར་ནི་སོང་བ་བཞིན། །སྒྲ་སྒྲོགས་ཕན་ཚུན་ཡིན་པའི་རྔ་དང་ལྡན་པ་ཡིས། །གང་གིས་ཁྲོས་པ་རྣམ་པར་རྒྱས་བཞིན་གླང་པོ་རྣམས། །ཀུན་ནས་དབང་དུ་སོང་བ་བྱེས་སུ་འགྲོ་བའི་ཚེ། །ལྕགས་ཀྱུ་འཛིན་རྣམས་ཇི་ལྟར་ཡང་ནི་འབྱུང་བར་འགྱུར། །འཇིག་པའི་དབང་གིས་སྨྱོན་ཆུ་འབྱུང་བ་ཉེར་ཞི་བ། །རལ་གྲི་དང་ནི་མདའ་སྟན་ཁུ་ཚུར་ལྷོད་བྱས་པའི། །གཡུལ་ངོས་དགྲ་རྣམས་གང་གི་ང་རྒྱལ་བཟོད་མིན་ཏེ། །རི་དགས་བདག་པོ་ལ་ནི་གླང་པོ་ཆེ་རྣམས་ལྟར། །གང་ལ་གྲགས་པའི་གཟི་བརྗིད་ཅན་གྱིས་ཕན་ཚུན་དུ། །དོན་གཉེར་བདེ་བའི་དངོས་པོ་རྣམ་འཕེལ་ཕུན་ཚོགས་ཅན། །འབྲས་བུ་སྟེར་བའི་ཤིང་ལ་བྱ་བཞིན་སྐྱེ་དགུ་རྣམས། །རྟག་པ་ཉིད་ནི་བདེ་བའི་ཕྱིར་ནི་ངལ་སོ་འགྱུར། །དེ་ནས་དུས་གཅིག་གི་ཚེ་རྒྱལ་པོ་དེའི་ཡུལ་དུ་ཁམས་མི་སྙོམས་པས་ལྟོ་བའི་མེ་ཉེ་བར་འགྲིབ་པར་འགྱུར་ཏེ། ཉིན་རེ་བཞིན་དུ་ཀུན་ནས་སྐྱ་བ་དང་སྟོབས་ཆུང་བའི་ལུས་ཅན་གཟི་བརྗིད་མེད་པའི་སྐྱེ་བོའི་ཚོགས་ནད་ཆེན་པོས་བཏབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་བཀས་སྨན་པ་རྣམས། འབད་པ་དང་བཅས་པར་ཡང་དཔྱད་བྱེད་ཅིང་ནད་དེ་བསལ་བའི་ཕྱིར་སྐྱེ་བོ་དེ་ལ་ནུས་པར་མ་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་སྨན་པ་དེ་རྣམས་ལ་སྨྲས་པ། ཐབས་གང་གིས་སྐྱེ་བོ་རྣམས་ཀྱི་ནད་འདི་བསལ་ནུས་པར་འགྱུར་ཞེས་ཟེར་རོ། །སྨན་པ་རྣམས་ཀྱིས་སྨྲས་པ། ལྷ་ལགས་གལ་ཏེ་ཉ་རོ་ཧི་ཏའི་ཤ་ཡོད་པར་གྱུར་ན་དེ་ནས་བདག་ཅག་གིས་སྐྱེ་བོ་འདི་རྣམས་ནད་མེད་པར་བྱེད་ནུས་སོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོ་དེས་མཆོག་ཏུ་འབད་པར་བྱས་ཀྱང་གང་ནས་ཀྱང་ཉ་རོ་ཧི་ཏ་ཉེ་བར་རྙེད་པར་མ་གྱུར་ཏོ། །དེ་ནས་ནམ་ཞིག་དེ་ནི་ཕྱི་རོལ་བྱུང་བ་དང༌། །གླང་ཆེན་སྐྱེད་པར་གནས་པས་ཡིད་ཀྱི་དབང་ཕྱུག་ནི། །དཀར་པོའི་གདུགས་ཀྱིས་རབ་ཏུ་ལོག་པའི་ཉི་མ་ལ། །རླུང་ཡབ་གཡབས་པས་རྣམ་པར་གཡོས་པའི་ན་བཟའ་ཅན། །དེ་ནས་གཡོག་འཁོར་སྐྱེ་བོས་རྗེས་སུ་སོང་བའི་ས་སྐྱོང་ནི། །གླང་པོའི་བདག་པོ་རྙེད་ནས་ནད་པ་རྣམས་ཀྱིས་རྣམ་མཐོང་ནས། །མི་ནུས་བཞིན་ལྡན་གློ་བུར་ཉིད་དུ་ལག་པ་རྣམ་བཏེག་སྟེ། །མི་སྐྱོང་ནད་ལས་བདག་ཅག་སྐྱོབས་ཤིག་ཅེས་ནི་ཚིག་སྨྲས་གྱུར། །དེ་ནས་བྱང་ཆུབ་སེམས་དཔས་ནད་དང་ལྡན་ཞིང་ཡིད་


DTG169_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུག་པ་དེ་རྣམས་ཀྱིས་སྙིང་རྗེ་བའི་འོ་དོད་འབོད་པའི་སྒྲ་ཐོས་ནས། སེམས་སྡུག་བསྔལ་བར་གྱུར་པ་དང་ལྡན་པ་བརྩེ་བ་དང་ཡོངས་སུ་འདྲིས་པ་སྡུག་བསྔལ་གྱི་མཆི་མས་མིག་གང་བར་བྱས་པས་འདི་སྙམ་དུ་སེམས་པར་གྱུར་ཏོ། །བདག་ལ་རྒྱལ་སྲིད་ཀྱི་བདེ་བས་ཅི་ཞིག་བྱ་སྟེ། གང་དུ་བདག་གི་ཡུལ་འཁོར་ན་གནས་པ་རྣམས་ལ་གནས་སྐབས་འདི་ཞེས་བྱ་བ་བསམས་པར་གྱུར་ཏོ། །ཁྱིམ་དུ་ཞུགས་ནས་བློན་པོ་རྣམས་ལ་བོས་ཏེ། བདག་གིས་ནི་སྲས་དབང་བསྐུར་བ་རབ་ཏུ་བྱ་བའི་ཕྱིར་འདོད་པ་ཞེས་འདི་སྐད་ཅེས་སྨྲས་སོ། །དེ་ནས་བློན་པོ་རྣམས་ཀྱིས་སྨྲས་པ། ལང་ཚོ་སར་པས་རྩུབ་པའི་ལུས་འདི་ཡོད་པ་ལ། །སྡང་བ་འཇིགས་པར་བྱེད་པའི་ཕ་རོལ་གནོན་པ་ནི། །གཞན་དོན་རྒྱུ་ཡི་མངོན་པར་མཐོང་བ་ཡོད་པ་སྟེ། །ཁྱེད་ནི་ནགས་སུ་འགྲོ་བར་འདོད་པ་དུས་མིན་ཅི། །རྒྱལ་པོས་གསུངས་པ། ཇི་ལྟར་ཁྱེད་ཅག་རྣམས་ཀྱིས་རྟོག་པར་བྱེད་པ་དེ་ལྟར་ནི་མ་ཡིན་ནོ། །བློན་པོ་རྣམས་ཀྱིས་དེའི་ཕྱིར་སླར་འདི་ལ་ཞུས་པ། ལྷ་ཡི་དགོངས་པ་གང་ཞིག་ཡིན། རྒྱལ་པོས་གསུངས་པ། རྨི་ལམ་ངན་པ་མཐོང་བས་དོགས་པ་སྐྱེས་པ་བདག་འདི་ལྟར་རྟོག་པར་བྱེད་དེ་དུས་འགའ་ཞིག་ན་མ་བརྟགས་པ་ཉིད་དུ་མི་རྟག་པ་འདི་ཀུན་ནས་འོངས་ཏེ་བདག་ཉིད་ཉམས་པར་བྱེད་དེ་དེ་བས་ན་སྲས་དབང་བསྐུར་བ་ལྟ་བའི་ཕྱིར་འདོད་དོ་ཞེས་ཟེར་རོ། །བློན་པོ་རྣམས་ཀྱིས་སྨྲས་པ། ཇི་ལྟར་ལྷས་བཀའ་སྩལ་པ་དེ་བཞིན་ནོ་ཞེས་བྱ་བའོ། །དེ་ནས་ཀུན་ནས་མཐོ་བ་གསེར་གྱི་རྟ་བབས་ཅན། །སིལ་སྙན་མཆོག་གིས་གསལ་བ་ཡི་སྒྲ་ཁྱིམ་མཆོག་ལ། །སྲས་ལ་དབང་ནི་བསྐུར་བར་བྱས་གྱུར་སྲས་ལ་བྱམས། །ས་ཡི་བདག་པོ་ས་སྐྱོང་རྣམས་ཀྱིས་འདུད་བྱས་པའོ། །དེ་ནས་གཞོན་ནུ་དེས་ཡབ་ཀྱི་དྲུང་དུ་སོང་ནས་ཞུས་པ། བདག་གིས་ཇི་ལྟར་གནས་པར་བགྱི་ཞེས་བྱ་བ་ཡབ་ཀྲིས་བཀའ་སྩལ་བར་མཛོད་ཅིག །རྒྱལ་པོས་གསུངས་པ་བུ་ཉོན་ཅིག་རྣམ་པ་ཐམས་ཅད་དུ་དུས་ནམ་ཞིག་ན་ཡང་ཚེ་ལྡན་ཁྱོད་ཀྱིས་དོན་དུ་གཉེར་བ་རྣམས་ཀྱི་སྟེང་དུ་གུས་པ་མེད་པར་གནས་པར་མི་བྱ་ཞེས་བྱ་བའོ། །ལྟོས་ཤིག །སྨོད་པའི་རྒྱུ་སྟེ་བདེ་འགྲོ་རྣམས་ནི་འགོག་བྱེད་པ། །བསགས་པ་ཤ་ཟ་མོ་ནི་སྟོང་པའི་ཁང་པ་སྟེ། །ལེགས་པའི་ཟམ་པ་འཇིག་པར་བྱེད་པའི་ཆུ་ཚོགས་ནི། འདོད་པས་ལོང་བ་


DTG169_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སེར་སྣ་དགྲ་གྱུར་པ། །སྔོན་ནི་རང་གི་ནོར་ལ་ཆགས་པའི་སྨན་པ་རྣམས། །ཉ་ཡི་རྒྱལ་པོ་ཟོས་པས་བདག་ཉིད་ཚིམ་བྱས་ནས། །སྨིན་མ་བསྐྱོད་པས་འོད་འབར་རྩུབ་པའི་ཚིག་རྣམས་ཀྱིས། །ཐ་མར་མེད་ཅེས་སློང་བ་པོ་ནི་སྲེག་པར་བྱེད། །བློ་ལྡན་དེ་རྣམས་ལེགས་པའི་སྐྱེ་བ་འཕགས་པ་རྣམས། །སྐྱ་བ་གཞན་དང་དེ་རྣམས་ངན་སོང་མི་མཐོང་སྟེ། །གང་རྣམས་ཀྱིས་ནི་བདག་ཉིད་སྡུག་བསྔལ་རྒྱུ་ལས་འདོན། །སེར་སྣའི་སྦྲུལ་གྱིས་ཁད་པ་ཉིད་དུ་མ་བྱས་པའོ། །གཞན་ཡང་གང་ཞིག་དགག་པའི་རྡུལ་གྱི་དྲི་མ་ཅན་གྱི་ཕོངས་པའི་ཚིག་ནི་སྨྲ་བ་སྟེ། །རིང་ནས་སྐྱེ་བོ་དེ་ནི་རེ་བ་སླུ་བར་བྱེད་པས་སློང་མོ་རྣམས་ཀྱིས་ཡོངས་སུ་སྤོང༌། །སྐོམ་པས་རྐན་ནི་སྐམས་པར་གྱུར་པ་ལམ་ཞུགས་རྣམས་ཀྱང་ཁྲུས་དང་བཏུང་བའི་བྱ་བ་རྣམས། །དྲི་མ་མེད་པའི་སྐྱེ་བོ་འགྲོ་བའི་ཁྱིམ་གྱི་སྒོ་ཡི་ཆུ་ལ་བྱེད་པར་མི་འགྱུར་རོ། །ཁ་སྤུ་རིང་བ་རྣམས་ཀྱིས་མུན་པའི་གདོང་ཅན་རིང་པོར་རབ་ཞུགས་པ་ཡི་མིག་ལྡན་པ། །སྐྱེ་བོ་དབྱིག་པ་འཛིན་པ་རྣམས་ཀྱིས་གང་ཚེ་ཆུ་ནི་དོན་གཉེར་ཡི་དགས་རྣམས་ནི་བཟློག །དེ་ཉིད་མཁྱེན་པ་སྐྱེ་དགུ་རྣམས་ཀྱི་གཉེན་ནི་རྒྱལ་བས་སེར་སྣའི་འབྲས་བུ་དེ་གསུངས་ཏེ། དེ་ལྟར་ཡང་དག་བསམས་ནས་གཞན་ལ་ཕན་པ་རྒྱབ་ཏུ་ཕྱོགས་པའི་བློ་གྲོས་སྐྱེས་པས་མི་བྱའོ། །བུ་གཞན་ཡང་འཇིག་རྟེན་དུ་བདག་ཉིད་ཆེ་བར་འདོད་པ་ཁྱོད་ཀྱི་བདེན་པ་དང༌། གཏོང་བ་དང༌། བཟོད་པ་དང༌། སྦྱིན་གནས་ལ་སོགས་པའི་ཡོན་ཏན་གྱི་ནོར་བུ་རྣམས་ཀྱིས་བདག་ཉིད་མངོན་པར་བརྒྱན་པར་བྱའོ། །ཡོན་ཏན་ལྡན་ཞིང་ཞི་བ་འགྲོ་བ་རྣམས་ལ་ཕན་མིན་རྣམ་གཅོད་ལ་མཁས་པ། །ཡོན་ཏན་ཅན་ནི་མཉེས་གཤིན་རྣམ་འཇུག་ལེགས་པའི་བློ་ལྡན་ཤིན་ཏུ་བདེན་པའི་ཚིག །དཔལ་དང་ཡོངས་སུ་ཆགས་པ་རྒྱས་པའི་དྲི་མས་དྲི་མ་དང་བཅས་མིན་པ་ནི། །སྐྱེས་པ་རྣམས་ཀྱིས་སྐྱེས་པའི་གྲངས་སོགས་མཛེས་པའི་སྐྱེ་བོ་རྣམས་ནི་འཇོག་པར་བྱེད། །གང་དག་དྲལ་འཛིན་འགྲོ་བ་མ་ལུས་ནང་གི་ནད་ཀྱིས་དུབ་པ་སེལ་བྱེད་པ། །གང་དག་གིས་ནི་བློ་རྣམས་དང་བ་མུན་བྲལ་ནོར་བུ་རྣམས་ཀྱི་འོད་བཞིན་དུ། །གང་དག་སློང་མོ་བ་ནི་འདི་ལ་སྲོག་རྣམས་ཀྱིས་ཀྱང་དགའ་བ་བྱེད་འདོད་ཅིང༌། །དེ་རྣམས་ཡོན་ཏན་ལྡན་པ་རྣམས་


DTG169_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དང་པོའི་གྲངས་ལ་ཇི་ལྟར་འཇུག་མི་བྱ། །ཁྱོད་ཀྱིས་ཀྱང་སྐྱེས་བུ་ཐུན་མོང་བ་ལྟར། ཡོན་ཏན་དང་ལྡན་པ་རྣམས་ལ་གུས་པ་མེད་པར་གནས་པར་མི་བྱའོ། །ལྟོས་ཤིག་མ་དྲོས་འོད་ཟེར་འཐོན་ནས་ཡོན་ཏན་ཅན་བཞིན་དོན་དུ་གཉེར་བ་རྣམ་དག་ཐོབ། །ཆུ་འཕེལ་བས་ནི་རྒྱ་མཚོ་སྐད་ཅིག་དེར་ནི་ཀུན་ནས་འཁྲུལ་བཞིན་གྲགས་པར་བྱེད། །མཚར་བ་དང་ལྡན་དེ་ཉིད་ལ་ནི་རྒྱ་མཚོ་རྣམས་ཀྱི་ཆུ་འཕེལ་མི་འགྱུར་ཏེ། རབ་ཏུ་དགའ་བ་འབྱུང་བ་ཆེན་པོ་ཆེན་པོ་རྣམས་ཉིད་ལ་ནི་འབྱུང་བར་འགྱུར། །དེ་ནས་གསལ་བར་གྱུར་པའི་སྐར་མའི་ཚོགས་དང་འདྲེས་པའི་ནམ་མཁའ་ལ་རི་བོང་ཅན་གྱི་ཁྱད་པར་བརྩམས་པའི་ཤར་གྱི་ཕྱོགས་ལ་དཔེ་ཆགས་པའི་ཚོགས་ལྷུང་བས་རྣམ་པར་བསྐྱོང་པའི་མར་མེའི་རྩེ་མོའི་སོར་མོས་སྡིགས་མཛུབ་དང་འདྲ་བར་སར་པའི་ཆུ་གཏེར་ལྟར་སྔོ་བར་སྣང་བའི་མུན་པས་བར་རྣམ་པར་གྲོལ་བའི་ཁྱིམ་རྣམས་ལ་གནས་པའི་སྲོག་ཤིང་ལ་རྣམ་པར་འབྲེལ་པའི་གཡོ་བ་མེད་པའི་ཁྱིམ་བྱ་ཡོད་པ་དང༌། ཨ་ཀ་རུའི་སྤོས་ཀྱི་དྲིས་དྲི་ཞིམ་པར་བྱས་པའི་བྱུག་པའི་བྱ་བས་གཡོ་ཞིང་སྒྲ་སྒྲོགས་པའི་གདུ་བུ་རྣམས་ཀྱིས་བརྒྱན་པར་བྱས་པའི་ལག་པའི་པདྨ་ཅན་གྱི་བུད་མེད་རྣམས་ཀྱིས་ལྷག་པར་གནས་པ་དང༌། འཇམ་པའི་མལ་སྟན་གྱི་དཀྱིལ་དང་ལྡན་པའི་གནས་པའི་ཁད་པ་རྣམས་ལ་རབ་ཏུ་མ་འབྲེལ་བའི་སྐྱེ་བོ་ཉོ་ཚོང་གྱུར་པ་འགའ་ཞིག་ཏུ་རྣམ་པར་མ་བྱས་པར་གྱུར་པའི་ཚོང་དུས་ཀྱི་སར་བྱང་ཆུབ་སེམས་དཔས་སྲས་ལ་རྗེས་སུ་བསླབས་ནས། མར་མེའི་སྣང་བས་སྣང་བར་གྱུར་པའི་རྒྱན་རྣམས་ཀྱིས་མཛེས་པ་དང་ལྡན་པའི་ཁྱིམ་གྱི་མཆོག་གིས་ལ་འཛེགས་ནས། བཙུན་མོའི་འཁོར་གྱི་སྐྱེ་བོ་ཐམས་ཅད་བཏང་བར་བྱས་པ་བཱ་རཱ་ཎ་སཱིའི་ཆུ་བོ་དེ་ལ་བདག་ཉིད་མཆོང་བར་འདོད་ཅིང་འདི་སྐད་ཅེས་སྨྲས་པར་གྱུར་ཏོ། །ཆུ་བོ་འདི་ལ་ལུས་ཆེ་བ། །རིན་ཆེན་དཀར་པོ་ལྟར་དྲི་མེད། །ཚུལ་འཇིག་རྟེན་ནད་ཞིའི་ཕྱིར། །རོ་ཧི་ཏ་ཉར་བདག་གྱུར་ཅིག །དེ་ལྟར་སྐྱེ་དགུའི་དོན་དུ་ཡོངས་འཕེལ་ཤར་ལྡན་པ། །བརྩེ་བའི་ཁྱད་པར་རྗེས་སུ་འགྲོ་བའི་ཡོན་ཏན་ལུས། །ལུས་ནི་བཏང་བར་བྱས་ཏེ་སྤྲོ་ཞིང་ཁྱབ་པའི་མཆོག །ཆུ་བོ་བཱ་རཱ་ཎ་སཱིར་ས་ཡི་དབང་ཕྱུག་གིས། །དེ་ནས་ས་བདག་དེ་ནི་རྣམ་པར་མཛེས་པར་གྱུར། །རང་གི་ཁྱིམ་ནས་ཆུ་ལ་ངེས་པར་མཆོད་བྱེད་ཅིང༌།


DTG169_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོ་མཆོག་རབ་འགྲམ་ནས་བསྐལ་པའི་ཤིང་འདྲ་བར། །ལྷ་ཡི་དབང་ཕྱུག་གླང་པོ་དཔྲལ་འབུར་གྱིས་བརྡུངས་པ། །དེ་ནས་ས་ཡི་སྐྱོང་བས་མཆོངས་པར་གྱུར་པ་ལ། །རླུང་གིས་བཤིག་པའི་དཀར་བས་ཁྱབ་པའི་ནམ་མཁའ་ཅན། །ཆུ་ཡིས་བསྐྱོད་པར་བྱས་པའི་ཉ་ཡི་ཚོགས་དང་ལྡན། །བསྐྱོད་པའི་ངང་སྐྱ་ཅན་གྱི་འགྲམ་ནི་རྒལ་བར་གྱུར། །ཆུ་བོ་དེ་ལ་མཆོངས་པས་སྐད་ཅིག་གིས་ནི་དེ། །ཀུན་ནས་མཐོ་བའི་ཆུ་ཡི་སྒྲས་ནི་འཇིགས་བྱས་པ། །ཁ་བ་ཅན་གྱི་རི་མཉམ་པ་དང་འདྲ་བའི་ལུས། །རོ་ཧིའི་ཉ་ནི་མི་ཡི་དབང་པོ་བྱུང་བར་གྱུར། །བདག་ཉིད་ཆེན་པོ་དས་བྱེ་མ་དཀར་པོ་ལྟར་ཡིད་འཕྲོག་པའི་ཆུ་བོའི་འགྲམ་ནས་རྒལ་ནས་གལ་ཏེ་སྐྱེ་བོའི་ཚོགས་འདི་བདག་སྲོག་རྣམས་ལས་རྣམ་པར་བྲལ་བར་བྱེད་ན་དེ་ནས་ཉེས་པར་སྤྱད་པའི་འབྲས་བུ་དང་ལྡན་པས་ངན་འགྲོ་ལ་མངོན་དུ་ཕྱོགས་པར་འགྱུར་ཞེས་བྱ་བའོ། །དེ་བས་ན་འདིར་རྙེད་པ་འདི་རང་ཉིད་ཀྱིས་དབང་པོ་ཐམས་ཅད་འགགས་པར་བྱས་ནས་སྲོག་ཡོངས་སུ་དོར་བར་བྱའོ་ཞེས་བྱ་བ་རྣམ་པར་བསམས་ནས་སྲོག་རྣམས་དོར་བར་གྱུར་ཏོ། །དེ་ནས་རྙོག་པ་ཅན་གྱི་ཆུས་དབང་བསྐུར་བ་དཀར་པོ་མཆེ་བ་གཉིས་པ་དབྲལ་བར་འབུར་གཉིས་ལྡན་པ། ནུབ་པའི་རིའི་རྩེ་མོ་བཟུང་བའི་བསིལ་བའི་འོད་ཟེར་ཅན་ཡོད་པ་ལ་ཤིན་ཏུ་སྲབ་པའི་རྡུལ་གྱིས་ཉེ་བར་བསམས་པའི་ཤེལ་གྱི་ནོར་བུ་དང་འདྲ་བའི་རབ་ཏུ་སྲབ་པར་གྱུར་པའི་སྐར་མ་ཡོད་པ་རྣམས་ལ་ཀུ་མུ་དའི་ཚོགས་ཟུམ་པར་གྱུར་པ་ལ་པདྨའི་འབྱུང་གནས་གཉིད་ལོག་པ་དང་བྲལ་བར་གྱུར་པ་རྣམས་ཡོད་པ་དང༌། བ་བླའི་རྡུལ་དང་འབྲ་བའི་ཆུང་བའི་འོད་ཟེར་གྱིས་རིའི་རྩེ་མོ་རྣམས་ཀུན་ནས་བྱུག་པར་བྱས་པ་ཡོད་པ་རྣམས་ལ་མིའི་བདག་པོས་སྟོང་པའི་མལ་ཆ་སྐྱོང་བར་བྱེད་པའི་སྐྱེ་བོ་ལས་ཉེ་བར་ཐོས་ནས། བློན་པོ་རྣམས་ཀྱིས་རྒྱལ་པོ་དེ་གང་དུ་གཤེགས་པར་གྱུར་ཅེས་བྱ་བ་ཁྱིམ་དང་ཉེ་བར་སྐྱེས་པའི་སྐྱེད་མོས་ཚལ་ཉེ་བར་མཐོང་ནས་ཀུན་ནས་ཡོངས་སུ་བསྐོར་ཅིང༌། བཱ་རཱ་ཎ་སཱི་ཞེས་བྱ་བའི་རྒྱ་མཚོའི་བུད་མེད་ཀྱི་འགྲམ་དུ་མུ་ཏིག་གི་ཕུང་པོ་ལྟར་རིང་བར་གྱུར་པ་ཉ་རོ་ཧི་ཏ་ཞེས་བྱ་བ་མཐོང་བར་གྱུར་ཏོ། །གཟུགས་མ་མཐོང་བར་གྱུར་པ་ནམ་མཁའ་ལ་གནས་པའི་ལྷ་རྣམས་ཀྱི་ཟབ་པའི་ཚིག་དེ་རྣམས་ཀྱིས་ཀྱང་ཐོས་


DTG169_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཏེ། ནད་ཀྱི་སྡུག་བསྔལ་རྣམ་གཅོད་ཕྱིར། །སྐྱེ་བོ་འདི་ལ་ས་བདག་དེ། །བདག་ཉིད་ཆུ་བོའི་ཆུ་ལ་ནི། །དོར་ནས་རོ་ཧི་ཏ་ཉར་གྱུར། །དེ་ནས་བློན་པོ་དེ་རྣམས་ཀྱིས་དེ་ཐོས་ནས་མྱ་ངན་གྱི་སྡུག་བསྔལ་གྱིས་ཡིད་སྡུག་བསྔལ་བར་གྱུར་པས་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་སྙིང་རྗེས་རྒྱལ་བོའི་བདག་ཉིད་སེམས་ཅན་རྣམས་ལ་ཕན་དོན་དུ་འདི་ལྟར་ཡོངས་སུ་དོར་བར་བྱེད་ཅིང༌། ས་ལ་མ་ལུས་པ་འདི་མགོན་མེད་པར་གྱུར་པ་ཞེས་བྱ་བ་རྣམ་པ་མང་པོར་དེ་ལྟར་སྨྲེ་སྔགས་བཏོན་ནས་ཡིད་སྟོང་ཞིང་རང་གི་ཁྱིམ་རྣམས་སུ་མངོན་པར་སོང་བར་གྱུར་ཏོ། །གཏམ་འདི་བློན་པོ་རྣམས་ལས་ནི། །ཉེ་བར་དམིགས་ནས་མུན་པས་ཁྱབ། །ལྷ་མོ་མཆི་མ་འཛག་པའི་མིག །ས་བདག་དེ་ལ་སྨྲེ་སྔགས་འདོན། །འཇིག་རྟེན་གཉེན་གྱུར་ཁྱོད་ནི་ཐོས་པ་ཙམ་གྱིས་ཀྱང༌། །རང་ཉིད་ཀྱིས་ནི་ས་བདག་མཐོ་རིས་སོང་བ་ཞེས། །དེ་ལྟར་ན་ཡང་མཐའ་མེད་སྡུག་བསྔལ་སྐལ་བ་ཅན། །འཚོ་བར་འདོད་པ་བདག་ནི་རྣམ་སྤངས་ཕྱིར་ནི་འདོད་མ་ཡིན། །ཤིན་ཏུ་འཇམ་པའི་སེམས་ལྡན་ཁྱེད་ཀྱིས་བརྩེ་བ་ནི། །ནམ་ཡང་སེམས་ནི་རྩུབ་མེད་སྡང་བར་བྱེད་བ་ཡང༌། །སྐྱོན་མེད་པར་ནི་རྗེས་སུ་འགྲོ་བའི་སྐྱེ་བོ་འདི། །རྗེས་སུ་ཆགས་ཅན་རྣམ་སྤངས་ཅི་ཕྱིར་ཁྱོད་ནི་སོང༌། །ཁྲོས་པ་ཤིན་ཏུ་ཆེ་བ་དྲག་མོ་རྣམ་པར་མཐོང༌། །བུད་མེད་སྐྱེ་བོའི་མདུན་དུ་འདི་ལྟར་སྨྲ་བྱེད་ཅིང༌། །རྒྱུ་མཚན་མེད་པའི་ཕྲག་དོག་གིས་ཁྲོས་ཐུར་དུ་བལྟ། །བདག་ལ་དི་རིང་ཉེ་བར་འོངས་ནས་སུ་ཞིག་དང༌། །རྣ་བར་ཁ་ཕྱེ་ཨུཏྤལ་སར་པ་བྱས་པ་ཅན། །དཔྲལ་འཕྱང་སྐྲ་རྣམས་མཛེས་པ་རླབས་ཅན་བྱས་ནས་ནི། །རྒྱན་གྱི་དོན་དུ་ས་ལ་གནས་པར་རིམ་གྱིས་ཏེ། །ཡིད་འཕྲོག་ཐིག་ལེ་བདག་ལ་སུ་ཞིག་བྱེད་པར་འགྱུར། །གང་ཞིག་སྦང་པར་ཞུགས་པས་གཡོབ་བ་བྱས་གྱུར་པ། །བདག་གི་དགའ་བོས་ཆགས་ལྡན་དགའ་མོ་བཞིན་དུ་གང༌། །དེ་མེད་པས་ནི་དེ་རིང་པི་ཝང་དེ་ཡུན་རིང༌། །ཁྱིམ་དུ་བསམ་གཏན་ལྡན་པ་འབྱུང་བར་འགྱུར། །གང་ཞིག་གཞན་གྱི་ཟླ་བ་མཛེས་པས་ཞུགས་འགྱུར་བ། །པདྨ་གཅིག་པར་གནས་པའི་ཆུ་དང་མཚུངས་པ་ཉིད། །དེ་ཉིད་མྱ་ངན་བྱེད་པ་བཞིན་དུ་ཀྱེ་མ་ནི། །ཐོ་རངས་ཟླ་བའི་རྣམ་པ་མེ་ལོང་འདི་ནི་བྱུང༌། །ཡིད་འཕྲོག་ཤིང་གི་ར་བའི་དབུས་སུ་འཇུག་པ་ནི། །ཡོངས་སྨིན་འཛམ་


DTG169_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ལྡན་པ་ཁྱེད་ཅག་ལ་བྱིན་ནས། །བདག་གི་དགའ་བོ་མེད་པས་ཤིར་ཥའི་མེ་ཏོག་འདྲ། །ནེ་ཙོ་ཁྱོད་ལ་དི་རིང་སུ་ཞིག་ཀློག་པར་འགྱུར། །བདག་གི་འགའ་བོ་གྲོགས་དང་བྲལ་བ་དེས་སོང་བས། །སླར་ཡང་བདག་ལ་སྐྲ་ལོ་བཞག་པས་དགོས་པ་མེད། །ཡུན་རིང་ཁྱོད་ནི་མེད་པར་བྱེད་པ་དོན་གཉེར་ཅན། །བདག་གི་དི་རིང་སྐྲ་ལོ་ཅི་ཕྱིར་འཆིང་མི་འགྱུར། །དེ་ནས་བཙུན་མོའི་འཁོར་གྱི་མཛེས་མའི་སྐྱེ་བོ་ནི། །དེ་ལྟར་ལྷ་མོའི་སྨྲེ་སྔགས་འདོན་པ་ཉེས་བྱས་ནས། །མེ་ལོང་ལྟ་བུའི་གུས་པ་གཏོང་བ་སྐད་ཅིག་གིས། །ཡིད་ནི་འཕྲོག་པ་རྒྱན་འདོགས་ས་ནི་དོར་བར་གྱུར། །གང་དག་མིག་ནི་ཐ་མ་དང་འབྲེལ་མིག་ཐུར་ནི། །མིག་སྨན་བྱེད་པར་འདོད་པ་མྱུར་དུ་རྣམ་སྤངས་ནས། །སྡུག་བསྔལ་དང་ནི་ལྡན་པ་ཕྱེད་རྫོགས་བུད་མེད་ནི། །མཆི་མ་དང་བཅས་རྒྱན་གྱིས་ཁྱབ་པར་ཕྱིས་པར་གྱུར། །རྣམ་པར་ཕྱི་ཞིང་གེ་སར་དང་བཅས་མེ་ཏོག་ནི། །མགོ་ལ་སྐྱེས་པ་རྣམས་ནི་ཀུན་ནས་བཀྲོལ་ནས་ནི། །ནུས་མེད་དྲི་ཞིམ་ཐིགས་པའི་དབྱེ་བས་སེར་སྐྱ་ཅན། །ཁ་ཅིག་ལྷན་ཅིག་བྱེད་པའི་སྙེ་མ་བྲལ་བར་བྱས། །རྣམ་པར་བསྐྱོད་པའི་ཕྲེང་བའི་རྒྱན་གྱིས་ཁྱབ་པའི་གོས། །གཞན་དག་གིས་ནི་འཁྱོག་པའི་དཔྲལ་གནས་སྐྲས་ཁྱབ་པ། །བུད་མེད་རྣམས་ནི་ལྷུང་གྱུར་བུང་བས་འཁོར་བ་སྟེ། །བསྐལ་པའི་རླུང་གིས་གདུངས་པ་ཡིད་འཕྲོག་བསྐལ་ཤིང་འདྲ། །ཁ་ཅིག་བསྙེན་བཀུར་བ་ཡི་སྐྱེ་བོ་ལས་ཤེས་ནས། །མཆི་མ་བཅས་པའི་མིག་ཅན་ས་བདག་ཤི་བ་ཉིད། །མཚན་མོའི་པདྨ་ལྟར་ཁྱབ་པ་ཡི་ཚིག་ལྡན་པ། །ས་ལ་ལྷུང་སྟེ་བུད་མེད་རྣམས་ནི་ཤི་བར་གྱུར། །གཞན་ནི་རིམ་གྱིས་འཁོར་བའི་སྐྱེ་བོས་རྣམ་པར་མཐོང་བཞིན་པ། །མི་བདག་ཟླ་བའི་འོད་ནི་རྣམ་པར་རྒྱལ་བ་དེ་བྲིས་ནས། །པང་དུ་ཡང་དག་གནས་པ་བུད་མེད་དུ་ཞིང་སྡུག་བསྔལ་གྱིས། །རི་མོའི་ཤིང་ལེ་བ་སྐྱ་རིས་རྣམས་དང་ལྷན་ཅིག་དོར་བར་གྱུར། །སྐྲ་རྣམས་རྣམ་པར་འཛིངས་ནས་དྲི་ཞིམ་ཀུན་ནས་ཆད་པ་ཡི། །སྐུད་པ་རྣམས་ཀྱིས་མེ་ཏོག་ཁ་ཕྱེ་རྣམས་ཀྱིས་ལྡན་པ་ནི། །གཞོན་ནུ་མ་ནི་ཁ་ཅིག་གདུ་གུ་ཆད་པའི་པདྨ་ལྟར། །དམར་བའི་ལག་པ་རྣམས་ཀྱིས་བྲང་ནི་སྐད་ཅིག་དེ་ལ་བརྡུངས། །དེ་ནས་བློན་པོ་ཆེན་པོ་དེ་རྣམས་མྱ་ངན་གྱི་དབང་གིས་


DTG169_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་མཆི་མའི་ཐིགས་པ་འབྱུང་བའི་སྙིང་རྗེ་རྗེ་འདྲ་བའི་སྨྲེ་སྔགས་འདོན་པ་དང་ལག་པའི་སྲས་ཆེ་བ་དེས། གཞན་ལ་སྙིམ་བའི་ཆུ་སྦྱིན་པར་བྱས་ནས་བཙུན་མོའི་འཁོར་དེ་རྣམས་རྣམ་པ་གང་གིས་ཀྱང་དབུགས་འབྱུང་བར་བྱས་ཏེ། ནད་ཀྱིས་མནར་བའི་སྐྱེ་བོ་དེ་ལ་སྨྲས་པར་གྱུར་ཏོ། །རྒྱལ་པོ་དེའི་དགོངས་པ་ལྟར་གྱིས་ཤིག །དེ་ལྟར་ན་དེ་མཆོད་པར་འགྱུར་རོ་ཞེས་ཟེར་རོ། །དེ་ནས་སྐྱེ་བོའི་ཚོགས་དེས་མཚོན་ཆ་རྣམས་ཀྱིས་བཅད་ནས་ཉ་རོ་ཧི་ཏ་དེའི་ཤ་ལས་བླངས་ནས་སྨན་པས་བསྒོ་བའི་རིམ་པས་ཉེ་བར་ལོངས་སྤྱོད་པར་བྱས་ཏེ་ནང་དེ་ལས་རབ་ཏུ་གྲོལ་བར་གྱུར་ཏོ། །དེ་ལྟར་ན་བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་ན་ཡང་སེམས་ཅན་རྣམས་ཀྱི་དོན་དུ་དཀའ་བ་སྤྱད་པ་རྣམས་མཛད་པ་དེ་བས་ན་སྙིང་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ལ་སེམས་དང་བཅས་པའི་སྐྱེ་བོ་སུ་ཞིག་ཅེས་བྱ་བ་གུས་པ་དང་ལྡན་པར་མི་འགྱུར་རམ་ཞེས་བྱ་བའོ། པདྨ་ཅན་གྱི་སྐྱེས་རབས་ཏེ་སྐྱེས་པའི་རབས་བརྒྱད་པའོ།། །།བདག་ཉིད་ཀུན་ནས་གདུང་བར་བྱས་ཀྱང་ནི། །སྦྱིན་པའི་འབྲས་བུ་ཤེས་པས་སྦྱིན་པ་བཏང༌། །དེ་ནི་ཞིང་གི་ས་ལ་ངལ་བ་སྟེ། །གང་ཞིག་ས་བོན་ལས་ནི་འབྲས་བུར་དད། །འདི་ལྟར་རྗེས་སུ་ཐོས་ཏེ། བཱ་རཱ་ཎ་སཱིའི་རྒྱལ་པོའི་ཕོ་བྲང་ན་ཚུལ་གྱི་སྟོབས་ཀྱིས་ཕ་རོལ་རྣམ་པར་གནོན་པས་རྒྱལ་པོའི་ཆོགས་གཞན་དབང་དུ་བྱས་པ། འཁོར་ལོས་སྒྱུར་བ་ལྟར་ཐོགས་པ་མེད་པའི་འཁོར་ལོ་ཅན་ཁྱད་པར་རྣམ་པ་བཞིས་བློན་པོའི་ཚོགས་བརྟགས་པར་བྱས་པ། ཐོས་པ་དང༌། ཚུལ་ཁྲིམས་དང༌། གཏོང་བ་ལ་སོགས་པའི་ཡོན་ཏན་ནོར་བུ་རྣམས་ཀྱི་གཏེར་དོན་དུ་གཉེར་བའི་སྐྱེ་བོ་དང་ཐུན་མོང་བའི་དབང་ཕྱུག་དང་ལྡན་པ། ནོར་བུ་དཀར་པོ་བཅད་པ་ལྟར་དཀར་བའི་གྲགས་པས་རྒྱ་མཚོའི་ཕ་རོལ་ཀུན་ནས་བརྒལ་བར་བྱས་པ་གཞན་གྱི་དོན་སྒྲུབ་པའི་ཕྱིར་འབད་པས་རྩོལ་བ་དེ་དུས་གཅིག་གི་ཚེ་ན། བྱང་ཆུབ་ཆེན་པ་ཉེ་བར་རྒྱས་པར་བྱས་པའི་བྱང་ཆུབ་སེམས་དཔའ་ཚངས་པས་བྱིན་ཞེས་བྱ་བའི་རྒྱལ་པོ་བྱུང་བར་གྱུར་ཏོ། །སུ་ཞིག་རྒུད་པ་བསལ་བྱས་ཏེ། །དེ་རིང་ནོར་གྱིས་ཚིམ་བྱས་གང༌། །སུ་ཞིག་ཞི་བའི་ལམ་ལ་གཞག །གང་གི་འདི་འདྲ་གནས་པ་འབྱུང༌། །བདག་ཉིད་སྲིད་པ་རྣམ་གཅོད་


DTG169_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །ལམ་བཟང་པོ་ལ་གཞག་འདོད་དེ། །གཞན་དོན་མེད་པར་གཞན་འགའ་ནི། །བདག་ཉིད་ཆེ་རྣམས་བྱ་བ་མེད། །དེར་ཡང་ཆོས་ཀྱི་རྒྱལ་སྲིད་རྗེས་སུ་སྐྱོང་བའི་རྒྱལ་པོ་ལ་དུས་གཅིག་ན་མུ་གེ་ཤིན་ཏུ་དྲག་པོ་བྱུང་བར་གྱུར་ཏོ། །རིམ་གྱིས་ཀྱང་ཡུལ་དེར་རབ་ཏུ་སྲབ་པའི་ཆུ་གཏེར་མཐོང་བ་གཅོད་པའི་དབང་གིས་ཀུན་ནས་སྐམས་པའི་ཀུ་བའི་ལྗོན་ཤིང་ཆུས་བཀབ་པའི་ཚོགས་དང་ལྡན་པ་དང༌། བང་མཛོད་སྟོང་པའི་བུག་པ་ནས་ཞུགས་པའི་བྱི་བ་རྣམས་ཀྱིས་ཕྱིར་འབྱུང་བཞིན་པའི་རབ་ཏུ་སྲབ་པའི་སཱ་ལུའི་སྣུམ་པས་རྩིག་པའི་རྩ་བ་ཁྱབ་པ་དང༌། གཏུན་ཤིང་དང་སྲུབ་པའི་སྒྲ་མ་རྟོགས་པ་དང༌། བཀྲེས་པས་རིད་པའི་དུ་བའི་སྐྱེ་བོས་མཐོང་བཞིན་པའི་སྒེད་པོ་ལ་ཀུན་ནས་གཞག་པའི་རླངས་པ་དང་ལྡན་པའི་ལོ་མའི་ཕུང་པོ་དང་ལྡན་པ་དང༌། དོན་དུ་གཉེར་བའི་སྐྱེ་བོ་རྣམས་གྱིས་སྒོ་རྣམས་ན་ལྷག་པར་མི་གནས་པ་དང༌། བུ་མོ་རྣམས་ཀྱིས་བཏུས་བཞིན་པའི་ཀུན་ནས་རྙིང་བའི་ལོ་མ་ནི་ལོ་མ་དང་ལྡན་པ་དང༌། ཤི་བ་ལས་ལྷག་མར་གྱུར་པའི་སྟོབས་ཆུང་བའི་བ་གླང་གི་ཚོགས་ཀྱིས་ལྷག་པར་གནས་པར་གྱུར་པའི་སྐམས་པ་དང་རབ་ཏུ་ཆད་ཅིང་འགྲིབ་པའི་བ་གླང་གི་ཚོགས་དང་ལྡན་པ་དང༌། མཚན་མོ་མར་མེ་དང་བྲལ་བས་ཞུགས་པའི་མུན་པས་བགྲོད་པར་དཀའ་བ་དང༌། དྲི་མ་ཅན་དང་རྙིང་པའི་གོས་གྱོན་པའི་དབུལ་བའི་སྐྱེ་བོ་དང་ལྡན་པ་དང་ཁ་བས་ཕྱིད་པའི་པདྨོའི་ནགས་ལྟར་ཁྱིམ་རྣམས་དཔལ་མེད་པ་ཉིད་དུ་སོང་བར་གྱུར་ཏོ། །དེ་ནས་སྐྱེ་བོའི་ཚོགས་དེས་ཀུན་ནས་ཉེ་བར་འོངས་ཤིང་རྒྱལ་པོ་ལ་སྨྲས་པ། འགྲོ་བའི་དོན་དུ་འབད་པ་ཀུན་ནས་བརྩམས་པ་ཡིས། །བརྒྱ་བྱིན་དང་མཚུངས་ས་ཡི་དབང་ཕྱུག་ཁྱོད་ནི་ཡོད་པ་ལ། །སྐྱེ་བོ་འདི་ནི་བཀྲེས་པའི་མེ་ཡིས་གདུངས་པས་ཉམས་པ་ནི། །སྟོབས་ཆུང་ཡན་ལག་སྲོག་ཤིང་ཇི་ལྟར་སྐམས་པར་གྱུར། །དེ་ནས་སྐྱེ་བོ་དེ་ནི་དྲི་བཅས་རྙིང་པའི་གོས་ལྡན་པ། །འོད་ནི་རྩུབ་པ་དྲེགས་པས་ཉེ་བར་གདུངས་ཤིང་སྡུག་བསྔལ་པ། །བྱ་བ་རྣམ་པར་བྲལ་བ་ཡང་དག་མཐོང་ནས་ས་བདག་ནི། །མིག་དག་སྡུག་བསྔལ་གྱིས་ནི་མཆི་མ་ཡང་དག་འབྱུང་བར་འགྱུར། །དེ་ནས་རྒྱལ་པོ་དེས་ལོ་ལེགས་པ་དུས་འདི་ཙམ་ནས་འབྱུང་བར་འགྱུར་ཞེས་བྱ་བ་རྣམ་པར་ཤེས་ནས་བང་མཛོད་


DTG169_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབྲས་སོ་བའི་ཚད་ཡོངས་ཏེ། སྐྱེ་བོའི་ཚོགས་དེ་ལ་འབྲས་ཆང་པ་རེ་རེ་ཉི་མ་རེ་རེ་ཞིང་བྱིན་པར་གྱུར་ཏོ། །བདག་ཉིད་ཀྱིས་ཀྱང་ཆང་པ་གཉིས་མངོན་པར་འཚལ་བར་གྱུར་རོ། །སྐྱེ་བོའི་གྲངས་འཇུག་པར་གྱུར་པ་དེ་ལ་བྲམ་ཟེ་གཞན་དག་སྡོད་པར་མ་གྱུར་ཏོ། །དེས་ཀྱང་ཡུན་རིང་པོ་ནས་གཏམ་དེ་ཐོས་ནས་ཉེ་བར་འོངས་ཏེ། བྱང་ཆུབ་སེམས་དཔའི་མདུན་དུ་སྡུག་བསྔལ་གྱིས་ཡོངས་སུ་ཕོངས་པའི་ཡི་གེ་འདི་སྨྲས་སོ། །རང་གི་སྐྱེ་བོའི་གྲོགས་དང་རྣམ་བྲལ་བས། །འདོད་པའི་ཕུན་སུམ་ཚོགས་པ་མ་འོངས་པས། །སྣ་ཚོགས་རྒུད་པ་རྣམས་ཀྱི་སྐྱོན་གྱིས་ཀྱང༌། །ཀྱེ་མ་འགྲོ་བ་གཏམ་ནི་མང་བ་ཡིན། །བསྟན་པའི་སྡུག་བསྔལ་ཟིལ་གནོན་པའི། །སློང་བ་སྡུག་བསྔལ་ཆེན་པོའི་ཕྱིར། །ཡུན་རིང་ལམ་གྱིས་ཀུན་དུབ་པའི། །མདུན་དུ་རི་ལ་འཛེག་པ་ལྟར། །སྡུག་བསྔལ་བསྟན་པ་ཡིད་རེ་ང༌། །འབྲས་བུ་མ་ཐོབ་སྐྱེ་བོ་ནི། །ཡུན་རིང་བྱ་བྱེད་འཆིང་བདག་གིས། །ཤིན་ཏུ་འདི་ནི་སྡུག་བསྔལ་བྱེད། །བདེ་བའི་རེ་བའི་ཁྱིམ་རྨོངས་པས། །མཐོན་པོར་འཛེག་པའི་མི་རྣམས་ལ། །སྡུག་བསྔལ་སྐས་རིམ་ཕྲེང་བ་རྣམས། །མདུན་དུ་འཕེལ་བ་ཉིད་དུ་གྱུར། །འདི་ནི་མི་ལུས་སྡུག་བསྔལ་ཉིད། །སྐྱེ་བ་དང་ལྡན་འགག་པ་དང༌། །དེ་ལྟ་ན་ཡང་རྨོངས་རྣམས་ལ། །བདེ་པའི་འདུ་ཤེས་འཇུག་པར་གྱུར། །རྨོངས་པས་སེམས་ཀྱི་གླང་པོ་སྐྱོན། །དྲན་པའི་སྟོབས་ཀྱིས་ལྕགས་ཀྱུ་དོར། །དབང་པོའི་མཆེ་བ་གཉིས་རྣམས་ཀྱིས། །སྡུག་བསྔལ་རྒྱུ་ཡིས་རིངས་ནས་ཕྲོགས། །སོ་གའི་དུས་ཀྱིས་གདུངས་པར་བྱས་པའི་རྨ་བྱ་ཡང༌། །ས་ཡི་སྟེང་དུ་གནས་པའི་ཆུ་ནི་འཐུང་མི་བྱེད། །ནམ་མཁའ་ལ་འཁོར་ཆར་དུས་སྐྱེས་ལ་སྡོད་པ་ནི། །ཁྱད་པར་འདོད་པའི་སྡུག་བསྔལ་སྟེན་བྱད་སྐྱེ་བོ་ཡིན། །གལ་ཏེ་དབང་པོ་གཅིག་ལ་གནས་པར་བྱས་པར་གྱུར་ན་དེ་ཉིད་ལ་ནི་སྡུག་བསྔལ་འབྱུང༌། །སྟོབས་དང་ལྡན་པ་གཅིག་གིས་ཀྱང་ནི་ཁུར་པོ་ཆེན་པོ་ཁུར་བོར་ནུས་པ་མ་ཡིན་ཏེ། །དེ་ལྟར་ལྷ་ཡི་ལམ་གྱི་རྗེས་འབྲང་སྡུག་བསྔལ་ཤིན་ཏུ་ཆེ་བ་བདག་གིས་རྣམ་བསམས་ནས། །བདག་ཉིད་རྣམ་པ་དུ་མར་ཁྱབ་བདག་ཉིད་ཀྱིས་བྱས་ཏེ་དབང་པོ་ཐམས་ཅད་ལ་ནི་གནས། །རྒྱལ་བོས་གསུངས་པ། བྲམ་ཟེ་ཆེན་པོ་བདག་ཉིད་ཀྱི་སྡུག་བསྔལ་འདི་ལྟར་


DTG169_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དང་ཡང་དུ་རྗེས་སུ་བརྗོད་པ་རྣམས་ཀྱིས་ཅི་ཞིག་བྱ། །གང་གིས་དགོས་པ་དེ་མྱུར་དུ་བརྗོད་པར་གྱིས་ཤིག་ཅེས་ཟེར་རོ། །བྲམ་ཟེས་སྨྲས་པ། བླངས་པར་མ་གྱུར་པ་ཡང་ལྷ་ཡི་དབང་པོས་སྟེར། །གཙང་ཞིང་མང་བའི་ཆུ་ནི་ཆུང་བ་སློང་བ་ལ། །དེ་ལྟ་ན་ཡང་མི་བརྟན་དེ་ནི་སྐད་ཅིག་སློང༌། །དོན་གཉེར་སྐྱེ་བོ་འཇིགས་པ་གང་ཕྱིར་རང་བཞིན་ཉིད། །འདོད་པ་ཆུང་བ་བདག་ཡིད་ཀྱང༌། །སྒྲུབ་པར་བྱེད་པ་མ་ཚང་བས། །འགྱོད་དེ་གུས་པ་སྟེར་དེ་བས། །སྡོམ་ཆངས་གཅིག་ནི་བདག་ལ་རྩོལ། །དེ་ནས་བྱང་ཆུབ་སེམས་དཔས་འདི་ལྟར་རྣམ་པར་བསམས་པར་གྱུར་ཏེ། །ཀྱེ་མ་འདོད་པ་ཆེན་པོ་ཉིད་ཅེས་བྱ་བ་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་མཚན་དུ་གྱུར་པ་ནི། འདོད་པ་ཆུང་བ་ལ་ཡང་དགོས་པའི་བསམ་པ་ངལ་བར་བྱེད་པ་ཉིད་དུ་འགྱུར། །འདོད་པ་ཆེ་བ་ལ་ནི་ངལ་བ་མ་སྤྱད་ལྷག་པར་ཡིད་ནི་སྡུག་བསྔལ་བྱེད། །མེ་ནི་ཁུར་མེད་པ་ཡང་དཀའ་བས་ས་འཛིན་ལ་ནི་ཀུན་ནས་འཛེག་པ་སྟེ། །ཕྲག་པར་བཀོད་པའི་ཆེ་ཤིང་ལྕི་བའི་ཁུར་བུས་རབ་ཏུ་གནོན་པ་སྨོས་ཅི་དགོས། །དེ་ནས་རྣམ་པར་བསམས་ནས་རྒྱལ་པོ་དེས་བྲམ་ཟེ་དེ་ལ་ཉི་མ་རེ་རེ་ཞིང་བདག་ཉིད་ཀྱི་ཁམ་གཉིས་པོ་དེ་ལས་ཁམ་གཅིག་བྱིན་པར་གྱུར་ཏོ། །ཁམ་གཅིག་ཟོས་པ་དེའི་དེ་ཉིད་དུ་ཡིད་ཚིམ་ཞིང་རྣམ་པར་བཞུགས་པར་གྱུར་ཏོ། །དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོ་དེ་ལ་ངོ་མཚར་བ་དང་བཅས་པས་འདི་སྐད་ཅེས་སྨྲས་པར་གྱུར་ཏོ། །ཨེ་མེ་ཁམ་གཅིག་ཟོས་པས་ཀྱང་ལྷའི་ལུས་ལ་སྟོབས་དང་འོད་རྣམས་འགྲིབ་པར་མ་གྱུར་ཏོ། །རྒྱལ་པོས་གསུངས་པ། གང་གི་ཕྱིར་འདིར་ཆོག་ཤེས་པ་ནི་བསྔགས་པར་བྱ་བ་སྟེ། ཁྱེད་ཅག་རྣམས་ལྟོས་ཤིག །ཆོག་ཤེས་པ་དང་ཆོག་མི་ཤེས་དག་ནི། །བདེ་སྡུག་རྣམ་པར་བྱེད་པ་ཤེས་བྱས་ནས། །སྐྱེ་བོ་འདི་ནི་བདེ་བ་འདོད་པ་སྟེ། །ཆོག་མི་ཤེས་ནི་གཏོང་བར་མི་བྱེད་དོ། །བདེ་བའི་སྲེད་པ་མ་བཏང་ཞིང༌། །ཆགས་པ་ལ་སོགས་འཇུག་བྱེད་པ། །སྡུག་བསྔལ་སྐས་རིམ་ཕྲེང་རྣམས་ཀྱི། །མཐར་ནི་སུ་ཞིག་འགྲོ་བར་འགྱུར། །ལྕགས་ཀྱིས་ལྕགས་ཀྱང་བརྡུང་བར་བྱས་ན་འཇིག་པར་འགྱུར་བ་སྟེ། ཀ་བ་སྟོབས་ལྡན་ཡང་ནི་གཉིས་འཐུང་དབང་བོས་གཅོག་པར་བྱེད། །ལྷ་ཡི་དགྲ་སྟའི་སོ་


DTG169_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ཀྱང་ནི་ཡུད་ཙམ་དུ་ལྷུང་བ། །སྲིད་པའི་ལྗོན་ཤིང་འདི་ནི་རྣམ་པ་གང་གིས་གཅོད་མི་འགྱུར། །ཆོག་ཤེས་སྔགས་ཀྱིས་ཡངས་སུ་སྐྱོང་བར་བྱེད་པའི་སེམས་འཇུག་པ། །ཡུལ་གྱི་སྦྲུལ་གྱི་འཇིགས་པ་རྣམ་སྤངས་བདེ་བར་གནས་པ་སྟེ། །བརྟེན་པ་ཡང་ནི་འབྲས་བུ་མི་འབྱུང་ཡིད་འདོད་ཤིང་རྣམས་ལ། །ལྷ་ཡི་གཉིས་འཐུང་གིས་ནི་ཆགས་པ་རྣམས་ལ་ཟད་མི་འགྱུར། །བསྙེན་པ་ཕོངས་པས་ནམ་ཡང་མགོ་ནི་འདུད་བར་མི་བྱེད་དོན་དུ་གཉེར་བ་ཆུང་ཡང་མི་འགྲོ་སྟེ། །ནོར་གྱི་ང་རྒྱལ་རྣམས་ཀྱི་མདུན་དུ་རྗེ་བོ་བཀའ་སྩོལ་ཞེས་པའི་ཚིག་ནི་སྨྲ་མིན་ཏེ། །སྐྱེ་བོ་ངན་བ་སྦྲུལ་རྣམས་དག་གི་མེ་ནི་ཕྲག་དོག་ཞན་པར་མི་འགྱུར་ཏེ། །ཆོག་ཤེས་ཐོབ་པ་གཅིག་པུ་སྐྱེ་བར་ལྡན་པ་ཉིད་ནི་བདེ་བར་འབྲས་བུ་དང་ལྡན་བླངས་པར་གྱུར། །དེ་བས་ན་ཤིན་ཏུ་བདེ་བ་འདོད་བའི་སྐྱེས་བུས་ཆོག་ཤེས་པ་ལ་ཡོངས་སུ་འདྲིས་པར་བྱའོ། །དེ་ལྟར་ཨེ་མ་ལེགས་པར་གསུངས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཚིག་ལ་མངོན་པར་བསྟེན་པར་བྱས་ཏེ། བློན་པོ་དེ་རྣམས་རང་གི་ཁྱིམ་དུ་སོང་བར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་ལ་རྒྱལ་པོ་དེའི་དཀའ་བ་སྤྱད་པ་དེ་དང་གཞན་ལ་ཕན་པའི་སྒྲུབ་པ་ལ་མངོན་པར་ཕྱོགས་པ་མཐོང་ནས་འདི་ལྟར་བྱུང་བར་གྱུར་ཏོ། །ཨེ་མ་ངོ་མཚར་བ་སྟེ་གང་གི་ཕྱིར་རྒྱལ་པོ་ཚངས་པས་བྱིན་འདི་རང་གི་ལུས་ཀྱི་སྡུག་བསྔལ་ཡང་མ་བརྩིས་པར་ཉི་མ་རེ་རེ་ཉིད་དུ་སེམས་ཅན་གྱི་དོན་དུ་སྒྲུབ་པར་བྱེད་ཅེས་བྱ་བའོ། །དེ་བས་ན་འདིའི་ངེས་པ་རེ་ཞིག་ཤེས་པར་བྱ་ཞེས་རྒྱལ་པོ་དེའི་བཟའ་བའི་དུས་ན་བྲམ་ཟེའི་གཟུགས་སུ་མངོན་པར་སྤྲུལ་ནས་ལོ་མའི་ཐུམ་པོ་གཟུང་ཞིང་མདུན་དུ་གནས་ཏེ་སྨྲས་པར་གྱུར་པ། ཅིས་ཀྱང་དུག་གི་ཤུགས་ཀྱིས་བརྒྱལ་བ་ཡི། །དོན་གཉེར་རྣམས་ཀྱིས་བདག་གི་སྡུག་བསྔལ་བསལ་བྱ་སྟེ། །སྐོམ་པར་གྱུར་ཀྱང་མ་དུས་པར་ནི་ནུ་མ་དག །འཐུང་འདོད་ལ་ཡང་མ་ནི་ནུ་མ་སྟེར་མི་འགྱུར། །དྲེགས་པས་གདུངས་པའི་ལུས་ལྡན་པ། །ཡུན་རིང་ལམ་གྱིས་སྡུག་བསྔལ་བསྐྱེད། །སློང་བཞིན་པ་ལས་བདག་ཁྱེད། །བཟང་བ་ཅུང་ཟད་བདག་ལ་སྩོལ། །དེ་ནས་བྱང་ཆུབ་སེམས་དཔས་རང་གི་བསམ་པས་ཡིད་ཚིམ་པར་བྱས་པ་རབ་ཏུ་དགའ་བ་མཆོག་གི་རྗེས་སུ་འགྲོ་བས་ཁམ་གཅིག་པོ་དེ་གཉིས་སྐྱེས་ཀྱི་གཟུགས་དང་ལྡན་པའི་ལྷའི་བདག་


DTG169_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་བྱིན་པར་གྱུར་ཏོ། །དེ་ནས་ལྷའི་དབང་ཕྱུག་དྲི་མ་མེད་པ་དང་རྣམ་པ་སྣ་ཚོགས་པའི་ཅོད་པན་གྱི་ནོར་བུ་རྣམས་ཀྱི་འོད་ཀྱིས་ཀུན་ནས་བསླང་བའི་དབང་པོའི་གཞུའི་ཁོར་ཡུག་གིས་ཀུན་ནས་སོང་བའི་ལུས་དང་ལྡན་པ་བུས་མོའི་མཐར་རབ་ཏུ་འཕྱང་བའི་མུ་ཏིག་གི་གཏེར་གྱིས་མངོན་པར་བརྒྱན་པར་བྱས་པ་མགྲིན་བར་བསྐོར་བར་བྱས་པའི་དྲི་ཞིམ་པོའི་མན་དཱ་ར་བའི་མེ་ཏོག་གི་ཕྲེང་བ་དང་ཉེ་བར་བསྐོར་བའི་བུང་བའི་ཚོགས་དང་ལྡན་པའི་བདག་ཉིད་ཀྱིས་གཟུགས་གསལ་བར་བྱས་ཏེ། ཡང་དང་ཡང་དུ་འདི་ལྟར་བྱང་ཆུབ་སེམས་དཔའ་ལ་མངོན་པར་བསྟོད་པ་བྱས་པར་གྱུར་ཏོ། །བདག་གི་ངོར་ནི་བྱང་ཆུབ་ཀྱང༌། །ལུས་ཅན་རྣམས་ནི་སྦྱིན་བ་སྟེར། །རང་གི་སྡུག་བསྔལ་མ་བསམས་པར། །ཁྱེད་ལས་གཞན་གྱིས་སྟེར་བ་མིན། །སྙན་སྨྲ་དམ་པའི་སྐྱེ་བོའི་ལམ་ནི་སྟེན་བྱེད་པ། །གཞན་ལ་ཕན་པའི་ཕྱིར་ནི་རྟག་ཏུ་བརྩོན་པ་རྣམས། །ཁྱེད་ཅག་དོན་དུ་གཉེར་བ་སུ་ཞིག་བདེ་མི་བྱེད། །འབྲས་བུ་རྗེས་སུ་འབྲེལ་པས་ཡིད་ཀྱི་རེ་བ་བཞིན། །གང་ཕྱིར་དོན་གཉེར་མཉེས་གཤིན་པས་ནི་གཉེན་བཞིན་དགའ་བ་སྐྱེས་པའི་མིག་གིས་བལྟ་བ་སྟེ། །གང་ཞིག་འདས་པའི་དུས་མིན་འཇམ་པ་སྟེར་བར་གྱུར་ཏེ་གང་ཞིག་གུས་པ་ཉུང་བ་ཡང༌། །དོན་དུ་གཉེར་ལ་ལྷག་མའི་བདེ་བ་བྱིན་ན་གང་ཞིག་ལན་མང་བདེ་བ་ཐོབ་འགྱུར་བ། །དེ་ནི་རིང་བྱས་པ་ཡི་ལྷག་མའི་སྦྱིན་པའི་སྤྱོད་པ་མཁས་པ་རྣམས་ཀྱིས་སྦྱིན་པ་པོ་ནི་སྨྲ། །རྣམ་པ་ཐམས་ཅད་དུ་ས་འདི་མགོན་དང་བཅས་པ་གང་ལ་ཁྱེད་ནི་བསྲུང་བ་པོ་སྟེ་དེ་བས་ན་ཞིང་པ་རྣམས་ལ་ས་བོན་ཐམས་ཅད་འདེབས་པར་མཛོད་ཅིག །བདག་ནི་དི་རིང་ཉིད་ནས་བརྩམས་ཏེ་ཆར་པ་འབེབས་པར་འགྱུར་ཞེས་བྱ་བ་སྨྲས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་འབྲས་ཀྱི་སོ་བ་ཐམས་ཅད་འདེབས་པ་ཡོད་པ་ལ་ལྷའི་བདག་པོའི་མཐུས་བསྐྱོད་པར་བྱས་པའི་གློག་གིས་ཀུན་ནས་དཀྲིས་པར་བྱས་པའི་ལྟོ་བ་ཅན། གསེར་གྱིས་བརྒྱན་པར་བྱས་པའི་གླང་པོ་ཆེ་དང་འདྲ་བར་ཀུན་ནས་གསེར་གྱི་རྒྱན་གྱིས་བརྒྱན་པའི་གླང་པོ་ཆེ་བཞིན་དུ་ཀུན་ནས་ཆུས་སྦོས་པའི་ཆེ་བའི་གཟུགས་དང་ལྡན་པ། བསིལ་བ་དང་འཇམ་པའི་རླུང་གིས་རེག་པའི་དབང་གིས་རབ་ཏུ་སྲབ་པར་གྱུར་པའི་དབུགས་ཀྱིས་གཉའ་བ་བསྐྱོད་པའི་རྨ་བྱ་གྱེན་དུ་ལྟ་བ་རྣམས་ཀྱིས་སྒྲ་འབྱིན་པ་དང༌། ཆུ་འབྱུང་བའི་དུས་ལ་


DTG169_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་ཚིམ་པའི་བརྟན་པ་རྣམས་ཀྱི་འབྲུག་དང་འདྲ་བར་ཀུན་ནས་ཕྱོགས་ཀྱི་སྒོ་དང་བཅས་པ་བར་སྣང་ལ་ཆུ་འཛིན་པ་རྣམས་ཀུན་ནས་འཁྲིགས་པར་གྱུར་ཏོ། །དེ་ནས་ཀ་དམ་པ་དང་ཨ་རྫུ་ན་ཡི་དྲིས། །འབྱེད་པའི་བསིལ་བའི་རླུང་གིས་ཀུན་ནས་གདུངས་པ་སྟེ། །ལྟོ་འཕྱེ་རྣམས་ཀྱིས་རིང་བར་ཙན་དན་ཤིང་རྣམས་ནི། །ཀུན་ནས་དབུགས་འབྱུང་གཉེན་དང་འདྲ་བར་གཏོང་བར་གྱུར། །ཙཱུ་ཏའི་གསེར་བཞིན་སེར་སྐྱ་འབྲས་བུ་སྤངས་བྱས་ནས། །འཇུག་ཅིང་ངེས་པར་འབྱུང་བའི་སྟོབས་ལྡན་ནེ་ཙོས་ནི། །ཤིང་ལོ་དང་མཚུངས་མཆུ་དང་འཛམ་བུའི་འབྲས་བུར་ལྡན། །ལྕེ་ནི་གསལ་བ་ཡོངས་སུ་སྨིན་བ་དུ་མ་བུར་བྱས། །ཆུ་འཛིན་དུས་ནི་ཡུན་རིང་བོས་ནི་འབྱུང་འགྱུར་བ། །བདེ་བ་དང་ལྡན་ཁྱིམ་བདག་གི་ནི་པང་གནས་འདྲ། །རྩྭ་ཡི་མྱུ་གུ་ཆད་པས་གོས་མེད་བྱས་པ་སྟེ། །ས་ནི་སྤུ་ལངས་ལྡན་པ་འདྲ་བ་བྱུང་བར་གྱུར། །ཆུ་བོ་རབ་ཏུ་འཇུག་པའི་ཆུས་ནི་འགྲམ་འབིགས་པ། །སཱ་ལུ་སྐྱེས་པ་ཨུཏྤལ་ཟུམ་པས་ཁྱབ་པ་ནི། །ཞིང་གིས་རྣམས་ཀུན་ལས་ཡུན་ནི་རིང་པོར་ཡང༌། །རྣམ་པར་མཐོང་ཞིང་ཞིང་པ་རྣམས་ནི་དགའ་བར་གྱུར། །ཤིན་ཏུ་ཤ་ནི་ཉེ་བར་འཕེལ་བས་པགས་པ་མཐོ། །སྔོ་བའི་རྩྭ་ཡི་མྱུ་གུ་ཀུན་ནས་ཟད་བཞིན་པའི། །ཞག་རེར་འོ་མ་འཕེལ་བར་འགྱུར་བའི་བ་རྣམས་ཀྱི། །ནུ་འཇིང་རྣམས་ནི་ལྕི་བ་ཉིད་དུ་སོང་བར་གྱུར། །རིམ་གྱིས་ཀྱང་ཀུན་ནས་སྲབ་པ་དཀར་པོའི་ཆུ་འཛིན་གྱི་དུམ་བུ་རྣམས་ཀྱིས་ཁྱབ་པའི་ནམ་མཁའ་དང་ལྡན་པ་དཀར་བའི་ཀ་ཤའི་མེ་ཏོག་གི་གོས་ཀྱི་ཆུ་བོ་རྣམས་ཀྱིས་བར་ཁྱབ་པ། ཁ་ཕྱེ་བའི་པདྨ་དང་ཨུཏྤ་ལ་རྣམས་ཀྱིས་བརྒྱན་པར་བྱས་པའི་ཆུའི་རྟེན་སྟོན་ཀ་བྱུང་བ་ལ། མཐིང་ཤིང་གིས་ཁ་བསྒྱུར་བའི་ཁྱིམ་གྱི་རྩིག་པ་དང་འདྲ་བར་ནམ་མཁའ་སྔོ་བ་ལ་ཆུ་འཛིན་གྱི་གོས་དང་བྲལ་བ། ངོ་ཚ་བ་དང་བཅས་པའི་མཚན་མོའི་བུད་མེད་ལྟར་མཐོང་ནས་ངོ་མཚར་བར་གྱུར་པ་དང་འདྲ་བར་སྐྱེ་བོ་རྣམས་ཀྱི་མིག་ལ་དགའ་སྟོན་དུ་གྱུར་པའི་རི་བོང་ཅན་ཡོད་པ་ལ། རབ་ཏུ་ཕྱེ་བའི་ཨུཏྤལ་སྔོན་པོའི་རྡུལ་འཕྲོག་པའི། །རྣམ་པར་འགྲོ་བའི་རླུང་གིས་ཅུང་ཟད་འདོར་བ་ནི། །དྲི་ཞིམ་སཱ་ལུ་རྣམས་ཀྱི་སྲབ་པའི་དྲ་བའི་ཚོགས། །སྨིན་མ་ཆ་ཆར་སེར་སྐྱ་ཉིད་དུ་ཁྱེར་བར་འགྱུར། །སར་པ་གསེར་གྱི་ཕྱེ་མ་དང་ནི་མཚུངས་པའི་འོད་ལྡན་པ། །སྦྲང་གིས་བརླན་པ་


DTG169_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤལ་དང་ནི་པདྨའི་སྣོད་གནས་པ། །གསལ་ཞིང་མེ་ཏོག་རོ་ཡི་ཆ་ཡིས་སློང་མོ་ངལ་བ་ཡི། །སྦྲང་བྱེད་དགེ་སློང་ལ་ནི་སྟོན་ཀའི་བུད་མེད་སྦྱིན་པར་གྱུར། །མུན་པ་ཟད་ཅིང་མཚན་མོ་རྣམས་ལ་འོད་ནི་འོངས་པ་སྟེ། །ཟླ་བའི་ནོར་བུ་དཀར་པོའི་འཇིག་པའི་དག་པ་འགྲོ་བཞིན་པ། །སྒྲ་བྲལ་ཆུ་ནི་རླབས་ཀྱི་རི་མོ་ཉུང་ཞིང་དང་བ་ཉིད། །ཆུ་བོ་རྣམས་ཀྱི་གསལ་བའི་ཉ་ཡི་ཚོགས་ལྡན་འགྲོ་བར་གྱུར། །ཕྱོགས་རྣམས་ཀྱི་ནི་བར་མཚམས་ཅུང་ཟད་འདྲེས་པར་གྱུར། །སུམ་ཅུའི་བདག་པོའི་གཞུ་ཡིན་དབུས་སུ་ཆད་པ་བྱས་པ་ནི། །ཀུན་ནས་སྐྱེ་ཞིང་འཛག་པ་གློག་ནི་རབ་ཏུ་ཐིམ། །སྤྲིན་གྱི་ཚོགས་རྣམས་རླུང་གིས་ཉེ་བར་གཡོ་བ་ཉིད་དུ་གྱུར། །རྒྱ་ཆེ་བ་ཡི་མུན་པ་བུང་བ་ལྟར་སྔོ་གསལ་འདོད་ཅིང༌། །གདེངས་ཀའི་དགྲ་དང་གཉིས་འཐུང་བདག་པོའི་དཔྲལ་འབུར་དང་མཉམ་པའི། །མཚན་མོའི་རི་བོང་ཅན་གྱི་བུམ་པས་སྦྱིན་པར་གྱུར་པ་ནི། །ཟླ་ཚེས་ཆུ་ཡི་ཀུ་མུ་ཏ་ནི་འཐུངས་ཏེ་བཏུང་འདོད་པ། །དེ་ནས་མུ་གེའི་སྡུག་བསྔལ་གྱིས་ཉེ་བར་འཚེ་བ་རྣམ་པར་བཟློག་པའི་སྐྱེ་བོའི་ཚོགས་དེས་བདེ་བར་བཞུགས་ཤིང་བློན་པོའི་ཚོགས་ཀྱིས་ཀུན་ནས་བསྐོར་བའི་རྒྱལ་པོ་དེའི་གན་དུ་འོངས་ནས། །འདུན་པ་ལ་སོགས་པའི་དུས་སུ་གུས་པ་དང་བཅས་པས་འདི་ལྟར་སྨྲས་པར་གྱུར་ཏོ། །ཁྱོད་ཀྱི་བསོད་ནམས་མཐུ་ཡིས་ནི། །ཤིན་ཏུ་ཆེ་བའི་མི་དབང་ཕྱུག །འགྲོ་བའི་སྡུག་བསྔལ་བསལ་བ་སྟེ། །ལོ་ལེགས་པ་ནི་ཡང་བྱུང་ངོ༌། །ས་སྟེངས་དགའ་སྟོན་གྱུར་པ་ཡི། །འབྱུང་པོ་ཀུན་ལ་བརྩེར་ལྡན་པ། །ས་ཡི་བདག་པོ་ས་འདི་ནི། །མགོན་པོ་ཁྱོད་ཀྱི་མགོན་དང་ལྡན། །རིན་ཆེན་ཚོགས་ནི་གཙང་བའི་གཟི་བརྗིད་རྒྱ་མཚོ་དང༌། །བསིལ་བའི་འོད་ཟེར་ཅན་གྱི་འོད་ཚོགས་དྲི་མེད་པ། །ཡལ་ག་ཆེན་པོ་ཅན་གྱི་འབྲས་བུ་ཕུན་ཚོགས་དང༌། །ལྷ་ལགས་ཁྱོད་ཀྱི་ཕུན་ཚོགས་རྣམས་ཀྱང་གཞན་དོན་ཕྱིར། །རྒྱ་མཚོའི་རླབས་ཆེན་ཆུ་ནི་བ་ཚྭ་ཅན་ཡིན་ཏེ། །ཟླ་བ་ལ་ནི་མཚན་མ་དྲི་མ་ཅན་ཡོད་དེ། །ཨེ་མ་ཁྱེད་ཅག་ལྟ་བུ་ལེགས་པའི་སྐྱེ་རྣམས་སླར། །ཡིད་ནི་སྐྱོན་གྱི་དྲི་མ་རྣམ་པར་བྲལ། །ཁྱེད་ནི་རྒྱ་ཆེའི་བློ་ལྡན་གཏི་མུག་མུན་པ་ནི། །ཟད་པར་བྱེད་པ་གལ་ཏེ་སྐྱེ་བར་མ་གྱུར་ན། །སྡུག་བསྔལ་རྒྱ་མཚོའི་ཆུ་ལ་སྐྱོབ་པར་བྱད་པ་ནི། །འགྲོ་བ་མ་


DTG169_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་རྣམ་པར་ཁྱབ་པ་ཉམས་པར་གྱུར། །དེ་ལྟར་ན་བཅོམ་ལྡན་འདས་དེ་ཉིད་བྱང་ཆུབ་སེམས་དཔར་གྱུར་པ་ན། བདག་ཉིད་ཀྱང་སྡུག་བསྔལ་བར་མཛད་ནས་སེམས་ཅན་རྣམས་རྗེས་སུ་བཟུང་ངོ་ཞེས་བྱ་བ་རྣམ་པར་བསམས་ནས་རྒལ་བར་དཀའ་བའི་འཁོར་བའི་རྒྱ་མཚོ་འདི་རྒལ་བར་འདོད་པས་དཀའ་བ་མཆོག་ལ་ཡང་སྦྱིན་པ་ལ་རྩེ་གཅིག་པས་གནས་པར་བྱ་ཞེས་པའོ། །ཚངས་པས་བྱིན་གྱི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་དགུ་པའོ།། །།རང་གི་ནད་ལ་བརྩི་བར་མ་བྱས་ཏེ། །གང་ཞིག་རང་སངས་རྒྱས་ལ་མར་ནི་ཕུལ། །ཉོན་མོངས་པ་ཡི་ནད་ཀྱི་གསོ་བ་ནི། །དེ་ཉིད་སྐྱེ་བོ་འདི་ལ་བྱས་པར་གྱུར། །འདི་ལྟར་རྗེས་སུ་ཐོས་ཏེ། ཁ་བ་ཅན་གྱི་ས་འཛིན་པའི་རྩེ་མོ་དང་རྗེས་སུ་མཐུན་པའི་ལྷ་རྣམས་ཀྱི་ཉེ་འཁོར་གྱི་མངོན་པར་བརྒྱན་པར་བྱས་པ། རྟག་ཏུ་ལོ་ལེགས་པའི་ཕྱིར་རབ་ཏུ་དགའ་བའི་ཁྱིམ་བདག་གིས་ཀུན་ནས་མཆོད་པར་གྱུར་པའི་དོན་དུ་གཉེར་བའི་སྐྱེ་བོ་དང་ལྡན་པ། ནོར་གྱི་བདག་པོའི་ཕུན་སུམ་ཚོགས་པ་དང་འདྲ་བར་ཤིན་ཏུ་དགའ་བར་གྱུར་པ་ཀུ་མུ་ཏ་དང་ལྡན་པ་ཞེས་བྱ་བའི་རྒྱལ་པོའི་ཕོ་བྲང་བྱུང་བར་གྱུར་ཏེ། དེ་ལྟ་བུར་གྱུར་པའི་རྒྱལ་པོའི་ཕོ་བྲང་འདི་པ་ཡང༌། དགྲ་ཡི་སྐྱེ་བོ་ཉེ་ཞིང་སྐྱེ་བོ་ལ་བྱམས་པ། །ཡོན་ཏན་ནོར་ཅན་དཔལ་གྱི་ནོར་སྦྱིན་དང་མཉམ་པ། །རྩུབ་མིན་སྐྱེས་བུའི་བྱ་བ་བརྟན་པར་གྲགས་པ་ནི། །སྐྱེས་བུ་སེང་གེ་ཞེས་བྱ་ས་སྐྱོང་བྱུང་བར་གྱུར། །ཀུ་མུ་ཏ་ཡི་མདོག་ཅན་ཞེས། །འོད་དང་ལྡན་པ་ཟླ་ཚེས་ལྟར། །ས་སྐྱོང་དེ་ཡི་བཙུན་མོ་ནི། །མཆོད་སྦྱིན་བརྒྱ་པའི་བཙུན་མོ་བཞིན། །དེ་ནས་དགེ་མོ་དེའི་སྲས་ནི། །དགེ་བའི་ཡོན་ཏན་རྣམས་ཀྱི་སྣོད། །བུ་ལ་དགའ་བ་དམ་པ་ནི། །ཡིད་མིག་དགའ་བྱེད་སྐྱེས་པར་གྱུར། །ངག་ནི་དོན་ལྡན་བཞིན་དག་པ། །ཚུལ་ནི་མིག་ལྡན་འདྲ་བ་དང༌། །དེས་ནི་ལྷག་པར་དེ་མཛེས་ཏེ། །མཚན་མོ་ཟླ་བ་ལྡན་པ་བཞིན། །དེ་ནས་སྲས་སྐྱེས་པས་རབ་ཏུ་དགའ་བའི་ས་སྐྱོང་ལ་རྒྱལ་མཚན་དང་བ་དན་རབ་ཏུ་མཐོ་བའི་རྣམ་པ་སྣ་ཚོགས་པའི་ཚོང་དུས་ཀྱི་བཞི་མདོ་ཅན། ཤིན་ཏུ་དྲི་ཞིམ་པའི་དྲིའི་ཆུས་རྒྱལ་པོའི་ལམ་ཆག་ཆག་བཏབ་པ། ལམ་གྱི་སྐྱེ་བོའི་མཆོད་པ་ལ་གཡེངས་པའི་མིའི་བདག་པོའི་ནང་མིའི་སྐྱེ་བོ་དང་ལྡན་པ། ཀུན་ནས་བརྡུང་བཞིན་པ་རྣམ་པ་སྣ་ཚོགས་པའི་རོལ་ཆའི་སྐད་ཀྱིས་བཙུན་མོའི་འཁོར་


DTG169_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནས་གང་བར་བྱས་པ། བརྒྱན་བཞིན་པའི་གར་མཁན་མོའི་ཚོགས་དང་ལྡན་པ། གར་རྟོག་པའི་ཁང་པའི་མཛེས་པ་ལ་ཉེ་བར་གནས་པའི་གར་གྱི་སློབ་དཔོན་རྣམས་ཀྱིས་བལྟ་བར་གྱུར་པ། བཙོན་ཁང་གི་སྐྱེས་བུ་བཀྲོལ་བར་གྱུར་པའི་ལྷའི་གྲོང་ཁྱེར་གྱི་རྣམ་པ་ཅན་གྱི་གྲོང་ཁྱེར་དེ་བྱུང་བར་གྱུར་ཏོ། །དེར་ནི་མི་ཡི་དབང་ཕྱུག་ལ་ནི་སྲས་དེ་སྐྱེས་པ་ཡི། །གང་ཕྱིར་སེམས་ཅན་རྣམས་ལ་ཡིད་ནི་ཕན་འདོད་འགྱུར། །དི་རིང་གཞོན་ནུའི་ཡོན་ཏན་རྗེས་མཐུན་པ། །སྐྱེ་བོས་ཕན་འདོད་ཅེས་བྱ་མིང་དུ་བཏགས་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཕན་འདོད་མཚོན་རྣམས་ཐམས་ཅད་གསལ་བས་ཀུན་ནས་མཚོན་བཞིན་པའི་འབྲས་བུ་ཆེན་པོ་དང་ལྡན་པ། ཤིང་གཞོན་ནུ་ལྟར་སྐྱེད་བཞིན་པའི་མེ་ཏོག་དྲུང་བ་ཉི་མ་རེ་རེ་ཞིང་དོན་དུ་གཉེར་བའི་སྐྱེ་བོ་རྣམས་ཀྱིས། ལོངས་སྤྱོད་ཆེན་པོའི་སྙིང་པོ་ལ་ཉེ་བར་ལོངས་སྤྱོད་པ། བྱེས་སུ་སོང་བ་ཟློག་པའི་རིམ་པས་དགའ་བོའི་གྲོགས་པོ་ལྟར་ལང་ཚོ་སར་པས་ཀུན་ནས་ཁྱབ་པ་ནི། འཇིག་རྟེན་སྡུག་བསྔལ་བྱེད་རྣམས་ལ། །སྡུག་བསྔལ་དྲག་པོ་བྱེད་འགྱུར་བ། །ལུས་ཀྱི་ཕྱེད་ནི་སྐམ་བྱེད་པའི། །ནད་ཀྱིས་འདི་ནི་ཉམས་པར་བྱེད། །དེ་ནི་ནད་ཀྱིས་ཅུང་ཟད་ཅིག །ཀུན་ནས་སྐྱེ་བོ་ཉིད་དུ་གྱུར། །མཚན་མོ་མུན་པ་འཇིགས་པ་ལ། །ཕྱེད་ནི་ཟད་པའི་ཟླ་བ་བཞིན། །ཇི་ལྟ་ཇི་ལྟར་རིམ་གྱིས་དེའི། །ལུས་ཀྱི་ཕྱེད་ནི་ཟད་འགྱུར་བ། །དེ་ལྟ་དེ་ལྟར་འཇིག་རྟེན་གྱི། །སྙིང་གི་ནད་ནི་འཕེལ་བར་འགྱུར། །ཡོན་ཏན་ཅན་རྣམས་ཕུན་ཚོགས་རྒུད། །བདེ་སྡུག་བྱེད་པར་འགྱུར་རྣམས་ལ། །སྐྱེ་དགུ་མ་ལྟར་འགྲོ་བ་སྟེ། །བདེ་སྡུག་ཉམས་སུ་མྱོང་བ་ཅན། །དེ་ནས་རྒྱལ་པོ་དེས་མྱ་ངན་གྱི་ཟུག་རྔུས་སྙིང་ཟད་པར་ཉི་མ་རེ་རེ་ཞིང་ལུས་ཕྱེད་འགྲིབ་པར་གྱུར་པའི་ཕན་འདོད་མཐོང་ནས་སྨན་པ་རྣམས་ལ་སྨྲས་པ། གང་གིས་བདག་གི་རིགས་རྒྱུད་འདི་རྣམས་རྣམ་པར་ཆད་པར་མི་འགྱུར་བ་དེ་ལྟར་འབད་པར་མཛོད་ཅིག །ཁྱེད་རྣམས་ཉོན་ཅིག །བདག་གིས་དགྲ་རྣམས་ཐམས་ཅད་ཕམ་པར་བྱས་པ་སྟེ། །ནོར་རྣམས་བྱིན་ཏེ་གྲགས་པ་ཡང་ནི་རྗེས་སུ་བསྐྱངས། །འདིར་ཡང་མི་སྐྱོང་དཔལ་ནི་སྲས་ལ་རྣམ་བཀོད་ནས། །བདག་ཞི་བ་ཡི་ཆེད་དུ་དཀའ་ཐུབ་ནགས་སུ་འགྲོ་འགྱུར་རམ། །དེ་ནས་བྱང་ཆུབ་


DTG169_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔས་ནད་དང་རྒས་པ་དང༌། འཆི་བ་དང་ཡང་འབྲེལ་བའི་གཏམ་གྱིས་ནང་མིའི་ཚོགས་དང་བཅས་པའི་ཡབ་ཀྱི་ཡིད་སྐྱོ་བ་བསྐྱེད་ཅིང་འདུག་གོ །ལྟོ་འཕྱེ་རྣམས་ཀྱི་ཚང་པ་ཡི། །ནད་རྣམས་ཀྱིས་འཁྲུགས་ལུས་ལ་ནི། །བདེ་བ་བསམས་བཞིན་ཅི་ཕྱིར་འདི། །ལུས་ཅན་རྣམས་ལ་འབྱུང་བར་འགྱུར། །མི་བདེ་བ་ཡི་ཚོར་བ་ཀུན་ནས་ཁྱབ་པ་ནི། །མཆི་མ་དང་ལྡན་གཉེན་རྣམས་ཀྱིས་ནི་མཐོང་གྱུར་པ། །གང་ཚེ་ནད་ཀྱི་མདའ་རྣམས་ཀྱིས་ནི་འབིགས་འགྱུར་བ། །དེ་ཚེ་མི་ནི་སྲིད་པ་ལས་ནི་སྐྱོང་བར་གྱུར། །ནད་ཀྱིས་བཏབ་པས་རིད་བྱས་ཡན་ལག་སྲོག་ཤིང་ནི། །ལམ་དུ་ཀུན་ནས་འདྲེ་ཞིང་ལྡོག་པས་ཁྱབ་པ་ལ། །ཁ་བའི་སྨན་ནི་འཐུངས་པས་མཐོང་ནས་འཇིགས་ལྡན་པའི། །སྐྱེ་བོའི་ཡུལ་གྱི་འདོད་པ་རྣམ་པར་བཟློག་པར་གྱུར། །དབང་པོ་རྣམས་དང་དྲན་པའི་སྟོབས་ནི་ཉེ་བར་གདུང་བ་འདི། །ལུས་ཅན་རྣམས་ཀྱི་སྤྱི་བོར་རྐང་པ་རྣམ་པར་བཞག་ནས་ནི། །རབ་ཏུ་སྐྱེ་བར་འདོད་པའི་རྟོགས་པས་ང་རྒྱལ་རྒས་པ་ལ། །སྐྲ་དཀར་གཡོ་བས་འབད་པ་དང་བཅས་རྒོད་པ་འདྲ་བར་བྱེད། །དབང་པོ་རྣམས་ཀྱིས་སྒྲིབ་པ་ཆེན་པོ་ཉེ་བར་བྱེད་པ་འདི། །རྒས་པ་རླུང་གི་རི་དགས་ལྟར་ནི་རིང་པོ་ནས་མཐོང་ནས། །སྐྱེས་བུའི་ལང་ཚོའི་རྒྱགས་པ་འདོད་པ་དང་ནི་ལྷན་ཅིག་ཏུ། །རབ་ཏུ་འབྲོས་པར་འགྱུར་ཏེ་འཇིགས་པས་ཁྱབ་པའི་རི་དགས་བཞིན། །ཡན་ལག་ཅན་རྣམས་ཀྱིས་ནི་ལྷོད་པ་ཉིད་དུ་ཉེ་བར་སོང་བ་འདི། །ཡུལ་རྣམས་ཉེ་བར་ལོངས་སྤྱོད་ཀུན་ནས་སྟོབས་ཆུང་དབང་པོར་ལྡན། །རྒས་པ་འདིས་ནི་ཀུན་ནས་ལྷག་པར་ཞོན་པའི་བཙན་ཐབས་ཀྱིས། །གཟུགས་ནི་སྒུར་བར་བྱེད་དེ་གཞུ་རྒྱུད་ཀྱིས་ནི་གཞུ་བཞིན་ནོ། །ཚུལ་མིན་གཙོ་བོ་གང་ཉིད་དུ་ནི་ངེས་གནས་བྱེད་པ་ཞེས། །ཀྱེ་མ་ལུས་འདི་དེ་ཉིད་རྒས་པ་ཉིད་དུ་ཇི་ལྟར་འབྱེད། །གང་གི་ཡུན་རིང་འོག་ཏུ་འདུག་པ་འབྲས་བུ་རྣམས་སྟེར་བ། །ཡལ་ག་ཅན་དེ་ལ་ནི་སུ་ཞིག་དགྲ་སྟ་ལྟུང་བར་འདོད། །རྣོན་པོ་སྐྱོན་གྱི་མདའ་རྣམས་ཀྱིས་ནི་ཇི་ལྟར་ཡང་ནི་དྲག་པོའི་ཡིད་ལ་གདུང་བྱེད་པའི། །རིང་གནས་གནད་ལ་བྱེད་ནི་ངེས་གདུང་མིན་ནམ་གང་ཕྱིར་གསོན་པོ་བཞིན་དུ་གནས་པར་བྱེད། །གང་དུ་ཡང་ནི་ཡུན་རིང་གནས་པའི་ཤི་བའི་རྔོན་པས་འདི་ནི་རྣམ་པར་རྒྱས་བྱེད་པ། །སེམས་ཀྱི་རི་དགས་ཁྱེད་ནི་རྒས་པའི་སྙིང་


DTG169_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རིལ་པོ་ལས་ནི་ཇི་ལྟར་འདའ་བར་འགྱུར། །དེ་ནས་དམན་པ་རྣམས་ཀྱིས་གནས་དབེན་པ་ལ་སྐྱེས་བུའི་སེང་ག་དང་འདྲ་བར་ཡིང་པ་དེ་ལ་སྨྲས་པ། སྨན་རྣམས་ཡོད་པར་གྱུར་པ་རྣམས་ལ་ཡང་འདབ་ཆགས་ཤང་ཤང་དེའུའི་ཤ་མེད་པས་མར་ཆེན་པོ་སྨིན་པ་ཡང་འདི་ནས་རབ་ཏུ་ཞི་བར་བྱེད་པར་ནུས་པར་འགྱུར་བ་མ་ཡིན་ཏེ། དེ་བས་ན་འདིར་ཅི་ཞིག་བྱ་ཞེས་ཟེར་རོ། །དེ་ནས་རྒྱལ་པོ་དེས་བྱ་འཛིན་པ་ལ་མཁས་པའི་བྱ་ཤོར་བ་གཉིས་བོས་ནས་བཀའ་བསྒོ་བ། བྱ་ཤང་ཤང་དེའུ་གང་ནས་ཀྱང་ཁྱེད་ཅག་གིས་ལོང་ཤིག །དེའི་ཕྱིར་ནོར་ཆེན་པོ་རབ་ཏུ་བྱིན་པས་ཁྱེད་ཅག་ལ་སྦྱར་བར་བྱ་སྟེ། གཞན་དུ་ན་བྱ་ཤོར་བའི་ཚོགས་ཐམས་ཅད་ཉིད་བསྐྲད་པར་བྱ་ཞེས་ཟེར་རོ། །དེ་ནས་བྱ་ཤོར་བ་དེ་དག་གིས་རྒྱལ་པོ་དེ་ལ་ཞུས་པར་གྱུར་པ། ལྷ་ལག་རྒྱ་མཚོའི་འགྲམ་ན་ཡལ་ག་ཅན་གཞན་རྣམས་ཀྱི་བདག་པོ་དང་འདྲ་བ་སྤྲེའུའི་ཆུ་ཞེས་བྱ་བའི་ཤིང་ཆེན་པོ་ཡོད་དེ། དེར་ཡང་མི་སྐད་སྨྲ་བའི་ཤང་ཤང་དེའུ་རྣམས་སོ་སོར་གནས་པ་སྟེ་དེ་རྣམས་ཀྱང་རྒྱལ་པོ་ལ་ཉེ་བར་མཁོ་བའི་ཚོགས་པས་འཛིན་པར་ནུས་ཀྱི་གཞན་དུ་ནི་མ་ཡིན་ཞེས་གསོལ་ཏོ། །རྒྱལ་པོས་གསུངས་པ། གང་དང་གང་གི་དགོས་པ་དེ་དང་དེ་ཐམས་ཅད་བདག་གི་མཛོད་འདི་ནས་ཉེ་བར་ལོང་ཤིག་ཅེས་ཟེར་རོ། །ཇི་ལྟར་ལྷས་བཀའ་སྩལ་པ་ཞེས་རྒྱལ་པོའི་བཀའ་ཐོབ་ནས། །དེ་ནས་བྱ་བ་ཡོ་བྱད་འཛིན་པར་བྱས་པ་དེ་དག་ནི། །དེའི་ཚོགས་དང་ཆུ་བོ་དེ་དང་དེ་རྣམས་རྒལ་བྱས་ནས། །ཡལ་ག་ཅན་དེའི་ཡལ་ག་འབྲས་བུ་ཅན་རྣམས་འདུད་པ་ཆེ་བ་ནི། །རྒྱ་མཚོའི་འགྲམ་སྐྱེས་གྱེན་ལྟའི་གདོང་ཅན་དག་གིས་མཐོང་བར་གྱུར། །རིམ་གྱིས་ཀྱང་ཀུན་ནས་དེར་ཕྱིན་ནས་གས་པའི་ཉ་ཕྱིས་ཁ་སྤྱོད་ཁ་ཕྱེ་ནས་བྱུང་བའི་མུ་ཏིག་གི་རྡོག་མ་རྣམས་ཀྱིས་ཁྱབ་པའི་དཀར་པོའི་འགྲམ་དང་ལྡན་པའི་དབུས་སུ་རབ་ཏུ་རྒྱུག་པའི་སྤྲེའུ་དང་བྱར་ལྡན་པ། མིག་སྨན་གྱི་ཕྱེ་མའི་ཚོགས་ལྟར་སྔོ་བའི་ཆུ་དང་ལྡན་པ། རླབས་ཆེན་པོའི་རྒྱུན་གྱིས་ལ་པ་ཀའི་མེ་ཏོག་བསྐུལ་བས་ཀུན་ནས་བསྲེས་པའི་དབུ་བའི་ཕྲེང་བས་བསྐོར་བར་བྱས་པའི་འགྲམ་གྱི་རི་མོ་ཅན། ཤིན་ཏུ་མྱུར་བའི་གཟིངས་འགྲོ་བས་སྒྲ་བསྐྱོད་པ། ནང་དུ་ཆུ་སྲིན་ཀུན་ནས་འཁོར་བས་ཀུན་ནས་ཆག་པའི་གཞོན་ནུ་མའི་བྱི་རུ་ཅན།


DTG169_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་གླང་པོ་རྣམས་ཀྱི་སྣས་མངོན་པར་བརྡུངས་པའི་གཡོ་བའི་དུང་གི་ཚོགས་དང་ལྡན་པ་དང༌། སྦྲུལ་མཆོག་རྣམས་ཀྱི་ནོར་བུ་སྟོང་གི་འོད་རྣམས་ཀྱིས་ས་འོག་སྣང་བར་བྱས་པ་དང༌། མཁའ་ལྡིང་གི་གཤོག་པ་གཉིས་བསྐྱོད་པས་རླབས་ཆེན་པོའི་ཚོགས་རྣམ་པར་འཁྲུག་པར་བྱས་པ། ཤིན་ཏུ་ཡིད་འཕྲོག་པའི་ན་ལི་གེ་ལ་དང་པ་ན་ས་དང་ཀ་པུན་ཏ་དང་བ་ཀུ་ལ་དང༌། པུན་ན་ཀ་དང༌། ཙམ་པ་ཀ་དང༌། ཏི་ལ་ཀ་དང༌། མྱ་ངན་མེད་དང༌། ལྷན་ཅིག་བྱེད་པ་དང༌། ཨུ་དུམ་བཱ་ར་དང༌། །པ་ལ་ཀྵ་དང༌། ནྱ་གྲོ་དྷའི་ཤིང་གི་ནགས་རྣམས་ཀྱི་མཐའ་མི་མངོན་པ་དང༌། མཐའ་མེད་པའི་ངོ་མཚར་སྣ་ཚོགས་པའི་གཞི་དང༌། ཀེ་ཏ་ཀའི་ཚོགས་ཀྱི་མེ་ཏོག་རྣམས་རེག་པས་དྲི་ཞིམ་པའི་རླུང་གི་སྟོབས་ཀྱིས་ཙན་དན་གྱི་ཤིང་རྣམ་པར་འཁྲུགས་པས་ཉེ་བར་སྦས་པ་དང༌། མ་ལ་ཡའི་རི་བོ་ལས་འབབ་པའི་དུས་ཀྱི་ཆུས་དག་པར་བྱས་པའི་བྲག་གི་དཀྱིལ་ན་ཉེ་བར་གནས་པའི་རིག་པ་འཛིན་པ་ཕོ་མོ་གཉིས་ཀྱིས་ལྟ་བར་གྱུར་པའི་རྒྱ་མཚོ་ཆེན་པོ་ལ་ལྟ་བར་བྱེད་པའི་བྱ་བ་གཉིས་ཀྱིས་འོངས་ནས་མཐོང་སྟེ། ཤིང་གི་ཚོགས་དེ་ལ་ངེས་པར་འབྲེལ་བའི་ཤང་ཤང་དེའུ་རྣམས་ཡལ་ག་ཅན་དེའི་འོག་ཏུ། པདྨ་རྣམས་ཀྱིས་བཀབ་པའི་ཆུ་ནི་ཆེ་བ་ལ། །འགྲམ་གྱི་མཐའ་ཡི་ཕྱོགས་ན་དུང་རྒྱན་རྣམས་ཀྱིས་ནི། །མལ་ནི་ཆེན་པོ་གོས་ཀྱིས་ཀུན་ནས་བསྐོར་བྱས་པའི། །ཡིད་དུ་འོང་བ་དྲི་ཞིམ་པོ་ནི་བཏིང་བར་གྱུར། །རྒྱ་སྐྱེགས་ཁུ་བས་མཚན་མའི་ཤེལ་བཞིན་ཤིན་ཏུ་དམར། །ཆང་གི་རླུང་གི་རླབས་ནི་འབྱུང་བར་བྱས་པ་ནི། །རྒྱ་ཆེན་གསེར་གྱི་སྣོད་རྣམས་ལ་ནི་དེ་དག་གིས། །ཆང་ནི་བླུགས་ཤིང་འདུག་པ་ཉིད་དུ་གནས་པར་གྱུར། །དེར་ཡང་བྱ་བ་གཉིས་སོང་བ་ལ་ཤིང་དེ་ལས་བབས་ནས་ཤང་ཤང་དེའུ་གཉིས་རོ་མྱང་བས་བཀུག་བཞིན་པའི་རྙི་དང་ལྡན་པ། མལ་དེ་ལ་འབྲེལ་ནས་ཆང་དེ་མྱང་ཞིང་འདུག་པར་གྱུར་ཏོ། །མྱངས་ནས་ཀྱང་མྱོས་པའི་དབང་གིས་དྲན་པ་རྣམ་པར་རྨོངས་པས་ཀུན་ནས་འཕུར་མི་ནུས་ཤིང་དེ་ཉིད་དུ་ཉལ་བར་གྱུར་ཏོ། །དེ་ནས་སྣ་ཚོགས་གོས་ཅན་མལ་གྱི་དབུས་སུ་ཉལ་བཞིན་པ། །ཅུང་ཟད་བཙུམས་པར་བྱས་པའི་མིག་ཅན་ཀུན་ནས་བཏུད་པའི་གདོང༌། །མྱུར་བར་འོངས་ནས་བྱ་འཛིན་པ་ལ་མཁས་པ་དེ་དག་གིས། །རིམ་གྱིས་རྟོགས་པར་བྱས་ནས་བྱ་ནི་གཉིས་


DTG169_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཟུང་བར་གྱུར། །ཡུལ་གྱི་བདེ་བ་ལ་ནི་ངེས་འབྲེལ་ཡིད་ལྡན་པའི། །རང་གི་ཕན་དང་གནོད་པ་འཇུག་པ་རྟོག་བྱེད་པའི། །མོད་ལ་ལྕི་བའི་སྡུག་བསྔལ་རྗེས་སུ་འབྲེལ་བའི་རྒྱུ། །བག་མེད་ཅི་ཞིག་བཞིན་དུ་འབྱུང་བར་མི་འགྱུར་རོ། །དེ་ནས་ཤང་ཤང་དེའུ་དེ་དག་རིམ་གྱིས་ཆང་འཐུངས་པའི་མྱོས་པ་དང་བྲལ་ནས་བྱ་ཤོར་བ་གཉིས་པོ་དེ་ལ་སྨྲས་པར་གྱུར་པ། བཞིན་བཟངས་དག་ཁྱེད་ཅག་གིས་བདག་ཅག་དགོས་པ་ཅི་ཞིག་གི་ཕྱིར་འཛིན་པ་སྨྲ་བར་གྱིས་ཤིག །བྱ་ཤོར་བ་དག་གིས་ཀྱང་གཏམ་དེ་སྨྲས་པར་གྱུར་ཏོ། །དེ་ནས་ཤང་ཤང་དེའུ་གཅིག་གིས་འདི་སྐད་ཅེས་སྨྲས་སོ། །བྱ་ཤང་ཤང་དེའུ་འདི་བཟུང་ནས་རེ་ཞིག་ཁྱེད་གཉིས་སྡོད་ཅིག །ཇི་སྲིད་དུ་བདག་གིས་སོ་དྷ་ཞེས་བྱ་བའི་སྨན་བཅུད་ཀྱིས་ལེན་གྱི་གཙོ་བོར་གྱུར་པ་ཡོང་པར་བྱ་ཡིས། །དེས་མར་བཙོ་བར་བྱས་ནས་རྒྱལ་པོའི་སྲས་དེ་ལ་སྦྱིན་པར་བྱ་སྟེ། དེ་འཐུངས་པས་ཀྱང་འདི་ཤིན་ཏུ་སྐྱེས་བུའི་ཚེ་དང་ལྡན་པ་དང༌། གཟུགས་དང་སྟོབས་ཀྱིས་ཕ་རོལ་རྣམ་པར་གནོན་པ་འབྱུང་བར་འགྱུར་རོ་ཞེས་ཟེར་རོ། །རྒྱལ་པོ་དེ་ཡང་དགེ་བ་ལ་སྦྱར་བར་འགྱུར་རོ་ཞེས་ཁས་བླངས་པས། བྱ་ཤོར་བ་དེ་དག་གི་ནང་ནས་ཤང་ཤང་དེའུ་ཅིག་སོང་ནས་སྨན་དེ་བླངས་ཏེ་མྱུར་བར་འོངས་ཏེ་བྱ་ཤོར་བ་དེ་དག་ལ་གཏད་ཅིང་འདུག་གོ །དེ་ནས་ཀྱང་བྱ་དེ་དག་དེར་འདི་སྐད་སྨྲས་ནས་དེ་སྨན་དེ་བླངས་ནས་རྒྱལ་པོའི་གན་དུ་ཉེ་བར་འོངས་ཏེ་ཤང་ཤང་དེའུའི་ཕྲིན་དེ་སྨྲས་ནས་སྨན་དེ་སྨན་པ་རྣམས་ལ་གཏད་ཅིང་འདུག་པར་གྱུར་ཏོ། །རྒྱལ་པོ་དེས་ཀྱང་ནོར་སྦྱིན་པ་ཆེན་པོས་བྱ་ཤོར་བ་དེ་དག་ཡང་དག་པར་མགུ་བར་མཛད་དོ། །དེ་ནས་འབྱུང་པོའི་རིག་པ་ལ་ཡོངས་སུ་མཐོང་བ་ཉེ་བར་སྤྱོད་པ་ཆེན་པོས་སྨན་པ་དེ་རྣམས་ཀྱིས་བཅུད་ཀྱིས་ལེན་ཏེ། ཀུན་ནས་བཙོས་ཏེ་བྱང་ཆུབ་སེམས་དཔའ་ལ་དངུལ་གྱི་སྣོད་དུ་བཞག་ནས་བཏུང་བའི་ཕྱིར་ཉེ་བར་ཕུལ་བར་གྱུར་ཏོ། །གྲོང་ཁྱེར་དེ་དང་ཤིན་ཏུ་རིང་བ་མ་ཡིན་པར་དབུགས་བྱུང་བའི་རི་དགས་ཀྱི་ཚོགས་ཀྱིས་ལྷག་པར་གནས་པའི་ཤིང་ལོའི་ཁང་པའི་ཉེ་འཁོར་དང་ལྡན་པ་དང༌། ཤིང་དུ་མའི་མེ་ཏོག་རྣམས་ཀྱིས་དྲི་ཞིམ་པར་བྱས་པའི་རླུང་གིས་རྣམ་པར་བསྐྱོད་པའི་པདྨའི་ཚོགས་དང་ལྡན་པ་དང༌། དཀའ་ཐུབ་ཀྱི་ནོར་ཅན་གྱི་སྐྱེ་བོས་ཁྱབ་པའི་དཀའ་ཐུབ་ཀྱི་ནགས་


DTG169_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཡོད་དེ། དེར་ཡང་རང་སངས་རྒྱས་སོ་སོར་གནས་པ་དེས་ལྷའི་མིག་གིས་བྱང་ཆུབ་སེམས་དཔའ་མཐོང་སྟེ། གཞོན་ནུ་ཕན་འདོད་པ་འདི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འདོད་པ་སྟེ། བདག་ལ་ཡང་ནད་འདི་ཉིད་ཡོད་དེ་བས་ན་བཅུད་ཀྱིས་ལེན་གྱིས་བཙོས་པའི་མར་འདི་ལ་བསླང་བར་བྱའོ་སྙམ་མོ། །དེས་ཀྱང་ཁོ་བོ་ཅག་ལ་དེ་རབ་ཏུ་བྱིན་ནས་ནད་དེ་ལས་གྲོལ་བར་འགྱུར་ཏོ། །སྦྱིན་པའི་འབྲས་བུ་ཆེན་པོ་ཡང་སྦྱོར་བར་འགྱུར་ཞེས་རྣམ་པར་བསམས་ནས། བུད་མེད་མཆོག་གི་མིག་གི་འབྲས་བུ་ལྟར་ནག་པའི། །ལྷུང་བཟེད་བཟུང་ནས་དེ་ནི་ཆོས་གོས་རྣམ་འཕྱང་བ། །ཤུགས་ཀྱིས་མཁའ་ལས་ཀུན་ནས་བསམས་ཏེ་མཁའ་ལྡིང་ལྟར། །ས་སྐྱོང་ཁྱིམ་ནི་མཛེས་པར་རྣམ་པར་བཞུགས་པར་གྱུར། །ས་སྐྱོང་བ་ཡི་ཁྱིམ་དེར་རབ་ཏུ་ཞུགས་ནས་ནི། །ཆེ་བ་ཉིད་ཀྱིས་སྒོ་སྲུང་རྣམས་ཀྱིས་མ་མཐོང་བར། །ཞི་བ་ཉེ་བར་འོངས་ནས་འགྲོ་ལ་ཕན་འདོད་པ། །བྱང་ཆུབ་ཏུ་ནི་རྩེ་གཅིག་ཕན་འདོད་ལ་ནི་གསུངས། །དཔག་མེད་འོད་ཅན་ས་སྐྱོང་སྲས་ལགས་བདག་ལ་ཡང༌། །ནད་ནི་ཆེན་པོ་དོན་མིན་ལུས་ནི་སྐམས་བྱེད་པ། །འདི་ནི་རབ་ཏུ་དང་བས་བཞུ་བའི་སེམས་ཀྱིས་།ནི། །མར་དེ་ལས་ནི་བདག་ཅག་ལ་ཡང་རབ་སྦྱིན་མཛོད། །དེ་ནས་ཐུབ་པ་དེ་ལ་དེ་ནི་དང་བ་ལྡན། །ནད་དེ་གུས་པའི་དབང་གིས་བསམ་བར་མ་བྱས་ཤིང༌། །དགའ་བས་ས་ལ་པུས་མོ་གཉིས་ནི་བཙུགས་བྱས་ནས། །མར་དེ་བདག་ཉིད་ཀྱིས་ནི་གུས་བཅས་ཕུལ་བར་གྱུར། །ཇི་ལྟ་ཇི་ལྟར་འདིས་ནི་དྲི་མེད་འདི་འཐུངས་པ། །རིམ་གྱི་རིམ་གྱིས་སྙིང་རྗེ་ཅན་ནི་ཐུབ་པ་ཆེ། །རྟག་པར་རྟག་ཏུ་སྤོབས་པ་རྙེད་པ་ཕན་འདོད་ཅན། །དེ་ལྟ་དེ་ལྟར་འཇིགས་པ་བཞིན་དུ་ནད་ཀྱིས་བཏང༌། །དེ་ནས་ནད་དང་རྣམ་པར་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་མཐོང་ནས་དེ་ལ་ཉིས་འགྱུར་གྱི་དང་བ་སྐྱེས་པའི་ཕྱིར། རལ་གྲི་ཕྱིས་ལྟར་སྔོ་བའི་ནམ་མཁའི་དཀྱིལ་དུ་སོང་ནས་རང་སངས་རྒྱས། །ཉིན་མོ་བྱེད་པ་འོད་ཟེར་འབར་བ་ཀུན་ནས་རེག་པ་སྟེ། །མེ་ནི་འོད་རྣམས་འབྱུང་བ་སྐད་ཅིག་གིས་ནེ་སྤྲུལ་པ་སྟེ། །བར་ཆད་མེད་པར་དཀར་བའི་ནོར་བུ་ཆག་ལྟར་དྲི་མ་མེད། །ཆུ་ནི་དཔུང་པས་ཆུ་གཏེར་བཞིན་དུ་སྤྲུལ་པ་ཉིད་དུ་གྱུར། །དེ་ནས་བདག་ཉིད་ཆེན་པོ་དེས་རབ་ཏུ་དགའ་བའི་ཡིད་ཀྱིས་བྱང་ཆུབ་སེམས་


DTG169_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་མདུན་དུ་སོང་བའི་སྐྱེ་བོས་ཕྱག་བཙལ་བར་གྱུར་ཅིང་དཀའ་ཐུབ་ཀྱི་གནས་དེ་ཉིད་དུ་ལོག་པར་གྱུར་ཏོ། །དགའ་བའི་ཡིད་དང་ལྡན་པའི་ཕན་འདོད་གདན་ལ་འདུག་སྟེ་གུས་པ་དང་བཅས་པར་ཉེ་བར་གནས་པའི་སྐྱེ་བོའི་ཚོགས་དེ་ལ་ཕན་པ་ཚོལ་ཞིང་ཆོས་ལས་མ་འདའ་བའི་གཏམ་འདི་ལྟར་བྱས་པར་གྱུར་ཏོ། །རང་སངས་རྒྱས་ནི་དེ་ལ་ཡང༌། །གུས་བཅས་མར་ནི་ཕུལ་བ་ལ། །བདག་གི་ལུས་ནི་སྐད་ཅིག་དེས། །སྡུག་བསྔལ་མེད་ཅིང་ནད་མེད་གྱུར། །སྦྱིན་པའི་ཞིང་གི་མེ་ཏོག་དང༌། །འདི་ལ་མ་འོངས་འབྲས་བུ་ཆེ། །དེ་ལྟར་ཁྱེད་རྣམས་ཀྱིས་ཤེས་ནས། །སེར་སྣ་འབྱུང་དོར་འབྱུང་གྱུར་ཅིག །དོན་གཉེར་ཉིད་ཀྱིས་བདག་ཅག་ཆུང་བར་གྱུར་ཏེ་འདི་ལ་ཤིན་ཏུ་དགེ་བ་འབྱུང་གྱུར་ཅིག །ངོ་ཚ་བ་ཡི་བུད་མེད་བདག་ཅག་གིས་ནི་བཏང་སྟེ་གྲགས་པའི་བུད་མེད་བསྟེན་ཅིང་ཡུན་རིང་དུ། །འདི་ནི་ཡང་དག་བསམས་བཞིན་རང་གི་ངལ་བ་བྲལ་བ་གང་རྣམས་སྦྱིན་པ་པོར་འོངས་པ། །གྲོགས་པོ་དང་ནི་དོན་གཉེར་ཕན་པ་ཚོལ་བ་དེ་རྣམས་ཀྱིས་མཚུངས་གཞན་ནི་སུ་ཞིག་ཡོད། །གྲོགས་པོའི་རང་བཞིན་སྐར་མའི་བདག་པོ་ལྟར་དཀར་མེ་ཏོག་རྣམས་ནི་གང་ཞིག་བསལ་བྱས་ན། །ཆེ་བ་ཞིམ་པའི་རོ་ནི་རྣམ་པར་སྨིན་པ་རྙེད་པར་བླ་བ་དགེ་བའི་འབྲས་བུ་སྟེ། །གང་ཞིག་སྦྱིན་པའི་བདག་པོ་ཡི་ནི་སྙིང་ལ་བདེ་བ་བསྟོད་པའི་གྲིབ་མས་བྱེད་པ་སྟེ། །སློང་བ་པོ་ཡི་ཞིང་དེ་རབ་ཏུ་སྦྱིན་པའི་ཆུ་ཆེན་པོས་ནི་སུ་ཞིག་སྦེངས་མི་བྱེད། །གང་ཞིག་སྦྱིན་པའི་ཕ་རོལ་ཕྱིན་པས་ས་ལ་བྱང་ཆུབ་སེམས། །སེམས་ཅན་དོན་དུ་བརྩོན་པའི་བློ་ཅན་རིམ་བཞིན་སྦྱང་བར་བྱེད། །གནས་ལ་དོན་གཉེར་བཅོམ་ལྡན་འདས་དེ་དོན་དམ་མཁྱེན་པ་ནི། །དགེ་བའི་བཤེན་གཉེན་ཞེས་བྱ་དེ་ནི་བདེ་བར་གཤེགས་པས་གསུངས། །བྱང་ཆུབ་སེམས་དཔའི་ཚོགས་དེ་ལ་ལེགས་སོ་ཞེས་བྱ་བ་མངོན་པར་བསྒྲུབ་པར་བྱས་ནས་སྐྱེ་བོའི་ཚོགས་དེ་སྦྱིན་པ་ལ་རྩེ་གཅིག་པ་བྱུང་བར་གྱུར་ཏོ། །དེ་ལྟར་ན་བདག་ཉིད་ཀྱི་སྡུག་བསྔལ་ལ་ཡང་མ་བརྩིས་ཤིང༌། བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔར་གྱུར་པ་ན་གཞན་དོན་ཉིད་མཛད་དོ་ཞེས་བྱ་བ་རྣམ་པར་བསམས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་རྟག་ཏུ་དད་པ་དང་ལྡན་པ་རྣམས་ཀྱིས་གནས་པར་བྱ་ཞེས་བྱ་བའོ། །


DTG169_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་འདོད་ཀྱི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་བཅུ་པའོ། །སྡོམ་ལ། རབ་སྣང་དེད་དཔོན་ལེགས་བཤད་ནི། །དོན་གཉེར་རི་བོང་མགོ་བོ་གཏོང༌། །ནུ་སྦྱིན་ཚོང་དཔོན་ཉ་དང་ཡང༌། །སྡོམ་ཚངས་སྦྱིན་དེ་བཞིན་མར་སྦྱིན།། །།སྙིང་རྗེས་རྗེས་སུ་འབྲེལ་པ་གཞན་དོན་དུ། །སྲོག་ནི་གཏོང་ཞིང་རྩ་བཞིན་འདོད་པ་སྟེ། །སྲ་བའི་ཡིད་ཅན་རྣམས་ཀྱི་ཡང་ནི་ཡིད། །བདག་ཉིད་ཆེ་རྣམས་འཇམ་པ་ཉིད་དུ་ཁྱེར། །འདི་ལྟར་རྗེས་སུ་ཐོས་ཏེ། ཆུ་བཏང་བ་ཉིད་ཀྱིས་ཟླ་ཚེས་ཞུ་བར་གྱུར་པ་ལྟར་འཇམ་པའི་རླུང་གིས་བསྐུལ་བའི་ཆུའི་རླབས་ཀྱི་ཚོགས་དང་ལྡན་པའི་དུར་པ་ཕོ་མོ་གཉིས་ཀྱིས་ཉེ་བར་མཛེས་པར་བྱས་པའི་འགྲམ་དང་ལྡན་པའི་བཱ་རཱ་ཎཱ་སཱི་ཞེས་བྱ་བའི་ཆུ་བོས་མངོན་པར་བརྒྱན་པར་བྱས་པའི་རི་བོའི་བར་ན། རྣམ་པ་སྣ་ཚོགས་པའི་ཤིང་རྣམས་ཀྱི་གྲིབ་མས་ཆུ་རྟེན་གྱིས་ཆུ་བསྒྲིབས་པར་བྱས་པ་རྩྭ་སྔོན་པོས་སའི་ཆ་སྔོན་པོར་བྱས་པའི་འབྲོག་དགོན་པ་འགའ་ཞིག་ན། བྱང་ཆུབ་སེམས་དཔའ་རི་དགས་ཀྱི་ཚོགས་ཀྱི་བདག་པོ་བྱུང་བར་གྱུར་ཏོ། །འོ་མའི་རྒྱ་མཚོའི་དབུ་བ་ལྟར་ནི་དཀར་ཞིང་ལྟོ་བ་སྲབ། །རྒྱབ་ཀྱང་བུང་བ་རྣམས་ཀྱི་ཚོགས་ལྟར་ནག་པར་གྱུར་པ་ནི། །གང་ཞིག་ནགས་ཀྱི་མཐའ་ཡིས་ལ་ཟུར་མིག་གིས་ལྟ་འདྲ་བ་ཡི། །སྒེག་པའི་མིག་འབྲས་འདྲེས་ཤིང་སྤྲོ་བའི་མིག་རྫིས་མདུན་ནི་མཛེས། །དེ་ལྟར་གྱུར་པའི་བྱང་ཆུབ་སེམས་དཔའ་དེའི་ཅུང་ཟད་གཟུགས་དང་མདངས་དང་ཚད་རྗེས་སུ་འདྲ་བའི་ལྷ་སྦྱིན་དེ་དང་ཉེ་བར་སྤྱོད་པ་ནི་ཤིན་ཏུ་ཆེ་བ་མ་ཡིན་པའི་རི་དགས་ཀྱི་ཚོགས་ལ་བདག་པོ་ཉིད་བྱས་བར་གྱུར་ཏོ། །དེ་དག་བདག་པོ་དེ་དག་གིས། །རྩྭ་ནི་ཟ་ཞིང་སྐྱོང་བྱས་པ། །དོགས་པ་རྣམས་བྲལ་དབུགས་ཕྱུང་བར། །རི་དགས་ཚོགས་དག་ལ་སྤྱོད་འགྱུར། །དེ་ནས་དུས་འགའ་ཞིག་ན་རི་དགས་ཤོར་བ་ལ་ཆགས་ཤིང་གོམས་པར་བྱས་པ་ཚངས་པས་སྦྱིན་ཞེས་བྱ་བའི་རྒྱལ་པོ་བཱ་རཱ་ཎཱ་སཱིར་ངེས་པར་འབྱུང་སྟེ། །འཁྱོག་ཅིང་བྲང་གི་མཐིལ་ལ་གཞུ་རྣམ་པར་ཞུགས་པར་བྱས་པ། རྟ་མཆོག་ལ་ཞོན་པ་དང་རང་དང་འདྲ་བའི་སྐྱེ་བོས་རྗེས་སུ་འབྲེང་བ། རྟ་རྣམས་ཀྱི་རྨིག་པ་ལས་ཀུན་ནས་འབྱུང་བའི་རྡུལ་གྱིས་ཀུན་ནས་དྲི་མ་ཅན་དུ་སོང་བའི་མིག་གི་རྫི་མ་ཉིན་མོ་བྱེད་པས་ཀུན་ནས་གདུངས་པའི་རྡུལ་གྱི་ཐིགས་པ་སྐྱེས་པས་དཔྲལ་བའི་ཕྱོགས་ཀུན་


DTG169_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མནན་པ། དམག་ཚོགས་ཀྱི་སྒྲས་ཀུན་ནས་སྐྲག་པས་སྟེང་དུ་འཕུར་བའི་རྨ་བྱ་དང་ཏི་ཏྟི་རི་དང་ཙ་ཀོ་རའི་ཚོགས་དང་ཁྱིམ་བྱ་ཅན་དང༌། མི་མཉམ་པ་དང་མཐོན་པོ་དང་དམའ་བའི་སའི་ཆ་དང་ལྡན་པ་དང༌། འགའ་ཞིག་ཏུ་རྐང་ཐང་རྣམས་ཀྱི་རྐང་པ་དང་རི་དགས་རྣམས་ཀྱི་རྨིག་པ་རྣམ་པར་བཀོད་པས་ངོ་མཚར་བ་དང་སྤྲོས་པ་དང་ཉའི་ཚོགས་ཀྱིས་རྣམ་པར་བསྟེན་པའི་ཆུ་ཀླུང་གི་འགྲམ་གྱི་ཆུ་དང་ལྡན་པ་དང༌། མྱོས་པའི་གླང་པོའི་བདག་པོ་དཔྲལ་འབུར་བྲད་པས་ཡང་དག་པར་ཞུགས་པའི་སྨྱོན་ཆུས་དྲི་དང་བཅས་པ་དང༌། ཤིང་གི་སྡོང་བུ་དང་ཉེ་བར་འཁོར་བཞིན་པ་སྦྲང་རྩིའི་བྱེད་པའི་ཚོགས་དང་ལྡན་པ་དང༌། འགྲམ་གྱི་ཤིང་རྣམས་ཀྱི་ཡལ་ག་ལ་འབྱར་བ་སྐམས་པའི་ཤ་མོ་དང་མིག་གི་འབྲས་བུ་དང༌། བྱཱ་ཀ་རཎྜ་དང༌། དུར་སྐྱའི་མཇུག་སྒྲོ་དང་ཀུན་ནས་འདྲེས་པའི་ཀ་ཤ་དང༌། རྩྭ་ཀུ་ཤ་དང༌། སྨྱུག་མའི་སྡོང་པོ་དང༌། ལོ་མའི་ཚོགས་ཀྱིས་མཚོན་པར་བྱེད་བཞིན་པ་ཡུན་རིང་པོར་འདས་པའི་རི་བོ་རྣམས་དང་ཆུ་ཀླུང་དང་ལྡན་པ་དང༌། རྫིང་བུ་རྣམས་ཀྱི་འདབ་ལ་ཁྱད་པར་དུ་བྱིང་བའི་སྟག་གི་རྗེས་ཅན་དང༌། ཨུ་དུམ་བཱ་ར་སྨིན་པའི་དྲིས་དྲི་ཞིམ་པར་བྱས་པའི་ཚང་ཚིང་དང་ལྡན་པ་དང༌། རླུང་གིས་བསྐྱོད་པའི་བ་དན་སྲབ་པ་རྣམས་ལྟར་འཁྱོག་པའི་ལྟོ་འཕྱེ་རྣམས་འགྲོ་བ་རྣམས་ཀྱིས་མཚོན་པར་བྱས་པའི་ལམ་གྱི་རྡུལ་དང་ལྡན་པ་དང༌། ནགས་ཀྱི་ནང་རྣམས་སུ་རྣམ་པར་མཐོང་ཞིང་ཅུང་ཟད་འདའ་བར་བྱས་ནས། རི་དགས་ཀྱི་ཚོགས་གཉིས་དེ་དབུགས་འབྱིན་ཞིང་གནས་པ་དམག་ཚོགས་ཀྱིས་ཀུན་ནས་བསྐོར་ཞིང་འདུག་གོ །དེ་ནས་དམག་གི་གཞུ་ནི་བདུངས་པ་རྣམས་མཐོང་ནས། །བསྐྱོད་པའི་གཡེར་ཁ་ལས་ནི་བྱུང་བའི་སྒྲ་ལྡན་པ། །སྐྱབས་མེད་ཚོགས་པ་རྣམས་ནི་ཀུན་ནས་འབྱེར་བ་ཅན། །འཇིགས་པའི་དབང་གིས་རི་དགས་རྣམས་ནི་ཀུན་ནས་འབྲོས། །ཀུན་ནས་བསྐོར་བའི་རི་དགས་རྣམས་ནི་མཐོང་ནས་ཀྱང༌། །མི་བསྐྱོད་དམག་ཚོགས་ཀྱིས་ནི་བྱང་ཆུབ་སེམས་དཔའ་དེ། །རིང་པོ་ནས་ནི་དོང་བའི་མདའ་ནི་འདོན་བྱེད་ཅིང༌། །ས་ཡི་དབང་ཕྱུག་གན་དུ་འོངས་ཤིང་སྨྲ་བར་གྱུར། །ཅིག་ཅར་རི་དགས་ཟད་པའི་དོན་དུ་ཅི་ཕྱིར་ནི། །གཞུ་འདི་ཁྱོད་ཀྱིས་མདའ་དང་བཅས་པ་བྱས་པ་སྟེ། །ཉིན་མོ་བྱེད་པ་ཁྱེད་ཀྱི་ནག་པོའི་ཚང་དུ་


DTG169_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རི་དགས་རེ་རེ་བདག་གིས་རྣམ་པར་གཏང་བར་བགྱི། །དེ་ནས་ས་ཡི་བདག་པོས་དེ་ལ་སྨྲས་པ་སྟེ། །རི་དགས་གལ་ཏེ་དེ་ནི་བདེན་ན་དེ་ལྟར་བགྱི། །གལ་ཏེ་རྣམ་པར་གཞག་པ་འདི་ནི་མི་བྱེད་ན། །དེ་ནས་རི་དགས་རྣམས་ལ་སླར་ནི་བརྡེག་པར་བགྱི། །དེ་ནས་ཁས་ནི་བླངས་ཏེ་ས་སྐྱོང་སོང་བ་དང། །དཀར་པོའི་གདུགས་ཀྱིས་ཉི་མའི་གདུང་བ་བཟློག་བྱས་པ། །རི་དགས་དེ་རྣམས་སླར་ནི་གཅིག་ཉིད་དུ་གྱུར་པའི། །གན་དུ་འོངས་ཏེ་བྱང་ཆུབ་སེམས་དཔས་སྨྲས་པ་ཡིན། །ཅིག་ཅར་འཇིགས་པ་ཀུན་ནས་ཉེ་བར་འོངས་པ་ལ། །གལ་ཏེ་སླར་ནི་རིམ་པ་རྙེད་འགྱུར་དམ་པ་དེ། །རིང་པོར་ཞི་བའི་རྒྱུ་ནི་རིམ་བཞིན་ཐོབ་ནས་ནི། །ནམ་ཞིག་ཚེ་ན་གཞན་ཉིད་ཅེས་བྱ་འབྱུང་བ་ཡིན། །གླང་པོའི་དཔྲལ་འབུར་རྣམ་པར་འབྱེད་ལ་མཁས་པ་ཡིན། །སྟོབས་ལྡན་གཉའ་རལ་ཅན་རྣམས་ལ་ཡང་སྡང་བྱེད་པའི། །མི་དབང་རྣམས་ནི་མདའ་ཡིས་སྲོག་རྣམས་ཟད་བྱེད་དེ། །ཀུ་ཤའི་རྩེ་ཟ་རི་དགས་ནགས་སུ་སྨོས་ཅི་དགོས། །ནོར་བུ་དཀར་པོ་ལྟར་ནི་གཙང་བའི་འོད་རྣམས་ཀྱིས། །མུན་པ་འཇོམས་ཤིང་འགྲོ་བ་སྣང་བྱེད་རི་བོང་མཚན། །འོད་ནི་བྲལ་ཞིང་ནུབ་པའི་རི་ལས་ལྷུང་བ་སྟེ། །དངོས་པོ་ཐམས་ཅད་སྐད་ཅིག་གིས་ནི་འཇིག་པ་ཉིད། །ཆུ་རླབས་ཆེན་པོ་དང་ལྡན་ཆུ་ནི་ཤུགས་ཀྱིས་འཁྲུག་པར་བྱས་ནས་ནི། །རྒྱ་མཚོའི་ནང་ནས་སྦྲུལ་ནི་འདུལ་བྱེད་བུ་ཡིས་འདོན་པར་བྱེད་པ་སྟེ། །ལས་རྣམས་ཀྱིས་ནི་རྣམ་པར་མཁས་པ་སུ་ཞིག་འདའ་མི་བྱེད། །དོན་དུ་བྱས་པའི་ལས་རྣམས་ཀྱིས་ནི་རྣམ་པར་སྨིན་པ་མཁས་པས་ཀྱང༌། །སྟོབས་ནི་ཆེ་བར་གྲགས་པ་སུ་ཞིག་གིས་ཀྱང་འདའ་བར་མི་བྱེད་དོ། །དེ་ལྟར་ལས་འགྲོ་ཤེས་ནས་ནི། །ཤེས་པ་ལ་གསལ་མཁས་པ་རྣམས། །སྲོག་ནི་གཏོང་ཡང་ངལ་བ་ནི། །བརྟན་པའི་སེམས་བརྟན་འགྲོ་མི་འགྱུར། །དེ་ནས་དེས་རི་དགས་ཀྱི་ཚོགས་ཀྱི་བདག་པོ་གཉིས་ཀྱི་བཀས་ཚོགས་དེ་དག་ལས་ཉི་མ་རེ་རེ་ཞིང་རྒྱལ་པོ་དེའི་ཁ་ཟས་འཚེད་པའི་ཚེ་རི་དགས་རེ་རེ་ཚང་མང་དུ་བཏང་བར་གྱུར་ཏོ། །དེ་ལྟར་ན་ཡང་ཉིན་ཞག་ཁ་ཅིག་འདས་པ་དང་ལྷ་སྦྱིན་གྱི་རི་དགས་ཀྱི་ཚོགས་ལ་འཇུག་པ་ན་རི་དགས་མོ་སྦྲུམ་མ་ཅིག་ལ་འགྲོ་བའི་རེས་བབ་པོ། །དེ་ནས་དེས་རང་གི་རི་དགས་ཀྱི་ཚོགས་དེས་བདག་པོའི་གན་དུ་འོངས་ནས་སྨྲས་པ།


DTG169_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བོ་ལགས་ངེས་པར་སང་ནང་པར་བདག་ནི་ཕྲུ་གུ་སྐྱེ་བར་འགྱུར་བ་སྟེ། །དེ་ནས་ཕྲུག་པ་སྐྱེས་ནས་ནགས་ན་རི་དགས་ཀྱི་ཕྲུག་པ་རྣམ་པར་བཞག་ནས་བདག་ནི་འགྲོ་བ་སྟེ། བདག་གིས་ཀྱང་དེ་ནས་འཆི་བར་རིགས་དེ་མངལ་ན་གནས་པའི་ཕྲུག་པ་འདི་དང་ནི་མ་ཡིན་ཞེས་ཟེར་རོ། །རི་དགས་ཀྱི་ཚོགས་ཀྱི་བདག་པོ་ལྷ་སྦྱིན་གྱིས་སྨྲས་པ། དེའི་ཕྱིར་ཁྱོད་ཀྱི་རེ་མོས་བབ་པས་ན་རི་དགས་གཞན་སུ་ཞིག་འགྲོ་བར་འགྱུར་ཏེ་རྣམ་པ་ཐམས་ཅད་དུ་ཁྱོད་ཉིད་འགྲོ་བར་རིགས་སོ། །ཁྱོད་ནི་བདག་ཉིད་མི་ཤེས་པ། །གཞན་ཞིག་བདག་གི་བཀའ་ལས་འདའ་བར་བྱེད་དོ་ཞེས་ཟེར་རོ། །དེ་ལྟར་རི་དགས་ཀྱི་ཚོགས་ཀྱི་བདག་པོ་དེས་ངེས་པར་བསྐྲད་པས་རི་དགས་མོ་དེ་སོང་ནས་འདི་ལྟར་སེམས་ཞིང་འདུག་སྟེ། གང་ཞིག་འདི་རི་དགས་ཀྱི་བདག་པོ་གཉིས་པ་ཤིན་ཏུ་སྙིང་རྗེ་དང་ལྡན་པ་དེ་བས་ན་ཡང་རེ་ཞིག་གསོལ་བ་གདབ་པར་བགྱིའོ་སྙམ་སྟེ་སོང་ནས་ཀྱང་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཚོགས་བདག་བདག་ལ་རེ་མོས་ནི། །མི་སྐྱོང་ཁང་བར་འགྲོ་རེས་བབ། །བདག་ཀྱང་མངལ་འབྱུང་ཉེ་བ་ནི། །དེ་ཕྱིར་ཕྲུག་པ་འདི་སྲུངས་ཤིག །སྐྱེས་མ་ཐག་ཙམ་འདུག་པ་ནི། །ལྕེས་ཀྱང་ཉེ་བར་ལྡང་བྱས་ཏེ། །ནུ་མ་འཐུང་དུ་བཅུག་ནས་བདག །ཕྲུ་གུ་གཡོ་བའི་མིག་ལྡན་པ། ནགས་མཐར་དུང་གི་དུམ་བུ་བཞིན། །གྲིབ་ལྡན་སོ་ནི་སར་བ་ཡིས། །ལྗང་སྔོན་རྩེ་མོར་རེག་བྱེད་པ། །མདུན་དུ་གནས་པ་རྣམ་མཐོང་ནས། །ཚོགས་ལྡན་ཚོགས་ལ་བདག་གི་ནི། །ནུ་མོ་ཆུང་བ་ཡོད་པ་སྟེ། །དེ་ལ་བུ་ནི་བཏང་བྱས་ནས། །དོན་བྱས་བདག་ནི་འགྲོ་འགྱུར་བ། །བུ་ལ་གདུང་བའི་རི་དགས་མོ། །འདི་ལྟར་མངོན་དུ་བརྗོད་ཅིང་མཐོང་བྱས་ནས། །ཚོགས་ཀྱི་བདག་པོ་ལ་ནི་ཤིན་ཏུ་ཡང༌། །སྙིང་ནི་བརྩེ་བས་ཀུན་ནས་གནས་པ་སྟེ། །སྡུག་བསྔལ་ལྡན་པ་མ་འདྲིས་པ་ལ་ཡང༌། །དམ་པའི་བརྩེ་བ་ཤིན་ཏུ་འཕེལ་བ་སྟེ། །རྩ་བའི་ཚོགས་ལ་ཆུ་ཡིས་སྦངས་བ་ནི། །ཤིང་ལ་ཡང་དག་བརྟེན་ནས་ལྗོན་ཤིང་བཞིན། །ཕོངས་པ་སྐྱབས་སུ་འགྲོ་བ་མཐོང་ནས་ནི། །གང་ཞིག་ཉེ་བར་བརྩེ་བ་ཡོད་པ་སྟེ། །དེ་ཡི་སྡུག་བསྔལ་འཇོམས་པར་བྱེད་པའི་རྒྱུ། །འབད་པ་མཆོག་ནི་དེ་ཉིད་བྱེད་པ་ཡིན། །དེ་ནས་རི་དགས་ཀྱི་ཚོགས་ཀྱི་མགོན་པོས་རི་དགས་མོ་


DTG169_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སྨྲས་པ། །བཟང་མོ་ཡིད་ལ་འཕྲོག་པའི་མྱ་ངན་ཀུན་ནས་དོར། །བདེ་བ་ཉེ་བར་ཐོབ་ནས་ནགས་ན་སྤྱོད་ཅིང་ཁྱོད་འདུག་ཤོག །མི་ཡི་བདག་ཁྱིམ་རང་ཉིད་ཀྱིས་ནི་བདག་ཉིད་འགྲོ་བར་འགྱུར། །སར་པ་ཤིར་ཤ་ལྟར་འཇམ་རྩྭ་ནི་ཀུན་ནས་འཛིན་བྱེད་ཅིང༌། །ཟླ་བའི་འོད་ཀྱི་ཚོགས་ལྟར་དྲི་མེད་ཆུ་ནི་འཐུང་བྱེད་པ། །འདིར་ནི་རི་དགས་ཕྲུག་རྣམས་ལྷན་ཅིག་ཀུན་ནས་རོལ་བཞིན་པ། །བུ་ནི་གཡོ་བའི་མིག་ཅན་ཡུན་རིང་པོར་ནི་ལྟ་བར་གྱིས། །དེ་ལྟར་རི་དགས་མོད་དེ་དབུགས་ཕྱུང་ནས་ནི་བརྟན་དེས་སྨྲས། །དེ་རིང་རི་དགས་མོ་ནི་འཆི་ལས་སྐྱོབ་པ་བདག་གིས་ནི། །ཇི་ལྟར་སྲིད་པ་གཞན་དུ་བྱས་པའི་སྡུག་བསྔལ་སྐྱེད་བྱེད་ནི། །བདུད་ལས་རྒྱལ་བའི་བྱང་ཆུབ་ཐོབ་ནས་དེ་ལྟར་སྐྱོབ་གྱུར་ཅིག །དེ་ལྟར་སྨྲས་ནས་ལྟོ་བ་མནན་པས་དྲོད་བཅིངས་ཤིང་རྨིག་པ་སྦྱར་བས་རྡུལ་འབྲད་པར་བྱེད་ཅིང༌། རི་དགས་རྣམས་ཀྱི་སྐྱུག་ལྡད་ཀྱིས་རྒྱ་ཤུག་གི་ཚི་གུ་དོར་བས་ཐ་མ་ངེས་པར་བསགས་པའི་འདུག་པའི་གནས་ལས་སྔར་ཀུན་ནས་ལངས་ནས། ཡིད་མི་བདེ་བའི་ཚོགས་དང་རྗེས་སུ་འགྲོ་བཞིན་པའི་ཚོགས་ཀྱི་བདག་པོ་དེ་བཱ་རཱ་ཎ་སཱིར་མངོན་པར་སོང་བར་གྱུར་ཏོ། །དེ་ནས་མེ་ཏོག་ཕྱེ་མ་འབྲས་བུ་རྣམས་ཀྱིས་ཁྱབ། །རྣམ་ཁྱབ་བུང་བ་རྣམས་ཀྱི་སྐད་ཀྱིས་ཁྱབ་པ་དང༌། །རླུང་གི་ཡལ་གའི་རྩེ་མོའི་ལག་པ་གཡོབ་པ་ཡིས། །རི་ཤིང་རྣམས་ཀྱང་དེ་ལས་ཟློག་པར་བྱེད་ལྟར་འདུག །གྲོགས་ལྟར་རི་དགས་དེས་ནི་རྣམ་པར་གྲོལ་བཞིན་པ། །རླུང་གིས་གདུངས་ཤིང་གཡོ་བ་ཡི་ནི་འདབ་མ་ཅན། །ཀུན་ནས་རྣམ་པར་ཁྱབ་པའི་ཤིང་བྱེའུ་སྐད་ལྡན་པ། །བལྟ་ཞིང་ལྟ་བར་བྱེད་པའི་ནགས་ནི་དུ་བ་འདྲ། །དེ་ནས་བྱང་ཆུབ་སེམས་དཔའ་བཱ་རཱ་ཎ་སཱི་དང་ཉེ་བར་འོངས་ཏེ་ཅུང་ཟད་ཐོགས་པས་རི་དགས་ཀྱི་ཚོགས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ད་ནི་ཁྱེད་རྣམས་ལོག་པར་མཛོད་ཅིག་དང་གང་གི་ཕྱིར་འཇིག་རྟེན་པ་དང་ཡང་དག་པར་འབྲེལ་པ་རྣམས་ནི་རྣམ་པར་སྦྱོར་བ་རྙེད་པར་སླ་བའོ། །ཤིན་ཏུ་ཡུན་རིང་པོར་ཡང་དཔྱིད་ཀའི་དུས་ན་ཉམས་དགའ་བའི་ཨུཏྤ་ལའི་ཚོགས་ལ་བརྟེན་ནས་ཁ་བའི་དུས་ཀྱི་ཀུན་ནས་རྙིང་བའི་འདབ་མ་ཟེ་འབྲུའི་ལྟེ་བ་ཅན་དྲི་དང་བྲལ་བ་སྤངས་ནས་རང་བཞིན་གྱི་གཡོ་བའི་དཔལ་འགྲོ་བ་ཁོ་ན་སྟེ། ཆར་པའི་དུས་ཀྱི་ཆུ་གཏེར་བའི་སྣམ་བུས་འཁྲིགས་པའི་


DTG169_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་བུད་མེད་ཀྱི་བཞིན་རྣམས་ཀུན་ནས་སྣང་བར་བྱས་ཏེ། གར་བྱེད་པ་དང་འདྲ་བར་བསྟན་པར་བྱས་ནས་སྟོན་ཀའི་དུས་ན་ཆུ་རྣམ་པར་དོར་བས་ཡང་བའི་ཆུ་འཛིན་པ་རྣམས་ལ་ཆགས་པ་དང་བྲལ་བའི་སྨད་འཚོང་མའི་བུད་མེད་རྣམས་ཀྱིས་ཡུན་རིང་པོ་མ་ཡིན་པའི་འོད་ཚོགས་པ་དང་བྲལ་བའི་ཆགས་པ་ཅན་དང་འདྲ་བར་ཡོངས་སུ་གཏོང་བར་བྱེད་དོ། །མཚན་མོའི་གདོང་ལ་ཁྱད་པར་དུ་བྱེད་པའི་བསིལ་བའི་འོད་ཟེར་ཅན་ཡང་ཐོ་རངས་ཀྱི་དུས་ན་ལྷན་ཅིག་སྐྱེས་པའི་འོད་ཀྱིས་ཡོངས་སུ་དོར་བར་བྱེད་དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་དང་འགྲོ་བ་ལ་ཡོད་པ་མ་ཡིན་ཏེ། གང་ཞིག་ཕན་ཚུན་དུ་རྣམ་པར་བྲལ་བར་འགྱུར་ཞེས་བྱ་བ་རྣམ་པར་བསམས་ནས། ཆོས་ལ་རྩེ་གཅིག་པའི་ཁྱེད་རྣམས་ཀྱི་གནས་ནས་ཡང་དག་པར་བདག་ཉིད་ཡོངས་སུ་སྐྱོ་བར་བྱ་ཞེས་ཟེར་རོ། །རི་དགས་ཀྱི་ཚོགས་དེ་ཡང་འདུག་ནས་བྱང་ཆུབ་སེམས་དཔའ་བདག་ཉིད་མིག་གི་ཡུལ་དུ་འགྲོ་བཞིན་པར་མཐོང་སྟེ་ཕ་དང་བྲལ་བ་འདྲ་བར་མྱ་ངན་གྱི་ཟུག་རྡུས་སྙིང་སྟོབས་ཤིང་ཟད་པ་དང་འདྲ་བས་ནགས་དེར་སོ་སོར་འགྲོ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་ཀྱང་རི་དགས་དང༌། ཕག་དང་མ་ཧེ་དང་ལུག་རྣམས་ཀྱི་རུས་པའི་ཚོགས་ལ་འབྱར་བའི་ཚོགས་ཀྱི་ཀུ་ཅོས་འཇིགས་སུ་རུང་བ། འཕུར་ཞིང་ཉེ་བར་འབྲེལ་བའི་སྦྲང་བུ་རྣམས་ཀྱིས་ཤ་དང་ཆུ་རྒྱུས་ཁྱབ་པ་གྲི་རྣོན་པོ་ཉེ་བར་གཞག་ཅིང་རི་དགས་འོང་བ་ལ་སྡོད་པའི་ཤན་པ་རྣམས་ཀྱིས་ཁྱབ་པའི་ཕྱུགས་གསོད་པའི་གནས་སུ་ཕྱིན་ནས་གནས་པར་གྱུར་ཏོ། །དེ་གསོད་པ་ལ་དབང་དུ་བྱེད་པའི་སྐྱེས་བུ་དེ་རྣམས་ཀྱིས་ཀྱང་ཚོགས་ཀྱི་བདག་པོ་བླངས་ནས་རྒྱལ་པོ་ལ་སྟོན་ཅིང་འདུག་གོ །རྒྱལ་པོ་རི་དགས་མིག་འདྲ་བས། །དེ་ནས་རི་དགས་དེ་ལ་སྨྲས། །ཡོངས་སུ་མི་ཟད་ཚོགས་ཁྱོད་ནི། །ཅི་ཕྱིར་རང་ཉིད་ཀྱིས་འོངས་སྨྲོས། །བྱང་ཆུབ་སེམས་དཔས་སྨྲས་པ། །ལྷ་ལགས་སྦྲུམ་མའི་རི་དགས་མོ། །བདག་ལ་སྐྱབས་སུ་ཉེར་སོང་བ། །དེ་ཡི་རེ་མོས་བདག་འོངས་སོ། །བུ་ནི་མཐོང་བར་འདོད་པ་ཡིས། །འདོད་ཆགས་མི་དེའི་ཡིད་ར་བ། །རྫོགས་པར་བྱས་ནས་མཆོག་དགའ་བ། །བདག་ནི་འཆི་བདག་དགའ་སྟོན་འདོད། །རི་དགས་མོ་ཡང་རི་དགས་འདིར། །ཤི་བའི་དོན་དུ་འགྲོ་མཐོང་བ། །གང་ཞིག་བདག་ལ་སྡུག་


DTG169_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གྱུར། །དེ་ནི་དེ་རིང་འབྱུང་མི་འགྱུར། །དེ་ཕྱིར་ང་ནི་དབང་ཕྱུག་བདག་ཀྱང་མཇལ་བར་མཛོད། །ཤན་པ་རྣམས་ཀྱིས་ལྷ་ལགས་གསུངས་ཤིག་ཅི་ཡི་ཕྱིར་ནི་འགོར། །ཤིན་ཏུ་ཡངས་པའི་སྙིང་རྗེའི་གོ་ཆས་བཅིངས་པར་འབྱུང་བ་ནི། །བདག་གི་སེམས་འདི་སྡུག་བསྔལ་མདའ་ཡིས་ཕིགས་པར་མི་འགྱུར་རོ། །དེ་ནས་རྒྱལ་པོ་དེ་དེའི་གཞན་གྱི་དོན་བསྒྲུབ་པ་ལ་མཁས་པ་དེ་སྙིང་བརྩེ་རྣམ་པར་བསམས་ཏེ་ངོ་མཚར་བ་བློས་ངོ་མཚར་བ་ཉེ་བར་ཐོབ་པ་དང་འདྲ་བའི་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། །ཚོགས་ཀྱི་བདག་པོ་ལེགས་སོ། །གཞན་དོན་བསྒྲུབ་པ་ལ་ནི་ངེས་པར་འབྲེལ་བའི་སེམས། །རི་དགས་གཟུགས་ཅན་རྣམས་ནི་སྐྱེས་བུ་རྣམས་ཀྱི་མཆོག །གཞན་ལ་གནོད་ཕྱིར་འབད་པ་ངེས་པར་འབྲེལ་བ་ནི། །ཁོ་བོ་ཅག་ནི་སྦྲུལ་དང་རི་དགས་རྣམས་དང་མཚུངས། །དེ་ནས་བྱང་ཆུབ་སེམས་དཔས་རྒྱལ་པོ་འགྱོད་པ་དང་བཅས་པར་ཤེས་ནས་དབུགས་འབྱིན་ཞིང་བདེ་བ་སྐྱེས་པ་ལ་འདི་སྐད་ཅེས་གསུངས་སོ། །ནོངས་པ་བྱས་པ་སྐྱབས་སུ་ཉེ་བར་སོང་བ་སྟེ། །དགྲ་ཡང་ཁྲོ་བ་རྣམ་པར་སྤངས་ནས་ཁྱེད་ཀྱིས་བསྲུངས། །ནོངས་པ་མེད་པའི་རི་དགས་རྣམས་ཀྱི་སྟེང་དུ་ནི། །ཁྱོད་ཀྱི་རྣོ་བའི་མདའ་རྣམས་ཇི་ལྟར་བཏང་སྟེ་སྨོས། །རྒྱབ་ཕྱོགས་ལྡང་བ་ལ་ཡང་ནི། །གཡུལ་ངོར་ཁྱོད་ཀྱིས་མ་བརྡེགས་ཏེ། །འཇིགས་པས་སྐྲག་པའི་ཉམས་བཞིན་པའི། །རི་དགས་རྣམས་ལ་ཇི་ལྟར་བརྡེག །ཀུན་རྟོག་ཡང་དག་མིན་པས་འཕེལ། །རི་དགས་ཤོར་བ་བཏང་བར་གྱིས། །འཕྲོ་བའི་འོད་ལྡན་དམྱལ་མེ་ལ། །གང་ཞིག་སྲེག་བླུགས་འབྱུང་བར་འགྱུར། །དེ་ནས་རྒྱལ་པོ་དེ་ཡིད་རབ་ཏུ་དགའ་བས་ཚོགས་ཀྱི་བདག་པོ་དེ་སེང་གེའི་ཁྲི་ལ་འདུག་ཏུ་བཅུག་ནས་གུས་པ་དང་བཅས་པས་དམའ་བའི་སྟན་ལ་འདུག་སྟེ། ཨེ་མའོ་ལེགས་པར་བཤད་པ་གཏི་མུག་གི་རབ་རིབ་སེལ་བར་བྱེད་པའི་ཆོས་བསྟན་པ་བདག་ལ་མཛོད་ཅིག་བྱ་བར་རབ་ཏུ་སྨྲས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྒྱལ་པོ་འཁོར་མ་ལུས་པས་ལྟ་བར་གྱུར་པ་རྒྱལ་པོ་དེ་ལ་རྟེན་པར་བྱེད་ཅིང་འདི་སྐད་ཅེས་གསོལ་ཏོ། །ལེགས་པར་བཤད་པས་དགའ་བ་དཔལ་གྱི་ང་རྒྱལ་མེད། །གཞན་དོན་བསྒྲུབ་ལ་ཤིན་ཏུ་མཁས་པའི་བྱ་བ་ཅན། །ཡོན་ཏན་རྣམས་ཀྱིས་ཚིམ་མེད་ཡོན་ཏན་ལྡན་རྣམས་གུས།


DTG169_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཆེན་པོ་རྣམས་ཀྱི་སྤྱོད་པ་འདི་ནི་གྲགས། །ཤིན་ཏུ་གསལ་བར་བྱས་པའི་མཐོ་བའི་གཟི་བརྗིད་ཅན། །མི་ལ་མི་ཡི་མཚན་མ་གཉིས་ཡིན་ཏེ། །སེམས་ལ་གུས་པས་རྒུད་པ་རྣམས་ཀྱང་ཕོངས་མེད་དང༌། །འཕགས་པའི་ལམ་ནི་གསལ་བར་བྱེད་པའི་ཁྲེལ་ཡོད་ཀྱང། །སྐྱེ་ངན་རང་བཞིན་ཉིད་ཀྱིས་བསམ་པ་དྲི་མར་བཅས། །དོན་མེད་གཞན་གྱི་གྲགས་པ་མིན་ལ་སེམས་བརྩེ་བྱེད། །རང་སེམས་དག་པ་ལ་ནི་རྣམ་པར་ཞུགས་པའི་བློ། །མཁས་པ་རྣམས་ནི་དེ་ལའང་ཤིན་ཏུ་བརྩེ་བར་ལྡན། །སྐྱེས་བུའི་བྱ་བ་འདྲ་བར་བྱུང་བའི་མི་རྣམས་ལ། །བྱ་བ་ཀུན་ནི་གཞན་ལ་ཕན་པར་བྱེད་པ་མིན། །ཀུན་ནས་འཕྲོས་པའི་འོད་ཀྱི་སྤྲིན་བྲལ་ནམ་མཁའ་ལ། །ཨ་ཀ་སྟི་ཉིད་དུག་དང་བྲལ་བའི་ཆུ་ནི་བྱེད། །དམ་པའི་སྐྱེ་བོ་དམ་པའི་སྤྱོད་པ་འཕྲོ་བ་ཡིས། །རྣམ་པར་བསམས་བཞིན་པ་ཡང་ངོ་མཚར་སྐྱེད་པར་བྱེད། །གང་ཚེ་ལུས་ཅན་རྣམས་ལ་མིག་གི་ལམ་དུ་འགྲོ། །དེ་ཚེ་བདུད་རྩི་བཞིན་དུ་ཡིད་རྣམས་ལ་ནི་གཏོར། །གང་གི་མ་འོངས་པ་ན་གཞན་ལ་ཕན་པའི་ཆུ་རྒྱུན་རྣམ་པར་འཆད་པར་མི་འགྱུར་རོ། །གང་གི་བློ་ཡི་མིག་ནི་མུན་པ་རྣམ་བྲལ་དེ་དག་གཉིས་གཉིད་སད་པར་བྱེད། །གཞན་རྣམས་ཉིད་ནི་ཕྱུགས་ཀྱི་ཆོས་ཅན་གཞན་ལ་ཕན་པ་བྱ་བ་ལ་ནི་དམན་པའི་བློ། །བག་མེད་ཡིད་ཅན་མི་ཤེས་གཉིས་དང་ལྡན་པ་རྣམས་ལ་ཉིན་དང་མཚན་མོ་དག་ནི་མཉམ། །འཁོར་བར་འཁོར་བར་བྱེད་ཅིང་མུན་ནག་ཆེན་པོ་ལ་ནི་ཀུན་ནས་གནས་པར་བྱེད་བཞིན་ནམ། །དམ་པ་ལ་ནི་འབྲས་བུ་བསགས་པ་ཤིན་ཏུ་ཆེ་བ་བདག་གི་ཆད་པ་རྣམ་གཉིས་ཡིན། །གང་ཞིག་ཁྱིམ་ནི་སྤངས་ནས་ལེགས་པའི་དོན་དུ་དཀའ་ཐུབ་ནགས་ལ་མངོན་པར་གནས་བྱེད་པ། །གང་ལ་ཡང་ནི་རྣམ་པར་དབེན་པ་ལ་མཁས་མཁས་པ་རྣམས་དང་ལྷན་ཅིག་གཏམ་བྱེད་པ། །གང་གི་ཕུན་ཚོགས་བདེ་བར་རང་ཁྱིམ་གནས་པ་བཞིན་དུ་དོན་གཉེར་རྣམས་ཀྱི་ལོངས་སྤྱོད་དེ། །མུན་པ་རབ་ཏུ་འཇོམས་ཕྱིར་གང་གི་བློ་ཡང་གསལ་བར་དེ་དག་གཉིས་ཉིད་འཚོ་བ་སྟེ། །གང་ཞིག་ཚོགས་པ་མཐོང་བ་ལ་ཡང་བདག་ཉིད་མཁས་པ་ཉིད་དང་བྲལ་བ་ཡང༌། །བྲིས་པའི་ནོར་བུ་ལྟར་ནི་གཟུགས་འཛིན་དེ་ཡི་ཡོད་པ་ཉིད་ཀྱང་ངེས་པར་མེད་པ་ཉིད། །དཀའ་བས་རྙེད་པ་


DTG169_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ནི་རིམ་གྱིས་བདེ་བ་སླར་ནི་རབ་ཏུ་འཇིག་པར་འགྱུར་བ་སྟེ། །དེ་འཇིག་པ་ལས་སྐྱེས་བུ་བསམ་པའི་མེ་ནི་འབར་བར་བྱེད་ཅིང་ཀུན་ནས་གདུང་བར་འགྱུར། །སྡུག་བསྔལ་འདི་ཡིས་སྲིད་པ་རྗེས་སུ་འབྲེལ་བ་སྐྱེད་བྱེད་གཡོ་སྒྱུའི་དྲ་བ་ཅན་ནི་རྒྱུ། །དེ་རྣམས་ཤིན་ཏུ་བདེ་ལྡན་གང་གིས་ཡིད་རྣམས་ལ་ནི་ཆུང་འདོད་ཡང་ངག་ཏུ་ནི་གཏད། །གཏི་མུག་གཅོད་པའི་ལེགས་པར་བཤད་པ་འབད་པ་མེད་ཉིད་རྫས་ནི་སྟེར་བར་བྱེད། །རྫས་མེད་པ་ནི་གསལ་བའི་ཚིག་ལྡན་ངག་རྣམས་དོན་མེད་པར་ནི་འགྱུར་བ་སྟེ། །བཟོ་བོ་མཁས་པས་ཀྱང་ནི་སྤྲིན་བྲལ་ནམ་མཁའ་དང་ནི་ཨིནྡྲ་ནཱི་ལའི་མདོག་འདྲ་བའི། དཔལ་གྱི་སྙིང་པོ་བྱེད་དེ་དྲི་མས་རྩུབ་པའི་དྲིལ་བུར་བཅས་པའི་ལྕགས་ཀྱིས་མ་ཡིན་ནོ། །དེ་ལྟར་ཡོན་ཏན་དང་ཡོན་ཏན་མ་ཡིན་པའི་བྱེ་བྲག་ཤེས་པའི་རྒྱལ་པོ་ཆེན་པོས་དམ་པའི་ལམ་ལ་བརྟེན་ནས་གནས་པར་བྱ་ཞེས་ཟེར་རོ། །དེ་ནས་རྒྱལ་པོ་དེ་ཆོས་ཀྱི་གཏམ་གྱི་བདུད་རྩི་མྱང་བས་ཚིམ་པའི་ཡིད་རི་དགས་རྣམས་ལ་མི་འཇིགས་པ་སྦྱིན་པ་གུས་པ་དང་བཅས་པས་འདི་ལྟར་བྱང་ཆུབ་སེམས་དཔའ་ལ་བསྔགས་པར་གྱུར་ཏོ། །སྐྱེ་བ་ཡོད་ན་འཇིག་རྟེན་འདི་ནི་འཆི་དང་ན་བའི་ངལ་བ་རྣམས་ཀྱིས་གནོད་པ་སྟེ། །སྲིད་པའི་རྒྱུན་གྱིས་ངེས་པར་བཅིངས་པའི་འགྲོ་བ་ལ་ནི་སླར་ཡང་དེ་ཉིད་སེམས་ཀྱི་ནད། །དེ་ལྟ་སྲིད་པ་གཞན་གྱི་རབ་ཏུ་འཇིགས་པ་ཆད་པའི་འཁོར་བ་མྱ་ངན་འདས་པའི་མཐར། །ཁྱེད་ཅག་ཡང་དག་འབྲེལ་པའི་རྒྱུ་ཞེས་རྟོག་པ་སྐྱོན་དང་བཅས་པ་འདི་ཡང་བདག་ཅག་ལའོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་སེང་གེའི་ཁྲི་ལས་བབས་ནས་རྒྱལ་པོ་ལ་དྲིས་པར་གྱུར་ཏོ། །མི་ཡི་མཆོག་ལགས་བདག་ནི་མེད་པར་ཡིད་མི་བདེ་བས་ནི། །ཀུན་ནས་ཁྱབ་པའི་རི་དགས་ཚོགས་ནི་འབྱུང་བར་འགྱུར་བ་སྟེ། །ཡུན་རིང་པོར་ནི་ཚེར་མ་མེད་པར་ས་ནི་རྗེས་སུ་སྐྱོང༌། །དེ་ནས་གན་དུ་གོམ་པ་རིངས་པར་བདག་ནི་འགྲོ་བར་བགྱི། །དེ་ནས་ཚོགས་ཀྱི་བདག་པོ་དེ་ས་སྐྱོང་བས་རྗེས་སུ་གནང་བས་ནགས་དེ་ཉིད་དུ་ཀུན་ནས་འོངས་པར་གྱུར་ཏོ། །དེ་ནས་ཚོགས་ཀྱི་བདག་པོ་རིང་པོ་ནས་མཐོང་སྟེ། །རི་དགས་ཚོགས་དེ་དགའ་བས་ཕྲད་འདོད་མིག་ལྡན་པ། །སོ་རྩེས་རྩྭ་སར་དང་ནི་ཀུ་ཤ་འཛིན་བྱེད་པ། །གྲལ་ནི་ཞིག་སྟེ་མྱུར་དུ་མདུན་ནས་བསུས་པར་གྱུར། །གང་ཞིག་རྣམ་པར་བཙུམ་


DTG169_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་མིག་དང་འདྲ་བ་ཡོད་འགྱུར་བ། །རི་དགས་མོས་ནི་ཚོགས་བདག་ནགས་མཐའ་ནས་སོང་བ། །བརྟན་པ་དེར་ནི་ཀུན་ནས་འོངས་པ་དེ་ཉིད་ནི། །སླར་ཡང་མིག་ནི་ཕྱེ་བ་འདྲ་བར་སོང་བའོ། །དེ་ནས་རི་དགས་གཙོ་བོ་ལ་ནི་རི་དགས་མོ་འོངས་ནས། །དགའ་བ་བསྐྱེད་ཅིང་ཡངས་པའི་མིག་ཅན་འདི་སྐད་ཅེས་ནི་སྨྲས། །བདག་གི་ཡིད་ནི་བདེ་བར་བྱེད་ཅིང་ཕྲུག་གུ་འདི་ནགས་སུ། །རི་དགས་མགོན་པོ་ཁྱོད་ཀྱི་དྲིན་གྱིས་ཀུན་ནས་རོལ་བར་བྱེད། །བྱང་ཆུབ་སེམས་དཔས་ཀྱང་རི་དགས་ཀྱི་ཁྱུ་གཉིས་པོ་དེ་ལ་དབུགས་དབྱུང་བར་བྱས་ནས་མཆོག་ཏུ་དགའ་བ་ཉེ་བར་སོང་བར་གྱུར་ཏོ། །དེ་ལྟར་ན་གཞན་དག་ལ་ཕན་པ་ལ་རྩེ་གཅིག་པའི་བཅོམ་ལྡན་འདས་དེ་དུད་འགྲོར་གྱུར་པ་ན་ཡང་ཡོད་པར་གྱུར་ཏོ་ཞེས་བྱ་བ་རྣམ་པར་བསམས་ནས་དེ་ལ་དང་བ་ཉེ་བར་བསྐྱེད་པ་ལ་ཁྱེད་ཅག་གིས་ཀྱང་གནས་པར་གྱིས་ཤིག་ཅེས་བྱའོ། །རི་དགས་ཀྱི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་དང་པོའོ།། །།ཚུལ་ཁྲིམས་ཡོངས་སུ་སྐྱོང་བར་བྱེད་པ་ནི། །རྨ་བྱར་གྱུར་པས་སེམས་ཅན་རྣམས་བསྐྱངས་ཏེ། །སྲོག་ལས་འཇིགས་ལས་གང་ཞིག་སྔོན་དེ་ལ། །མི་ནི་གང་ཞིག་དད་པ་སྐྱེད་མི་བྱེད། །འདི་ལྟར་རྗེས་སུ་ཐོས་ཏེ། དྲི་ཞིམ་པའི་པདྨའི་ནགས་ཀྱིས་ཁེབས་པའི་དྲི་མ་མེད་པའི་ཆུ་ཆེན་པོས་གྲུབ་པ་ཐོབ་པའི་སྐྱེ་བོའི་ཡིད་རབ་ཏུ་བདེ་བར་བྱས་པ། རི་བོང་ཅན་གྱི་དཀྱིལ་འཁོར་མ་ལུས་པ་གཟུགས་བརྙན་ཤར་བ་དང་འདྲ་བར་མཚོ་ཆེན་པོས་ཕྱོགས་གཅིག་མངོན་པར་བརྒྱན་པར་བྱས་པ། ལམ་གསུམ་ནས་འགྲོ་བ་ཅན་གང་གཱའི་ཆུ་ཀུན་ནས་འབབ་པས་གྲོ་ག་དང་དེ་བ་ད་རུ་དང་ན་མེ་རུའི་ཚོགས་འཁྲུགས་པར་བྱས་པ་དང་ཆུ་བོ་དེ་མེ་རབ་ཏུ་འཛག་པར་བྱས་པ་དང༌། ཁ་བ་ཉེ་བར་འཕེལ་བས་ཤིན་ཏུ་རགས་པའི་རྩེ་མོ་སྟོང་ཉིད་ཀྱིས། དངུལ་གྱི་ཀ་བ་དང་འདྲ་བར་སྟེང་གྱི་ཕྱོགས་ཀུན་ནས་ཁྱབ་པ་དང་གཉའ་རལ་ཅན་ལས་ཀུན་ནས་སྐྲག་པའི་གཡག་གི་ཚོགས་རབ་ཏུ་ཞུགས་པ་སྤྲོ་བཞིན་པའི་རྔ་མའི་ཚོགས་ཀྱིས་གཡོབ་བཞིན་པའི་རི་སུལ་དབུ་མ་དང༌། རིལ་འབབ་པའི་ཆུས་བྲག་རྣམས་ཀྱི་མཐིལ་བཀྲུས་བཞིན་པ་དང༌། མེ་ཏོག་སྐྱེས་པའི་ལྕུག་མ་རྣམས་ཀྱིས་མཐར་འཁོར་བཞིན་པ་དང༌། སྐད་འདོན་པའི་བུང་བའི་ཚོགས་ཀྱིས་ཀུན་


DTG169_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གླུ་བླངས་པ་དང༌། དབང་བསྐུར་བ་དང་བཅས་པ་ལྟར་རྣམ་པར་མཛེས་པར་གྱུར་པའི་ས་འཛིན་རྣམས་ཀྱི་མཆོག་ལ་ཁ་བ་ཅན་གྱི་རི་ལ། ཨིནྡྲ་ནཱི་ལ་དག་པ་ལྟར་དྲི་མ་མེད་པ་དང་དབུགས་དབྱུང་བའི་རྣམ་པ་ཅན་གྱི་མགོ་བོ་འཛིན་པ་དང༌། ཆགས་པ་ལྟར་དཀར་བའི་མིག་གི་ཕྱོགས་དང་ལྡན་པ། ནི་མའི་ཤིང་གི་མེ་ཏོག་གསལ་བ་ལྟར་དམར་བའི་མཆུ་ཅན། རྒྱ་ཆེ་བ་དང་སྣ་ཚོགས་པའི་སྒྲོའི་ཚོགས་དང་ལྡན་པ། ཨུཏྤ་ལ་སྔོན་པོའི་འདབ་མས་ཁྱབ་པའི་གཞོན་ནུ་མའི་ཤིར་ཤའི་མེ་ཏོག་གི་ཚོགས་དང་རྗེས་སུ་མཐུན་པའི་ཆེ་བའི་མཇུག་སྒྲོའི་ཚོགས་གསེར་སྣང་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་རྨ་བྱའི་བདག་པོ་བྱུང་བར་གྱུར་ཏེ། རྨ་བྱའི་མཆོག་ནི་སྐྱེས་བྱས་ནས། །དེ་ནི་རྣམ་པ་སྣ་ཚོགས་སུ། །ངོ་མཚར་བ་ལྟར་མཐོང་བྱེད་ཅིང༌། །ལས་ཀྱི་བཟོ་བ་རྣམས་བྱུང་གྱུར། །སྤྲིན་རྩོམ་དུས་ལ་གར་གྱི་རྗེས་ཆགས་སྐྱེས་པ་ནི། །རྨ་བྱ་ལྷག་པའི་རྒྱལ་པོ་དེ་ནི་མཐོང་བྱེད་པ། །གསལ་བ་ཆུང་བ་ངོ་ཚ་ལྡན་པ་ལྟར་དམན་པའི། །གློག་དང་འབྲེལ་བ་ཅན་རྣམས་ཀྱི་ནི་སྒེག་པ་བྱུང༌། །རི་ཡི་ཆུ་ནི་རྫ་རྔ་བཞིན་དུ་སྒྲ་ལྡན་པ། །བུང་བའི་པི་ཝང་རྣམས་ནི་འཇམ་པའི་སྐད་ལྡན་པ། །ལྕུག་མའི་ནགས་ཀྱི་ཁྱིམ་དུ་ཡིད་འཕྲོག་པ། །རྨ་བྱ་སྒེག་པོ་དེ་ནི་སྣ་ཚོགས་གར་བྱེད་གྱུར། །ཀུན་ནས་འཕྲོ་བའི་མདོངས་ཀྱི་རིན་ཆེན་ཚོགས་ལྡན་པ། །གང་ཚེ་འགྲམ་གྱི་མཐའ་ལ་འཛེགས་ནས་དེས་གར་བྱས། །རླུང་གིས་ཀུན་ནས་འདར་བའི་ནགས་ཅན་ཁ་བའི་རི། །དེ་ཚེ་ཅོད་པན་ལྡན་པ་ལྟར་ནི་རྣམ་སྣང་གྱུར། །ཡིད་འོང་སྒྲ་སྒྲོགས་རྣམ་པར་རྒྱས་བྱེད་འདོད་པའི་བུད་མེད་ཀྱིས། །ས་ཡི་རི་མོ་ལ་ནི་ཁྱད་པར་འདྲ་བར་བྲིས་པ་ལ། །རྨ་བྱ་དེར་ནི་གནས་པ་གྲུབ་པའི་བུད་མེད་རྣམས་ཀྱིས་ནི། །ལྟ་བ་ཤིན་ཏུ་ངོ་མཚར་དབང་གིས་ཚིམ་པར་མ་གྱུར་ཏེ། །ཀུན་ནས་དགེ་བའི་སྤྲིན་གྱི་ཚོགས་ཀྱིས་འཁྲིགས་པའི་ཕྱོགས་སྒོའི་མཐའ། །དྲི་མ་མེད་པའི་ཆུ་ནི་གདོང་བའི་སྟོན་ཀའི་དུས་བྱུང་ལ། །གང་ལ་སྒྲོ་ཚོགས་ལྡན་དེས་མདོངས་ཀྱི་རིན་ཆེན་ཚོགས་དོར་བ། །ས་དེ་ཨིནྡྲ་ནཱི་ལའི་དུམ་བུ་ལྟར་ནི་མཛེས་པར་གྱུར། །ཡིད་འོང་རིམ་གྱིས་རྣམ་པར་དཔྱོད་པའི་རྨ་བྱའི་སྒྲོ་མདོངས་ནི། །ཚོགས་དང་རྗེས་སུ་སོང་བའི་འགྲོ་བའི་དགེ་བ་ཕྱོགས་གཅིག་པ། །དེ་ཡོད་པ་ལ་འཛིན་མཆོག་རྨ་བྱའི་རྒྱལ་པོ་ནི། །དབང་


DTG169_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གཞུ་རྣམས་ཀྱིས་ནི་འདྲེས་པ་ལྟ་བུར་ས་མཛེས་གྱུར། །དེ་ནས་དུས་གཅིག་གི་ཚེ་རླུང་གི་སྟོབས་ཀྱིས་རྣམ་པར་འབྱེད་པར་གྱུར་པའི་མེ་ཏོག་རྣམས་ཀྱི་དྲིས་དྲི་ཞིམ་པར་བྱས་པའི་ཕྱོགས་ཀྱི་སྒོ་རྣམས་ཡོད་པ་དང༌། འཁོར་བཞིན་བའི་བུང་བའི་ཚོགས་ཀྱིས་འདྲེས་པ་དང༌། །གླང་པོ་ཆེའི་ཕྲུ་གུའི་སོ་ལྟར་ཀུན་ནས་སྐྱ་བ་དང༌། རོལ་པ་དང་བཅས་པའི་སྙིང་པོ་ཅན་གྱི་ཀེ་ཏ་ཡོད་པ་དང༌། རྩེག་མར་སྐྱེས་དང་ཕྱོགས་སྐྱེས་དང༌། ནི་པ་དང༌། ཀ་ཏམ་པའི་མེ་ཏོག་གིས་རི་སུལ་དབུ་མ་དྲི་ཞིམ་པར་བྱས་པ་དང༌། དབང་པོའི་སྦས་པས་མངོན་པར་བརྒྱན་པར་བྱས་པའི་མ་ར་ཀ་དང༌། རྩྭ་སར་པ་སྔོན་པོས་ནགས་ཀྱིས་རྣམས་ལྗང་གུ་ཡོད་པ་དང༌། མིག་དགའ་བར་གྱུར་པའི་ས་འཛིན་པ་ཡོད་པ་དང༌། སྤྲོས་པ་བྱེད་པའི་གློག་གི་འཁྱུག་པས་ལྟོ་བ་མཚན་པར་བྱས་པ་དང༌། དབང་པོའི་གཞུ་བསྟན་པ་དང༌། ཆུའི་རྒྱུན་གྱི་མདའ་ལྟུང་བས་རབ་ཏུ་སྣང་བར་བྱས་པའི་སོ་གའི་དུས་ཀྱི་སྒྲ་རྣམས་ཡོད་པ་དང༌། ནམ་མཁའ་གཡོགས་པར་བྱས་པའི་ཆུ་འཛིན་ཡོད་པ་དང༌། གྲང་ཞིང་བསིལ་བའི་རེག་པས་ཉིན་མོ་བྱེད་པའི་གདུང་པ་བསལ་བ་དང༌། ཙན་དན་གྱི་ཤིང་ལས་གདེངས་ཅན་གྱིས་ཀུན་ནས་དོར་བ་དང༌། དང་པོའི་ཆུའི་རྒྱུན་གྱིས་ཤིན་ཏུ་ཡིད་དུ་འོང་བའི་ཆུ་རླབས་ཀྱི་ལག་པས་འཕྲོག་པར་བྱས་པས་སྤུ་ཕྲེང་གི་ཐོད་པ་དང་ལྡན་པ་དང༌། རྙོག་པའི་ཆུ་གོས་ཀྱིས་རྒྱ་ཆེ་བའི་ཆུ་བོའི་འགྲམ་གྱི་བུད་མེད་ཀྱི་མཚན་མ་གཡོགས་པར་གྱུར་པ་དང༌། མྱོས་པ་དང་འདྲ་བར་ཤེས་བྱེད་དམ་ཉེ་བར་སོང་བའི་ཆུ་བོའི་བུད་མེད་རྣམས་ཡོད་པ་ལ། མཆིལ་མ་དང་བཅས་པའི་བདག་པོའི་སྐྱེ་བོ་མཐོང་བར་འདོད་པས་ལྟ་བར་གྱུར་པ་དང༌། སྤྲིན་གྱི་སྒྲས་རབ་ཏུ་དགའ་བ་དང་འཇམ་པའི་སྐད་རྣམ་པར་འདོན་པའི་ཁྱིམ་གྱི་རྨ་བྱ་ཡོད་པ་དང༌། ཆུ་འཛིན་སར་པའི་ཐིགས་པ་ལྷུང་བས་ཅར་ཅར་གྱི་སྒྲ་སྐྱེས་པའི་ཏ་ལ་དང༌། ཏི་ལི་དང་ན་ལི་གེ་ལའི་ནགས་རྣམས་ལ་རྨ་བྱའི་རྒྱལ་པོ་ཐོ་རངས་ཀྱི་དུས་སུ་སྲབ་པའི་ཆུའི་ཐིགས་པ་རྣམས་ཀྱིས་སྒྲོའི་གཤོག་པ་རྒྱས་པར་བྱས་པ་དང༌། རྣ་བ་དང་སྙིང་འཕྲོག་པར་བྱེད་པའི་སྐད་རྣམ་པར་འདོན་པ་དང༌། ནམ་མཁའ་མཛེས་པའི་དོན་དང་འདྲ་བར་འཕུར་ཏེ། བཱ་རཱ་ཎ་སཱི་དང་ཉེ་བར་རབ་ཏུ་སོང་བར་གྱུར་ཏོ། །གྲོང་ཁྱེར་དེ་ལ་ཡང་རྒྱལ་པོ་ཚངས་པས་བྱིན་དང་ལྷན་ཅིག་ཏུ་ཉལ་


DTG169_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་རབ་ཏུ་སད་པའི་ཕན་ཚུན་དུ་ཀུན་ནས་ཆགས་པས་རྒྱན་རྣམས་འཕྲོག་པར་བྱས་པ། ཅུང་ཟད་དཀར་བ་དང་དམར་བའི་མིག་གི་ཨུཏྤ་ལ་དང་ལྡན་པ་དང༌། དཔེ་མེད་མ་ཞེས་བྱ་བའི་བཙུན་མོས་རྒྱལ་པོ་དེ་ལ་དྲིས་པ། སྐར་མའི་བདག་པོ་གདོང་ཆེ་བ། །སྐད་འདི་སུ་ཡིས་ཞེས་སྨྲོས་ཤིག །གང་དེ་ཐོས་པར་གྱུར་པ་ཡིས། །བདག་ནི་ཡིད་ནི་བདེ་བར་བྱས། །རྒྱལ་པོས་གསུངས་པ། བཙུན་མོ་གསེར་གྱི་སྣང་བ་ཞེས་བྱ་བའི་མིའི་སྐད་ཅན་རྒྱལ་པོ་ཁ་བ་ཅན་གྱི་རི་ལ་གནས་བཅས་པ། །ནམ་མཁའ་ལ་ཀུན་ནས་སྤྱོད་བཞིན་པ་མ་ར་ཀ་ཏ་དང༌། ཨིནྡྲ་ནཱི་ལ་དང༌། བཻ་ཌཱུ་ཪྻའི་ཕུང་པོ་ལྟར་འོད་གསལ་བ་དེའི་རང་བཞིན་གྱི་ཡིད་འཕྲོག་པའི་དབྱངས་ནི་འདི་ཡིན་ཏེ། ཡང་ངོ་མཚར་བ་དང་བཅས་པའི་བཙུན་མོས་གསོལ་པ། རྨ་བྱའི་བདག་པོ་འདི་སླར་ལྷའི་རྣ་བའི་ལམ་དུ་གང་ནས་འོངས་ཞེས་ཟེར་རོ། །རྒྱལ་པོས་སྨྲས་པ། སྐྱེས་པའམ་དུད་འགྲོ་རྣམས་ཀྱི་ཡང༌། །ཡོན་ཏན་རྣམ་ཉིད་གསལ་བྱེད་དེ། །མུན་པའི་ཚོགས་ནི་བསལ་བྱེད་པ། །ནོར་བུ་དག་གི་འོད་རྣམས་བཞིན། །རྨ་བྱའི་རྣམ་པ་གཟུང་ན་ནི། །སུ་ཞིག་དགོས་པ་གང་གིས་ཀྱང༌། །མིག་གི་དགའ་སྟོན་གྱུར་པ་འདི། །གཽ་རི་བླ་མའི་ནགས་ལ་གནས། །རྨ་བྱའི་ཚོགས་ཀྱི་བདག་པོ་དེས། །ཚང་ཚིང་བརྒྱན་བར་བྱས་པ་ནི། །ཁ་བ་ཅན་གྱི་རི་དགས་ཉིད། །མགོན་པོ་དང་ལྡན་འདྲ་བའི་སེམས། །འབྲུག་གིས་རབ་ཏུ་སྟེར་བ་ནི། །ཆུ་འཛིན་ལེགས་པར་སྨྲ་བ་བཞིན། །སྤྲོ་བའི་མིག་གི་གློག་གིས་ནི། །གར་གྱི་བྱས་པ་དེ་ལྟར་ཏེ། །སྤྲིན་དུས་གར་གྱི་བསྟན་བཅོས་ལ་སོགས་པ། །རྨ་བྱ་ཟློས་གར་མཁན་གྱིས་བོས་པ་ནི། །གློག་ནི་བདག་ཉིད་གློ་བུར་སྒེག་དང་བཅས། །གར་མཁན་མོ་ལྟར་བསྟན་པར་ཡང་ནི་བྱེད། །དེ་ནས་དཔེ་མེད་མ་ཞེས་བྱ་བ་རྨ་བྱའི་བདག་པོ་དེའི་རྣ་བ་འཕྲོག་པར་བྱེད་པའི་དབྱངས་དེས་སྙིང་འགུགས་པ་དལ་གྱིས་རྒོད་པ་དང༌། སྨིན་མ་བསྐྱོད་པ་དང་བཟློག་ནས་ལྟ་བའི་རོལ་པས་ཀུན་ནས་ཆེ་བའི་སྒེག་པ་རྣམས་ཀྱིས་རྒྱལ་པོ་དེ་དབང་དུ་བྱས་ནས། རྒྱལ་པོ་དེ་ལ་གསོལ་བ། ལྷ་ལགས་རྨ་བྱའི་བདག་པོ་དེ་གཟུང་བའི་ཕྱིར་འབད་པར་མཛོད་ཅིག །བདག་ཅག་གི་བཙུན་མོའི་འཁོར་གྱི་ནང་དུ་རྩེད་འཇོ་བྱེད་པར་འབྱུང་བར་འགྱུར་ཞེས་བྱ་བའོ། །བཙུན་མོའི་འཁོར་གྱི་དབུས་སུ་སོང་བའོ། །གསལ་བའི་མདོངས་སྒྲོ་འཛིན་


DTG169_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྨ་བྱ་ཡིས། །སྣ་ཚོགས་ནོར་བུ་རྣ་བའི་རྒྱན་ལྟ་བུ། །དེས་ན་ཁོ་བོ་ཅག་གི་ཁྱིམ་གྱི་སར་གྱུར་ཅིག །རྒྱལ་པོས་གསུངས་པ། བཙུན་མོ་འདི་ནི་གཟུང་བར་ནུས་པ་མ་ཡིན་ནོ། །བཙུན་མོས་གསོལ་པ། དྲི་ཞིམ་སྨྱོན་ཆུའི་ཐིགས་པས་སྤྲུལ་པར་བྱེད་པ་ཡི། །མཆེ་བ་གཉིས་པ་སྟོབས་ཅན་རྣམས་ཀྱང་དབང་དུ་བྱེད། །བརྩོན་དང་བློ་དང་ཐབས་ནི་དྲང་བའི་སྐྱེས་རྣམས་ཀྱིས། །སྟོབས་ཆུང་གྱུར་པའི་འདབ་ཆགས་རྣམས་ལ་སྨོས་ཅི་དགོས། །ཉ་ནི་མིག་གི་ལམ་ནས་སོང་བར་གྱུར་ནས་ཀྱང༌། །ཆུ་ཡི་དབུས་གནས་མཆིལ་པས་འདོན་པར་བྱེད་པ་སྟེ། །ཐབས་ལྡན་རྣམས་ལ་བསྒྲུབ་བྱ་མིན་པ་ཅི་ཞིག་ཡོད། །སོས་བདལ་མི་ལ་བྱ་བ་རྣམས་ནི་འབྲས་ལྡན་འགྱུར། །ཁྱད་པར་དུ་ནི་མཁས་པའི་བློ་ནི་ཁྱེད་ལ་ཡོད། །མཁས་པ་མང་པོའི་བཤེས་རྣམས་ཀྱང་ནི་ཡོད་པ་སྟེ། །གལ་ཏེ་བདག་གི་འདོད་པ་འབྲས་བཅས་མི་བྱེད་ན། །ཁྱེད་དང་ལྷན་ཅིག་གཉེན་བཤེས་རྒྱབ་ཕྱོགས་བདག་ངེས་པར། ཕྲུག་བ་ཚང་ལ་གནས་པ་ཀུན་ནས་སྐྱོང་བར་འདོད་པ་ནི། །སྲབ་པའི་སྒྲོ་རྣམས་སྦྱར་བས་ཆུ་བོའི་ཆུ་ནི་རབ་བཟུང་ནས། །ནགས་ཀྱི་མེ་ནི་སྐད་ཅིག་ཏུ་ཡང་ཕུག་རོན་མོས་བསད་པ། །གང་ཕྱིར་མཉེས་གཤིན་སྐྱེ་བོ་རང་ལ་གནོད་པ་སེམས་མི་བྱེད། །དེ་ནས་རྒྱལ་པོ་དེས་བཙུན་མོ་ཁྲོ་བ་མ་བྱེད་ཅིག །བྱ་བ་མ་ཡིན་པ་ཡང་ཁྱོད་ཀྱི་དོན་དུ་བྱ་ཡིས་དེ་བས་ན་དེ་གཟུང་བའི་ཕྱིར་བདག་གིས་འབད་པ་བྱའོ་ཞེས་ཟེར་རོ། །སྒེག་མོ་རྣམས་ཀྱི་འདོད་པ་རྗེས་སུ་དགུག་པ་ནི། །སྒེག་པའི་ཞགས་པས་ཀུན་ནས་འཆིང་བའི་ཡིད་དང་ལྡན། །དགེ་དང་མི་དགེ་འཚོ་བ་ལ་ནི་སེམས་གཉིད་ལོག །སྐྱེ་བོ་དོན་བཅས་ཡང་ནི་དོན་མེད་ཉིད་དུ་འགྱུར། །གང་ཞིག་མི་མིན་གཟི་བརྗིད་ཡན་ལག་ཐོབ་ནས་ནི། །ཏིལ་མཆོག་མ་ཞེས་ལྷ་ཡི་བུད་མེད་གྲགས་པ་ནི། །དེས་ནི་བདག་གི་མཛེས་པས་འཇིག་རྟེན་གསུམ་མགོན་ཡང༌། །སྤྱན་གསུམ་པ་ཡི་ཞལ་ནི་བཞི་དང་ལྡན་པར་བྱས། །དཀའ་ཐུབ་ནགས་ལ་གྷ་དྷེའི་བུ་ནི་དཀའ་ཐུབ་སྟེ། །བློ་ཆེན་མེ་ན་ཀས་ནི་དབང་པོ་རྣམ་འཕྲོག་པ། །བརྙས་པས་པདྨའི་རྩ་བའི་གཞུ་ཅན་བཀུག་ནས་ནི། །ཡིད་ལ་བྱུང་བ་རྒོད་ཅིང་མདས་ནི་འབིགས་པར་གྱུར། །གང་ཕྱིར་དོན་གཉེར་ཆུང་བའི་རྒྱུ་ནི་འཕེལ་བ་སྟེ། །གང་ཕྱིར་མགོ་བོར་རྡུལ་གྱི་ཚོགས་རྣམས་ལྷུང་བ་ནི།


DTG169_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཡིད་ལ་ཚིག་རྩུབ་མདའ་རྣམས་རེག་པ་སྟེ། དེ་ནི་ལུས་ཅན་རྣམས་ལ་བུད་མེད་རྣམས་ཀྱིས་བྱེད། །རབ་ཏུ་འབད་པའི་གོ་ཆ་ཀུན་ནས་བཅིངས་ཏེ་མདུན་དུ་སྲིད་པའི་དམག་ནི་རྣམ་བཀོད་ནས། །མྱུར་བ་ཉིད་དུ་ཤིན་ཏུ་ངོ་ཚ་མེད་པའི་ཀུན་ནས་བརྡུངས་བྱས་ཏེ། །དོན་གཉེར་ཉིད་ཀྱི་གཡུལ་ངོའི་དབུས་སུ་ཡོངས་ནས་བུད་མེད་རྣམས་ཀྱི་གཞན་དབང་ཉིད་དུ་བྱས། །སྐྱེས་བུ་རྣམས་ནི་དམན་པ་ལས་ཀྱང་སྨིན་མ་གཡོ་བའི་མདའ་རྨ་བཟོད་པ་ཉིད་དུ་འགྱུར། །དེ་ནས་རྒྱལ་པོ་དེས་བྱ་ཤོར་བ་རྣམས་ལ་བོས་ནས་སྨྲས་པ། ཁ་བ་ཅན་གྱི་རི་ལ་གསེར་དུ་སྣང་བ་ཞེས་བྱ་བའི་རྒྱལ་པོ་ཡོད་དེ། མྱུར་དུ་ཁྱེད་ཅག་གིས་དེ་བླང་བར་གྱིས་ཤིག །གལ་ཏེ་མི་ལེན་ན་དེ་ནས་ཁྱེད་ཅག་ཐམས་ཅད་ཆད་པ་རྣོན་པོས་འཆི་བདག་གི་དྲུང་དུ་བཏང་བར་བགྱིའོ་ཞེས་ཟེར་རོ། །དེ་རྣམས་ཀྱང་འཆི་བ་ལ་འཇིགས་པས་དེ་ལྟར་བགྱི་ཞེས་ཁས་བླངས་ནས་ཤིན་ཏུ་མཁས་པའི་བྱ་བ་སུ་ཞིག་ལ་དོན་དུ་གཉེར་བར་བྱས་ཏེ་གཏོང་ཞིང་འདུག་གོ །བྱ་འཛིན་པ་དེ་ཡང་རིམ་གྱིས་ཁ་བ་ཅན་གྱི་རིལ་སོང་སྟེ། རྨ་བྱའི་བདག་པོ་དེའི་སྤྱོད་ཡུལ་གྱིས་རྣམ་པར་ཤེས་ནས་ཞགས་པ་རྣམས་རྣམ་པར་བསམ་པར་བྱས་ཏེ་ཕྱོགས་གཅིག་ཏུ་རྣམ་པར་གནས་སོ། །ཁ་བ་ཅན་རི་མཐོན་པོའི་ས་མཉམ་ཉེ་བར་ཡང༌། །བྱ་ཤོར་དེས་ནི་གང་དང་གང་གིས་བཀོད་པ་ནི། །རྨ་བྱ་དེས་ནི་ཤིན་ཏུ་མཐོང་བ་ཙམ་གྱིས་ཡང༌། །ཞགས་པའི་དྲ་བ་དེ་དེ་རིང་པོ་ནས་ནི་བཅད། །དེ་ནས་ཁ་བ་ཅན་གྱི་རིལ་རིང་དུ་གནས་པ་ཡང་ལྷའི་མིག་དང་ལྡན་པ། ཐུབ་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་མཐུ་དེ་མཐོང་ནས་ངོ་མཚར་བའི་ཡིད་དང་ལྡན་པས་འདི་ལྟར་སྨྲས་པར་གྱུར་ཏོ། །དཔལ་ལྡན་བསོད་ནམས་ལམ་ཅན་འདི་ཡི་ལྟ་བས་ནི། །ཞགས་པ་བསྟན་པས་བཅིངས་པ་བཅས་པ་ཇི་ལྟར་འདི། །དམ་པ་འདི་ལ་བྱང་ཆུབ་ཐོབ་པ་དེ་བཞིན་དུ། །ཤེས་རབ་མཚོན་གྱིས་ཉོན་མོངས་ཞགས་པ་གཅོད་པར་འགྱུར། །དེ་ནས་བྱ་ཤོར་བ་དེ་ཞགས་པ་བཅད་པས་ཡིད་མི་བདེ་བར་ཉེ་བར་འོངས་ཏེ། ཐལ་མོ་སྦྱར་ནས་བྱའི་བདག་པོ་དེ་ལ་རྒྱལ་པོའི་བཀའ་དྲག་པོས་བརྗོད་པ་ཕྱིར་སྨྲས་སོ། །སྲོག་ནི་གཅོད་པས་འཇིགས་རྣམས་ལ། །སྐྱབས་དོན་གཉེར་བ་ལ་ནི་སྐྱབས། །མིག་མཐར་དཀར་པོ་བདག་པོ་ནི། །ཁྱོད་ནི་བདག་གི་སྐྱབས་གྱུར་ཅིག །ཁྱོད་ཀྱིས་ཞགས་པ་


DTG169_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བས་བཅད། །དུང་ནི་བཅད་བཞིན་མཐར་དཀར་བ། །དེ་འདྲའི་མཐུ་ལྡན་ཁྱོད་འབྱུང་ཞིང༌། །ཇི་ལྟར་ཁོ་བོ་ཅག་མི་སྐྱོང༌། །དེ་ནི་ཕོངས་དང་ནུས་པ་ནི། །གཉེན་བཞིན་རྒུད་པའི་དུས་ན་མཐོང༌། །སྙིང་རྗེའི་བདག་ཉིད་དེ་ཡི་ཡིད། །སྡུག་བསྔལ་བས་ནི་ཀུན་ནས་ཁྱབ། །ཇི་ལྟར་མི་སྐྱོབ་སེམས་ཅན་རྣམས། །བརྟན་པ་འདི་ནི་སྡུག་བསྔལ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་དེ་ལས། །ཐེ་ཚོམ་མེད་པ་ལྟར་ནི་གནས། །བྱང་ཆུབ་ཐོབ་འདོད་གལ་ཏེ་བདག་ནི་དོར་བར་མི་བྱེད་ན། །རྨ་བྱའི་མཆོག་ལགས་འདི་དག་མི་དབང་ཆད་པ་ལས་སྐྱོངས་ཤིག་ཚུལ་ཁྲིམས་ཕ་རོལ་ཕྱིན་པས་དང་བསྐྱེད་རྨ་བྱ་དེ་ལ་ནི། །འདི་ལྟར་སྙིང་རྗེ་ལེགས་སོ་ཞེས་བྱ་སྨྲ་བར་གྱུར་པ་བཞིན། །དེ་ནས་བྱང་ཆུབ་སེམས་དཔས་འཆི་བ་ལ་འཇིགས་པ་དེ་རྣམས་ཀྱི་སླད་དུ་སྡུག་བསྔལ་དང་ལྡན་པ་བཞིན་འདི་ལྟར་བསམས་པར་གྱུར་ཏོ། །འཇམ་པའི་དབྱངས་ཅན་ཤིན་ཏུ་ཡིད་འོང་སྤུ་ལྡན་པ། །གལ་ཏེ་བདག་ནི་ནགས་འདི་ལས་ནི་འབྱུང་མི་འགྱུར། །སྙིང་རྗེ་མེད་པའི་རང་བཞིན་མི་ཡི་དབང་ཕྱུག་ལས། །འཇིགས་པས་འོང་བར་མི་འགྱུར་དེ་ལྟར་བྱ་ཤོར་རྣམས། །དེ་ལྟར་བདག་གི་དོན་དུ་འདིར་ནི་དགའ་བའི་ཡིད། །སྐྱེ་བོ་ཇི་སྲིད་སྡུག་བསྔལ་ཉེ་བར་མི་འགྱུར་ཏེ། །ཀུན་ནས་བསྐུལ་བ་ས་ཡི་སྐྱོང་བས་ཤི་བ་ལས། །དེ་སྲིད་འདི་ནི་ཡོངས་སུ་སྐྱོང་བར་བྱེད་པ་ཡིན། །རྒྱུ་མཚན་མེད་པའམ་ནི་རྒྱུ་མཚན་ཡོད་པ་ཡང༌། །ཚོགས་ནས་ཕ་རོལ་གང་གི་ཕྱིར་ཞེས་འཇིག་འགྱུར་བ། །དུ་མའི་ཚིག་རྩུབ་མདས་ནི་བདག་ཉིད་ཟད་པ་ཅན། །སྐྱེ་བོ་དེ་ཡི་སྐྱེ་བོ་འདི་འདྲས་ཅི་ཞིག་བྱ། །དེ་ལྟར་བྱང་ཆུབ་སེམས་དཔས་བསམས་ནས་དེ་ལ་བདག་ཉིད་འོངས་པ་རྒྱལ་པོ་དེས་རྟོགས་པར་བྱ་བའི་དོན་དུ་ཁྱོད་མདུན་དུ་སོང་ཞིག་ཅེས་སྨྲས་སོ། །དེ་ནས་བྱ་འཛིན་དེ་རབ་ཏུ་དགའ་བའི་ཡིད་ཀྱིས་མྱུར་དུ་འོངས་ནས་སྨྲས་པ། །ད་ལྟ་ཉིད་དུ་ཁོ་བོ་ཅག་ལ་བརྩེ་བ་ཉིད་ཀྱིས་རྨ་བྱའི་བདག་པོ་དེ་འོང་ངོ་ཞེས་ཟེར་རོ། །དེ་ནས་རྒྱལ་པོ་དེ་བཙུན་མོ་དང་གྲོང་ཁྱེར་བའི་སྐྱེ་བོ་དང་ལྷན་ཅིག་ཏུ་ངོ་མཚར་བའི་དབང་གིས་དེ་འོངས་པ་ལ་སྡོད་ཅིང་ཡང་དང་ཡང་དུ་བར་སྣང་ལ་ལྟ་ཞིང་འདུག་གོ །རྨ་བྱའི་རྒྱལ་པོ་དེ་ཡང་རྨ་བྱའི་ཚོགས་རྗེས་སུ་འགྲོ་བ་ལ་དབུགས་ཕྱུང་སྟེ། ལོག་ཏུ་བཅུག་ནས་ནམ་མཁའི་དཀྱིལ་དུ་


DTG169_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སོང་སྟེ། གློ་བུར་དུ་ཉེ་བར་འོངས་ནས་རང་བཞིན་གྱིས་འཇམ་པའི་སྐད་ཀྱིས་བཱ་རཱ་ཎ་སཱིའི་སྐྱེ་བོ་མ་ལུང་པ་དགའ་བར་བྱེད་ཅིང་འདུག་གོ །དེ་ནས་དེའི་སྐད་དེ་ཐོས་ནས་ངེས་པའི་རྨ་བྱའི་བདག་པོ་དེའོ་ཞེས་བྱ་བ་རྣམ་པར་བསམས་ནས། རབ་ཏུ་དགའ་བའི་ཡིད་ཅན་རྐང་གདུབ་ཀྱི་སྐད་ཀྱིས་ཕུག་རོན་གྱི་ཕྲེང་བ་དང་ངེས་པར་འབྲེལ་བའི་ཕུག་རོན་ཕོ་མོ་གཉིས་སྐྲག་པར་བྱེད་ཅིང་མྱུར་དུ་འགྲོ་བས། རྣ་བའི་མེ་ཏོག་གི་ཕྲེང་བ་རྣམ་པར་བསྐྱོད་པར་བྱས་པ་ཁ་ཅིག་ཁྱད་པར་མཚན་མའི་དཔྲལ་བའི་དབུས་སུ་མ་ངེས་པར་བྱ་བའི་སིན་དྷུ་ར་ལྟར་ལྷག་པར་དམར་བའི་སོར་མོ་རྣམས་དང་ལྡན་པས། མྱུར་དུ་འགྲོ་བ་ལ་གེགས་བྱེད་བའི་ལྕི་བའི་བུད་མེད་ཀྱི་མཚན་མའི་ཁུང་བུ་དང་ལྡན་པས་འགྲོ་ཞིང༌། ཕྲག་དོག་དང་ལྡན་པ་ཅུང་ཟད་སོང་ནས་གཞན་མ་རྣམས་ཀྱང་གོང་མའི་སྐྱེ་བོ་རྣམས་བྲིས་པ་མཐོང་བས་ངོ་ཚ་དང་ལྡན་པས། སླར་མྱུར་དུ་འགྲོ་བ་ལ་འགེགས་པར་བྱེད་ཅིང་རབ་ཏུ་དགའ་བས་ཕྱེ་བའི་མིག་གི་ཨུཏྤ་ལའི་འདབ་མའི་མཐའ་མས་རེག་པའི་རྣ་བའི་མཐའ་དང་ལྡན་པ། སླར་གཞན་ལ་ཁ་ཅིག་ཕྱེད་བྲིས་པའི་རི་མོ་ཅན་གྱི་བྱང་བུ་བོར་ནས་སྐྱ་རིས་ཀྱི་མཐའ་མ་སྲོག་ཟད་པ་དང་འདྲ་བ་རྣམས་ཟ་མ་ཏོག་རྣམས་ཀྱི་ནང་དུ་ནང་པར་བཞག་ནས་ཆུ་གཏེར་དཀར་པོ་དང་ཁ་བ་དང་ཀུན་ད་དང་པདྨའི་རྩ་བ་དང་ཤེལ་དང་དངུལ་ལྟར་དཀར་བ་ཁང་བཟངས་ཀྱི་རྒྱབ་རྣམས་ལ་མཛེས་པར་གྱུར་ཏོ། །བུད་མེད་གཞན་རྣམས་བཱ་ཏཱ་ཡ་ན་རྣམས་ལ་མངོན་པར་འགྲོ་བར་གྱུར་ཏོ། །དེ་ནས་ཁང་བཟངས་སྒོ་ཡི་བུག་པ་ལ་འཇུག་པའི། །རྨ་བྱ་མཐོང་བས་ངོ་མཚར་སྐྱེད་པར་བྱེད་པ་ནི། །བུད་མེད་རྣམས་ཀྱི་མིག་ནི་ཆེ་བའི་གདོང་རྣམས་གྱིས། །གྲོང་ཁྱེར་ཤིན་ཏུ་ཟླ་མང་ལྟར་ནི་མཛེས་པར་གྱུར། །ངོ་མཚར་བས་ནི་རླུང་གིས་བསྐྱོད་པར་བྱས་པའི་གཙུག་པུད་ཅན། །ཤུགས་དང་ལྡན་པའི་རི་དགས་ཕྲུག་ལྟར་ཡིད་ནི་འཕྲོག་པའི་མིག །མཆོག་གི་ཡིད་ཀྱིས་མ་མོ་རྣམས་ཀྱི་སྐྱེ་བོས་མཐོང་བ་ནི། །མཐོ་བའི་གདོང་ཅན་བྱིས་པ་རྣམས་ནི་ཁྱིམ་རྣམས་ལས་ནི་བྱུང༌། །ཡིད་འཕྲོག་ཕོ་ལོང་བརྡབས་པ་བླངས་པའི་བརྩེ་བ་སྤངས་བྱས་ནས། །རྡུལ་གྱི་ཐིགས་པ་འཛག་པས་ཡིད་དུ་འོང་བ་དཔྲལ་བའི་ཕྱོགས། །ཅུང་ཟད་ནུ་མ་བྱུང་བས་སྟེང་གཡོགས་གོས་ནི་མཐོ་བ་ཅན། །རབ་སྲབ་དཔུང་པའི་ལྗོན་ཤིང་


DTG169_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་མ་རྣམས་བྱུང་བར་གྱུར། །རྨ་བྱ་འདི་དང་འདི་ཞེས་བྱ་བར་རབ་ཏུ་མཐོང་བ་ནི། །གསལ་བའི་སེན་མོའི་ནོར་བུ་འོད་ལྡན་པདྨའི་འདབ་མ་ལྟར་དམར་བ། །དགོད་པས་ཡིད་དུ་འོང་བའི་བཞིན་ཅན་རྒྱལ་པོའི་བཙུན་མོ་རྣམས་ཀྱི་ནི། །སོར་མོ་རྣམས་ཀྱིས་གྲོང་ཁྱེར་དེ་ནི་ཟེའུ་འབྲུ་དང་ལྡན་ལྟར་ཡོད་གྱུར། །སྐད་ཅིག་གིས་ཀྱང་ལྷ་དང་ལྷ་མ་ཡིན་གྱི་གཡུལ་ངོ་ལས་སྤུ་གྲིས་དབྱིག་པ་རབ་ཏུ་གཅོད་པ་ཀེ་ཏུ་ལྟར་སྣ་ཚོགས་པའི་ནོར་བུ་ལྟར་སྣ་ཚོགས་པའི་རྨ་བྱའི་རྒྱལ་པོ་དེའི་ཁབ་ཀྱི་ནང་བརྒྱན་པ་བྱེད་ཅིང་འདུག་པར་གྱུར་ཏོ། །དེ་ནས་ཆེ་བའི་མཇུག་མའི་སྒྲོ་ཅན་བྱུ་རུའི་རྣམ་པའི་མཆུ་ལྡན་པ། །རྨ་བྱ་ལ་ནི་ཅིག་ཅར་སྐྱེ་བོ་རྣམས་ཀྱི་ལྟ་བ་དེ་ལ་འབབ། །ཕྱོགས་རྣམས་ཀུན་ནས་གཏོང་ཕོད་ཆེ་བ་ལ་ནི་མྱུར་དུ་ནོར་སྟེར་བ། །མངོན་པར་འདོད་པའི་འབྲས་བུ་དོན་གཉེར་རྣམས་ལ་སྦྱིན་པའི་བདག་པོ་ལྟར། །རྒྱལ་པོ་དང་ནི་རྒྱལ་པོའི་བཙུན་མོ་རྨ་བྱའི་རྒྱལ་པོ་དེ། །མཐོང་ནས་འདོད་པ་ཡང་དག་ཐོབ་སྟེ་དགའ་བ་ཉིད་དུ་གྱུར། །འཇིག་རྟེན་པས་ནི་རྙེད་པར་དཀའ་བའི་དངོས་པོ་ཅུང་ཟད་ནི། །ཐོབ་ནས་སྐྱེ་བོའི་སེམས་ནི་རབ་ཏུ་དགའ་བའི་ཤུགས་ཀྱིས་འཛིན། །དེ་ནས་རབ་ཏུ་དགའ་བའི་ཡིད་ཅན་རྒྱལ་པོ་དེས་རྨ་བྱའི་རྒྱལ་པོ་དེ་ལ་རྒྱལ་པོ་ལ་འོས་པའི་ཁྲི་ལ་བཞུགས་སུ་བཅུག་ནས་ཕྱི་ནས་གདན་ལ་ལྷག་པར་གནས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་འཇམ་པ་དང་ཟབ་པའི་དབྱངས་ཀྱིས་རྒྱལ་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བློ་ཡི་སྟོབས་ཀྱིས་སྟོབས་ལྡན་དབང་པོ་རྣམས་ལས་རྒྱལ་བྱས་ཏེ། །དོན་གཉེར་རྣམས་ཀྱིས་དོན་ནི་འབྲས་བུ་དང་སྦྱར་སྐད་ཅིག་ཏུ། །སྡུག་བསྔལ་རྣམས་ནི་སྤངས་ཏེ་རྒྱ་མཚོའི་གོས་ཅན་ས་གཞི་འདི། །ས་སྐྱོང་ཚུལ་གྱིས་ཡུན་རིང་པོར་ནི་ཀུན་ནས་བསྐྱང་བར་གྱིས། །ཆོས་ཀྱི་རང་བཞིན་ཆོས་ཀྱི་ཟམ་པ་རྣམས། །ཅི་ཞིག་ཁྱོད་ཀྱིས་འཕེལ་ཡིན་ནམ། །མཐའ་མེད་སྡུག་བསྔལ་རྒྱ་མཚོ་ལ། །གང་ལ་དམིགས་ནས་རྒལ་བར་འགྱུར། །སྐྱོན་རྣམས་ལྟ་བ་དྲག་པོ་དང༌། །སྦྲུལ་རྣམས་བཟུང་བ་ཉེས་པ་ལྟར། །སྐྱོན་ཆེ་མཐོང་བ་ཅི་ཞིག་ནི། །ཡུལ་རྣམས་ཀྱིས་ནི་གནོད་དམ་ཅི། །རྣམ་པར་དུལ་བའི་འཁོར་རྣམས་དང༌། །བཟའ་མི་རྣམས་དང་བུ་རྣམས་ཀྱིས། །གྲགས་པའི་གཏེར་གྱི་ལུས་


DTG169_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ། །རྒྱལ་པོ་ཁྱེད་རྣམས་བདེའམ་ཅི། །རྒྱལ་པོས་སྨྲས་པ། ཇི་སྲིད་གཞན་དོན་ལ་མཁས་པ། །ཁྱེད་དང་འདྲ་དང་འགྲོགས་པ་མེད། །རྨ་བྱའི་བདག་པོ་ལུས་ཅན་ལ། །དེ་སྲིད་མི་བདེ་བ་ནི་འབྱུང༌། །རྫ་རྔ་དག་ནི་སྤྲིན་གྱི་སྐད་ཅན་ཀུན་སྤྱོད་ཅིང༌། །གར་མཁན་མོ་དང་གློག་གིས་བརྒྱན་པར་བྱས་པའི་བར། །ཁྱེད་ཀྱིས་རྨ་བྱའི་རྒྱལ་པོ་བདག་གི་ཕོ་བྲང་ནི། །ཐོབ་ནས་ཀྱང་ནི་ཚུལ་འཛིན་དུས་དང་འདྲ་བར་བྱེད། །མཛེས་པའི་བཞིན་གྱི་ཐིག་ལེ་ནམ་མཁའ་རི་བོང་མཚན་མ་ཅན། །དང་བའི་འོད་དང་ལྡན་པ་རྒྱན་གྱི་ནོར་བུ་དག་པ་སྟེ། །ཡུན་རིང་མངོན་པར་འདོད་པ་འདི་ལས་སྐྱེ་བ་རྨ་བྱའི་མགོན། །བདག་གི་ཕོ་བྲང་ཆེན་པོ་ལ་ནི་ཁྱོད་ཀྱིས་བརྒྱན་པར་བྱེད། །དེ་ལྟར་མངོན་པར་བརྟེན་ནས་རྒྱལ་པོ་དེ་མར་མེའི་འོད་ཀྱིས་སྣང་བར་བྱས་པའི་ཕོ་བྲང་གི་བར་དང༌། ཤར་ཕྱོགས་ཀྱི་བུད་མེད་ཀྱི་རི་བོང་ཅན་གྱི་མེ་ལོང་འཛིན་པ་དང༌། ཁྱད་པར་དུ་ལྟ་བཞིན་པའི་སྐར་མ་དང་ཀུ་མུ་ཏའི་ཚོགས་ཀྱི་ནམ་མཁའ་དང་མཚོ་བརྒྱན་པར་བྱས་པའི་མཚན་མོའི་དུས་ཀྱི་སྒོ་ཐོབ་པ་ལ། དྲི་ཞིམ་པའི་མེ་ཏོག་རྣམས་དང་འདབ་མ་རྣམས་ཀྱིས་བཀྲམ་པའི་རྨ་བྱའི་བདག་པོ་ལ་འཇམ་པའི་ལམ་ཀུན་ནས་བསྟན་པར་གྱུར་ཏོ། །ཉི་མ་རེ་རེ་ཡང་ཡོངས་སུ་སྨིན་པ་དང་དྲི་ཞིམ་པ་དང་འཇམ་པའི་འབྲས་བུ་རྣམས་སྦྱིན་པར་གྱུར་ཏོ། །དེ་ནས་དུས་གཅིག་གི་ཚེ་ན་དུས་སོང་བ་ན་རྒྱལ་པོ་དེས་བྱ་བ་ཅུང་ཟད་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་བཙུན་མོ་དཔེ་མེད་མའི་ལག་པར་བཞག་ནས་ཤིན་ཏུ་ཆེ་བ་མ་ཡིན་པའི་དམག་ཚོགས་ཀྱིས་རྗེས་སུ་འགྲོ་བཞིན་པ་རྟ་རྣམས་ཀྱི་རྨིག་པ་སྦྱར་བས་ལམ་གྱི་རྡུལ་འབྱུང་བས་མེ་ཏོག་གི་སྙེ་མ་དང་ཟེའུ་འབྲུ་ཀུན་ནས་དྲི་མ་ཅན་དུ་བྱས་པའི་ནགས་ཀྱི་ནང་བྱེད་ཅིང༌། དྲི་མ་མེད་པའི་ཆུ་འབབ་པའི་འགྲམ་དུ་ལྕང་མའི་གྲིབ་མ་ངེས་པར་འབྲེལ་པ་དང༌། གཡོ་བ་མེད་པའི་ཆུ་སྐྱར་དང་དུར་པ་ལྟ་བཞིན་པ་དང༌། ཉའི་ཚོགས་རྒྱུག་པས་འགྲམ་གྱི་ཆུ་ཁྱབ་པར་བྱས་པ་དང༌། ཤིན་ཏུ་མྱུར་བའི་ཤིང་རྟ་དང་རྐང་པའི་སྒྲ་ཀུན་ནས་གྲག་པའི་ཁྲུང་ཁྲུང་ཕོ་མོས་ཀུན་ནས་དོར་བཞིན་པའི་དཀར་པོའི་འགྲམ་དང་ལྡན་པ། རྒྱ་མཚོའི་བུད་མེད་རྣམས་དེ་དང་དེ་མཐོང་ཞིང་སྐྲག་པའི་ངང་པ་འཕུར་བས་གཡོ་བའི་མིག་མང་པོ་དང་བཅས་པར་གྱུར་པ་ལྟ་བུ། ཕྱོགས་རྣམས་ཀྱི་བར་མཐོང་ཞིང་


DTG169_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འགྲོ་བའི་བ་གླང་གི་ཚོགས་ཀྱི་སོ་རྣམས་ཀྱིས་རྩྭ་སར་པའི་མྱུ་གུ་གཅོད་བཞིན་པ། བུ་རམ་ཤིང་གི་ནགས་ཀྱིས་འགགས་པའི་གྲོང་རྣམས་ཀྱིས་ཟམ་པ་དུ་མ་འདའ་བར་བྱས་ནས་ཅུང་ཟད་ཡུལ་གཞན་དུ་སོང་བར་གྱུར་ཏོ། །དེ་ནས་ས་དབང་བཙུན་མོ་མ་ཧེ་མོ་ཡི་རྭ་བཞིན་དུ། །དཔྲལ་བར་དུ་བས་ཁྱབ་པའི་གདོང་དེ་སྐྱ་བའི་ཡན་ལག་ཅན། །རླུང་གི་སྟེགས་བུར་སོང་བ་མིག་རྫིའི་རི་མོ་ཡངས་པ་ཅན། །མིག་གི་འགྲོ་བའི་སྐྱོན་ཅན་བཞད་གད་པ་ལ་རི་ནས་གཏད། །དེ་ནས་མིག་བཟང་མིག་ལ་མངོན་པར་དགའ་བ་དེ་མཐོང་ནས། །བཞད་གད་ཅན་གྱི་གཙོ་བོ་འདི་ནི་རྩིག་དྲུང་མྱུར་དུ་སོང༌། །ལོགས་རྣམས་བལྟས་ཏེ་ཡང་དང་ཡང་དུ་ཐེ་ཚོམ་ཅན་དེ་ནི། །རྣ་བའི་ཨུཏྤལ་དྲི་ཞིམ་དེ་ཡི་ལུས་ལ་དོར་བར་གྱུར། །ཨུཏྤལ་དེ་ནི་ཁ་ཕྱེ་བ་ཡི་འདབ་མ་བཟུང་བྱས་ནས། །བསྣམས་ཏེ་མགོ་བོར་ཡང་ནི་བཞག་ནས་དེ་ནི་རོལ་བཞིན་པ། །ཉི་མ་ནུབ་པ་སོང་བ་ལ་ནི་གཞན་དབང་ཇི་ལྟར་ཡང༌། །རིམ་གྱིས་དེ་ལ་མིག་གི་རྗེས་སུ་སོང་བས་འགྲོ་བར་གྱུར། །དེ་ནས་དེ་ནི་སྒེག་ཅན་སྨང་འཚོང་ཁྱིམ་དུ་སོང་ནས་ནི། །ཤིན་ཏུ་རྣམ་པར་རྒྱས་པའི་སྙིང་ལྡན་མལ་དུ་འདུག་བྱས་ནས། །མྱ་ངན་ཤུགས་ཀྱིས་ཡིད་འབྱུང་མདའ་ནི་ཕོག་པ་མཚོན་བྱས་པ། །བརྟན་པ་དོར་བ་དེ་ནི་ཤིན་ཏུ་དེ་ནི་ཕྲད་འདོད་གདུང་བར་གྱུར། །ཁྲེལ་དགོད་སྔོན་འགྲོ་སྨད་འཚོང་མས་ནི་བཞད་གད་ཅན་ལ་སྨྲས། །ད་ལྟར་འཕགས་པའི་བུ་ནི་སྟོང་པ་འདྲ་བར་བདག་གིས་མཐོང༌། །དེ་ནས་སྐྱོན་ཅན་བསམ་པ་སྦས་པ་དེས་ནི་སྨྲས་པ་སྟེ། །ཆོ་ལོས་བདག་ནི་ཕམ་ཞེས་དེས་ན་བདག་སྡུག་བསྔལ་བར་གྱུར། །དེ་ནས་བཞད་གད་ཅན་དེ་ལོ་བརྒྱ་དང་མཉམ་པའི་མཚན་མོ་སེམས་པར་བྱེད་ཅིང་ཡིད་དེ་ལ་སོང་བས་ཀུན་ནས་བསླང་སྟེ། གྲོགས་པོ་སུ་ཞིག་ལ་གཏམ་དེ་དབེན་པའི་སར་སྨྲ་ཞིང་འདུག་གོ །ཁར་སང་བདག་གིས་གང་ཞིག་ཉམས་སུ་མྱོང་བ་དེ་གྲོགས་པོ་ཉོན་ཅིག་ཅེས་ཟེར་རོ། །གང་ཞིག་འདི་རྒྱལ་པོའི་བཙུན་མོ་ནི་གཙོ་བོ་མིག་བཙུམས་པ་ཙམ་གྱིས་མི་མོ་ཞེས་བྱ་བ་འཇིག་རྟེན་པ་ལ་གྲགས་པ་རོལ་པ་དང་བཅས་པར་བལྟ་བར་གྱུར་བ་ལས་བཟུང་སྟེ། རླུང་གི་སྟེགས་བུ་ཀུན་ནས་དམིགས་ནས་སྒེག་པ་དང་བཅས་པར། །དགོད་པའི་འཕྲོ་བའི་སོ་ནི་རི་ནི་ཆེན་འོད་ཀྱིས་སྣང་བ་ནི། །


DTG169_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤལ་མིང་ཅན་མིང་གི་དཔེ་མེད་མ་དེས་ཨུཏྤ་ལ་དེའི། །གཟུགས་དང་མིང་མཚུངས་པས་ནི་བདག་གི་སྟེང་དུ་རྣམ་པར་གནས། །དེ་ནི་རླུང་གི་སྟེགས་བུའི་སྒོ་དང་འབྲེལ་བའི་ཟླ་བའི་གདོང༌། །སོ་ཡི་རིན་ཆེན་འོད་ཀྱིས་ཟླ་བའི་འོད་ནི་འཕྲོག་བྱེད་པ། །སྨིན་མའི་གཞུས་ནི་སྒེག་པ་དང་བཅས་མཐོང་བར་འགྱུར་བ་ནི། །མིག་གི་མདའ་ནི་བདག་ལ་རྣམ་བཏང་སྲབ་བའི་ཡན་ལག་ཅན། །དེ་བས་ན་རེ་ཞིག་ཕྲད་པའི་ཐབས་བསམ་པར་གྱིས་ཤིག་ཅེས་ཟེར་རོ། །དེ་ནས་གྲོགས་པོ་དེ་རྣམ་པར་དགོད་ཅིང་སྨྲས་པ། གལ་ཏེ་འདི་ནི་བྱ་རོག་དང་ཏ་ལ་ཕྲད་པ་བཞིན་དུ་འགྱུར་ཏེ་ཁྱོད་ཀྱང་མིའི་བདག་པོའི་ཕོ་བྲང་གི་རྩིག་པ་དང་ཉེ་བར་རྗེས་སུ་ཐོབ་པ་དང༌། །དེ་ལ་ཡང་རྣམ་པ་གང་གིས་ཅི་ཡང་ལྟ་བར་གྱུར་པ་ལ་རང་ཉིད་ཀྱིས་ཁྱེད་ཀྱི་སྟེང་དུ་རྣ་བ་ལ་ཡོད་པའི་ཨུཏྤ་ལ་ལྟུང་བར་གྱུར་པ་དེ་བས་ན་ཁྱོད་སྨད་འཚོང་མ་དང་བཞད་གད་ཅན་གྱི་སྐྱེ་བོའི་དབུས་སུ་འོངས་ནས་བདག་ཉིད་དགོད་པར་བྱ་བའི་དངོས་པོ་མ་བྱེད་ཅིག །དེ་བས་ན་དམ་པ་མ་ཡིན་པའི་རྣམ་པར་རྟོག་པ་འདི་ཀུན་ནས་བཏང་བར་གྱིས་ཤིག །གལ་ཏེ་ཡང་འདོད་བཞིན་པའི་རྒྱལ་པོའི་བཙུན་མོས་ཁྱོད་ཀྱི་སྟེང་དུ་རྣ་བ་ལ་ཡོད་པའི་ཨུཏྤ་ལ་ལྟུང་བར་གྱུར་པ་དེ་ལྟ་ན་ཡང་ཕྲད་པར་འདོད་པའི་གདུང་བ་འདི་ནི་མི་རིགས་པ་ཁོ་ན་སྟེ། གང་གི་ཕྱིར་རྙེད་པར་དཀའ་བའི་འདོད་པ་ཅན་མོའི་སྐྱེ་བོ་དང་ཕྲད་པའི་ཐབས་ཀྱི་བསམ་པ་སྐྱེ་བོ་ལ་མི་དགའ་བ་ཆེན་པོ་སྐྱེད་པར་བྱེད་པ་དང༌། གཉིད་འཕྲོག་པར་བྱེད་པ་དང༌། ཡན་ལག་རྣམས་ཀྱང་སྟོབས་ཆུང་བར་བྱེད་དེ་ཁ་ཟས་ལ་འདོད་པ་མེད་པར་བྱེད་པ་དང༌། ཕན་པར་སྨྲ་བའི་གྲོགས་པོ་རྣམས་ཀྱི་ཡང་གདམས་ངག་ལ་མངོན་པར་དགའ་བར་མི་བྱེད་པ་དང༌། རབ་ཏུ་འཕེལ་བའི་ཆུ་སར་པའི་ཚོགས་དང་ལྡན་པའི་ཆུ་བོའི་འགྲམ་གྱི་ལྗོན་ཤིང་བཞིན་དུ་ཆོས་ལ་གནས་པ་རྩ་བ་ནགས་ནས་འདོན་པར་བྱེད་པ་དང༌། དགའ་བ་རྣམས་ལ་ཡང་སྡང་བར་བྱེད་པ་དང། །སྐྱེས་བུ་དམ་པ་རྣམས་ཀྱི་ཡོན་ཏན་གྱི་གཏམ་ལ་ཕྲག་དོག་བྱེད་པ་རྣམ་པ་ཐམས་ཅད་དུ་སོ་སོར་རྟོག་པའི་སྟོབས་ཀྱིས། འདི་མེད་པར་བྱེད་ནུས་པ་ཡིན་ནོ་ཞེས་ཟེར་རོ། །བཞད་གད་ཅན་གྱིས་སྨྲས་པ། ལུང་དུ་མ་འདའ་བར་བྱེད་པ་སྐྱེ་བོ་དང་རེག་པས་བློ་རྣོ་བ་བདག་ལྟ་བུ་སྐྱོན་ཅན་


DTG169_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐྱེ་བོ་རྣམས་ནི་འདོད་པ་དང་བཅས་པའམ། འདོད་པ་མེད་པའི་བུད་མེད་ཇི་ལྟར་ཤེས་པར་མི་འགྱུར་རོ། །གྲོགས་པོ་ཉོན་ཅིག །གང་གི་ཕྱིར་རྣ་བ་འཕྲུག་པ་དང༌། ནུ་མ་གསལ་བར་བྱེད་པ་དང༌། ངོ་ཚ་བས་བྱིན་ཕྱོགས་སུ་ལྟ་བ་དང༌། དགོད་པ་ལ་སོགས་པའི་དངོས་པོ་རྣམས་ནི་བུད་མེད་རྣམས་ཀྱི་འདོད་པ་དང་བཅས་པའི་སེམས་སུ་གསལ་བར་བྱེད་དེ་དེ་བས་ན་འདིར་ཐེ་ཚོམ་གྱིས་ཅི་ཞིག་བྱ་ཞེས་ཟེར་རོ། །གྲོགས་པོས་སྨྲས་པ། གལ་ཏེ་དེ་ལྟ་ཡིན་ན་དེས་ནམ་མཁའ་ལ་འགྲོ་བ་རྣམས་ཀྱི་བདག་པོ་ལྟར་ར་བ་ལས་ཀྱང་འདས་པར་བྱས་ནས་ཁྱོད་མིའི་བདག་པོའི་ཕོ་བྲད་དུ་མཚན་མོ་ཁྱོད་ཞུགས་པ་ན་ཁྱོད་ཀྱིས་དུས་བྱས་པའི་དེ་ན་ཡོད་པའི་རྒྱལ་པོའི་བཙུན་མོ་སོ་སོར་རྟོགས་བཞིན་པ་ཅི་ཞིག་ཡིན་ནམ། གཉིད་ཀྱིས་ཁྱབ་པའི་མིག་གི་ཨུཏྤལ་རྣམ་སྤངས་པ། །ཡན་ལག་འདར་ཞིང་མོ་མཚན་ལས་ནི་གོས་ལྷུང་བ། །འཇིགས་དང་བཅས་པས་འདི་ནི་སུ་ཡིན་ཞེས་སྨྲ་བ། །སྟག་ལ་འཇིགས་པས་རི་དྲགས་མོ་ལྟར་དེ་འབྱུང་འགྱུར། །དེ་ནས་འཁོར་གྱི་སྐྱེ་བོའི་ཀུ་ཅོས་སྒོ་བ་གཉིད་རབ་ཏུ་སད་པའི་རྒྱལ་པོའི་འཁོར་ལ་མ་འོངས་པ་ནུས་པ་མ་ཡིན་པའི་ལས་འདི་བདག་གིས་མཐོང་ཞེས་བྱ་བ་དེ་ལྟར་དེ་དག་དབེན་བར་རྣམ་པར་དཔྱོད་པར་བྱེད་པ་དག་ལ། དལ་གྱིས་འགྲོ་བས་བསྐྱོད་པའི་སྒྲ་གྲག་པའི་རྐང་གདུབ་ཀྱིས་ཡིད་འཕྲོག་པའི་རྐང་པའི་པདྨ་གཉིས་རྣམ་པར་བཀོད་པས་སའི་རྒྱབ་མཆོད་པར་བྱེད་པ་དང་འདྲ་བ་དང༌། ལག་བརྡས་འགྲོ་བ་ཉིད་སྟོན་པར་བྱེད་པ་དང༌། བསྐྱོད་པའི་རི་དགས་ཀྱི་འོག་མིག་དང་འདྲ་བའི་སྒེག་པ་དང་བཅས་པའི་ལྟ་བས་མཛེས་པ་ཉིས་འགྱུར་གྱིས་རྣ་བའི་གྲོགས་པོ་མིག་གིས་ངོ་ཚ་བར་བྱས་པ་དང་འདྲ་བར་ཅུང་ཟད་ཐུར་དུ་སྒྲུ་པའི་རྣ་པ་ཡོད་པའི་ཨུཏྤ་ལ་ངེས་པར་བྱེད་པ་དང༌། རགས་པའི་མུ་ཏིག་གི་ཚུན་པོའི་ནོར་བུའི་འོད་ཀྱིས་ལྕི་བའི་འོ་མ་འཛིན་པ་གསལ་བར་བྱས་པས། མཚན་མོའི་གཟུགས་དང་ལྡན་པ་བཞིན་དུ་ཆུ་འཛིན་དང་བྲལ་བས་མཚན་མོ་བྱེད་པ་གསལ་བ་དང༌། ཅུང་ཟད་ཉི་མའི་འོད་ཟེར་གྱིས་སྐྱེས་པའི་རྡུལ་གྱི་ཐིགས་པའི་ཚོགས་ཀྱིས་ཁྱད་པར་དུ་མཛེས་པ་མནན་པ་དང༌། ཁྱད་པར་དུ་མཛེས་པའི་མེ་ཏོག་བ་ཀ་ལའི་ཕྲེང་བས་སྐ་ལོ་ཡོངས་སུ་གང་བར་བྱས་པ་དང༌། ལག་པ་ནས་


DTG169_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བའི་སྐ་རགས་ཀྱི་ཆ་ལྷོད་པར་བྱས་པ་དང༌། རྨ་བྱའི་མདོངས་ཀྱི་སྒྲོའི་དབུས་ལྟར་སྔོ་བའི་སྟེང་གོས་འཛིན་པར་བྱེད་པ་དང༌། རབ་ཏུ་སྲབ་ཅིང་ནག་པའི་སྤུའི་ཕྲེང་བས་རྒྱ་ཆེ་བ་དང༌། ཟབ་པའི་ལྟེ་བ་དམའ་བ་ཉིད་དང་འདྲ་བར་སྟོན་པར་བྱེད་པར་གྱུར་པའི་ཉེ་བར་མཛེས་པར་བྱས་པའི་གཉེར་མ་གསུམ་གྱི་རླབས་ཀྱིས་བར་མི་མཉམ་པ་དང༌། ཉི་མ་ཕྱེད་ཀྱི་དུས་ཀྱི་ཉིན་མོ་བྱེད་པའི་འོད་ཟེར་རྣམས་ཀྱིས་འཁྱུད་པར་བྱས་པའི་པདྨོའི་ཕྲེང་བ་དང་འདྲ་བ། འགྲོ་བས་ཀུན་ནས་ངལ་བའི་དབང་གིས་འཇམ་པའི་ལུས་ཀྱི་སྲོག་ཤིང་ཅུང་ཟད་ཡོངས་སུ་རྙིངས་པ་དང༌། ག་བུར་གྱིས་དྲི་ཞིམ་པའི་སོ་རྩིས་མཆུ་དམར་བ་དང༌། ཡོངས་སུ་སྨིན་པའི་ལ་བི་ལའི་འབྲས་བུ་ལྟར་ཀུན་ནས་སྐྱེ་བའི་འགྲམ་པའི་དབུས་སུ་ཀུན་ནས་བྲིས་པའི་སྨུག་རྩི་དང་ལྡན་པ་དང༌། དཔལ་གཟུགས་དང་ལྡན་མ་དང་འདྲ་བར་གཟུགས་མཚུངས་པ་མེད་པ། སྨྲ་བ་མཁས་པ་བཟོ་བོ་མཁས་པས་བརྡུངས་པའི་གསེར་སྐུ་དང་འདྲ་བའི་མིང་དཔལ་ལྡན་མ་ཞེས་བྱ་བ་ཕོ་ཉ་མོ་བཙུན་མོ་དཔེ་མེད་མས་བཏང་ངོ༌། །ཀུན་ནས་འོངས་ཏེ་བཞད་གད་པ་དང་གཉིས་གསོང་པོར་སྨྲས་ནས་འདུག་སྟེ། དེ་དག་གི་གྲོགས་པོ་ཉིད་གཞན་དབང་དུ་མ་སོང་བར་ཤེས་ནས། དབུགས་ཕྱུང་བ་ཉིད་དུ་རྒྱལ་པོའི་གཏམ་སྨྲ་པར་གྱུར་ཏོ། །མེ་ཏོག་མཚོན་ཆ་དང་འདྲ་ཕོ་བྲང་མཐའ་ནས་འགྲོ་བ་ནི། །གང་ཚེ་མི་དབང་བཙུན་མོ་དཔེ་མེད་མས་ནི་ཁྱོད་མཐོང་བ། །ལག་མཐིལ་གཏད་པའི་གདོང་གི་པདྨ་དག་གི་མཛའ་མོ་དེ། །དེ་ནས་བརྩམས་ཏེ་སྲབ་བ་ཉིད་ཀྱང་སྐྱ་བ་ཉིད་ནི་འཛིན། །ཤིན་ཏུ་སྲབ་པ་པད་རྩ་བཅས་པའི་འདམ་ལྟར་སྐྱ། །ད་ལྟར་བསྟན་པ་བྲལ་བའི་ཡན་ལག་འཛིན་བྱེད་ཅིང༌། །ཡིད་ལ་ཡིད་ལས་སྐྱེས་པའི་མདའ་རྣམས་མ་ལུས་པ། །ཡང་ཡང་གྲོགས་པོ་བདག་གི་མཛའ་མོ་ལ་ནི་འཕེན། །མེ་ཏོག་མལ་ཆ་ཡན་ལག་ལས་སྐྱེས་དྲོད་ཀྱིས་ནི། །ཉི་མ་རེ་རེར་འདོད་པའི་ལུས་ཅན་དྲོ་བར་བྱེད། །སྐྱེད་མོས་ཚལ་ཡང་ཡིད་འོང་ལྟ་བར་འགྱུར་བཞིན་ཡང༌། །ཁྱུ་དང་བྲལ་བའི་རི་དགས་མོ་ལྟར་རོལ་མི་འགྱུར། །དེ་ལྟར་མེ་ཏོག་གཞུ་ཡི་མདའ་ཡིས་ཡན་ལག་བརྡུངས་པ་ཡི། །ཡང་དང་ཡང་དུ་མྱ་ངན་དབུགས་ཀྱིས་འགྲམ་པ་བཀང་བ་དང༌། །ངོ་ཚས་གདོང་ནི་ཐུར་ལྟ་ལེགས་པའི་ཡན་ལག་ཅན། །རེ་ཞིག་དེ་རིང་མཛའ་


DTG169_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཚིག་གིས་ཀྱང་ནི་རོལ། །དེ་ནས་ཚིག་ངེས་པར་བྱས་པའི་ཕོ་ཉ་མོ་དེ་ལ་དེའི་གྲོགས་པོས་རྣམ་པར་དགོད་ཅིང་སྨྲས་པ། གདོན་མི་ཟ་བ་ཉིད་དུ་ལྷན་ཅིག་སྐྱེས་པའི་སྙེམ་གསལ་བར་བྱེད་པའི་དཔྱིད་ཀའི་དུས་སུ་ཁུ་བྱུག་མོ་དང་ལྷན་ཅིག་ཏུ་སྦྱར་བ་ཡིན་ཏེ། ཁྱེད་ལ་ཡིད་ཀྱི་རེ་བ་འགྲུབ་ཅེས་བྱའོ། །བཞད་གད་མཁན་གྱིས་སྨྲས་པ། མཛའ་མོ་རྣམ་པ་ཐམས་ཅད་བདག་ནི་དོན་དང་བཅས་པ་སྟེ། ས་ཕྱོགས་གང་དང་གང་ལ་བདག་གིས་དཔེ་མེད་མ་བལྟ་བར་བྱ་ཞེས་བྱ་བ་རེ་ཞིག་སྨྲོས་ཤིག །ཕོ་ཉ་མོས་སྨྲས་པ། མཚན་མོ་སྐྱེ་བོ་གཉིད་ལོག་པ་དང་ཅུང་ཟད་ཉེ་བ་ན་ཕྱི་རོལ་དུ་ར་བ་དང་ཉེ་བར་སྐྱེས་པ་གང་ཞིག་ནྱ་གྲ་དྷ་དེ་ལ་འཛེགས་ནས་དེ་ཉིད་མིའི་བདག་པོའི་ཕོ་བྲང་གི་རྩིག་པ་དང་ཡང་དག་པར་འབྲེལ་བའི་བཅུན་མོའི་འཁོར་ལ་འོས་བའི་སྐྱེད་མོས་ཚལ་གྱི་སྟེང་དུ་རབ་ཏུ་བརྐྱང་བའི་ཡལ་གས་གྲོགས་པོས་འཇུག་སྟེ་དེ་གསེར་དུ་སྣང་བ་རྨ་བྱའི་བདག་པོ་ལ་རྫིང་བུའི་འགྲམ་ན་རི་མོའི་ར་བ་ལ་གནས་པའི་མུ་ཏིག་གི་ཕྲེང་བ་དང་ཆུ་གཏེར་བའི་གཡོ་བས་དཔེ་མེད་མ་ཡུན་རིང་པོར་བདག་ཉིད་སྐྱོ་བསང་བྱེད་ཅིང་དེ་གྲོགས་པོས་ཀུན་ནས་མངོན་པར་འགྲོ་བར་བྱ་ཞེས་ཟེར་རོ། །མཛའ་མོ་བདག་གི་ཚིག་གིས་འདི་ལྟར་དཔེ་མེད་མ་ལ་སྨྲ་བར་བྱ་སྟེ། བདག་གི་སྟེང་དུ་ཨུཏྤལ་དཀར་མིན་པ། །རྣ་བ་ནས་ནི་བླངས་ཏེ་ཁྱོད་ཀྱིས་བཏང༌། །དེ་ནས་ཡིད་འོང་སྲོག་དང་འདྲ་བ་ནི། །སྙིང་ཡང་འདི་ནི་གཏོང་བར་མི་བྱེད་དོ། །དེ་ལྟར་ལགས་ཞེས་བཏུད་ནས་ཚིག་སྐྱེལ་པ་དེ་སོང་བལ་ཕྱོགས་མང་བའི་མུན་པས་བཏང་བར་བྱས་པ་མཐོང་བར་དཀའ་བའི་ལམ་རྣམས་ཡོད་པ་དང༌། གླང་པོ་ཆེ་གཉིད་ལོག་པའི་དབུགས་ཐོས་བཞིན་པ། འཆིང་བའི་ཀ་བའི་ནགས་ཡོད་པ་དང༌། ཐུན་དང་པོ་པའི་སྐྱེ་བོས་ཐུན་གཉིས་པ་མེ་ལ་རྩེ་ལ་དབང་བྱེད་པ་ཀུན་ནས་སློང་བར་བྱེད་པའི་གེལ་པའི་སྐྱེས་བུ་ཡོད་པ་དང༌། གཡོ་བ་མེད་པའི་བྱའི་ཚོགས་ཀྱིས་ཡལ་གལ་ཚད་ལྷག་པར་གནས་པའི་ཤིང་རྣམས་ཡོད་པ་ལ། མཐོ་ཡོར་ཡང་མཐོང་ཞིང་མདུན་དུ་སྐྱེས་པ་ཞེས་དགོས་པ་དང་བཅས་པས་དྲི་ཞིམ་པའི་ཁ་དོག་གིས་བྱུགས་པའི་བཞད་གད་ཅན་དེ་དང་པོའི་ཆུ་འཛིན་པ་ལྟར་སྔོ་བའི་རས་ཀྱིས་ལུས་དཀྲིས་པར་བྱས་པ། མཆན་ཁུང་གཡོན་པར་རལ་གྲི་རྣོན་པོ་འཛིན་པར་


DTG169_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་གྲོགས་པོ་དེ་དང་ལྷན་ཅིག་ཏུ་མཚན་མོ་བྱེད་ཉེ་བར་སོང་བ་ན་ཀུན་ནས་འོངས་ཏེ། ཕོ་ཉ་མོས་བརྟན་པའི་ཐབས་ཀྱིས་སླར་ཕྲད་པ་ཞེས་གྲོགས་པོ་ལ་བོས་ནས་བཙུན་མོ་འོངས་པའི་སྐྱེད་མོས་ཚལ་དུ་ཞུགས་པར་གྱུར་ཏོ། །དེ་ནས་འོངས་བཞིན་པ་མཐོང་ནས་ཁྱད་པར་ཅན་གྱི་རྒྱན་འཛིན་པའི་དཔེ་མེད་མ་ངེས་པར་འདི་ནྱ་གྲོ་དྷའི་ཡལ་ག་འདིས་འཇུག་པར་བྱེད་ཅིང༌། རྨ་བྱ་དེས་གལ་ཏེ་མཐོང་ན་དུས་གཅིག་གི་ཚེ་གཏམ་འདི་རྒྱལ་པོ་འོངས་པ་ན་སྨྲའོ་ཞེས་བསམ་ཞིང་འདུག་གོ །དེ་བས་ན་རྨ་བྱ་འདི་ལ་དུག་དང་འདྲེས་པའི་ཁ་ཟས་ཀྱིས་དངོས་པོ་མེད་པ་ཉིད་དུ་ཁྱེར་བར་བྱ་ཞེས་བྱ་བ་རྣམ་པར་བསམས་ནས། དུག་དང་འདྲེས་པའི་ཁ་ཟས་དང༌། །ཆུ་ནི་རྨ་བྱ་ལ་དེས་ནི། །ཆགས་པ་དང་ནི་འཇིགས་པ་དང༌། །གཞན་དབང་གྱུར་པ་བྱིན་པར་གྱུར། །བདེ་བ་འདོད་པས་རིགས་སྐྱེས་འཇིགས་པ་སྤངས་པ་ནི། །བསོད་ནམས་མི་མཐུན་གྱུར་པས་རྣམ་པར་རྨོངས་བྱས་པ། །ངོ་ཚ་བྲལ་བ་ཆགས་པ་གཞན་དབང་སྐྱེ་བོ་ནི། །བདག་ཉིད་མི་ཤེས་ད་ལྟ་ཅི་ཡང་བྱེད་པར་འགྱུར། །རྨ་བྱའི་བདག་པོ་དེས་ཀྱང་ཅུང་ཟད་ཁ་བའི་ཁ་ཟས་དང་ཆུ་མྱངས་ནས་ངེས་པར་དཔེ་མེད་མས་སྐྱེས་པ་འདི་དང་ལྷན་ཅིག་ཏུ་འབྲེལ་པ་མངོན་པར་འདོད་པས་དོགས་པ་སྐྱེས་པ་བདག་ཅག་ལ་བྱིན་ནོ། །དེ་བས་ན་འདི་འདིར་དུས་ཐོབ་པ་ན། །སྐྱེས་པ་བུད་མེད་འདི་དག་ཆགས་ལོང་བློ་སྐྱེས་པ། །ད་ལྟ་ཇི་སྲིད་བུད་མེད་དང་འབྲེལ་མ་གྱུར་པ། །ཆོས་འབྲེལ་གཏམ་ནི་ལོག་ལམ་འཇོག་པར་བྱེད་བཞིན་པ། །དེ་སྲིད་འདི་དག་ཆགས་བྲལ་ཁྲིད་ཕྱིར་འབད་པར་བགྱི། །ཞེས་རྣམ་པར་བསམས་ནས། བདག་ཉིད་ཆེན་པོ་དེ་བཞད་གང་ཅན་དེ་ལ་བོས་པར་གྱུར་ཏོ། །བདག་ཉིད་ཆེན་པོ་འདིར་འདུག་སྟེ་བདག་གི་གཏམ་གྱིས་བདག་ཉིད་ཡེངས་པར་བྱས་ནས་ཇི་ལྟར་མངོན་པར་འདོད་པ་བསྒྲུབ་པར་གྱིས་ཤིག་ཅེས་བྱའོ། །བཞད་གད་ཅན་དེ་ཡང་ངོ་མཚར་བའི་དབང་གིས་ཉེ་བར་འོངས་ཏེ་རྨ་བྱའི་བདག་པོ་དང་ཉེ་བར་ཀུན་ནས་འདུག་པར་གྱུར་ཏེ། །རྒྱལ་མོ་དེས་ཀྱང་དེ་མཐོང་ནས་འཇིགས་པ་དང་བཅས་པས་ཅང་མི་སྨྲ་བར་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔའ་འདུག་པ་དེ་དག་གི་མདུན་དུ་འདི་ལྟར་འདོད་ཆགས་དང་བྲལ་བ་དང་འབྲེལ་བའི་གཏམ་བྱེད་པར་གྱུར་ཏོ། །ཨེ་མ་


DTG169_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་པའི་ཟླ་ཉི་ཡོངས་སུ་འདྲིས་པས་ཡིད་འོང་གདོང་གི་རི་བོང་ཅན། །སྒེག་དང་བཅས་པས་འགྲོ་བ་དང་ནི་ནུ་མ་གཉིས་ནི་མཐོ་ཞིང་སྐལ་བ་བཟང༌། །འདི་ལྟར་རྨོངས་པས་གཞན་དག་གིས་ནི་གཞོན་ནུ་མའི་གཟུགས་ལ་རྟོག་བྱེད་ཅིང༌། །སོ་སོར་རྟོག་པ་མེད་པས་མེ་ཏོག་གཞུ་ནི་མ་ཡི་ནང་དུ་ཞུགས་པར་བྱེད། །དབེན་པར་བདག་ནི་ལག་པས་སྐེ་རགས་ལྷོད་པར་བྱེད་བ་ཀུན་ནས་འགེགས་པ་ནི། །དང་པོ་ཉིད་དུ་ངོ་ཚས་ཐུར་དུ་ལྟ་བའི་གདོང་ཅན་འདི་ལྟར་འབྱུང་འགྱུར་ཏེ། །འདི་ལྟར་བུད་མེད་འབྲེལ་བའི་དོན་དུ་རྣམ་རྟོག་མང་བ་རྣམས་ཀྱིས་ལོང་ཡིད་ཀྱི། །ལུས་ནི་སྐྱོན་ལ་ལྟ་བའི་ཡན་ལག་མེད་པ་ཉི་མ་རེ་རེ་སྲབ་པར་བྱེད། །དེ་རིང་སླར་ལ་དེ་ནི་འོང་ངམ་བླ་མ་རྣམས་ལ་འཇིགས་པས་དེ་འོངས་ག་ལས་ཏེ། །ཡང་ན་མཚན་མོར་སྐྱེ་བོ་གཉིད་ཀྱིས་ལོག་པ་ལ་ནི་བདག་ཉིད་སྐྱོད་ཅིང་འགྲོ་བ་འམ། །ཕོ་ཉ་མོས་ཀྱང་དེ་རིང་ཡུན་རིང་བཅས་ཏེ་འོན་ཏེ་དེ་ཡི་ཡིད་ནི་ཟློག་འགྱུར་རམ། །དེ་ལྟར་རྣམ་པར་རྟོག་པའི་བཞོན་པས་ཁྱབ་པའི་བློ་ཅན་འདོད་ཅན་ལ་ནི་བདེ་འདི་ཅི། །ཀུན་བརྟགས་ལས་ནི་ཡན་ལག་མེ་ནི་འབྱུང་ལ་དེ་ལས་ཚ་བ་སྐྱེ་བ་སྟེ། །གདུང་བ་ལས་ནི་དྲན་ཉམས་བྱེད་པ་མི་དགའ་བ་སྟེ་དྲན་པ་མེད་པར་ངོ་ཚ་ག་ལས་ཏེ། །ངོ་ཚས་འཇིགས་པས་སྨྲ་བ་ཉིད་དང་གནོད་པ་ཉོན་མོངས་མདའ་ཡིད་འབིགས་པའི་ཡིད་བརྟན་པ། །སེམས་ཀྱི་སྡུག་བསྔལ་ལྡན་པ་སྐྱེས་དང་བུད་མེད་སེམས་དག་ནམ་ཞིག་བདེ་བ་ཅན་དུ་འགྱུར། །དབང་པོ་རྣམས་ལ་དབང་དུ་སོང་བ་བདེ་བ་ཞེས་བྱའི་བསམ་པས་རྣམ་པར་རྨོངས་བྱས་པ། །འདོད་པའི་སྡུག་བསྔལ་ངོ་ཚ་རྣམ་བྲལ་སྐྱེ་བོ་གཞན་གྱི་བུད་མེད་ལ་ནི་འདོད་པར་བྱེད། །ལྕགས་ལས་འབྱུང་བའི་སྲེག་ཟ་འབར་བ་མེ་སྟག་གིས་ཁྱབ་བུད་མེད་ལ་ནི་འཁྱུད་བྱེད་ཅིང༌། །དམྱལ་བར་མནར་བ་ཀུན་ནས་འབྱུང་ཞེང་དེ་ནི་བསྲན་བར་ནུས་པར་འགྱུར་བ་ཅི་ལྟར་ཡིན། །དེ་ལྟར་གཞན་གྱི་བུད་མེད་ལ་ཆགས་པ། །སྐྱོན་མང་བར་ཤེས་བརྟན་པ་ལ་དམིགས་ནས། །སྲིང་མོའི་འདུ་ཤེས་བྱས་ནས་དེ་ལ་ནི། །ཤེས་རབ་ཅན་གྱིས་ཀུན་ནས་ལོག་པར་བྱ། །དེ་ལྟར་ན་བདེ་བ་ཉུང་བའི་ཕྱིར་མེ་དུ་མ་འབར་བ་སྟོང་ཕྲག་རྣམས་ཀྱིས་འཁྱུད་པར་གྱུར་པ་དང༌། སྒྲ་སྒྲོགས་པའི་དབང་པོ་མི་དགེ་བའི་ལས་བྱེད་བ་རྣམས་ཀྱིས་སྡུག་བསྔལ་བའི་


DTG169_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

འོ་དོད་ཀྱིས་སྙིང་རྗེ་བ་དང༌། དགྲ་སྟ་རྣོན་པོས་མགོ་གཅོད་བཞིན་པ་གཞན་དག་རྣམས་ཀྱི་ཁྲག་གི་རྒྱུན་གྱིས་འབར་བའི་སའི་སྟེངས་སྦངས་པ་དང་དྲག་པོའི་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་འཕྱར་བའི་ལྕགས་ཀྱི་ཐོ་བས་མངོན་པར་བརྡུངས་པའི་ཕྱེ་མར་བྱས་པའི་སྐྱེས་བུ་རྣམས་ཀྱི་ལུས་དང༌། རུས་པའི་སྒྲས་འཇིགས་སུ་རུང་བ་དང༌། ལྕགས་ཀྱི་ཤལ་མ་ལིའི་སྡོང་བུའི་ཚེར་མ་རྣམས་ཀྱིས་ཀུན་ནས་འབིགས་བཞིན་པའི་བཞད་གད་རྣམས་ཀྱིས་ཀྱང་སྐད་ཅིག་ཙམ་མངོན་པར་སྐད་འདོན་པ་རྣམས་ཀྱི་མཐའ་མ་ཉེ་བར་བསགས་པའི་དམྱལ་བར་ལྟུང་བའི་ཕྱིར་ཤེས་རབ་མེད་པ་རྣམས་འདོད་པ་ཡིན་ཏེ། དེའི་ཕྱིར་ཀྱེ་མ་འདི་ནི་མི་ཤེས་པ་ཆེན་པོའོ། །དེ་ནས་བཞད་གད་མཁན་འདི་རྨ་བྱའི་བདག་པོ་དེས་དམྱལ་བའི་གཏམ་བརྗོད་བཞིན་པ་དེ་ཐོས་ནས་ཡིད་ལ་སྐྱོ་བ་སྐྱེས་ཏེ། གཞན་གྱི་ཆུང་མ་ལ་མངོན་པར་འདོད་པ་རྣམ་པར་བཟློག་པར་བྱས་པས་སྨྲས་པ། ཀྱེ་མ་ཁྱོད་ཀྱིས་དམྱལ་བ་ཉེ་བར་བརྗོད་པ་འདི། །ཐོས་ནས་ཤིན་ཏུ་འཇིགས་པར་བྱེད་པ་སྐད་ཅིག་དེ། །འོད་རྣམས་འབྱུང་བ་དམྱལ་བའི་མེ་འདི་ནི། །ཀུན་ནས་ལངས་པའི་སྒྲ་ནི་བདག་གི་རྣམ་མཐོང་འདྲ། །དེང་ནས་བརྩམས་ནས་ཆགས་པས་ལོང༌། །སྐྱེ་བོའི་བསམ་པ་འཕྲོག་བྱེད་པ། །བདེ་འགྲོའི་སྒོ་ནི་འགེགས་བྱེད་པ། །ཁྱིམ་ཐབ་གཞན་ཅན་ལ་འདུད་ཤོག །དགེ་དང་མི་དགེའི་ལས་བརྗོད་པས། །གསལ་བར་བྱས་པའི་རྣམ་པར་དེས། །ཁྱེད་ནི་རྗེས་སུ་སྟོན་པ་པོ། །སློབ་དཔོན་ལྟ་བུར་བདག་གིས་མཐོང༌། །རྒྱལ་པོའི་བཙུན་མོ་འདི་ཡང་ནི། །བདག་པོའི་བརྟུལ་ཞུགས་མ་ཉམས་པ། །ཆགས་པའི་རབ་རིབ་སྤངས་པ་ནི། །བདག་གི་སྲིད་མོ་བཞིན་དུ་ལྟ། །དེ་ནས་དཔེ་མེད་པ་དེའི་སྲིང་མོ་ཞེས་བྱ་བའི་ཚིག་ཉེ་བར་ཐོས་ནས་མཆོག་ཏུ་ངོ་མཚར་བར་ཉེ་བར་སོང་སྟེ། །བྱང་ཆུབ་སེམས་དཔའི་ཆོས་བསྟན་པ་དེ་ཡང་ཤེས་ནས་སྐྱོ་བའི་བློ་གྲོས་ཀྱིས་འདི་སྨྲས་སོ། །སྐལ་པ་དམན་པ་དམྱལ་བར་འགྲོ་བར་འདོད་པའི་ཆགས་པ་ལ་དབང་དུ་སོང་བ་བདག་གིས་རྨ་བྱའི་གཟུགས་དྲང་སྲོང་ཆེན་པ་འདི་ལ་དུག་དང་འདྲེ་ས་པའི་ཁ་ཟས་དང་ཆུའི་སྦྱིན་པས་ད་ནི་ཇི་ལྟར་བགྱི་ཞེས་ཟེར་རོ། །ཕྱིས་འགྱོད་པ་དང་བཅས་པ་དེ་ཡང་མཐོང་ནས་བྱང་ཆུབ་སེམས་དཔས་བརྟེན་པར་བྱེད་ཅིང་འདུག་གོ །བྱམས་པའི་སྔགས་ཀྱི་མཐུ་ཡིས་ནི། །བདག་


DTG169_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལུས་ནི་བསྲུང་བྱ་སྟེ། །ཧ་ལ་ཧ་ལའི་དུག་གིས་ཀྱང༌། །རྣམ་པར་འགྱུར་བར་འདི་མི་འགྱུར། །བདག་ནི་མེད་པར་བྱེད་པ་ཞེས། །དགོས་པར་བཅུན་མོ་མ་བྱེད་ཅིག །ཅུང་ཟད་འདི་འདྲ་ས་སྐྱོང་ལ། །བདག་གིས་ཀྱང་ནི་སྨྲ་མི་འགྱུར། །དེ་ནས་དཔེ་མེད་མ་དེའི་ཚིག་མཉན་ནས། །མཆོག་ཏུ་དགའ་བ་ཉེ་བར་སོང་བར་གྱུར་ཏོ། །བཞད་གད་མཁན་དེ་ཡང་རྨ་བྱའི་བདག་པོ་ལ་གསོང་པོར་སྨྲས་ནས། །ཁྱིམ་ཐབ་གཞན་སོང་བའི་སྡུག་བསྔལ་ལོག་པ་ནྱ་གྲོ་དྷ་དེ་ཉིད་ནས་རང་གི་ཁྱིམ་དུ་སོང་བར་གྱུར་ཏོ། །དེ་ནས་ཐོ་རངས་ཀྱི་དུས་སུ་ཚངས་པས་བྱིན་གྱིས་རང་གི་རྒྱལ་སྲིད་ཀྱི་བྱ་བ་རྫོགས་པར་བྱས་ཏེ་འོངས་ཏེ་རང་གི་ཕོ་བྲང་དུ་ཞུགས་ནས་སྔོན་ཉིད་དུ་རྨ་བྱའི་བདག་པོའི་དྲུང་དུ་སོང་བར་གྱུར་རོ། །ཕན་ཚུན་དུ་བདེ་བའི་གཏམ་དང་སྦྱིན་པ་མིའི་བདག་པོ་དང་རྨ་བྱའི་བདག་པོ་དག་གིས་དྲིས་པར་གྱུར་ཏོ། །དེ་ནས་ཉི་མ་གཞན་ལ་རྨ་བྱའི་བདག་པོས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་མེད་པས་སྡུག་བསྔལ་གྱིས་ནི་ཕོངས་པའི་སེམས། །ཆུ་ནི་མི་འཐུང་འབྲས་བུར་ཡང་ནི་ཟ་མིན་ཏེ། །ཆུ་འཛིན་དུས་སུ་ཡང་ནི་གན་དན་བྲལ་བ་ཡི། །རྨ་བྱའི་ཚོགས་ནི་ངེས་པར་འཁྲུག་པ་ཉིད་དུ་སོང༌། །དེ་ལྟར་མི་མཆོག་ས་འདི་མ་ལུས་སྐྱོད་བར་གྱིས། །དབང་པོའི་དགྲ་ཡི་ཚོགས་ལས་རྣམ་པར་རྒྱལ་བྱས་པ། །བདག་ཀྱང་ཁ་བར་ལྡན་པ་ཟླ་བ་ལྟར་དཀར་བ། །ཁྱོད་ཀྱིས་རྗེས་སུ་གནང་ན་རྨ་བྱ་སྐྱོང་ཕྱིར་འགྲོ། །དེ་ལྟར་དེ་ནི་མངོན་བརྗོད་ཨིནྡྲ་ནཱི་ལ་ལྟར། །མཛེས་པའི་མགྲིན་པ་རྒྱ་ཆེ་མཛེས་པ་སྒྲོ་ཡི་ཚོགས། །ཇི་ལྟར་ཡང་ནི་ཚོགས་ཀྱི་མགོན་པོ་འགྲོ་བའི་ཕྱིར། །གྲོང་ཁྱེར་མཆོག་ནས་རྒྱལ་པོས་རྗེས་སུ་གནང་བར་གྱུར། །མི་ཡི་བདག་པོའི་མགོན་ལ་མཐོང་འདོད་སེམས་ཀྱིས་ནི། །གྲོང་ཁྱེར་སྐྱེ་བོ་དེས་ནི་རྣམ་པར་བལྟ་བྱས་པ། །རྨ་བྱའི་མཆོག་ནི་རྨ་བྱ་རྣམས་ལ་ཕན་འདོད་པས། །ཆུ་གཏེར་ཀུན་ནས་ཁྱབ་པའི་ནམ་མཁའ་བརྟེན་པར་འགྱུར། །རྒྱ་ཆེན་སྒྲོ་ཡི་ཁུར་གྱིས་ནོན་པའི་རྨ་བྱ་ནི། །ཡིད་འཕྲོག་དེ་ནས་ནམ་མཁའ་ལ་ནི་རྣམ་མཐོང་ནས། །ཕྲད་པར་འདོད་པའི་ཀུན་ནས་སོང་བ་བཙུན་མོའི་འཁོར། །མིག་གི་མཆི་མའི་ཐིགས་པ་རྣམས་ནི་གཏོང་བར་འགྱུར། །ཆེ་བ་ཡིད་ཀྱི་བརྟན་པ་འབིགས་པ་འདོད་པ་རྣམ་བྲལ་བ། །མཆི་མ་གང་ཞིག་


DTG169_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བས་འདི་ལྟར་མིག་ནི་འགེགས་བྱེད་པ། །དེ་ནི་གཟུགས་ལྡན་མཆོག་ཏུ་དགའ་བ་མེ་ཡི་ཚ་བ་ལས། །ཆགས་པ་དང་ལྡན་སྐྱེ་བོའི་སྡུག་བསྔལ་ཞུ་བར་འགྱུར་བ་ཡིན། །དེ་ནས་བསྐྱོད་པའི་སྒྲོ་ཚོགས་མགོ་བོར་འཛིན་པ་དེ་མཐོང་ནས། །རྨ་བྱའི་ཁྱུ་མཆོག་རིང་པོ་ནས་ནི་མཁའ་ལ་འགྲོ་བཞིན་པ།། རྨ་བྱ་རྣམས་ནི་འཇམ་པའི་སྐད་དང་ཚིག་འཇམ་འདོན་བྱེད་པ། །བསྐྱོད་པའི་སྒྲོ་ནི་སྦྱར་བ་གྲགས་པ་མདུན་ནས་བསུ་བར་གྱུར། །དེ་ནས་རྨ་བྱ་དེར་ནི་ཕྱིན་པར་གྱུར་ཅིང་ས་སྐྱོང་ལོག་ལས་བསུ། །ཡོན་ཏན་ལྡན་པའི་གྲོགས་པོ་ལྟ་བུར་འདོད་པ་ཐམས་ཅད་ཐོབ་པ་ལ། །ཁ་བའི་རི་ནི་དགའ་བ་ཆེན་པོ་ཀུན་ནས་གསལ་བར་བྱས་པ་སྟེ། །རབ་ཏུ་སོང་བའི་ཁ་བའི་རྒོད་པ་རྩྭ་སར་སྦུ་ནི་ལངས་པ་ཡིས། །བྱང་ཆུབ་སེམས་དཔས་ཀྱང་ཀུན་ནས་འོངས་ཏེ་རྨ་བྱའི་ཚོགས་དེ་དང་ཡུན་རིང་པོར་བྲལ་བས་ཀུན་ནས་ཕྲད་པར་འདོད་པས་གཤོག་པ་དག་གིས་འཁྱུད་དེ་ཀུན་དབུགས་ཕྱུང་ཞིང་འདུག་གོ །དེ་ལྟར་བདག་ཉིད་ལམ་ལྟོས་པའི་བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔར་གྱུར་པ་ན་སེམས་ཅན་རྣམས་སྲོག་བཏང་ནས་ཀྱང་ཡོངས་སུ་བསྐྱངས་སོ་ཞེས་བྱ་བ་རྣམ་པར་བསམས་ནས་བདེ་འགྲོའི་ཁྱིམ་གྱི་སྒོ་གསལ་བར་བྱེད་པའི་མར་མེར་གྱུར་པའི་ཚུལ་ཁྲིམས་ལ་ཁྱེད་རྣམས་ཀྱིས་གུས་པར་བྱའོ་ཞེས་བྱ་བ་ཡང་བཅོམ་ལྡན་འདས་ཀྱི་སྐྱེས་རབས་འདིར་ལུང་བསྟན་པར་མཛད་པའོ། །རྒྱལ་མོ་གཡོ་བའི་མི་མོ་ནི། །ཤཱ་རིའི་བུ་ནི་མི་སྐྱོང་གྱུར། །རྨ་བྱའི་དབང་ཕྱུག་བདག་གནས་ཏེ། །རྨ་བྱ་རྣམས་ནི་ཉན་ཐོས་སོ། །རྨ་བྱའི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་གཉིས་པའོ།། །།རྣམ་པར་དག་པ་བདག་གི་ཚུལ་ཁྲིམས་ཀྱིས། །ཇི་ལྟར་ཡུལ་རྣམས་དོན་གཉེར་གཞན་དག་ནི། །དག་པའི་ཚུལ་ཁྲིམས་ལ་ནི་རབ་ཏུ་གནས་བྱས་ནས། །མཁས་རྣམས་དེ་ལྟར་དགའ་བར་མི་འགྱུར་རམ། །འདི་ལྟར་རྗེས་སུ་ཐོས་ཏེ། བློན་པོ་ཆེན་པོ་ཐམས་ཅད་ཀྱིས་རབ་ཏུ་འདུད་པ། དབང་པོ་རྣམས་རྣམ་པར་རྒྱལ་བ། རྒྱལ་པོ་ཚངས་སྦྱིན་གྱིས་རི་དགས་ཀྱི་བདག་པོ་ལྟར་ཕ་རོལ་རྣམ་པར་གནོན་པ་རི་དགས་རྣམས་ལ་མི་འཇིགས་པ་སྦྱིན་པ་དང༌། རི་དགས་ཀྱི་དབང་པོ་རྣམས་ཀྱི་རིའི་ཕུག་གི་སྒོར་ལྷག་པར་གནས་པ་དང༌། རི་དགས་ཀྱི་སོ་རྣམས་ཀྱིས་རྩྭ་ཀུ་ཤའི་མྱུ་གུ་རྣམ་པར་གཅོད་པ་དང༌།


DTG169_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བོ་བཱ་རཱ་ཎ་སཱིའི་ཆུ་དང་རེག་པས་བསིལ་བ་དང་འཇམ་པའི་རླུང་གིས་ཤིང་རྣམས་ཀྱི་ཟེའུ་འབྲུ་བཟློག་པར་བྱས་པའི་རི་དགས་ཀྱི་ནགས་ལ། དཀའ་ཐུབ་ཀྱིས་ཀུན་ནས་གདུངས་པའི་ལུས་ཀྱི་སྲོག་ཤིང་རང་ཉིད་ཀྱིས་ལྟུང་བའི་ལྗོན་ཤིང་དང་གེལ་བ་རྣམས་ཀྱི་འདབ་མ་དང་འབྲས་བུ་ཟ་བ། མ་དང་འདྲ་བའི་བྱམས་པས་གུས་པ་དང་བཅས་པས་ཡིད་འཁྱུད་པར་བྱས་པ། སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དཀའ་ཐུབ་པ་བརྒྱ་ཕྲག་ལྔ་རྣམས་ལ་སློབ་དཔོན་ཉིད་དུ་བྱས་པར་གྱུར་ཏོ། །མུན་པའི་ཚོགས་དང་བྲལ་བས་ཡོངས་སུ་རྫོགས་པའི་འོད་ལྡན་པ། །སློབ་མའི་གཙོ་བོ་རྣམས་ཀྱིས་ཀུན་ནས་ཁྱབ་པ་གཟའ་ཚོགས་ལྟར། །ཀྲྀཥྞ་སཱ་རའི་པགས་པས་ཡན་ལག་འདྲེས་བྱས་དེ་མཛེས་དེ། བསིལ་བའི་འོད་ཟེར་རི་བོང་ཅན་གྱིས་དག་པ་ཤིང་གནས་ལྟར། དང་པོར་སྒྲིབ་པ་ལྔ་ལས་བློ་ཡིས་རྣམ་པར་རྒྱལ་བྱས་ནས། །དྲི་མ་མེད་པའི་འོད་ཀྱིས་ཉི་མ་བཞིན་དུ་མུན་པ་རྣམས། །ཤིན་ཏུ་དྲི་ཞིམ་པདྨ་རྣམས་ལྟར་ཐུབ་པ་དེ་ཞི་ཕྱིར། །ཐབས་ལ་མཁས་པ་འབད་པས་སློབ་མ་རྣམས་ལ་རྟོག་པར་བྱས། །དེས་ནི་མི་སྡུག་ཆེན་པོ་ཆགས་པ་ལ་ནི་གསལ་བྱས་ཏེ། །ཞེ་སྡང་མེས་ནི་སྙིང་ཚིག་པ་ལ་བྱམས་པ་ཀུན་ནས་གསུངས། །གཏི་མུག་བདག་ཉིད་ཅན་ལ་རབ་འབྱེད་ཀུན་ནས་རྒྱས་མཛད་དེ། །གཏམ་ལ་མཁས་པ་དེས་ནི་དེ་དང་དེ་ཡི་གཏམ་གསུངས་གྱུར། །མཐོ་བའི་བརྩོན་འགྲུས་རྒྱལ་མཚན་ཚུལ་ཁྲིམས་ཤིང་རྟ་ལ་ཞོན་ནས། །ཤེས་རབ་མཐའ་རྣམས་ཀྱིས་ནི་སྒྲིབ་པའི་དགྲ་ཡི་ཚོགས་བསད་ནས། །མྱ་ངན་འདས་པའི་རྒྱལ་སྲིད་རྟོག་པའི་ཡིད་ཅན་བརྟན་པ་སྟེ། བདུད་ཀྱི་ཡིད་ནི་འཁྲུག་ཅིང་ཀུན་ནས་འདར་བར་བྱས་པར་གྱུར། །དཀའ་ཐུབ་ཀྱི་ནགས་དེ་ལ་ཡང་དཀའ་ཐུབ་པའི་སྐྱེ་བོ་དང་འབྲེལ་པས་རང་བཞིན་གྱིས་དྲག་པའི་ཡིད་ཅན་རྣམས་ཀྱང༌། སྙིང་རྗེའི་རང་བཞིན་དང་འདྲ་བར་སྦྲུལ་དང་རི་དགས་ཕན་ཚུན་དུ་གནས་གཅིག་ཏུ་གནས་པར་གྱུར་ཏོ། །རྨ་བྱ་སྦྲུལ་ནི་རབ་ཏུ་འགྲོ་སྤངས་རྗེས་སུ་རྒྱུག་པར་མི་འགྱུར་ཏེ། །རི་དགས་རྒྱལ་པོ་གྲོགས་བཞིན་རི་དགས་རྣམས་དང་ལྷན་ཅིག་འགྲོ་བར་འགྱུར། །སྐད་ཅིག་ཏུ་ཡང་སྤྲེའུའི་ལག་ནས་བཀུག་པའི་མཇུག་མའི་དབྱུག་པ་ནི། །ཐུབ་པའི་སྐྱེ་བོའི་དོན་དུ་པུཎྜ་རཱི་ཀ་


DTG169_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པར་མི་འགྱུར་རོ། །དེ་ནས་དཀའ་ཐུབ་པའི་བུ་ལ་ལ་ཞིག་དཀའ་ཐུབ་ཀྱིས་རབ་ཏུ་རིད་པའི་ལུས་ཉི་མ་རེ་རེར་ནད་ཀྱིས་ཤིན་ཏུ་རབ་ཏུ་རིད་པ་ཉིད་དུ་སོང་བར་གྱུར་ཏོ། །དྲང་སྲོང་ཆེན་པོ་དེས་ཀྱང་དེའི་བསམ་པ་དཀའ་ཐུབ་བསྒྲུབ་པ་ནི་རྒྱལ་སྲིད་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལྷའི་མིག་གིས་མཐོང་བར་གྱུར་ཏོ། །དེ་ནས་བདག་ཉིད་ཆེན་པོ་དེས་དེ་ལ་ཉེ་བར་འོངས་ནས་ཚེ་དང་ལྡན་པའི་ནད་ཇི་ལྟ་བུ་ཞེས་དྲིས་སོ། །དེས་ཀྱང་དེ་ལ་སྨྲས་པ། སློབ་དཔོན་ལགས་ཤིན་ཏུ་སྟོབས་ཅན་གྱི་རླུང་གིས་བདག་གི་ལུས་ལ་གནོད་དོ། །བྱང་ཆུབ་སེམས་དཔས་གསུངས་པ། དཀའ་ཐུབ་ཀྱི་ནགས་ནས་རྙེད་པར་སླ་བ་རང་བཞིན་གྱིས་གྱོང་བའི་རྩ་བ་དང་འབྲས་ཀྱིས་རླུང་རབ་ཏུ་འཁྲུག་པ་བཟློག་པར་ནུས་པ་མ་ཡིན་ཏེ། ཀྱེ་མ་དཀའ་བ་ཞེས་བྱ་བ་སྨྲེས་ནས་དྲང་སྲོང་ཆེན་པོའི་མཐུས་ཕྲུགས་སུ་མངོན་པར་སྤྲུལ་ཏེ་དཀའ་ཐུབ་པའི་བུའི་གན་དུ་འོངས་ནས། དེ་ནས་ཕྲུགས་ཆེན་པོ་དེ་རྫིང་དུ་དམིགས་པར་བྱས་ནས་ནི། །རི་དགས་ཕྲུ་གུའི་ཕྲེང་བ་ངོ་མཚར་གྱིས་ནི་རྗེས་སོང་བ། །ཚིལ་བུ་ཅན་ནི་འདི་ཡི་ཤ་ཡིས་ཁུ་བ་བྱས་ནས་ནི། །རླུང་ནི་ཟད་ཕྱིར་འཐུང་ཤིག་ཅེས་བྱ་ཐུབ་པ་དེས་ནི་སྨྲས། །ཐུབ་པའི་ངག་འདི་སློབ་མ་དེས་ནི་ཐོས་བྱས་ནས། །འདི་ལྟར་འདུད་པ་ངོ་ཚ་དང་ལྡན་གདོང་ཅན་སྨྲས། །མཁན་པོ་བདག་ཅག་ལ་ནི་དཀའ་ཐུབ་ཉིད་འདི་དག །སེམས་ཅན་འཚེ་བ་ཞེས་བྱ་གང་དུ་འདི་ནི་འགལ། །འཚེ་བ་མེད་པའི་ཆོས་ནི་མཆོག་ཏུ་སྨྲ་བ་སྟེ། །ཆོས་མིན་ལམ་ལས་བསམ་པ་ཉེ་བར་ལོག་པ་རྣམས། །དེ་ཕྱིར་བདག་ནི་ཇི་ལྟར་ཕྱུགས་ནི་གསོད་འགྱུར་བ། །མཁན་པོ་འདི་འདྲ་འདི་ནི་ཅི་ཞིག་གསུངས་ལགས་སམ།། བྱང་ཆུབ་སེམས་དཔས་སྨྲས་པ། །སྲོག་དང་ལྡན་པའི་ཕྱོགས་ལ་ཉམས་པར་མ་བྱས་ཤིང༌། །ཤ་མི་ཟ་ཁྱོད་ཤ་ནི་རྙེད་པར་འགྱུར་མ་ཡིན། །ཤ་ཡི་ཁུ་བ་དགོས་པ་མེད་པ་ཁྱོད་ཀྱིས་ནི། །ནད་འདི་རྣམ་པར་འཕེལ་བར་རབ་ཏུ་འགྱུར་བ་ཡིན། །ཕྱུགས་གཅིག་པོ་འདི་རང་གི་སྲོག་གི་དོན་དུ་ནི། །སྙིང་རྗེའི་དབང་གིས་གསོད་བཞིན་པ་ནི་འདོད་མིན་ཏེ། །གང་ཚེ་ཁྱོད་ནི་མི་ཡི་བདག་པོ་འབྱུང་འགྱུར་ན། །དེ་ཚེ་ཁྱོད་ནི་རི་དགས་ཕྱུགས་རྣམས་གསོད་པ་ཡིན། །རི་དགས་མང་བའི་ནགས་ལ་ཁྱུ་ཡིས་སྐྱོང་བར་བྱེད་བཞིན་པ། །རྣ་བའི་མཐའ་ཡི་ཕྱོགས་ལ་རྣམ་པར་ཞུགས་པ་མདའ་ཡི་ལྟོང༌། །རི་


DTG169_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དགས་འཕྲོག་བཞིན་པ་ཡི་མདའ་རྣམས་ཀྱིས་འབིགས་ཉེར་འོངས་ནས། །དེའི་ཚེ་སྙིང་རྗེ་ལྡན་པ་ཇི་ལྟར་ཀུན་ནས་མཐོང་བར་འགྱུར། །ཡང་ན་ཕྱུགས་དང་རི་དགས་དང་ཕག་པ་ལ་སོགས་པ་ལ་འཚེ་བ་རེ་ཞིག་ལྟ་ཞོག །གང་གི་ཕན་ཚུན་དུ་མཆེ་བ་གཉིས་པའི་རྭ་ཡང་དག་པར་ཕྲད་པ་ལས་ཀུན་ནས་ལངས་པའི་སྤྲོ་བཞིན་པ་སྲེག་ལུགས་འཛིན་པའི་མེ་ཏོག་གི་ཕྲེང་བ་རྣམས་ཀྱིས་འདྲེས་པ་དང༌། མདའ་དང༌། ལྕགས་ཀྱི་དབྱུག་པ་དང༌། དབྱུག་ཐོ་དང༌། འབུགས་པ་སྐྱོང་རྣམས་ཀྱིས་ངེས་པར་འབིགས་པའི་ཀུན་ནས་དཀྲུགས་པའི་འཐབ་པའི་སྐྱེས་བུ་ཅན། །བདག་པོ་བསད་པས་གདན་སྟོང་པ་མྱུར་བའི་རྟ་རྣམས་ཀྱིས་རབ་ཏུ་འཛིན་པ་རྣམ་པར་གཅོད་བཞིན་པ་དང༌། རྣོ་པའི་རལ་གྲིས་གཅད་པའི་མགོ་ལྷུང་བས་བསྐྱོད་པའི་ཤིང་རྟ་དང༌། རྐང་པ་རྣམས་ལས་སྒྲ་ཡང་དག་པར་བླང་བ་དང༌། ཀུན་ནས་བརྡུངས་བཞིན་པའི་རྣམ་པ་སྣ་ཚོགས་པའི་རོལ་མོའི་སྒྲ་དང་ཡང་དག་པར་འདྲེས་པའི་སྐྱེ་བོ་རྣམས་ཀྱི་ཅ་ཅོ་དང་རོལ་མོའི་སྒྲར་ལྡན་པ་དང༌། ཁྲག་གིས་ཆག་ཆག་བཏབ་པས་ས་སྟེང་གི་རྡུལ་རྣམས་རེངས་པར་བྱས་པ་དང༌། སྟེང་དུ་ཀུན་ནས་འཁོར་བའི་བྱ་རྒོད་རྣམས་ཀྱིས་འཐོག་པར་གྱུར་པའི་བསད་པའི་སྐྱེས་བུ་རྣམས་ཀྱི་ལུས་ཀྱིས་ཁྱབ་པའི་གཡུལ་ངོ་རྣམས་སུ་འཇུག་ཅིང་སྐྱེས་པ་དུ་མ་རྣམས་ལ་གསོད་པར་བྱེད་པར་འགྱུར་བ་དང༌། བྱེད་དུ་འཇུག་པར་འགྱུར་བ་དེའི་ཚེ། ཆོས་ཀྱི་ལམ་ལ་དམིགས་པ་ཁྱོད་ཀྱི་སྙིང་རྗེ་གང་དུ་འགྲོ་བར་འགྱུར་ཞེས་དེ་བས་ན་སྡུག་བསྔལ་དང་སྐྱོན་དུ་མའི་རྐང་པའི་རྟེན་དུ་གྱུར་པའི་རྒྱལ་སྲིད་ཉིད་ལས་བློ་འདི་རྣམ་པར་བཟློག་པར་གྱིས་ཤིག་ཅེས་ཟེར་རོ། །དཀའ་ཐུབ་པའམ་ཀུན་ནས་བསད་བྱས་ནས། །ཡུལ་གྱི་དུག་གིས་ཁྱབ་པའི་སེམས་ནི་ས་དབང་རྣམས། །རང་གི་བདེ་བའི་ཆ་ལ་ཞུགས་པ་རྗེས་ཆགས་པ། །འགྲོ་བ་ལ་ནི་ཕྱི་ནས་འགྱོད་པ་ཅན་མི་འགྱུར། །གྲགས་མིན་རྣམས་ཀྱི་ཁྱིམ་དང་དྲི་མ་རྣམས་ཀྱི་གཞི། །དགྲ་རྣམས་ཀྱིས་ནི་རྣམ་པ་དུ་མར་དཔྱད་བཞིན་པ། །ཡུལ་གྱི་ལྟོ་འཕྱེའི་ས་ཡི་འོད་ནི་མི་སྐྱོང་ཉིད། །སྐྱེས་པ་སུ་ཞིག་བློ་ནི་བྱས་པ་འདོད་པར་འགྱུར། །ཤིན་ཏུ་དགའ་བར་གྱུར་པ་དབང་པོ་རྣམས་ཀྱི་གཞི། །ལྷ་འབྱུང་ཡང་ནི་བསོད་ནམས་རྙེད་པས་ཐོབ་བྱས་ནས། །སླར་ཡང་དགེ་


DTG169_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཟད་པའི་ཕྱིར་ནི་འོག་ཏུ་ཡང༌། །ལྷ་ཡི་མཛེས་མ་རྣམས་ནི་སྤངས་ནས་སྐྱེ་བོ་འགྲོ། །སྔར་ནི་མི་གཙང་བ་ཡི་མངལ་གྱི་དོག་པ་ལས། །དེ་ལྟར་ཀུན་ནས་འགག་པས་སྡུག་བསྔལ་ཐོབ་བྱས་ནས། །སྲིད་པ་གཞན་གྱི་མེ་ཡི་ཚ་བ་མ་གྲངས་པ། །རང་གི་ལས་ཀྱིས་བཅིངས་པ་འགྲོ་བ་ཀུན་ནས་འཁོར། །གལ་ཏེ་མུན་པས་འགགས་པའི་བློ་ནི་འབྱུང་འགྱུར་ན། །སླར་ནི་མི་དགེ་དེ་དང་དེ་ནི་བྱེད་འགྱུར་ཏེ། །དེ་ལས་ཐོབ་པའི་འབྲས་བུ་དམྱལ་བའི་མེ་ཡིས་ནི། །བརྟན་པ་ཟད་པ་བུད་ཤིང་ཉིད་དུ་འགྱུར། །འགྲོ་བ་ལ་ནི་རྣམ་པར་འཇིག་པའི་སྐྱོན་གསུངས་ཏེ། །གང་དུ་ཡང་ནི་རྣམ་དཔྱད་འགྱུར་བ་བདེ་བ་མེད། །དེ་ལྟར་ཡུལ་ལ་སོང་བ་ཡོན་ཏན་ཆེན་པོ་འཇོམས། །སྲེད་པ་སྤངས་ནས་རྣམ་གྲོལ་ཕྱིར་ནི་འབད་པར་མཛོད། །གང་ཞིག་རྣམ་པར་འཚེ་པ་མེད་པའི་རང་གི་ཁྱིམ་སྤངས་ནས། །མེས་ཀུན་ནས་ཁྱབ་པའི་ས་ལ་ཞུགས་པ་དང༌། ཁྲོས་པའི་ལྟོ་འཕྱེ་རྣམས་ཀྱིས་ཀུན་ནས་དཀྲིས་པའི་ཙན་དན་གྱི་ཤིང་ལ་འཁྱུད་པའམ། འཛིན་པ་མང་བའི་ཆུའི་གནས་འཛིན་པ་འམ། ལག་ཏུ་ཐོབ་པའི་བདུད་རྩི་སྤངས་ནས་དུག་དང་བཅས་པའི་ཁ་ཟས་མངོན་པར་འདོད་པའམ། བདེ་བའི་ལམ་ཡོངས་སུ་དོར་ནས་སྦྲུལ་དང་ཆོམ་རྐུན་རྣམས་ཀྱིས་འཇིགས་པའི་དགོན་པར་མངོན་པར་འགྲོ་བ་དེ་ནི། ཆོག་ཤེས་པའི་བདེ་བ་སྤངས་ནས། འབད་པ་མང་བ་དང༌། སྐྱོན་དང་སྡུག་བསྔལ་གྱིས་ཀུན་ནས་གནོད་པའི་སའི་བདག་པོ་ཉིད་དོན་དུ་གཉེར་བ་ཞེས་བྱའོ། །དེ་ནས་དཀའ་ཐུབ་པའི་མི་དེས་དམ་པ་དང་དམ་པ་མ་ཡིན་པའི་ལམ་གསལ་བར་བྱེད་པའི་གཏམ་དྲང་སྲོང་ཆེན་པོ་ལས་ཉེ་བར་ཐོས་ནས་སྨྲས་པ། གལ་ཏེ་དུས་གསུམ་མཐོང་བར་བྱེད་པ་ཁྱེད་ཅག་ལྟ་བུ་བདག་ཉིད་ཆེན་པོ་རྣམས་གཞན་གྱི་སེམས་ལ་གནས་པའི་ཀུན་དུ་རྟོག་པ་མཁྱེན་པ་འདི་ལ་ངོ་མཚར་བ་ཅི་ཞིག་ཡོད་ཅེས་ཟེར་རོ། །ཨེ་མ་མཁན་པོས་བདག་གི་སྐྱོན་མང་བའི་བདག་ཉིད་རྒྱལ་པོ་ཉེད་ལས་ཡིད་བཟློག་པར་བྱས་པ། འོན་ཀྱང་ཅུང་ཟད་བདག་བླ་མ་ལ་སྨྲ་བར་འདོད་པ་དེ་བདག་གིས་ངོ་ཚ་བའི་སྟོབས་ཀྱིས་བཀག་པར་བྱས་པ་ནི་དེ་ལྟ་ན་ཡང་ཅི་ཞེས་ཀྱང་གསལ་བར་བྱ་ཞེས་བྱ་བའོ། །དཀའ་ཐུབ་པ་ཡི་བུ་མོའི་སྐྱོ་བ་འདི་བདག་ལ། །རྣམ་པར་རོལ་པས་སྟོང་ཡང་ཡིད་


DTG169_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་རྣམ་པ་ཅན། །ཡུན་རིང་མིན་ནས་ཤར་བ་བསིལ་བའི་འོད་ཟེར་ལྟར། །རྣམ་པར་མཐོང་བཞིན་པ་ཡི་སྙིང་ལ་ཕྲད་འདོད་བྱེད། །དེ་ལྟར་ཐབས་ཤེས་པས་ནི་ཐབས། །བརྟུལ་ཞུགས་བསྔགས་པ་བདག་ལ་སྩོལ། །ཀུན་རྟོག་སོང་བ་ཀུན་བརྟགས་ནི། །གང་གིས་འདོད་སྐྱེས་དོར་བར་འགྱུར། །བྱང་ཆུབ་སེམས་དཔས་གསོལ་པ། བུ་ལེགས་སོ། །གང་གི་ཕྱིར་ནད་ནི་བསལ་བར་བྱས་པ་སྟེ། །དེ་དང་རྗེས་སུ་མཐུན་པའི་སྨན་རྣམས་ཀྱིས་བདེ་བར་དེ་བསལ་བར་བྱ་བ་ཡིན་ཏེ། དེ་བས་ན་རེ་ཞིག་གཡེང་བ་མེད་པར་ཉོན་ཅིག །གང་ཚེ་གཟུགས་དང་ལྡན་པ་བུད་མེད་གཟུགས་ཐུབ་པས། །རབ་ཏུ་མཐོང་ཞིང་ཡིད་ནི་ཕྲད་འདོད་གྱུར་པ་སྟེ། །དེ་ཚེ་འདོད་ཆགས་གཉེན་པོ་མཁས་པ་དང་བཅས་པ། །རང་གི་སེམས་ལ་བསྒོམ་པ་འདི་ནི་འཛིན་པར་གྱིས། །འཐུང་ཤིག་འཁྱིལ་པ་བུང་བའི་ཚོགས་ལྟར་གནག་པ་ནི། །བཤེས་མོ་རྣམས་ཀྱིས་འདི་ནི་མེ་ཏོག་རྣམས་ཀྱིས་བརྒྱན། །མགོ་ལ་ཀུན་ནས་འཛེགས་ནས་ཁྲོ་བཞིན་མགོ་སྐྱེས་རྣམས། །རྒས་པ་ཆུན་མ་དཀར་པོ་བྱེད་པར་འགྱུར་བ་སྟེ། །བུང་བའི་ཕྲེང་བ་ཨུཏྤ་ལ་ལ་བརྟེན་པ་ལྟར། །གང་དུ་མཐུག་པ་དཔྲལ་འཕྱང་མཛེས་པ་ནི། །དེ་ཚེ་དཔྲལ་བ་ཀུན་ནས་འོད་མེད་སོང་བ་ཡིས།། རྒས་པའི་ཆུ་རླབས་ཀྱིས་ནི་མི་མཉམ་འབྱུང་བར་འགྱུར། །ཡིད་ནི་འཕྲོག་པ་བསྐྱོད་པའི་ཆ་ལ་མཁས་པ་ནི། །ཡིད་ལས་བྱུང་བའི་འབྱུང་བར་འགྱུར། །རྒས་པ་འདི་ནི་རྡུལ་ནི་ལྷུང་བ་ལྟར་འོད་དབང་ལྟར་འདུད་པ་ནི། །རྣམ་པར་རོལ་པས་སྟོང་པ་ལྷོད་པ་འབྱུང་བར་འགྱུར། །རྒས་པ་འདི་ནི་རྡུལ་ནི་ལྷུང་བ་ལྟར་འོད་མེད། །རྣམ་པར་རོལ་པས་དོན་མེད་མཛེས་པ་དྲན་བྱས་པ། །སིན་དྷུ་ར་ཡི་ཁྱད་པར་བྱ་བ་སྤངས་པ་ནི། །སོར་མོའི་སྔགས་ཀྱིས་ལས་ལ་གཏད་པར་མི་འགྱུར་རོ། །འདི་ཡི་དྲི་ཞིམ་སླར་ནི་དགའ་སྟོན་རྣམས་ལ་ཡང༌། །བུང་བའི་ཕོ་ཉ་མོས་ནི་དཔྱིད་ཀའི་ཟླ་གསལ་བྱེད། །རྒས་པ་བྱུང་བས་ངོ་ཚ་བྲལ་བའི་ལྟོ་བ་ཅན། །ཙཱུ་ཏའི་སྙེ་མ་རྣ་བ་ལ་ནི་འཛེགས་མི་འགྱུར། །གང་འདི་མ་འོངས་རྣམ་པར་རོལ་པ་སྒེག་བྱེད་ཅིང༌། །འདོད་ཅན་རྣམས་ཀྱི་ཡིད་དག་ཆགས་པ་ཅན་བྱེད་པ། །དེ་ནི་མེ་ལོང་རྣམ་པར་མཐོང་བའི་དགའ་སྟོན་དོར་བ་ནི། །མིག་གཉིས་གཟུགས་ནི་ངན་


DTG169_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དུ་གྲོལ་བར་འགྱུར། །འགྲམ་པ་སྐྱུ་རུ་ར་ཡི་འོད་ལྡན་པ། །བཤེས་མོའི་སྐྱེ་བོས་སྨུག་རྩིའི་རི་མོ་བྱས་པ་ནི། །མཛེས་པ་དོར་བ་འདི་ནི་ག་ལ་བྱེད་འགྱུར་བ། །མཛེས་པ་བྲལ་བ་འདི་དག་ལ་ནི་རབ་སྲབ་པ། །རྒས་པའི་སྨུག་རྩིའི་རི་མོས་གཞི་ནི་བྱེད་པར་འགྱུར། །གང་འདི་དང་བའི་གཉིས་སྐྱེས་འོད་ཟེར་སྣང་བ་ནི། །མེ་ཏོག་གཞུ་ཅན་ལ་ནི་གྲོགས་བྱེད་ཉིད་འགྲོ་བ། །རྒས་པ་ཀུན་ནས་ཆགས་པ་སྨད་བྱས་དབྱངས་ལྡན་པ། །དགོད་པ་དེ་ན་གཞན་ཉིད་དུ་ནི་འགྲོ་བར་འགྱུར། །གང་འདི་བ་ན་དྷུ་ཀ་ལྟར་ཤིན་ཏུ་དམར་བའི་མཆུ། །སོ་ཡི་ཕྲེང་བའི་འོད་ཀྱིས་སྣང་བར་བྱས་པ་ནི། །དགའ་བའི་སེམས་ནི་ཕྲད་པར་འདོད་པར་བྱེད་པ་སྟེ། །དེ་ཉིད་མཛེས་པའི་ཡོན་ཏན་གྱིས་ནི་དོར་བར་འགྱུར། །ཡང་དང་ཡང་དུ་དབེན་པར་གང་ཚེ་དགའ་བས་དཔྱོད་བྱེད་པ། །རོལ་པའི་དགའ་སྟོན་པར་ལ་ཕྲད་པར་འདོད་པར་འགྱུར་བ་སྟེ། །འོ་མ་འཛིན་པ་གཉིས་པོ་གླང་པོའི་མིག་འབོར་མཚུངས་པ་ནི། །རྒས་པས་གདུང་བ་དེ་འདིར་ཐུར་དུ་ལྟུང་བར་འགྱུར་བ་སྟེ། །ལག་པ་འདི་དག་ཟེའུ་འབྲུ་ལྟར་ནི་འཇམ་པའི་འོད་ལྡན་པ། །ཀུན་ནས་སྤྲོས་པའི་སེན་མོའི་འོད་ཀྱིས་བརྒྱན་པའི་སོར་མོ་ཅན། །རྒས་པ་བྱུང་བས་རྒྱུན་མི་འཆད་པར་འདར་བ་སྐྱེད་པ་ནི། །ཆུ་རྒྱུས་མང་བ་བར་གྱི་མཚམས་མེད་པར་ནི་འབྱུང་བར་འགྱུར། །སྒེག་དང་བཅས་པའི་གསེར་གྱི་ལྗོན་ཤིང་ལྟ་བུར་ཡིད་འཕྲོག་པ། །གོམ་པ་གོམ་པ་མོ་ཡི་དབང་པོའི་ལྕི་བས་ངལ་བྱས་པ། །ལུས་འདི་རིད་པ་རྒས་པས་ལྷག་པར་ཞོན་པར་གྱུར་པ་ནི། །རང་གི་གཞུ་རྒྱུད་ཀྱིས་ནི་གཞུ་ལྟར་སྒུ་བར་བྱེད་པར་འགྱུར། །ཨེ་མ་ལུས་འདི་སྲབ་པའི་ཡིད་རྣམས་ཀྱི་ནི་ཡིད་དག་གིས། །མི་ནུས་རྣམ་པར་ལྟ་བ་ལ་སོགས་ཀྱིས་ནི་འཕེན་པར་བྱེད། །རྒས་པ་ཆེན་པོ་མུན་པས་འགགས་པ་ལྟར་ནི་འོད་མེད་པ། །རིང་བའི་མཚན་མོ་ལྟར་ནི་མཛེས་པ་ཉིད་ནི་འཛིན་མི་འགྱུར། །གང་ཚེ་འདི་ནི་བྱ་དང་ཅེ་སྤྱད་དག་གི་དོགས་པ་ཡེས། །ཀུན་ནས་འཁོར་བའི་མཐུག་པ་སྦྲང་རྩི་བུང་བའི་ཚོགས་ལྡན་པ། །འབྱུང་བར་འགྱར་བ་ཤ་དང་རུས་པའི་འཆིང་བ་དོར་བ་ནི། །ཚེ་འདི་འཇིགས་པ་ཆེན་པོ་ཉིད་ནི་བདག་ལ་བྱེད་པར་འགྱུར། །མཆོད་སྦྱིན་གྱིས་ནི་ཤ་བཞིན་ཀུན་ནས་མཐོང་བ་དུ་མ་ཆེན་པོས་བར་རྣམས་འབྲེལ་པ་འདི།།


DTG169_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྨིན་པས་སྐྱ་བ་དྲིན་ཅན་ཆུ་རྒྱུས་རྣམས་ཀྱིས་ཀུན་ནས་བཀབ་པ་ཀུ་ཤ་ལྟར། །སྙིང་རྗེས་མཆོད་སྦྱིན་བྱེད་པས་ཀུན་ནས་རྙེད་པ་བྱ་རྒོད་འབབ་པའི་དུར་ཁྲོད་མཆོད་སྦྱིན་ལ། །སུ་ཞེས་བྱ་བ་བུད་མེད་ཕྱུགས་ཀུན་ཀུན་ནས་ལྟུང་བར་མཐོང་ནས་ཆགས་ལྡན་འབྱུང་བར་འགྱུར། །གལ་ཏ་འདི་རྣམས་ཀྱང་ནི་བུད་མེད་རྣམས་ཀྱི་ཡན་ལག་རོལ་པ་དང་ནི་སྒེག་པའི་རྟེན། །བརྟག་པར་འགྱུར་ཏེ་མེ་ཏོག་མཚོན་ཆའི་ལྕི་བ་མེ་ཏོག་ལས་བྱུང་མདའ་དང་འདྲ་བ་སྟེ། །ཞི་དམིགས་དེ་ལྟ་ན་ཡང་དམ་པ་རྣམས་ཀྱི་ཡིད་ནི་དེ་རྣམས་ལ་སྦྱར་མི་རིགས་ཏེ། །ཆར་གྱི་མཐར་ནི་ཆུ་གཏེར་བཞིན་དུ་གང་ཚེ་འདི་རྣམས་ཅི་ཞིག་ཡུན་རིང་གནས་མ་ཡིན། །གང་ཚེ་སྐྱེ་བོ་འདོད་ཆགས་ཅན་ནི་ཡང་དག་མིན་པའི་ཀུན་རྟོག་རེག་བྱེད་པ། །དེ་ཡི་ཚེ་ན་འདི་ཡི་བུད་མེད་ཡང་དག་འབྲེལ་བའི་བདེ་བ་འདོད་པ་སྐྱེ་བ་སྟེ། །གྲོལ་བའི་དོན་གཉེར་དབང་པོའི་ཚོགས་ནི་རྒྱལ་བས་འདི་ཡང་རྣམ་པར་རྒྱལ་བ་སྟེ། །འདི་ལ་ལྷ་ཡི་མཛེས་མ་དང་ནི་ས་ཡི་རང་བཞིན་བུད་མེད་འདི་ལ་མཉམ་པར་འགྱུར། །གལ་ཏེ་རིགས་པ་དང་བཅས་མཛེས་པའི་སྐྱེ་བོ་ལམ་ནི་དམིགས་ཕྱིར་འདོད་ན་ནི། །ཇི་ལྟར་བདེ་བར་གཤེགས་པའི་ངག་ནི་འདའ་བར་མི་འགྱུར་དེ་ལྟར་ཁྱོད་ཀྱིས་ཤིག །རྣམ་པར་སྨིན་པ་རྩ་བ་ཡིད་ཀྱི་ཡུལ་གྱི་བདེ་བའི་ཆས་ནི་ཅི་ཞིག་སྟེ། །མི་དགེ་བ་ཡི་བུད་ཤིང་ཆེན་པོ་དམྱལ་བའི་མེ་ནི་ཀུན་ནས་མཐོང་བྱེད་ཅིང༌། །དེ་ལྟར་བསྒོམ་པ་ཡང་ནི་གལ་ཏེ་ཉིན་རེ་རེར། །མི་སྡུག་པ་ནི་ཡང་དག་སྡུག་པ་རྙེད་མི་འགྱུར། །དེས་ན་རབ་ཏུ་ཞི་བའི་ཕྱིར་ནི་ཕྱི་ནས་ཀྱང༌། །བུད་མེད་པ་ཡི་གནས་སུ་ལྷག་པར་གནས་པར་བྱ། །དེ་ནས་དཀའ་ཐུབ་པའི་བུ་དེ་གུས་པ་དང་བཅས་པས་བྱང་ཆུབ་སེམས་དཔའི་ཚིག་མངོན་པར་བརྟེན་པར་བྱས་ནས་དགོན་པ་གཞན་དུ་སོང་སྟེ། །དེར་ཡང་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་རྣམས་ལ་གནས་ནས་སླར་འོངས་ཏེ། །གསལ་བར་བྱས་བའི་བྱང་ཆུབ་ཐོབ་པ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔའ་ལ། གཉིས་ལས་འདས་བ་ཞི་བ་མ་ཞིའི་སེམས་རྣམས་ལ། །རབ་ཞིའི་དོན་དུ་ཞི་བའི་ལམ་ནི་གསལ་བྱེད་པ། །རབ་ཏུ་དང་བའི་སྐུད་པས་བཅིངས་པ་དྲི་ཞིམ་པོའི། །ངག་གི་མེ་ཏོག་རྣམས་ཀྱིས་ཡང་ཡང་དེ་ལ་མཆོད། །


DTG169_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཁྱོད་ནི་ཡང་དག་སྐྱེ་འགྱུར་མ་ཡིན་ན། །བདག་གི་མུན་པ་འདི་ནི་འདི་ལྟར་ཟད་མི་འགྱུར། །རི་བོང་ཅན་ནི་དག་པའི་འོད་ཟེར་ཤར་བ་ལ། །ཀུ་མུ་ཏ་ནི་ཇི་ལྟར་ཕྱེ་བར་འགྱུར་བ་ཡིན། །བླ་ན་མེད་པའི་གོ་འཕང་མངོན་པར་འདོད་པ་ནི། །འགྲོ་བར་ཕན་མིན་ཟད་ཕྱིར་བརྩོན་པའི་བདག་ཉིད་ཅན།། བརྟན་པ་ལྕི་བའི་ཡིད་ཅན་བློ་གྲོས་ཆེ་རྣམས་ཀྱི། །ཁྱེད་ཅག་ལྟ་བུའི་འབྱུང་བ་རྙེད་སླ་མིན་པ་ཉིད། །དེ་ལྟར་སྤྱོད་པ་འདི་ནི་རྣམ་པར་དག་ལྡན་པ། གཞན་ལ་ཕན་པར་བྱེད་པའི་རྩེ་གཅིག་གང་ཁྱོད་ལ། །གོ་འཕང་དེ་ནི་སྲིད་མེད་བྱེད་པ་ཚུལ་ཁྲིམས་བརྟེན། །ཐོབ་པར་མ་བྱས་པར་ནི་ཇི་ལྟར་བརྟན་པར་བྱེད་པར་འགྱུར། །གང་ཚེ་སྐྱོན་རྣམས་ཟད་པ་ཁྱོད་ནི་བྱང་ཆུབ་ཐོབ་འགྱུར་ན། །གཏི་མུག་རབ་རིབ་རྩད་ནས་བཏོན་པའི་འགྲོ་བ་ལ་ཕན་ཕྱིར། །དེ་ཚེ་ཁྱོད་ནི་སྲིད་མེད་བདག་ལ་དྲན་བྱེད་འགྱུར་བ་སྟེ། །བསོད་ནམས་ལས་དེ་དེ་ལྟར་ཤེས་བྱ་འདི་ལ་ཁས་བླངས་འགྱུར། །དཀའ་ཐུབ་པའི་བུ་དེ་ཡང་བྱང་ཆུབ་ཐོབ་པའི་བཅོམ་ལྡན་འདས་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཡིད་ལ་རེ་བ་ཐོབ་པར་མཛད་ཅེས་བྱ་བའོ། །དེ་ལྟར་ན་བདག་ཉིད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པས་ཀྱང་དེ་ལྟར་དམ་པ་རྣམས་ཀུན་ནས་དགའ་པར་མི་འགྱུར་ཏེ། ཇི་ལྟར་གཞན་ལོག་པའི་ལམ་ལ་ཡིད་ཞུགས་པ་དག་པའི་ཚུལ་ཁྲིམས་ལ་སོ་སོར་གནས་པར་བྱས་ནས་ཀུན་ནས་དགའ་བར་འགྱུར་རོ། །དེ་བས་ན་ཚུལ་ཁྲིམས་ཀྱི་བྱ་བ་ལ་འབད་པར་བྱ་ཞེས་བྱ་བའོ། །དྲང་སྲོང་གི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་གསུམ་པའོ།། །།ཕ་མ་ཞེས་བྱ་དགེ་བའི་ལོ་ཏོག་བསྐྱེད།། པན་གདགས་བྱ་བའི་ཞིང་ནི་འདི་ཡིན་ཏེ། །གང་ལ་འདི་ཡི་བློ་གྲོས་འབྱུང་བ་ནི། །དེ་ཉིད་དེ་དག་ལ་ནི་རྟེན་པར་བྱེད། །འདི་ལྟར་རྗེས་སུ་ཐོས་ཏེ། མ་ལུས་པའི་སའི་ཕུན་སུམ་ཚོགས་པ་གཅིག་ཏུ་གནས་པ་དང་འདྲ་བའི་བཱ་རཱ་ཎ་སཱིར་ཚུལ་གྱི་རབ་ཏུ་ཚ་བས་གྲགས་པའི་རྣམ་པར་གནོན་པ་སྐྱེ་དགུ་ལ་ཕན་པ་དང་མི་ཕན་པ་ཡང་དག་པར་ལྟ་བའི་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་བྱུང་བར་གྱུར་ཏོ། །དེ་ཡང་དྲན་པ་དང་རིག་བྱེད་ཀྱི་དེ་ཁོ་ན་ཤེས་པ་རང་གིས་ཆོས་རྗེས་སུ་བསྒྲུབ་པས་གྲགས་པ་གསལ་བ། །བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ། །འཆི་མེད་བདག་པོ་ལྷའི་བླ་མ་དང་


DTG169_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ། གུས་པ་ལྟར་ནི་ཚངས་པ་ཡིས། །ཞི་བའི་དཔལ་གྱིས་འཁྱུད་པ་ནི། །ཡོངས་སུ་སྨིན་དང་ཐོས་པ་ཡིས། །མདུན་ན་འདོན་ནི་མཆོག་འབྱུང་གྱུར། །ཤིན་ཏུ་མྱུར་བར་འདི་ཁྲིད་པ། །འཆི་བདག་ཉེ་མོར་འདི་ཡིས་ནི། །དེ་ལྟར་ཁྲོས་པ་ལྟར་རྒས་པ། །དེ་ཡི་ཚངས་པའི་དཔལ་གྱིས་མཐོང༌། །བུ་ནི་དོན་གཉེར་ཅན་དེ་ཡི། །བུར་ནི་བྱང་ཆུབ་སེམས་དཔའ་བྱུང༌། །མིང་གིས་སྔོ་བསངས་ཞེས་བྱར་གྲགས། །ཚུལ་ཁྲིམས་བརྟན་པོས་རྣམ་པར་བརྒྱན། །བསྐྱོད་པའི་དབང་པོའི་རླབས་རྣམས་ཀྱིས། །གསལ་བ་འཁྲུག་པ་མི་བསྐྱོད་པ། །བློ་ཡི་གྲུ་ལ་དེ་ཞུགས་ནས། །རིག་པའི་རྒྱ་མཚོ་ཕར་ཕྱིན་གྱུར། །ཟླ་བ་ལྟར་མཛེས་དེ་ཡི་ནི། །རང་བཞིན་གྱིས་ནི་སྙན་སྨྲ་བ། །གྲོགས་ཕྱོགས་ཐམས་ཅད་དུ་བྱུང་སྟེ། །དབུས་གནས་དགྲ་དག་ཡོད་མི་འགྱུར། །བརྟན་ཞིང་དུལ་བའི་ཆོས་ལྡན་པ། །ཡོན་ཏན་སྨྲ་བ་ཐམས་ཅད་ལ། །སྡང་བྱེད་སྡང་བ་ཉིད་ཀྱིས་ཀྱང༌། །དོར་བྱ་དེ་ཉིད་མཐོང་བ་ཡིན། །དེ་ནས་དེའི་བདག་ཉིད་ཆེན་པོ་རྒས་པ་དང་ཡོངས་སུ་འདྲེས་པས་ཡན་ལག་སྟོབས་ཆུང་བའི་ཕ་མ་དག་ལ་ཤིན་ཏུ་སྟོབས་དང་ལྡན་པའི་རབ་རིབ་ཀྱིས་ཁྱབ་པའི་མཐོང་བའི་ནུས་པ་མི་སྣང་བར་གྱུར་ཏོ། །དེ་ནས་མདུན་ན་འདོན་དེ་རྒྱལ་པོའི་མདུན་དུ་ཉེ་བར་འོངས་ཏེ་སྨྲས་པ། ལྷ་ལགས་ལྟ་བ་རྣམས་བྲལ་བུད་མེད་ལྷན་ཅིག་ཏུ། །དཀའ་ཐུབ་ནགས་སུ་འགྲོ་ཕྱིར་བདག་བརྩོན་པ། །དེ་བས་བདག་གི་ཡོན་ཏན་རིན་ཆེན་རྒྱ་མཚོ་ཅན། །བུ་ནི་མདུན་ན་འདོན་པ་ཉིད་དུ་དབང་བསྐུར་མཛོད། །བག་མེད་རྒྱུ་ཅན་དང་པོའི་ཡང་ནི་ལང་ཚོལ། །བློ་ལྡན་ལ་ནི་ཁྱིམ་གྱི་གནས་ནི་མི་རིགས་ཏེ། །རྒས་པའི་དགྲ་ནི་དབང་པོའི་དབང་བ་གཅོད་པ་ནི། །དྲན་པ་ཉམས་པ་སེམས་གནོད་པར་ནི་སྨོས་ཅི་དགོས། །ལྷས་ནི་བདག་དཀའ་ཐུབ་བསྒྲུབ་པ་ལ་བར་དུ་གཅོད་པར་མི་བྱ་སྟེ། ལྷས་གཟིགས་པར་མཛོད་ཅིག །གང་ཚེ་དྲི་མ་ཅན་གྱི་ལས་ནི་འདོད་འགྱུར་ན། །དེ་ཚེ་སྐྱེ་བ་གྲོགས་པོས་དགག་པར་བྱ་བ་སྟེ། །གང་ཚེ་ཆོས་དང་འབྲེལ་བའི་བྱ་བ་དམིགས་བྱེད་ན། །དེ་ཚེ་ཕན་པར་འདོད་པས་དེ་ནི་རབ་བསྐུལ་བྱ། །དེ་ནས་རྒྱལ་པོ་དེ་ཕ་དང་འདྲ་བར་མདུན་ན་འདོན་དཀའ་ཐུབ་ཀྱི་ནགས་དེར་འགྲོ་བར་འདོད་པ་ལ་སྡུག་བསྔལ་གྱིས་ཡང་དག་


DTG169_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱུང་བ་མཆི་མའི་ཆུས་ཀུན་ནས་གདུངས་པའི་མིག་ཅན་གྱིས་སྔོ་བསངས་ལ་བོས་ནས་སྨྲས་པ། འདི་ནི་ཁྱོད་ཀྱི་བླ་མའི་སྐྱེ་བོའི་དཀའ་ཐུབ་ཀྱི་ནགས་སུ་འགྲོ་བར་འདོད་པ་ཡིན་ཏེ། །དེས་ན་ཁྱོད་ཀྱིས་བདག་ཅག་ལས་མདུན་ན་འདོན་འདི་ཉིད་བླང་བར་གྱིས་ཤིག་ཅེས་བྱ་བའོ། །དེ་ནས་སྔོ་བསངས་སྐད་ཅིག་ཙམ་དུ་འོག་ཏུ་ལྟ་བས་གནས་ནས་བདག་ཉིད་ལ་སོང་བའི་འདི་ལྟར་སེམས་ལ་རྗེས་སུ་བསྟན་པར་བྱེད་པར་གྱུར་ཏོ། །སེམས་ཀྱི་གླང་པོའི་དབང་པོ་བདེ་བའི་ཆ་ལ་ཆགས་པ་འདི། །སྲེད་པའི་གླང་མོ་སྡུག་བསྔལ་རྒྱུ་ཡི་ཅི་ཕྱིར་རྗེས་སུ་འགྲོ། །ཆོག་ཤེས་རི་དང་བྲལ་བས་དམ་མིན་རྣམས་ཀྱི་དྲུང་དུ་ནི། །ངེས་པར་ན་ཚ་འདི་ནི་ཁྱོད་ལ་སྡུག་བསྔལ་བྱེད་པར་འགྱུར། །རྣམ་པར་རོལ་བར་འགྱུར་བའི་ཡོན་ཏན་པདྨ་རྣམས་ཀྱིས་ཁྱབ། །མཁས་པ་རྣམས་ཀྱི་གཏམ་གྱིས་པདྨོ་ཞི་བ་གཟུང་བྱས་ནས། །རྒལ་བར་དཀའ་བའི་སྐྱོན་གྱིས་འདམ་ཅན་བརྟེན་པའི་ཆུ་བོ་ནི། །གཏིང་མེད་འཇིགས་པ་འཛིན་པའི་དོན་དུ་ཅི་ཕྱིར་ཞེས་ནི་འདོད། །གལ་ཏེ་སྟོབས་དང་ལྡན་པ་ཁྱོད་ཀྱིས་ཀུན་ནས་སྐྱོང་བ་འདི། །ལམ་ངན་འགྲོ་བ་སྐྱོང་བ་གླང་པོ་ཆེ་ཡི་ཚོགས། །སྐྱོན་གྱི་ལྕག་ཀྱུའི་རྨ་ནི་རྣམ་འབྱེད་ཅེས་བྱ་འཕགས་མིན་པའི། །ཡུལ་གྱི་གླང་པོ་སྐྱོང་བ་རྣམས་ཀྱིས་ནམ་ཡང་གནོད་མི་འགྱུར།། འཁོར་བའི་ལམ་ནས་འགྲོ་བའི་ངལ་བ་འཇོམས་པར་བྱེད་པའི་རྒྱུ། །དམ་པ་རྣམས་ཀྱི་མན་ངག་ཆུ་ནི་ཤིན་ཏུ་དང་བ་ལ། །ཁྲུས་བྱས་ནས་ནི་རྣམ་རྨོངས་བྱ་བ་ངན་ལ་ཆགས་པའི་རྡུལ། །བདག་ལ་ཕན་འདོད་རྣམས་ཀྱིས་སྤངས་པ་བདག་ལ་ཅི་ཞིག་གཏོར། །སེམས་ཀྱི་གླང་པོ་མང་པོས་སྨྲས་པས་ཅི་ཞིག་བྱ་སྟེ་འཁོར་བ་རྣམ་པར་གཅད་པའི་ཕྱིར། །གལ་ཏེ་དཀའ་ཐུབ་གནས་ཀྱི་བདེ་བ་མཁས་པ་རྣམས་ཀྱིས་ཡུན་རིང་ལོངས་སྤྱོད་འདོད་ན་ནི། །སྐྱེ་བོའི་ངེས་པར་འབྲེལ་པ་སྟོབས་དང་ལྡན་པ་རེ་བའི་རང་བཞིན་ལྕགས་སྒྲོག་བཅད་ནས་ཀྱང༌། །དེ་བས་ལོངས་སྤྱོད་ཆགས་པའི་རང་བཞིན་བརྟན་པ་གཅོད་པ་དཀའ་བ་རྩད་ནས་འདོན་པར་གྱིས། །དེ་ལྟར་སེམས་ལ་རྗེས་སུ་བརྟན་པར་བྱས་ཏེ་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱིམ་ལ་གནས་པ་ཞེས་བྱ་བ་འདི་རྩོད་པ་དང་འཐབ་པ་དང༌། སྤྱོད་བ་རྣམས་ཀྱི་རྟེན་ཉེས་པར་སྤྱོད་པའི་ལྟོ་འཕྱེ་དུ་མ་རྣམས་ཀྱི་ཁྱིམ་དང་རང་གི་སྐྱེ་བོ་རྣམས་ལ་


DTG169_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་གཤིན་པ་བཅིངས་པས་དཀའ་ཐུབ་ཀྱི་ནགས་སུ་འགྲོ་བ་ལ་བར་དུ་གཅོད་པ་དང༌། ལོག་པའི་ཚིག་རྣམས་ཀྱི་འབྱུང་གནས་དང༌། །བརྟེན་པ་དང་ཕོངས་པ་སྐྱེ་བར་བྱེད་པ་དང༌། ལེགས་པའི་ལམ་གྱི་མཉེན་པ་དང༌། རྒྱ་མཚོ་བཞིན་དུ་ཆུའི་ཚོགས་ཆེན་པོ་རྣམས་ཀྱིས་ཀྱང་ཡོ་བྱད་རྣམས་ཀྱིས་ཀུན་ནས་འགེངས་བཞིན་པ་རྣམས་ཀྱིས་ཚིམ་པ་ཉེ་བར་མི་འགྱུར་བ་སྟེ། ཡུལ་གྱི་ཞགས་པ་རྣམས་ཀྱིས་སེམས་ཆུང་བ་རྣམས་ཀྱི་སྙིང་ཀུན་ནས་འཆིང་བར་བྱེད་པ་དང༌། སྐལ་བ་ཀུན་ནས་ཟད་པའི་ཕྱིར་ཕུན་སུམ་ཚོགས་པ་ཟད་པ་དང༌། །ཐ་མར་ཡང་དྲི་མ་ཅན་གྱི་གོས་རུལ་བགོས་པའི་ཁྱིམ་གྱི་བདག་པོ་བཀྲེས་པས་རིད་པ་དང༌། བྱིས་པ་དུ་བ་རྣམས་ཀྱིས་མ་མོའི་སྐྱེ་བོ་ལྟས་བཞིན་པ་དང༌། བང་མཛོད་འབྲས་ཀྱི་སོ་བས་སྟོང་པ་ཉིད་ཀྱིས་འཁོར་གྱི་སྐྱེ་བོ་སྡུག་བསྔལ་བ་དང༌། དོན་དུ་གཉེར་བ་རྣམས་ཀྱིས་སྒོ་མནན་པ་སེམས་དང་བཅས་པ་སུ་ཞིག་གི་སྙིང་ཡིད་མི་བདེ་བ་མི་བསྐྱེད་དམ། །གལ་ཏེ་ཡང་གཏན་དུ་བའི་བདེ་བའི་རྒྱུ་ཉིད་ཁྱིམ་ན་གནས་པ་ཉིད་ཡིན་ན་དེ་ལྟ་ན་ཡང་དཀའ་ཐུབ་ཀྱི་ནགས་མངོན་པར་ཕྱོགས་པ་ལོང་བ་ཕ་མ་གཉིས་ཀུན་ནས་དོར་ནས་བདག་ལ་མདུན་ན་འདོན་པ་གཟུང་བའི་ཕྱིར་རིགས་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །མིག་དང་བྲལ་བའི་ཕ་དང་མ་ནི་འདི་དག་ལ། །བཀྲེས་དང་སྐོམ་བས་རབ་ཏུ་རིད་པར་བྱས་པ་ནི། །ནགས་ན་གནས་པ་དག་ལ་ཆུའམ་འབྲས་བུ་ནི། །བདག་ནི་མེད་པར་སུ་ཞིག་སྦྱིན་པར་འགྱུར། །ཆུ་བོ་དྲུང་ན་ཉེ་བ་འདི་ནི་དང་ཞིང་དང་བའི་ཆུ་ནི་འབབ་པ་སྟེ། །གྲིབ་མ་མཐུག་པ་ལམ་ནས་འགྲོ་བའི་སྐྱེ་བོས་བརྟེན་བྱ་ལམ་དུ་ཤིང་འདི་ནི། །ཀུན་ནས་དབུགས་པར་བྱེད་ཅིང་འདི་ལྟར་འགྲོ་བའི་ངལ་བས་ནད་དང་བཅས་པ་ལ། །བདག་གི་ཕ་མ་དག་ལ་སྙིང་རྗེ་བཅས་པ་སུ་ཞིག་སྨྲ་བ་པོ་བྱུང་འགྱུར། །མདུན་འདོན་ཉིད་ཀྱི་བདེ་ལ་རེ་བས་གལ་ཏེ་ཁྱིམ་ན་གནས་ཤིང་དབང་དུ་བླ་མ་དག །ལམ་ཀུན་འཕོས་པས་ཁྲོན་པའམ་རི་ཡི་འགྲམ་ནས་ལྟུང་བ་སུ་ཞིག་ལས་ནི་ཐོས་པས་འགྱུར། །ལུས་ཀྱི་བཙོན་ར་དང་ནི་ངེས་པར་འབྲེལ་བ་སྲོག་འདི་བདག་ནི་ཇི་ལྟར་འཛིན་འགྱུར་ཏེ། །དེ་ཕྱིར་ས་དབང་མཆོག་གིས་ཕ་མ་དག་དང་ལྷན་ཅིག་འགྲོ་བ་བདག་ལ་དགག་མ་མཛད། །དེ་ནས་རྒྱལ་པོ་དེས་འགྲོ་བ་མངོན་


DTG169_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྗེས་སུ་གནང་སྟེ་སྔོ་བསངས་ཕ་མ་དག་ལ་ཀུན་ནས་དམིགས་ཏེ། བྲལ་བ་ལས་ཡང་དག་པར་འབྱུང་བའི་སྡུག་བསྔལ་གྱིས་ཉེ་བར་བསགས་པའི་མཆི་མས་མིག་རྙོག་པ་དང་ལྡན་པ་རྗེས་སུ་འགྲོ་ཞིང༌། ཉེ་བ་དང་གྲོགས་པོའི་སྐྱེ་བོ་རྣམ་པར་བཟློག་ནས། རི་དགས་རྣམས་ཀྱི་སོས་གཅོད་པའི་མི་མཉམ་པའི་ཀུ་ཤ་དང་རྩྭའི་མྱུ་གུས་སྔོ་བའི་མཐིལ་དང༌། སྐྱ་རེངས་ཀྱི་ཤིང་རྟ་འདྲེན་པའི་འོད་ཟེར་རྣམས་ཀྱིས་ཀུན་ནས་ཚ་བ་ལས་སྐྱེས་པའི་དབུགས་ཀྱིས་མགྲིན་པ་ལ་སྐྱོད་པའི་རྨ་བྱ་རྣམས་ཀྱི་ཤིང་རྣམས་ཀྱི་གྲིབ་མ་ལ་ལྷག་པར་གནས་པ་དང༌། ཕག་པ་རྣམས་ཀྱི་སྣས་རློགས་པའི་མོན་ལུག་གི་ཚོགས་ཀྱི་རྫིང་གི་འགྲམ་དུ་འབྲེལ་པ་དུར་པ་ཕོ་མོ་གཉིས་ཀྱིས་སྒྲ་སྒྲོགས་པ་དང༌། ཀ་ཀོ་ལ་བཅག་པ་ལྟར་དྲི་ཞིམ་པོའི་གླང་པོ་ཆེའི་སྨྱོན་ཆུའི་དྲིས་ནང་དུ་བསྒོས་པར་བྱས་པ་དང༌། རླུང་གིས་བསྒུལ་བའི་རྣམ་པ་སྣ་ཚོགས་པ་དང༌། མེ་ཏོག་འབྱུང་བའི་ཤིང་གེལ་བ་རྣམས་ལ་འཕྱང་བ་ལ་འཛེག་པ་དང༌། སྦྲང་བྱེད་ཀྱི་ཚོགས་ཀྱིས་གླུ་བླངས་པའི་ཞི་བའི་དགོན་པ་རིམ་དང་རིམ་གྱིས་རྙེད་པར་མི་འགྱུར་རོ། །དེ་དག་འགྲོ་བ་གང་དང་གང་དུ་ཀུན་ནས་འདོད་འགྱུར་བ། །ལོང་བ་བླ་མ་དག་ནི་མི་མཉམ་རྡོ་འགེགས་ནགས་ལམ་ལ། །བརྩེ་བས་འཇམ་པའི་སེམས་ལ་དེ་དང་དེར་ནི་སྡུག་བསྔལ་ནི། །དེ་ལ་ཤིན་ཏུ་རྣོ་བ་ཁྲོས་མིན་དུག་ལྟར་འབབ་པར་འགྱུར། །མི་མཉམ་པའི་ས་ཕྱོགས་ལ་ཡང་ཕྲག་པས་ཁུར་ཏེ་བྱང་ཆུབ་སེམས་དཔའ་ཤིང་གི་རྩ་བ་འགའ་ཞིག་ཏུ་ཕ་མ་དག་ལ་ཟར་བཅུག་ནས་སླར་ལངས་ཏེ། ཕྱི་དྲོའི་དུས་སུ་ལམ་ཅུང་ཟད་དུ་སོང་སྟེ་སུ་དག་ཡང་དག་པར་འོངས་པ་དང་ཕྲད་ནས། ཤིང་པ་ལ་ཤའི་འདབ་མ་རྣམས་ཀྱིས་དཔྲལ་བ་འགེབས་པ་ཡང་མ་ཡིན་པ་མཐོང་བ་དང༌། གཞུ་དང་ལྡན་པ་དང་ཕྲག་པ་གཉིས་ལ་མདའ་དང་བཅས་པའི་དོང་པ་བཅིངས་པ་དང༌། མིག་དང་འགྲམ་པ་ཤིན་ཏུ་དམའ་བ་དང༌། ཀུན་ནས་རྩུབ་ཅིང་སེར་སྐྱ་དང་སྲབ་པའི་སྐྲ་དང་སྨ་རའི་ཚོགས་དང་ལྡན་པ་དང༌། རྨ་བྱའི་མདོངས་ཀྱི་སྒྲོས་རྣ་བ་དཀྲིས་པར་བརྩམས་པ་དང་ལྕག་ཀྱི་ཀ་བ་ལྟར་སྔོ་བའི་གོ་ཆ་དང་ལྡན་བ་དང༌། ནགས་ཀྱི་གཏམ་དབང་པོ་ལས་མ་འདས་པ་ནགས་ན་སྤྱོད་པ་ལ་དྲིས་པར་གྱུར་ཏོ། །བཟང་པོའི་གདོང་ས་ཕྱོགས་གང་ན་སླར་དཀའ་ཐུབ་ཀྱི་ནགས་ཡོང་


DTG169_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཟེར་རོ། །དེས་ཀྱང་གསོང་པོར་སྨྲ་བ་དང༌། གུས་པས་དེ་ལ་གཞུའི་རྩེ་མོས་བསྟན་པར་གྱུར་ཏེ། འཕགས་པས་ལྟ་བར་འོས་ཏེ་གང་ལ་འདི། །ཕྱེད་ནི་ཟད་པ་ཨེ་མ་གུ་དྷ་ནི་རྡོ་བར་རྣམ་པར་བཀོད་ནས་སྨིན་པས་སེར་སྐྱར་བཅས། །ཀུ་ཤའི་དག་བྱེད་ལག་པ་གྱེན་དུ་བྱས་ནས་རིམ་གྱིས་སྤང་བྱའི་གདན་ལས་ལངས་ནས་ནི། །མ་རྨོས་སཱ་ལུ་སྡུད་པར་བྱེད་ཅིང་ལྟོ་བ་དང་ནི་རབ་འབྲེལ་རྐང་གཉིས་ནེ་ཙོ་ནི། །མ་ལ་གྱེན་དུ་བཏེག་པའི་གདོང་དང་ལྡན་པ་དཀའ་ཐུབ་པ་ཡི་བུ་ནི་སྨྲ་བར་བྱེད། །ས་ཕྱོགས་འདི་ན་དཀའ་ཐུབ་ཀྱི་ནགས་ཡོད་དེ། འཕགས་པ་བླ་མའི་སྐྱེ་བོ་དང་བཅས་པ་དཀའ་ཐུབ་འཕེལ་བའི་ཕྱིར་ཤིག །སྔོ་བསངས་ཀྱིས་ཀྱང་དེ་ལྟར་བྱའོ་ཞེས་བརྗོད་ནས་ནགས་ན་རྒྱུ་བ་དེ་ལ་ཤིས་པ་བརྗོད་པ་བྱིན་ནས་དཀའ་ཐུབ་ཀྱི་ནགས་སུ་ཞུགས་པར་གྱུར་ཏེ། དཀའ་ཐུབ་ནོར་ལྟར་སུ་ཞིག་ཆུང༌། །གཞན་ནི་འབྲས་བུ་ཞིམ་པོའི་རོ། །ལེགས་པར་འོངས་སམ་ཞེས་བརྗོད་ནས། །དེ་ལ་ཁྲི་སྙན་པགས་པ་བྱིན། །ནགས་རྣམས་སམ་ནི་ཁྱིམ་དུ་ཡང༌། །དམ་པས་ཡུན་རིང་གནས་བྱེད་པ། །ཇི་ལྟར་རིགས་པར་དོན་གཉེར་ཕན། །ཆོས་འདོད་པས་ནི་བྱ་བ་སྟེ། །ཆུ་ཤིང་མེ་ཏོག་ཚོགས་ལྟར་སྔོ། །དེ་ནས་སྤྱིལ་པོ་དེ་མཐོང་ནས། །སྔོ་མེད་སེམས་ལྡན་སྔོ་བསངས་ཀྱི། །ཡིད་ལ་འདི་ལྟར་རེ་བ་གྱུར། །གཟུང་བ་ཡང་དག་འཇུག་པ་པདྨའི་རྩ་བ་གནས། །ཐུན་གསུམ་མར་གྱི་སྲེག་ལུགས་དུ་མས་དྲི་བྱས་པ། །འདུག་ཅིང་ལངས་དང་འགྲོ་བའི་རི་དགས་འགའ་ཞིག་ཏུ། །སྲིད་པ་འདོན་པ་བྱས་པའི་ལམ་གྱི་རྒྱུ་མཚན་ཡིན། །རབ་ཞི་སྲིད་འཇོམས་འདོད་པའི་རྣལ་འབྱོར་རྣམས་ཀྱིས་ནི། །དཀའ་ཐུབ་ནགས་འདི་ཤིང་ལོས་བྱས་པའི་ཁྱིམ་བརྟེན་པ། །ཡན་ལག་མེད་ཀྱང་གཞུ་ནི་སྤངས་ནས་ཞུགས་ཟིན་ཏེ། །ཞི་བ་མངོན་འདོད་མཆོག་གི་སྐྱེ་བོས་སྨོས་ཅི་དགོས། །དེ་ནས་དཀའ་ཐུབ་ཀྱི་ནོར་ཅན་དེ་རྣམས་དང་ལྷན་ཅིག་ཏུ་མཚན་མོ་གཅིག་དེར་གནས་ཏེ་ཐོ་རངས་ཀྱི་དུས་སུ་བྱང་ཆུབ་སེམས་དཔའ་རྣམ་པར་དབེན་པའི་བདེ་བ་འདོད་ཅིང་དཀའ་ཐུབ་ཀྱི་ནགས་དེ་ལས་ཐ་དད་པ་དགའ་བར་གྱུར་པ་ཤིང་ལོའི་ར་བ་ཆེན་པོ་བྱས་པར་གྱུར་ཏེ། གུས་པས་བླ་མ་དག་ནི་སྤྱོད་ཅིང་བླ་མའི་རང་བཞིན་ཏེ། མེ་ལ་མཆོད་ཅིང་མི་ཆུང་བ་


DTG169_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྟན་པ་མཐོང་བའི་བློ། །མཉམ་པའི་ཡིད་ལྡན་རང་སྐྱེ་དང་ནི་སྐྱེ་བོ་བློ་མང་བ། །གནས་དེ་ལ་ནི་དཀའ་ཐུབ་ཀུན་ནས་སྤྱོད་ཅིང་གནས་པར་གྱུར། །དེ་ནས་དུས་གཅིག་གི་ཚེ་ན་བདག་ཉིད་ཆེན་པོ་དེ་ནགས་ཀྱི་རི་གཞན་ལས་མེ་ཏོག་འབྲས་བུ་དང་བུད་ཤིང་དང་ཀུ་ཤ་རྣམས་བླངས་ཏེ། ཤིང་ལོའི་ཁྱིམ་གྱིས་གཞི་ལ་བྱུག་པ་འཇམ་པོ་བྱས་ཏེ། རྐང་ལག་དག་ལ་ཁྲུས་བྱས་ཤིང་བུམ་པ་བླངས་ནས། རི་དགས་ཀྱི་ཕྲུ་གུ་རྗེས་སུ་འགྲོ་བཞིན་པ། ལྕང་མའི་ལྗོན་ཤིང་མང་པོ་རབ་ཏུ་རྒྱས་པའི་འགྲམ་ཀུན་ནས་བཀག་པ། ནོར་བུ་དཀར་པོ་བཅད་པ་ལྟར་དྲི་མ་མེད་པ་དང༌། བསིལ་ཞིང་ཞིམ་པའི་ཆུ་འབབ་པའི་ཆུ་བོའི་དྲུང་དུ་སོང་སྟེ། པགས་པ་དང་ནི་བགྲང་ཕྲེང་དག །ཤིང་གི་ཡལ་ག་ལ་དཔྱངས་ནས། །བསིལ་ཆུ་དག་ལ་ཁྲུས་བྱས་པ། །བདེ་ཕྱིར་ཆུ་ནི་འཛིན་པར་གྱུར། །རྩྭ་ནི་སྔོན་པོ་བསྟེན་བྱས་ནས། །དྲི་མ་མེད་པའི་ཆུ་འཐུངས་ཏེ། །ཁྲུས་བྱས་རི་དགས་ཕྲུག་པ་དེ། །འདུག་ཅིང་སོ་སོར་བརྐྱང་བར་གྱིས། །དེ་ནས་རྒྱལ་པོ་ཚངས་པས་བྱིན་སྒྲ་ལ་ཕོག་པ་རི་དགས་ཀྱི་ལིངས་ལས་སྐྱོ་བསངས་ཉམས་སུ་མྱོང་ཞིང་མྱུར་དུ་འགྲོ་བའི་རྟས་འགུགས་བཞིན་པ་ཆུ་བོའི་འགྲམ་དེར་འོངས་ནས། བྱང་ཆུབ་སེམས་དཔའ་ཆུ་འཛིན་པ་ལས་སྐྱེས་པའི་ཆུའི་སྒྲ་ལ་མཉན་ནས་འགྲམ་གྱི་ཤིང་དང་ཤིང་གེལ་བ་རྣམས་ཀྱིས་ལྟ་བའི་བར་དུ་ཆོད་པར་བྱས་པ། ངེས་པར་ཆུ་བོ་འདི་ལ་ཕག་གམ་རི་དགས་འཇུག་པ་ཞེས་བྱ་བ་རྣམ་པར་བསམས་ནས། གང་ལས་སྒྲ་དེ་བྱུང་བ་དེས་མདའ་འཕངས་པར་གྱུར་ཏོ། །དེ་ནས་མདའ་ནི་མདེའུ་ཆེན་པོ་དང་ལྡན་པས། །བྲང་གི་དབུས་སུ་བདག་ཉིད་ཆེན་པོ་དེ་འབིགས་ཏེ། །དེ་ཆོག་སྒྲ་ལས་ནང་གི་བདག་ཉིད་སྡུག་བསྔལ་བ། །འགྲམ་ལས་རི་དགས་ཕྲུག་པ་ཡང་ནི་ལངས་པར་གྱུར། །སུ་ཡིས་བདག་ནི་འབིགས་པ་ཞེས་བྱ་གང་འདི་ཤེས་བྱས་ནས། །ས་ཡི་བདག་པོ་དེ་ཡི་སྙིང་རྗེའི་བདག་ཉིད་ཅན་གྱིས་ནི། །འདི་ནི་སུ་ཡིན་ཞེས་བྱ་རྟ་ལས་མྱུར་དུ་བབས་ནས་ཀྱང༌། །བྲང་གི་དཀྱིལ་ན་མདའ་ནི་སྦྱོར་བ་སྔོ་བསངས་མཐོང་བར་གྱུར། །རྒྱལ་པོ་དེས་ཀྱང་ཡུན་རིང་པོས་ནི་དེ་ཤེས་ནས། །སྔོ་བསངས་འདི་ཞེས་མིག་ལ་མཆི་མ་འབྱུང་བ་ནི། །ཞིང་གི་ཚོགས་ལ་སྦས་པ་འདི་ནི་སྨྲ་བ་སྟེ། །རི་དགས་འདི་ཞེས་འདིར་ནི་


DTG169_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཁྱོད་འབིགས་པ། །གཡོ་བ་རྣམས་ཀྱིས་བག་མེད་སྐྱོན་ལས་སྡུག་བསྔལ་བ། །གང་དུ་འདི་འདྲ་དམ་པ་རྣམས་ལ་ཡང་ནི་བྱེད། །རི་དགས་ལིངས་ཀྱི་སྡུག་བསྔལ་དེ་ལས་མི་རྣམས་ལ། །སྡུག་བསྔལ་ཤིན་ཏུ་དཀའ་པ་གཞན་ནི་ཡོད་མ་ཡིན། །མི་སྐྱོང་སྒྲ་ཡིས་རྒྱགས་པ་དྲེགས་པ་རྨོངས་པ་ཡི། །རྣམ་ལྟུང་མངོན་པར་ཕྱོགས་པ་བག་མེད་བསྙེན་པ་ཡང༌། །སྙིང་རྗེ་ལ་ནི་དམིགས་ནས་ཞི་བའི་གཟུགས་ལྡན་ལགས། །ཚ་བའི་སྨོད་མོའི་མདའ་ཡིས་བདག་ནི་མ་བསད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སའི་བདག་པོ་དེ་ལྟར་སྨོད་པ་ལ་རྩེ་གཅིག་པ་ཕྱི་ནས་འགྱོད་པས་ཀུན་ནས་སོང་བའི་ཡིད་སྨོད་མོ་འབྱུང་བ་ལ་དོགས་པ་བརྟེན་པར་བྱས་པར་གྱུར་ཏེ། རྒྱལ་པོ་ཆེན་པོ་བདག་ལས་སྨོད་པའི་དོགས་པས་ཆོག་སྟེ། ཤིན་ཏུ་ཁྲོས་པའི་དབང་གིས་ཀྱང་ནི་ཁྱོད་ཀྱིས་ནི། །གལ་ཏེ་བདག་ལ་མདའ་ནི་ཕོག་པར་གྱུར་བ་སྟེ། །དེ་ལྟ་ན་ཡང་བདག་གི་སེམས་ནི་གཞན་དུ་ཡང༌། །འབྱུང་བ་མིན་ཏེ་སྐྱོན་བྲལ་ཁྱོད་ལ་སྨོས་ཅི་དགོས། །འོན་ཀྱང་སྔོན་དུ་བྱས་པའི་ལས་རྣམས་འདི་དག་གིས། །མདའ་ཡི་གཟུགས་ཀྱིས་བདག་གི་བྲང་ལ་བརྒྱབ་པ་ནི། །དེ་ལྟར་ཁྱོད་ལ་འདིར་ནི་ཁྱོད་ལ་ཉེས་པ་ཅི་ཞིག་སྟེ། །མི་སྐྱོང་སྨོད་པའི་འཇིགས་པ་ཀུན་ནས་དོར་བར་གྱིས། །སྐྱེ་བོ་ཡོད་ན་ཅི་ཞིག་འཇིག་པ་མིན་དེ་བས། །བདག་ལ་ཤི་བའི་འཇིགས་པ་ཅུང་ཟད་ཀྱང་ནི་མེད། །ཕ་དང་མ་དང་ནགས་སུ་མིག་དང་བྲལ་བ་ལ། །ཀུན་ནས་བསམས་ཏེ་བདག་ནི་སྡུག་བསྔལ་ཉེ་བར་སོང༌། །བདག་ནི་དུས་ཀྱི་དབང་གིས་སྲིད་པ་གཞན་དག་ཏུ། །དི་རིང་འགྲོ་བ་ཀུན་ནས་ཁྱབ་ཅིང་ཁྱབ་པ་ནི། །སྐྱེད་བྱེད་དང་ནི་སྐྱེད་པ་པོ་དག་སྡུག་བསྔལ་བ། །ལོང་བ་ནགས་འདི་ལ་ནི་ཅི་ཞིག་བྱེད་པར་འགྱུར། །ས་ཡི་སྐྱོང་བ་དག་ལ་ཇི་སྲིད་བར་དུ་ལུས། །འདི་ནི་སྲོག་ཆགས་ཀུན་ནས་དོར་བར་མི་བྱེད་པ། །དཀའ་ཐུབ་ནགས་ལས་བདག་གིས་མྱུར་དུ་ཕ་མ་དག །དེ་སྲིད་སྡུག་བསྔལ་བ་ནི་མྱུར་དུ་སྤོང་བར་བྱས། །ཅུང་ཟད་རྒས་པ་ཀུན་ནས་དྲིས་པ་བསྐྱོད་པའི་སོར་མོ་ཅན། །ཨུཏྤ་ལ་ཆེན་པོ་རྙིངས་པ་ལྟར་ནི་ཀུན་སྐྱ་མདུན་ལག་གིས། །ཕ་མ་དག་ནི་དེ་ལ་སྙིང་རྗེ་དང་བཅས་རེག་འགྱུར་བ། །བདག་ནི་དོན་བྱས་དེ་རིང་བདེ་


DTG169_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྲོག་ནི་བཏང་བར་བགྱི། །འདི་ལྟར་ཡང་བདག་གི་ཚིག་གིས་ཕ་མ་དག་ལ་ཞུ་བར་བྱ་སྟེ། མཉེས་ནི་གཤིན་པའི་ཆུ་ཡིས་ཁྱེད་ཅག་གིས། །བུ་ཡི་ཤིང་གང་འཕེལ་ཕྱིར་ཆུ་ཡིས་སྦངས་པ་ནི། །གསོང་པོར་སྨྲ་བའི་མེ་ཏོག་འདི། །དེ་ལས་ཐ་མ་ཀུན་ནས་གཟུང་བར་མཛོད། །དེ་ནས་རྒྱལ་པོ་དེ་དག་གིས་མི་དགའ་བ་འདི་དེ་ལྟ་བུའི་དེ་དག་ལ་ཇི་ལྟར་སྨྲ་བར་བྱ་ཞེས་བྱ་བ་རྣམ་པར་བསམས་ནས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཁྱོད་ལྟ་མདའ་ཡིས་འབིགས་པ་ནི། །ངན་འགྲོར་འགྲོ་བ་བདག་གིས་ཏེ། །མི་དགའ་སྨྲ་བའི་མདའ་ཡིས་ནི། །དེ་དག་ལ་ཡང་ཇི་ལྟར་འབིགས། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་དུས་འདའ་བས་ཆོག་སྟེ། བདག་གི་ལུས་དུག་གིས་བརྒྱལ་བར་ཡོངས་སུ་སོང་བར་འདྲ་བར་ཀུན་ནས་དུབ་པ་སྟེ། དེ་ནས་རྒྱལ་པོ་དེ་བྱ་བ་འདི་སྡིག་པ་དང་བཅས་པ་ཞེས་བྱ་བ་རྣམ་པར་དཔྱད་ནས་དེ་ལྟར་བྱ་ཞེས་ཁས་བླངས་ཏེ། དེ་ཉིད་དུ་རྟ་དེ་ཡལ་ག་ལ་བཏགས་ནས་སློབ་མ་བཞིན་དུ་དུལ་བ་འཛིན་པ་དཀའ་ཐུབ་ཀྱི་ནགས་ལ་མངོན་པར་ཕྱོགས་པས་ཞུགས་པར་གྱུར་ཏེ། དེ་ན་ས་ཡི་བདག་པོའི་རྐང་པའི་སྒྲ་ནི་རིང་ནས་ཐོས། །ཀུན་ནས་སྐམས་པའི་ཤིང་གི་འདབ་མ་བཙིར་ནས་བྱུང་བ་ནི། །ངེས་པར་ཆུ་ནི་ལིངས་པ་སྔོ་བསངས་འདི་ནི་འོངས་པ་སྟེ། དེ་ལ་གནས་པ་དེ་དག་འདི་ལྟར་ཕན་ཚུན་སྨྲ་བར་གྱུར། །རྒྱལ་པོ་དེ་ཡང་ཉེ་བར་འོངས་ནས་མི་དགའ་བ་དེ་སྨྲ་བར་མ་ནུས་ཤིང་སྡུག་བསྔལ་བའི་སྙིང་ཤིང་ལོས་བྱས་པའི་ར་བའི་ཉེ་འཁོར་དང་ཉེ་བར་འོངས་ཏེ་ཅང་མི་སྨྲ་བར་གནས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའི་མ་སྔོ་བསངས་འདི་འོངས་སོ་ཞེས་བྱ་བ་རྣམ་པར་བསམས་པར་གྱུར་པས་སྨྲས་པ། བུམ་བ་བླངས་ནས་ཆུ་ཡི་ཕྱིར་ནི་ཆུ་བོར་ཉེར་འོངས་ཏེ། །ཅི་ཕྱིར་དེ་རིང་བུ་ཁྱོད་ཡུན་རིང་ནས་ནི་ཉེར་འོངས་པ། མེ་ནི་མཆོད་ནས་འབྲས་བུ་དང་ནི་པདྨ་རྣམས་ལོང་ཤིག །འདབ་མའི་སྣོད་ལ་བཀོད་ནས་ཁྱེད་ཀྱི་ཕ་ནི་བཀྲེས་པ་སྟེ། །དེ་ནས་ཚངས་པས་བྱིན་གྱིས་གསོང་པོར་སྨྲ་བ་སྟེ། བདག་ཉིད་ངོ་ཤེས་པར་བྱས་པ་དེ་དག་ལ་མ་བརྟགས་པར་བྱས་པ་དེ་ཉིད་ཀྱི་ཉེས་པར་སྤྱད་པ་དེ་སྨྲས་པར་གྱུར་ཏོ། །དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་སྡུག་བསྔལ་ཐོས་ཏེ། ཀྱེ་མ་ཞེས་བརྗོད་ཅིང་


DTG169_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱལ་བར་ཉེ་བར་སོང་བར་གྱུར་ཏོ། །ཡུན་རིང་པོས་ཀྱང་འདུ་ཤེས་བྱུང་བ་དེ་དང་དེར་སྨྲེ་སྔགས་བཏོན་ནས་སྨྲས་པར་གྱུར་པ། ཇི་སྲིད་དེ་ཡི་ལུས་ནི་ཀུན་ནས་མ་བཏང་བ། །བྱ་དང་ཅེ་སྤྱང་རྣམས་ཀྱིས་རྙིངས་པ་བྱེད་པ་ནི། །མི་དབང་བདག་ཅག་རྣམས་ནི་སྙིང་རྗེས་དེ་དྲུང་དུ། །སྡུག་བསྔལ་སྐལ་ཅན་ཁྱོད་ཀྱིས་མྱུར་དུ་རེ་ཞིག་ཁྲིད། །དེ་ནས་རྒྱལ་པོ་དེ་དག་ཉེ་བར་བཟུང་ནས་མདའི་རྨ་ལས་སྐྱེས་པའི་རྒྱལ་བས་རྣམ་པར་བཙུམས་པའི་མིག་ཅན། བྱང་ཆུབ་སེམས་དཔའི་གན་དུ་འོངས་པར་གྱུར་ཏོ། །དེ་ནས་མ་བུ་ཀྱེ་མ་བུ་ཞེས་ཟེར་ཞིང་སྡུག་བསྔལ་གྱི་དབང་གིས་བྱང་ཆུབ་སེམས་དཔའ་ལ་འཁྱུད་ནས་བརྒྱལ་བར་ཉེ་བར་སོང་བར་གྱུར་ཏོ། །མདུན་ན་འདོན་པ་དེས་ཀྱང་སྙིང་རྗེ་དང་བཅས་པར་སྨྲེ་སྔགས་འདོན་པའི་ཕྱིར་བརྩམས་ཏེ། སྟེགས་བུ་པས་ནི་ཉེར་བྱུགས་ནས། །མེ་ཏོག་མཆོད་པ་ཡང་བྱས་ཏེ། །དི་རིང་སྔགས་ནི་སྟེར་བཞིན་དུ། །མེ་ལ་བུད་ཤིང་ལྟུང་བར་གྱུར།། རྒས་པའི་མདས་ནི་ཕོག་པས་བྱ་བ་རྣམ་བྲལ་བ། །དཀའ་ཐུབ་རྣམས་ཀྱིས་འོད་མེད་ཉམ་ཆུང་ཡན་ལག་གི །དཀའ་ཐུབ་ནགས་འདིར་གནས་པ་ཡུན་རིང་དུ་ནི་བྱུང༌། །མིག་མེད་དག་དང་ཁོ་བོ་ཅག་གི་ཁྱོད་ནི་མིག །འདི་ནི་བུ་ཡི་རང་བཞིན་མིག་ནི་ཆེན་པོ་སྟེ། །མུན་པ་དང་བྲལ་སྐྱོན་ནི་མེད་པས་འཕྲོག་བྱེད་པས། །ཁྱོད་ཀྱིས་བརྩེ་བ་དོར་བ་ད་ལྟར་བདག་ཅག་ལ། །གཤིན་རྗེ་གཉིས་སུ་འགྱུར་ལ་ལོང་བ་ཉིད་འདི་བྱས། །བརྩེ་བའི་ཆུ་ཡིས་བདེ་བྱས་འཇིག་རྟེན་ཡིད་དག་ནི། །ཡོན་ཏན་ཆེ་བའི་ཆུ་སྐྱེད་གནས་ཀྱིས་ཉེར་མཛེས་པ། །གཤིན་རྗེ་ཁྱོད་ཀྱིས་ཅི་ཕྱིར་བདག་ཅག་ལ་ནི་འདི།། བུ་ཡི་རང་བཞིན་ཆུ་ཡི་རྟེན་ནི་རྣམ་པར་འཇོམས། །ཤིན་ཏུ་བདག་ཅག་འདི་ལྟར་མྱ་ངན་གྱིས་གནོན་པ། །དི་རིང་བུ་སྐྱེ་ཅི་ཕྱིར་མངོན་པར་སྨྲ་བ་མིན། །བརྩེ་བ་ཅན་ཞེས་བྱ་བ་དམ་པས་དེ་ལྟར་ནི། །ཁྱོད་ཀྱིས་ཡུན་རིང་བརྩེ་མེད་འདི་ནི་གསལ་བར་བྱས། །དེ་ནས་མ་ཡུན་རིང་པོ་ནས་འདུ་ཤེས་རྙེད་པ་སྨྲེ་སྔགས་འདི་ལྟར་བྱས་པར་གྱུར་ཏེ། ཅུང་ཟད་དལ་གྱིས་སྨྲ་བ་བྱིས་པ་ཉིད་ཀྱིས་དབྱིག་པའི་རྟ་ལ་ཞོན་པར་བྱེད་པ་ནི། །ཅུང་ཟད་བསྐྱོད་པའི་གཙུག་པུད་རྩེ་མོ་ཉེ་འཁོར་ལ་ནི་རོལ་པས་རྣམ་བསྐྱོད་མིག་ལྡན་པ། །གང་ཞིག་ཕྲད་འདོད་བདག་གིས་འགེགས་པར་བྱེད་པ་བདག་ཉིད་ཀྱིས་ནི་ཁྱིམ་ན་


DTG169_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བཞིན་པ། །ལག་པ་གཉིས་ཀྱིས་འཁྱུད་པ་ཡང་ནི་བཙན་ཐབས་ཀྱིས་ནི་བུ་ཁྱོད་བདག་ལ་ཅི་ཕྱིར་འགྲོ། །ཤིན་ཏུ་ཉིན་རེར་ཁྱོད་ནི་གང་གིས་མཆོད་པ་སྟེ། །གསུམ་ལྡན་མེ་ཁྱོད་དེ་རིང་བདག་གི་བུ་དེ་སྐྱོང༌། །གང་ཡང་ནགས་རི་འདི་ལ་གནས་པ་དེ་རྣམས་ཀྱང༌། །ལྷ་མོ་བདག་གི་བུ་ལ་སྲོག་ནི་རྣམ་སྟེར་མཛོད། །དེ་ལྟར་སྙིང་རྗེ་སྨྲ་བར་བྱེད་པ་སྐད་ཅིག་དེ། །སྡུག་བསྔལ་སྲེག་ལུགས་ཟ་བ་ལ་ཞུགས་མཐོང་ནས་ནི། །རྡོ་བ་ལས་ལྷུང་ཆུ་ལས་བྱུང་བའི་སྙིང་རྗེའི་སྒྲ། །དེར་ནི་ཆུ་བོ་དག་ཀྱང་མྱ་ངན་ལྟ་བུར་གྱུར། །བུད་མེད་དག་ནི་བདག་པོའི་མྱ་ངན་མེས་ནི་འཕྲོ། །མཉེས་གཤིན་སྲེག་ལུགས་ཀྱིས་ནི་མྱུར་དུ་ལངས་པ་ཡིན། །ཀུན་ནས་འགྲོ་ཞིང་དེ་ནི་སྒེག་པའི་མེ་སྟག་ནི། །རྒྱལ་པོའི་སེམས་ནི་བརྟན་པ་དོར་བ་སྲེག་པར་གྱུར། །དེ་ནས་དེ་ལྟ་བུའི་གནས་སྐབས་དེར་སོང་བའི་བདག་ཉིད་ཆེན་པོ་དེ་ལ། །འཁྲུག་པའི་རྒྱལ་མཚོ་ས་ནི་ཀུན་ནས་འཁྲུག་པར་འགྱུར་བ་སྟེ། །རི་རབ་ཀྱང་ནི་འགུལ་ཏེ་བསྐྱོད་པས་ཁྱབ་པའི་སྐལ་བའི་ཤིང༌། །དྲོ་བའི་འོད་ཟེར་དཀྱིལ་འཁོར་ཅུང་ཟད་རྙོག་ཉིད་སོང་བ་སྟེ། །ཕྱོགས་རྣམས་ཀྱི་ནི་སྒོ་དག་ཀུན་ནས་འོད་ཟེར་བྱུང་བར་གྱུར། །དེ་ནས་གསེར་གྱི་རི་བོ་འགུལ་བས་བྱང་ཆུབ་སེམས་དཔའི་སྡུག་བསྔལ་ཤེས་པ་སྤྲོས་པའི་ཅོད་པན་གྱི་ནོར་བུའི་འོད་ཀྱིས་ཀུན་ནས་ལྷག་པའི་མངོན་པར་བརྒྱན་པའི་ལུས་རླུང་གིས་རྣམ་པར་བསྐྱོད་པའི་སྐལ་བའི་ཤིང་ལས་རབ་ཏུ་བྱུང་བའི་གོས་ཀྱིས་བསལ་བར་བྱས་པའི་ཨུཏྤ་ལ་སྔོན་པོའི་འདབ་མ་ལྟར་ཤིན་ཏུ་སྔོ་བའི་ནམ་མཁའི་དཀྱིལ་ལ་འཛེགས་ནས་ཉེ་བར་འོངས་ཏེ། དེ་རྣམས་ཐམས་ཅད་ཉིད་དབུགས་ཕྱུང་སྟེ་བྱང་ཆུབ་སེམས་དཔའ་ལ་ལྷ་ལས་བྱུང་བའི་སྔགས་ཀྱིས་དག་པར་བྱས་པའི་ཆུས་ཆག་ཆག་མངོན་པར་བཏབ་སྟེ། ཀུན་ནས་འཛེགས་པའི་ཁྲག་གི་ཐིགས་པས་བྱུག་པ་ཡི། །གཡོ་བའི་དབང་པོ་སྦས་མཚན་བྲག་ལྟར་རྒྱ་ཆེ་བ། །རྣམ་པར་དག་པའི་བློ་ཅན་དེ་ཡི་བྲང་དཀྱིལ་ནས། །ལྷ་ཡི་དབང་པོས་མདའ་ནི་ཀུན་ནས་འདོན་པར་གྱུར། །མདའ་ནི་དེར་ནི་འདོན་པར་བྱ། །ཆགས་ཅན་རྡོ་རྗེ་ཅན་གྱིས་ནི། །ཨུཏྤལ་སྔོ་བསངས་རྣམ་པ་ཅན། །སྔོ་བསངས་མིག་དག་ཕྱེ་བར་གྱུར། །རྒྱལ་པོ་དེ་རབ་ཏུ་དགའ་བས་རབ་ཏུ་ལངས་པའི་སྤུའི་ཚོགས་ཀ་དམ་པའི་མེ་ཏོག་ལྟར་གྱུར་པའི་


DTG169_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་འཛིན་ཅིང་དེ་དག་ལ་སྨྲ་བར་གྱུར་པ། མྱ་ངན་གྱིས་ཆོག་སྟེ་སྔོ་བསངས་ཀྱི་མིག་དག་རབ་ཏུ་ཕྱེ་བ་ཞེས་བྱ་བའོ། །དེ་ནས་དེ་དག་གིས་ཐོས་ཏེ་མཆོག་ཏུ་ཀུན་ནས་དགའ་བར་གྱུར་ཏོ། །དེ་ནས་རང་གི་གྲོང་ཁྱེར་སྟོབས་ཀྱི་སྒྲ་ནི་གྲགས་པ་མྱུར་དུ་འགྲོ་བ་སྟེ། །ས་བདག་ཀྱང་ནི་རང་གི་ཕོ་བྲང་དུ་ནི་རྟ་དང་བརྟེན་པར་གྱུར། །རང་གི་ཁྱིམ་དེ་རི་དགས་གནས་པ་ཐོབ་ནས་ཀྱང་ནི་གུས་པ་ཡིས། །སླར་ཡང་བླ་མ་གཙོ་བོ་དག་ནི་བྱང་ཆུབ་སེམས་དཔའ་བརྟེན་པར་གྱུར། །དེ་ལྟར་ན་བཅོམ་ལྡན་འདས་དེས་མཆོག་ཏུ་ཕན་པའི་ཞིང་ཞེས་བྱ་བ་བསམས་པར་གྱུར་པས་ཕ་མ་དག་ལ་མི་ངལ་བའི་ཡིད་ཀྱིས་ཀུན་ནས་བསྟེན་པར་བྱས་པར་གྱུར་ཏོ། །དེ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་དད་པ་ལ་དམིགས་ནས་རང་གི་ཕན་པ་ལ་བལྟས་ནས་དུས་རྟག་ཏུ་ཕ་མ་དག་ཆོ་ག་བཞིན་དུ་མཆོད་པ་བྱ་ཞེས་བྱའོ། །སྔོ་བསངས་ཀྱི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་བཞི་པའོ།། །།ཚུལ་ཁྲིམས་ཀྱི་ནི་གཉེན་པོའི་ཁྱིམ་གནས་ཤེས། །བློ་ལྡན་རྣམས་ཀྱིས་རབ་ཏུ་བཟུང་ནས་ནི། །ཞི་བའི་ཡིད་ཅན་ཞི་བ་ལ་ནི་ཡང༌། །དཀའ་ཐུབ་ནགས་སུ་དུས་ནི་འདའ་བར་བྱེད། །འདི་ལྟར་རྗེས་སུ་ཐོས་ཏེ། རིག་བྱེད་དང་སྔར་བྱུང་བ་དང༌། རྙིང་པ་དང༌། དྲན་པ་རྣམ་པར་སྤྱོད་པ་དང༌། མཁས་པའི་གློག་དང་ལྡན་པ་དང༌། རྣམ་པ་སྣ་ཚོགས་པའི་བསྟན་བཅོས་རྣམས་ལ་གོམས་པས་མཁས་པའི་སློབ་མའི་ཆོགས་ཀུན་ནས་གནས་པ་དང༌། གཙང་བ་དང༌། དུལ་བའི་ནང་འཁོར་གྱི་སྐྱེ་བོ་ཅན་དོན་དུ་གཉེར་བའི་སྐྱེ་བོ་རྣམས་ཀྱིས་ཀུན་ནས་ཡོ་བྱད་ལོངས་སྤྱོད་བཞིན་པ་དང༌། སྐྱེ་བོ་ཐམས་ཅད་ཀྱི་ཡིད་འཕྲོག་པ་དང༌། ཐུན་གསུམ་དུ་མེ་ལ་དགང་བླུགས་བྱིན་པས་དུ་བའི་ཚོགས་ཀྱིས་དྲི་མ་ཅན་དུ་བྱས་པའི་ཁྱིམ་གྱི་ནང་བདེ་འགྲོའི་སྒོ་དང་འདྲ་བར་གཉིས་སྐྱེས་པའི་རིགས་འགའ་ཞིག་ལ་དུས་ཐམས་ཅད་དུ་བྲམ་ཟེའི་སྤྱོད་པ་འཇུག་པས་དྲི་མ་དང་བྲལ་བའི་ལས་དང་ལྡན་པ། འཇིག་རྟེན་པ་ཐམས་ཅད་ཀྱི་རྒྱན་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་འཁྲུངས་པར་གྱུར་ཏོ། །འདུ་བྱས་པའི་བདག་ཉིད་ཆེན་པོ་དེས་བསྟན་བཅོས་དུ་མ་ལ་བརྒལ་བའི་མདུད་པ་ཆད་པར་བྱེད་པའི་བློས་གྲགས་པའི་ཆེ་བའི་བདག་ཉིད་


DTG169_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བྱས་པ། འདུན་སར་སློབ་དཔོན་དང་འདྲ་བར་མཁས་པ་རྣམས་ཀྱིས་བལྟས་པར་གྱུར་པ་སྟེ། དེ་ནི་ཆེན་པོ་ཆེ་བའི་ཡོན་ཏན་རྣམས་ཀྱིས་འབྱུང༌། །རིགས་ནི་ཆེན་པོ་དེ་ཡི་རྒྱན་དུ་གྱུར་པ་ནི། །གསེར་གྱི་རྒྱན་གྱི་དབུས་སུ་སོང་བར་གྱུར་པ་ཡི། །འཕྲོ་བའི་འོད་ཟེར་དྲི་མ་མེད་པའི་ནོར་བུ་བཞིན། །མདུན་མའི་སར་ནི་རབ་ཏུ་རྒྱས་པར་གྱུར་པ་ཡི། །དེ་ནི་ངག་གི་བསྟན་བཅོས་རྣམས་དབེན་དག་པ་ཡིས། །དམ་པ་རྣམས་ཀྱི་ཐུགས་ནི་ཕྱེ་མར་བྱས་པ་སྟེ། །ཟླ་བའི་འོད་ཟེར་གྱིས་ནི་ཀུ་མུ་ད་བཞིན་དུ། །རྡུལ་ནི་མེད་པ་ཉིད་ཀྱིས་ཤིན་ཏུ་དྲི་མེད་པ། །བློ་བཟངས་རྣམས་ནི་དེ་ཡི་ལང་ཚོ་སར་ལ་ཡང༌། །ཡུལ་རྣམས་ཀྱིས་ནི་ཡིད་ནི་འཛིན་པར་མི་འགྱུར་ཏེ། །འཐེང་པོ་རྣམས་ཀྱི་གྲུ་དང་བྲལ་བའི་ཆུ་བཞིན་ནོ། །གཙང་ཞིང་དགོད་པའི་གདོང་ཅན་བུད་མེད་རྣམས་ཀྱིས་ནི། །སྒེག་པ་རྣམས་ཀྱིས་དེ་ནི་ནམ་ཡང་འཕྲོག་མི་འགྱུར། །དེ་བས་པད་རྩའི་གཞུ་ནི་བ་གུ་ལ་ཡི་གཞུ་རྒྱུད་ཅན། །འདོད་ལྷ་མདའ་དང་བཅས་པ་དེ་ལ་བྱས་མི་འགྱུར། །བདེ་བ་ཞེས་བྱ་ཡིད་ནི་ལྡོག་པ་བྱས་པ་ཡི། །མི་སྡུག་པ་ནི་སྒོམ་ཞིང་ཐུབ་ཆེན་རྣམས་ཀྱི་ནི། །འཇམ་པའི་དགོད་པའི་གདོད་པའི་གཏམ་ནི་སྒེག་པས་མཛེས་པ་ནི། །ལྷ་ཡི་བུ་མོ་རྣམས་ཀྱིས་ཀྱང་ནི་ཕྲད་འདོད་སྐྱེ་མི་འགྱུར། །དུས་གཅིག་གི་ཚེ་ན་བདག་ཉིད་ཆེན་པོ་དེའི་རབ་ཏུ་དབེན་པའི་བདེ་བ་མངོན་པར་འདོད་པ་ལ་འདི་ལྟར་རྣམ་པར་རྟོག་པ་སྐྱེ་བར་གྱུར་ཏེ། ཁྱིམ་ན་གནས་པ་ཞེས་བྱ་བ་སྐྱེས་བུའི་ཡོ་བྱད་མང་པོ་རྙེད་པ་ལ་རྣམ་པར་ཁྱབ་པའི་ཡིད་ཅན་ལ་བསྟན་བཅོས་རྣམས་ཉན་པ་ལ་རྗེས་སུ་ཆགས་པ་འཕྲོག་པར་བྱེད་པ་དང༌། བསྟན་པའི་འདམ་རྒལ་བར་དཀའ་བ་ཆེན་པོ་ལ་ཡིད་རྣམ་པར་ནུབ་པར་བྱེད་པ་དང༌། གཉེན་འདུན་རྣམས་ལ་མཉེས་གཤིན་པ་དང་རྗེས་སུ་འབྲེལ་པས་རབ་ཏུ་བྱུང་བར་མངོན་པར་འདོད་པ་ལ་གེགས་བྱེད་པ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། རྒྱགས་པ་དང༌། ང་རྒྱལ་དང་ཆགས་པའི་ལྟོ་འཕྱེ་རྣམས་ལ་གླགས་སྟེར་བ་དང༌། བདེ་འགྲོའི་སྒོ་གསལ་བར་བྱེད་པའི་ཚུལ་ཁྲིམས་ཀྱི་མར་མེ་གསལ་བར་བྱེད་པ་དང༌། ཉི་མ་རེ་རེར་ཡོ་བྱད་ཡོད་པ་ལ་ཡང་ཚིམ་པར་མི་བྱེད་པ་དང༌། བདེ་བར་ཉུང་བ་ལ་མྱང་བ་དང༌། ཐ་མར་སྡུག་བསྔལ་མང་བའོ། །དེ་རྣམས་ནི་བློ་དང་


DTG169_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་རྣམས་ཏེ། གང་དག་འདི་ཡོངས་སུ་དོར་ཞིང་དཀའ་ཐུབ་ཀྱི་ནགས་བསྟེན་པ་ཞེས་བྱ་བ་སྟེ། མང་བ་རྣམ་པ་སྣ་ཚོགས་འཁོར་གྱིས་བརྒྱན་པ་ནི། །བདེ་བ་དོན་གཉེར་རྣམས་ཀྱིས་སྤངས་པ་ཉིད་དུ་སོང་ན་ཡང༌། །ཁྱིམ་གྱི་གནས་ནི་ལྷ་ཡི་དབང་གིས་བྱུང་བ་སྟེ།། རྨ་བྱའི་ཚོགས་ལྟར་ཟད་པ་དང་ལྡན་སླར་ཡང་ནི། །ཡོ་བྱད་རྣམས་ལ་མ་རྙེད་པ་ཉིད་ཞི་བའི་རྒྱུ། །སྐྱོན་ནི་མང་བས་འཇིགས་པར་བྱེད་པ་རྣམས་ལ་ནི། །གསལ་བའི་སྔགས་ཀྱི་ཁྱད་ཀྱི་ནུས་པ་དམན་པ་ནི། །རང་ཉིད་གསོད་ཆེན་དྲག་པོའི་ལྟོ་འཕྱེ་རེག་བྱེད་སུ། །འདིར་ནི་ལ་ལ་དུ་སྟེ་གཞན་ནི་འདོད་པ་ཅན། །གཞན་ནི་དགོད་དེ་ཁྲོ་བ་གཞན་རྣམས་ལ། །གཞན་ནི་རྒུད་པ་ལ་ནི་སྨྲེ་སྔགས་འདོན། །འཚོ་བའི་འཇིག་རྟེན་གར་བྱ་བ་དང་མཚུངས། །ཀྱེ་མ་དཔལ་གྱིས་ཡུན་རིང་ཡང་ནི་རྗེས་སྐྱོང་བ། །སྦྲུལ་གྱི་ལྕེ་ལྟར་བསྐྱོད་པ་སྐྱེ་བོ་ལ་ནི་ནོར། །རྒས་དང་འཆི་བས་མངོན་པར་མནན་པའི་འགྲོ་བ་ལ། །གང་གིས་སྐྱེ་བོ་གསོན་པོ་ཉིད་དུ་འགྲོ་བར་འགྱུར། །དེ་ཕྱིར་ཁྱིམ་དུ་གནས་པའི་ཀུན་ནས་ངལ་བའི་སྡུག་བསྔལ་འདི། །དོར་ནས་ཚུལ་ཁྲིམས་ཀྱི་ནི་རྙེད་སླ་ཞི་བའི་བདེ་འདོད་ཅིང༌། །ཆོས་ཀྱི་ཁྱིམ་ནི་ངལ་ལྡན་རྣམས་ལ་ངལ་བ་འཇིག་པའི་རྒྱུད། །ཞི་བ་ཞི་ཕྱིར་ཞི་བའི་རྒྱུན་ལ་བདག་གིས་བརྟེན་པར་བགྱི། །དེ་ལྟར་རྣམ་པར་བསམས་ནས་བྱང་ཆུབ་སེམས་དཔའ་ཁྱིམ་ལ་གནས་པའི་ཆགས་པ་དོར་བ་ཁྲི་སྙན་ས་ལེའི་བགས་པ་དང༌། གཙང་བྱེད་དང༌། སྤྱིའུ་བླུགས་འཛིན་པ། ཞི་བའི་ཡིད་ཅན་རྒྱ་ཆེན་པོའི་ནོར་གྱི་ཚོགས་དོན་དུ་གཉེར་བ་རྣམས་ལ་རབ་ཏུ་བྱིན་ནས། རང་གི་ཁྱིམ་ནས་ངེས་པར་བྱུང་སྟེ། ཉེ་བའི་རི་དྲི་མ་མེད་པའི་ཆུ་དང་ལྡན་པ་ཆུའི་རྟེན་ཅན་བུང་བའི་ཚོགས་ཀྱིས་ཀུན་ནས་མྱང་བཞིན་བའི་ཨུཏྤ་ལ་ཆེན་པོའོ་རོ་དང༌། ཨ་སྨྲ་དང༌། འཛམ་བུ་དང༌། པ་ན་སའི་ནགས་ཀྱི་གྲིབ་མས་འགྲམ་གྱི་མཐའ་འགེགས་པ་འགའ་ཞིག་ལ་བརྟེན་ནས་ཤིང་གི་རྩ་བ་ལ། རྩྭའི་མལ་རྣམ་པར་བརྩམས། རང་ཉིད་ཀྱིས་ལྟུང་བའི་རྩ་བ་ཤིང་གི་འདབ་མ་དང་འབྲས་བུ་རྣམས་ཟ་ཞིང་བསམ་གཏན་གྱི་བདུད་རྩིས་ཚིམ་པའི་ཡིད་གྲོགས་པོ་དང་འདྲ་བར་རི་དགས་དང༌། བྱ་རྣམས་ཀྱིས་ལྟ་བར་གྱུར་བས་རྣམ་པར་གནས་ཏེ། རི་དགས་ལྷན་ཅིག་རྩ་དང་འདབ་མ་


DTG169_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཟ། །ཡུལ་ལ་ཆགས་པས་ཡིད་ཀྱི་རེ་བ་ལོག་པ་ནི། །སྟོབས་འབིགས་ལ་ཡང་ཀུན་ནས་འཕོ་བ་སྐལ་ཅན་ལ། །བརྟེན་པའི་བློ་ཅན་རྣལ་འབྱོར་རྣམས་ནི་འདོད་པར་བྱེད། །རྩྭ་ནི་སྔོ་བ་གཞོན་ནུའི་གྲོགས་ཀྱིས་བར་ནི་བཀག །མེ་ཏོག་སྐྱེས་པའི་ཤིང་དང་འབྲེལ་པ་བུང་བ་ཅན། །སྲེད་བ་སོང་བ་ལྕི་བའི་སེམས་ལྡན་རྣམས་ཀྱི་སྙིང༌། །དཀའ་ཐུབ་ཅན་ལ་ནགས་ཀྱིས་རྣམས་རོལ་པར་བྱེད། །མ་འོངས་པ་ནི་དཀའ་ཐུབ་ཆེན་པོ་བསྒོམས་པའི་ཐུབ་རྣམས་ཀྱིས། །རེ་ཞིག་དྲི་མེད་དཀའ་ཐུབ་འབྲས་བུ་རྣམས་ནི་གནས་པར་ཤོག །གང་ཞིག་མདའ་ཡི་ཚོགས་འབབ་པ་ཡི་འཇིགས་བས་ཁྱོད་ལ་ནམ་ཡང་ནི། །དམ་པ་མིན་པའི་གདོང་རྣམས་མཐོང་བ་མིན་པ་དེ་ཉིད་བདེ། །རི་དགས་སོ་ཡིས་གཅོད་པ་སྔོ་བ་རྩྭ་གཞོན་མྱུ་གུའི་རྩ་བ་ཅན། །མེ་ཏོག་འབྱུང་བའི་ཤིང་གི་ཚོགས་ལ་འཁོར་ཞིང་སྨྱོ་བའི་བུང་བ་ནི། །རབ་ཏུ་འབབ་པའི་ཆུ་ཡི་ཤུགས་ཀྱིས་བཀྲུས་པའི་གསལ་བ་རྩ་བ་དང༌། །བསྒོམས་པ་རྣམས་ལ་རི་ཡི་ཆ་རྣམས་བདེ་བ་ཉེ་བར་བསྐྱེད་པ་སྟེ། །འདི་ནི་སྐར་མའི་བདག་པོ་ལྟར་ནི་དགའ་བའི་སེམས་ཀྱིས་བྱ་རྣམས་ནི། །བདག་གི་ཆུ་ནི་ད་ལྟ་འདི་རྣམས་དང་ནི་འབྲེལ་བས་གཙང་བ་ནི། །རི་ཡི་ཆུ་བོ་འདི་ལྟར་ཁྲུས་ཀྱིས་དུས་སུ་རྣལ་འབྱོར་རྣམས་ཀྱི་ལུས།། གུས་དང་བཅས་པས་རེག་སྟེ་རླབས་ཀྱི་ལག་པ་རྣམས་ཀྱིས་ཕྲད་འདོད་ལྟར། །དེ་ནས་བདག་ཉིད་ཆེན་པོ་དེའི་བྱམས་པའི་སྟོབས་ཀྱིས་དབང་དུ་སོང་བ་གྲོགས་པོ་བཞི་བྱུང་བར་གྱུར་ཏོ། །ནགས་དེ་ལ་ནི་ཡོངས་སྨིན་ཆང་གི་དབུ་ལྟར་མིག་ལྡན་པ། །ཞི་བའི་རི་དགས་དང་ནི་གཏོར་མས་རྒྱས་དང་ལྟོ་འཕྱེ་དག །རྙིང་པའི་ཨ་ཏ་སི་ཡི་མེ་ཏོག་རྩེ་ལྟར་འོད་མེད་ཡན་ལག་ཅན། །ཕུག་རོན་བསྲབས་པའི་ཁྲག་གི་ཐིགས་པ་ལྟར་མིག་ཅན། །དེ་རྣམས་ཀྱང་བསམ་གཏན་གྱི་ཐ་མར་བྱང་ཆུབ་སེམས་དཔའ་དང་ཉེ་བར་འོངས་ནས་སློབ་མ་རྣམས་དུལ་བ་དང་འདྲ་བར་ཀུན་ནས་འདུག་པར་གྱུར་ཏོ། །དེ་ནས་རི་དགས་ཉེ་བར་འོངས་ཏེ་དུལ་བ་དང་བཅས་པར་གསོང་པོར་སྨྲ་བ་སྔོན་དུ་འགྲོ་བས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཆེན་པོ། འཇིག་པ་ལས་གཞན་བདག་ཆེན་ལ། །ཤིན་ཏུ་ཆེ་བའི་སྡུག་བསྔལ་མེད། །སྐྱེ་བ་དགར་འགྱུར་འབྱུང་བ་སྟེ། །ལུས་ཅན་


DTG169_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་དེ་མེད་དོ། །ཁྭ་ཏས་ཀྱང་འདི་ལ་སྨྲས་པ། བཅོམ་ལྡན་འདས་བདག་གི་ཕྱེད་ལ་དཀྲིས་པའི་སྡུག་བསྔལ་ལས་གཞན་ཅུང་ཟད་ཀྱང་ལྷག་པར་ལུས་ཐམས་ཅད་ཀུན་ནས་གདུང་བར་བྱེད་པའི་སྡུག་བསྔལ་ཡོད་པ་མ་ཡིན་ཏེ་འཕགས་པས་གཟིགས་ཤིག་དང༌། ཁྲེལ་ཤེས་པ་ལ་ཡང་ནི་བཀྲེས་པས་ཀུན་འཛིན་པ། །སྐྱེས་བུའི་ཡིད་ནི་བྱ་བ་མིན་པ་འབྱུང་བ་སྟེ། །དགེ་དང་མི་དགེ་ཤེས་པ་ལྐོག་གྱུར་སེམས་ལྡན་པའི། །དུད་འགྲོ་རྣམས་ཀྱི་གང་ཚེ་ཡིད་ནི་ཕན་པར་ལྟར། །དེ་བས་ན་ཇི་ལྟར་རེ་ཞིག་བཀྲེས་པའི་སྡུག་བསྔལ་འདི་ཡོད་པར་མི་འགྱུར་བ་དེ་ལྟར་གསུངས་ཤིག །དེ་ནས་རིང་ནས་འོངས་ཏེ་ཐུབ་པའི་མཆོག་དེ་ཤིང་གི་རྩ་བ་ན་ནི་གནས། །དཔུང་པ་ལ་གནས་བསྲེའོ་པགས་པ་འཛིན་པ་དབུས་ནི་དམའ་བར་བྱེད་པ་ནི། །ཁྲོས་པ་ལས་གཞན་ཤིན་ཏུ་ཚ་བའི་འབྲས་བུ་སྡུག་བསྔལ་ཡོད་མིན་ཞེས་བྱ་བ་མར་གྱིས་སྣུམ་པའི་དྷྲི་མི་དྷྲ་ཡི་བུད་མེད་སྐྲ་ལྟར་གནག་པའི་ལྟོ་འཕྱེས་སྨྲས། །རྣམ་རྟོག་བུད་ཤིང་འབར་བ་ཅན། །ཁྲོ་བའི་སྲེག་ལུགས་ཟ་བས་ནི། །སྐྱེ་བོ་བདག་ཉིད་འདི་བསྲེག་སྟེ། །གཞན་དག་བསྲེག་པར་འགྱུར་རམ་མིན། །བདག་ལ་ཐབས་ནི་འབྲས་བུ་ཆེ། །དེ་བས་བློ་ཆེན་གསུང་བར་མཛོད། །གང་གིས་ཁྲོ་བའི་མེ་འདི་ནི། །རབ་ཏུ་ཞི་བར་ཉེ་བར་འགྲོ། །ཕུག་རོན་གྱིས་སྨྲས་པ། འདོད་ཆགས་སྡུག་བསྔལ་ཐམས་ཅད་ནི། །ལྷག་པར་བྱས་ནས་འཇུག་པ་སྟེ། །འོད་ལྡན་རྣམས་ཀྱི་གཟི་བརྗིད་འཕྲོ། །ཉིན་མོ་བྱེད་པས་འོད་ཟེར་བཞིན། །ཟླ་བའི་འོད་ཟེར་མཛེས་པ་རྣམས།། ཁ་བ་ལྟར་བསིལ་ཆུ་ཡང་མིན། །ཆགས་པའི་མེ་ཡིས་ཀུན་ཁྱབ་པའི། །འདོད་ཆགས་ཅན་ལ་བདེ་མི་བྱེད། །དེ་བས་དམ་པ་བདག་ལ་གསུངས། །ཅུང་ཟད་ལེགས་པར་གསུངས་པ་ཉིད། །གང་གིས་ཆགས་པའི་མེས་བདག་གི །སེམས་ནི་སླར་ཡང་ཚིག་མི་འགྱུར། །བྱང་ཆུབ་སེམས་དཔས་གསུངས་པ། འཇིག་པ་ལ་སོགས་པ་དང་སྡུག་བསྔལ་རྣམ་པ་བཞི་པོ་འདི་རྣམས་ཀྱི་ཡང་སྐྱེ་བའི་རྒྱུ་ཉོན་ཅིག །བློ་ལྡན་རྣམས་སྐྱེ་བ་འདི་ལ་མ་རིག་པ་ནི་འཇུག་པར་བྱེད་པར་སྨྲའོ། །མདོར་བསྡུས་ན་ནི་མ་རིག་པ་ཡི་རྣམ་ཆད་ཡོད་ལ་འདུ་བྱེད་རྣམས་ནི་རྣམ་པར་འགགས་


DTG169_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྱུང༌། །དེ་ལས་སྲེད་པ་ཆད་པར་འགྱུར་ཏེ་ལེན་པ་མེད་པར་ཡང་ནི་སྐྱེ་བ་ནི། །ཉེ་བར་ལེན་པ་ཞི་བས་སྲིད་པ་རྣམས་ནི་ཀུན་ནས་འབྱུང་བར་མི་འགྱུར་ཏེ། སྲིད་པ་ཆད་པས་སྡུག་བསྔལ་ལྕི་བའི་སྐྱེ་བ་ལ་སོགས་རྣམ་པར་ཐིམ་པར་འགྲོ། །དེ་ནས་གྲོགས་པོ་དེ་རྣམས་ཀྱིས་སླར་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། །སྡུག་བསྔལ་རྩ་བ་ཅན་གྱི་སྐྱེ་བ་འདི་ལ་ཇི་ལྟར་ཡང་ཆད་པར་འགྱུར་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔས་གསུངས་པ། གལ་ཏེ་མཆོག་ཏུ་གསལ་བ་ཉེ་བར་ཐོབ་པའི་ཕྱིར། །ཁྱེད་ཅག་འདོད་པ་ཡོད་ན་དེ་ཡི་ཕྱིར། །ཞི་བ་འདོད་པ་ཁྱེད་རྣམས་ཀྱིས། །སྲོག་ཆགས་འཚེ་བར་མི་བྱ་སྟེ། །ཀུན་ནས་མི་ཚངས་སྤྱད་མི་བྱ། །བརྫུན་དུ་སྨྲ་བ་མི་སྨྲ་ཞིང༌། །དབང་པོའི་ཚོགས་ནི་གདུལ་བྱས་ན། །དེ་ལྟ་བུ་ཡི་བློ་ཐོབ་སྟེ། །གང་གིས་སྐྱེ་བའི་ཤིང་འདི་ནི། །རྣལ་འབྱོར་ཤེས་པས་རྩད་ནས་འདོན། །དེ་ནས་གྲོགས་པོ་དེ་རྣམས་ཀྱིས་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ལ་མངོན་པར་བསྟོད་ནས་རང་རང་གི་གནས་སུ་སོང་བར་གྱུར་ཏོ། །དྲང་སྲོང་དེའི་གདམས་ངག་དྲན་ནས་ཀྱང༌། རི་དགས་དེ་ཐུབ་པ་འདྲ་བར་སྐམས་པའི་རྩྭ་དང༌། རང་ཉིད་ཀྱིས་ལྷུང་བའི་ཤིང་རྣམས་ཀྱི་འདབ་མ་རྣམས་དང༌། རྒྱ་ཤུག་དང༌། མིག་གི་འབྲས་བུ་རྣམས་མྱང་ཞིང་རི་བོའི་ནགས་དེ་ལ་གནས་པར་གྱུར་ཏོ། །ཁྭ་དས་ཀྱང་སྲིན་བུ་དང༌། ཕྱེ་མ་ལེབ་ལ་སོགས་པ་རྣམ་པར་འཚེ་བ་ལས་རྣམ་པར་བཟློག་སྟེ། ཅུང་ཟད་གང་ནས་ཀྱང་མྱང་ཞིང་བདག་ཉིད་ཆོག་ཤེས་པ་ལ་ཞུགས་ཤིང་འདུག་གོ །ཤུབས་མེད་མེ་ཏོག་ཚོམ་བུ་འདར་བར་བྱེད་པ་ནི། །དྲི་ཞིམ་ནགས་ཀྱི་མཐའ་མའི་རླུང་ནི་འཐུང་བྱེད་ཅིང༌། །བཀྲེས་པའི་མེ་ནི་བསྲེན་པར་དཀའ་བ་ཡོད་ཀྱང་ནི། །ནམ་ཡང་སྦྲུལ་གྱིས་བྱི་བ་རྣམས་ནི་ཟ་མ་གྱུར། །ཕུན་རོན་གྱིས་ཀྱང་ལྟུང་བའི་ཡོངས་སུ་སྨིན་པ་སྐྱ་བ་ནི། །མ་རྨོངས་འཁྲུངས་པའི་ས་བོན་ས་ལ་ལྕི་བའི་སྙིང་པོ་ཟ། །རབ་ཏུ་ཞིམ་པ་མིད་པས་དྲི་མེད་ཡིད་ནི་རྣལ་འབྱོར་ལྟར། །ནགས་དེ་ལ་ནི་ལྷན་ཅིག་སྤྱོད་པ་ལྟ་བྲལ་སྤྱོད་པར་གྱུར། །དུད་འགྲོའི་སྐྱེ་གནས་རྣམ་པར་བྱེ་དཔའི་མི་དགེ་བའི་ལས་ཀུན་ནས་ཟད་པ་ལ་བཞི་པོ་དེ་ཡང་སྲིད་པ་གཞན་ལ་མི་ལུས་ཉིད་ཐོབ་ནས་སློབ་བཞིན་པ་ཞི་བའི་གོ་འཕང་ཉེ་བར་ཐོབ་པར་འགྱུར་ཏེ། ཡོན་ཏན་ལྡན་


DTG169_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དང་འབྲེལ་པ་ཡིས། །དེས་འགྲོ་རྣམས་ཀྱང་བཟང་པོ་ཉིད་དུ་འགྱུར། །ཐ་མར་ཡང་ནི་སྲིད་པ་འགག་པ་ནི། །དྲི་མེད་བསམ་ལྡན་སྐྱེས་བུ་སྨོས་ཅི་དགོས། །དེ་ལྟར་ན་ཚུལ་ཁྲིམས་དང་མི་ལྡན་པར་གྱུར་པའི་ཁྱིམ་གྱི་བདེ་བ་ལ་མངོན་པར་ཆགས་པ་ཞེས་བྱ་བ་རྣམ་པར་བསམས་ནས་དཀའ་ཐུབ་ཀྱི་ནགས་ལ་མངོན་པར་དགའ་བ་ལ་བདག་ཉིད་དང་ལྡན་པ་རྣམས་ཀུན་ནས་ཞུགས་པར་བྱེད་པ་དེའི་ཕྱིར། །ཞི་བ་འདོད་པའི་ཤེས་རབ་ཀྱིས་སྲེག་ལུགས་འཛིན་པས་ཀུན་ནས་ཁྱབ་པ་དང་འདྲ་བའི་ཁྱིམ་དོར་ནས་ཞི་བའི་དགོན་པ་ལ་ལྷག་པར་གནས་པར་བྱའོ། །དམ་པའི་སྐྱེ་བོ་དང་འབྲེལ་བས་ལེགས་པར་ཐོབ་པ་ནི་རྙེད་པར་སླ་བ་སྟེ། །དེ་བས་ན་དུས་རྟག་པ་ཉིད་དུ་དགེ་བའི་བཤེས་གཉེན་ལ་བརྟེན་པས་གནས་པར་བྱའོ་ཞེས་བྱ་བའོ། །དྲང་སྲོང་ལྡའི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་ལྔ་པའོ།། །།ཚུལ་ཁྲིམས་ལ་ནི་བསམ་པ་ཀུན་ཞུགས་པ། །སྐྱེ་བ་ཆད་ཕྱིར་ངེས་པའི་བདག་ཉིད་ཅན། །ལྷ་ཡི་བུད་མེད་རྣམས་དང་རོལ་པ་ཡིས། །བརྟན་པར་ནམས་ནི་འགུགས་པར་མི་འགྱུར་རོ། །འདི་ལྟར་རྗེས་སུ་ཐོས་ཏེ། ཡུལ་བཱ་རཱ་ཎ་སཱིར་རྒྱལ་པོའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་རྒྱལ་པོ་ཚངས་པས་བྱིན་ལ་ཀ་ཤི་མཛེས་པ་ཞེས་བྱ་བའི་སྲས་བྱང་ཆུབ་སེམས་དཔའ་བྱུང་བར་གྱུར་ཏོ། །བདག་ཉིད་ཆེན་པོ་དེ་ཡང་སྐྱེ་བ་གཞན་ལ་ཉེ་བར་བསགས་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་དམ་པའི་ཆོས་ཀྱི་ངེས་པ་བལྟས་པར་གྱུར་པ་ལང་ཚོ་དང་པོ་ལ་ཡང་བུད་མེད་སྐྱེ་བོས་ཡིད་འཕྲོག་པའི་མཛེས་པའི་གཟུགས་ཀྱི་ཡུལ་རྣམས་དང་སྨྲ་བ་ཉིད་འགྲོ་བར་མི་འགྱུར་རོ། །རྒྱལ་སྲིད་ནི་གཞན་ལ་ཉེ་བར་འཚེ་བ་དང༌། མི་བདེན་པ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ཆགས་པ་དང༌། རྒྱགས་པ་དང༌། ང་རྒྱལ་དང༌། ངར་འཛིན་པ་རྣམས་ཀྱི་རྟེན་དང༌། ཉེ་བར་ཞི་བ་དང༌། །མི་མཐུན་པ་དང༌། བདེ་འགྲོའི་སྒོ་ལ་སྒྲིབ་པ་དང༌། ངན་སོང་དུ་འགྲོ་བ་ཐོབ་པར་ནུས་པ་དང༌། ངལ་བ་བསྐྱེད་པ་དང༌། ཆོག་ཤེས་མེད་པར་བྱེད་པར་ཤེས་ནས་ཉེ་བར་ཞི་བའི་རྒྱུ་མཆོག་མི་ཤེས་པ་ཉེ་བར་ཞི་བ་དང༌། ཉེ་བར་བསགས་བཞིན་པའི་ཡོན་ཏན་རྣམས་ཀྱིས་དགའ་བ་དང༌། འཇིག་རྟེན་པ་ཐམས་ཅད་སྐྱེད་པར་བྱེད་


DTG169_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མ་དང་འདྲ་བའི་རབ་ཏུ་བྱུང་བ་ཉིད་ལ་རྣམ་པར་བསམས་ནས་བདེ་བ་ཉེ་བར་ཐོབ་ཀྱང༌། རྒྱལ་ཚབ་ལ་དབང་བའི་རྒྱལ་སྲིད་ཡོངས་སུ་དོར་ནས་དབང་པོའི་ཚོགས་ཉེ་བར་ཞི་བ། གྲོགས་པོ་དང་འདྲ་བའི་ཆོག་ཤེས་པ་ལ་དམིགས་ཏེ། དཀའ་ཐུབ་ཀྱི་རབ་ཏུ་བྱུང་བ་ཉིད་ལ་བརྟེན་ནས། རི་ཡི་ནགས་ལ་ཤིང་ལོའི་ཁང་པ་བྱས་ནས་རི་ལྟར་བརྟེན་པའི་སེམས། །རི་དགས་རྨ་བྱ་ངང་པའི་ཚོགས་ཀྱིས་ཉེ་བར་ཁྱབ་པ་ཡི། །ཁྲི་སྙན་པགས་པ་རྒྱལ་བའི་ཚོགས་འཛིན་ཅིང༌། །སེམས་ཅན་ཞི་བའི་ཕྱིར་ནི་ཞི་བྱེད་དཀའ་ཐུབ་བསགས་པར་འགྱུར། །དགའ་བས་གཏི་མུག་མུན་པ་རྣམ་ཆད་དག་པ་དང༌།། རིང་ནས་སེམས་ཀྱི་སྒོ་སྐྱོང་ཉེ་བར་བརྟན་པ་ནི། །ཀུན་ནས་འཕྲོ་བའི་བསམ་གཏན་སྐས་རིམ་ཕྲེང་བ་ཡིས། །མངོན་པར་ཤེས་པ་ལྔ་ཡིས་ཁྱིམ་ནི་དེར་འཛེག་གྱུར། །དེ་ནས་བདག་ཉིད་ཆེན་པོ་དེ་དུས་གཅིག་གི་ཚེ་ན་བསམ་གཏན་ལས་ལངས་ཏེ། རི་དགས་རྣམས་ཀྱི་ལས་རྗེས་སུ་སོང་བ་འབྲས་བུ་དང༌། རྩ་བ་ཉེ་བར་བསྡུས་པའི་ཕྱིར་ལོ་མ་ལས་བྱས་པའི་ཁང་པ་དེ་ལས་ངེས་པར་བྱུང་ནས་རླུང་གིས་བསྐྱོད་པའི་ཡལ་གའི་ལག་པ་འབྲས་བུ་མང་བའི་ཤིང་རྣམས་ཀྱིས་ཉེ་བར་འོས་པར་གྱུར་པ་ལྟར་དཀར་བའི་འགྲམ་ལ་ངེས་པར་འབྲེལ་པའི་སར་སྭ་དང་དུར་པ་ཕོ་མོ་གཉིས་དང་ལྡན་པ། རི་བོང་ཅན་གྱི་འོད་ཟེར་ལྟར་དྲི་མ་དང་བྲལ་བའི་ཆུ་བོ་རྣམས་མཐོང་ཞིང༌། ཆུ་བོའི་བདག་པོ་ལྟར་ཟབ་པའི་ཡིད་རང་བཞིན་གྱིས་དགའ་བའི་ནགས་ཀྱི་ནང་དུ་རྣམ་པར་འཆག་པར་གྱུར་ཏོ། །རྣམ་པར་སྤྱད་ཅིང་བྲག་གི་དཀྱིལ་ན་འདུག་པ་ཡོངས་སུ་སྨིན་པའི་རྩྭ་དང༌། འབྲས་བུའི་རྒྱལ་པོ་དང་རྗེས་སུ་མཐུན་པའི་ནུ་མ་འཛིན་པ། ཆུ་འཛིན་པ་ཆད་པས་རྣམ་པར་དག་པའི་རི་བོང་ཅན་གྱི་ཆ་དང་གསེར་བཅད་པས་དྲི་མ་མེད་པའི་ལུས་ཀྱི་སྲོག་ཤིང་བྱུ་རུ་ལྟར་མངོན་པར་དམར་པའི་མཆུ་དང་ལྡན་པ་པདྨའི་འདབ་མ་ལྟར་ཆ་ཆེ་བའི་མིག་ཟེ་འབྲུས་བརྩམས་པ་རྣ་བའི་རྒྱན་དང་ལྡན་པ། རབ་ཏུ་སྲབ་ཅིང་འཁྱོག་པའི་སྨིན་མའི་རི་བོང་འདབ་མ་ལྟར་ཤིན་ཏུ་འཇམ་པའི་ལག་པའི་པདྨ་ཅན། དེའི་མ་དང་བྲལ་བའི་དཔལ་དང་འདྲ་བའི་དྲི་ཞིམ་པའི་མེ་ཏོག་རྣམས་ཀྱི་སྐྲ་ལོ་མངོན་པར་གང་བའི་མ་ལུས་པའི་རི་བོའི་ནགས་ཀྱི་ནང་བརྒྱན་པར་བྱེད་པ་འདྲ་བ་ཤེལ་ལྟར་དྲི་མ་མེད་པའི་སོ་རྣམས་ཀྱི་འོད་ཟེར་ཟེའུ་འབྲུས་


DTG169_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་པདྨ་ཉེ་བར་མཛེས་པ། མཐོ་རིས་ནས་ཀུན་དུ་ལྷུང་བའི་ལྷའི་བུ་མོ་ལྟར་མི་འམ་ཅི་མོས་མཐོང་བར་གྱུར་ཏོ། །དེས་ཀྱང་དེའི་གཟུགས་མཛེས་པས་སྙིང་འགུགས་པར་འགྱུར་པ་རེ་ཞིག་དྲང་སྲོང་གི་བུ་འདི་མངོན་པར་འདོད་བཞིན་པ་ལ་འགྲོ་བས་གཏམ་གཞན་གྱིས་ཅུང་ཟད་སྨྲ་བར་བགྱི་ཞེས་བྱ་བ་རྣམ་པར་བསམས་ནས་དེའི་དྲུང་དུ་ཉེ་བར་འོངས་ཏེ། ཕྲ་བའི་སྒྲ་ལྟར་འཇམ་པའི་གླུའི་སྒྲས་རི་དགས་རྣམས་ལ་ཡང་རྣ་བ་འཕྲོག་པར་བྱེད་ཅིང༌། བུང་བའི་ཕྲེང་བ་ཀུན་ནས་ལྷུང་བས་ཁྱབ་ཅིང་གཡོ་བའི་མིག །ཅུང་ཟད་ཀུན་ནས་མཐོ་བའི་གདོང་ཅན་དབུས་ཀྱི་ཆ་སྲབ་བ།། འདབ་མ་དང་ལྡན་ནགས་ཀྱི་ཤིང་གི་ཡལ་ག་བཀུག་ནས་ནི། །རིམ་གྱིས་སྲབ་པའི་མེ་ཏོག་རྣམས་ནི་ཀུན་ནས་བཏུས་པར་གྱུར། །དེ་ཡི་མདུན་དུ་གནས་ནས་ཡན་ལག་རི་མོ་རིད་པ་ནི། །འོ་མ་འཛིན་པ་གཉིས་ལས་གོས་ནི་ལྟུང་བས་བཀག་བྱས་ནས། །ཅུང་ཟད་སྒུ་བའི་གདོང་གིས་དགོད་པས་ཀུན་ནས་བརྒྱན་པ་ཡི། །དེ་ནི་ཅུང་ཟད་འཇམ་པའི་རྣམ་པར་རོལ་པ་གསལ་བར་གྱུར། །མིའམ་ཅི་མོ་དེ་ནི་དུལ་བའི་དེ་ཡིད་ལ། །སྨིན་མ་གར་མཁན་མོས་ནི་རོལ་བ་ཤིན་ཏུ་ཡིད་འོང་གདོང༌། །སྲིད་པའི་མེས་ནི་ཀུན་ནས་ཁྱབ་པའི་ཡིད་ཅན་སེམས་ཀྱི་སྐབས། །རྙེད་པ་མིན་ཏེ་ཆུ་གཏེར་བྲལ་བའི་མཁའ་ལ་གློག་བཞིན་ནོ། །རླུང་ནི་དཔྲལ་འཕྱང་སྒྲ་ཡིས་བརྒྱན་བྱས་དཔྲལ་བ་ཅན། །མིག་གི་རྣམ་པར་རོལ་པས་ཡིད་འོང་འདུད་བྱེད་པ། །མཛེས་པའི་ལུས་ཅན་རྙས་པས་ཀྱང་ནི་དགའ་བྱེད་དེ། །ཐུབ་པ་དེ་ནི་ཆགས་པས་རྒྱལ་བ་ལྟར་མི་འགྱུར། །མཆུ་ནི་སྤྲོ་བ་རྣམ་པར་རོལ་པ་རྩེ་གཅིག་དེ། །ཚིག་ནི་ཅི་ཡང་ངོ་ཚ་དང་སྨྲ་བ་ཡི་ཕྱིར། །པདྨའི་འདབ་མ་སེན་མོའི་རྣམ་པར་འབུགས་བྱེད་པ། །རླུང་གིས་ཀུན་གདུངས་ལྗོན་ཤིང་ལྟར་ནི་རྣམ་འདུད་གྱུར། །དེས་ཀྱང་བྱང་ཆུབ་སེམས་དཔའ་དང་ཉེ་བར་འོངས་ནས་གསོང་པོར་སྨྲ་བ་སྔོན་དུ་འགྲོ་བས་སྨྲས་པ། དྲང་སྲོང་ཆེན་པོ་ཡན་པར་འདོད་པས་བདག་ཅུང་ཟད་ཅིག་སྨྲ་བར་འདོད་པ་སྟེ། གལ་ཏེ་ངོ་སྲུང་བྱེད་ན་མཉན་པར་གྱིས་ཤིག་ཅེས་ཟེར་རོ། །བྱང་ཆུབ་སེམས་དཔས་སྨྲས་པ། འོ་ན་དབུགས་ཕྱུང་སྟེ་སྨྲ་བར་གྱིས་ཤིག །མིའམ་ཅི་མོས་སྨྲས་པ། ཁྱེད་ཀྱི་འདི་ཡན་ལག་མེད་པའི་གཟུགས་ལས་ལྷག་པའི་


DTG169_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ་གང་དུ་སྟེ། འདི་ཡང་རབ་ཏུ་ཐུག་པ་མེད་པའི་མིག་སྨན་གྱི་ཕྱེ་མ་ལྟར་ཤིན་ཏུ་ནག་པ་སྨར་བྱུང་བས་སྔོ་བསངས་ཡིད་འཕྲོག་མ་བརྩམས་པའི་འགྲམ་པ་ཅན་དང༌། ཟླ་བའི་དཀྱིལ་འཁོར་ངོ་ཚ་བར་བྱས་པ་དང༌། ཀུན་ནས་སྨིན་པའི་ནྱ་གྲོ་དྷའི་འབྲས་བུའི་རྣམ་པར་སྨིན་པའི་མཆུ་དང་ལྡན་པ་དང། ཨུཏྤ་ལ་དང་རྗེས་སུ་མཐུན་པའི་གདོང་གི་མིག་དང༌། ཀུན་ད་སར་པ་དང༌། ཟླ་བ་དང༌། ཁ་བ་དང་འདྲ་བའི་སོའི་ཕྲེང་བའི་ཟེ་འབྲུས་བརྩམས་པའི་བཞིན་གྱི་པདྨའི་འདི་ཡང་ལང་ཚོ་སར་པའི་བཟོ་བོས་ཉི་མ་རེ་རེར་མཛེས་པ་ཉེ་བར་བསགས་པར་གྱུར་པ་དང༌། མེ་ཏོག་གི་རོའི་ཟེ་འབྲུ་ལྟར་དཀར་བ་དང༌། མྱ་ངན་མེད་པའི་འདབ་མ་ལྟར་འཇམ་པའི་རྐང་ལག་དང་ལྡན་པ་དང༌། ཤིན་ཏུ་ཡངས་པའི་བྲང་མངོན་པར་འདོད་བཞིན་པའི་མཛེས་པས་འཁྱུད་པ་དང་འདྲ་བ་དང༌། སྐྱེ་བོ་མ་ལུས་པའི་ཡིད་དང་མིག་འཕྲོག་པ་དང༌། འདོད་པའི་ལྟའི་རྟེན་ལུས་འདི་གང་དུ་སྟེ། ཡོངས་སུ་སྨིན་པའི་སྐྱེ་བོ་རྣམས་ཀྱིས་བསྟེན་པར་བྱ་བ་དང༌། འགའ་ཞིག་ཏུ་ཉེ་བར་དམིགས་བཞིན་པར་རང་བཞིན་གྱིས་རྩུབ་པའི་རྩ་བ་དང༌། འབྲས་བུའི་ཁ་ཟས་ཅན་དང༌། སྲ་བའི་ཀུ་ཤའི་རྩེ་མོ་རྣམས་ཀྱིས་བགྲོད་པར་དཀའ་བའི་སའི་ཆ་དང་ལྡན་པའི་མིག་མཉམ་པའི་རིའི་འགྲམ་དང༌། སྦྲུལ་དང་རི་དགས་ཀྱི་སྐད་མང་པོས་འཇིགས་སུ་རུང་བའི་ནགས་ཀྱི་མཐར་གནས་པ་སྟེ། འདི་ནི་ལྷ་ཡི་བུ་མོ་ཡང་ནི་ཁྱོད་ཀྱི་ལུས། །གལ་ཏེ་ཡན་ལག་མེད་པའི་གཟུགས་འཕྲོག་མཐོང་ན་ནི། །ལྷ་རྣམས་ལས་ནི་ལྟད་མོ་རྣམ་པར་བཟློག་གྱུར་པ། །འདོད་པ་མཐོ་བ་ཁྱོད་ལ་བསམས་པ་ངེས་པར་འཛིན། །གལ་ཏེ་དཀའ་ཐུབ་བུ་མོའི་སྐྱེ་བོས་ཁྱོད་ལ་ནི། །ལང་ཚོ་སར་པས་མངོན་པར་དགའ་བ་འདི་ལྟར་མཐོང༌། །མེ་ཏོག་མཚོན་ཆ་མངའ་ཡིས་སེམས་ལ་འབིགས་པ་ནི། །དཀའ་ཐུབ་ལ་ནི་གུས་པ་འཛིན་པར་མི་འགྱུར་སྙམ། །འདོད་ལྷ་གཞུ་ནི་བདུངས་པར་བྱས་པ་དེ་ལ་མིན། །བུད་མེད་ཀྱི་ནི་ཡན་ལག་རབ་ཏུ་རིད་པར་བྱེད། །གང་གིས་ཤིན་ཏུ་ཡངས་པའི་མིག་ཅན་ཁྱོད་ཀྱི་གདོང༌། །འདི་ནི་ཟླ་བ་ལྟར་ནི་ཡིད་འཕྲོག་མཐོང་བ་ལྟར། །ཟླ་བ་སྤྲིན་ལས་བྲལ་བ་ལྟར་ནི་ཁྱོད་ཀྱི་བཞིན། །གསལ་པའི་མཛེས་པ་དང་ལྡན་འདི་ལ་གནས་པ་སྟེ། རི་དགས་མིག་ཅན་རྣམས་དང་ངེས་པར་ནི། །རི་དགས་མོ་རྣམས་ལ་ཡང་


DTG169_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ་མེད་པར་འགྱུར། །བུད་མེད་བཞིན་ནི་རིམ་གྱིས་གྱེན་དུ་བལྟ་བྱས་ནས། །གང་གིས་ཡུན་རིང་ཕྱིར་ནི་ཐིག་ལེ་བྱས་གྱུར་པ། །ལག་པ་དེ་འོད་ཤིན་ཏུ་འཇམ་པ་ཅི་ཡི་ཕྱིར། །ཤིང་རྣམས་ལེན་པའི་ཕྱིར་ནི་ཁྱོད་ཀྱིས་ངེས་པར་སྦྱར། །གསལ་བ་གསར་པ་གེ་སར་ལྟར་ནི་དཀར་བ་དང༌། །ནོར་བུ་སྣ་ཚོགས་རྒྱན་དང་མཆོག་གི་གོས་འོས་པ། །ཁྱོད་ཀྱི་ལུས་ཀྱི་སྲ་བའི་གོས་དང་པགས་པ་དང༌། །ཤིང་གི་ལོ་མ་རྣམས་ནི་ཇི་ལྟར་འཛིན་པར་འགྱུར། །མཛའ་མོའི་གདོང་རྣམས་ལ་ནི་ཁྱོད་ཀྱིས་ལྟ་བ་འདི། །འདམ་སྐྱེས་མངོན་པར་གསར་པ་རྣམས་ལ་བུང་བ་ལྟར། སྦྲུལ་ངང་རི་དགས་རབ་ཏུ་མང་བའི་ནགས་རྣམས་ལ། །མཛེས་པའི་གདོང་ཅན་འཁོར་བར་བྱེད་པ་མཛེས་པ་མིན། །དབང་ཕྱུག་ལ་ནི་འདོད་པ་བྲལ་བའི་ཡིད་ཅན་ཁྱོད་ཀྱིས་ནི། །གང་ཞིག་དཀའ་ཐུབ་བརྟུལ་ཞུགས་ངེས་པར་འབྲེལ་བའི་ཡིད་རེ་བས། །མ་ལུས་པ་ཡི་ལོངས་སྤྱོད་འཛིན་པའི་སྐྱེ་བོས་ཁྱབ་པ་ཡང༌། །མར་མེ་ཤི་བ་བཞིན་དུ་ཁྱིམ་དེང་སྣང་བར་གྱུར་པ་མིན། །དེ་བས་ན་ཤིན་ཏུ་མང་པོ་སྨྲས་པས་ཅི་ཞིག་བྱ་སྟེ། བདག་གི་གྲོགས་མོ་མིའམ་ཅིའི་བུ་མོ་ཡིད་དེ་གང་གི་དྲུང་དུ་གཟུགས་ལ་མངོན་པའི་ང་རྒྱལ་དང་ལྡན་པའི་ལྷའི་བུད་མེད་ཀྱི་སྐྱེ་བོ་ཡང་ངོ་ཚ་བར་བྱེད་དེ། །དེ་ཡང་རི་བོ་ནགས་ཀྱི་ནང་དུ་ཀུན་ནས་འཁོར་བའི་ཁྱོད་མཐོང་ནས་རྣམ་པར་འགྱུར་བ་སུ་ཞིག་ཡང་འོངས་ནས། ཉི་མ་རེ་རེར་ཀུན་ནས་སྐྱ་བ་དང༌། ལུས་ཀྱི་སྲོག་ཤིང་རབ་ཏུ་རིད་པ་དང༌། དབུགས་ཚ་བས་མཆུ་མངོན་པར་བྲེལ་པ་དང་མེ་ཏོག་གི་མལ་སྟན་དགའ་བ་རྣམས་ལ་ཡང་གཉིད་མི་ཕེབས་པ་དང༌། མཚན་མོ་བུད་མེད་ཀྱི་གདོང་ལ་ཁྱད་པར་དུ་བྱེད་པའི་སྐར་མའི་བདག་པོ་ལ་ཡང་སྡང་བར་བྱེད་པ་དང༌། དཔྱིད་ཀའི་ཟླ་བ་ལ་ཁ་བྱེད་བའི་ལྷན་ཅིག་བྱེད་པའི་སྙེམ་དང་ཡང་དག་པར་འབྲེལ་བས་རླུང་ཚ་བའི་སྐྱེད་མོས་ཚལ་རྣམས་ལ་ཡང་རོལ་པར་ཡང་མི་འགྱུར་ཏེ། ཡང་བ་དང༌། བསིལ་བ་དང༌། རི་བོང་ཅན་གྱི་ཆ་ལྟར་དཀར་བའི་པདྨའི་རྩ་བའི་གདུ་བུ་རྣམས་འཛིན་པར་བྱེད་ཅིང༌། རྣམ་པ་གང་གིས་ཀྱང་གྲོགས་མོའི་སྐྱོ་བ་སངས་པ་སྟེ། ངོ་ཚ་བ་དང་བཅས་པའི་འོག་ཏུ་ལྟ་བའི་མིག་ཅན་དེས་ཀྱང་ཟེ་འབྲུའི་མེ་ཏོག་དང་རྗེས་སུ་མཐུན་པའི་རྐང་པའི་མཐེ་བོང་གིས་སའི་དཀྱིལ་དུ་མངོན་པར་བྲི་བར་བྱེད་པའི་དབེན་ས་


DTG169_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ན་གནས་པ་དེ་ལ་གྲོགས་མོ་བདག་ལ་འདི་ལྟ་བུའི་གནས་སྐབས་ཞེས་བྱ་བ་འདོད་པའི་གཏམ་སྨྲས་པ། ཀུན་ནས་སྙིང་པའི་མེ་ཏོག་ཙམ་པ་ཀའི་ཕྲེང་བ་ལྟར་ཀུན་ནས་སྐྱ་བ་དང་རིད་པའི་ཡན་ལག་བསྟན་པར་བྱས་ནས་ཁྱོད་ཀྱི་དྲུང་དུ་བདག་བརྫངས་པ་སྟེ། དེ་བས་བརྩེ་བ་ཉིད་ནི་དམིགས་བྱས་ནས། །བུད་མེད་ཡང་དག་འབྲེལ་ལས་བཟློག་པ་ཡང༌། །འདོད་པའི་མེ་ཡིས་སེམས་ནི་ཚིག་པ་ནི། །བདག་གི་གྲོགས་མོའི་སེམས་ལ་དགའ་བར་གྱིས། །གནས་ལ་ལྷག་པར་གནས་པའི་དཀའ་ཐུབ་ནོར་ཅན་གྱིས། །དཀའ་ཐུབ་ཀྱི་ནི་འབྲས་བུ་འདི་ནི་བསམ་པར་བྱེད། །ཡུན་རིང་པོར་ནི་མ་ལུས་ཆ་ལ་མཁས་པ་ཡི། །བུད་མེད་རྣམས་དང་ལྟན་ཅིག་ལོངས་སྤྱོད་བདེ་གང་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་དེའི་བདག་ཉིད་ཀྱི་དགོངས་པ་དེ་རྣམ་པར་ཤེས་ནས་སྨྲས་པ། སྲིང་མོ་རེ་ཞིག་སྨོས་ཤིག །མིའམ་ཅིའི་བུ་མོ་དེ་ན་ཚོན་གྱིས་ཁྱོད་ལྷག་པ་ཡིན་ནམ། འོན་ཏེ་མ་ཡིན། དེས་སྨྲས་པ། དེ་བདག་གི་ན་ཚོད་ལྷག་ཅེས་ཟེར་རོ། །བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་དེ་ལྟར་ཡིན་ན་དེ་བས་ཁྱོད་ཉིད་ལ་བདག་གིས་ད་ལྟ་ཉིད་དུ་མཐོང་བའི་ལུས་གཞན་དང་འདྲ་བར་མཐོང་ཞེས་ཟེར་ཏེ། གང་གིས་ཁྱོད་ཀྱི་ཚིག་ནི་འཇམ་པ་ལྔར་བྱུང་བ། དེས་ནི་དེ་རིང་ཤིན་ཏུ་རྩུབ་པའི་དབྱངས་ལྡན་པ། །དང་པོ་འདི་ནི་ཇི་ལྟར་བཞིན་ནི་འབྱུང་འགྱུར་བ། །ཤིན་ཏུ་ཡིད་འོང་དེ་ལྟར་ཁྱོད་ལ་ད་ལྟར་མིན། །མེ་ཏོག་སར་པ་ཡིད་ནི་འཕྲོག་པར་བྱེད་པ་སྟེ། །དེ་ཉིད་ཡོངས་སུ་སྨིན་པ་མཛེས་པ་མ་ཡིན་ཏེ། །སྐད་ཅིག་མས་འགྱུར་དངོས་པོ་རྣམས་ལ་ཐམས་ཅད་དུ། །ཅི་ཞེས་བྱ་བ་རྟག་ཏུ་སྐལ་བཟངས་འབྱུང་བར་འགྱུར། །ཚེས་གཅིག་ལ་ནི་འགྲོ་བ་ཡིད་འོང་ཟླ་བའི་ཆ། །དེ་ནི་ཉི་མ་གཞན་ལ་མང་པོ་སེམས་མ་ཡིན། །གང་ཕྱིར་སར་པ་རྣམ་པར་རྟོག་པ་མཛེས་པ་ནི། །ཡན་ལག་ཅན་རྣམས་ལ་ནི་ཡིད་འཕྲོག་དངོས་པོར་འགྱུར། །སྲིང་མོ་གཞན་ཡང་ཅུང་ཟད་ལང་ཚོ་དང་ཉེ་བར་གྱུར་པ་ཁྱོད་ཉིད་ལ་སྐྲ་ལོ་དཀར་པོར་བྱས་པ་དང༌། བཞིན་གྱི་མཛེས་པ་འཕྲོག་པ་དང༌། མིག་དང་སྨིན་མཚམས་ཀྱི་རྣམ་པར་ཡན་ལག་ཐམས་ཅད་ལ་ལྷོད་པ་ཉིད་སྐྱེད་པ་དང༌། སོ་བར་བྱེད་བར་བྱེད་པ་དང༌། ལྷག་པར་རབ་ཏུ་འདར་པའི་རྒྱུ་དང༌། རྒྱུན་མི་འཆད་པར་བློ་འབྱུང་བས་ཚིག་ཉེ་བར་


DTG169_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་དང༌། དབང་པོ་རྣམས་ཀྱི་སྒོ་འགེབས་པར་བྱེད་པ་དང༌། གླགས་རྙེད་པའི་ཤ་ཟ་མོ་བཞིན་དུ་མངོན་པར་འཚེ་བ་དང༌། མ་ཐོབ་ཀྱང་ཐོབ་པ་དང་འདྲ་བའི་རྒས་པ་མཐོང་ནས། མི་འམ་ཅིའི་བུ་མོ་དེ་ལ་ལྟ་སྨོས་ཀྱང་ཅི་དགོས་གང་ཞིག་ཁྱོད་ཀྱི་ན་ཚོད་འགའ་ཞིག་འཇུག་པའོ། །རེ་ཞིག་གཡེང་བ་མེད་པར་ཉོན་ཅིག །གང་ཚེ་ལུས་ཀྱི་ཡན་ལག་རྣམས་ནི་སོ་སོ་བ། །ཞུགས་པར་གྱུར་པ་འཛག་ཅིང་མཐུག་པའི་ཁྲག་དང་བཅས། །འགྲོ་བའི་ཡིད་འཕྲོག་འདོད་པ་ལ་སྐྱེས་བདེ་བ་ལ། །དེ་ཚེ་སེམས་དང་ལྡན་པ་ཅི་ཕྱིར་ཡིད་ནི་འབྱུང༌། །རྣམ་འཇིག་བུད་མེད་རུས་པའི་དྲ་བ་འདི་ལ་ནི། །མགོ་སྐྱེས་རུས་པ་རྩ་དང་རྒྱུས་པས་བཅིངས་པ་ནི། །ཡན་ལག་མིན་པའི་རྟོགས་པས་བསམ་པ་རྨོངས་བྱས་པ། །བདེ་བའི་བསམ་པས་རྨོངས་པ་ཆགས་པ་ཉེ་བར་འགྲོ། །དགའ་བའི་སྐྱེ་བོས་ལྷན་ཅིག་ཀུན་ཏུ་འབྲེལ་བྱས་ནས། །རྣམ་པར་བྲལ་བའི་སྡུག་བསྔལ་གྱིས་ནི་སྐྱེ་བོ་གནོད། །སྡུག་བསྔལ་རྒྱུ་མཚན་ཀུན་ནས་འབྱུང་བ་བདག་ཉིད་ཅན། །དེ་བས་ཀུན་ནས་འདོད་ཅིང་རྣམ་པར་བསམ་མི་བྱ། །ཇི་ལྟར་སྲིན་པོའི་རྣམ་འགྱུར་ས་ལས་རྣམ་བྱས་ནས། །དེ་ཉིད་ལས་ནི་བྱེད་པོ་འཇིགས་པ་དང་བཅས་འགྱུར། །དེ་བཞིན་སྐྱེ་བོ་འདིས་ཡང་རང་ཉིད་བྱས་པའི་ལས། །སྡུག་བསྔལ་མང་བས་རབ་ཏུ་གནོད་བྱས་འཇིགས་པར་འགྱུར། །མ་ལུས་ནང་གི་བདག་ཉིད་དང་ནི་འབྱུང་ལྷག་པས། །དེ་བཞིན་ལྷག་པའི་ལྷ་འབྱུང་འཇིག་རྟེན་གསུམ་གདུང་བྱེད། །དེ་ཚེ་སྡུག་བསྔལ་གསུམ་པོ་འདི་ཡང་འབྱུང་བ་སྟེ། །གང་ཚེ་སྐྱེ་བོ་འདི་ནི་རྙོག་པ་མེད་པར་གནས།། སྲིང་མོ་གཞན་ཡང་ཁྱོད་ཀྱིས་གང་ཞིག་སྨྲས་པ། དགོན་པ་འཇིགས་ཤིང་སྦྲུལ་དང༌། རི་དགས་མང་བ་རྣམས་ལ་ཁྱིམ་དོར་ནས་ལྟ་བ་ལ་སྐྱོ་བསངས་ཁྱོད་ཀྱིས་བྱེད་ཅེས་བྱ་བ་འདི་ལ་ཉོན་ཅིག །གང་གི་ཕྱིར་ཞི་བའི་ཡིད་ཅན་རྣམས་ཀྱི་ནགས་ཉིད་ཤིན་ཏུ་བདེ་བ་བསྐྱེད་པའི་ཕྱིར་མཐོང་བ་སྟེ། །ཨ་རྫུན་ཡི་ཤིང་གི་སྟེ་མས་དྲི་ཞིམ་པའི། །གླང་པོ་ཆེ་ཡི་སྨྱོན་ཆུས་ཚང་ཚིང་བསྒོས་པ་ནི། །ས་འཛིན་དང་ནི་ཆུ་བོ་རབ་ཏུ་སོང་འགྱུར་བ། །ནགས་ཀྱི་ས་རྣམས་བདེ་བར་འཛིན་པར་བྱེད་པ་སྟེ། །ཐུབ་བའི་ཡིད་ལ་ཇི་ལྟར་དགའ་བའི་ས་རྣམས་ཀྱང༌། །བདུད་རྩི་ཟ་བ་རྣམས་ཀྱི་ཆེ་བདེ་ལྟར་


DTG169_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །གང་ཞིག་སྲིད་པ་དང་ལྡན་ཁྱིམ་ན་གནས་རྣམས་ཀྱི། །གཞན་ལ་སློང་བའི་ཉོན་མོངས་སྡུག་བསྔལ་རྣམས། །དེ་དག་དཀའ་ཐུབ་ནགས་ན་གནས་རྣམས་ཀྱི། །ཆོག་ཤེས་ནོར་ལྡན་རྣམས་ལ་ཅི་ཡི་ཕྱིར། །དོན་ལ་གཉེར་བ་འཇིགས་པས་སུ་ཞིག་ཅེས་བྱ་བ་སྡུག་བསྔལ་ཐོབ་པར་མི་འགྱུར་བའམ། ཐོབ་པར་འགྱུར་བ་མ་ཡིན་པའམ། ཐོབ་པ་མ་ཡིན་བའོ། །ཁྱོད་ཀྱིས་ལྟོས་ཤིག །གལ་ཏེ་བུང་བ་སྨྱོན་ཆུ་འདོད་པ་མ་ཡིན་ན། །གཉིས་འཐུང་གིས་ནི་རྣ་བའི་རྩེ་མོར་འབབས་མི་འགྱུར། །གཞན་དང་རྗེས་སུ་སོང་བ་བདེ་ཆ་ཐོབ་པའི་ཕྱིར། །སྐྱེ་བ་དང་ན་ཆན་གཞི་ནི་འབྱུང་བ་ཁོ་ན་ཡིན། །བུད་མེད་དང་ནི་ལྷན་ཅིག་གཅིག་ཏུ་སྐོམ་པ་བཞིན། །གང་ཞིག་ཞི་མེད་སྲེད་པ་ནང་ནི་གནས་འགྱུར་པ། །དམ་མིན་སྐྱེ་བོ་ཁྲོ་བའི་གཞུ་ནས་འབྱུང་བ་ནི། །སྨོད་པའི་མདའ་རྣམས་ནམ་ཡང་དེ་ལ་གནོད་མི་བྱེད། །དེ་ལྟར་དཀའ་ཐུབ་སྤྱོད་པའི་ཡོན་ཏན་འདི་རྣམས་ཤེས་ནས་ཁྱེད་ཀྱི་ལང་ཚོའི་རྒྱུགས་པ་རྣམ་པར་ཟློག་པ་བདག་ཉིད་འདི་དབང་པོ་ཀུན་ནས་བསྡམ་པར་བྱ་བའི་ཕྱིར། །རིགས་པ་མ་ཡིན་ནོ་ཞེས་ཟེར་རོ། །བྱང་ཆུབ་སེམས་དཔའ་ཆོས་བསྟན་པའི་ཆུའི་དབང་བསྐུར་གྱིས་ཆགས་པའི་མེ་ཞི་བར་བྱས་པ་དེ་ཡང་ལེགས་སོ་ལེགས་སོ་ཞེས་པས་བདག་ཉིད་ཆེན་པོ་དེ་ལ་ཀུན་ནས་མངོན་པར་བཏུད་ཅིང་ཕྱོགས་གཅིག་ཏུ་སོང་ནས་དེས་ཉེ་བར་བསྟན་པའི་བསམ་གཏན་གྱི་ཆོ་ག་རྩོམ་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔས་རང་གི་ཤིང་ལོ་ཡི། །རབ་ཏུ་ཞུགས་ཏེ་བུད་ཤིང་འབར་བའི་མེ་མཆོད་ནས། །རིམ་གྱིས་ཞིམ་པའི་འབྲས་བུ་རྣམས་ནི་བཟའ་བྱས་ཏེ། །བསམ་གཏན་བཞི་པ་ལ་ནི་སེམས་དེ་འཆིང་བར་གྱུར། །དེ་ལྟར་ལྷའི་བུད་མེད་དང་རྗེས་སུ་མཐུན་པའི་མི་འམ་ཅི་མོས་བྱང་ཆུབ་སེམས་དཔའ་ལ་འདོད་པར་གྱུར་པས་བརྟན་པ་ལ་དམིགས་ཏེ། བརྟུལ་ཞུགས་ཉམས་པར་མ་བྱས་པ་ཞེས་བྱ་བ་རྣམ་པར་བསམས་ནས་ཚུལ་ཁྲིམས་ཀྱི་ཕྱིར་གུས་པར་བྱའོ། །སྐྱེས་བུའི་ལོངས་སྤྱོད་རྣམས་ཀྱང་ཚུལ་ཁྲིམས་ལ་བར་ཆད་ཀྱི་རྒྱུ་རྣམས་ཏེ། དེའི་ཕྱིར་དེ་རྣམས་ལ་ཆགས་པ་མེད་པ་ཉིད་ལེགས་པ་ཞེས་བྱ་བའོ། །གང་གི་ཆེ་གར་མཁན་གྱི་བུ་མོ་ཨུཏྤ་ལ་ཞེས་བྱ་བ་གར་མཁན་དང་ལྷན་ཅིག་ཏུ་འོད་མའི་ཚལ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དྲུང་དུ་གར་དང་གླུ་རྣམས་གསལ་


DTG169_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱས་པ་སྟེ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་རྒས་པ་ཡང་དག་པར་བསྟན་ནས་ལང་ཚོས་རྒྱགས་པ་བསལ་བར་བྱས་ནས་ཕྱིས་དགྲ་བཅོམ་པའི་འབྲས་བུ་ལ་དེ་རྣམ་པར་ཞུགས་པར་མཛད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་རྣམས་ཀྱི་མདུན་དུ་སྐྱེས་རབས་འདི་ལུང་བསྟན་པར་མཛད་པ་ནི། གང་ཞིག་ཨུཏྤ་ལ་ཞེས་འདི་དེ། །མི་འམ་ཅི་ཡི་བུ་མོར་གྱུར། །ཀ་ཤི་མཛེས་པ་ཞེས་བྱར་བདག །དྲང་སྲོང་བརྟུལ་ཞུགས་ལྡན་གྱུར་ཏོ། །རྒྱལ་བ་འཁོར་བ་འཇིག་ནི་བྱུང༌། །འདི་རྣམས་རྒྱས་པ་ཡི་ནི་བུ། །རྒྱལ་པོ་མཛེས་པའི་དེར་ཡང་ནི། །སངས་རྒྱས་མཛད་པ་འདི་རྣམས་མཛད། །དྲི་ཡི་མར་གྱིས་སྤངས་པ་ཡི། །དེ་ཡི་སྐད་ཅིག་མར་སྣོད་ལ། །རྒྱལ་པོ་མངོན་དུ་གནས་པ་ནི། །གྲོང་ཁྱེར་སྐྱེ་བོ་གཉེན་དང་བཅས། །ཐུན་མཚམས་རྗེས་མཐུན་རབ་ཏུ་སྲབ་པ་ལུས་ཀྱི་བདེ་བ་ལོང་བུར་འཕྱང་བའི་ཆོས་གོས་འཛིན་མཛད་ཅིང༌། །རྣ་བ་དང་ནི་ཉེ་བར་རྗེས་སུ་འབྲང་ཞིང་བརྟན་པ་ས་ཡི་རང་བཞིན་མིག་རྫི་མཛེས་པའི་མིག །འཇིག་རྟེན་བས་ནི་མངོན་པར་མཆོད་བཞིན་པ་སྟེ་བཀའ་གསལ་བ་ཡི་མེ་ཏོག་གཏེར་བ་འདྲེན་པ་སངས་རྒྱས་བཞུགས། །མཛད་ནས་ཞི་བའི་ཏིང་འཛིན་གནས་པ་བཞིན་དུ་ཡིད་དུ་འོང་བ་གར་གྱི་སར་ནི་ཞུགས་པར་གྱུར། །དགེ་སློང་མ་ཡི་ཆ་བྱད་འཛིན། །ལྷག་མ་རྒྱས་པའི་བུད་མེད་རྣམས། །ཨུཏྤ་ལ་ཞེས་བྱ་འདི་བྱུང་སྟེ། །དེ་ཡི་ཆ་བྱད་འཛིན་པ་བྱུང༌། །དགེ་སློང་ཆ་བྱད་རྣམ་པར་མཛེས། །གཙོ་བོ་ཡི་ནི་རྫས་འགྲོ་བ། །རྒྱས་པའི་བུ་ནི་ལྷག་མ་རྣམས། །དབང་པོ་ཞི་བ་ཞུགས་པར་གྱུར། །འདི་རྣམས་སྨོན་ལམ་དབང་གིས་ནི། །ཐམས་ཅད་བདག་ཅག་ཉེར་འོངས་པ། །ཆོས་དོན་གཉེར་བ་བདག་གིས་ནི། །སྲིད་པ་གཅོད་པའི་སྐལ་བྱིན་ཏོ། །ཀ་ཤི་མཛེས་པའི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་དྲུག་པའོ།། །།མཁས་པ་རྣམས་ཀྱིས་ཟང་ཟིང་སྦྱིན་པས་ནི། །དཀའ་བ་རྙེད་པས་སེམས་ཅན་རྗེས་བཟུང་ནས། །ཉོན་མོངས་གཅོད་པར་བྱེད་པའི་ཆོས་སྦྱིན་པས། །རྗེས་སུ་འཛིན་པར་བྱེད་པར་འགྱུར་བ་ཡིན། །འདི་ལྟར་རྗེས་སུ་ཐོས་ཏེ། དྲི་མ་མེད་པའི་ཆུ་དང༌། བཀོད་མའི་ཆུ་དང༌། རི་ལས་འབབ་པའི་ཆུས་ས་འཛིན་གྱི་ཆ་དག་པར་བྱས་པ་དང༌། སྣ་ཚོགས་པའི་ཤིང་རྣམས་ཀྱི་མེ་ཏོག་གི་


DTG169_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་བསྒོས་པའི་རླུང་འཇམ་པོ་ཡོད་པ་དང༌། དབུགས་འབྱུང་ཞིང་འདུག་པའི་རི་དགས་ཀྱི་ཚོགས་དང་ལྡན་པ་དང༌། སྔོ་བའི་རྩྭ་ས་དགའ་བར་འགྱུར་བ་དང༌། འགའ་ཞིག་ཏུ་ཤིང་གི་བུག་པའི་བར་ནས་རབ་ཏུ་ཞུགས་པའི་བར་མཚམས་ཡོད་པ་ཉི་མས་སའི་ཆ་འདྲེས་པ་དང༌། ཐུན་མཆམས་ཀྱི་དུས་སུ་རྣམ་པར་རྒྱས་བཞིན་པའི་མེའི་སྦྱིན་སྲེག་གི་དགང་བླུགས་ཀྱི་དུ་བས་ཤིང་རྣམས་ཀྱི་འདབ་མ་དང༌། མེ་ཏོག་རྩུབ་པར་བྱས་པ་དང༌། མེ་ཏོག་གི་མཚོན་བྱས་རྐང་པ་རྒོད་པར་མ་བྱས་པ་དང༌། དཀའ་ཐུབ་ཀྱི་དངོས་གྲུབ་ཀྱི་ཤིང་ཆེན་པོ་ལ་དཀའ་ཐུབ་ཀྱི་ནོར་ཅན་གྱི་སྐྱེ་བོས་ཁྱབ་བའི་དཀའ་ཐུབ་ཀྱི་ནགས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བསྒྲུབ་པ་བརྩམ་པར་འདོད་ཅིང༌། བསྟན་བཅོས་སྣ་ཚོགས་ཐོས་པ་དང༌། སློབ་མ་རྣམས་ལ་སྟོན་པར་བྱེད་པ་དང་དམ་པའི་ཆོས་གནས་པ་གསལ་བར་བྱེད་པ་དང༌། བཟོད་པ་དང་ལྡན་པ་དང༌། མཆོད་པར་འོས་པ་དང༌། དཀར་པོ་ཉིད་མི་འདོར་ཞིང་མ་ལུས་པའི་སྲེད་པ་དང༌། ཕོངས་པའི་སྐྱོན་དོར་བ་དུས་གཅིག་གི་ཚེ་དཀའ་ཐུབ་པ་ཡོད་པར་གྱུར་ཏོ། །མུན་པ་འཇོམས་ཤིང་བདེ་བར་བྱེད་པ་རྣམས་འཕྲོ་བའི། །འོད་ཟེར་རྣམ་བཞི་ཡོན་ཏན་རྣམས་ཀྱིས་བརྒྱན་པའི་གཟུགས། །གཟི་བརྗིད་ལྡན་པ་དེ་ལ་དང་བ་ཐོབ་འགྱུར་བ། །ལུས་ཅན་རྣམས་ལ་ལྟ་བ་རྣམས་ནི་ཟླ་བ་བཞིན། །བདག་གི་སྔོན་ཉིད་ཡོན་ཏན་ཏེ། །དེ་ནས་མཉམ་ཉིད་བཞིན་རྟེན་པ། །ངམ་པ་ལ་ནི་སུ་ཞིག་ཐོགས། །སྙིང་རྗེ་ལྡན་པ་ཡོན་གནས་སོ། །བདག་ཉིད་ཆེན་པོ་དེ་ལ་ཡང་རབ་ཏུ་ཞི་བའི་བདེ་བ་འདོད་བས་དཀའ་ཐུབ་ཀྱི་ནགས་དེ་དང་ཤིན་ཏུ་རིང་བ་མ་ཡིན་པ་ལ་རྣམ་པར་ཁ་ཕྱེ་བའི་པདྨའི་འབྱུང་གནས་ཀྱིས་ཉེ་བར་མཛེས་པའི་ཕྱོགས་གཅིག་གི་རིའི་མཐར་ཐུག་པར་ཤིང་ལོའི་ར་བ་དགའ་བར་བྱས་ཏེ། བསམ་གཏན་སྒྲུབ་པ་ལ་ངེས་པར་ཞུགས་སོ། །གང་ཕྱིར་དབང་པོའི་ཡུལ་ངོར་རོ། །གཅིག་པ་ལ་ནི་བསམ་གཏན་སྒྲུབ། །དེ་ཕྱིར་གཉིས་མེད་ནགས་ཀྱི་ནང༌། །ཞི་བ་ལྷག་པར་གནས་པར་གྱུར། །དཀའ་ཐུབ་རྣམས་ཀྱི་བརྟན་པོ་དང༌། །ཆོས་ཀྱི་དོན་ལ་ཉེར་བརྟེན་པ། །གཏི་མུག་རྣམ་གཅོད་ཞི་བ་ནི། །མྱ་ངན་འདས་ཕྱིར་གཏམ་བྱས་གྱུར། །དེ་ནས་དུས་གཅིག་གི་ཚེ་ན་ཆུ་འཛིན་རྣམས་ལས་ཆར་པ་དང་བྲལ་བའི་ཕྱིར། །ལྗོན་ཤིང་དང༌། རྩྭ་ཀུན་ནས་སྐམས་པས་


DTG169_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཀྱི་ནང་དུ་འོངས་པའི་སྐྱོན་གྱི་ཆ་གཞན་དང་བ་འཛིན་པའི་ཁྱིམ་ན་གནས་པ་རྣམས་ཡོད་པ་དང༌། འབྲས་བུ་རྣམས་འགྲིབ་པ་དང༌། རབ་ཏུ་སྲབ་པ་དང༌། སྐམ་པ་དང༌། རྒས་པའི་འདབ་མ་ཅན་གྱི་ཤིང་རྣམས་ཡོད་པ་དང༌། ཁྱོ་མེད་པ་དང་འདྲ་བའི་རབ་ཏུ་སྲ་བར་གྱུར་པའི་སྟེགས་དང་ལྡན་པ་ཡོད་པ་དང༌། རྩྭ་ཉུང་བ་ཟ་བ་ཉིད་ཀྱིས་ཀུན་ནས་སྟོབས་ཆུང་བའི་ཡན་ལག་རི་དགས་ཀྱི་ཁྱུ་ཡོད་པ་དང༌། རབ་ཏུ་གྲགས་པའི་ཁྲོ་བ་དང་ལྡན་པའི་རྒྱལ་པོ་བཞིན་དུ་སྐྱེ་བོ་ཐམས་ཅད་ལ་གདུང་བར་བྱེད་པའི་ཉི་མ་ཡོད་པ་དང༌། ཉིན་མོ་བྱེད་པའི་འོད་ཟེར་རྣམས་དང་འབྲེལ་པས་ལྷག་པར་གདུང་བ་དང༌། འོང་མ་ཡོངས་སུ་སྨིན་པ་ཆགས་པའི་སྒྲ་ལས་སྡིགས་མཛུབ་པ་དང་འདྲ་བར་རྨ་བྱ་དང༌། ཤང་ཤང་ཏེའུ་དང༌། ཁུ་བྱུག་དང༌། རི་དགས་ཀྱི་ཚོགས་རྣམས་ཀྱིས་ལམ་དོར་བ་དང༌། ནགས་ཀྱི་སྲེག་ལུགས་འཛིན་པ་རབ་ཏུ་འགྲོ་ཞིང་སྲེག་ལུགས་འཛིན་པའི་ཤིང་རྟ་འདྲེན་པས་རབ་ཏུ་བསྐྱོད་པའི་རྡུལ་གྱི་ཚོགས་ཀྱི་དབུས་སུ་འཁོར་ཞིང་ཀུན་ནས་སྐྱོ་བའི་རྩྭའི་ཉག་མས་མ་ལུས་པའི་ཤིང་རྣམས་ཀྱི་འདབ་མ་ཅན་གྱི་ནོར་ལྡན་མ་ལ་ཆུ་འཛིན་པར་མ་ཤར་བས་འཐུང་བར་འདོད་པ་ཉེ་བར་བསགས་པས་མགྲིན་པས་ཀུན་ནས་སྐམས་པའི་རྨ་བྱ་རྣམས་ཡོད་པ་ལ། རྩ་བ་དང༌། འབྲས་བུ་ཀུན་ནས་ཟད་པའི་དགོན་པ་དེ་ལ་དཀའ་ཐུབ་པ་དེ་རྣམས་དཀའ་ཐུབ་དང་བཀྲེས་པས་ཤིན་ཏུ་ལྷག་པར་ཀུན་ནས་སྐྱ་བའི་ལུས་ཅན། དཀའ་ཐུབ་ཀྱི་ནགས་དེ་ལས་གྲོང་ཁྱེར་དང༌། གྲོང་ལ་སོགས་པ་རྣམས་ལ་མངོན་པར་འགྲོ་བ་ཀུན་ནས་འདོད་ཅིང་བྱང་ཆུབ་སེམས་དཔའ་དང་ཉེ་བར་འོངས་ནས་སྨྲས་པ། ཆར་ནི་ཆད་པས་རྩྭ་བའམ་ནི་འབྲས་བུ་འདི། །རི་ཡིས་ས་ལ་ཟད་པ་གྲགས་པ་མ་ཟད་ལགས། །དེ་ནི་མེད་པས་ཁོ་བོ་ཅག་ལ་སྲོག་གསོ་མེད། །ལུས་ལ་གནས་ཕྱིར་དེ་ལ་སྐྱེ་བོའི་ནང་འགྲོ་བགྱི། །ཁ་ཟས་ཡོད་ན་ལུས་ནི་རྒྱས་པ་སྐྱེ་བ་སྟེ། །རྒྱས་པ་ཡོད་ན་རྣལ་འབྱོར་ནུས་པ་ཡོད། །རྣལ་འབྱོར་གོམས་པས་དེ་ཉིད་རྙེད་ནས་རྣལ་འབྱོར་པ། །སྣང་བ་མཐོང་བས་འཇིག་རྟེན་ཆགས་པ་འདོར་པར་བྱེད། །དེ་བས་མུ་གེའི་སློང་མོ་སྟེར་བ་དམན་པ་ནི། །གྲོང་གི་མཐའ་འམ་གྲོང་ཁྱེར་དུ་ནི་ཐོབ་བྱས་ནས། །འཇིག་རྟེན་འདིར་ནི་ལོ་ཏོག་སྐྱེས་པས་དགའ་བ་སྐྱེས་པ་ལ། །སླར་ནི་ནགས་ནང་ཞི་བའི་


DTG169_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་ནི་གནས་པར་བྱ། །བསམ་གཏན་རྙེད་པས་ཁྱེད་རྣམས་ལྟ་བུ་ཐུབ་རྣམས་ལ། །གྲོང་ནང་ཅི་འདྲ་དེ་འདྲར་རི་ཡིས་ཕྱོགས་ཏེ། །རྣལ་འབྱོར་རྣམས་ཀྱི་རྣལ་འབྱོར་དག་པ་དགའ་འཕེལ་བ། །ཕོངས་དང་ང་རྒྱལ་སེམས་ནི་ནམ་ཡང་འགྲོ་བ་མིན། །བློ་གཏེར་ཁྱོད་ཀྱི་ངག་ནི་མེ་ཏོག་འདི་རྣམས་ནི།། དོར་བར་མི་བྱེད་འབྲས་བུ་སྟེར་བར་ཞི་བའི་ཕྱིར། །ཉེར་འཚེ་དང་བྲལ་སྐྱེ་བོ་ལ་ནི་གནས་བྱེད་བ། །ཁོ་བོ་ཅག་ནི་རང་ཡང་ཁྱེད་དང་ཕྲད་པར་འདོད། །བྱང་ཆུབ་སེམས་དཔས་སྨྲས་པ། གང་གི་ཕྱིར་དུལ་བ་རྣམས་ལ་ནི་སྐྱེ་བོའི་གནས་ལ་གནས་བ་སྐྱོན་མང་བ་སྟེ། གང་གི་ཕྱིར་དང་སྐྱེས་བུའི་སྙིང་འགུགས་པར་བྱེད་པ་དང༌། འཇམ་པའི་དགོད་པས་རྣམ་པར་གསལ་བར་གྱུར་པའི་སའི་ནོར་བུའི་འོད་རྣམས་ཀྱིས་གདོང་བརྒྱན་པ་དང༌། ཕྱིར་ཕྱོགས་པས་ལྟ་བ་སྒེག་པ་ལ་མཁས་པ་དང༌། ལྕི་བའི་བུད་མེད་ཀྱི་དབང་པོའི་ཁུར་བུས་འགྲོ་བ་མི་ནུས་པས་གར་གསལ་བར་བྱས་པ་འདྲ་བ་དང༌། སྨིན་པའི་ལྗོན་ཤིང་ལ་གྱེན་དུ་འཛེག་པ་ཙམ་གྱིས་གཞུ་བདུངས་པའི་ཕྱིར་འདོད་པའི་ལྷས་བཀའ་བསྒོ་བ་དང་འདྲ་བའི་བུད་མེད་ཀྱི་གཟུགས་རྣམས་ཡོད་དོ། །གང་ཞིག་དཀའ་ཐུབ་པ་རྣམས་ཀྱི་ཡང་སྙིང་འཕྲོག་པར་བྱེད་པ་སྟེ། རྣམ་པ་ཐམས་ཅད་དུ་མདོར་བསྡུས་པ་ནི་འདི་ཡིན་ཏེ། མཁས་པ་རྣམས་ནི་བུད་མེད་མ་མཐོང་ཞིང་ཕྱིར་སྨྲ་བ་སྟེ། དེ་མཐོང་བ་ལ་མངོན་པར་སྨྲ་བ་ཡོངས་སུ་སྤོང་ན་ནི། །སྨྲ་བ་ལ་ཡང་བུ་མོ་དང་ནི་སྲིང་མོའི་འདུ་ཤེས་ཅན། །ནམ་ཡང་མང་པོ་རྣམས་ཀྱི་དབང་དུ་སོང་བར་འགྱུར་བར་མིན། །རྣོ་བའི་མདའ་ནི་ཀུན་ནས་ཕོག་པ་རྣོ་བ་རི་དགས་འདོད་མིན་ཏེ། རྣ་བ་དང་ནི་སྙིང་ནི་འཕྲོག་པར་སྨོན་པའི་གླུ་ལ་སྙན་པ་སྟེ། བདེ་བའི་ཆ་ཡིས་སེམས་ནི་འཕྲོག་པ་རྣམ་པར་དབེན་པ་ཉལ་བའི་བློ། །སྐྱེ་བོ་འདི་ནི་བཟོད་པར་དཀའ་བའི་སྡུག་བསྔལ་མཐར་ནི་སྤྱོད་མི་བྱེད། །དེ་ལྟར་ན་བུད་མེད་དང་བྲལ་བའི་སྐྱོན་གྱིས་སྐྱེ་བོའི་ཕ་རོལ་གྱི་སྐྱོན་བལྟས་པ་དང༌། མང་ཞིང་མོད་པའི་སྐྱེ་བོ་དང་ལྡན་པ་དང༌། དབང་པོ་དང་ཕྲད་པ་རྙེད་པར་དཀའ་བ་དང༌། དབང་ཕྱུག་གི་ཆ་མྱང་པ་ལ་རྩེ་གཅིག་པ་དང༌། གཞན་ལ་ཕན་པ་རབ་ཏུ་སྲབ་པ་དང༌། གཞན་གྱི་རྗེས་སུ་དྲངས་པའི་ངལ་བ་མང་བ་འགའ་ཞིག་ཏུ་དམིགས་པར་གྱུར་པའི་བཟའ་བ་ཙམ་གྱིས་ང་ཁྱེད་ཅག་རྣམས་ལ་


DTG169_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་སྐྱེ་བོའི་གནས་ལ་གནས་པར་རྗེས་སུ་ཤེས་པར་བྱའོ། །དེའི་ཕྱིར་རེ་ཞིག་བདག་གི་ཁང་པ་འདིར་ཟས་ཅུང་ཟད་ཁྱེད་ཅག་རྣམས་ཀྱིས་གསོལ་བར་མཛོད་ཅིག །གལ་ཏེ་དེ་ལྟ་བུའི་ཁ་ཟས་འདོད་བར་གྱུར་ན་དེ་ནས་ཉི་མ་རེ་རེར་བདག་ཁྱེད་ཅག་རྣམས་ལ་སྲོག་གནས་པའི་ཕྱིར་འབད་པར་བགྱིའོ། །མི་སྨྲ་བ་ཉིད་ཀྱི་ཕྱིར་སྤྱན་དྲང་བ་འདི་དཀའ་ཐུབ་ནོར་བཅས་རྣམས་ལ་རྗེས་སུ་འདོད་དོ་ཞེས་བྱ་བ་རྣམ་པར་བསམས་ནས་བྱང་ཆུབ་སེམས་དཔས་སྨྲས་པ། འདིར་ཡུད་ཙམ་སྡོད་ཅིག་དང་ཇི་སྲིད་དུ་བདག་གིས་བྱང་གི་སྒྲ་མི་སྙན་ནས་ཁ་ཟས་བླང་བར་བྱའོ་ཞེས་ཟེར་རོ། །དེ་ནས་ས་ཡི་རང་བཞིན་ལྷུང་བཟེད་དེ་བཟུང་ནས། ཁྲི་སྙན་པགས་པ་དང་ནི་ཤིང་ཤུན་ངེས་འབྲེལ་བ། །དཀའ་ཐུབ་ནོར་ཅན་རྣམས་ཀྱིས་དགའ་བ་གྱེན་བལྟས་པ། །ནམ་མཁའ་དྲི་མེད་རལ་གྲི་ལྟར་གནག་མཛེས་པར་འགྱུར། །སྐད་ཅིག་མ་ཉིད་ཀྱིས་ཀྱང་བསྐལ་བའི་ཤིང་གི་མེ་ཏོག་དྲི་དང་ལྡན་པ་སྐྱེས་དང་འདྲ་བ་འཛིན་ཅིང་གྲོགས་པོ་དང་འདྲ་བའི་རླུང་གིས་སོ་སོར་འབྱུང་བ་ནམ་མཁའ་ལས་བབས་ཏེ། གསེར་གྱི་ཤིང་དང༌། ལྗོན་ཤིང་གི་ནགས་རྣམས་ལྟ་ཞིང༌། མྲྒད་དང༌། བཻ་ཌཱུཪྻ་དང༌། ཨིནྡྲ་ནཱི་ལ་དང༌། པདྨ་རཱ་ག་དང༌། གསེར་གྱི་རང་བཞིན་གྱི་ཁྱིམ་གྱི་རྩིག་ཕ་རྣམས་ཀྱི་དགའ་བའི་བྱང་གི་སྒྲ་མི་སྙན་དུ་ཞུགས་ཏེ་དེ་ལས་ཀྱང་ལྷའི་བུ་མོ་དང་འདྲ་བ་བུད་མེད་རྣམས་ཀྱིས་ཉེ་བར་སྦྱིན་པའི་བདུད་རྩི་ལྟར་ཞིམ་པའི་བསོད་སྙོམས་ཉེ་བར་བླངས་ནས་ནམ་མཁའ་ལྡིང་དང་འདྲ་བར་ནམ་མཁའ་ལ་འཕུར་ཞིང་སྔ་མ་བཞིན་དུ་རང་གི་ཁང་པར་འོངས་པར་གྱུར་ཏོ། །དེ་ནས་ནགས་ཀྱི་ཤིང་རྣམས་འོག་ཏུ་ཉེར་གནས་པ། །རབ་ཏུ་ཞི་བའི་གཟུགས་ཅན་དཀའ་ཐུབ་པ་རྣམས་དེ། །དྲི་ཞིམ་བ་ཡི་ཁ་ཟས་ཀྱིས་ནི་ལུས་ལ་སྟོབས་སྦྱིན་པའི། །ཉེ་བར་ཞི་བའི་ཡིད་ཅན་དེས་ནི་ཚིམ་པར་མཛད། །དཀའ་ཐུབ་གཏེར་དེས་ཇི་ལྟ་ཇི་ལྟར་ཁ་ཟས་སྦྱིན། །དེ་ལྟ་དེ་ལྟར་དེ་ནི་ཤིན་ཏུ་འཕེལ་བར་གྱུར། །བདག་ཉིད་ཆེན་པོ་རྣལ་འབྱོར་རྣམས་ཀྱི་དངོས་པོ་ནི། །ཆུད་ཡང་རྣལ་འབྱོར་སྟོབས་ཀྱིས་རྒྱ་ཆེན་ཉིད་དུ་འགྱུར། །ཉི་མ་རེ་རེ་ལ་ཡང་བྱང་གི་སྒྲ་མི་སྙན་ནས་འོངས་པའི་ཁ་ཟས་དེ་ལྟ་བུས་དཀའ་ཐུབ་བ་དེ་རྣམས་ལ་བདག་ཉིད་ཆེན་པོ་དེས་བཀུར་སྟི་བྱས་པར་གྱུར་ལ། ཕྱིས་


DTG169_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བདེན་པའི་བྱིན་གྱི་རླབས་འདི་བྱས་པར་གྱུར་ཏེ། །བདག་ལ་ནམ་ཡང་སྲིད་པའི་མཐར་ནི་ཡིད་འདི་ནི། །ཇི་ལྟར་འདོད་པའི་རྣམ་རྟོག་རྡུལ་གྱིས་མ་ཁྱབ་པ། །བདེན་པ་འདིས་ནི་དེ་ལྟར་ལྷ་ཡི་དབང་པོ་ནི། །འགྲོ་པའི་དབང་ཕྱུག་ཕྱིར་ནི་ཆུ་ནི་སྟེར་བར་ཤོག །དྲང་སྲོང་ཆེན་པོ་དེས་བདེན་པའི་བྱིན་གྱི་རླབས་བྱས་པས་ཀྱང་སྐད་ཅིག་དེ་ཉིད་ལ་དེའི་བསོད་ནམས་ཀྱི་དབང་དུ་བྱེད་པས་མགུ་བའི་ལྷའི་བདག་པོས་ཀུན་ནས་བསྐྱོད་པའི་ཡན་ལག་སྤྲོས་པས་སྣང་བའི་ལྟོ་བ་ལྷའི་དབང་པོའི་གཞུའི་རྒྱན་འཛིན་པ། ཨུཏྤལ་སྔོན་པོ་སར་བའི་ཕུང་པོ་ལྟར་སྔོ་བའི་ཆུ་ལྕི་བ་ཉིད་ཀྱིས་ཕྱོགས་ཀྱི་སྒོ་འཕྱང་བར་གྱུར་པའི་ཆུ་འཛིན་པ་རྣམས་ཀྱིས་ནམ་མཁའི་དཀྱིལ་གཡོགས་པར་གྱུར་ཏེ། དེ་ནས་ཆུ་འཛིན་ཡང་དག་འབྲེལ་བས་བསིལ་བ་ནི། །མེ་ཡི་གྲོགས་པོ་ཤིད་རྣམས་བསྐྱོད་པ་རབ་རྒྱུ་གྱུར། །རི་དང་ནགས་ལ་ཡང་ནི་རྒྱགས་པས་སྒེག་པ་ནི། །རྨ་བྱའི་ཚོགས་ཀྱི་སྐད་རྣམས་རྣམ་པར་རྒྱས་པར་གྱུར། །ས་ཡི་དཀྱིལ་འཁོར་དྲི་ཞིམ་པར་ནི་འགྲོ་འགྱུར་ཏེ། དང་པོ་བསིལ་བ་ལྷུང་བས་ཡིད་ནི་འཕྲོག་བྱེད་པ། །གླང་པོའི་རྭ་དང་འདྲ་བར་སར་པའི་ཀེ་ཏ་ཀ །དྲི་ཞིམ་དྲི་དང་ལྡན་བས་བུད་བས་ཞུགས་པར་གྱུར། ས་ནི་སྔོ་བར་འགྱུར་ཏེ་སར་པར་བྱུང་བར་གྱུར། །ཤིང་ཥ་སར་པའི་མེ་ཏོག་རྩེ་མོ་ལྟར་སྔོ་རྩྭ། །རྩྭ་ཟ་བ་ཡི་བ་རྣམས་ལ་ཡང་སྟོབས་འབྱུང་བ། །ཆུ་ཡི་དབང་གིས་ཀྱང་ནི་ཆུ་རྣམས་ལྟག་པར་གྱུར། །ནོར་ལྡན་མ་ནི་མཐུག་པའི་ལོ་ཐོག་གིས་ནོར་འཕྲོག །ཞིང་པ་རྣམས་ཀྱིས་མཐོང་ནས་དགའ་བར་འགྱུར་བ་སྟེ། །འགྲམ་དུ་ལྷུང་བ་ཡང་དག་འབྱུང་བའི་སྒྲ་ལྡན་པ། །ཆུ་ནི་ཆུ་བོ་རྣམས་ཀྱིས་རྙོག་པ་ཉིད་དུ་གྱུར། །དེ་ལྟར་ཐང་སྐྱེས་ཀ་དམ་པས་ནི་བསྒོས་པའི་རི། །སྤྲིན་གྱི་དུས་ནི་མཐོང་ནས་དཀའ་ཐུབ་དེ་རྣམས་ནི། །གྲོགས་པོ་བཞིན་དུ་བཟློག་པ་ཡུལ་ནི་གཞན་དག་ལས། །གསལ་བའི་བསམ་པས་བརྟན་པ་ལྷག་པར་འགྲོ་བར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་མི་ཤེས་པའི་རབ་རིབ་འཕྲོག་པར་བྱེད་པའི་ཆོས་དང་འབྲེལ་བའི་གཏམ་གྱིས་མཚན་མོ་བྱེད་པའི་འོད་ཀྱིས་མཚན་མོར་ཀུན་ནས་སོང་བ་དང་འདྲ་བ་དཀའ་ཐུབ་པ་དེ་རྣམས་ལམ་ལོག་པར་ཞུགས་པ་ཐམས་ཅད་ལམ་བཟང་པོ་ལ་འཇུག་ཅིང་གནས་སོ། །དེ་རྣམས་ཀྱང་བདག་ཉིད་ཆེན་


DTG169_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་ལ་ཉེ་བར་འོངས་ཏེ། བསྟོད་པའི་མེ་ཏོག་རྣམས་ཀྱིས་མཆོད་ཅིང་གནས་སོ། །སྔོན་དུ་ཟང་ཟིང་སྦྱིན་པས་ནི། །ཁྱོད་ཀྱིས་བདག་ཅག་ཚིམ་པ་སྟེ། །དམ་ཆོས་བདུད་རྩི་སྦྱིན་པས་ནི། །དེ་ནས་ངེས་ལེགས་ལ་འཇུག་པ། །གཏི་མུག་རབ་རིབ་འཇོམས་བྱེད་པ།། མཚན་མོའི་མུན་པ་ཉི་མ་ལྟར། །དེ་བཞིན་མཉམ་དང་མི་མཉམ་པ། །ལམ་རྣམས་ཁྱོད་ཀྱིས་བསྟན་པར་མཛད། །གལ་ཏེ་ཁྱེད་འདྲ་བརྟན་བདག་ཉིད། །གྲུར་ནི་གྱུར་པ་མེད་གྱུར་ན། །དུཿ་ཁ་ཆུ་བོ་ཆེན་པོ་ཡི། །འཇིག་རྟེན་འདི་ནི་བུམ་པར་གྱུར། །ཨེ་མ་བདེ་བ་སྐྱེད་པ་ནི། །སྐྱེ་བོ་ལ་བྱམས་སྐྱེ་བོ་ཡི། །ཡོན་ཏན་ཅན་མཆོག་ཡོན་ཏན་ནི། །མཉེས་གཤིན་བཞིན་དུ་ཁྱོད་ལ་འབྲེལ། །རབ་རིབ་ཆེན་པོའི་ཚོགས་ཀུན་ནི། །ཡེ་ཤེས་མར་མེས་མ་ལུས་འཇོམས། །མཁས་པ་རྣམས་ཀྱི་དང་པོ་ཁྱེད། །རིག་བྱེད་རྣམས་ཀྱི་ཨོཾ་ཡིག་བཞིན། །ཤིན་ཏུ་གཙང་བ་ཁྱེད་ཀྱི་ཡོན་ཏན་རྣམས་ཀྱིས་ནི། །ས་འདི་རྣམས་ལ་བར་ཆད་མེད་པར་བརྒྱན་བྱས་ཏེ། །སྟོན་ཀའི་དྲི་མེད་འོད་ཅན་འོད་ཟེར་རྣམས་ཀྱིས་ནི། །མཚན་མོ་བྱེད་པའི་ཀུ་མུ་ཏ་ཚོགས་དགོད་པ་ལྟར། །དེ་ལྟར་དཀའ་ཐུབ་པ་དེ་རྣམས་བདག་ཉིད་ཆེན་པོ་དེ་རྣམས་ལ་མངོན་པར་བསྟན་པར་བྱས་ནས་རང་གི་གནས་སུ་ལྷག་པར་གང་ཞེས་བསམ་གཏན་ལ་རྩེ་གཅིག་ཏུ་བྱུང་བར་གྱུར་ཏོ། །དེ་ལྟར་ན་བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔར་གྱུར་པ་ན་བདེན་པ་སྨྲ་བས་སེམས་ཅན་རྣམས་ལ་ཟང་ཟིང་གི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པས་རྗེས་སུ་བཟུང་ངོ་ཞེས་བྱ་བ་རྣམ་པར་བསམས་ནས། །སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་བསྐྱེད་པར་བྱ་ཞེས་བྱ་བའོ། །དཀའ་ཐུབ་པའི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་བདུན་པའོ།། །།རྒྱན་རྣམས་མེད་པའི་རྒྱན་ནི་བཟོད་པ་སྟེ། །ནུས་པ་གཡོ་བ་མེད་པའི་བཟོད་ཅན་གྱི། །སྟོབས་ཡོད་པ་ལ་བཟོད་པ་བྱེད་པ་སྟེ། །བཟོད་པའི་སྟོབས་ཀྱི་ཚོལ་བ་ཤེས་རབ་ཅན། །འདི་ལྟར་རྗེས་སུ་ཐོས་ཏེ། ཉེ་འཁོར་དང་སྐྱེ་བོ་རྗེས་སུ་གནས་པ་རྟག་ཏུ་ནོར་མི་ཟད་པ་ནོར་གྱི་བདག་པོ་ཡོ་བྱད་དང་མཚུངས་པའི་ཆུ་བོ་གང་གཱས་བདག་པོར་བྱས་པའི་གྲོང་ཁྱེར་ལས་འཛིན་པ་རྣམས་ཀྱི་རི་རབ་བཞིན་དུ་སའི་བདག་པོ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོས་སྟེང་ན་གནས་པ། གཟི་


DTG169_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་ཐམས་ཅད་ཀྱི་རང་བཞིན་དང་འདྲ་བའི་རི་རབ་ཅེས་བྱ་བའི་རྒྱལ་པོ་བྱུང་བར་གྱུར་ཏོ། །དེས་ཀྱང་དུས་གཅིག་གི་ཚེ་ན་དུལ་བ་དང༌། ཤུགས་དང་ལྡན་པའི་ཟླ་བའི་འོད་ཟེར་ལྟར་སྦུ་དང་ལྡན་པ་དང༌། མཚན་ཉིད་ཐམས་ཅད་དང་ལྡན་ཞིང་རྟ་བདུན་དང་ལྡན་པའི་ཤིང་རྟའི་མཆོག་ལ་ཞོན་ནས་རི་དགས་ཤོར་བའི་ཕྱིར་རབ་ཏུ་སོང་བའི་རི་དགས་དང་འདྲེས་པའི་ཤིང་རྟའི་རྐང་པའི་སྒྲས་ཀུན་ནས་སྐྲག་པར་འཕུར་ཞིང་བསྐྱོད་པའི་ཚོགས་ཀྱིས་བར་དུ་གཡོབ་བཞིན་པ་དང༌། རྫིང་གི་ཆུ་ལས་བདག་རྒལ་བའི་ཕག་གི་ལུས་ལས་ཀུན་ནས་ལྟུང་བའི་འདམ་གྱི་ཆ་ལ་རྩའི་མྱུ་གུ་རྣམས་ཀྱིས་ཁྱབ་པ་དང༌། གླང་པོ་རྣམས་ཀྱིས་སྨྱོན་ཆུ་དྲི་ཞིམ་པ་དང༌། འགའ་ཞིག་ཏུ་རབ་ཏུ་དྲག་པོའི་རླུང་གིས་མངོན་པར་བཏེག་བཞིན་པའི་སྲེག་ལུགས་འཛིན་པ་ལས་ཡང་དག་པར་བྱུང་བའི་ཐུག་ཐུག་གི་སྒྲས་འཇིགས་པ་དང༌། རབ་ཏུ་ཞུགས་པའི་རྔོན་པའི་ཚོགས་ཀྱི་མདའི་རྩེ་མོ་རྣམས་ཀྱི་སྟག་གི་རྐང་པས་མཚོན་པའི་རྡུལ་མཐོང་བའི་རིའི་ནགས་རྣམས་ལ་རྣམ་པར་སྤྱོད་པར་གྱུར་ཏེ། གང་དང་གང་དུ་འཇིགས་པ་དང་ལྡན་པར་འགྲོ་བ། །རི་དགས་ཚོགས་ནི་ཤིན་ཏུ་འཁྲུག་པའི་མིག་ལྡན་པ། །མི་ཡི་དབང་པོ་དེ་ནི་ཤིང་རྟས་དེ་དང་དེར། །དོང་བ་ནས་ནི་མདའ་ནི་བཏོན་ཞིང་བདས་པར་གྱུར། །ཤིང་རྟའི་འཁོར་ལོ་གཉིས་ནི་བར་དང་བྲལ་བའི་རྩིབས། །ཤུགས་ཀྱིས་གཡོ་བ་མེད་ཅིང་འཁོར་ཞིང་སྡོད་པ་འདྲ། །ཤིང་རྟའི་རྟ་རྣམས་ཀྱང་ནི་མྱུར་བས་འབྱུང་བ་སྟེ། །སྐད་ཅིག་དམིགས་ཤིང་གཡོ་བ་རྔོག་མའི་རྩེ་མོ་ཅན། །དེ་ནས་རྒྱལ་པོ་དེ་ཤིང་རྟ་འགྲོ་བས་ཅོད་པན་མི་བརྟན་པ་ཀུན་ནས་ངལ་བ་རྣམ་པར་གསལ་བའི་ཕྱིར་གྲིབ་མ་མཐུག་པའི་རྐང་འཐུང་སུ་ཞིག་ཉེ་བར་འོངས་ནས། རིང་པོ་ནས་དོར་བའི་དམག་ཚོགས་ལ་སྡོད་ཅིང་འདུག་གོ །རིམ་གྱིས་ཀྱང་ཤིང་རྟའི་འཁོར་ལོས་ཕྱེ་མའི་རྣམ་པར་བྱས་པའི་སོ་སོའི་རྩེ་མོར་ལྷུང་བའི་སྐྱུ་རུ་རའི་འབྲས་བུ་ངེས་པར་བྱུང་བས་འཁོར་ལོའི་མཐའ་མར་རི་མོ་དམའ་བ་བརླན་པར་བྱས་པ་དང༌། མྱུར་བའི་རྟའི་གདོང་ནས་ཀུན་ནས་ལྷུང་བའི་ཁ་སྤུའི་ཆས་ཤིང་རྟའི་རྩ་བརླན་པ་དང༌། གཉའ་ཤིང་གི་བུ་གའི་རྩེ་མོས་ཀུན་ནས་འབྱུང་བའི་མེ་ཏོག་འབྱུང་བའི་ལྗོན་ཤིང་གི་ཐ་མ་དང༌། ཀུན་ནས་འཁོར་བའི་སྦྲང་བྱེད་ཀྱི་ཚོགས་ཅན་གྱི་མལ་ལ་རྗེས་སུ་འབྲངས་ནས་དམག་དེས་རྒྱལ་


DTG169_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་ལ་དུལ་བ་དང་བཅས་པར་ཉེ་བར་སོང་བར་གྱུར་ཏོ། །རྒྱལ་པོ་དེས་ཀྱང་རིམ་ཀྱིས་འགྲོ་ཞིང་ནགས་ལ་གནས་པ་ཙམ་ནི་རིང་པོ་ནས། །སྣོད་ལ་ལྟ་བར་བྱེད་ཅིང་ཕྲད་པར་འདོད་པའི་དེད་དཔོན་ནི། །ངལ་ཞིང་གནས་པའི་རྟ་ཡིས་ཁྱབ་པ་བ་གླང་དང་བྲལ་བ། །གླང་པོའི་ཕྲུ་གུ་འདུག་པའི་ཚོང་པའི་ཚོགས་ནི་མཐོང་བར་གྱུར། །དེ་ནས་ཚོང་པ་དེ་རྣམས་ཀྱིས་རྒྱལ་པོ་དེ་ལ་རྣམ་པ་སྣ་ཚོགས་པའི་སྐྱེས་ཉེ་བར་བུལ་ཞིང་ཕྱག་བཙལ་ནས། ལྷ་ལགས་བདག་ཅག་ནི་བྱང་ཕྱོགས་ནས་འོངས་ཞེས་བྱ་བ་སྨྲ་ཞིང་འདུག་གོ །དེ་ནས་བྱང་ཕྱོགས་ཀྱི་གཏམ་སྐབས་སུ་བབ་པ་ལ་ཚོང་པ་རྣམས་ཀྱི་བདག་པོ་དེ་རྡོ་རྗེ་དབྱུག་པ་ཅན་ཞེས་བྱའི་རྒྱལ་པོ་ལ་ཆེ་བའི་བདག་ཉིད་བརྗོད་ཅིང་འདུག་གོ །དེས་ཀྱང་ཇི་ལྟ་ཇི་ལྟར་མིའི་བདག་པོ་དེའི་ནུས་པ་གསུམ་གྱི་ཕུན་སུམ་ཚོགས་པ་ཉན་པ་དེ་ལྟ་དེ་ལྟར་ཆུ་འཛིན་གྱི་འབྲུག་གི་ཁོང་ཁྲོ་བ་མངོན་པར་འཕེལ་བ་རི་དགས་ཀྱི་བདག་པོ་ལྟར་རྒྱལ་པོ་རི་རབ་མཆོག་ཏུ་ཁྲོས་པར་གྱུར་ཏེ། །ཕལ་ཆེར་ས་ཡི་བདག་པོ་རྣམས། །རྒྱས་པ་རྣམས་ཀྱི་གནས་བྱས་པ། །ཡན་ལག་རྣམས་ཀྱི་སྟོབས་འབྱུང་བ། །གསལ་བར་བྱས་པ་བཟོད་མ་ཡིན། །རྒྱལ་པོ་དེས་ཀྱང་རང་གི་གྲོང་ཁྱེར་དུ་སོང་སྟེ་ཕོ་བྲང་དུ་རྗེས་སུ་ཞུགས་ནས། རྡོ་རྗེ་དབྱིག་པ་ཅན་གྱི་ཆེ་བའི་བདག་ཉིད་རྗེས་སུ་སྒྲོགས་པས་ང་རྒྱལ་སྐྱེས་པས་ཇི་ལྟར་ཡང་ཉི་མ་ཕྱི་དེ་གཉིད་དང་བྲལ་བ་ཉིད་ཀྱིས་མཚན་མོ་འདས་པ་རྟོགས་པར་གྱུར་ཏོ། །དེ་ནས་ཐོ་རངས་ཀྱི་རྔའི་སྒྲ་ཀུན་ནས་ཁྱབ་པའི་ཕོ་བྲང་གི་ས་ཕྱོགས་གཞན་རྣམས་སུ་སའི་བདག་པོ་རི་རབ་ལ་ཐོ་རངས་ཀྱི་དུས་ཞེས་བྱ་བ་སྒོ་སྐྱོང་མ་རྣམས་ཀྱིས་སྨྲ་ཞིང་གནས་ཏེ། མིའུ་ཐུང་གཟུགས་ཉིད་འཛིན་པར་བྱེད་པ་ནི། །དུམ་བུ་བ་བླའི་སྡོང་བུ་ལྟར་སྣང་བ། །མར་མེའི་རྩེ་མོ་མཚན་མོའི་ཐ་མ་ལ། །སྡོང་བུ་ཆུང་བར་བྱས་པས་སྐྱེས་པ་ཡིན། །སྨྱོན་ཆུའི་ཆ་ཡིས་རྩ་ནི་བསྒོ་བྱས་པ། །ལུས་ནི་ཀུན་ནས་མནན་པས་དྲོད་དང་འབྲེལ། ཁྱོད་ཀྱི་གླང་པོ་རྣམས་ཀྱི་མལ་སྤྱོད་པ། །མཚན་མོ་ཟད་པས་དོར་བར་འགྱུར་བ་ཡིན། །ནོར་བུ་རྣམས་ཀྱིས་ཁྱབ་པ་དང་འདྲ་བ། །དྲི་མེད་འོད་ནི་སྣ་ཚོགས་ཕུང་པོ་སྟེ། །ཁྱིམ་གྱི་རྨ་བྱ་བསྐྱོད་པའི་སྒྲོ་ལྡན་པ། །གནས་ཀྱི་སྲོག་ཤིང་ལས་ནི་འཇུག་པ་ཡིན། །གཉིད་ནི་ཆད་པས་ཀུན་ནས་


DTG169_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་པ་ཡི། །དབུགས་ཀྱིས་ཀུན་ནས་ཁྱབ་པའི་སྨྲ་བ་ཅན། །བཙུན་འཁོར་སྐྱེ་བོ་རྒོད་པ་དང་བཅས་པ། །གཉིད་བྲལ་ནེ་ཙོ་ལ་ནི་སྨྲར་བཅུག་གོ །ཆུ་སྐྱེས་རྡུལ་ལྟར་སེར་སྐྱ་མུན་པ་ཉེ་བར་འཇོམས་པ་ནི། ཉི་མའི་འོད་ཟེར་གཞོན་ནུ་འདིར་ནི་རྣམ་པར་རྒྱས་གྱུར་པ། །རླུང་གི་སྟེགས་བུར་ཁྱབ་པ་ཁྱོད་ཀྱི་ཕོ་བྲང་རྣམས་ལ་ཤིང༌། །ལྟ་བ་དང་ནི་ཡིད་འཕྲོག་རི་མོ་རྣམས་ནི་སྣང་བར་བྱེད། །དེ་ནས་རྒྱལ་པོ་དེ་གཉིད་སད་པ་དང༌། ཐོ་རངས་ཀྱི་བྱ་བ་བྱས་ཏེ་མྱུར་བ་ཉིད་དུ་འདུན་སའི་སྐྱེ་བོའི་ཚོགས་སྐྱེ་བར་བྱས་ནས་འདུན་ཁང་དུ་ཞུགས་ཏེ། བློན་པོ་རྣམས་དང་ལྷན་ཅིག་ཏུ་གྲོས་བྱས་ནས་ཕོ་ཉ་ལ་བོས་ཏེ་སྨྲས་པ། །རིགས་ནི་ཆེ་ཞིང་གཙང་ལ་གཞན་གྱི་དགོངས་པ་ཤེས། །ནུབ་པ་དང་ནི་གཟུགས་དང་ལྡན་པ་མ་ཆགས་བློ། །བསྟན་བཅོས་དོན་མཐོང་ཡུལ་རྣམས་ཀྱིས་ནི་མ་ཕྲོགས་པ། །སྒྲུབ་པའི་ཕྱིར་ནི་ཕོ་ཉ་མཁས་པ་རྣམས་ཀྱིས་སྨྲས། །དེ་ཁྱོད་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་དེའི་ཕྱིར་བྱང་ཕྱོགས་ཀྱི་བདག་པོ་རྡོ་རྗེའི་དབྱུག་པ་ཅན་གྱི་རྒྱལ་པོ་རྟོགས་ནས་གོམ་པ་མྱུར་བས་ཁྱོད་ཀྱིས་འོང་བར་གྱིས་ཤིག་དང༌། འོན་ཏེ་འོང་བར་མི་འགྱུར་ན་དེ་བས་ན་བདག་གིས་ཁྱོད་ལ་ནན་ཏན་བྱེད་ཅིང་དབང་དུ་ཉེ་བར་སོང་ནས་བཀའ་སྦྱིན་པར་བྱ་ཞེས་བྱ་བ་སྨྲོས་ཤིག །ཕོ་ཉ་དེས་ཀྱང་དེ་ལྟར་བྱ་ཞེས་བྱ་བ་སོ་སོར་མཉན་ནས་རིམ་གྱིས་རྡོ་རྗེ་དབྱུག་པ་ཅན་གྱི་རྒྱལ་པོའི་དྲུང་དུ་ཉེ་བར་སོང་ནས་དེ་ལྟར་སྨྲས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཕོ་ཉའི་ཚིག་གིས་བུད་ཤིང་གིས་སྦར་བའི་ཁྲོ་བའི་སེམས་དང་ལྡན་པས་བདག་འདི་འོངས་པ་ཉིད་ཇི་ལྟར་འགྲོ་བར་བྱ་ཞེས་བྱ་བ་སྨྲས་ནས་ཕོ་ཉ་དེ་ལ་འགྲོ་བར་བཅུག་ནས་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པས་ཡོངས་སུ་བསྐོར་ཏེ། དམག་ཚོགས་ཀུན་ནས་འཛིན་པ་རྣམ་པར་འབྱེད་ཅིང་རྣམ་པར་བསྐྱོད་པའི་རླབས། །ཉ་ཡི་ཚོགས་ཀྱིས་ཀུན་ནས་གྲོལ་བའི་འགྲམ་གྱི་ཆུ་ལྡན་པ། །ཆུ་སྐྱར་ཀུན་ནས་འཁོར་ཞིང་ངང་སྐྱ་ཕྲད་པ་འདོད་པ་ནི། །སིན་དྷུ་འགྲམ་གྱི་ཤིང་རྣམས་ཀྱི་ནི་ཡིད་འཕྲོག་རྒལ་བར་གྱུར། །རྒལ་ནས་མྱུར་བའི་རྟ་ཡི་རྨིག་པས་མཚོན་པའི་འགྲམ་ལྡན་པ། །ཚངས་པའི་སྲས་དེ་ཟླ་བའི་འོད་ཟེར་རྣམས་ལྟར་རབ་དཀར་བ། །དམག་ཚོགས་རྒྱལ་མཚན་གྱིས་ནི་བཏུངས་པའི་ས་སྐྱེས་ཡལ་བསྐྱོད་པ། །དགའ་བ་ཆེན་པོ་ལམ་གསུམ་ནས་འགྲོའི་འགྲམ་དུ་


DTG169_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་གནས་གྱུར། །དེ་ནས་ཐོས་ཏེ་རི་རབ་ཀྱང་ནི་རི་རབ་བྲག་དཀྱིལ་ལྟར། །བྲང་གི་མཐིལ་ཅན་རྣམས་ལ་དེ་ནི་དབང་པོའི་འགྲམ་ལས་རྒྱལ། །འཇིགས་པས་རྣམ་བྲལ་རྡོ་རྗེའི་དབྱུག་པ་ཅན་དེ་མངོན་སོང་བ། །དམག་གི་ཆ་བྱད་གསལ་ཞིག་འཇིགས་པའི་སྒྲ་ལྡན་བྱས་པར་གྱུར། །དེ་ནས་ས་སྐྱོང་དེ་དག་ལ་ནི་སྐད་ཅིག་གིས། །མཆེ་བ་གཉིས་པའི་དཔུང་པར་གླང་པོ་སྐྱོང་བ་འདུག་པ་ལ། །མ་སྤྱད་པར་ནི་དམག་གི་སྟོབས་དག་དེ་དག་ནི། །གཡུལ་དོར་འཇུག་པ་བསྒྲུབ་པའི་ཕྱིར་ནི་རྩོམ་པར་གྱུར། །མྱུར་དུ་གོ་ཆ་ལ་ལ་ཞིག་གིས་བཅིངས་བྱས་ཏེ། དགྲ་སྟ་རྣོན་པོ་ལ་ལ་ཞིག་གིས་ཉེ་བར་བཟུང༌། །གཞན་ནི་ས་ལ་ནུབ་པའི་མཐའ་མ་ཅུང་ཟད་ནི། །གཞུ་ནི་བདུངས་པར་གྱུར་ཏེ་སྨིན་མ་བསྐྱོད་པ་ཅན། །གཡོ་མེད་དྲིལ་བུ་དཀྲོལ་བ་མཚོན་ཆ་འཛིན་པ་ནི། །རྣ་བར་འཕྱང་བའི་ངང་པ་དཀར་པོའི་དུད་ལྡན་པ། །བཙག་གི་རྡུལ་ནི་མཐུག་པས་ཡན་ལག་ཁ་བསྒྱུར་བ། །གླང་པོ་ཆེ་ལ་མྱུར་དུ་གཞན་ནི་ཞོན་པར་གྱུར། །གཞན་ནི་ལྕི་བའི་ལྕགས་ཀྱི་ཚོགས་ལས་སྤྲུལ་ནག་པོ། །པགས་པ་བརྫིས་པ་ལྟར་ནི་ཅུང་ཟད་མིག་ཟུམ་པ། །མཉམ་ཉིད་ཉེ་བར་ཁྲིད་ཕྱིར་དཔུང་པ་གྱེན་དུ་བཏེག །ཡུད་ཙམ་ཡུད་ཙམ་དུ་ནི་ལུས་ནི་བསྐྱོད་ཅིང་འདུག །གཞན་ནི་ཞོན་ཏེ་གཡེར་ཀ་དཀྲོལ་བ་ཅན་གྱི་རྟ། །ཁ་ནས་དབུ་བའི་ཆ་ནི་ངེས་པར་འབྱུང་བ་ཅན། །སྲ་བ་གཞུ་རྒྱུད་བདུངས་པའི་གཞུ་ཡང་བྲང་དུ་ནི། །སྲ་ཞིང་མཐོ་བ་དཔུང་པའི་ཟུར་དུ་འཛིན་པར་གྱུར། །དེ་ནས་མི་དབང་རི་རབ་མཐོ་བས་འདོད་པ་ཅན། །རལ་གྲི་བ་སོའི་ཡུ་བ་ཅན་ལ་ལག་བཟུང་བྱས། །གནས་པ་ངེས་པར་འཛིན་པ་མཁས་བ་གཡས་གནས་པ། །ཤིང་རྟ་རླུང་གིས་རྒྱལ་མཚན་བསྐྱོད་པ་ཞོན་པར་གྱུར། །དེ་ནས་མཐོན་པོ་གཞུ་དང་རླབས་དང་ལྡན་པ་ལྟར། །རབ་ཏུ་ཁྱབ་པའི་མདའ་རྣམས་ཉ་དང་ལྡན་པ་ལྟར། །ཤིང་རྟ་ཆེན་པོའི་ཡན་ལག་དྲངས་པའི་ལྡེ་སྒྲ་ལྡན། །འཁོར་ཞིང་འགའ་ཞིག་ཏུ་ནི་འཁོར་བ་ལྡན་པ་ལྟར། །གྱེན་དུ་འགྲོ་བ་རྡུལ་རྣམས་ཀྱིས་ནི་བར་མེད་པ། །ཀུན་ནས་འཕྲོ་བའི་ཆུ་རྣམས་རྙོག་པའི་ཆུ་རྣམས་དང་འདྲ་བ། །བ་དན་རྣམས་ཀྱིས་མཛེས་པ་འབྱུང་བ་འགའ་ཞིག་ཏུ། །དྲི་མེད་དབུ་བའི་ཕྲེང་བ་རྣམས་ཀྱིས་མཐུག་བྱས་པ། །གླང་པོའི་རྣར་འཕྱང་དུང་རྣམས་ཀྱིས་ནི་འགའ་ཞིག་


DTG169_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། །གཡོ་བའི་ངང་སྐྱ་བཞིན་དུ་རི་བོང་མཚན་ལྟར་སྐྱ། །སྐད་ཅིག་གིས་ནི་རི་རབས་ཡི་དབང་ཕྱུག་གི །དམག་དེ་རྒྱ་མཚོའི་དུས་བཞིན་དུ་ནི་འགྲོ་བར་གྱུར། །སྐྱེ་བོའི་མིག་གི་ལམ་དུ་སོང་བ་སྐད་ཅིག་ཏུ། །མུ་ཏིག་རྡོག་མའི་ཕུང་པོ་འདྲ་བས་རབ་ཁྱབ་པ། །ནམ་མཁར་སོན་པར་རྡུལ་གྱིས་འགགས་པར་གྱུར་པ་ནི། །ས་ལ་གཉིས་འཐུང་རྣམས་ཀྱི་རླུང་ནི་ལྟུང་མི་འགྱུར། །དེ་ནས་མྱུར་དུ་གླང་པོ་རྒྱུ་བའི་དམག་དག་ལ། །ཀུན་ནས་འཕྲོ་བའི་འཕེན་མདུང་རྩེ་མོ་འོད་ཟེར་ཅན། །རྣོ་བའི་མདའ་རྣམས་ཀྱི་ནི་རྟ་ཡི་སྒྲ་ནི་ལངས་པ་ཡིས། །ཀུན་ནས་ལྟུང་བའི་སྒྲས་ནི་ནམ་མཁའ་ཀུན་ནས་གང་བར་གྱུར། །གོ་ཆ་རྣམ་པར་ཕིགས་ནས་ལུས་ནི་སྐད་ཅིག་ཏུ། །ཁྲོས་པས་སྨིན་མ་བསྐྱོད་པ་རབ་ཏུ་ཕངས་རྣམས་ཀྱི། །མདའ་རྣམས་ཁྲག་གིས་གོས་པའི་སྣོད་དང་ལྡན་པ་ནི། །ཉོན་མོངས་མེད་པའི་ཤུགས་ཅན་ས་སྟེངས་ལྷུང་བར་གྱུར། །གླང་པོའི་དབང་པོའི་ཐབ་མོ་བྱས་པ་ཤུགས་ལྡན་པ། །ཁྲོས་བྱས་འདུག་སྟེ་སྐད་ཅིག་ཙམ་གྱིས་གཡོ་མེད་མིག་ཅན་ནི། །ཕན་ཚུན་འཁྱུད་པའི་དབང་གིས་མཆེ་བ་ཅན་རྣམས་ལ། །ཤིན་ཏུ་གདོང་རྣམས་ལ་ནི་རྩེ་གསུམ་ནུབ་པར་གྱུར། །མདའ་དང་འཕེན་མདུང་དང་ནི་དགྲ་སྟས་ཟད་བ་ནི། །ཤིན་ཏུ་ལྕགས་ཀྱུ་རྣམས་ཀྱིས་བཀག་པར་གྱུར་པ་ཡང༌། །ཆུ་གཏེར་ཕྲེང་བ་རླུང་གིས་བརྡུངས་པ་ལྟ་བུ་ཡི། །གླང་པོ་རྣམས་ཀྱི་ཁྱུ་ནི་གཡུལ་ངོར་བྱེད་པར་གྱུར། །མདའ་ཡིས་ཡན་ལག་རྨས་པ་ཤིང་རྟ་ལས་ལྷུང་འདོད། །ཀུན་ནས་འཛག་པའི་ཁྲག་གིས་དམར་བའི་གོ་ཆ་ཅན། །རིམ་གྱིས་བརྒྱབ་པས་མིག་ནི་འཛུམས་པར་བྱེད་པ་ཡི། །ཁ་ལོ་སྒྱུར་བའི་ལག་ནས་ལྕག་ནི་ལྟུང་བར་འགྱུར། །ཕུར་པ་རྣོན་པོས་མགོ་ལ་རྣམ་པར་འབིགས་པར་གྱུར། །གླང་པོའི་དབང་པོའི་དབྲལ་སྒོ་རིམ་དང་རིམ་གྱིས་འདོད། །གཞུ་ལྡན་གྱིས་ནི་འོག་ཏུ་སོང་བར་འགྱུར་བའི་མདའ། །སོར་མོ་གློད་པར་ཁུ་ཚུར་ནས་ནི་གཞུ་ནི་ལྟུང༌། །དགྲ་སྟ་དང་ནི་རལ་གྲིས་འཚོ་བའི་མགྲིན་སྨྲས་པའི། །མཛེས་པ་དང་ནི་བྲལ་བ་ཅོད་པན་རྣམ་འཕྱང་བ། །མི་རྣམས་ཀྱི་ནི་ཀུན་ནས་ས་སྟེངས་ནས་ལྷུང་བའི། །ཤིན་ཏུ་ཤིང་རྟའི་ཡན་ལག་མགོ་བོ་རྣམས་ལ་ལྷུང༌། །རྣམ་པར་འཕྱང་བ་སྲོག་ནི་མེད་པ་མདས་འབིགས་པ། །བརྟན་པའི་མགྲིན་ཐག་རྣམས་ཀྱིས་འགོག་པའི་རྐང་པ་ནི།།


DTG169_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ས་དབང་ཕྱུག་རྣམས་ཀུན་ནས་བསྐྱོད་པའི་དཔུང་པ་ཅན། །གླང་པོ་རྣམས་ཀྱི་རྣ་བར་ཕྲེང་བ་ཅན་དུ་གྱུར། །རྣམ་པར་འདའ་བར་གྱུར་པའི་རྒྱལ་མཚན་རྣམས་ཀྱིས་ནི། །བསྐྱོད་པའི་ཤིང་རྟའི་ཡན་ལག་ལྷུང་བའི་མཚོན་ཆས་ཁྱབ། །ཁ་ལོ་སྒྱུར་བས་བདག་པོ་གསོད་པའི་ཤིང་རྟ་རྣམས། །གླང་པོ་རྣམས་ཀྱིས་ཀུན་ནས་བཅག་གྱུར་ཀུན་ནས་ལངས་པའི་སྒྲ། །ཤུགས་ཀྱིས་སྣ་བུག་དང་ནི་མིག་ནི་རབ་རྒྱས་པ། །ཀུན་ནས་ངལ་བའི་རྡུལ་གྱི་ཕགས་པ་བར་མཚམས་མེད། །མྱུར་དུ་འགྲོ་བ་རྣམས་ཀྱི་རྨིག་པས་བརྟན་པ་ཉིད། །ས་ཡི་སྟེང་དུ་ཁྲག་གིས་འགྲེས་པ་རྙེད་མི་འགྱུར།། འགའ་ཞིག་ཏུ་ནི་ཐུན་མཚམས་སྤྲིན་ལྟར་ཁྲག་གིས་འབྲེལ། །འགའ་ཞིག་ལྷར་བཅས་ལྷར་ནི་གླང་དབང་རླུང་གིས་ནི། །འགའ་ཞིག་གློག་བཅས་ལྟར་ནི་ལག་རྣམས་གོ་ཆ་བཅས། །འཐབ་མོའི་ས་ནི་ནམ་མཁའ་བཞིན་དུ་རྣམ་མཛེས་གྱུར། །དེ་ནས་ཉི་མ་ལ་ནི་རི་རབ་ལྕོག་ནི་ཆེ་བར་གཏོང་འདོད་པ། །འོད་ཟེར་རྣམས་ཀྱིས་རྒྱ་མཚོའི་ཆུ་རྣམས་ཀྱང་ནི་ཆུ་ལྷ་འདྲ་བར་བྱེད། །ཇི་ལྟར་ཡང་ནི་ཡང་དག་འདས་པ་གཡུལ་ངོར་ཆགས་པ་དོར་བྱས་ཏེ། །བསིལ་བའི་སར་ནི་མ་སོང་ངལ་བའི་གླང་པོ་རྟ་དང་འཐད་པར་ལྡན། །མུན་པའི་གོས་ཀྱིས་དཀྲིས་པར་བྱས་པའི་ཕྱོགས་ཀྱི་བུད་མེད་ཀྱི་གདོང་དང༌། །རབ་ཏུ་གསལ་བར་འབྱུང་བའི་སྐར་མའི་ཚོགས་དང་ལྡན་པས་ནམ་མཁའ་འདྲེས་པར་བྱས་པ་དང༌། །རྣམ་པར་ཟུམ་པར་བྱས་པའི་དཔལ་དང་བྲལ་བ་པདྨའི་འབྱུང་གནས་བརྩམས་པའི་མཚན་མོའི་སྒོ་ལ་རང་གི་གནས་རྣམས་སུ་ཞུགས་ཏེ། འཁོར་གྱི་སྐྱེ་བོ་རྣམས་ཀྱི་ལག་པས་འཛིན་པའི་མདའ་དང་འཕེན་མདུད་དང་རལ་གྲི་རྣམས་ཀྱིས་སྨས་པའི་ལུས་མདའ་དང༌། ཤིང་རྟ་དང༌། གླང་པོ་རྣམས་ལས་ཡང་དག་པར་ཞུགས་པ་ནས། མར་མེའི་སྣང་བས་གསལ་བར་བྱས་པའི་ལུས་གཡུལ་ངོར་རྡུལ་གྱིས་ཀུན་ནས་འོད་མེད་པར་བྱས་པའི་མགོ་ལས་སྐྱེས་པ་གུས་པ་དང་བཅས་པར་སྨན་པ་རྣམས་ཀྱིས་ཟུག་རྡུ་འདོན་པའི་སའི་བདག་པོ་རྣམས་དང༌། རྐང་ཐང་རྣམས་རྨའི་སྡུག་བསྔལ་གྱིས་གཉིད་ཉེ་བར་འཕྲོག་པ་སླར་གཡུལ་ངོའི་རོལ་པས་སྐྱོ་བ་གཅིག་ཏུ་མངོན་པར་གསལ་བར་འདོད་པས་ཇི་ལྟར་ཡང་ནུས་པ་རི་དང་ཉེ་བར་རྙོག་པ་ཅན་གྱི་རི་བོང་གིས་མཚན་པའི་དཀྱིལ་


DTG169_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དེ་དང་ལྡན་པས། །ཀུན་ནས་རྙིང་བའི་ཀུ་མུ་ཏ་དང་ཀུན་ནས་སྐྱེ་བ་བར་ཆད་པའི་སྐར་མས་མཚན་པའི་ནམ་མཁའ་དང་ལྡན་པ་དང༌། རྣམ་པར་རྒྱས་པར་གྱུར་པའི་ཐུན་མཚམས་ཀྱི་ཡོལ་བས་ཤར་ཕྱོགས་སྒྲིབ་པར་བྱས་པའི་མཚན་མོ་འདའ་བར་བྱས་ནས་ཐོ་རངས་ཀྱི་རྔ་དང༌། དུང་གི་སྒྲ་རྣམས་མ་བཟོད་པས་གཉིས་ཀའི་དམག་ཚོགས་ལས་བྱུང་བའི་མི་བཟོད་ཅིང་ཀུན་ནས་ལངས་ཏེ། རང་རང་གི་རྟ་དང་ཤིང་རྟ་རྐང་ཐང་དང་བཞོན་པ་རྣམས་ལ་ལྟ་ཞིང་འདུག་གོ །དེ་ནས་རི་རབ་ཀྱི་རྒྱལ་པོ་ལ་དབེན་པའི་ས་ཕྱོགས་སུ་བློན་པོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །གཡེང་བ་མེད་པའི་ལྷས་རེ་ཞིག་བདག་གིས་འདོད་པ་གསན་པ་འོངས་ཏེ། གལ་ཏེ་ལྷ་ལ་འདོང་པར་གྱུར་ན་དེ་ལྟར་བསྒྲུབ་པར་བྱའོ་ཞེས་ཟེར་རོ། །དེ་ལྟར་བྱའོ་ཞེས་བྱ་བ་ནི་རི་རབ་ཀྱིས་སོ་སོར་མཉན་པ་དང༌། སླར་བློན་པོ་དེ་རྣམས་ཀྱིས་སྨྲས་པ། །རྒྱལ་པོ་རྡོ་རྗེའི་དབྱུག་པ་ནི། །ས་སྐྱོང་སྟེ་ཁྱེད་ཀྱང་ནི། །ལྷག་པར་མི་རྣམས་དང་ལྡན་པ། །སྟོབས་དང་བཞོན་པ་མཉམ་པ་སྟེ། །ཕན་ཚུན་མཉམ་པར་འཇིག་པའི་ཕྱིར། །ས་སྐྱོང་མཉམ་པ་ཉིད་དག་ལ། །འཐབ་མོ་མཉམ་པ་ཀུན་ལྟུང་བ། །མ་སྨིན་བུམ་པ་དག་བཞིན་དུ། །སྒྲུབ་ཕྱིར་མཐུན་པའི་ལེགས་པ་ནི། །མཁས་པ་རྣམས་ནི་ཀུན་ནས་སྨྲ། །དེ་ཉིད་ཐོག་མར་བྱ་བ་སྟེ། །འདི་ལྟར་འདོད་པ་དགེ་བ་ཡིས། །ས་སྐྱོང་རྡོ་རྗེའི་དབྱུག་ལྡན་ཅིག །བདག་ཅག་མཐུན་པ་ཉིད་དུ་འདོད། །ཕན་ཚུན་རྣམ་པར་འཇིག་པ་ནི། །འབྲས་བུ་ཅུང་ཟད་མཐོང་བ་མིན། །དེ་ལྟར་བློན་པོ་རྣམས་འདོད་པ། །རྒྱལ་པོས་གཞན་ཡང་དེར་སྦྱངས་ནས། །རྡོ་རྗེ་དབྱུག་དང་མཐུན་འདོད་པས། །དེ་ལྟར་བྱ་ཞེས་ཁས་བླངས་གྱུར། །རྒྱལ་པོ་རྡོ་རྗེའི་དབྱུག་པས་ཀྱང༌། །གསོད་ཅིང་གཅོད་པ་མཐོང་ནས་ནི། །རྐང་ཐང་རྟ་གླང་འཇིག་པ་ནི། །སྟོབས་ནི་སྟོབས་ཆུང་བྱུང་བར་གྱུར། །དེང་ནི་གཞོམ་པར་ནུས་མིན་ཏེ། །བཀྲེས་པས་ལྟོ་ནི་ཀུན་ཏུ་རིད། །གཞུ་འཛིན་པ་རྣམས་གཞུ་རྣམས་ནི། །དཔུང་པའི་སྟོབས་འབྱུང་ཟད་པ་ནི། །གཞུ་ཡི་རིག་བྱེད་ཤེས་རྣམས་ལ། །ཁ་ཟས་བཅད་པ་རིད་པའི་ལས། །གཞུ་ནི་གཞུ་རྒྱུད་སྒྲ་ལྡན་པ། །དེ་རྣམས་ལ་ནི་ཐོས་མི་འགྱུར། །སྐབས་ཏེ་ཉུང་བའི་རྩྭ་ཟོས་པས། །སྟོབས་ཀྱི་ཕུན་སུམ་ཚོགས་བྲལ་བ། །ལྟོ་བ་དམའ་བ་འཇིག་འགྱུར་པའི། །


DTG169_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གླང་པོའི་སྨྱོན་ཆུ་གཅོད་པར་གྱུར། །ཀུན་ནས་སྟོབས་ཆུང་ཡན་ལག་གི །འོད་མའི་མཛེས་པ་འཛིན་བྱེད་ཅིང༌། །རྟ་རྣམས་རིགས་དང་ལྡན་པ་ཡང༌། །ནད་ཀྱི་ཞུགས་པ་ཟད་པར་གྱུར། །རིད་པ་རོལ་པའི་དེ་ཉིད་ཤེས། །རོལ་ཆ་རྣམས་ནི་བརྡུངས་མི་འགྱུར། །རྨ་བྱ་རྣམས་ཀྱི་གར་རྣམས་ཀྱང༌། །དྲེགས་པ་བསལ་བ་དྲན་པར་གྱུར། །རྨ་བྱའི་གར་ནི་བདེ་བ་སྐྱེད་པར་མི་བྱེད་དེ། །འཇམ་པའི་གླུ་ཡི་སྒྲ་ཡིས་ཡིད་ནི་འཕྲོག་མི་བྱེད། །ནགས་ཀྱི་མེ་ནི་བུད་ཤིང་མེད་པས་སྲབ་པར་གྱུར། །ཉི་མའི་ཕྱི་ནས་སྐྱེ་བོ་ལེ་ལོ་ཅན་དུ་གྱུར། །དེ་ནས་རྒྱལ་པོ་རྡོ་རྗེའི་དབྱུག་པ་ཅན་དམག་ཚོགས་ཀྱི་ནུབ་པ་འགྲིབ་པར་གྱུར་པ་མཐོང་ནས་རི་རབ་དང་ལྷན་ཅིག་ཏུ་མཐུན་པ་ཉིད་ཡོངས་སུ་ཚོལ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དེ་གཉི་ག་དག་དང་ཕོ་ཉ་བཏང་ནས་དབུགས་འབྱུང་བ་སྐྱེས་ཏེ་མཐུན་པ་ཉིད་དུ་བྱས་པར་གྱུར་ཏེ། ཕན་ཚུན་ཡིད་འབྱུང་སྐྱེས་པ་ནི། །ས་བདག་དག་ནི་མཐུན་འདོད་པ། །དུག་དག་ཚ་བ་ཉིད་ལ་ནི། །ཀུན་ནས་འབྲེལ་པ་ཉེ་བར་སྐྱེ། །དེ་ནས་རྒྱལ་པོ་རི་རབ་ཀྱིས་གུས་པ་དང་བཅས་པར་རང་གི་གྲོང་ཁྱེར་དུ་འོངས་ཏེ། རྡོ་རྗེའི་དབྱུག་པ་ཅན་ལ་ནོར་སྦྱིན་པ་ལ་སོགས་པའི་གུས་པས་གུས་པར་བྱས་ཏེ། ཉིན་ཞག་འགའ་ཞིག་འདས་པ་རྣམས་ལ་རྣམ་པར་ཕྱེ་བའི་འབྲས་བུ་ཅན་གྱི་མེ་ཏོག་ལྟར་སྔོ་ཞིང་དཀར་བའི་གཟི་བརྗིད་དང་ལྡན་པ་དང༌། ཆུ་འཛིན་རྣམས་ལས་རྣམ་པར་གྲོལ་ཞིང་ཁྱད་པར་དུ་རྣམ་པར་དག་པ་མ་ལུས་པའི་རི་བོང་ཅན་གྱི་དཀྱིལ་འཁོར་དང་རྗེས་སུ་མཐུན་པའི་གདོང་དང་ལྡན་པ་དང༌། མྱ་ངན་མེད་པའི་འདབ་མ་ལྟར་རྐང་ལག་འཇམ་པ་དང༌། ཤིན་ཏུ་དཀར་བ་མ་ཡིན་པའི་མིག་གི་འབྲས་བུ་ཅན་དང༌། བུང་བས་བསྲེས་པའི་མིག་གི་ཨུཏྤ་ལ་གྱི་འདབ་མའི་མཐའ་ཡས་ཀུན་ནས་བཟོད་པའི་རྣ་བ་དང་མཚོག་མ་དང་ལྡན་པ་དང༌། ཁུ་བྱུག་གཞོན་ནུ་མའི་མགྲིན་པ་ལྟར་སྐྲ་ལོ་མངོན་པར་གནག་པ་དང༌། ཤེལ་གྱི་དུམ་བུ་ལྟར་དང་བའི་སོའི་ནོར་བུའི་འོད་ཟེར་རྣམས་ཀྱིས་མཆུ་སྣང་བར་བྱས་པ་དང༌། པདྨ་ཁ་མ་ཕྱེ་བ་དང༌། རྗེས་སུ་མཐུན་པའི་འོ་མ་འཛིན་པ་འབྱུང་བས་ཀུན་ནས་སྐྱ་བའི་བྲང་དང་ལྡན་པ་དང༌། གསེར་དང་ཆུ་ཤིང་གི་སྙིང་པོའི་རྣམ་པ་ཡིད་འཕྲོག་པའི་བློ་དང་ལྡན་པ་དང༌། རབ་ཏུ་སྲབ་པའི་རི་མོ་གསུམ་གྱི་རླབས་ཀྱིས་དབུས་ཀྱི་ཆ་དགའ་བར་


DTG169_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དང༌། མིག་བཅུམས་པས་མི་ཉིད་རྗེས་སུ་དཔག་པའི་བུ་མོ་རྒྱལ་པོ་དེ་ལ་བྱིན་པར་གྱུར་ཏོ། །དེ་ནས་ཚོང་པ་བསྐྱོད་པའི་བ་དན་ཆེན་པོ་ཅན། །ཀུན་ནས་རྟ་བབས་རྣམས་ལ་མེ་ཏོག་ཕྲེང་བཅིངས་པ། །ཀུན་ནས་མེ་ཏོག་རྣམས་ཀྱིས་མཆོད་པའི་ས་སྟེངས་ནི། །ཚང་བ་ཡིད་འོང་མཛེས་པ་འབྱུང་བ་བྱས་པར་གྱུར། །འབད་པས་རྣ་བ་དག་ལ་ཨུཏྤལ་བརྩམས་པ་ནི། །སྲབ་པའི་སིན་དྷུ་ར་ཡི་ཁྱད་པར་གྱིས་མཚན་པ། །དྲི་མེད་མེ་ལོང་དང་ནི་ངེས་འབྲེལ་མིག་ལྡན་པ། །གར་མཁན་མོ་རྣམས་ཀྱི་ནི་གདོང་པ་འབྱུང་བར་གྱུར། །རྫ་རྔའི་སྒྲ་ཡིས་བར་ནི་གང་བ་བྱས་པར་གྱུར། །འཇམ་པའི་པི་བང་སྒྲ་དང་གླུ་ཡི་སྒྲ་འདྲེས་པ། །ཁྱད་པར་དང་བཅས་རྒྱན་རྣམས་ཀྱིས་ནི་མངོན་དགའ་བ། །ས་སྐྱོང་བཙུན་མོའི་འཁོར་ནི་འདོད་པ་ཅན་དུ་གྱུར། །མེ་ཏོག་རྒྱུ་བས་བསྐྱོད་པའི་སོར་མོ་དང་ལྡན་པ། །བུད་མེད་སུ་ཞིག་འོག་ཏུ་ལྟ་བར་འདུག་པ་སྟེ། །རྣ་བའི་ཨུཏྤ་ལ་ཁ་ཕྱེ་རྣམ་པར་དོར་བ་ནི། །བུང་བ་ལྷགས་པ་ཀུན་ནས་ཁྱབ་པའི་རྒྱ་ཆེན་མིག །གསེར་གྱི་ལྗོན་ཤིང་སྲབ་པས་ཡིད་འཕྲོག་ཡན་ལག་ཅན། །ལག་པ་འདར་བས་རྣམ་པར་འདར་བའི་དོ་ཤལ་ཅན། །ལག་གདུབ་རབ་ཏུ་བསྐྱོད་ཅིང་འགའ་ཞིག་འབིགས་པར་བྱེད། །གདེངས་ཅན་པགས་པ་ལྟར་དཀར་དུས་ལས་འབྱུང་བ་རྣམས།། བསྐྱོད་པའི་དཔུང་པ་རྣམ་པར་འཕྱང་བའི་སྐྲ་ལོ་ཅན། །གཡོ་བའི་རྣ་བའི་རྒྱན་དང་དཔྲལ་འཕྱང་སྐྲ་ལྡན་པ། །གཞན་ལ་དྲི་ཞིམ་དྲི་རྣམས་འཐག་པར་བྱེད་པ་སྟེ། །བར་ཆང་རྡུལ་གྱི་ཐིགས་པས་མཚན་པའི་གདོང་ཟླ་ཅན། །རྒྱས་པ་འཕེལ་བ་ཤིན་ཏུ་དམར་བའི་འགྲམ་རྣམས་ཀྱིས། །བསྣམས་པའི་དུས་མཚན་རི་བོང་ཅན་གྱི་དཔལ་མཆོག་ཅིང༌། །བུད་མེད་གཞན་དག་སྒེག་དང་བཅས་པས་ཆང་དང་ནི། །སྦྲང་གི་ཆང་རྣམས་ཆགས་པའི་འབྲེལ་པ་འཐུང་བར་གྱུར། །དེ་ལྟར་བག་མའི་བྱ་བ་ཆེན་པོ་དེ་ལ་རོལ་ཆ་དང་ནི་གླུའི། །སྒྲས་ནི་རྨ་བྱ་དགའ་བར་བྱས་པ་གར་གྱི་རོལ་པས་མངོན་དགའ་ལ། །རྣམ་པ་མང་བའི་བྱ་བ་ལ་ནི་གཡོག་འཁོར་གཡེང་བ་བྱེད་ལྡན་པ། །ལྷ་ཡི་གྲོང་ཁྱེར་བཞིན་དུ་དགའ་བའི་ཕོ་བྲང་རི་རབ་ཀྱི་ནི་བྱུང་བར་གྱུར། །དེ་ནས་གཞན་གྱི་ངོ་དང་བྲལ་བ་རང་གི་ཕོ་བྲང་ལྟར་གནས་ཏེ། ཆུ་བོ་གང་གླས་བདག་པོར་བྱས་པའི་གྲོང་ཁྱེར་ལ། རྡོ་རྗེ་དབྱུག་པ་ཅན་སྙིང་རབ་ཏུ་དགའ་བས།


DTG169_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་ཀྱི་བུ་མོ་གཉེན་འདུན་དང་རྣམ་པར་བྲལ་བའི་མྱ་ངན་གྱི་ཟུག་རྔུས་མཆི་མའི་ཆུའི་ཐིགས་པ་འབབ་པར་བྱེད་ཅིང་བག་མའི་བྱ་བ་བྱས་པ་བླངས་ཏེ། འོ་མའི་རྒྱ་མཚོའི་དབུ་བ་ལྟར་དཀར་བའི་ཁ་བ་དང་ལྡན་པ་དང༌། བསིལ་བའི་རི་བོང་ཅན་གྱི་འོད་ཟེར་ཅན་གྱི་ཚོགས་བཞིན་དུ་སྤུངས་པར་བྱས་པ་དང༌། རྩེ་མོ་ཆེ་བ་ལས་ཀུན་ནས་འབབ་པའི་ཆུ་འཛིན་པ་དང༌། རླུང་གིས་རྣམ་པར་འདར་བའི་ཤིང་འདྲ་བ་དང༌། །གྲོག་དང༌། ཐང་ཤིང་དང༌། རི་རབ་མ་ཡིན་པ་ལྟ་བུའི་ཤིང་རྣམས་ཀྱང་ནགས་ཀྱི་རི་སུལ་བར་སྔོ་བ་དང༌། དམག་ཚོགས་ཀྱིས་ཀུན་ནས་སྐྲག་པར་རབ་ཏུ་འགྲོ་བའི་གཡག་གི་ཚོགས་ཀྱི་རྨིག་པས་མཚོན་པའི་ཕྱོགས་གཅིག་དང་ལྡན་པ་དང༌། ཤིན་ཏུ་རྒྱ་ཆེ་བ་དང༌། མཐོ་བ་དང༌། མིའམ་ཅི་དང༌། རིག་པ་འཛིན་པ་རྣམས་ཀྱི་བུད་མེད་ཀྱི་སྐྱེ་བོ་ཞུགས་པས་ལམ་གསུམ་ནས་འགྲོ་བའི་ཆུ་ཀུན་ནས་འཁྲུགས་པའི་ཁ་བ་དང་ལྡན་པའི་རི་རྒལ་ནས། རིམ་གྱིས་སྐྱོ་བ་མེད་པར་དམག་ཁྲིད་ཅིང་དུས་འགའ་ཞིག་འདས་པ་ལས། །ཤིན་ཏུ་རི་ཡི་ཆུ་རྣམས་ཀྱིས་ནི་དྲི་ཞིམ་པ་ལྡན་མེ་ཏོག་ཉེས་སྤྱོད་བྱིན་པ་ནི། །བ་དན་ཕྲེང་བ་རླུང་གིས་བསྒུལ་བར་བྱས་པ་རྣམས་ཀྱིས་ཚོང་དུས་ས་ནི་འདྲེས་པ་དང༌། །མི་བསྐྱོད་དེ་རིང་ཡོངས་ཤེས་སྐྱེ་བོ་རབ་ཏུ་དགའ་བས་རྟ་བབས་ཕྲེང་བ་བཅིངས་པ་ནི། །ལྷ་ཡི་བདག་པོ་བཞིན་དུ་ས་སྐྱོང་གྲོགས་པ་རང་གི་གྲང་ཁྱེར་དུ་ནི་འོངས་པར་གྱུར། །འབྲས་བུའི་འདོད་པ་མ་ཉམས་པ། །དོན་བསྒྲུབ་ཕྱིར་ནི་རབ་གནས་པའི། །སྐྱེས་པའི་རང་ཡུལ་འོངས་པ་ནི། །དགའ་བ་ཆེན་པོ་བྱེད་པ་ཡིན། །དེ་ནས་དུས་གཅིག་གི་ཚེ་ན་བཙུན་མོ་རི་རབ་ཀྱི་བུ་མོ་ལ་འགྲོ་བ་མ་ལུས་པ་ལ་ཕན་པའི་ཕྱིར་བྱང་ཆུབ་སེམས་དཔའ་མངལ་དུ་སྐྱེས་པར་གྱུར་ཏེ། མངལ་རྣམ་པར་འཕེལ་བས་ཀུན་ནས་འགྲམ་པ་སྐྱ་བ་འོ་མ་འཛིན་པའི་སྔོག་མ་སྔོ་བར་འབྱུང་ཞིང༌། ཤིན་ཏུ་ལྕི་བའི་མོའི་དབང་པོའི་ཁུར་བུས་འགྲོ་བར་མི་ནུས་པ་དེ་ལ་གྲོགས་མོའི་སྐྱེ་བོས་མངལ་གྱི་མཚན་ཉིད་དྲིས་པར་གྱུར་ཏོ། །དེ་ནས་ཡང་དང་ཡང་དུ་རྗེས་སུ་སྦྱར་བར་གྱུར་པ་འདི་ལྟར་སྨྲས་པ། ས་ཡི་བདག་པོའི་རི་བོང་ཅན་ལྟར་དཀར་བས་མཚན་མའི་གདུགས། །གལ་ཏེ་བདག་ལ་ཁྱད་པར་ཡིད་ལ་མངོན་དགའ་འཛིན་གྱུར་ན། །བཙོན་གང་གནས་པའི་སྐྱེ་བོ་གལ་ཏེ་འདིར་ནི་གཏོང་གྱུར་ན།།


DTG169_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་བདག་གི་ངག་གི་མཚན་ཉིད་འབྲས་བུ་དང་བཅས་འགྱུར། །དེ་ནས་རྒྱལ་པོ་དེ་བཙུན་མོ་ལ་མངལ་གྱི་མཚན་ཉིད་དེ་ཉེ་བར་ཐོས་ནས། །ཡིད་ངོ་མཚར་བ་དང་བཅས་པས་སུ་ཞིག་ཡང་འདི་མཐུ་ཆེན་པོ་དང་ལྡན་པ་བདག་གི་རིགས་ཀྱི་རྒྱུན་གྱི་རྒྱུ་མངལ་འདི་ལས་ཡང་དག་པར་སྐྱེས་པ་ཞེས་བྱ་བ་རྣམ་པར་ངེས་ནས་རང་གི་ཡུལ་ནས་བཙོན་གཏོང་བར་བྱེད་པར་གྱུར་ཏོ། །དེ་ཡང་མུ་ཏིག་གི་དྲ་བས་མངོན་པར་བརྒྱན་པར་བྱེད་པའི་གསེར་གྱི་ཡུ་བ་ཅན་འཛིན་པ་ཉིད་བཙུན་མོའི་མགོའི་སྟེང་དུ་གནས་པའི་གདུགས་མཐོང་ནས་མཆོག་ཏུ་ངོ་མཚར་བར་སོང་བར་གྱུར་ཏེ། །དེ་ནས་ས་སྐྱོང་སྲས་ནི་ཡིད་འོང་དེར་ནི་སྐྱེས་པ་ལ། །གཏེར་དང་འདྲ་བར་འོད་ཟེར་འདྲ་བས་ཀུན་ནས་འཕྲོ་བར་བྱེད། །གྲོང་ཁྱེར་དེ་ནི་ཀུན་ནས་མཛེས་པ་མཆོག་ནི་སོང་བ་སྟེ། །ནམ་མཁར་དང་པའི་འོད་ཅན་བསིལ་བའི་འོད་ཟེར་ཤར་བ་བཞིན། །བདག་ཉིད་ཆེན་པོ་དེ་ཡང་མཚན་ཉིད་ཐམས་ཅད་དང་ལྡན་པ། རིམ་གྱིས་ལང་ཚོའི་མཛེས་པས་འོད་ཀྱི་མཛེས་པ་ཉེ་བར་བསགས་གྱུར་པ། །བསྟན་བཅོས་ཐམས་ཅད་ཀྱི་ནང་དུ་བློ་སོང་བ་བློ་དང་ལྡན་པ་རྣམས་ཀྱི་མདུན་དུ་སོང་བ་གཟུགས་དང་ལྡན་པའི་བཟོད་པས་ཡིད་འཐད་པ་དང་འདྲ་བ། གཉེན་ལྟར་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །སྐྱེ་བོས་ཤིན་ཏུ་ལྕི་བའི་མངའ་བདག་ཉིད་མེད་པར། །ཤིན་ཏུ་གཞན་ལས་རྔན་ཅན་བཟོད་པར་འགྱུར་བ་སྟེ། །མངའ་བདག་ཉིད་ནི་ཡིད་ཀྱང་བརྟན་པའི་ཡིད་ཅན་ཏེ། །ཉེས་པ་བྱས་པའི་སྐྱེ་བོ་དེ་ཡང་དེ་བཟོད་འགྱུར། །ཡང་དག་མིན་པའི་རྣམ་རྟོག་རི་བོ་དབུས་སོང་བ། །ཡོན་ཏན་ཞིང་ནི་ཆེན་པོ་རྣམས་ལ་རྣམ་གཅོད་པ། དེ་ཡིས་ཁྲོ་བ་མཆེ་བ་གཉིས་པ་གནས་མིན་ཏེ། །ཡིད་ཀྱིས་བཟོད་པ་གཉའ་ངལ་ཅན་ནི་ཡོངས་སུ་འཛིན། །རྒྱུ་དང་མི་རྒྱུ་བཅས་པའི་འགྲོ་བ་སྣང་བྱེད་ཅིང༌། །རྣམ་དག་ཁྲོ་བ་མུན་པ་ཆེན་པོ་འབིགས་བྱེད་པ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ནི་མཚན་མོ་བྱུང༌། །ཤིན་ཏུ་བཟོད་པའི་ཟླ་ཚེས་རྣམ་པར་མཛེས་པར་གྱུར། །དེ་ནས་མི་སྐྱོང་རྒས་པས་དབང་པོ་ཉེར་གདུངས་པ། །ཡུལ་གྱི་བདེ་བ་ལས་ནི་འདོད་པ་ལོག་པ་ནི། །ཐོས་པའི་ངང་ཚུལ་ཚུལ་ལ་མཁས་པའི་སྲས་དེ་ནི། །དབང་བསྐུར་བྱས་ནས་ལྷ་ཡི་གནས་སུ་སོང་བར་གྱུར། །བྱང་ཆུབ་སེམས་དཔས་ཀྱང་ཡབ་ལས་ཀུན་ནས་འོངས་པའི་ཆོས་


DTG169_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱལ་སྲིད་རྗེས་སུ་བསྟན་ཅིང་འདི་ལྟར་བསམས་པར་གྱུར་ཏོ། །བདག་གི་ཕོ་བྲང་ན་ལྷའི་ཁ་ཟས་དང༌། གོས་དང༌། རྒྱན་ཆ་རྣམས་ཅི་ཞིག་ཅེས་བྱ་བ་འབྱུང་བར་གྱུར་ཅིག་ཅེས་བསམས་པ་དང༌། དེའི་མོད་ལ་དེའི་མངོན་པར་འདོད་པ་ཐམས་ཅད་དུ་བྱུང་བར་གྱུར་ཏོ། །མཛའ་བོ་རྣམས་ལ་ཡང་སྡོམ་ཆངས་གུས་པས་དགའ་བར་གྱུར་ཏེ། དེ་བས་ན་དགའ་བའི་སྡོམ་ཆངས་ཞེས་བྱ་བ་ཉིད་དེ་དང་རྗེས་སུ་མཐུན་པའི་མིང་འཇིག་རྟེན་ལ་གྲགས་པར་གྱུར་ཏོ། །དེའི་མཐུས་ཀྱང་རྔ་སྒྲའི་བརྒྱུད་པ་དེའི་ཡུལ་ན་གནས་པ་རྣམས་ཀྱི་ཁྱིམ་དང་ཁྱིམ་ན་མངོན་པར་འདོད་པའི་ལྷའི་ལོངས་སྤྱོད་རྣམས་འབྱུང་བར་འགྱུར་ཞིང༌། དེ་ནས་བློ་གྲོས་ངན་པ་ཞེས་བྱ་བའི་བློན་པོ་ངན་པ་རང་བཞིན་གྱིས་ཡིད་རྩུབ་པ་ཉིད་ཀྱིས་འདི་ལྟར་བསམས་པར་གྱུར་ཏོ། །ཇི་ལྟར་དགའ་བའི་སྡོམ་ཆངས་འདིའི་ཐབས་ཀྱིས་གཤིན་རྗེའི་ཁྱིམ་དུ་ཁྱེར་བར་བྱ་ཞེས་སྨྲས་ཏེ། དེ་ནས་སྐྱེ་བོ་འདི་བདག་ལ་དབང་དུ་སོང་བར་འབྱུང་བར་འགྱུར་ཞེས་ཟེར་རོ། །བསམ་དང་སྨྲ་བའི་ལས་རྣམས་ནི། །གང་གིས་རང་གཞན་ཉམས་པའི་ཕྱིར། །དུག་ཅན་སྦྲུལ་ལྟར་ཁྲོས་པ་དེ། །བྱིས་པ་རི་བོར་དོར་བར་བྱ། །དེ་ནས་གདུག་པའི་བདག་ཉིད་བློ་གྲོས་ངན་པས་རྒྱལ་པོ་རི་རབ་ལ་ཡིག་ཕྲིན་འདི་ལྟར་གཏོང་བར་གྱུར་ཏེ། །དགའ་བའི་སྡོམ་ཆངས་འདི་ནི་ཁྱེད་ཀྱི་དགྲའི་སྲས་ཏེ། དེ་བས་ན་འདི་ནི་ཐབས་སམ་རྣམ་པར་གནོན་པར་ངེས་པར་བསད་ནས་འཛམ་བུ་གླིང་ཐམས་ཅད་དུ་ལྷས་བདག་པོ་ཉིད་བྱེད་པར་གྱུར་ཏོ། །བདག་ཀྱང་ལྷའི་ཞབས་ཀྱི་དྲུང་ཉིད་དུ་སོང་བར་འགྱུར་ཞེས་ཟེར་རོ། །དེ་ནས་གདུག་པ་ཅན་གྱི་བློན་པོས་རབ་ཏུ་སྤྲོ་བ་བསྐྱེད་པའི་རྒྱལ་པོ་རི་རབ་དགའ་བའི་སྡོམ་ཆངས་ཅན་ལ་ཕོ་ཉ་བཏང་བར་གྱུར་ཏེ། ཕོ་ཉ་ཡང་དགའ་བའི་ཆང་བ་ཅན་དུ་ཉེ་བར་འོངས་ཏེ། རི་རབ་ཀྱི་ཕྲིན་འདི་ལྟར་མངོན་པར་སྨྲ་བར་གྱུར་ཏོ། །ཁྱེད་ཀྱི་ཡབ་ཀྱིས་འོངས་ཏེ་བདག་གི་སྐྱེ་བོ་འདི། །ནོར་ནི་འཕྲོག་པར་སྡུག་བསྔལ་ཅན་བྱས་ཏེ། །བདག་གི་སྟོབས་ནི་ཆེན་པོ་རྣམས་ཀྱི་ད་ལྟར་ནི། །ཁྱེད་ཀྱིས་ཀྱང་ནི་འདི་ལྟར་གནོད་པ་བཟོད་པར་གྱིས། །དེ་ནས་དགའ་བའི་སྡོམ་ཆངས་ཅན་གྱིས་ཕོ་ཉའི་ཚིག་ཉེ་བར་ཐོས་ནས། །གལ་ཏེ་རྒྱལ་པོ་རི་རབ་འདིར་འོངས་པར་གྱུར་ན་དེ་ནས་ཁོ་བོ་ཅག་གི་སྐྱེ་བོའི་


DTG169_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འདི་དེའི་མཆེ་བ་གཉིས་པ་རྣམས་ཀྱིས་ཀུན་གཅོག་བཞིན་པའི་སྐྱེད་མོས་ཚལ་དང༌། སྐྱེས་བུ་དྲག་པོ་རྣམས་ཀྱིས་རང་གི་ནོར་ཕྲོག་པ་འཐབ་མོའི་དུས་སུ་ཡང་མཚོན་ཆ་རྣོན་པོ་རྣམས་ཀྱིས་མི་དང་གླང་པོ་ཆེ་དང༌། རྟ་མང་བ་རྣམ་པར་ལྷུང་བཞིན་པའི་སྡུག་བསྔལ་ཆེན་པོར་འགྲོ་བར་འགྱུར་རོ། །དེ་བས་ན་འདི་འདིར་ཐོབ་པ་ཞེས་བྱ་བ་ངེས་པར་ཕོ་ཉ་དེ་ལ་སྨྲས་པ། །བྱིས་པ་བདག་གིས་བླ་མ་དེ་རྣམས་མངོན་པར་འགྲོ་བར་བྱ་བ་སྟེ། དེ་བས་ན་བདག་ཉིད་ཀྱིས་འོང་བར་བགྱི་ཞེས་བྱ་བ་ཞུ་བར་མཛོད་ཅིག །དེ་ལྟར་བྱའོ་ཞེས་བྱ་བ་དེ་ཡང་སོ་སོར་ཐོས་ཏེ། ཕོ་ཉ་དེ་འོངས་ནས་རྒྱལ་པོ་རི་རབ་ལ་དགའ་བའི་སྡོམ་ཆངས་ཅན་གྱི་ཕྲིན་སྨྲས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇིག་པའི་དུས་ཀྱི་རླུང་གི་སྟོབས་ཀྱིས་རྣམ་པར་འཁྲུག་པར་བྱས་པའི་ཆུའི་གཏེར་ལྟར་བརྟན་པའི་སྒྲས་མཆེ་བ་གཉིས་པའི་སྨྱོན་ཆུས་བསྒོས་པའི་ཕྱོགས་གཞན་དང་ཉིན་མོར་བྱེད་པའི་འོད་ཟེར་རྣམས་ཀྱིས་སྤྲོས་པའི་གོ་ཆ་དང་འཕེན་མདུང་གི་རྩེ་མོའི་འོད་ཟེར་དང་ལྡན་པ་དང༌། རླུང་གིས་བསྐྱོད་པའི་རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་རྣམ་པ་སྣ་ཚོགས་པའི་སྟོབས་ཀྱི་ཚོགས་ཆེན་པོས་ཡོངས་སུ་བསྐོར་བ་ལམ་གསུམ་འགྲོ་བའི་འགྲམ་དུ་ལྷག་པར་གནས་ཤིང་བློ་གྲོས་ངན་པ་ལ་འདི་སྐད་སྨྲས་པར་གྱུར་ཏོ། །སོང་ལ་བདག་གི་མེས་པོ་ལ་ཞུ་བ་གྱིས་ཤིག་ཅེས་ཟེར་རོ། །བླ་མ་བས་ཀྱང་ཤིན་ཏུ་བླ། །མཉེས་གཤིན་ངོ་བོ་གཉེན་དང་ནི། །རང་བཞིན་དག་པ་དག་ལ་ནི། །ཁྱེད་དང་ལྷན་ཅིག་ཅེས་མི་མཐུན། །དེ་ནས་གདུག་པའི་བདག་ཉིད་བློ་གྲོས་ངན་པ་དེ་ཡོངས་ནས་བསྒོ་བ་ཞུས་པའི་ཞུགས་པ་རྗེས་སུ་གནང་བ་སྟན་ཡོངས་སུ་འཛིན་པར་བྱས་པ་དབེན་པར་རྒྱལ་པོ་རི་རབ་ལ་མི་བདེན་པའི་ཚིག་རྣམས་ཀྱིས་སྦྱོར་ཞིང་འདུག་གོ །རྒྱལ་པོ་ཆེན་པོ་དགའ་བའི་སྡོམ་ཆངས་ཀྱི་ཕྲིན་གསོན་ཅིག་ཅེས་ཟེར་རོ། །བདག་ནི་རྩེ་གཅིག་པ་ཞེས་བྱ་བ་རྒྱལ་པོ་རི་རབ་ཀྱིས་སྨྲས་པ་ལ་བློ་གྲོས་ངན་པས་སྨྲས་པ། འཇིག་པ་ལ་མངོན་པར་ཕྱོགས་པའི་བློ་ཅན་བདག་ཉིད་མི་ཤེས་པ་དགའ་བའི་སྡོམ་ཆངས་ལྷ་ལ་འདི་ལྟར་མངོན་པར་སྨྲ་བ་སྟེ། ཅི་ལྟར་ཞེ་ན། གཉའ་རལ་ཅན་བཞིན་ང་རྒྱལ་མཐོ་བ་དག་ལ་ནི། །གློ་བུར་གང་གཱའི་འགྲམ་དུ་ཀུན་ནས་འོངས་པ་ལ། །ཕྱོགས་རྣམས་ཉེ་བར་མཐོང་སྟེ་


DTG169_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་བའི་ལུས་ཅན་ནི། །རི་དགས་འཇིགས་པ་བཞིན་དུ་ཁྱོད་ནི་ཅི་ཕྱིར་གནས། །འདི་ལྟར་བདག་ལ་དགའ་བའི་སྡོམ་ཆངས་པས་ང་རྒྱལ་དང་བཅས་པས་ཇི་ལྟར་ཕྲིན་བྱས་པ་དེའི་ཕྱིར་ཤིན་ཏུ་རྒྱལ་པོ་རི་རབ་ལ་ཁྲོ་བའི་སྲེག་ལུགས་འཛིན་པ་ཡིད་ལ་འབར་བར་གྱུར་ཏོ། །རྒྱལ་པོ་རི་རབ་ཀྱང་ཁྲོས་པ་མཐོང་ནས་སླར་བློ་གྲོས་ངན་པས་སྨྲས་པ། ལྷ་ལགས་དགའ་བའི་སྡོམ་ཆངས་ཅན་ཁྱེད་ལ་གནོད་པ་ཆུང་བ་ཡང་བྱེད་པར་ནུས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྟོབས་དང་ལྡན་ལ་དུས་མེད་པར་ནི་མངོན་སོང་ཞིང༌། །སྟོབས་ཆུང་ངེས་པར་རྣམ་པར་འཇིག་པར་འགྲོ་བ་སྟེ། །བུད་ཤིང་གིས་སྦར་འོད་ནི་འཕྲོ་བ་འདུལ་བ་ཡི། །རྒྱལ་མཚན་ལ་ནི་བདག་ཉིད་གསད་ཕྱིར་དཔེ་ཆག་ལྟུང༌། །དེ་ནས་རྒྱལ་པོ་རི་རབ་གླང་པོ་ཆེ་དང༌། རྟ་དང༌། ཤིང་རྟ་དང༌། རྐང་ཐང་གི་ཚོགས་གོ་ཆ་དང་བཅས་པས་ཡོངས་སུ་བསྐོར་བ་འཐབ་མོ་མངོན་པར་འདོད་པ་དགའ་བའི་སྡོམ་ཆངས་ཅན་གྱི་དམག་ཚོགས་དང་ཉེ་བར་གནས་པར་གྱུར་ཏོ། །དགའ་བའི་སྡོམ་ཆངས་ཅན་ཡང་བསྐུལ་བ་རྣམས་འཕངས་པས་ཤུགས་བསྐྱེད་པ་ལྷའི་གཞལ་ཡས་ཁང་དང་རྗེས་སུ་འདྲ་བའི་གྲུ་ཆེན་པོ་ལ་ལྷག་པར་གནས་ནས། ཉེ་བར་གླུ་ལེན་བཞིན་པའི་མཐུན་བའི་སྐྱེས་བུ་རྣམས་ཀྱིས་ཡོངས་སུ་བསྐོར་བ་གང་གཱའི་ཆུ་ལ་རྩེ་བ་ཉམས་སུ་མྱོང་ཞིང་ཞུགས་ནས་ཁྲུས་བྱས་ཏེ། རྗེས་སུ་བྱུག་པ་བཟའ་བའི་དུས་སུ་རྔ་སྒྲ་བྱས་པར་གྱུར་ཏེ། །དེ་ནས་རྔ་ཡི་སྒྲ་དེས་ཕྱོགས་ཀྱི་སྒོ་རྣམས་ནི། །ཀུན་ནས་བཀང་སྟེ་རིང་པོར་རྣམ་པར་འགྲོ་བཞིན་པ། །གདུག་པའི་སྤྲིན་རྣམས་ཀྱིས་ནི་སྒྲ་དང་མཉམ་པ་ནི། །དོགས་མེད་རི་རབ་ཀྱི་ནི་རྣ་བར་ཁྱབ་པར་གྱུར། །དེ་ནས་རྒྱལ་པོ་རི་རབ་འཁྲུགས་པ་དང་བཅས་པར་བློ་གྲོས་ངན་པ་ལ་སྨྲས་པ། ད་ལྟ་ནི་དགའ་བའི་སྡོམ་ཆངས་ཅན་འདི་ཅི་ཞིག་བྱེད་འདོད་པར་གྱུར་ཞེས་ཟེར་རོ། །བློ་གྲོས་ངན་པས་གསོལ་བ། །དགའ་བའི་སྡོམ་ཆངས་ཅན་ནི་ད་ལྟར་རྔའི་སྒྲས་ལྷའི་ཁ་ཟས་དང། བཏུང་བ་བསྐྱེད་ནས་ནང་འཁོར་གྱི་སྐྱེ་བོ་དང་ལྡན་ཅིག་བཟའ་བར་འདོད་པ་ཞེས་བྱ་བའོ། །རྒྱལ་པོ་རི་རབ་ཀྱིས་སྨྲས་པ། གང་གི་བསོད་ནམས་ཀྱི་མཐུ་འདི་ཞེས་བྱ་བ་ཅི་ལྟར་བདག་ཉེ་འཁོར་དང་བཅས་པའི་སྟེང་དུ་འབར་བའི་ཐོག་ཇི་ལྟར་ལྟུང་བར་བྱེད་པར་འགྱུར་ཞེས་ཟེར་རོ། །ངེས་པར་བདག་


DTG169_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་གི་ཚའུ་འདི་བཟོད་པ་དང་ཡོངས་སུ་དྲིས་པས་བདག་ལ་ཉེ་བར་དྲིས་པར་བྱེད་དོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ། བློ་གྲོས་ངན་པ་འདི་ལྟར་ཞེས་བྱེད་ཀྱི། །གནས་ལ་དོན་དམ་བློ་ངན་གྲགས་པ་སྟེ། །གང་ཞིག་འདི་ལྟར་ཆེན་པོ་ས་དབང་དང༌། །བདག་ལ་མི་མཐུན་པ་ནི་བྱེད་པ་ཡིན། །དེ་ནས་དགའ་བའི་སྡོམ་ཆངས་ཅན་དོགས་པ་དང་བཅས་པར་སོང་བ་རྣམས་ལས་རྒྱལ་པོ་རི་རབ་ཉེ་བར་དམིགས་ནས་ཐབས་དང་བཅས་པར་འདི་ལ་བདག་གིས་རྗེས་སུ་གཟུང་བར་བགྱི་ཞེས་བྱ་བ་རྣམ་པར་བསམས་ནས། སྐྱེ་བོའི་གཏམ་འདི་ལྟར་ཡུལ་དེ་ལ་གསང་བའི་སྐྱེས་བུ་རྣམས་ཀྱིས་རབ་ཏུ་སྒྲོག་པར་བྱེད་ཅིང་གནས་ཏེ། གལ་ཏེ་ཁྱེད་ནི་རྨོངས་པས་བདག་དང་ལྷན་ཅིག་མཐུན་མི་བྱེད། །དེ་ནས་བཟོད་པ་སྤངས་ཏེ་ཁྲོ་བ་དང་ནི་ངེས་འབྲེལ་བདག །མེ་འོད་རྣམས་ཀྱིས་སྣང་བར་བྱས་པའི་ཕྱོགས་ཀྱི་སྒོ་ཡི་མཐའ། །ཟབ་པའི་དབྱངས་ཅན་ཐོགས་འོངས་ནས་ནི་བདག་གིས་ཁྱེད་ལ་འཕང་བར་བྱ། །དེ་ནས་རྒྱལ་པོ་རི་རབ་གཏམ་དེ་ལ་ཉེ་བར་དམིགས་ནས་དགའ་བའི་སྡོམ་ཆངས་ཅན་དང་ལྷན་ཅིག་ཏུ་མཐུན་པར་བྱས་པར་གྱུར་ཏེ། དགའ་བའི་ཆངས་པ་ཅན་ཡང་རྒྱལ་པོ་དེ་རང་གི་གནས་སུ་འོངས་ནས་ཆོ་ག་བཞིན་དུ་བཀུར་སྟི་བྱས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེ་རི་རབ་ཀྱིས་དགའ་བའི་སྡོམ་ཆངས་ཅན་ལ་འདི་ལྟར་རྣམ་པ་མང་པོས་རབ་ཏུ་བསྔགས་པར་བྱས་ཏེ། བུ་ལེགས་སོ་ལེགས་སོ། །དམ་པ་རྣམས་ནི་རང་གི་ཡོན་ཏན་གསང་བར་བྱེད། །བདེ་ལེགས་མདུན་དུ་བྱས་པ་ཁྲེལ་ནི་ཤེས་པ་རྣམས། །དེ་ལྟ་ན་ཡང་ཁྱེད་ནི་མདུན་དུ་བདག་གིས་བསྟོད། །ནན་གྱིས་བདག་གི་ཡིད་ནི་རོ་ལྡན་ཉིད་ཀྱིས་ཕྲོགས། །ཁྱེད་ཀྱི་ཡོན་ཏན་ལམ་ལ་བརྟེན་ནས་བདག་གི་ནི། །ཕྲད་པར་འདོད་ཕྱིར་སྨྲ་བར་འདོད་པ་སོང་བ་ལ། །རྒྱས་པའི་ལྷན་ཅིག་བྱེད་པའི་སྙེ་མ་རྣམས་མཐོང་ནས། །ཇི་ལྟར་བུང་བ་མི་སྨྲ་བར་ནི་འདུག་པར་གྱུར། །ཨེ་མ་ཁྱོད་ཀྱི་ཡོན་ཏན་ལམ་ལ་བརྟེན་ནས་བདག་གིས་ནི། །རྒྱ་མཚོའི་མཐར་ཐུག་ཕྱོགས་ཀྱི་བུད་མེད་རྣམས་ནི་བརྒྱན་པར་བྱེད། །ས་འདི་ཁྱེད་ཀྱི་གྲགས་པའི་གོས་ནི་འཛིན་པ་ནི། །རང་གི་དཔལ་གྱིས་མཐོ་རིས་ལ་ནི་དགོད་བྱེད་འདྲ། །ཆེན་པོ་ཉིད་དང་དཀར་བ་ཉིད་ཀྱིས་ཡང་དག་གནས། །འགྲོ་བ་གཞན་ནི་ཡོན་ཏན་འདས་ནས་ཁྱེད་ཡོན་ཏན།།


DTG169_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བོའི་རླབས་ནི་ཅུང་ཟད་མཐོང་བ་འདྲ་བ་ནི། །འོ་མའི་རྒྱ་མཚོའི་རླབས་ནི་ཀུན་ནས་དགོད་པ་སྟེ། །འགྲོ་བར་བྱེད་པའི་ལྟ་བའི་མུན་པ་འཇོམས་པར་བྱེད། །རང་གི་བློས་ནི་བློ་ཡི་ཀུ་མུ་ཏ་ནི་སད་བྱེད་པ། །དམ་པའི་ཆོས་ཀྱི་འོད་ཀྱི་དཀྱིལ་འཁོར་རྣམས་རྒྱས་པ། །ཁྱེད་ནི་ཡེ་ཤེས་རང་བཞིན་མཚན་མོ་བྱེད་ལངས་པ། །ཁྱེད་ནི་མེད་པས་འབྱུང་བ་ཉིད་དུ་རློམ་པ་སྟེ། །བདུན་པ་མུན་པ་དང་ལྡན་ཉིད་ནི་འདུན་ས་མཁས། །ཁྱོད་ནི་ཡོན་ཏན་འོད་གསལ་གནས་པ་དེ་ཉིད་ནི། །མར་མེ་བཏང་བ་བཞིན་དུ་རྣམ་མཛེས་གྱུར། །རང་གི་མཛེས་པས་ཟླ་བའི་དཀྱིལ་འཁོར་ངོ་མཚར་བྱས། །ས་ཀུན་པདྨའི་རྩ་ལྡན་རྣམ་པར་ཞུགས་བྱས་ནས། ཕ་རོལ་མེད་པའི་ཕ་རོལ་འདི་ནི་ཡོངས་འཁོར་བའི། །ཁྱོད་ཀྱི་གྲགས་པ་ངང་པའི་ཚོགས་དང་འདྲ་བར་བྱེད། །ཉི་མ་དང་ནི་རི་བོང་འཛིན་པའི་འོད་ཟེར་ལྡན་མཐོང་ནས། །མེ་ཆུས་ཉི་མ་ཟླ་བའི་ནོར་བུ་དག་ནི་སྤྲུལ་བྱེད་པ། །རྒྱུ་ཡི་རིམ་པ་མེད་པར་འབྲས་བུ་སྐྱེ་བ་མེད་པ་སྟེ། །ཁྱོད་ནི་འདི་གཉིས་དོར་ནས་གཞན་གྱི་དོན་ལ་འབད་པར་མཛད། །དེ་བས་ན་བདག་གི་དོན་དང་བཅས་པ་སྟེ་གང་གི་བདག་ལ་ལྷ་ལས་བྱུང་བའི་མཐུ་དང་ལྡན་པ་འདི་ལྟ་བུ་བུ་མོའི་བུ་སྐྱེས་སོ་ཞེས་ཟེར་རོ། །བྱང་ཆུབ་སེམས་དཔས་ཀྱང་རང་བཞིན་གྱིས་དྲག་པོའི་ཡིད་ཅན་བློ་གྲོས་ངན་པ་ལ་ཡང་གདུག་པའི་བདག་ཉིད་དེ་བཟོད་པར་བྱས་པ་ཉིད་དེ། །དེ་ནས་རི་རབ་གུས་པ་ཆེན་པོས་གུས་པར་བྱས་ནས་ནི། །ཆོས་ལྡན་ལམ་ལ་སྐྱེ་བོ་དེ་ནི་བཅུག་ནས་བརྟན་པ་སྟེ། རླུང་གིས་གདུངས་པའི་འགྲོ་གའི་ཤིང་ཆེན་ཁ་བ་ཅན་གྱི་རི། །རྒལ་ནས་ཀུན་ད་ལྟར་དཀར་རང་གི་གྲོང་ཁྱེར་སོང་བར་གྱུར། །དེ་ནས་བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔར་གྱུར་པ་ན་གནོད་པ་བྱས་པ་རྣམས་ལ་ཡང་བཟོད་པ་ལྷོད་པར་མ་མཛད་ཏོ་ཞེས་བྱ་བ་རྣམ་པར་བསམས་ནས་ཁྱེད་ཅག་རྣམས་ཀྱིས་བཟོད་པ་བསྒོམས་པས་བདག་ཉིད་དག་པར་བྱ་ཞེས་བྱ་བའོ། །དགའ་བའི་སྡོམ་ཆངས་ཅན་ཞེས་བྱ་བའི་སྐྱེས་རབས་ཏེ་སྐྱེས་པའི་རབས་བརྒྱད་པའོ།། །།གང་ཞིག་བཟོད་པའི་འབྲས་བུ་ཤེས་པ་སྟེ། །འདོད་ཆགས་ལ་སོགས་ཞི་བ་རྗེས་འདོད་ཅིང༌། །དགྲ་བོས་མཚོན་འདེབས་པ་ལ་བཟོད་པ་ནི། །བརྟན་པ་དེ་ཉིད་བྱེད་པར་འགྱུར་བ་ཡིན། །འདི་ལྟར་རྗེས་སུ་ཐོས་ཏེ། རྣམ་པ་སྣ་ཚོགས་


DTG169_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤིང་གི་མེ་ཏོག་རྣམས་ཀྱི་དྲིས་བསྒོས་པའི་ཕྱོགས་ཀྱི་བར་དང༌། ཆུ་བོ་རི་བའི་ཆུས་བཀྲུ་བར་བྱས་པ་རྒྱ་ཆེ་བའི་བར་ཅན་བྲག་གི་དཀྱིལ་དང༌། རླུང་གིས་བསྐྱོད་པའི་འོད་མའི་ཚལ་གྱི་འདབ་མ་ཤོད་ཤོད་སྒྲའི་སྐྲག་པས་རི་དགས་ཀྱི་རྣ་བ་བསྐྱོད་པར་བྱས་པ་དང༌། འགའ་ཞིག་ཏུ་མེ་རབ་ཏུ་སོང་བ་ཉིད་ཀྱིས་བྱའི་ཚོགས་འཕུར་བ་དང༌། འགའ་ཞིག་ཏུ་སྔོན་པོའི་བུད་མེད་ཀྱི་མཐོན་པོ་ལ་གནས་པའི་སྤྲིན་དཀར་པོའི་གྲིབ་མས་འོག་གི་ཆ་སྔོ་བར་བྱས་པ་དང༌། འགའ་ཞིག་ཏུ་གླང་པོ་ཆེའི་ཚོགས་ཀྱིས་ཤིང་གཅོག་པར་བྱས་པའི་དྲིས་རི་སུལ་བར་མ་དྲི་ཞིམ་པར་བྱས་པ་དང༌། འགའ་ཞིག་ཏུ་སྔོན་པོའི་བུད་མེད་ཀྱི་སྐྱེ་བོས་ལྷུང་ཞིང་བར་ཆད་པ་རྨ་བྱའི་མདོངས་སྒྲོ་ཀུན་ནས་བཏུད་བཞིན་པ་དང༌། ཟླ་བའི་འོད་ཟེར་གྱི་དྲི་མ་མེད་པའི་ཆུ་རབ་ཏུ་འཛག་པ་དང༌། །གཞན་དུ་དཀའ་ཐུབ་པའི་བུ་མོའི་ཚོགས་ཀྱིས་བཟུང་བར་གྱུར་པའི་མེ་ཏོག་གི་ལྗོན་ཤིང་གི་མེ་ཏོག་རྣམས་ལ་ཀུན་ནས་འཁོར་བའི་བུང་བའི་ཚོགས་ཀྱིས་ཉེ་བར་གླུ་བླངས་པ་དང༌། ནེ་ཙོ་ལྟར་སྔོ་བའི་རྩྭས་སའི་སྟེང་དགའ་བར་བྱས་པའི་རི་བོ་འབིགས་བྱེད་ཀྱིས་འཛིན་ལ་སྟོན་ཀའི་ཆུ་འཛིན་གྱི་རྣམ་པ་དང༌། ལུས་ཆེ་བ་ལྟོ་འཕྱེ་ལྷག་མའི་ལུས་དང་འདྲ་བའི་སྣ་དང་ལྡན་པ་དང༌། པདྨ་ལྟར་དམར་བའི་སྣའི་ནང་དང༌། མོན་ལུག་སར་པ་ལྟར་དྲི་ཞིམ་པའི་སྨྱོན་ཆུའི་རི་མོས་མགྲིན་པ་སྔོ་བ་དང༌། ལེགས་པར་གནས་པའི་སེན་མོ་དང༌། རྐང་པ་ཅན་གསེར་དང༌། དངུལ་གྱི་བུམ་པའི་རྣམ་པ་ཅན་གྱི་དཔྲལ་འབུར་ལྡན་པ་དང༌། བཟོད་པའི་ལྕགས་ཀྱུས་ལམ་དུ་འགྲོ་བ་བཟློག་པར་བྱས་པ་དང༌། ཡོན་ཏན་ཐམས་ཅད་ཀྱི་གནས་པ་དང་འདྲ་བ་བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་མཆེ་བ་དྲུག་པ་གླང་པོ་ཆེའི་ཚོགས་ཀྱི་བདག་པོ་བྱུང་པར་གྱུར་ཏོ། །ཟླ་བའི་འོད་ཟེར་ལྟར་དཀར་ཚོགས་ཀྱི་བདག་པོ་དེ་མཛེས་ཏེ། །མུ་ཏིག་གིས་ནི་ལྷག་པར་དཀར་བའི་སོ་ཅན་དཔྲལ་འབོར་ཆེ། །སྔོན་པོ་སྤུང་བར་བྱས་པ་གར་གྱི་དུས་སུ་ཕྱུགས་བདག་གི །རྒོད་པ་ཆེན་པོ་མཚན་མོ་རྗེས་སུ་མཐུན་པར་འཕྲོག་བྱས་འདྲ། །རླུང་གིས་གདུངས་པའི་ཀུ་མུ་ཏ་རྣམས་ཡང་དག་སྤྲུལ་བྱེད་ཅིང༌། །ཟེའུ་འབྲུའི་ཆ་ཡིས་ཀུན་ནས་སེར་བར་བྱས་པའི་གེ་སར་ཅན། །ཡལ་ག་ཅན་རྣམས་ཁ་ཡི་རིས་ལྟར་དཀར་བ་གླང་དབང་སྟེ། །གུས་པས་བུང་བའི་སྒྲ་ཡིས་མངོན་པར་སྟོད་


DTG169_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་འདྲ། །ཡལ་ག་ཅན་རྣམས་མེ་ཏོག་རིང་ནས་སྤང་བྱས་ཏེ། །འདབ་མ་བསྐྱོད་པའི་པདྨ་རྣམས་ཀྱང་དེ་བཞིན་དུ། །དེ་ཡི་འགྲམ་པ་སྨྱོན་ཆུས་གོས་པར་བྱས་པ་ཡིན། །རིམ་གྱིས་དགའ་བ་བུང་བ་རྣམས་ནི་འོངས་པར་གྱུར། །བར་ནི་བྲལ་བ་ཚོ་བའི་འགྲམ་པས་མཛེས་པ་ནི། །ཀུན་ནས་ཕྱོགས་ཀྱི་སྒོ་ཡི་བར་ནི་བསྒོས་བྱས་པ། །སྨྱོན་ཆུ་རིམ་གྱིས་འཐུང་ཞིང་ཚོགས་ནི་འཛིན་པ་དེས། །བུང་བ་རྣམས་ནི་རྣ་བའི་གཡོ་བས་ཟློག་མི་བྱེད། །ཡིད་འཕྲོག་རྒྱུན་ནི་མི་འཆད་པ། །རབ་མཆོག་སློང་མོ་པ་ལྟར་ནི། །རྐང་དྲུང་དེ་ལས་སྨྱོན་ཆུ་ནི། །སྦྱིན་བདག་ལྟར་ནི་འཛིན་པར་གྱུར། །ཚོགས་ཀྱི་བདག་པོ་དེས་ཀྱང་རི་བོ་འབིགས་བྱེད་ལ་ཀུན་ནས་བརྟེན་པ་གསེར་གྱི་རི་བོ་ལས་ཀྱང་བདག་ཉིད་མངོན་པར་ལྷག་པར་སེམས་པར་གྱུར་ཏོ། །གླང་པོ་ཆེའི་ཚོགས་དེ་ཡང་ངེས་ཡང་དག་པར་ཀུན་ནས་སྐྱོང་བར་བྱས་པ་དང༌། རྒྱལ་པོ་དང་ལྡན་པ་འདྲ་བར་རྒྱལ་སྲིད་འཕེལ་བར་གྱུར་ཏོ། །བཟང་མོ་དང་ནི་ཤིན་ཏུ་བཟང༌། །དེ་ཡིས་སེམས་བཟང་རང་བཞིན་གྱིས། །བཟོད་མ་དགའ་བ་དགའ་མོ་ནི། །གླང་མོ་གཉིས་ནི་བྱུང་བར་གྱུར། །དེ་ནས་དུས་གཅིག་གི་ཚེ་ན་རླུང་གིས་བསྐྱོད་པའི་བ་དན་ལྟར་འཁྱོག་པ། གློག་གི་ཡལ་ག་ཀུན་ནས་འཕྲོས་པ་ལྟར་ཀུན་ནས་ཕྱེ་བའི་རྒྱ་ཆེ་བའི་མིག་དང་ལྡན་པ་དང༌། ཆུ་འཛིན་པས་ལྕི་བའི་ཆུ་འཛིན་པའི་འབྲུག་གི་སྒྲས་ཀུན་ནས་སྐྲག་པ་འདར་བའི་ཡན་ལག་དང་ལྡན་པ་དང༌། སྲབ་པའི་དཔུང་པའི་ཡལ་ག་འཕངས་པས་ཀུན་ཏུ་མཐོང་ཞིང་ལྕི་བའི་འོམ་འཛིན་པ་དང་ལྡན་པ་དང༌། རལ་གྲིའི་འོད་ཀྱིས་སྣང་བར་བྱས་པའི་ལག་པ་གཡས་པ་དཔག་བསམ་གྱི་ཤིང་གི་རྣམ་རྟོག་སྣོམ་པའི་དགའ་པོ་དེ་ལ་འཁྱུད་པར་བྱེད་པ་དང༌། རྣ་བའི་ཨུཏྤལ་ལྟུང་བ་དང༌། ལྷོད་པའི་སྐྲ་ལོས་དཔུང་པའི་ཕྱོགས་བཀབ་པ་དང་རླུང་གིས་བསྐྱོད་པའི་སྟེང་གི་གོས་འཛིན་པར་བྱེད་པ་དང༌། འཕྲོས་པའི་རྒྱན་གྱི་ནོར་བུ་རྣམས་ཀྱི་འོད་ཟེར་གྱིས་ལུས་ཀྱི་སྲོག་ཤིང་སྣང་བར་བྱས་པ་དང༌། ནམ་མཁའ་ལ་འགྲོ་བའི་རིག་པ་འཛིན་པ་ལ་ཟེའུ་འབྲུ་བཞིན་དུ་འཇམ་པའི་ལག་པ་ལས་པདྨ་ཆེན་པོ་སར་པ་དྲིས་ཕྱོགས་རྣམས་ཀྱི་པར་གྱི་དྲི་ཞིམ་པར་བྱས་པ་དང་པུང་པའི་ཚོགས་ཀྱིས་ཀུན་ནས་གླུ་བླངས་པ་དང༌། གསེར་གྱི་ཁབ་དང་འདྲ་བ་གེ་


DTG169_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སར་དང་ལྡན་པ་དང༌། ཤིང་རྟའི་འཁོར་ལོའི་ཚད་ཅན་བ་གླང་ལྟར་སེར་བའི་རོ་དང་ལྡན་པ་དང༌། མཚོ་མ་ཕང་ལས་ཡང་དག་པར་བྱུང་བ་ཀུན་ནས་ལྷུང་བ་ནགས་ཀྱི་རི་དེ་ལ་གཅིག་པུར་གནས་པའི་གླང་པོའི་བདག་པོ་དེའི་མདུན་དུ་ལྷུང་བར་གྱུར་ཏོ། །པདྨ་དེ་ཡང་བླངས་ནས་དེས་འདི་ལྟར་བསམས་སོ། །བཟང་མོ་དང་ཤིན་ཏུ་བཟང་མོ་བདག་གི་ཆུན་མ་ལས་གང་ཞིག་དང་པོ་འོངས་པར་གྱུར་པ་དེ་ལ་བདག་གི་བཀའ་དྲིན་སྦྱིན་པར་བྱའོ་ཞེས་ཟེར་ཏེ། ཀུན་ནས་འཁོར་བའི་བུང་བའི་ཚོགས་ཀྱིས་ནང་ཁྱབ་པ། །དྲི་ཞིམ་ཟེའུ་འབྲུས་རྣམ་པར་ཁྱབ་པའི་གེ་སར་ཅན། །འདི་ནི་དགོད་ཅིང་ཡིད་འོང་འདབ་མའི་ཆོགས་ལྡན་པ། །དགའ་བས་པདྨ་ཆེན་པོ་རབ་ཏུ་སྦྱིན་པར་བགྱི། །དེ་ནས་ཤིན་ཏུ་བཟང་མོ་དང་པོར་འོངས་བ་ལ་གསེར་གྱི་རང་བཞིན་གྱི་ཆུ་སྐྱེས་དེའི་གླང་པོའི་བདག་པོ་དེས་བྱིན་པར་གྱུར་ཏོ། །དེས་ཀྱང་དེ་མནོས་ནས་གུས་པ་དང་བཅས་པར་མགོ་བོ་ལ་བཏགས་ཏེ་འདུག་གོ །ཕྱིས་བཟང་མོ་ནི་ཀུན་ནས་ཉེ་བར་འོངས་ནས་ཤིན་ཏུ་བཟང་མོའི་དཔྲལ་འབུར་གཉིས་ཀྱི་དབུས་ན་གནས་པའི་པདྨ་དེ་མཐོང་ནས་ངེས་པར་ཆུ་སྐྱེས་འདི་བདག་ལ་བརྙས་པར་བྱེད་ཅིང་ཆུན་མ་འདི་ལ་ཚོགས་ཀྱི་བདག་པོས་བྱིན་ནོ་སྙམ་དུ་བསམས་ནས། མཆོག་ཏུ་ཕྲག་དོག་སྐྱེས་པས་མཆེ་བ་གཉིས་ཀྱི་བདག་པོ་དེ་སྤངས་ནས། །གཞན་གྱི་རྣམ་པར་གནས་པར་གྱུར་ཏོ། །དེས་ནི་གང་གི་ཞག་ལ་མཆེ་བ་གཉིས་པ་བྱིན་པས་མཐོང༌། །དཀར་པོ་དྲི་ནི་ཞིམ་པ་པདྨ་ལ་ཕྱེ་ཆུན་མ་ལས། །དེར་ནི་ཕྲག་དོག་གིས་ནི་ཀུན་བཟུང་རྩྭ་ནི་ཟ་མི་འགྱུར། །སྒོམ་པས་ཀྱང་ནི་གཟུགས་ནི་ཟོས་པས་ཆུ་ནི་འཐུང་མི་འགྱུར། །དམ་མིན་རྣམ་རྟོག་དགང་ལུགས་ཀྱིས། །ཡིད་བཅས་སྐྱེ་བོ་སུ་ཞེས་བྱ། །ཕྲག་དོག་མེ་ལྕེ་འབར་བ་ཡིས། །བདག་ཉིད་བསྲེག་ཕྱིར་སུ་ཞེས་འཕེལ། །གང་ཞིག་ལམ་མིན་མི་འགྲོ་བ། །གང་གིས་ཕྲག་དོག་ལྟོ་འཕྱེ་མོ། །ཡིད་ཀྱི་ཁྱིམ་ལ་ལྷག་གནས་མིན། །རྟག་པ་དེ་རྣམས་བདེ་བར་ཉལ། །དེ་ནས་བཟང་མོ་རི་བོ་འབིགས་བྱེད་ཀྱི་བྲག་གི་དབུས་ན་ཤིང་གི་གྲིབ་མས་བཀག་པར་སྐྱིལ་མོ་ཀྲུང་རྣམ་པར་བཅིངས་ཏེ། བསམ་གཏན་གྱི་གཡོ་བ་མེད་པའི་མིག་མྱོས་པའི་ཤང་ཤང་ཏེའུའི་མིག་ཀུན་ནས་བྲིས་པ་དང་འདྲ་བ། ཆོས་གོས་དམར་པོ་ཡན་ལག་ལ་གཡོགས་པའི་རང་སངས་རྒྱས་མཐོང་


DTG169_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མཚོ་ནས་ཀུ་མུ་ཏ་རྣམ་པར་བླངས་ནས་མཆོད་ཅིང་འདུག་གོ །དེ་ནས་འཕངས་ནས་མངོན་པར་བཀག་པ་བསྒོམ་པས་ཉི་མ་དེ། །ཀུ་མུ་ཏ་ཡི་ཕྲེང་བ་དེ་རྣམས་ཀྱིས་ནི་ཐུབ་པ་མཛེས། །ཀུན་ནས་སྣང་བར་རིམ་མིན་འོད་ཟེར་སྣང་བའི་ཡན་ལག་ཅན། །ཐུན་མཚམས་ཆུ་ནི་འཛིན་པ་ལྟར་ནི་སྟེང་དུ་སྐར་མ་ཡིས། །དེ་ནས་གླང་མོ་དེ་རི་བོ་འབིགས་བྱེད་ཀྱི་འགྲམ་དུ་གནས་ཏེ། རང་སངས་རྒྱས་མཆོད་པའི་དགེ་བའི་རྩ་བ་འདི་ལས་གང་ཞིག་འབྲས་བུ་འབྱུང་བ་དེས་བདག་སྤོས་ཀྱི་གླང་པོ་འདི་གསད་པའི་ཕྱིར། རྒྱལ་པོའི་བཙུན་མོར་གྱུར་ཅིག་སྙམ་དུ་རྣམ་པར་བསམས་ནས་བདག་ཉིད་ལྕེབས་པར་གྱུར་ཏོ། །ལུས་ལྕི་བས་ཤིང་གི་ཡལ་ག་ཀུན་ནས་ཆག་པ་དེ་ལྷུང་བའི་སྒྲ་ཐོས་ནས། རྨ་བྱ་རྣམས་རབ་བསྐྱོད་པའི་མདོངས་སྒྲོ་ཅན་ནི་འཕུར་བ་སྟེ། །སྟག་ནི་རབ་ཏུ་ཉལ་ཞིང་ལྟ་བ་ཀུན་ནས་ཕྱེ་བར་གྱུར། །ཀུན་ནས་སྐྲག་པའི་རྩྭ་ཡི་བཟའ་བ་རྣམས་སྤངས་ནས། །རྣ་བ་གྱེན་སོང་རི་དགས་ཚོགས་ནི་འཁྲུག་པར་བྱུང་བར་གྱུར། །དེ་ཡང་དུས་བྱས་ནས་རྒྱལ་པོ་གཞན་དག་ལ་སྐྱེ་བ་དྲན་པའི་བུ་མོ་བཅས་པར་གྱུར་ཏོ། །ཅུང་ཟད་སྐྱེས་བཞིན་པའི་ཁ་མ་བྱེ་དེ་རི་མོ་གསུམ་གྱི་རིམ་པའི་སྐས་ཀྱི་ཕྲེང་བ་ལ་ལྷག་པར་འཛེག་པས་ངལ་བ་སྐྱེས་པ་དང་འདྲ་བའི་ལང་ཚོ་སར་པའི་བཟོ་བོས་འདོད་པ་དང་བཅས་པ་ལུས་ཀྱི་མཛེས་པ་ཉེ་བར་འཕེལ་བཞིན་པ། ངོ་ཚ་བ་དང་དགོད་པའི་རྩེ་བ་རབ་ཏུ་བརྩམས་པ། བུང་བའི་ཚོགས་ཀྱི་སྒྲ་ལོ་ལྗང་པ། གསེར་བཅད་པ་ལྟར་འོད་གསལ་བ། གཟུགས་དང་ལྡན་པའི་དཔལ་དང་འདྲ་བ་མིའི་བདག་པོ་སུ་ཞིག་ཉིད་ལ་བྱིན་པར་གྱུར་ཏོ། །དེས་ཀྱང་རྒྱལ་པོ་དེ་ལ་གཞན་མ་ཡིན་པའི་བུད་མེད་དག་འདྲ་བའི་བུད་མེད་ཀྱི་ཡོན་ཏན་རྣམས་ཀྱིས་དབང་པོ་འཕྲོགས་པར་བྱས་ནས། དུས་གཅིག་གི་ཚེ་ན་ཙན་དན་གྱིས་རྗེས་སུ་བྱུགས་པའི་ཡན་ལག་ཅན་དབུགས་ཀྱིས་ཀུན་ནས་འཁུམས་པའི་མཆུ་གཉིས་དང་ལྡན་པ་བདག་ཉིད་འབར་བ་དང་འདྲ་བ་བསྟན་ཞིང་འདུག་གོ །གང་གི་ཚེ་སྨན་པ་རྣམས་ཀྱིས་གསོ་བཞིན་པ་ཡང་དེ་ལྟ་བུ་ཉིད་དུ་རིམ་གྱིས་གཡོ་བས་ཀུན་ནས་དཀྲིས་པར་གྱུར་པ་དེའི་ཚེ། དེའི་ཁྱོད་ཤིན་ཏུ་དགའ་བ་དང་བྲལ་བ་ཀུན་ནས་འོངས་པར་གྱུར་ཏོ། །དེས་ཀྱང་དེ་ལ་སྨྲས་པ། བདག་གི་རིམས་འདི་ཙན་དན་གྱི་མཆོག་གིས་ཀྱང་མ་ཡིན་ཏེ།།


DTG169_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ལས་བསིལ་བའི་རླུང་གིས་ཀྱང་ནི་མ་ཡིན་ཏེ། །ཞི་བར་འགྱུར་བ་མིན་ཏེ་ཤེལ་ལྟར་དྲི་མེད་པ། །མཚན་མོར་བྱེད་པའི་འོད་ཟེར་ཚོགས་ཀྱང་མ་ཡིན་ཏེ། །འབིགས་བྱེད་རི་ལ་མཆེ་གཉིས་ལྷག་རྒྱལ་ཡོད་པ་སྟེ། །ཆུ་གཏེར་དཀར་པོ་འདྲ་བ་རྩུབ་མིན་རྭ་ཅན་གྱི། །པདྨའི་རྩ་བ་ལྟར་དཀར་ཆེན་པོ་དེ་ཡི་ནི། །སོ་རྣམས་ལ་ནི་ས་སྐྱོང་མུ་ཏིག་རྣམས་ནི་ཡོད། །བཏགས་པ་ཆུ་ཡི་ཐིགས་པ་ལྟར་ནི་དྲི་མ་མེད་པ་ཡི། །དེ་རྣམས་ཀྱིས་ནི་གལ་ཏེ་བདག་གི་ལུས་བྱུག་པ། །དེ་ཡིབ་སོས་གལ་ཏེ་མལ་ཆ་བྱེད་གྱུར་ན། །དེ་ཚེ་རིམས་འདི་དེ་ནས་ཞི་བར་འགྱུར་བ་ཡིན། །དེ་ནས་རྒྱལ་པོ་དེ་ངེས་པར་བཙུན་མོ་འདི་སྐྱེ་བ་གཞན་ལ་འབིགས་བྱེད་ཀྱི་ནགས་ལ་གནས་པ་སྤོས་ཀྱི་གླང་པོ་ཐོས་པའམ། །མཐོང་བ་ཞེས་བྱ་བ་ངེས་པར་སྐྱེས་ནས་རྔོན་པ་ལ་བོས་ཏེ་སྨྲས་པ། །རི་བོ་འབིགས་བྱེད་ལ་མཆེ་བ་དྲུག་པ་སྤོས་ཀྱི་གླང་པོ་ཆེ་ཡོད་དེ། །གལ་ཏེ་བ་སོ་རྣམས་བླངས་པར་གྱུར་ན། །དེ་ནས་བདག་ཁྱོད་ལ་ནོར་ཆེན་པོ་རྣམས་སྦྱར་བར་བྱ་ཞེས་ཟེར་རོ། །རྔོན་པས་གསོལ་བ། གལ་ཏེ་ནུས་ན་དེ་ལྟར་བྱ་ཞེས་ཟེར་རོ། །བཙུན་མོས་སྨྲས་པ། ཇི་ལྟར་སྤོས་ཀྱི་གླང་པོ་འདི་དབུགས་དབྱུང་བར་འགྱུར་བ་ཞེས་བྱ་བ་དེའི་ཐབས་བདག་གིས་ཤེས་ཏེ། ཁ་བསྒྱུར་གོས་ནི་འཛིན་བྱེད་པ། །རབ་ཏུ་བྱུང་བ་ཞིག་མཐོང་ནས། །བློ་ལྡན་སློབ་མ་བཟང་པོ་ལྟར། །བཏུད་ནས་གཉིས་འཐུང་མཆོད་པར་བྱེད། །ཁྱོད་ཀྱིས་ཁ་བསྒྱུར་གོས་དག་ནི། །དེ་བས་ཡང་དག་པར་གོན་ནས། །འདི་ནི་དུག་གིས་བྱུགས་པའི་མདས། །གནད་དུ་ཀུན་ནས་འབིགས་པར་གྱིས། །དེས་དེ་ལྟར་ཞེས་བྱ་བ་སོ་སོར་ཐོས་ནས་ཁ་བསྒྱུར་བའི་གོས་ཀྱིས་ཡན་ལག་དཀྲིས་ཏེ་མདའ་དང་བཅས་པའི་གཞུ་བླངས་ནས་རི་བོ་འབིགས་བྱེད་ལ་སོང་བར་གྱུར་ཏོ། །དེ་ནས་རི་བོའི་ནགས་ཀྱི་ནང་དུ་དེའི་འཆག་པ་མཐོང་ནས་གླང་པོ་ཆེའི་ཚོགས་དེ་དོགས་པ་དང་བཅས་པ་གླང་པོ་ཆེའི་བདག་པོ་ལ་ཞུས་ཤིང་འདུག་གོ །ཁ་བསྒྱུར་གོས་ཅན་སུ་ཞིག་ནི། །མེ་སྟག་བཞིན་དུ་སེར་སྐྱའི་མིག །ལྕགས་ཀྱི་ཀ་བ་ལྟར་ནི་ལུས། །སེམས་ཅན་སྐྲག་བཞིན་པར་ནི་སྣང༌། །བྱང་ཆུབ་སེམས་དཔས་སྨྲས་པ། ཁ་བསྒྱུར་བ་ཡི་གོས་ཅན་ལ། །དོགས་པ་བྱ་བ་མ་ཡིན་ཏེ། །ཁྱེད་རྣམས་ལྟ་བར་གྱིས་ཤིག་དང༌། །ཁྲེལ་ཡོད་ཞི་བའི་ལམ་ནི་མཚོན་པར་བྱེད་པ་པོ། །ཐུབ་པ་རྣམས་


DTG169_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྒྱལ་མཚན་དྲེགས་པ་གཅོད་པའི་རྒྱུ། །གལ་ཏེ་དམར་པོར་ཁ་བསྒྱུར་ལུས་ལ་བརྒྱན་བྱེད་པ། །གོས་ནི་སྐྱེ་བོ་རྣམས་ཀྱི་དབུགས་འབྱིན་རྒྱུ་མཚན་ནོ། །དེ་ནས་ཚོགས་དེ་དང་ཤིན་ཏུ་ཧ་ཅང་རིང་བ་མ་ཡིན་པར་གནས་པའི་རྔོན་བ་དེས་ཤིང་གིས་བདག་ཉིད་ལ་བསྒྲིབས་ཏེ། །གཞུ་བདུངས་ཤིང་གནས་ཏེ། དེ་ནི་པགས་པའི་སྙིང་པོའི་རང་བཞིན་ལ་ནི་ཀུན་ནས་འཛིན་བྱེད་ཅིང༌། །གླང་པོའི་རྒྱལ་པོ་བསད་ཕྱིར་གཞུ་རྒྱུད་ལ་ནི་མེདཱུ་རྣོན་མདའ། །ཤིང་རྣམས་ཀྱི་ནི་ཡལ་གའི་ལག་པ་ཟེའུ་འབྲུའི་སོར་མོ་རྣམས། །རླུང་གིས་བསྒུལ་བ་རྣམས་ཀྱིས་འབིགས་བྱེད་ལོག་པར་བྱེད་པ་འདྲ། །སྨྱོན་ཆུས་བཙུམ་བྱས་པ་ཡི་མིག་ཅན་མཆེ་བར་སྣ་ནི་རྣམ་བཀོད་པ། །སྨྱོན་ཆུས་བསྒོས་པར་བྱས་པའི་འགྲམ་པ་ཤིང་ལས་སྤྲུག་པར་བྱེད་པ་ཅན། །དགེ་བའི་ལམ་ནི་ཤེས་པར་བྱེད་པ་གཉིས་འཐུང་དབང་པོ་མདའ་ཡིས་ནི། །རི་དགས་དགྲས་ནི་ཉེས་མགྲིན་ཐོབ་ནས་དཔྲལ་འབུར་ལ་ནི་བརྒྱབ་པར་གྱུར། །དེ་ན་ས་གཞུ་ཡི་སྟེང་འོག་ཀུན་ནས་ལྷུང་བ་ནི། །མཆེ་གཉིས་ཚོགས་ཀྱིས་ཁྲོས་པས་རྗེས་སུ་འགྲོ་བཞིན་པ། །རི་དགས་དགྲ་ནི་གླང་པོའི་བདག་པོས་ཉེར་སྦས་པ། །བུ་ལྟར་ཀུན་ནས་ཚངས་པ་འཇིགས་པར་ཁྱབ་པ་ནི། །ཨེ་མ་དགྲ་འདི་གནོད་པ་བྱས་པ་གང་དུ་སྟེ། །མཆེ་གཉིས་བདག་པོའི་སྙིང་རྗེ་འདི་འདྲ་འདི་གང་སྟེ། །ས་འཛིན་ནགས་ཀྱི་ནང་གི་ལྷ་མོ་རྣམས་ལ་ནི། །ངེས་པར་འདི་ལྟར་སེམས་ལ་ངོ་མཚེར་བྱུང་བར་གྱུར། །རྣོ་བའི་མདའ་ནི་ངེས་པར་འབིགས་པ་དེར་ནི་གླང་ཆེན་མགོན་པོ་ལ། །འཛག་པ་ཁྲག་གི་ཆ་ཡིས་མཚན་པའི་ཁ་ནི་ཅུང་ཟད་འདར་བྱེད་པ། །གླང་པོའི་ཚོགས་དེ་ཤིང་རྣམས་ལ་ནི་དྲི་ནི་ཞིམ་པར་གྲོལ་བྱས་ཏེ། །མྱ་ངན་ལྕི་བ་བྲལ་བ་དང་ནི་འདབ་མ་རྣམས་ནི་ཕྱེད་ཟད་པ། །དེ་ནས་མདའ་དེ་བླངས་ནས་འདོན་པར་གྱུར་པ་སྟེ། །ཅུང་ཟད་མདུད་པའི་སྣ་ཡི་ནང་དུ་སྣ་ཡིས་ནི། །ནན་གྱིས་གླང་པོ་ཤིན་ཏུ་བཟང་མོས་གླང་པོ་ཆེའི། །ཁྲོ་བ་བཟོད་པ་ལྟར་ནི་བདག་པོ་འདི་ནི་སུ་ཞིག་གིས། །སྡུག་བསྔལ་ལྡན་པ་གླང་པོའི་བདག་པོ་དེ་ཡི་ནི། །ནན་གྱིས་རྨ་ནི་ཁྲག་གི་ཆུ་ཡིས་བྱུག་བྱས་པ། །རྣམ་པར་ཆད་པའི་མུ་ཏིག་ཡོན་ཏན་འདྲ་བ་ཡིས། །དེ་ནི་བསིལ་བའི་ཆུ་ཡིས་བླངས་པར་བྱས་པར་གྱུར། །སྐོམ་པས་ཆུ་ནི་རྣམ་པར་འཛིན་པར་གྱུར་པ་ནི། །སྨྱོན་


DTG169_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཆུས་བདག་ལ་སུ་ཞིག་དྲི་ཞིམ་བྱེད་པར་འགྱུར། །དེ་ལྟར་བསལ་བ་འཁོར་ལོའི་རླབས་ཀྱི་སྒྲ་ལྡན་པ། །ཤིན་ཏུ་ཟླ་སྐྱེས་མྱ་ངན་ལྟ་བུར་སྒྲ་དོན་གྱུར། །ཁྱེད་ལ་དེ་རིང་མདའ་ནི་འཕངས་པས་བྱུང་བ་ནི། །སྡུག་བསྔལ་གླང་པོ་དབང་པོ་བསྲབས་ཉིད་འགྱུར་བ་ཉིད། །དེ་ལྟར་འཁོར་བར་བྱེད་ཅིང་བསྐྱོད་པའི་འགྲམ་དག་ལ། །རིམ་གྱིས་བུང་བའི་ཕྲེང་རྣམས་ཀྱིས་ནི་བྲིས་འདྲར་གྱུར། །རྣམ་འགྲོ་ཨ་ཀ་རུ་ནག་དུ་བས་འོད་མེད་པ། །རྣམ་པར་བསྐྱོད་པའི་གློག་གིས་དཀྲིས་བས་ལྟོ་བ་མཚན། །སྤྲིན་རྣམས་ཀྱི་ནི་དཔྲལ་ཚ་དྲོ་བའི་འོད་ཟེར་ནི། །དེ་ལ་བདེ་ཕྱིར་ལྷ་ཡི་དབང་པོས་ཀུན་བསྒྲིབས་གྱུར། །དང་བཟླ་སྐྱེས་ཆུ་དང་ཆགས་པས་བསིལ་བ་ནི། །རབ་ཏུ་རྒྱས་པའི་མེ་ཏོག་སྣ་ཚོགས་དྲིས་བསྒོས་པ། །གཉེན་ལྟར་གཉིས་འཐུང་བདག་པོ་ལ་ནི་ཀུན་འོངས་པ། །མདས་ནི་ཕིགས་པ་དེ་ལ་རླུང་ནི་གཡོབ་པར་གྱུར། །དེ་ནས་གླང་པོའི་དབང་པོས་གལ་ཏེ་རྣམ་པ་གང་གིས་ཀྱང་བདག་དུས་བྱེད་པར་འགྱུར་བ་དེ་ལས་ན་གླང་པོ་ཆེའི་ཚོགས་འདི་ནི་མགོན་མེད་པར་འགྱུར་རོ་སྙམ་དུ་རྣམ་པར་བསམས་ནས་བདེན་པའི་བྱིན་གྱི་རླབས་འདི་ལྟར་བྱས་པར་གྱུར་ཏེ། ཇི་ལྟར་རི་དགས་ཤོར་འདི་ལ། །གནོད་བྱེད་ལ་ཡང་མཉེས་གཤིན་པ། །དེ་ལྟར་དེ་རིང་བདེན་པ་དེས། །བདག་གི་དུག་ནི་ཟད་གྱུར་ཅིག །དེ་ནས་བདེན་པའི་བྱིན་གྱི་རླབས་ཀྱི་མཐུས་སྐད་ཅིག་དེ་ཉིད་ལ་གླང་པོའི་རྒྱལ་པོ་དེའི་མདས་བརྒྱབ་པའི་སྡུག་བསྔལ་ལས་ལྡོག་པ་བྱུང་བར་གྱུར་ཏོ། །དེ་ནས་དེ་ལྟར་གསོན་པར་གྱུར་པ་མཐོང་ནས་རྔོན་པ་དེས་བཏུད་ནས་རྒྱལ་པོའི་བཙུན་མོའི་གཏམ་དེ་བརྗོད་ཅིང་སྨྲས་པ། གླང་པོའི་མགོན་པོ་གསོད་དོན་དུ། །དྲག་པོའི་མདའ་ཡིས་དྲག་པོའི་ཡིད། །ཞེ་སྡང་འཇོམས་པ་ཁྱེད་ལ་བརྡེགས། །སྣོད་མ་ཡིན་ལ་བདག་གིས་ནི། །དེ་ལྟར་རྔོན་པ་དེ་ཡི་ཚིག །ཐོས་ནས་མཆེ་གཉིས་བདག་པོས་ནི། །མཆེ་བ་ཀུན་ནས་བཏོན་པ་སྟེ། །ལག་པས་བཟུང་ནས་སྡུག་བསྔལ་མེད། །ཁྲག་འཛག་པས་ནི་ངེས་འབྲེལ་བ། །སྣ་དེ་དེ་ཡིས་མཛེས་པར་གྱུར། །བན་དྷུ་ཀ་ཕྲེང་ཆགས་པ་ནི། །པདྨ་དཀར་པོ་འདྲ་བའི་དཔལ། །བདེན་པའི་ཚིག་ནི་དེ་ཉིད་ཀྱིས། །གླང་པོའི་མགོན་པོ་དེ་ཡི་ནི། །དུང་ནི་ཆག་པ་ལྟར་དཀར་བ། །མཆེ་བ་སྐད་ཅིག་སླར་ནི་བྱུང༌། །དེ་ནས་སླར་ནི་མཆེ་བ་བྱུང་བས་ངོ་མཚར་བ། །ཆུ་འཛིན་དཀར་


DTG169_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་འོད་ལྡན་གླང་པོའི་བདག་པོ་ཡི། །མཆེ་བ་ཉེ་བར་བཟུང་ནས་ནགས་ཀྱི་ནང་གནས་ཏེ། །རི་དགས་དགྲ་ནི་ས་སྐྱོང་ཕོ་བྲང་འགྲོ་བར་གྱུར། །དེ་ནས་མཆེ་བ་མཐོང་བས་རབ་ཏུ་དགའ་བའི་ཡིད་ཅན་རྒྱལ་པོ་དེས་རྔོན་པ་དེ་ལ་ཇི་ལྟར་ཁས་བླངས་པའི་ནོར་སྦྱར་ཞིང་འདུག་གོ ། རྒྱལ་པོ་དེ་ཡང་བརྫུན་པའི་རིམས་དེ་ཡང་སྤངས་ནས་མཆེ་བདེ་རྣམས་མཐོང་སྟེ། །ཕྱིས་འགྱོད་པ་སྐྱེས་པ་དང༌། ཕྲག་དོག་གི་གཏམ་སྐྱེ་བ་གཞན་ལ་ཉམས་སུ་མྱོང་བ་བདག་པོ་ལ་སྨྲས་ནས། མིག་གི་ཨུཏྤ་ལ་མཆི་མའི་ཆུས་ཁྱབ་པས་དེ་དང་དེའི་སྨྲེ་སྔགས་འདོན་པ་འགྱུར་ཏེ། ཀྱེ་ཧུད་སྨད་པ་ཕྲག་དོག་ཡོན་ཏན་ཕྱོགས་འཇོམས་པ། །གང་གིས་བདག་ནི་རྨོངས་བྱེད་དམ་པའི་སེམས་ལྡན་པ། །ནགས་ལ་གནས་ཤིང་དཀའ་ཐུབ་པ་ནི་ཞི་བའི་ཡིད། །ཚོགས་ཀྱི་བདག་པོ་དེ་ནི་བདག་གིས་ཟད་བྱས་གྱུར། །བདག་ཉིད་ཆེན་པོ་གང་གིས་ཡུན་རིང་སྐྱོང་བ་ནི། །གླང་པོ་གཞན་གྱིས་རབ་ཏུ་གནོད་ཕྱིར་ནུས་མ་ཡིན། །དི་རིང་གླང་པོ་དེ་ནི་མེད་པས་ཀུན་འཁྲུགས་པ། །གླང་པོའི་ཚོགས་དེ་ཇི་ལྟར་ཉིད་དུ་བྱུང་བར་གྱུར། །གང་གིས་བར་ཆད་མེད་པར་སྨྱོན་ཆུ་འཐུང་འདོད་པ། །ཡུད་ཙམ་དུ་ནི་ཡོངས་སུ་འཁོར་དེ་འགྲམ་དག་ལ། །དེ་ནི་མེད་པར་དི་རིང་དཀའ་ཐུབ་འཁྲུགས་པ་ནི། །རིང་པོ་ནས་ནི་པདྨའི་རྩ་བའི་ནགས་འགྲོ་གྱུར། །ཡུད་ཙམ་དུ་ནི་གླང་པོའི་བདག་པོ་དེ་ཡི་གང་ཞིག་འབྱུང༌། །དཔྲལ་བ་དྲག་པས་ཀུན་ནས་འཕྲོས་པའི་འདབ་མ་ཅན། །ཡུན་རིང་ཕྱིར་དེ་སྨྱོན་ཆུ་ཆ་ཡིས་བསྒོས་པ་དེ། །ངེས་པར་ཤིན་ཏུ་བཟང་མོ་ཡན་ལག་ཅན་མི་འདོར། །རྒྱ་མཚོའི་དུས་ནི་སྐྱེ་རགས་ཀྱིས་ནི་རྣམ་བརྒྱན་པ། །ཀུན་ནས་དབུགས་བྱུང་འཇམ་པའི་རྩྭ་ཡི་གོས་ལྡན་པ། །བདག་པོའི་གཙོ་བོ་གསོད་ཕྱིར་བདག་ནི་ཅི་ཞིག་འཛིན། །ས་ལས་བདག་ལ་ཅི་ཕྱིར་རྐོ་བ་སྦྱིན་མི་འགྱུར། །དེ་ནས་རྒྱལ་པོ་དེ་དེ་ལྟར་སྨྲེ་སྔགས་འདོན་པ་ལ་རྩེ་གཅིག་པར་རྔོན་པ་དེས་འཛིན་ཅིང་འདུག་གོ །བཙུན་མོ་མྱ་ངན་མ་བྱེད་ཅིག །བདེན་པའི་བྱིན་གྱི་རླབས་ཆེ་བའི་བདག་ཉིད་ཀྱིས་བདག་ཉིད་ཆེན་པོ་དེ་སླར་ཡིད་འཕྲོག་པའི་མཆེ་བ་ཆེན་པོ་བྱུང་བ། །མདའི་དུག་གི་ཤུགས་ཀུན་ནས་བཟློག་པའི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། སྲོག་རྣམས་འཛིན་ཅིང་གླང་པོ་ཆེའི་ཚོགས་ཆེན་པོ་དེའི་བདག་པོ་ཉིད་


DTG169_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ་ཞེས་ཟེར་རོ། །དེ་ནས་ཚོགས་འདི་དེ་ལས་ཐོས་པར་གྱུར་ནས་ནི། །མི་དབང་བཙུན་མོ་རབ་ཏུ་ཡིད་ཅན་སླར་གྱུར་ཏེ། །ས་བདག་ཀྱང་ནི་ངོ་མཚར་བར་ནི་སོང་བར་གྱུར། །མཆེ་གཉིས་བདག་པོའི་སྙིང་རྗེ་ཡུད་ཙམ་རྣམས་བསམས་ནས། །དེ་ལྟར་བཟོད་པའི་འབྲས་བུ་མངོན་པར་འདོད་པའི་ཐུགས་རྗེའི་བདག་ཉིད་ཅན་རྣམས་དགྲ་བོ་མཚོན་བྱས་ཀྱང་རབ་ཏུ་ཕོག་པར་བྱེད་པ་ལ་ནུས་པ་ཡོད་ཀྱང་བདག་ཉིད་ཆེན་པོ་རྣམས་བཟོད་པ་བྱེད་པ་ཉིད་དོ་སྙམ་དུ་ཤེས་ནས་བཟོད་པ་ལ་གུས་པར་བྱ་ཞེས་བྱ་བའོ། །གླང་པོ་ཆེའི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་དགུ་པའོ།། །།སྦྲུལ་ནི་མཆེ་བ་འཕྲོག་པ་ལྟ་བུ་སྟེ། །ནུས་པ་མེད་པར་ཁྲོ་བཅས་ཀྱང་ནི་བཟོད། །ནུས་པ་ཡོད་ཀྱང་གང་ཞིག་འདོར་མི་བྱེད། །བཟོད་པ་དེ་ནི་བཟོད་ལྡན་ཤེས་པར་བྱ། །འདི་ལྟར་རྗེས་སུ་ཐོས་ཏེ། རྣམ་པར་གནོན་པའི་ཚུལ་གྱི་མཐུས་རྒྱལ་པོ་གཞན་དང་ཆགས་འོག་གི་རྒྱལ་པོ་ལས་རྣམ་པར་རྒྱལ་བ། གླང་པོ་ཆེ་དང༌། རྟ་དང༌། མཛོད་ཕུན་སུམ་ཚོགས་པ་མང་པོ་དང་ལྡན་པ། གཟི་བརྗིད་ཅན། བརྟན་ཤིང་ཐོས་པ་འདོད་པ་ལ་སོགས་པ་ཤེས་རབ་ཀྱི་ཡོན་ཏན་རྣམས་ཀྱིས་ལྷག་པར་གནས་པ། ཚོགས་གསུམ་དང་རྗེས་སུ་མཐུན་པའི་རང་བཞིན་ཅན། རང་བཞིན་གྱིས་མཆོད་པར་བྱས་པ་ལྷོ་ཕྱོགས་ཀྱི་བདག་པོ་ཀ་ལིང་ཀའི་རྒྱལ་པོ་ཞེས་བྱ་བའི་རྒྱལ་པོ་བྱུང་བར་གྱུར་ཏེ། ལག་པའི་བརྩོན་འགྲུས་ཀྱིས་འཕམ་དགྲ་ལས་རྒྱལ་བྱས་པའི། །གང་གི་སྟོབས་རྣམས་སྟོབས་དང་ལྡན་པ་གཞན་གྱི་ཡུལ། །མངོན་པར་སོང་སྟེ་མཐོ་བའི་འཕེལ་བ་བྱུང་བ་ཡི། །ཆུ་ཡི་ཕུང་པོའི་ཆུ་རྣམས་འགྲམ་གྱི་མཐའ་བཞིན་ནོ། །ཕན་ཚུན་མིན་པའི་རྔ་ལྡན་སྒྲ་ནི་སྒྲོགས་བྱེད་པ། །གང་གི་སྟོབས་རྣམས་ཁྲོ་བ་རྣམ་པར་རྒྱས་པ་བཞིན། །ཀུན་ནས་འགྲོ་བའི་དུས་སུ་དབང་དུ་སོང་བ་ནི། །ལྕགས་ཀྱུ་འཛིན་པ་རྣམས་ཀྱི་ཇི་ལྟར་ཡང་ནི་འབྱུང༌། །དེ་ལྟ་བུའི་སྟོབས་འབྱུང་བ་འདབ་པ་དང་བཅས་པ་རྣམས་ཀྱིས་ང་རྒྱལ་མ་ཆགས་པའི་མིའི་བདག་པོ་དེའི་ཆགས་པའི་རྒྱུན་ཞེས་བྱ་བ་གཉིས་སྐྱེས་ཀྱི་བློན་པོ་བྱུང་བར་གྱུར་ཏོ། །རྒྱལ་པོ་དེ་ཡང་རིགས་ཀྱི་རྒྱུན་རྣམ་པར་ཆད་པ་ལ་འཇིགས་པས་དུས་གཅིག་གི་ཚེ་ན་སྲས་ཀྱི་དོན་དུ་ལྷའི་བྱེ་བྲག་དུ་མ་ལ་ཉེ་བར་སོང་བར་གྱུར་ཏོ། །དེ་ནས་


DTG169_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པའི་རྒྱུན་གྱིས་རྒྱལ་པོ་དེ་ལ་གསོལ་པ། །བཙུན་མོའི་འཁོར་གྱི་ནང་དུ་ལྷས་ཞུགས་པར་མཛོད་ཅིག་དང༌། བདག་གིས་ནི་ལྷའི་སྲས་ཀྱི་དོན་དུ་ལྷ་ལ་ཉེ་བར་བརྟེན་པར་བགྱི་ཞིང་རྒྱལ་སྲིད་ཀྱང་སོ་སོར་བསྐྱང་བར་བགྱི་ཞེས་སོ། །རྒྱལ་པོས་ཀྱང་དེ་ལྟར་བྱའོ་ཞེས་མངོན་པར་བརྗོད་ནས་བཙུན་མོའི་འཁོར་དུ་ཞུགས་ཏེ། ཡུལ་རྣམས་ལ་གཞན་དབང་དུ་སོང་བར་གྱུར་ཏོ། །ཆགས་པའི་རྒྱུན་གྱིས་ཀྱང་རང་གི་མིང་གིས་མཚན་མའི་ཡོ་བྱད་ཀྱི་ཚོགས་ཐམས་ཅད་བྱས་ནས་རྒྱལ་སྲིད་རྗེས་སུ་སྐྱོང་བ་བྱེད་པར་གྱུར་ཏོ། །ཀ་ལིང་ཀའི་རྒྱལ་པས་ཀྱང་སྣ་ཚོགས་པའི་གར་དང༌། གླུ་ལྟ་ཞིང་ཉན་པས་སྙིང་འཕྲོག་པར་བྱས་པ། ལྷའི་བདག་པོའི་བུ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་འདྲ་བར་གཞན་གྱིས་ཀྱང་ནོར་དང༌། སྐྱེ་བོའི་དབུས་སུ་སོང་བ་རྣམ་པར་གནས་པར་གྱུར་ཏོ། །ཡིད་ནི་འཕྲོག་པ་བློན་པོ་མ་དྷུ་ཀ་ལྟར་སྐྱ། །ཟླ་བའི་འོད་ཟེར་ཀུན་ནས་འཕྲོ་བར་བྱེད་པ་འདྲ། །ལ་ལ་ཞིག་གི་མེ་ལོང་ངེས་འབྲེལ་ལྟ་ཅན་གྱི། །འགྲམ་པ་དག་ནི་སྨུག་རྩིས་བསྐུས་པར་བྱས་པར་གྱུར། །གཞན་ནི་གཡོ་མེད་རྒྱས་པའི་མིག་ཅན་མཐོང་བ་སྟེ། །དགོད་པ་ཅུང་ཟད་བསྐྱོད་པའི་མཆུ་ཡི་རྩེ་མོ་ནི། །ཨུཏྤལ་སར་བ་ལ་ནི་ཉེར་གནས་ཨུཏྤལ་གྱིས། །དུང་བ་བསྐྱོད་པ་ཅན་ནི་འགྲིབ་པར་གྱུར་པ་སྟེ། །རྒྱལ་ཕྱོགས་ལ་ལ་ཞིག་ནི་བསྟན་ལ་ལྷག་གནས་པ། །ཡིད་འཕྲོག་ཐང་ཀའི་རི་མོ་ལྟ་བར་བྱེད་པ་ནི། །རྐང་པ་སྒྲ་མེད་ས་བདག་དེ་ཉིད་ཉེར་འོངས་ནས། །ལག་པ་གཉིས་ཀྱིས་མིག་ནི་བཀབ་པ་བྱས་པར་གྱུར། །ལག་པ་རྣམ་པར་འདར་ཞིང་བདག་དང་ལྷན་ཅིག་ཆོག །ཞེས་བྱ་མངོན་དགའ་གནས་པ་ཚིག་ནི་ཆད་པ་ཅན། །ནུ་མ་དག་ནི་གོས་ཀྱིས་འགེབས་པར་བྱེད་པ་ནི། །ཕོ་ཉ་མོ་ཡང་འདར་བའི་ཡན་ལག་འཛིན་བར་གྱུར། །ཁྱེད་ཉིད་བདག་ལ་མ་འོངས་པ་ན་སྲོག་མཆོག་སྟེ། །ཚིག་གིས་དགོད་པ་བདག་ལ་ལྟ་བ་འཛིན་པར་གྱིས། །དེ་ལྟར་བརྗོད་པའི་ལ་ལ་ཞིག་ནི་གཡོན་ཕྱོགས་ན། །གནས་པའི་བུད་མེད་ཇི་ལྟར་ཡང་ནི་མགུ་ཞིག་འདུག །ཅུང་ཟད་བསྐྱོད་པའི་སྒྲ་ནི་སྒྲོགས་པ་རྐང་གདུབ་བརྒྱན་པ་ཡི། །རྐང་པས་ས་ཡི་སྟེང་དུ་སྒེག་པ་དང་བཅས་གནོན་བྱེད་ཅིང༌། །བུད་མེད་དགོད་ཅིང་རྣ་བ་ལ་ནི་ཅི་ཡང་སྨྲ་བྱེད་པ། །གཞན་


DTG169_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བུད་མེད་མིག་གི་མདའ་ནི་ཕོག་པར་མཚོན་པར་བྱས། །དེ་ནས་མ་ཉམས་པའི་ཡུལ་གྱི་བདེ་བ་ཉམས་སུ་མྱོང་བར་བྱེད་པ་མིའི་བདག་པོ་དེའི་བཙུན་མོའི་འཁོར་གྱི་མྱོས་པའི་བུད་མེད་དེ་རྣམ་པ་སྣ་ཚོགས་པའི་འཇམ་པའི་དགོད་པས་གཏམ་དང༌། ཁྲོ་བ་དང་ཕྲག་དོག་གིས་སྨོན་མ་བསྐྱོད་པས་ཡིད་འཕྲོག་པའི་སྒེག་པ་རྣམས་ཀྱིས་ཤིན་ཏུ་ཡང་སྙིང་ཀུན་ནས་བཏེག་པར་གྱུར་ཏེ། ཀུན་ནས་དགོད་པའི་དུས་སུ་བསྐྱོད་ཅིང་མཐོང་བའི་སྨིན་མ་ཅན། །དགོད་པའི་ཟླ་ཚེས་ཀུན་ནས་སོང་བའི་གདོང་པའི་ཟླ་བ་ལྡན། །རི་མོ་གསུམ་གྱིས་རྣམ་པར་བསྐྱོད་ཅིང་སྲབ་པའི་སྤུ་ཕྲེང་ཅན། །བུད་མེད་རྣམས་ནི་སུ་ཡིད་འཕྲོག་པར་མི་བྱེད་དེ་སྨྲོས་ཤིག །འཕྲོག་པར་བྱེད་ཅིང་གསལ་བའི་སོ་ཡི་ཕྲེང་བའི་འོད་ལྡན་པ། །ཀུན་ནས་ཟླ་བའི་འོད་ནི་འཛག་པར་བྱེད་པ་འདྲ་བ་སྟེ། །བུད་མེད་སྐྱེ་བོའི་རབ་ཏུ་དྲེགས་པའི་རྒྱན་ཅན་ཚིག་རྣམས་ནི། །ལ་བ་ལི་ལྟར་དྲི་ཞིམ་པོ་ནི་སུ་ཞིག་འཕྲོག་མི་བྱེད། །འགྲོ་བ་གསུམ་ལ་ཡང་བ་ཉིད་ནི་དེ་རྣམས་སོང་མིན་ནམ། །བདེ་ལྡན་དེ་རྣམས་ཉིད་དང་ལེགས་པའི་བློ་ཅན་དེ་རྣམས་ཉིད། །སྐྱོན་མང་པ་ཡི་སྦྲུལ་གྱིས་ངེས་པར་བསགས་པ་བརྟེན་མིན་པ། །རྣམ་པར་སྒེག་པའི་དུག་གི་ལྗོན་ཤིང་ཡལ་གའི་ནགས་རྣམས་ཀྱིས། །དེ་ནས་དུས་འདས་པ་དང༌། བཙུན་མོ་སེམས་ཅན་ཀུན་ནས་ཆགས་པ་བྱུང་བར་གྱུར་ཏོ། །དེ་ཡི་ཡོན་ཏན་གཏེར་འཕེལ་བ། །ཉི་མ་རེ་རེར་མངལ་འགྲོ་བ། །མདུན་དུ་འོ་མ་ཀུན་འཛིན་པ། །ནུ་མ་དག་ནི་སྔོ་བར་གྱུར། །བུས་མོའི་སྟེང་དུ་བཀོད་བྱས་ནས། །ལག་པ་འདབ་མ་ལྟར་འཇམ་པ། །ཇི་ལྟར་ཡང་ནི་རྟག་ལས་དེ། །ཁྱོད་ནི་མཐོང་ནས་ལངས་པར་གྱུར། །སང་ངམ་ཞེས་བྱ་ངོ་མཚར་བཅས། །བུ་འདོད་པ་དག་མཉེས་གཤིན་པར། །ཡང་དང་ཡང་དུ་དེ་མཐོང་གྱུར། །དེ་ནས་ཞག་རྣམ་པར་དག་པ་ལ་དངོས་སུ་གཏེར་དང་འདྲ་བ་རང་གི་འོད་ཀྱིས་མིའི་བདག་པོའི་ཕོ་བྲང་གི་ནང་རྣམ་པར་བྱས་པ། འཆི་བ་མེད་པའི་གཞོན་ནུའི་རྣམ་པ་ཅན། །མ་ལུས་པའི་ས་ལ་རྒྱན་དུ་གྱུར་པའི་སྲས་སྐྱེས་བར་གྱུར་ཏེ། ལུས་ཀྱི་འོད་ཀྱིས་ཟླ་བ་ཡི། །གང་ཕྱིར་འོད་ནི་དེས་འཕྲོག་པ། །གཉེན་འདུན་རྣམས་ཀྱིས་ཟླ་བ་ཞེས། །དེ་བས་དེ་ཡི་མིང་དུ་བཏགས། །སུམ་ཅུ་རྩ་བཞིའི་ཚད་རྒྱལ་མོ་གཞན་རྣམས་ལ་ཡང་སྲས་རྣམས་


DTG169_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པར་གྱུར་ཏོ། །དེ་ནས་ལོ་བརྒྱད་ལོན་པའི་གཞོན་ནུ་རྣམས་གཞོན་ནུ་ཟླ་བ་དང་ལྷན་ཅིག་རྒྱལ་པོའི་རིག་པ་འཛིན་པའི་ཕྱིར་བླ་མ་གང་ཞིག་ལ་བརྟད་ཅིང་འདུག་གོ །གཞོན་ནུ་ཐམས་ཅད་ཀྱང་རི་དགས་ཤོར་བ་ལ་སོགས་པའི་ཆགས་པ་ལ་རྩེ་གཅིག་པ་ཡོན་ཏན་གྱི་ཆ་དུ་མ་རྣམས་ཀྱང་གཟི་བརྗིད་དང༌། དཔུང་པའི་སྟོབས་ཀྱི་གཞོན་ནུ་ཟླ་བ་ལྷག་པར་གྱུར་ཏེ། ཡོན་ཏན་གཉེན་དང་བློ་གྲོས་བཟང་པོ་སྐྱེས་ཏེ་ཤིན་ཏུ་ལྕི་བ་བསྔགས་པར་བྱ་བའི་གནས། །སྐྱོན་ནི་ཆེན་པོ་ཁ་ཅིག་ལ་ནི་སྐྱེ་བའི་མཐར་ཐུག་ཡང་པ་ཉིད་ནི་བཀག་བྱས་པ། །གང་ཕྱིར་མི་རྣམས་རིགས་ཆེན་ལས་ནི་སྐྱེས་ཀྱང་ཁྱི་དང་མཉམ་པ་མཐོང་བར་འགྱུར་བ་སྟེ། །རྒྱ་མཚོ་རིན་པོ་ཆེ་ཡི་ཚོགས་ལྡན་ལས་ནི་ཆུ་ཡི་ཉ་ཕྱིས་ཅི་ཞིག་སྐྱེ་བར་མི་འགྱུར་རམ། །བདེན་པར་སྔོན་པོ་ཉིད་མཚུངས་པར། །ཨིནྡྲ་ནཱི་ལར་མ་བྱའི་མདོངས། །རིན་ཆེན་ལ་གནས་དེ་བསྔགས་པ། །གང་ཕྱིར་དམ་པ་ལ་གནས་དགེ་ཡོན་ཏན་སྐྱེས་པ་ལ་མེད་པ། །རྣམ་ལྡན་ལ་ཡང་འགའ་ཞིག་ཏུ། །མཆིང་བུ་ཨིནྡྲ་ནཱི་ལའི་མདོག །འཛིན་ཀྱང་དེ་ཡི་ཡོན་ཏན་ཡིན། །དེ་ནས་རྒྱལ་པོ་དེ་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཏུ་དབང་བསྐུར་ནས་གཞོན་ནུ་དེ་རྣམས་ལ་ཡང་ཡུལ་འགའ་ཞིག་བྱིན་པར་གྱུར་ཏོ། །དེ་ནས་ཟླ་བ་མིའི་བདག་པོས་རྗེས་སུ་གནང་བས་སྤུན་ཟླ་རྣམས་དང་ལྷན་ཅིག་ཏུ་རང་གི་ཡུལ་དུ་སོང་ནས་དུམ་བུ་འཛིན་པའི་མིང་གིས་མཚན་པའི་ཡོ་བྱད་ཐམས་ཅད་མཐོང་ནས་སྨྲས་པ། རྣམ་པ་ཐམས་ཅད་དུ་ཡུལ་ཙམ་གྱིས་ཁོ་བོ་ཅག་གི་ཡབ་རྒྱལ་པོ་སྟེ། ཆགས་བའི་རྒྱུན་ཉིད་དང་བདག་པོ་ཞེས་བྱ་བའོ། །གཞོན་ནུ་རྣམས་ཀྱིས་སྨྲས་པ། འོ་ན་དུམ་བུ་འཛིན་པའི་མིང་འདི་སྤངས་ནས་རང་རང་གི་རྣག་གི་ཡུལ་གྱི་མིང་རྣམས་བདག་ཅག་གི་ཡོ་བྱད་ཐམས་ཅད་ལ་བྲི་བར་བྱ་ཞེས་ཟེར་རོ། །དེ་ལྟར་བྱའོ་ཞེས་ཟླ་བས་ཀྱང་ཁས་བླངས་པ་ལ་དང་པོར་ཟླ་བའི་མིང་དེ་རྣམས་ཀྱིས་འབྲི་ཞིང་འདུག་གོ །དེ་ཡང་དེ་ལྟར་བསྒྲུབ་པ་རྣམས་པར་ཤེས་ནས་དུམ་བུ་འཛིན་པ་ཁྲོས་པས་མཆོག་ཏུ་འོངས་ཏེ། བྲམ་ཟེ་རྣམས་ཆོགས་སུ་བཅུག་ནས་དབེན་པར་སྨྲས་པར་གྱུར་པ། རྒྱལ་པོའི་སྲས་འདིས་བདག་ལ་བདག་པོ་ཉིད་འཕྲོགས་པ་སྟེ། དེ་བས་ན་འདིར་འདི་ཐོབ་པ་ཐབས་གང་གིས་ཀྱང་ཟླ་བ་ཡིད་འཕྲོག་དང་རྣམ་པར་བྲལ་


DTG169_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་ཞེས་བྱ་བར་ཁྱེད་ཅག་རྣམས་ཀྱིས་བལྟ་བར་གྱིས་ཤིག །འབྲས་བུ་ཆུང་བའམ་ནི་ཆེ་བ་མངོན་པར་འདོན་པ་ཐོབ་པའི་ཡིད་དང་ནི། །བྱ་བ་མེད་པའི་བློ་དང་ལྡན་པས་སྐད་ཅིག་ཙམ་ཡང་གནས་པར་མི་རིགས་ཏེ། །གལ་ཏེ་རྫ་མཁན་འཁོར་ལོ་ཉིན་མཚན་མེད་པར་དབྱུག་གུས་འཁོར་བར་མི་བྱེད་ན། །རྫ་ཕོར་རམ་ནི་བུམ་པ་ས་ནི་ཡོད་ཀྱང་འབྱུང་བ་ཉིད་དུ་མི་འགྱུར་རོ། །བྲམ་ཟེ་རྣམས་ཀྱིས་སྨྲས་པ། །དངོས་པོ་འདི་ལ་ཁྱེད་ཉིད་ཐབས་རྟོགས་པར་ནུས་པ་ཞེས་ཟེར་རོ། །དུམ་བུ་འཛིན་པས་སྨྲས་པ། །གལ་ཏེ་དེ་ལྟར་ཡིན་ན་དེ་ནས་གལ་ཏེ་རྣམ་པ་གང་གིས་ཀྱང་རྒྱལ་པོ་འདི་རྨི་ལམ་ཁྱེད་རྣམས་ཀྱི་མདུན་དུ་སྨྲ་བར་གྱུར་ན། དེ་ལ་ཁྱེད་ཅག་རྣམས་ཀྱིས་སྨྲ་བར་བྱ་སྟེ། ལྷ་ལགས་དུམ་བུ་འཛིན་པའི་རྨི་ལམ་གྱི་འབྲས་བུ་མངོན་པར་ཤེས་པ་སྟེ་དེ་ཉིད་ལ་དྲི་བར་བྱ་ཞེས་ཟེར་རོ། །དེ་ལྟར་བགྱི་ཞེས་བྲམ་ཟེ་རྣམས་ཀྱིས་ཁས་བླངས་པར་གྱུར་ཏོ། །དེ་ནས་དུས་གཅིག་གི་ཚེ་ན་རྒྱལ་པོ་དེ་རྨི་ལམ་མཐོང་བས་སྙིང་སྐྱོབས་བྲམ་ཟེ་དེ་རྣམས་ལ་རྨི་ལམ་སྨྲ་ཞིང་འདུག་གོ །བྲམ་ཟེ་རྣམས་ཀྱིས་ཀྱང་དུམ་བུ་འཛིན་པ་ནི་རྨི་ལམ་གྱི་འདོན་པ་རིག་པ་ཞེས་བྱ་བ་བསྟན་ཏོ། །དེ་ནས་རྒྱལ་པོ་དེས་དུམ་བུ་འཛིན་པ་ལ་བོས་ནས་རྨི་ལམ་འདི་ལྟར་སྨྲ་ཞིང་གནས་ཏེ། རྨི་ལམ་དུ་ནི་དིང་སང་གྲོང་ཁྱེར་མ་ལུས་བསྔགས་རྣམས་ཀྱིས། །འདི་ནི་ཀུན་ནས་བསྐོར་བ་འོད་མེད་ཕོངས་པའི་འཇིག་རྟེན་ཅན། །བཅིངས་ཤིང་ལུས་ནི་ཀུན་ནས་བཙིར་བ་བདག་ནི་ས་སྐྱོང་གིས། །ཤིང་ཁང་ས་ལ་ལུས་ཀྱིས་ཀུན་ནས་ཁྱབ་པར་བཅུག་པ་མཐོང༌། །དེ་བས་ན་རེ་ཞིག་རྨི་ལམ་འདིའི་འབྲས་བུ་བླ་མ་རྣམས་ཀྱིས་སྨྲ་བར་འདོད་ཅེས་ཟེར་རོ། །དུམ་བུ་འཛིན་པས་སྨྲས་པ། ལྷ་ལགས་རྨི་ལམ་གྱི་རྣམ་པར་སྨིན་པ་ནི་དཀའ་བ་མཐོང་བ་ཡིན་ཏེ། རྒྱལ་སྲིད་ཆེན་པོ་ལས་ཉམས་པ། །ཁྱོད་ཀྱི་རྨི་ལམ་འདིས་མཚོན་ཏེ། །ཟླ་བ་གཉིས་ཀྱིས་འགྲོ་བྱས་བ། །ཡང་ན་ཁྱོད་ཀྱིས་བསྟེན་པའི་མཐའ། །བྲམ་ཟར་དེ་ཡི་ཚིག་ནི་ཐོས་པས་ས་སྐྱོང་ནི། །ཤི་དགོས་ཞེས་བྱ་འཇིག་པ་ཉིད་ནི་འོང་བའི་ཕྱིར། །སྐྱེད་མོས་ཚལ་གྱི་ས་དང་ཁྱིམ་དུ་མངོན་དགའ་མིན། །འཆི་བ་རང་བཞིན་གྱིས་ནི་རྣམ་བར་བསམས་བཞིན་པ། །རིང་པོར་ཡང་ནི་ཡིད་ལ་སྡུག་བསྔལ་བྱེད་པ་སྟེ། །སྟེང་དུ་སོང་བའི་གདེངས་ཀའི་སྦྲུལ་ལྟར་བལྟ་དཀའ་བ། །ལུས་ཅན་ཤིན་ཏུ་དོར་བ་ཉིད་ནི་སྨོས་ཅི་དགོས།


DTG169_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་དེས་དུམ་བུ་འཛིན་པ་ལ་སྨྲས་པ། སླར་ཐབས་འགའ་ཞིག་ཡོད་པར་འགྱུར་རམ། གང་གིས་བདག་རྒྱལ་སྲིད་ལས་ཀུན་ནས་ཉམས་པའམ་དུས་མ་ཡིན་པར་འཆི་བ་ཐོབ་པར་མི་འགྱུར་ཞེས་ཟེར་རོ། །དུམ་བུ་འཛིན་པས་གསོལ་བ། །དེས་ན་ལྷ་ཐབས་གསན་པ་འོངས་ཏེ་ཟླ་བ་གཞོན་ནུ་དང་ལྷན་ཅིག་གཞོན་ནུ་ཐམས་ཅད་སྲོག་ཆགས་གཞན་དག་ཀྱང་མཆོད་སྦྱིན་གྱི་ལས་ལ་གསད་པར་བྱ་དགོས་ཟེར་ཏེ། དེའི་ཁྲག་ནི་ནེ་ཙོའི་མཆུ་ལྟར་ཁྱད་པར་གྱིས་ནི་དམར་བ་ཡི། །གང་བ་ཡངས་པའི་སར་ནི་རྫིང་བུ་ཤིང་ཏུ་རྒྱ་ཆེ་ལ། །ས་སྐྱོང་གལ་ཏེ་འཇུག་པར་གྱུར་ན་དེའི་ཕྱིར་རྒྱལ་སྲིད་ལས། །ཉམས་པའམ་ནི་ཕྱི་རོལ་སོང་བའི་བདག་པོའི་དབང་མི་འགྲོ། །དེ་ནས་རྒྱལ་པོ་དེ་བདག་འཚོ་བར་གྱུར་པ་ལ་སླར་ཡང་སྲས་རྣམས་ལྷག་པའི་ཡོན་ཏན་དང་ལྡན་པར་འགྱུར་ཞེས་བྱ་བ་རྣམ་པར་བསམས་ནས། གཞོན་ནུ་དེ་རྣམས་ལྕགས་སྒྲོག་གིས་བཅིངས་པ་བླངས་ནས་དུམ་བུ་འཛིན་པ་ལ་མཆོད་སྦྱིན་གྱི་ལས་བརྩམས་པར་གྱིས་ཤིག་ཅེས་སྨྲས་སོ། །དེ་ནས་གཞོན་ནུ་རྣམས་ནི་ཤིན་ཏུ་སྡུག་བསྔལ་བ། །རྒྱུན་བདུན་པ་ཡི་ལས་ནི་རབ་ཏུ་འཇུག་པར་བྱེད་པ་ཡིས། །ས་སྐྱོང་ཆེ་བའི་སྲས་ནི་མེད་པར་འཁྲུག་པ་ནི། །སྐྱོན་ཅན་བློན་པོ་དེས་ནི་རྒྱལ་པོ་ལ་ནི་སྨྲས། །མི་ཡི་ཟླ་བ་ཟླ་བ་དེ་ནི་ཁྱོད་ལུས་སྐྱེས། །སྟོབས་ཀྱིས་བརྙས་པ་གལ་ཏེ་ཡོད་པར་མི་འགྱུར་ན། །ཁྱོད་ཀྱི་མི་དགེ་འཇོམས་པའི་མཆོད་སྦྱིན་ཆོ་ག་འདི། །འབྲས་བུ་ཆེན་པོའི་ཕྱིར་ནི་འབྱུང་བར་འགྱུར་བ་མིན། །རྒྱལ་པོས་སྨྲས་པ། ཟླ་བ་གཞོན་ནུ་ནི་བླ་མའི་སྐྱེ་བོ་ལ་གུས་པ་སྟེ། དེ་བས་ན་བདག་གི་བཀའ་ལས་འདའ་བར་འགྱུར་བ་མ་ཡིན་ཏེ་དེ་བས་ན་འདི་ལ་ཕོ་ཉ་ཐོང་ཤིག་ཅེས་བསྒོ་བ་དང༌། དེ་ལྟར་བྱའོ་ཞེས་དུམ་བུ་འཛིན་པས་ཁས་བླངས་ནས་རྒྱལ་པོ་དེས་ཕོ་ཉལ་བོས་ནས་བསྒོ་བ་སོང་ཤིག་གང་ངེར་གནས་པའི་ཟླ་བ་ལ་སྨྲོས་ཤིག་དང༌། བདག་གི་དྲུང་དུ་མྱུར་བར་འོང་བར་གྱིས་ཤིག་ཅེས་ཟེར་རོ། །དེ་ལྟར་བགྱིའོ་ཞེས་ཕོ་ཉ་དེ་ཡང་རྒྱལ་པོའི་བཀའ་ཉེ་བར་འཛིན་པས་བྱང་ཆུབ་སེམས་དཔའི་དྲུང་དུ་ཀུན་ནས་འགྲོ་བར་གྱུར་ཏོ། །བདག་ཉིད་ཆེན་པོ་དེ་ཡང་འཁོར་དང་བཅས་པ་དཔྱིད་ཀའི་དུས་ཀྱི་ཟླ་བ་ལ་ལྷན་ཅིག་བྱེད་པའི་སྙེ་མ་བརྩམས་པ་དང༌། ཨ་ཏི་མུ་ཀ་ཏ་དང༌།


DTG169_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་མེད་དང༌། ཐིག་ལེའི་དྲིས་ལྷག་པར་དྲིས་བསྒོས་པའི་སྐྱེད་མོས་ཚལ་དུ་ཅུང་ཟད་ཞུགས་ཏེ་བདག་ཉིད་རྣམ་པར་རྩེ་ཞིང་འདུག་གོ །སྒོ་བ་ལ་ཞུས་པས་ཞུགས་པར་མངོན་པར་རྗེས་སུ་གནང་བའི་ཕོ་ཉ་དེ་རབ་ཏུ་མཐུག་པའི་མཆི་མའི་ཐིགས་པ་འབབ་པའི་གདོང་གིས་ཟླ་བ་ལ་ཕྱག་འཚལ་ནས་རྣམ་པ་གང་གིས་ཀྱང་སེམས་ཅན་དུ་མ་རྣམ་པར་འཇིག་པའི་ཕྱིར་ཉེ་བར་བརྩམས་པའི་མཆོད་སྦྱིན་གྱི་གཏམ་དེ་བརྗོད་ནས་རྒྱལ་པོའི་བཀའ་སྨྲ་ཞིང་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔའ་ལ་གྲོགས་བཤེས་དང་གཉེན་འདུན་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འདི་ཐམས་ཅད་མཁྱེན་ལ་རྣམ་པར་འཇིག་པའི་ཕྱིར་འདུག་པའི་བདག་ཉིད་ཅན་གྱི་དུམ་བུ་འཛིན་པའི་གཡོའི་རྣམ་པར་སྤྱོད་པ་སྟེ། ཀྱེ་མ་སྐྱོན་ཅན་དེའི་བསྡམས་པ་ཅན་དང་འདྲ་བར་ལུས་ཀྱི་བྱ་བ་ཞི་བ་དང༌། སྲིན་པོ་དང་འདྲ་བར་ནང་གི་བྱེད་པ་མ་དག་པའོ། །ཀྱེ་མ་གདུག་པའི་བདག་ཉིད་ཅན་རྣམས་ཀྱི། །ཡོ་བྱད་རྣམས་ཀྱི་རྣམ་པ་ཐམས་ཅད་དུ། །རབ་ཞིའི་ཆ་བྱད་ཀྱང་ནི་རྣམ་པར་རྩུབ་པའི་ཡིད། །སྐྱེ་བོ་ངན་ལ་ཅུང་ཟད་ཡིད་བརྟན་མི་བྱ་སྟེ། །གང་ཕྱིར་ཆུ་སྐྱར་གཡོ་མེད་འགྲམ་ལ་གནས་ཀྱང་ནི། །ཀུན་ནས་འཕྲོས་པའི་ཉ་ནི་གསོད་པ་མིན་ནམ་ཅི། །སྡུག་བསྔལ་ཉེ་བར་ལེན་པར་བྱེད་པ་བརྟེན་པ་རྣམས་ལ་བརྟེན་པ་ཡང༌། །ཀུན་ནས་རྨོངས་པ་སྐྱེད་པར་བྱེད་པ་ནང་དུ་གདུང་བ་ངེས་པར་འཛིན། །སྦྲུལ་གྱི་དུག་ལྟར་རྨ་ལས་བྱུང་བ་མཐའ་གཅིག་ཏུ་ནི་ཆེ་བ་སྟེ། །སྤྱོད་པ་བརྟེན་བཞིན་མིན་པ་སྐྱེ་བོ་ངན་པས་བཟོད་པ་ཉིད་དུ་དཀའ། །དེ་བས་ན་གཞོན་ནུས་བཀའ་སྩོལ་ཅིག །ཇི་སྲིད་དུ་གདུག་པའི་བདག་ཉིད་ཤ་ཟའི་འཇུག་པ་ཅན་འབྲས་བུ་མེད་པའི་བྲམ་ཟེའི་མིང་ཅན་དུམ་བུ་འཛིན་པ་འདི་བཅིངས་ནས་འོང་བར་བྱ་བའམ། ཕ་རོལ་ཏུ་སོང་བ་རྣམས་གྱིས་མགོན་པོའི་དབང་དུ་ཐོབ་པར་བྱ་ཞེས་ཟེར་རོ། །བྱང་ཆུབ་སེམས་དཔས་སྨྲས་པ། བདེན་མོད་ཀྱི་བདག་ལ་ཡང་དུམ་བུ་འཛིན་པའི་དོན་དུ་ཅུང་ཟད་ཁྲོ་བ་མངོན་པར་སྡང་བ་བྱུང་བར་གྱུར་ཏེ། །དེ་ནི་བདག་གི་སྲེག་ལུགས་འཛིན་པ་ཆུའི་རྒྱུན་དང་འདྲ་བའི་བཟོད་པས་ཉེ་བར་ཞི་བར་སོང་སྟེ། གལ་ཏེ་ཡང་བདག་ཅག་གི་སྲོག་གིས་བླ་མ་རྣམས་ཡུན་རིང་པོར་གསོ་བར་གྱུར་ན་དེ་ལྟ་ན་བདག་ཅག་ནི་དོན་དང་བཅས་པ་ཞེས་བྱ་བའོ། །དེ་བས་ན་དུམ་བུ་འཛིན་པའི་ཕྱིར་ཁྱེད་རྣམས་


DTG169_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁྲོས་པས་ཚོག་སྟེ་བདག་གིས་ནི་འགྲོ་བ་ཁོ་ནར་བགྱིའོ། །དེ་ནས་ཕོ་ཉ་ངོ་མཚར་བས་འདི་ལྟར་སྨྲས་པར་གྱུར་ཏེ། ཨེ་མ་ངོ་མཚར་བ་ཆེན་པོ་ནི་རྣམ་པ་ཐམས་ཅད་དུ་གཞོན་ནུ་དོན་དམ་པར་བཟོད་པ་དང་ལྡན་པ་སྟེ། ཅིའི་ཕྱིར་ཞེ་ན། གལ་ཏེ་དགྲ་བོ་ཟད་ཕྱིར་ཀུན་ནས་ལྡང་གྱུར་པ། །ཁྲོ་བའི་སྦྲུལ་ནི་བཟོད་པའི་རིགས་པ་འགེགས་པ་སྟེ། དགེ་ལེགས་ཐོབ་ལ་དགའ་བའི་བསམ་པ་བཅིངས་རྣམས་ཀྱི། །བཟོད་བརྟེན་རྣམས་ཀྱི་སྣང་ཐོབ་དེ་ནི་མདུན་འགྲོ་བ། །དེ་ནས་བྱང་ཆུབ་སེམས་དཔའ་ལ་མཆི་མའི་ཆུའི་ཐིགས་པ་བཏང་བའི་རང་གི་ནང་འཁོར་གྱི་སྐྱེ་བོས་རྗེས་སུ་འགྲོ་བཞིན་པ་ཤིང་རྟ་མཆོག་ལ་ཞོན་ཏེ། མཆོད་སྦྱིན་གྱི་ནང་ན་གནས་པའི་ཡབ་ཀྱི་དྲུང་དུ་འོངས་ཏེ་ཕྱག་བཙལ་ནས་གསོལ་བ། རང་གི་སྲོག་ནི་རྗེས་ཚོལ་བའི། །གལ་ཏེ་ཡབ་ཀྱིས་བདག་བཏང་ན། །བདག་གི་ལུས་འདི་མཆོད་སྦྱིན་ལ། །ཕྱུགས་ཉིད་དུ་ནི་ཉེར་བརྟག་མཛོད། །བདག་གིས་བུ་ཁྱོད་བཏང་བ་ཞེས། །ས་ཡི་བདག་བོས་བརྗོད་པ་ལ། །ཟླ་བའི་སྟེང་དུ་སྡུག་བསྔལ་གྱིས། །མཆི་མའི་ཐིགས་པ་ལྷུང་བར་གྱུར། །གང་ཚེ་ཡུན་རིང་པོར་གནས་ཀྱང༌། །འཆི་བདག་སྤྱོད་ཡུལ་བགྲོད་བྱ་བ། །དེ་ཚེ་གཞན་ནི་རྣམ་འཇིག་པས། །ཚེ་ནི་གནས་པར་སུ་ཞིག་འདོད།། དེ་ནས་དུམ་བུ་འཛིན་པས་མཆོད་སྦྱིན་བྱེད་པ་པོ་དེ་རྣམས་ལ་སྨྲས་པ། མཁན་པོ་རྣམས་གསོན་ཅིག །སྲེག་ལུགས་དང་པོ་སོ་སོར་སྦྱིན་པར་གྱུར་པ་ལ་གཞོན་ནུ་ཟླ་བ་ཐོག་མར་གསད་པར་བྱ་སྟེ་ཕྱིས་ནི་གཞོན་ནུ་འདི་རྣམས་ཞེས་ཟེར་རོ། །དེ་སྐད་སྨྲ་བའི་དུམ་འཛིན་ལ། །མགྲིན་པ་བཏེག་པའི་གཞོན་ནུ་རྣམས། །འཇམ་པའི་ཡན་ལག་ལྟར་གྱུར་ཏེ། །སེང་གེ་ལ་ནི་རི་དགས་བཞིན། །དེ་ནས་གཞོན་ནུ་དེ་རྣམས་ཐལ་མོ་སྦྱར་བས་བྱང་ཆུབ་སེམས་དཔའ་ལ་འདི་ལྟར་ཞུ་བ་བྱེད་ཅིང་གནས་པར་གྱུར་ཏེ། བདག་ཉིད་ཆེན་པོ་བསྔགས་པར་མཐོང་བའི་སེམས་ལྡན་པ། །འཇིག་རྟེན་ལ་བྱམས་སྤུན་ཟླ་ཁྱེད་ནི་གནས་པ་ལ། །བདག་ཅག་ཕྱུགས་བཞིན་བརྩེ་མེད་འདི་ནི་ཇི་ལྟར་ནི། །དུམ་བུ་འཛིན་པ་སྙིང་རྗེ་མེད་པས་ཁྱེར་བར་འགྱུར། །དེ་ནས་སྤུན་ཟླ་དེ་རྣམས་ཀྱིས་ཚིག་གསན་ནས་སྙིང་ནས་སྡུག་བསྔལ་བར་གྱུར་པས་བྱམས་པ་དང་ཡང་དག་པར་ལྡན་པའི་ཏིང་ངེ་འཛིན་ལ་ཀུན་


DTG169_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དམིགས་པར་གྱུར་ཏེ། རྣམ་པར་དག་པའི་སེམས་ལྡན་པ་ཡི་ཏིང་འཛིན་གྱིས། །མཉམ་པར་གཞག་པའི་བདག་ཉིད་ཀུན་ནས་ཆགས་པ་འདྲ། ངོ་མཚར་བཅས་པའི་བདག་ཉིད་མི་སྐྱོང་སྲས་རྣམས་ཀྱི། །ལྟོ་འཕྱེ་ལྟར་སྔོའི་ལྕགས་སྒྲོག་ཆག་པར་གྱུར། །ལྕགས་སྒྲོག་ཆག་པས་ངོ་མཚར་བར་གྱུར་པའི་རྒྱལ་པོ་དེ་ལ་འདི་ཅི་ཡིན་ཞེས་བྱ་བ་རྟོག་པ་སྐྱེས་པའི་དུམ་བུ་འཛིན་པ་དེ་ལ་ཆུ་ཡིས་ལྕི་བའི་ཆུ་གཏེར་བྱུང་བར་གྱུར་ཏེ། ས་ནི་བསྒྲིབས་ཤིང་དབང་ཕྱུག་ཆེན་པོའི་མགྲིན་ལྟར་སྔོ། །འཕྲོ་བའི་འོད་དང་ལྡན་པའི་གློག་གི་ཁྲོ་གཉེར་གྱིས། །ཁྲོས་པས་སྲིན་པོ་བཞིན་དུ་སྒྲ་ཆེན་སྒྲོགས་པར་གྱུར། །འདབ་ཆགས་གྲོལ་བས་རྣམ་པར་འཆག་པའི་ཤིང་རྣམས་ནི། །སྒྲ་དང་ལྡན་པ་རབ་ཏུ་སྐྱོ་བའི་བྲག་གི་དཀྱིལ། །རི་བོ་རྣམས་ཀྱི་རྩེ་མོ་ཀུན་ནས་ལྷུང་བྱེད་ཅིང༌། །མི་ཡི་གྲོགས་པོ་དྲག་པོའི་ཤུགས་ཅན་རབ་ཏུ་རྒྱུ་བར་གྱུར། །མཐུག་པའི་དྲ་བ་རྡོ་བའི་ཚོགས་ནི་མཐུག་པ་དེས། །དེ་ནས་སྤྲིན་རྣམས་མཐུག་ལས་རབ་ཏུ་གྲོལ་བར་གྱུར། །ཤིན་ཏུ་འཁྲུགས་པའི་སེམས་ལྡན་གཉིས་སྐྱེས་རྣམས་ཀྱི་ནི། །ཨོཾ་གྱི་སྒྲ་ནི་མཆོད་ཕྱིར་དབུས་སུ་ཞི་བར་གྱུར། །ཀུན་ནས་དཀར་དམར་བྱེད་ཅིང་ཆུ་ནི་འཛིན་རྣམས་ཀྱི། །ལྟོ་བ་རྣམས་ནི་འོད་དང་ཆུ་ཡི་ལྕི་བ་ནི། །མྱུར་དུ་ཉི་མ་ནུབ་པར་གྱུར་ཏེ་རྒྱལ་པོ་ཡི། །སྡུག་བསྔལ་རྣམས་ལ་བལྟ་བར་མི་ནུས་བཞིན་དུ་གསེར་ལས་བྱས་པའི་བུམ་པ་རྣམས། །མཆོད་སྦྱིན་ས་ལ་བཞག་པས་རབ་ཏུ་བརྡེགས་བཞིན་པ། །ནམ་མཁའ་ལས་ལྷུང་རྡོ་བ་རྣམས་ཀྱིས་མྱུར་དུ་ནི། །ཆག་པར་བྱས་པ་བསྐྱོད་ཅིང་ཀུན་ནས་སྒྲ་འདོན་འགྱུར། །ནམ་མཁའ་ལས་ལྷུང་རྡོ་བ་རྣམས་ཀྱིས་བརྡེགས་པ་ནི། །མཆོད་སྦྱིན་མོ་ནི་འཇིགས་པ་འདྲ་བར་རབ་ཏུ་ཞི། །ཀུན་ནས་རབ་ཏུ་འཕོས་པའི་མེ་སྟག་ཁྱབ་པ་ཅན། །བསྐྱོད་ཅིང་ལྷོད་པ་སྐྱ་བའི་དུ་བའི་ཚོགས་དང་ལྡན། གླང་པོ་རྣམས་ཀྱི་ལྕི་བའི་ལྕགས་ཤུབས་ཀྱིས་བཅིངས་པ། །མཆེ་བས་འགྲམ་ལ་མངོན་པར་བརྡེགས་པས་ས་འབྲེལ་བ། །རྡོ་བས་མངོན་པར་བསྣུན་པ་ཀུན་ནས་སྒྲ་སྒྲོགས་ཤིང༌། །རབ་ཏུ་འཕྲོ་བའི་འོད་ལྡན་མེ་སྟག་འཕྲོས་པར་གྱུར། །རྨ་བྱ་གནས་པའི་སྲོག་ཤིང་ལས་ནི་ཀུན་ནས་ལྷུང་བ་སྟེ། །ཁྱིམ་བྱ་རོ་དང་བྲལ་ཞིང་འཇིགས་པས་སྒྲ་འདོན་གྱུར། །རྡོ་བས་ཀུན་ནས་བརྡེགས་པས་གཡོ་བའི་མིག་


DTG169_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི། །རི་དགས་རྣམས་ནི་ཁྱིམ་གྱི་ནང་དུ་ཞུགས་བར་གྱུར། །བསིལ་བ་ཆུ་གཏེར་རླུང་ནི་འཐུང་བར་བྱེད་འདོད་ཅིང༌། །རྒྱ་ཆེའི་ཚང་ལས་རྣམ་པར་འབྱུང་བའི་ཕྱེད་ཀྱི་ལུས། །གདེངས་ཀ་ཅན་གྱི་བུ་ཡི་སྒྲ་བཅས་མྱུར་དུ་རྣམ་རྒྱལ་ནས། །ལྟོ་འཕྱེ་རྡོ་བས་ཀུན་ནས་བརྡེགས་པས་རབ་ཏུ་ཞུགས། །བྱང་ཆུབ་སེམས་དཔའ་རིང་པོ་ནས་ནི་ཡོངས་གསལ་ནས། །གཞོན་ནུ་དང་བཅས་ཀུན་ནས་ལྷུང་བ་ཤུགས་ལྡན་པ། །རྡོ་བ་རྣམས་ལ་མི་སྐྱོང་དུ་མ་འཛིན་བཅས་པ་ནི། །ཕོ་བྲང་འཇིགས་པའི་སྐྱེ་བོས་ཁྱབ་བར་འཇུག་པར་གྱུར། །བློན་པོ་དང་ནི་ས་ཡི་བདག་པོ་སོང་བ་དང་ལ། །གློག་གི་འོད་ཀྱིས་རྣམ་པར་སྣང་བའི་ལམ་ལ་ནི། །ཐོག་གིས་མགོ་བོ་དག་ནི་རྣམ་པར་ཆག་པ་ཡི། །ཀླད་པ་བྱུང་བའི་ཆ་ཡིས་ཉེ་བར་གོས་པའི་སྐྲ་ལྡན་པ། །མཆི་མ་དང་ལྡན་སྐྱེ་བོ་ལས་ནི་ཤི་ཐོས་ནས། །ས་ཡི་སྐྱོང་བ་རྣམས་ཀྱིས་བཀའ་ལ་མཆོད་པ་སྟེ། །འཇམ་པའི་སེམས་ཉིད་ཤིན་ཏུ་སྡུག་བསྔལ་ཁུར་གྱིས་ནི། །བཙུན་མོ་གློ་བུར་དུ་ནི་སྲོག་ནི་གཏོང་བར་གྱུར། །དེ་ནས་འཇིགས་པའི་སྐྱེ་བོ་རྣམས་ཀྱིས་ནང་དོར་བ། །ས་ཡི་བདག་པོའི་ཕོ་བྲང་སྒོ་ནི་ཆག་གྱུར་པ། །རྡོབ་རྣམས་ཀྱིས་ཀུན་ནས་བརྡུངས་པས་སྐད་ཅིག་དེར། །གསེར་གྱི་ཀ་བ་རྣམས་ཆག་སྒྲ་སྐྱེས་ལྷུང་བར་གྱུར། །ཤི་བར་གྱུར་ཏམ་འོན་ཏེ་འཚོ་འམ་ཅི། །གཡོ་སྒྱུའི་བསམ་པས་ས་བདག་དུམ་བུ་འཛིན་པ་དག །དེ་ལྟར་འཕྲོས་པ་ཀུན་ནས་ཆུ་ནི་འཛིན་པ་རྣམས། །ཁྲོས་པ་ལྟར་ནི་གློག་གི་མིག་གིས་རྣམ་བལྟས་གྱུར། །དེ་ནས་ཐོ་རངས་ཀྱི་དུས་སུ་བྱང་ཆུབ་སེམས་དཔའ་ཕ་མ་དག་ལ་མེས་བསྲེག་པར་བྱས་ཏེ། ཤི་བ་ལ་ཆུའི་སྙིམ་པ་སྟེར་ཅིང་ཀུན་ནས་སྐྱོ་བའི་བློ་ཅན་གྱིས། །ཨེ་མའོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དངོས་པོ་ཐམས་ཅད་སྐྱེས་མ་ཐག་ཏུ་རབ་ཏུ་འཇིག་པའོ་ཞེས་བྱ་བ་ལེགས་པར་གསུངས་པ་འདི་ལ་རྣམ་པར་བསམས་ནས་སྤུན་ཟླ་དེ་རྣམས་ལ་སྨྲས་པ། འཕེལ་ཕྱིར་བུ་ཡི་ཤི་བདག་ནི། །མཉེས་གཤིན་ཡིད་མ་དེས་སྤངས་ནས། །བདག་ལས་འབྲས་བུ་མ་ཐོབ་པ། །བདག་གི་མ་ནི་གང་དུ་སོང༌། །ས་ཡི་སྐྱོང་བ་བདག་གི་ཡབ། །ས་ནི་སྐྱོང་བར་མཛད་ནས་ནི། །ཆོས་འཇིག་དུམ་བུ་འཛིན་པ་དང༌། །ལྷན་ཅིག་ཏུ་ནི་གང་དུ་གཤེགས། །དྲན་པར་བྱ་ཡི་ཕུན་


DTG169_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འདི། །རྟ་བབས་ཀ་བ་ལྷུང་གྱུར་པ། །བླ་མའི་ཁྱིམ་ན་མྱ་ངན་བྱེད། །ས་ལ་གཅོག་བྱེད་རྣམ་ལྷུང་བ། །འདི་དག་མི་མཉམ་ཡང་དག་ལྷུང༌། །ཆགས་པའི་སོ་པག་འབྱུང་བ་ནི། །འོད་མེད་རི་མའི་རྩིག་པ་རྣམས། །བདག་ཉིད་མྱ་ངན་བྱེད་པ་འདྲ། །ཅི་ཞིག་གླུ་ཡི་རབ་འདི། །འོན་ཏེ་གནས་ཀྱི་ཕོ་བྲང་ཡིན། །ཁང་བ་ཞིག་པའི་ཆ་རྣམས་ནི། །དཀའ་བས་འདི་ལྟར་དཔོག་པར་གྱུར། །གནས་འདི་ཕོ་བྲང་ཡོད་འགྱུར་ཏེ། །དཔལ་ལྡན་ས་ཡི་བདག་པོ་དེའི། །དེ་ལྟར་ཕྲད་འདོད་སྐྱེ་བོ་ནི། །གཞན་ལ་སྨྲར་འགྱུར་མྱ་ངན་གྱིས། །དཔལ་བྲལ་རྡོ་བ་བསྣུན་པ་ཡིས། །ནེ་ཙོ་ཁུ་བྱུག་ཤི་བ་ནི། །ས་ཡི་བདག་པོའི་ཕོ་བྲང་གི །སྐྱེད་མོས་ཚལ་འདི་སྒོམ་བྱེད་འདྲ། །མི་གནས་བདེ་བ་རེ་ཅན་གྱི། །རྒྱུན་པ་ཡོངས་སུ་སྐྱོང་བྱེད་ཅིང༌། །དེ་ལྟར་དགྲ་ནི་རྫོགས་དོན་དུ། །ཕྲད་པ་འདོད་པ་འདྲ་བར་གནས། །བྱ་བ་མ་ཆད་སྐྱེས་རྣམས་ཀྱི། །བྱེད་པར་འགྱུར་དང་བྱེད་པ་དང༌། །བྱས་འགྱུར་རྫོགས་པའི་དོན་དུ་ནི། །ཤིང་བྱའི་སྒྲ་ནི་མི་རྟག་ཉིད། །བདག་ཀྱང་གནས་ལ་ནམ་མཁའ་ནི། །རྟག་པ་ཞེས་བྱ་མངོན་པར་བརྗོད། །འདི་ལྟར་སྟེང་དུ་མཐོང་བ་ལྟར། །ཁྲོས་པས་མི་རྟག་པ་ཉིད་གནས། །གཞན་དབང་མིན་པར་འཇུག་པའི་ཕྱིར། །ཡིད་ལ་ཞི་བ་ཉེར་ཐོབ་པ། །གཉེན་རྣམས་མཉེས་གཤིན་སྤངས་པ་ནི། །ཆགས་པ་བྲལ་བས་བདེ་བར་གནས། །ཀུན་ནས་རྟོག་པར་ཡུལ་རྣམས་མངོན་པར་འདོད་པ་སྐྱེ་བོ་ལ་ནི་སྲིད་པར་གནས་མི་བྱེད། །སྲེད་པས་ཡིད་ནི་བཅངས་པ་རང་བཞིན་གྱིས་ནི་དྲི་བཅས་བརྟེན་པའི་ཐལ་མོ་འཆིང་བར་བྱེད། །བསྟེན་པས་གདུངས་པ་མཆོག་དུ་བསྟེན་པར་འདོད་པས་ལོང་བ་བཞིན་དུ་ཀུན་ནས་འཇོམས་པར་བྱེད། །ཀུན་ནས་འཇོམས་པ་སྡུག་བསྔལ་རྒྱུན་ནི་ཀུན་ནས་བརྙས་པའི་ཉོན་མོངས་རྣམས་ཀྱིས་བྱིན་གྱིས་བརླབས། །དཀའ་བས་རྙེད་པ་ཡང་ནི་རིམ་གྱིས་རབ་ཏུ་ཉམས་པའི་བདེ་བ་སླར་ནི་འགྱུར་བ་སྟེ། །དེ་ཉམས་པ་ལ་སྐྱེས་པ་བསམས་པའི་མེ་ནི་སྦར་ཞིང་ཡོངས་སུ་གདུང་བ་ཉིད་དུ་འགྲོ། །སྡུག་བསྔལ་འདི་ནི་སྲིད་པའི་རྗེས་འབྲེལ་ཀུན་ནས་བསགས་པ་གཡོ་སྒྱུ་ཅན་གྱི་རྒྱུ་ཡིན་ཏེ། །དེ་རྣམས་ཤིན་ཏུ་བདེ་ལྡན་གང་རྣམས་ཀྱིས་ནི་ཡང་དག་ཆུང་འདོད་ཡིད་རྣམས་ལ་ནི་བཞག །དེ་བས་རྒྱལ་སྲིད་དོར་ནས་བདག །སྡུག་


DTG169_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་མང་པོའི་ཚེར་མ་ཅན། །ཞི་ཕྱིར་ཞི་བའི་ལམ་གནས་ནི། །དཀའ་ཐུབ་ནགས་སུ་འགྲོ་བར་བགྱི། །དེ་ནས་རྗེས་སྐྱེས་བྱ་བ་བྱས་པ་དབང་བསྐུར་ནས། །སྤུན་ཟླ་གཉིས་སྐྱེས་རྣམས་ཀྱིས་ཤིས་པ་རྩོམ་པ་ནི། །དཔལ་ནི་སྤངས་ཏེ་དཀའ་ཐུབ་རྣམ་པར་འཕེལ་བའི་ཕྱིར། །བརྟེན་པའི་ཡིད་ཅན་དེ་ནི་ནགས་སུ་སོང་བར་གྱུར། །དེ་ལྟར་བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔར་གྱུར་པ་ན། གནོད་བྱེད་ལ་ཡང་བཟོད་པ་ལྷོད་པར་མ་མཛད་དོ་ཞེས་བྱ་བ་རྣམ་པར་བསམས་ནས་དགེ་བ་ཚོལ་བ་རྣམས་ཀྱིས་བཟོད་པའི་སྟོབས་དང་ལྡན་པས་གནས་པར་བྱ་ཞེས་བྱ་བའོ། །ཟླ་བའི་སྐྱེས་པའི་རབས་སྟེ་སྐྱེས་པའི་རབས་བཅུ་པའོ། །སྡོམ་ལ། རི་དགས་རྨ་བྱ་ཐུབ་པ་དང༌། །སྔོ་བསངས་དཀའ་ཐུབ་གསུམ་དེ་བཞིན། །དགའ་བའི་སྡོམ་ཆངས་གླང་པོ་དང༌། །ས་སྐྱོང་སྲས་ནི་ཟླ་བ་ཡིན།། །།དམ་མིན་འཇུག་རྣམས་ཉིན་རེར་མ་གུས་ཀྱང༌། །གང་ཞིག་རང་གི་ཁྲོ་བ་འདུལ་བར་བྱེད། །དེ་ནི་གཞན་དག་རྣམས་ཀྱི་འགྲོ་བ་ཡང༌། །དུལ་བ་དང་ལྡན་བརྟན་པས་འདུལ་བར་བྱེད། །འདི་ལྟར་རྗེས་སུ་ཐོས་ཏེ། དྲི་མ་མེད་པའི་མེ་ལོང་གི་དཀྱིལ་ལྟར་ཆུ་དང་བ་འགའ་ཞིག་ལ་ཆུ་ལ་སྤྱོད་པའི་འདབ་ཆགས་རྣམས་ཀྱི་གཤོག་པ་རྣམ་པར་འཕངས་པས་པདྨ་རྣམས་ཀྱི་ཚོགས་འཁྲུག་པར་བྱས་པ་དང༌། འདོད་ཆགས་དང་བྲལ་བའི་སེམས་ཐུབ་པ་རྣམས་ཀྱིས་འཇུག་དོགས་ལ་བརྟེན་པ་དང༌། འཇམ་པའི་རླུང་གིས་རྣམ་པར་འབིགས་བཞིན་པའི་ཆུ་རླབས་ཀྱི་རྒྱུན་གྱིས་བསྐུལ་བའི་སྦུ་བ་དཀར་པོའི་ཕྲེང་བས་འགྲམ་གྱི་རི་མོ་འདྲེས་བར་བྱས་པ་དང༌། འགྲམ་གྱི་ཤིང་རྣམས་ཀྱི་མེ་ཏོག་གིས་བྲག་གི་དཀྱིལ་བཀྲམ་པ་དང༌། སྐྱེ་བོ་བཟང་པོའི་སྤྱོད་པ་ལྟར་འཇིག་རྟེན་ཐམས་ཅད་ལ་བདེ་བར་བྱེད་པའི་ལྟོ་འཕྱེ་ཆེན་པོའི་གནས་མཚོ་ཆེན་པོ་ལ་དྲི་མ་དང་བྲལ་བའི་ནོར་བུ་རྣམས་ཀྱི་གདེངས་ཅན་གྱི་ཚོགས་རྣམ་པར་བརྒྱན་པར་བྱས་པའི་བྱང་ཆུབ་སེམས་དཔའ་དར་དར་ཞེས་བྱ་བའི་སྦྲུལ་བྱུང་བར་གྱུར་ཏོ། །ལྟོ་འཕྱེ་སྐྱེ་བོ་ལ་ཡང་གནས་པར་བྱེད་བཞིན་པ། བཟོད་པ་འདོད་པས་དེ་ནི་བསམ་པ་ངེས་འབྲེལ་བ། །ནམ་ཡང་ཁྲོ་བའི་སེམས་ནི་གདུང་བྱེད་མི་འགྱུར་ཏེ། །ས་ལས་སྐྱེས་པ་ཆུ་ནི་སྤངས་པ་མི་ལྟར་ནི། །རྟག་ཏུ་བྱམས་པ་གོས་བྱེད་པའི། །མཁས་པ་རྣམས་


DTG169_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རིག་པ་སྟེ། །སེམས་ནི་གྲོགས་དང་དགྲ་རྣམས་ལ། །སྙིང་རྗེ་ཐ་ནི་མི་དད་འབྱུང༌། །བདག་ཉིད་ཆེན་པོ་དེ་ཡང་ཆོས་དང་རྗེས་སུ་མཐུན་པའི་དགེ་སློང་མ་དཀའ་ཐུབ་པ་མཐོང་ནས་མིའི་ཆ་བྱད་དུ་བྱས་ཏེ་མདུད་པ་དང་བཅས་པས་ཉེ་བར་བརྟེན་པར་གྱུར་ཏོ། །བློ་གྲོས་ཆེན་པོ་དེའི་ཡང་གདེངས་ཀའི་ནོར་བུ་དང༌། ལུས་ཀྱི་པགས་པ་འདྲ་བར་ཉེ་བའི་དར་དར་ཞེས་བྱ་བའི་སྤུན་ཟླ་ཡོད་པར་གྱུར་ཏོ། །དེ་དག་ཕན་ཚུན་དུ་ཕན་པས་རྩེ་གཅིག་པའི་ཡིད་ལ་བྱེད་པ་དང༌། ཕ་རོལ་གྱི་རྣམ་པར་འཚེ་བའི་སྡུག་བསྔལ་ལས་ལོག་པ་དཀའ་ཐུབ་ཀྱི་ནོར་ཅན་དང་འདྲ་བའི་ཆུ་འཛིན་པ་དེ་ལ་རྣམ་པར་གནས་པར་གྱུར་ཏེ། དེར་ཡང་གདེངས་ཅན་རྣམས་ཀྱིས་རང་བཞིན་གྱི་བསམ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཉེ་བར་གནས་བཞིན་པ་ལ་མི་བཟོད་པར་གྱུར་ཏོ། །ཉམས་པ་མེད་ཀྱང་མི་དགའ་བའི་ཚིག་དེ་དང་དེ་རྣམས་ཀྱིས་ཉི་མ་རེ་རེ་ཞིང་འདི་ལ་གནོད་པར་གྱུར་ཏེ། །དངོས་པོ་ཀུན་གྱི་རང་བཞིན་ཉིད། །བདག་ཉིད་དྲི་བཅས་སྐྱེ་ངན་གྱིས། །རྨོངས་པ་རྣམས་ཀྱི་རང་བཞིན་ཉིད། །ཞི་བའི་སེམས་ལྡན་རྣམས་ལ་ཡང༌། །གང་ཕྱིར་རྒྱུ་ཉིད་དྲག་ཉིད་འབྲེལ། །དེ་ནས་ཉེ་བའི་དར་དར་ལྟོ་འཕྱེའི་ཚོགས་ཀྱི་དྲུང་ནས་རྔན་ཅན་དེ་མ་བཟོད་ཅིང་ང་རྒྱལ་གྱིས་མངོན་པར་གནས་པའི་ཡིད་ཅན་ཅུང་ཟད་ཀྱང་བཟོད་པར་མི་ནུས་ཤིང་དར་དར་ལ་སྨྲས་པ། དམ་པ་མ་ཡིན་པའི་རང་བཞིན་མིག་གིས་ཐོས་པ་འདི་རྣམས་ཀྱི་རྔན་ཅན་འདི་བདག་ཅག་གིས་མ་ནུས་པ་བཞིན་དུ་ཅིའི་ཕྱིར་བཟོད་པར་བྱེད། གང་གི་ཕྱིར་ཆུའི་རྟེན་གཞན་རྣམས་ལས་ལྷག་པར་གནས་པར་བྱས་པ་སྟོབས་དང་ལྡན་པའི་གྲོགས་པོ་རྣམས་ལྟོ་འཕྱེའི་བདག་པོ་ཡོད་དེ། དེ་རྣམས་ལ་སྤྲོ་བ་བསྐྱེད་ནས་འཐབ་མོས་ལྟོ་འཕྱེ་འདི་རྣམས་མཚོ་འདི་ལས་ངེས་པར་གདོན་པར་བྱ་བའམ། འཇིག་པ་ཉིད་དུ་ཁྱེར་བར་བྱ་ཞེས་ཟེར་རོ། །བྱང་ཆུབ་སེམས་དཔས་སྨྲས་པ། བཞིན་བཟངས་དམ་པ་མ་ཡིན་པའི་སྐྱེ་བོ་དང་ལྷན་ཅིག་སྐྱེས་པའི་ཁྲོ་བ་འདི་སོ་སོར་སྡུད་པའི་སྟོབས་ཀྱིས་ཡོངས་སུ་དོར་བར་གྱིས་ལ་ཁྱོད་ལྟོས་ཤིག་དང༌། བཟོད་པའི་ལྕགས་ཀྱུས་གནས་པའི་ལམ་ནི་འདའ་བྱེད་པ། །རིང་པོར་ཁྲོ་བའི་མཆེ་གཉིས་གང་ཞིག་འགག་བྱེད་པ། །དེ་ཡི་ཡིད་ནི་ནམ་ཡང་འགྱོད་པར་མི་འགྱུར་ཏེ། །ཕ་རོལ་དུ་ཡང་ངན་པའི་འགྲོ་བ་ཐོབ་པར་འགྱུར། །ལམ་མིན་


DTG169_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགྲོ་ངོ་ཚ་དོར་བར་བྱེད་པ་སྟེ། །བློ་ལྡན་རྣམས་ཀྱི་གསོ་བའི་ངག་ནི་ཐོས་མིན་པ། །དམ་མིན་སྐྱེ་བོ་ཆགས་པས་སྨོད་པའི་སྐྱེ་བོ་ནི། །སྐད་ཅིག་གིས་ནི་བཟང་པོ་ཡང་ནི་བཟང་ཉིད་འདོར། །གང་ཞིག་ཚེར་མ་དང་བཅས་ལམ་ལ་གོམ་པ་ནི། །འཇུག་བྱེད་དེ་ལས་ལངས་པའི་སྡུག་བསྔལ་དེས་ཐོབ་སྟེ། །དེ་ལྟར་བརྟགས་ནས་སྐྱེ་ངན་ཚེར་མ་དྲག་པ་ཅན། །གནས་པ་མཁས་པ་བདེ་བ་དོན་གཉེར་ཡོངས་སུ་དོར། །ཇི་སྲིད་ཁྲོ་བའི་མེ་ནི་མེ་སྟག་དང་ལྡན་པ། །སེམས་ནི་སྲེག་པར་བྱེད་ཅིང་འཕེལ་བར་མི་འགྲོ་བ། །དེ་སྲིད་སྐྱེས་པས་བཟོད་པའི་ཆུ་ཡིས་རབ་སྤངས་པའི། །བདེ་བ་སྦྱིན་པ་ཉིད་ནི་མྱུར་དུ་གསད་པར་བྱ། །དེ་ལྟར་དགྲ་བཞིན་ཀུན་འཇུག་པ། །ནད་ནི་ཀུན་ནས་འབྱུང་བ་ལྟར། །བཟོད་དགྲ་བཟོད་པས་རྒྱལ་བྱས་ཏེ། །རབ་ཞི་ལ་ནི་ཡིད་བཟུང་མཛོད། །གཞན་ཡང་ཤིན་ཏུ་དགའ་བ་རི་བོང་ཅན་གྱི་འོད་ཟེར་ལྟར་དྲི་མ་དང་བྲལ་བའི་ཆུ་དང་ལྡན་པའི་ཆུའི་རྟེན་རྣམས་ནི་གཞན་དག་ཀྱང་ཡོད་དོ། །ནུས་པ་མེད་པ་དང་འདྲ་བར་མཚོ་འདི་ལ་ཅིའི་ཕྱིར་གནས་པར་བྱ། །དེ་བས་ན་འོང་བར་མཛོད་ཅིག་དང་མཚོ་གཞན་ལ་གནས་པར་བྱ་ཞེས་ཟེར་རོ། །ཇི་ལྟར་ཕུ་བོས་བཀའ་སྩལ་པ་ཞེས་བྱ་བ་མངོན་པར་བརྗོད་ནས་ནུ་བོ་དང་རྗེས་སུ་འགྲོ་བཞིན་པའི་བྱང་ཆུབ་སེམས་དཔའ་ཤེལ་གྱི་ནོར་བུའི་ཚོགས་ཞུ་བ་དང་འདྲ་བའི་ཆུ་སྐྱེས་ཀྱི་ནགས་ཀྱིས་བསྒྲིབས་པ་དང༌། ནང་དུ་རབ་ཏུ་འགྲོ་བའི་གསལ་བའི་ཉའི་ཚོགས་ཀྱིས་ཁྱབ་པ་དང་ཉེ་བར་ཤིང་གི་གྲིབ་མས་འགྲམ་གྱི་ཆུ་བཀབ་པ་དང༌། །འདབ་ཆགས་ཀྱི་ཚོགས་དུ་མས་བར་མཚམས་མེད་པའི་མཚོ་ཆེན་པོར་མངོན་པར་འཇུག་པར་གྱུར་ཏེ། དེ་ནས་ས་འོག་ཀུན་ནས་འཇུག་པར་འདོད་པའི་དེ་ལ་ནི། །བརྟེན་པ་རབ་ཏུ་ཞི་ལ་ངེས་པར་འབྲེལ་བའི་ཡིད་ཅན་ལ། །པདྨའི་འདབ་མ་ཚོགས་ཀྱིས་འདྲེས་པ་སྦུ་བའི་མཆོད་ཡོན་ནི། །མཚོ་ཡི་རླབས་རྣམས་ཀྱིས་ནི་སྐྱེས་པ་འདྲ་བར་བྱིན་པར་གྱུར། །བདག་གི་ཆུ་ནི་གཙང་བར་མཛོད། །དེ་ལ་དེ་ལྟར་མངོན་བརྗོད་ཅིང༌། །རྐང་དྲུག་སྨིན་མའི་ལྗོན་ཤིང་འདེགས། །པདྨའི་ཚོགས་ལྡན་བྱས་པར་གྱུར། །ནོར་བུའི་འོད་ཀྱིས་བསླང་བ་ཡིས། །དེར་ནི་དེ་དག་ནུབ་གྱུར་ལ། །དབང་པོ་གཞུ་དང་ཆུ་དེ་ནི། །སྐད་ཅིག་བར་མཚམས་མེད་


DTG169_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གྱུར། །མཚོ་དེ་རྒྱ་ཆེ་དེ་དག་གིས། །ས་འོག་ལྷག་པར་གནས་པ་ནི། །ཁ་ཕྱེའི་པདྨ་ཨུཏྤལ་ཅན། །བདག་ཉིད་གཙང་བ་འདྲ་བར་སེམས། །དེ་ནས་པདྨ་ཆེན་པོ་དང་ལྡན་པའི་ཆུའི་གནས་དེར་རང་བཞིན་གྱིས་དྲག་པ་དང༌། དྲི་མ་ཅན་གྱི་བསམ་པ་དང་ལྡན་པའི་སྦྲུལ་ཆེན་པོས་དེ་དག་གི་རང་བཞིན་གྱིས་ངེས་པར་སྐྱེས་པའི་བཟང་བ་ཉིད་ཤེས་ནས་ཉི་མ་རེ་རེར་འདི་ལྟར་རྔན་ཆེན་གྱི་དུག་དང་འབྲེལ་བ་ཚ་བའི་ཡི་གེ་རྣམས་སྨྲས་པར་གྱུར་ཏོ། །ལྟོ་འཕྱེ་ཉིད་ནི་ཡོད་ཅིང་ཡང་དག་བརྟེན། །བཟོད་ལྡན་ཉིད་ནི་ཁྱེད་ཅག་བདག་ལ་ཅི་ཕྱིར་འགྱུར། །ཟབ་པའི་ཆུ་ལྡན་ཆུ་བོའི་བདག་པོའི་གནས་ལ་ཡང། །ཆུ་རྟའི་གདོང་གི་མེ་ནི་བསིལ་བར་མི་འགྱུར་རོ། །རྣམ་ཁྱབ་ཁྲོ་བའི་སྲེག་ལུགས་ཟ་བ་ཡོད་པ་ལ། །བཟོད་པ་མངོན་པར་སྨྲ་བ་ཉིད་འདི་རིགས་མིན་ཏེ། །ཨེ་མ་ཁྱེད་ཅག་གི་ནི་མི་བདེན་ཆེན་པོ་ཡིས། །ཤིན་ཏུ་བདག་དང་སྐྱེ་བོ་ཡང་ནི་སླུ་བར་བྱེད། །གང་ཞིག་བདག་ཉིད་བཟོད་པ་དང་ལྡན་ཞེས་སྨྲ་བ། །ཁྲོས་པས་ཉེ་བར་སྦས་པ་ལུས་ཅན་གྱི་ནི་སེལ། །ཁྲི་སྙན་ལྤགས་དང་ཤིང་ལོའི་གོས་ནི་འཛིན་པ་ཡིན། །གནོད་སྦྱིན་དེ་ཡི་གཡོ་སྒྱུས་དཀའ་ཐུབ་བརྟུལ་ཞུགས་ཅན། །ཁྲོ་བའི་མེ་ནི་ཡོད་ལ་འགྲོ་བའི་སྡུག་བསྔལ་གྱི་ནི་རྒྱུ། །ཁྱེད་གཉིས་བཟོད་པའི་སྐྱེ་བོས་དད་པར་བྱས་པ་མ་ཡིན་ཏེ། །ཆོས་ཀྱི་བདག་ཉིད་ཇི་ལྟར་དོན་མིན་འདི་ནི་ཁྱེད་ཅག་གི །བདག་གི་སླད་དུ་དགོད་པའི་དངོས་པོ་སྲིད་པར་འགྱུར་བ་ཡིན། །དེ་བས་ན་བདག་ཅག་གི་ཆུའི་རྟེན་གྱི་གནས་འདི་ནས་འགྲོ་བར་གྱིས་ཤིག་ཅེས་ཟེར་རོ། །ཆུའི་སྦྲུལ་དེ་ཡང་དེ་ལྟར་རྒྱུ་མེད་པར་ངག་རྩུབ་པར་སྨྲ་བ་མཐོང་ནས་དར་དར་ནི་རང་བཞིན་གྱིས་རྣམ་པར་དག་པའི་བློ་བདག་ཉིད་ནང་དུ་སྨྲས་པ། དམ་པ་རྣམས་ཀྱི་ཚིག་ནི་ཚིག་གི་གི་དགྲ་སྟས་འཇིགས་པར་བྱེད་ཅིང་ཤུགས་དང་ལྡན་པ་ནི། །རིང་པོ་ནས་མཐོང་འཇིགས་དང་བཅས་འདྲར་དམ་པ་རྣམས་ཀྱི་གཉེན་འདུན་ཡོན་ཏན་རྣམས་ཀྱིས་དོར། །དེ་ལྟར་གཅེར་བུ་བཞིན་དུ་མཐོང་ནས་འདུལ་བ་ཉམས་པས་དམ་པ་མིན་པའི་སྐྱེ་བོ་ནི། །དམ་པའི་སེམས་ཀྱི་ཁྱིམ་བདག་མོ་ནི་ངོ་ཚ་དང་ལྡན་གནས་པར་བསམ། །དེ་ནས་སྤྲུལ་ཆེན་པོ་དེའི་སྐྱེ་བོ་ངན་པའི་དངོས་པོའི་གཞུ་ལས་དྲངས་པའི་ཚིག་རྩུབ་མོའི་མདའ་རྣམས་བཟོད་པར་མི་ནུས་ཤིང་ཉེ་བའི་དར་དར་ཁྲོས་


DTG169_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀུན་ནས་བསྐྱོད་བཞིན་པའི་ཡིད་སོའི་རྩེ་མོ་རྣམས་ཀྱིས་མ་མཆུ་འཛིན་ཅིང་དར་དར་ལ་སྨྲས་པ། སྤུན་ཟླ་ལགས་སྦྲུལ་ཆེན་པོ་འདིའི་བརྙས་པ་འདི་ཅིའི་ཕྱིར་བཟོད་པར་བགྱི། །གང་གི་ཕྱིར་འདི་ནི་རྒྱུ་མེད་པར་ཉི་མ་རེ་རེ་ཞིང་བདག་ཅག་ལ་དེ་ལྟར་ལྷག་པར་རྒོལ་བར་བྱེད། །འདིའི་ཆུའི་རྟེན་འདི་ཉོས་པ་འདི་མ་ཡིན་ཏེ། དེ་བས་ན་མང་པོ་མངོན་པར་བརྗོད་པས་ཅི་ཞིག་དགོས། ཐོག་མར་གཡོ་སྒྱུ་ལྡན་པ་འདི་ནི་སྐད་ཅིག་གི་ཚིག་སྟེ། ཆོས་དང་འབྲེལ་བའི་ལམ་ཉམས་རྒྱུ་མཚན་མེད་པར་དགྲར་འཛིན་པ། །གློག་གི་རྒྱས་པ་ལྟར་ནི་སེར་སྐྱའི་དུག་གི་མེ་ཡིས་ནི། །སྦྲུལ་ཆེན་ཚོགས་རྣམས་ཀུན་ནས་འཕྲོ་བར་གདུལ་དུ་གཏང་བར་བགྱི། །བྱང་ཆུབ་སེམས་དཔས་སྨྲས་པ། སྡུག་བསྔལ་དང་ལྡན་པ་འདིའི་སྟེང་དུ་སེམས་ལ་སྨོད་པ་ཆོག་ཅིང་ཆོག་གོ །འདི་ནི་བཟོད་པ་ཁོ་ན་མཛེས་པ་སྟེ་ཅིའི་ཕྱིར་ཞེ་ན། སྟོབས་དང་སྟོབས་ཆུང་ལ་བཟོད་པོ། །སྡིག་བཅས་ལ་ཡང་གང་ཞིག་བྱེད། །དོན་དམ་བཟོད་ཅན་དམ་རྣམས་ཀྱིས། །དེ་ནི་འགྲོ་བར་མངོན་པར་བརྗོད། །དོན་མེད་ཁྲོ་བའི་མེ་འབར་བ། རྩུབ་པའི་ཡི་གེ་སྨྲ་བ་ནི། །སྨན་ནི་ཅུང་ཟད་ལན་མིན་ལས། །སྐྱེ་ངན་ལ་གཞན་ཡོད་མིན་ཏེ། །དེ་བས་རྩུབ་པའི་ཚིག་སྨོས་ཤིག །རྒྱུ་མཚན་མེད་པར་འདི་ཡང་ནི། །མིང་སྨྲའི་ངོ་བོས་རྒྱལ་བྱས་ཏེ། །དམ་མིན་སྐྱེ་བོ་རྨོངས་པའི་བློ། །དོན་མེད་སྡིག་པ་སོག་བྱེད་པ། །བདག་ལ་སྨོད་ཅིང་སྐྱེ་བོ་ངན། །དེ་ཕྱིར་དེ་ལ་བརྩེ་བ་ཉིད། །མཁས་པས་བྱ་བར་འོས་པ་ཡིན། །དེ་བས་འདི་འདྲའི་བློ་ནི་ཉེ་བར་བརྩམས་མཛད་ཅིག །གཞན་ནི་ཉེ་བར་གསོད་ཕྱིར་འདི་ནི་ཉེ་བར་ཀུན་ལངས་པ། །འདུལ་བ་མིན་པར་དགྲ་སྟས་བདག་ཉིད་ཟད་པ་ལ། །ཐོས་པ་ཆེ་བ་རྣམས་ལ་སྙིང་རྗེ་ཉིད་ནི་མཛེས། །དེ་ནས་ཉེ་བའི་དར་དར་རས་གུས་པ་དང་བཅས་པས་བཏུད་ནས་བྱང་ཆུབ་སེམས་དཔའ་ལ་ཕན་པ་ཉེ་བར་སྟོན་པ་ཆེན་པོ་རྣམས་ཀྱི་ཚིག་རྣམས་ནི་མངའ་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་བརྗོད་ཅིང་བཟོད་པའི་ཆུའི་དབང་བསྐུར་བས་རང་གི་ཁྲོ་བའི་མེ་རྣམ་པར་ཞི་བར་བྱས་ཏེ། སྐྱེ་བཟང་རྣམས་ཀྱིས་གནས་པ་ཆེན་པོ་བྱས་པ་ནི། །ས་གསུམ་འདུལ་བ་མིན་པ་སོ་སོར་འགོག་བྱེད་པ། །ཡོན་ཏན་ངེས་འབྲེལ་ཡིད་ནི་ངོ་ཚ་དང་ལྡན་པ། །དགེ་བ་ཉིད་ལ་སྐྱེ་བོ་སོ་སོར་བསྐྱང་བར་བྱ། །སྦྲུལ་


DTG169_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དེ་ཡང་དེའི་བཟོད་པ་ཀུན་ནས་འདྲིས་པས་འདུལ་བའི་ཡི་གེ་བྱང་ཆུབ་སེམས་དཔའི་ཚིག་ལ་མཉན་ན་སླར་འགྱོད་པ་དང་ལྡན་པས་རྒྱུ་མཚན་མེད་པར་སྡང་བ་དང་ངེས་པར་འབྲེལ་བ་བདག་ལ་ཉི་མ་རེ་རེ་བཞིན་དུ་ཤིན་ཏུ་རྩུབ་པའི་ཚིག་མངོན་པར་བརྗོད་པ་ལ་བདག་ཉིད་ཆེན་པོ་འདི་ཉུང་བ་ཡང་སེམས་ལ་རྩུབ་པ་སྐྱེས་པ་མ་ཡིན་པ་ཞེས་བྱ་བ་དེ་བས་ནི། །ཨེ་མའོ་ངོ་མཚར་ཆེན་པོ་ཞེས་བྱ་བ་རྣམ་པར་བསམས་ནས། བླ་མ་དང་འདྲ་བར་སོ་སོར་བལྟ་བར་བྱ་བའི་བྱང་ཆུབ་སེམས་དཔའི་དྲུང་དུ་ཉེ་བར་འོངས་ནས། བཟོད་པར་གསོལ་ཞིང་རྣམ་པ་མང་པོའི་གཏམ་འདི་ལྟར་སྨྲ་བར་གྱུར་ཏེ། ཡང་དང་ཡང་དུ་རྔན་ཆེན་འདི་ནི་བདག་གིས་བྱས། །ཁྱེད་ཀྱི་ཡིད་ནི་འགྱུར་བ་དང་ལྡན་མ་མཛད་དེ། །ཁྱེད་ནི་ངེས་པར་གདེངས་ཅན་རྣམས་ནི་འདུལ་བའི་ཕྱིར། །ཐུབ་པ་ཆེན་པོས་ཀྱང་ནི་ལྟོ་འཕྱེ་ཉིད་ནི་མཛད། །སྦྲུལ་ཉིད་འཇིགས་པར་བྱེད་པ་འདི་ནི་གང་དུ་སྟེ། །ཤིན་ཏུ་ཞི་བ་དང་ལྡན་ཡིད་ནི་གང་དུ་ཡང༌། །བསྐོར་བར་བྱས་ནས་སྡང་བ་ཉིད་ནི་སྤངས་བྱས་ཏེ། །འདབ་ཆགས་རྒྱལ་པོ་ཡང་ནི་ཁྱོད་ལ་མཆོད་པར་བྱེད། དེ་ལྟར་སྦྲུལ་ཆེན་པོ་དེ་རྩུབ་པའི་ཚིག་རྣམ་པར་ཟློག་སྟེ། བྱང་ཆུབ་སེམས་དཔའི་འདུལ་བའི་རྗེས་སུ་འཇུག་པས་རང་གི་གནས་སུ་འོངས་ཏེ་རང་བཞིན་བཟང་པོ་བཟུང་བར་གྱུར་ཏོ། །དེ་ལྟར་ན་བཅོམ་ལྡན་འདས་དེས་བྱང་ཆུབ་ཀྱི་སྤྱོད་པ་ལ་གནས་ནས། ལྟོ་འཕྱེའི་སྐྱེ་གནས་སུ་གནས་ཀྱང༌། །བཟོད་པ་གོམས་པས་དྲག་པོའི་ཡིད་ཅན་རྣམས་ཀྱང་བཟང་པོ་ཉིད་དུ་ཉེ་བར་ཁྱེར་བ་ཞེས་བྱ་བ་རྣམ་པར་ངེས་ནས་བཟོད་པ་ལ་ཡོངས་སུ་འདྲིས་པར་བྱའོ། །དར་དར་གྱི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་དང་པོའོ།། །།བརྩོན་འགྲུས་མེད་པར་འདོད་པའི་འབྲས་བུ་ནི། །འགྲོ་བར་སྦྱར་ཕྱིར་ཆུང་བའང་ཐོབ་པ་མིན། །དེ་ལྟར་ངལ་བ་རྩི་བར་མ་བྱས་པར། །སྐལ་བ་ཆེན་པོ་རྣམས་ནི་བརྩོན་འགྲུས་རྩོམ། །འདི་ལྟར་རྗེས་སུ་ཐོས་ཏེ། དྲི་མ་མེད་པའི་ཆུ་འབབ་པའི་ལྕང་མའི་ཕྲེང་བས་འགྲམ་གྱི་རི་མོ་སྔོ་བར་བྱས་པ་འགའ་ཞིག་ཏུ་ཀ་རན་ཏ་ཀའི་ཚོགས་ཀྱི་རྗེས་སུ་འགྲོ་བཞིན་པའི་བསྐྱོད་པའི་ཉའི་ཚོགས་ཀྱི་མཆུའི་དཀྱིལ་ཁྱབ་པ་དང༌། རབ་ཏུ་བརྐྱང་བའི་གོས་ལྟར་དཀའ་བའི་འགྲམ་དང་ལྡན་པའི་ཆུ་བོས་ཀུན་ནས་འཕངས་པའི་ས་འཛིན་གྱི་ལོགས་དང་ལྡན་པ་འགའ་ཞིག་ལ་ནགས་


DTG169_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མེས་ཕྱེད་ཚིག་པ་ཡོངས་སུ་སྨིན་པའི་སྐྱུ་རུ་ར་དང༌། ཕྲེང་བ་དང༌། རྒྱ་ཤུག་རྣམས་ཀྱིས་སའི་དཀྱིལ་ཁྱབ་པ་དང༌། མར་ཀ་ཏའི་ཁབ་ལྟར་ཀུ་ཤའི་མྱུ་གུ་སྔོན་པོས་ཉེ་བར་བསགས་པ་དང༌། འགའ་ཞིག་ཏུ་ཕག་རྣམས་འཇུག་པས་ཀུན་ནས་སྐྲག་པ་དང༌། ཀུན་ནས་གྲོལ་བར་གྱུར་བའི་རྫིང་གི་འགྲམ་གྱི་མཐའ་དང་ལྡན་པ་དང༌། གཞན་དུ་རི་དགས་ཀྱི་ཤས་མེ་སྦར་བས་རབ་ཏུ་ཉལ་བའི་སྟག་རྣམས་ཀྱིས་ཕུག་གི་སྒོར་ལྷག་པར་གནས་པ་དེ། སྣ་ཚོགས་པའི་ཡལ་གས་བསྐོར་བས་ཀུན་ནས་བསྐོར་བའི་དམའ་པ་དང༌། འཁྱོག་པའི་རི་མོས་མཚན་པའི་ཤིང་རྣམས་ཀྱི་སྡོང་བུ་དང་ལྡན་པ། མཐུག་པའི་འདབ་མ་ཅན་གྱི་འོད་མའི་ནགས་ཀྱིས་བཀབ་པའི་མདུན་མ་ཅན་གྱི་རིའི་སུལ་བར་པ་དང་ལྡན་པའི་ནགས་ཀྱི་ནང་ན་བྱང་ཆུབ་སེམས་དཔའ་རི་དགས་ཀྱི་ཚོགས་ཀྱི་བདག་པོ་བྱུང་བར་གྱུར་ཏོ། །བདག་ཉིད་ཆེན་པོ་དེས་ཀྱང་དམ་པའི་སྤྱོད་པ་མིའི་བདག་པོས་རྒྱལ་སྲིད་རྗེས་སུ་སྐྱོང་བར་གྱུར་པ་དང་འདྲ་བར་རི་དགས་ཀྱི་ཚོགས་གང་དུ་ཡང་འཇིགས་པ་མེད་པར་འཕེལ་བ་ཆེན་པོར་འགྲོ་བར་གྱུར་ཏེ། རི་དགས་འཕྲོག་བྱེད་མགྲིན་པ་ལྟར་ནི་སྔོ་བའི་རྒྱབ། །སེང་གེ་ལྟར་ནི་བསམ་ལྡན་སྔོ་བའི་རྩྭ་ཟ་ཞིང༌། །དམ་དང་དམ་མིན་ལམ་ཤེས་རི་དགས་རྣམས་དེ་ནི། །སློབ་བཟངས་མཁན་པོ་ལ་ལྟར་དེ་ལ་རྗེས་འགྲོ་གྱུར། །དེ་ནས་དུས་གཅིག་གི་ཚེ་ན་རི་དགས་ཤོར་བ་ལ་དགའ་བས། སའི་བདག་པོ་སུ་ཞིག་གི་རི་དགས་ཀྱི་ཚོགས་དེ་རྔོན་པའི་དྲུང་ནས་རྣ་བའི་ལམ་དུ་སོང་བར་གྱུར་ཏོ། །རྒྱལ་པོ་དེ་ཡང་གཞུ་འཛིན་པའི་རྟའི་མཆོག་ལ་ལྷག་པར་ཞོན་པ། །དམག་ཚོགས་ཀྱིས་བསྐོར་བ་ནགས་དེར་འོངས་ནས། །རིང་བོ་ནས་རི་དགས་ཀྱི་ཚོགས་དེ་ལྟ་ཞིང་གནས་ཏེ། དེ་ནས་སྐྱུགས་ལྡད་སྤངས་ཏེ་གྱེན་དུ་ལྟ་བའི་གདོང༌། །ཁྲི་སྙན་ས་ལེ་མདའ་ནི་མདའ་ཕོགས་དོགས་པ་ཅན། །མདའ་ཡི་ཡུལ་དུ་རི་དགས་ཁྱེར་འདོད་མི་ཡི་དབང་པོ་ནི། །དམག་གི་མདུན་དུ་སོང་བ་ལྟ་ཞིང་གནས་པར་གྱུར། །གཡེར་ཁའི་སྒྲ་ནི་ཀུན་ནས་འབྱུང་བ་རྣམས་མཐོང་ནས། །གསོད་འདོད་དམག་ཚོགས་དེ་ནི་གཞུ་ནི་གཞུ་རྒྱུད་བདུངས། །མིག་གཉིས་བསྐྱོད་པས་བལྟ་བའི་རི་དགས་རྣམས་ཀྱིས་བསྐོར། །ཚོགས་ཀྱི་བདག་པོ་དེས་ནི་འདི་ནི་ངེས་པར་བསམས། །ས་བདག་བདེ་བ་སྐྱོང་


DTG169_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བ་བདེ་བ་དོན་གཉེར་ནི། །སྐྱེ་དགུ་འཇིགས་པ་མ་སྐྱེས་དགེ་བ་བརྟེན་པའི་ཕྱིར། །བདག་ལ་སོང་བ་ཀུན་ནས་ངལ་བ་མ་བསམས་ནས། །སྲུང་བྱེད་དེ་ནི་གང་ཞིག་ཕོངས་པ་ལ་ཡང་སྲུང༌། །འཇིགས་པས་འཁོར་བ་རྒྱ་ཆེའི་མིག་ལྡན་འདི་རྣམས་ནི། །ཀུན་ནས་ཟག་པའི་ཁྲག་གིས་ས་སྟེངས་སྦངས་པ་ནི།། རི་དགས་རྣམས་ནི་མདུན་དུ་ལྷུང་ཞིང་ལུས་འཕྲོས་པ། །མདའ་རྣམས་ཀྱིས་ནི་བསྣུན་པ་ཇི་ལྟར་བལྟ་བར་འགྱུར། །དེ་ལྟར་རི་དགས་འདི་རྣམས་རི་དགས་གསོད་པ་ཡི། །མདའ་ནི་རྣོན་པོ་རྣམས་ཀྱིས་ཇི་སྲིད་བསྣུན་མིན་པ། །སྟོབས་ཀྱིས་དེ་སྲིད་འཇིགས་པས་བསྐྱོད་པའི་མིག་ལྡན་པ། །འདི་རྣམས་ལ་ནི་བསྲུང་བའི་དོན་དུ་འབད་པར་བགྱི། །ནགས་འདི་ཡང་དམག་གི་ཚོགས་འདིས་ཀུན་ནས་ཡོངས་སུ་འཕངས་པ་སྟེ། དེ་བས་ན་ཕྱོགས་གང་གིས་རི་དགས་ཀྱི་ཚོགས་ཀུན་ནས་འབབ་པར་བགྱི་ཞེས་བྱ་བ་ཀུན་ནས་བལྟས་ཏེ། ཡིན་མོད་ཐབས་འདི་རྙེད་དེ། རིའི་ཆུ་བོ་འདི་ལས་རྒལ་ནས་རི་དགས་རྣམས་ལ་བདེ་བར་འགྱུར་ཞེས་བྱ་བ་བརྟག་པར་བགྱིའོ། །རིམ་པ་གཅིག་གིས་རི་དགས་འདི་རྣམས་མྱུར་དུ་ཆུ་འབབ་པའི་རྒྱ་མཚོའི་ཆུན་མ་འདི་ལ་རྒལ་བར་ནུས་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་བས་ན་འདི་འདིར་ཐོབ་པ་དེ་ཆུ་བོ་འདིའི་དབུས་སུ་གནས་པ་བདག་གི་རྒྱབ་ལ་གོམ་པ་འདོར་ཞིང་རི་དགས་འདི་རྣམས་བདེ་བར་འགྲོ་བར་འགྱུར་སྙམ་དུ་རྣམ་པར་བསམས་ནས། འགྲམ་གྱི་ཤིང་གི་རྩེ་མོ་ལ་རབ་ཏུ་འབབ་པའི་ཆུ་འགའ་ཞིག་ལ་ཀུན་ནས་བསྐོར་བའི་འཁོར་དོང་གི་དབུས་སུ་མནན་པས་སྦུ་བའི་ཚོགས་རྣམ་པར་འཁྲུག་པའི་ས་འཛིན་གྱི་ཆུ་བོ་དེ་ལ་དབུས་སུ་ཞུགས་ནས་བདག་ཉིད་བརྟན་པར་བྱས་ཏེ། བདག་ཉིད་ཆེན་པོ་དེས་རི་དགས་རྣམས་ལ་སྨྲས་པ། འགྲམ་འདི་ལས་ནི་ཀུན་མཆོངས་ཏེ། །བདག་གི་རྒྱབ་ཏུ་གོམ་བཞག་ནས། །དཀའ་བ་འདི་ལ་ཚོགས་མཚུངས་པ། །མྱུར་དུ་འཇིགས་མེད་སོང་ཤིག་གོ །ཆ་ཤས་ལྡན་ཕྱིར་བདག་གི་ལུས། །ཆོས་མེད་ཕྱིར་ཡང་དོན་མེད་དེ། །ཁྱེད་ཅག་བསྒྲལ་པས་སྙིང་པོ་འདི། །ཤིན་ཏུ་རིང་ནས་ཐོབ་པར་འགྱུར། །གཞན་ཕན་པ་ལ་རྒྱབ་ཕྱོགས་པ། །གང་ཚེ་ལུས་ཀྱི་རྨ་དེ་ཚེ། །གང་ཚེ་གཞན་ལ་ཕན་དམིགས་པ། །ལུས་ཀྱི་རིན་ཆེན་འདི་དེ་ཚེ། །གལ་ཏེ་ཁྱེད་ཅག་མི་སྐྱོང་དམགས་གིས་རྗེས་འབྲེལ་བ། །བདག་ནི་འཇིགས་པས་


DTG169_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྐྱོང་བར་ནུས་པ་ནི། །བདག་གི་ཚོགས་ཀྱི་བདག་པོ་ཉིད་ཀྱི་དགྲ་འདི་ནི། །དེ་ཕྱིར་ས་ལ་དི་རིང་འབྲས་བཅས་འགྱུར་བ་ཡིན། །དེ་ནི་རེ་ཞིག་ཉིད་དུ་དེ་ཕྱིར་འོང་བར་མཛོད་ཅིག་དང༌། །ཇི་སྲིད་ཁྱེད་རྣམས་ལ་ཡང་རྣོན་པོའི་མདའ་རྣམས་ལྷུང་མིན་པ། །བདག་གི་རྒྱབ་ནི་མི་གཡོ་ཆུ་བོའི་ཆུ་ལ་ཟམ་གྱུར་ལ། །ཞོན་ནས་དམག་ཚོགས་འཇིགས་པ་འདི་ལ་ཀུན་ནས་རྒལ་བར་མཛོད། །དེ་ནས་རི་དགས་དེ་རྣམས་ཤི་བའི་འཇིགས་པས་ཚོགས་ཀྱི་བདག་པོའི་རྒྱབ་ལ་གོམ་པ་བཞག་ནས་ཆུ་བོའི་ཆུ་ལས་རྒལ་ནས་འགྲམ་གཉིས་པ་ལ་ཉེ་བར་འགྲོ་བའི་ཕྱིར་ཀུན་ནས་བརྩམས་པར་གྱུར་ཏེ། །ཇི་ལྟ་ཇི་ལྟར་ཤིན་ཏུ་ལྷུང་བ་དེ་ཡི་ནི། །རྒྱབ་ཏུ་སྐྲག་པས་རྣམ་བསྐྱོད་མིག་ཅན་རི་དགས་རྣམས། །དེ་ལྟ་དེ་ལྟར་རི་དགས་ཚོགས་ནི་འཛིན་པ་འདི། །མྱུར་དུ་རྨིག་པ་རྣམས་ནི་བརྟན་ཉིད་སོང་བར་གྱུར། །དེ་ནས་རི་དགས་རྣམས་ཀྱི་བདག་པོའི་ཤ་ནི་ཀུན་ནས་བརྐོས་པའི་ཁྲག། རྨིག་པ་གཉིས་ཀྱིས་ཀུན་ནས་ཐིགས་བ་དེ་ཡི་རྒྱབ་ནི་འཛག་པར་གྱུར། །རི་དགས་ཚོགས་ནི་རི་ཡི་མཐའ་མར་འགྲོ་ཞིང་རིང་ནས་བལྟ་བྱས་ཏེ། །སྡུག་བསྔལ་མ་བརྩིས་པ་སྟེ་དེ་ནི་དག་པ་ཉིད་ལ་དམིགས་པར་གྱུར། །སེམས་ཅན་ཡོངས་སུ་སྐྱོང་བྱེད་པའི། །ཐབས་དང་དེ་བཞིན་སྟོབས་ཀྱིས་ཀྱང༌། །ནང་གི་དགའ་བའི་རྒྱུད་པ་ནི། །ཆེན་པོ་རྣམས་ཀྱི་སྡུག་བསྔལ་འགེགས། །དེ་ནས་རྒྱལ་པོ་དེ་རི་དགས་ཀྱི་ཚོགས་ཀུན་ནས་བསྒྲལ་བའི་ཕྱིར་ཆུ་བོའི་དབུས་སུ་ཟམ་པར་གྱུར་པའི་ཚོགས་ཀྱི་བདག་པོ་མཐོང་ནས། །ངོ་མཚར་བས་འོངས་ཏེ་མདའི་སྟན་རྣམས་ལ་མདའ་རྣམས་འཛིན་པར་བྱེད་པའི་དམག་གི་སྐྱེ་བོ་ལ་སྨྲས་པ། །གང་ལ་ལ་ཞིག་རི་དགས་ལ་རྡེག་པར་གྱུར་ན་དེ་ནི་བདག་ལ་གཤེད་མ་ཞེས་བྱ་བའོ། །དེ་ནས་གདམས་ངག་ཐོས་ནས་ནི། །ས་བདག་དེ་ཡི་སྐྱེ་བོ་དེ། །སྐད་ཅིག་མདའ་དང་སྦྱོར་བྲལ་བ། །གཞུ་ཡི་རྒྱུད་རྣམས་བྱས་པར་གྱུར། །བྱང་ཆུབ་སེམས་དཔས་ཀྱང་རི་དགས་ཐམས་ཅད་ཅི་ཞིག་རྒལ་བར་གྱུར་ཏམ་འོན་ཏེ་མ་ཡིན་ཞེས་བྱ་བ་ཕྱི་ནས་ལྟ་ཞིང་ཤིན་ཏུ་ཡང་འཇིགས་པས་བསྐྱོད་པའི་མིག་ཅན་ཚོགས་འདྲ་བར་གྱུར་པ་ལྟ་བར་བྱེད་ཅིང༌། མ་ནུས་པས་གོམ་པ་གཞག་པར་སྤྲོ་བ་མེད་པར་ཕྱོགས་གང་ནས་འགྲོ་བར་བྱ་ཞེས། རེས་ཀྱིས་འདྲེ་བའི་སྙིང་དང་ལྡན་པའི་རི་དགས་ཀྱི་ཕྲུག་


DTG169_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་མཐོང་བར་གྱུར་ཏོ། །མཐོང་ནས་ཀྱང་མཆོག་ཏུ་སྙིང་རྗེས་དམིགས་པར་གྱུར་ཏེ། །དོགས་པ་དོར་ཅིག་བྱང་ཆུབ་སེམས་དཔའ་ཁྱོད་ལ་ནི། །བྱིས་པ་གཅིག་པུར་འདོར་བར་འགྱུར་བ་མ་ཡིན་ཏེ། །བུང་བའི་སྒྲ་རྣམས་ཀྱིས་ནི་དེ་ལྟར་མེ་ཏོག་ལྡན། །ཤིང་རྣམས་དེ་ལ་དབུགས་ནི་འབྱིན་པའི་འདྲར་གནས་འགྱུར། །དེ་ནས་ཚོགས་ཀྱི་བདག་པོ་ཆུ་བོ་དེ་ལས་སོ་སོར་རྒལ་ཏེ། །རི་དགས་ཀྱི་ཕྲུག་པ་དེ་ལ་སྨྲས་པ། །བདག་གི་རྒྱབ་ཏུ་བུ་འཛེགས་ནས། །ཤི་བའི་སྡུག་བསྔལ་རྣམས་གྲོལ་གྱིས། །ཁྱོད་ནི་ཆུ་པོའི་ཕ་རོལ་དུ། །འགྲམ་འདི་ནས་ནི་བདག་གིས་ཁྲིད། །གང་གིས་འཇིག་རྟེན་སྲིད་རྒྱལ་མཚོས། །རྒལ་ཕྱིར་བརྩོན་འགྲུས་བརྩམས་པ་ནི། །དེ་ཁྱོད་རྒལ་བར་མི་འགྱུར་བ། །ཆུ་བོའི་ཆུ་ལས་ཇི་ལྟར་ཅིག །དེ་ནས་དེ་ནི་འདི་ལ་ཞོན། །རི་དགས་ཕྲུག་པ་བརྩོན་ལྡན་ལ། །ཆུ་བོ་རླབས་ཀྱི་ཕྲེང་བ་ཅན། །སྙིང་རྗེ་དམིགས་པས་འཛིན་པར་འགྱུར། །ཁྱེད་ཀྱི་རྒྱབ་ལ་རྨ་རྣམས་འདི་དག་ཤིན་ཏུ་ནི། །སྡུག་བསྔལ་ཤིན་ཏུ་སྐྱེད་པར་བྱེད་པ་ཡིན་ནམ་ཅི། །དེ་ལྟར་སྨྲ་བ་བཞིན་དུ་ཀུན་ནས་རྒལ་བ་ནི། །ཆུ་བོ་རླབས་ཀྱི་ལྷག་པ་རྣམས་ཀྱིས་དེ་ལ་སྨྲས་པ། དེ་ནས་ཚོགས་ཀྱི་བདག་པོས་རི་དགས་ཀྱི་ཕྲུག་པ་དེ་ཆུ་པོ་དེ་ལས་བསྒྲལ་བར་བྱས་ནས་རབ་ཏུ་དགའ་བས་རྒྱས་པའི་མིག་ཅན་མ་དང་ཡང་དག་པར་སྦྱར་ཞིང་གནས་སོ། །དེ་ནས་ས་ལ་པུས་མོ་དག །མཐོང་འདོད་རི་དགས་ཕྲུག་བྱས་ཏེ། །ནུ་མ་འོ་མ་འབྱུང་བ་དག །མྱུར་དུ་མ་ཡིས་འཛིན་པར་གྱུར། །དེ་ནི་ཁ་འདི་ལོག་བྱས་ནས། །ནུ་མ་འཐུང་བས་གཡོ་བའི་གདོང༌། །ལྕེ་ཡི་རྩེ་མོ་བསྐྱོད་པ་ཡིས། །མཉེས་གཤིན་པས་ནི་ལྡག་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ནས་ངལ་བའི་དབང་གིས་རྨིག་པའི་རྨའི་སྡུག་བསྔལ་གྱིས་ལུས་ཀྱིས་འབད་པ་ནུས་པ། ཇི་ལྟར་ཡང་ནི་རྨིག་མཚན་རྩ་ལྡན་བཙལ་བྱས་ནས། །རིམ་གྱིས་རི་དགས་རྣམས་ཀྱི་ལམ་ནི་ཀུན་འཁྲུག་པ། །དལ་བུས་ཁྲག་གིས་བརླན་བས་ས་ལ་འདུག་ནས་ནི། །ངལ་བ་བསགས་པ་དེ་ནི་སྐད་ཅིག་ངལ་བསོ་གྱུར། །གནས་སྐབས་འདི་ནི་སྙིང་རྗེ་མེད་པ་འདི་རིང་བུ། །མ་ནི་ཡོད་ཀྱང་བདག་གིས་ཁྱོད་ནི་ཁྱེར་བྱས་པ། །དེ་ནས་ཡན་ལག་སྨྲས་པ་སྙིང་རྗེས་རྗེས་གདུངས་པ། །དེ་ལ་ལྟ་བཞིན་པ་ནི་མྱུར་དུ་


DTG169_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ངུ་བ་འདྲ། །རྒྱལ་པོ་དེ་ཡང་ཆུ་བོ་དེ་ལས་རྒལ་ནས་འཁོར་དང་བཅས་པ་རྟ་ལས་བབས་ཏེ། ངོ་མཚར་བའི་ཡིད་ཅན་བདག་ཉིད་ཆེན་པོ་དེ་དང་ཉེ་བར་འདུག་པར་གྱུར་ཏོ། །ཚོགས་ཀྱི་བདག་པོ་དེ་ཡང་རྒྱལ་པོ་དེ་མཐོང་ནས་སྨྲས་པ། ལངས་པར་འོས་པ་མཐོང་ནས། ནི། །ངལ་བས་བདག་ནི་ཉམས་བྱས་པ། །གང་ཕྱིར་ཁྱོད་ལ་བདག་མ་ལངས། །འདི་ནི་བདག་གིས་མ་གུས་མིན། །དེ་ནས་རྒྱལ་པོ་དེ་གུས་པ་དང་བཅས་པས་ཉེ་བར་འདུག་སྟེ་བདེའམ་ཞེས་དྲིས་ཏེ། ཚོགས་ཀྱི་བདག་པོ་ལ་འདི་ལྟར་ཀུན་ནས་བརྟེན་ཅིང་སྨྲས་པ། ངོ་ཚ་མེད་པ་གཞན་ལ་ཉེ་བར་འཚེ་ཕྱིར་མཚོན་བཟུང་བ། །ལོངས་སྤྱོད་འདོད་པ་རབ་རིབ་ཀྱིས་ནི་བློ་ཡི་མིག་འགག་པ། །བདག་ཅག་ལྟ་བུ་མི་ཡི་ཕྱུགས་རྣམས་ཀྱིས་ནི་ཆོས་ཤེས་ཁྱོད། །སྙིང་རྗེའི་གྲོགས་པོ་རི་དགས་ཐུབ་པ་ཁྱོད་ནི་མཆོད་པར་བྱ། །མི་སྐྱོང་བྲན་རྣམས་འཐབ་མོའི་དུས་ལ་མི་འཇིགས་པ། །བདག་ཉིད་སྲུང་བར་བྱེད་པར་འདོད་པས་འཛིན་པ་སྟེ། རང་གི་ཚོགས་ལ་བསྲུང་བར་མཁས་པ་ཐམས་ཅད་དུ། ཁྱེད་ཀྱི་ཚུལ་གྱིས་ས་སྐྱོང་རྣམས་ཀྱིས་ཚུལ་ལས་རྒྱལ། །གལ་ཏེ་བྲན་ནི་མང་པོ་གཡུལ་ངོ་ཡི་ནི་དབུས་གནས་པ། །ས་སྐྱོང་ལ་ནི་ཡོངས་སུ་སྐྱོང་བྱེད་འདི་ལས་ངོ་མཚར་ཅི། །རི་དགས་མང་པོ་འདི་རྣམས་ཁྱེད་ནི་གཅིག་པུ་ཞེས་བྱ་བས། །གང་ཕྱིར་སྐྱོང་བར་བྱས་པ་དེ་ནི་འདིར་ནི་ངོ་མཚར་ཏེ། །ཡོན་ཏན་མང་ཞིང་སྙིང་རྗེ་ལྡན་པ་ཁྱོད་ཀྱི་འདི། །ཡོན་ཏན་བྲལ་ཞིང་སྙིང་རྗེས་རྣམ་བྲལ་ཆུང་བ་ནི། །བདག་གིས་མི་ཉིད་འདི་ནི་རི་དགས་ཉིད་ཁྱབ་པར། །འཐོབ་པའི་ཕྱིར་ནི་ཉེ་བར་དགོད་པར་འདྲ་བར་བྱེད། །དེ་ལྟར་མངོན་པར་བརྟེན་ནས་རྒྱལ་པོ་དེས་ཚོགས་ཀྱི་བདག་པོ་ལ་དྲིས་པ། གཞན་ལ་ཕན་པ་ལ་མཁས་པའི་བརྩོན་འགྲུས་འདིས་ཁྱོད་ཡང་གོ་འཕང་ཅི་ལྟ་བུ་ཞིག་མངོན་པར་འདོད། བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་གསོན་ཅིག །སངས་རྒྱས་ཉིད་ནི་རྟོགས་བྱའི་ཕྱིར། །བདག་གི་བརྩོན་འགྲུས་བརྩོན་ལྡན་རྣམས་ཀྱི་མཆོག །རི་དགས་ཉིད་ལའང་ཅི་ནུས་པར། །ཡོད་པ་འདི་ནི་ཉམས་མི་འགྱུར། །ཇི་ལྟར་བདག་གི་རི་དགས་འདི་རྣམས་འཇིགས་པས་ཁྱབ། །འཇིགས་པའི་ཤུགས་ཅན་ཆུ་བོའི་ཆུ་ལས་རབ་རྒལ་བ། །དེ་ལྟར་ཉོན་མོངས་མང་པོས་ཀུན་ཁྱབ་འགྲོ་བ་ནི། །སྲིད་


DTG169_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡུག་བསྔལ་ཆུ་འཛིན་པས་ནི་རྒྱལ་གྱུར་ཅིག །རྒྱལ་པོ་ཆེན་པོ་བརྩོན་འགྲུས་ལ་རྒྱབ་ཏུ་ཕྱོགས་པའི་སྟོབས་དང་ལྡན་པས་ཀྱང་མངོན་པར་འདོད་པའི་གོ་འཕང་ལ་མངོན་པར་འགྲོ་བར་ནུས་པ་མ་ཡིན་ཏེ་ལྟོས་ཤིག་དང༌། ལེ་ལོས་གྲོགས་དང་བཅས་པ་ཡང༌། །སྐྱེ་བོ་འཆར་བར་འགྲོ་བ་མིན། ལག་པའི་རྩེ་མོ་སར་བརྡབས་པ། །ཕོ་ལོང་ཆུ་ཡིས་བངས་པ་བཞིན། །གཞན་ཡང༌། མཁས་པས་ཀྱང་ནི་ལེ་ལོའི་བློ་ཅན་བདེ་བ་ཡི་ནི་རྟེན། །གནས་ནི་མཐོ་བར་མངོན་པར་འགྲོ་བར་ནུས་པ་མ་ཡིན་ཏེ། །གཟིངས་ནི་སྐྱ་བ་འཛིན་པ་རྣམས་ཀྱིས་བསྐུལ་བ་མ་ཡིན་པ། །རྒྱ་མཚོའི་ཕ་རོལ་ཡུན་རིང་པོས་ཀྱང་འགྲོ་བ་མ་ཡིན་ནོ། །རྒྱལ་པོས་སྨྲས་པ། རི་དགས་ཀྱི་ཚོགས་ཀྱི་བདག་པོས་ཡང་དག་པར་མངོན་པར་སྨྲས་པ་སྟེ། ཅིའི་ཕྱིར་ཞེ་ན། གྲགས་པ་རྣམ་པར་དག་པའི་རིགས་ལས་སྐྱེས་པ་ཡང་ནི་ལོངས་སྤྱོད་འབྱུང་བར་རབ་གྲགས་པ། །འདུན་པ་རྣམས་ལ་མཁས་པའི་གྲལ་ནི་མཆོག་ཏུ་ཤིན་ཏུ་མཁས་པ་ཉིད་ཀྱིས་ཐོབ་པ་ཡང༌། །ལེ་ལོས་ཡིད་ཀྱི་རེ་བ་ལན་ཅིག་ཡང་ནི་སྐྱེས་པའི་འབྲས་བུ་ཐོབ་པ་མ་ཡིན་ཏེ། །གཞུ་རྒྱུད་ལ་ནི་བརྟད་པའི་མདའ་ཡང་འཕེན་པ་པོ་ཡི་འབད་པ་མེད་བར་འབན་ལ་མི་འགྲོའོ། །དེ་བས་ན་འདི་ལྟར་བརྩོན་འགྲུས་ལ་དམིགས་པ་ཁྱོད་ཀྱིས་སངས་རྒྱས་ཀྱི་གོ་འཕང་རྟོགས་པར་ནུས་པ་ཞེས་བྱ་བའོ། །གང་དག་ཞི་བའི་གོ་འཕང་འཛེག་འདོད་པ་ཡི་ངང་ཅན་འདིར་ནི་ཉོན་མོངས་རྣམས་ཀྱིས་བསམ་པ་མི་ཕྱེད་པ། །ཁྱེད་ལས་སྔར་ནི་བྱ་བ་བྱས་ཤིང་སྨོན་ལམ་བྱས་པའི་སྐྱེ་བོ་བྱང་ཆུབ་ལ་སློབ་པ། །དེ་རྣམས་ཀྱིས་ནི་ལམ་ལ་རྟ་ལྟར་ཀུན་ནས་ངལ་བས་རིམ་གྱིས་རྒྱུག་པར་བྱེད་པ་ནི། །ཅང་ཤེས་ལྟར་ནི་ངལ་བའི་འཇིགས་པ་ཀུན་ནས་དོར་བ་མ་འོངས་ཁྱེད་ནི་མདུན་འགྲོ་བ། །ཀུན་ནས་བསྐོར་བའི་མུན་པ་བྲལ་བ་ལུས་ཀྱི་འོད་ཅན་རྣམས་ཀྱིས་ཚོགས་པ་འཛིན་བྱེད་ཅིང༌། །ཆོས་ཀྱི་གཏམ་ལ་མངོན་པར་འདོད་པའི་སྐྱེ་བོ་ལ་ནི་ཡང་ཡང་ཆོས་ནི་རབ་སྒྲོགས་ཤིང༌། །ཉོན་མོངས་ངེས་པར་བཅིངས་པ་གཅོད་པ་ཡོན་ཏན་ནོར་ཅན་མཁས་པ་རྣམས་ཀྱིས་མངོན་མཆོད་པ། །ཁྱེད་ནི་སངས་རྒྱས་ཉིད་དུ་ཉེ་ཐོབ་སྲིད་སོང་སྐྱེ་བོ་བསོད་ནམས་ཅན་གྱིས་མཐོང་བར་འགྱུར། །དེ་ནས་རྒྱལ་པོ་དེ་བྱང་ཆུབ་སེམས་དཔའ་ལ་མངོན་


DTG169_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྟེན་ནས་སྨྲས་པ། ཨེ་མའོ་ཁྱོད་འདི་ལྟར་ཆོས་ལ་མངོན་པར་ཕྱོགས་པ་མཐོང་ནས་བདག་ཀྱང་ཆོས་ལ་མངོན་པར་འདོད་པ་སྐྱེས། ཆོས་ཤེས་རྣམས་ཀྱི་མཆོག་ཆོས་ནི། །དེ་བས་བློ་ཆེན་བསྲུང་བར་མཛོད། །དག་པ་རྟེན་བཞིན་གང་གིས་ནི། །ངན་འགྲོར་བདག་ནི་འགྲོ་མི་འགྱུར། །བྱང་ཆུབ་སེམས་དཔས་སྨྲས་པ། །གལ་ཏེ་དེ་ལྟར་ཡིན་ན་དེ་བས་ན་རྒྱལ་པོ་ཆེན་པོས་མཉན་པར་འོངས་པ་སྟེ། །སྡིག་པ་ལ་ནི་རྣམ་རྟོག་དང༌། །དགེ་བ་ལ་རྟེན་འཇུག་པ་དང༌། །ཆོས་ཀྱི་དེ་ཉིད་འདི་ཡང་དག །གྲགས་པའི་བློ་ཅན་རྣམས་ཀྱིས་གསུངས། །དེ་ཉིད་གསལ་བྱས་འདི་ལ་ནི། །དགེ་དང་མི་དགེ་གསལ་བྱས་པ། གང་ཞིག་ལམ་མིན་ནས་འགྲོ་བ། །དེ་ནི་མིག་ཡོད་ཀྱང་ནི་ལོང༌། །དེ་ལྟར་ཤེས་རབ་སྒྲོན་མ་ཡིས། །ལམ་ཆེན་རྣམ་པར་སྣང་བྱས་པ། །ཉོན་མོངས་ཟད་ཕྱིར་ལས་རྣམས་ནི། །དགེ་བ་ཉིད་ལ་བརྟེན་པར་གྱིས། །ས་དབང་མི་ཤེས་ཟད་བྱས་པ། །ཆོས་ཀྱིས་ས་ནི་སྐྱོང་བར་གྱིས། །ས་སྐྱོང་ཆད་པ་རྣོ་ལྡན་ལས། །སྐྱེ་བོ་རྟག་ཏུ་སྐྱོ་བར་འགྱུར། །གལ་ཏེ་པདྨའི་རྩ་ཆག་ལྟར་དཀར་གྲགས་པ་ལ། །འགྲོ་བ་སྣང་བྱེད་ཁྱེད་ལ་འདོད་པ་ལ་ལ་ཡོད། །འབྲས་བུ་མངོན་པར་འདོད་པ་ཐོབ་པར་འདོད་པའམ། །དེ་བས་ཡོན་ཏན་རྒྱན་ནི་རྣམ་དག་འཛིན་པར་གྱིས། །དེ་ནས་མིའི་བདག་པོ་དེ་ཨེ་མའོ་ཁྱོད་ཀྱིས་ཆོས་བསྟན་པ་འདིས་བདག་གི་སྙིང་འདི་རབ་ཏུ་བདེ་བར་བྱས་ཞེས་བྱ་བ་བརྗོད་ནས་མཆོག་ཏུ་དགའ་བས་འགྲོ་བར་གྱུར་ཏོ། །དེ་ནས་ཚོགས་ཀྱི་བདག་པོ་དེའི། །རྨིག་པའི་རྨ་ཡིས་ཀུན་བསླངས་ནས། །སྡུག་བསྔལ་ལྕི་བ་ཞུགས་པ་ཡི། །མིག་དག་ཀུན་ནས་བཙུམས་པར་གྱུར། །དེ་ནས་མི་བདག་དེའི་གདུང་ཁང༌། །ཙན་དན་ཤིང་རྣམས་ཀྱིས་བྱས་ཏེ། །བསོད་ནམས་ལས་སྐྱེས་བྱ་བྱས་ལ། །མེ་ཡིས་འདུ་བྱེད་བྱས་པར་གྱུར། །དེ་ནས་གྲོགས་པོ་ལྟར་ནི་མཐོ་རིས་དེར་སོང་ལ། །རི་དགས་སྙིང་རྗེས་དྲི་མ་བྲལ་བའི་རང་བཞིན་ལ། །ཡུན་རིང་མྱ་ངན་བྱས་ཏེ་ས་ཡི་བདག་པོ་ནི། །སྡུག་བསྔལ་ཡིད་ཅན་མྱུར་དུ་གྲོང་ཁྱེར་འགྲོ་བར་གྱུར། །རི་དགས་དེ་ནི་སེམས་ཅན་ཕན་པར་བྱེད་པ་མཁས། །གཉེན་ལྟར་ཤི་བར་གྱུར་ལ་རི་དགས་མོ་འདྲ་བའི། །མིག་ཅན་དགེ་བ་ལྡན་པ་བྱ་བ་བྲལ་བ་ནི། །ནགས་ཀྱི་ལྷ་མོ་རྣམས་


DTG169_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་འཆད་མཆི་མ་བཏང༌། །དེ་ནས་ས་ནི་འགུལ་བས་རི་བོའི་རྩེ་མོ་འགུལ་བ་སྟེ། །རླུང་གི་ཤུགས་ཀྱིས་ཀུན་ནས་འཕེལ་བའི་རྒྱ་མཚོའི་རླབས་ཅན་ནི། །བུང་བ་འཁོར་བས་འདྲེས་པ་དང་ནི་དྲིས་ནི་རྣམས་ཁྱབ་པ། །མན་དཱ་ར་བའི་མེ་ཏོག་ཚོགས་ནི་ནམ་མཁའ་ལས་ལྷུང་གྱུར། །མྱ་ངན་འདའ་བའི་དུས་སུ་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་དྲུང་དུ་སྐྱེས་པའི་རབས་འདི་མངོན་པར་བརྗོད་པར་མཛད་དོ། །དེར་ནི་རི་དགས་ཚོགས་དག་ནི། །ནགས་ལ་དེ་ཚེ་བདག་བྱུང་གྱུར། །རབ་ཏུ་མཛེས་པ་བཟང་པོ་ནི། །རི་དགས་ཕྲུག་པ་བྱུང་བར་གྱུར། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་སྔོན་རོལ་དུ་རབ་ཏུ་བྱུང་བ་མཛེས་པ་བཟང་པོ་དེ་ལ་དགེ་སློང་རྣམས་ཀྱིས་དྲིས་པར་གྱུར་ཏོ། །མཛེས་པ་བཟང་པོས་ལས་རྣམས་ནི་སླར་གང་ཞིག་བྱས་པ་སྟེ། གང་གི་ཕྱིར་ཉན་ཐོས་ཐམས་ཅད་ལས་ཕྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས་བཅོམ་ལྡན་འདས་ཀྱི་དང་པོ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་སྙམ་མོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འོད་སྲུངས་ཞེས་བྱའི་སངས་རྒྱས་བྱུང༌། །ཤེས་བྱའི་རྒྱ་མཚོ་ཕ་རོལ་ཕྱིན། །དགེ་སློང་མིང་གིས་མྱ་ངན་མེད། །སྐྱོབ་པ་དེ་ཡི་ཚ་བོར་གྱུར། །རྙེད་སླ་བདག་གི་གསལ་བ་མཆོག །བདེ་གཤེགས་ཞང་པོ་ཡོད་པ་ལ། །མྱ་ངན་མེད་ཀྱིས་ཀུན་བསམས་ནས། །ཞེས་བྱ་གྲོལ་ཕྱིར་བརྩོན་མ་བྱས། །དེ་ནས་ཡུལ་གཞན་མྱ་ངན་མེད། །སོང་ལ་སྲིད་པ་གཞན་བྲལ་བ། །འོད་སྲུངས་བྱ་བ་བྱས་པའི་མཆོག །མྱ་ངན་འདས་ལ་ཐུགས་མཛད་དོ། །དེ་ནས་མྱ་ངན་མེད་ཤིང་འོག་ཏུ་གནས་པ་ཡི། །དགེ་སློང་མྱ་ངན་མེད་དང་རྣམ་འབྲེལ་མྱ་ངན་ཅན། །ས་སྐྱེས་དེ་ལ་ལྷག་པའི་གནས་སུ་བྱས་པ་ནི། །ལྷ་མོ་མུ་ཏིག་ལྟར་འདྲ་མཆི་མ་བཏང་བར་གྱུར། །དེ་རིང་འབྱུང་བར་འགྱུར་ཞེས་རྣམ་པར་བསམ་བྱེད་པ། །རྒྱལ་བའི་མྱ་ངན་འདས་པ་སྨོན་པ་མེད་པ་ནི། །ཕ་རོལ་སོང་བ་དེ་ཡི་མཆི་མ་དྲོན་པོ་ནི།། ནགས་ཀྱི་ལྷ་མོའི་ལུས་ལ་ལྷུང་བར་གྱུར་པ་ཡིན། །ནམ་མཁའ་འདི་ནི་སྤྲིན་དང་བྲལ་བ་ཅི་ཕྱིར་ནི། །བདག་གི་ལུས་ལ་ཆུ་འདི་ལྷུང་བའི་ཕྱིར། །དེ་ལྟར་བརྗོད་ཅིང་གྱེན་ཕྱོགས་སུ་ནི་ལྟ་འགྱུར་བ། །དེས་ནི་ལྷ་མོ་ངུ་བར་བྱེད་ཅིང་དེ་མཐོང་གྱུར། །ཀུན་ནས་ཕོངས་པས་གཞན་པ་འདི་ལ་


DTG169_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་གྱུར་པ། །ལྷ་མོ་མྱ་ངན་སྐྱེས་པ་ཅི་ཕྱིར་ཁྱོད་དུ་སྟེ། །དེས་ཀྱང་མགྲིན་པར་མི་གསལ་བརྗོད་པ་འདི་ཡིས་ནི། །དགེ་སློང་ལ་ནི་ཇི་ལྟར་སྨྲ་བ་ཡང་འབྱུང་འགྱུར། །ཐུབ་པ་ཆེན་པོའི་སྙིང་རྗེ་ཅན་ནི་དབང་བྱེད་པ། །ཉོན་མོངས་བུད་ཤིང་བསྲེག་པ་འགྲོ་ལ་ཕན་སྤངས་པ། །འོད་སྲུངས་དེ་ལྟ་མྱ་ངན་འདའ་འགྱུར་སྐྱེ་བོ་ལ། །མྱ་ངན་བྱིན་ནས་ཕོངས་པ་དེ་ཕྱིར་བདག་ནི་ངུ༌། །རྒོལ་བའི་ཚིག་གི་ཕྱེ་མ་ལེབ་ཀྱིས་མ་གཡོས་པ། །ཀུན་ནས་གསལ་བྱས་དམ་པའི་ལམ་དང་ལམ་མིན་པ། །ཐུབ་པའི་སྒྲོན་མེ་ཡོངས་སུ་མྱ་ངན་འདས་འགྱུར་ལ། །འགྲོ་བ་གསུམ་ལ་ཁྱབ་པའི་མུན་པ་འབྱུང་བར་འགྱུར། །ནགས་ཀྱི་ལྷ་མོའི་ཚིག་ནི་འདི་དག་ཐོས་བྱས་ནས། །མདའ་ནི་རྣོན་པོས་དེ་ནི་གནད་དུ་བསྣུན་པ་བཞིན། །རྣམ་པར་ཟུམ་པའི་མིག་ལྡན་ས་ལ་ལྷུང་བ་སྟེ། །རིམ་གྱིས་ཀུན་ནས་ལངས་ཏེ་སྨྲེ་སྔགས་འདོན་པར་གྱུར། །ནགས་ཀྱི་ལྷ་མོ་འདོད་ལྡན་འདི་ལ་དྲིས་བྱས་ཏེ། །དགེ་སློང་རབ་ཏུ་སྨྲོས་ཤིག་ཅི་ཕྱིར་དུ་ནི་དུ། །བཅོམ་ལྡན་འདས་དེ་བདག་གི་ཞང་པོ་དེ་ཕྱིར་ནི། །སྡུག་བསྔལ་ཅི་ཕྱིར་མི་འགྱུར་དེས་ཀྱང་འདི་སྨྲས་གྱུར། །ཡིད་འཕྲོག་ཚིག་གི་མེ་ཏོག་རྒྱལ་བའི་ཞིང་ལས་ནི། །ཤིན་ཏུ་ཆུང་བ་འདི་ནི་བདག་མེད་པས་བཟུང་བ། །འགྲོ་བ་གསུམ་གྱི་ཉོན་མོངས་རྒུད་པ་འཕྲོག་པ་ནི། །འབྲས་བུ་བློ་ཆུང་བདག་གིས་ཐོབ་པ་མ་ཡིན་ཏེ། །བདག་གི་ཡིད་ནི་ཁྱིམ་ལ་གནས་པར་བྱས་པ་ཡིས། །གྲོལ་བའི་ལམ་ལ་འགག་པར་བྱེད་པས་འཇིགས་པ་ནི། །དེ་བཞིན་གཤེགས་པའི་ཚིག་གི་འོད་རྣམས་ཀྱིས་མུན་པ། །རྣམ་བཅོམ་ཅི་ཕྱིར་ཁྱེད་ནི་མྱ་ངན་འདས་མི་འགྲོ། །དེ་ནས་ལྷ་མོ་དེས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་པར་གྱུར་ཏོ། །ཤིན་ཏུ་སྡུག་བསྔལ་བས་ཆོག་སྟེ་ཇི་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་དེ་མྱ་ངན་ལས་འདའ་བ་དང་ཉེ་བར་སོང་བ་དེ་སྲིད་ཉིད་དུ་ཁྱེད་སྔགས་ཀྱི་མཐུས་ནམ་མཁའ་ནས་ཁྱེར་བ་ཉིད་དུ་བགྱིའོ། །དེ་བས་ན་ཁྱེད་ཀྱིས་བདག་རྗེས་སུ་བརྩེ་བར་འགྱུར་ཞེས་བྱ་བ་དེར་དེ་བཞིན་གཤེགས་པའི་ཚ་བོ་དེ་སྐད་སྨྲ་བར་གྱུར་པ་ལ་ནགས་ཀྱི་ལྷ་མོ་དེ་མྱ་ངན་མེད་པ་དེ་ལས་སྔགས་ཀྱིས་ཀུན་ནས་བཟླས་པའི་མེ་ཏོག་རྣམས་བླངས་ནས་བདག་ལ་མྱ་ངན་མེད་པའི་མེ་ཏོག་གི་སྙིམ་པ་འདི་ལྟ་བར་གྱུར་པས་ནམ་མཁའ་ལ་འགྲོ་ཞིང་


DTG169_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་རྗེས་སུ་སོང་ཤིག་ཅེས་བྱ་བ་སྨྲས་པར་གྱུར་ཏེ། དེ་ནས་ནམ་མཁའ་ལས་ནི་ལྷ་མོ་དེ་རྗེས་སོང༌། །མྱ་ངན་མེད་པའི་མེ་ཏོག་སྙིམ་པ་མི་འབྲེལ་དེ། །དེ་བཞིན་གཤེགས་པའི་དྲུང་དུ་སྐད་ཅིག་གིས་འོངས་ཏེ། །ཡང་དང་ཡང་དུ་མཆི་མ་བྱུང་ཞིང་སྨྲ་བར་གྱུར། །བདག་མེད་བྱིས་པ་བློ་ཡི་གྲུ་དང་བྲལ་བ་ནི། །མི་ཤེས་རྒྱ་མཚོ་ཆེན་པོ་ལ་ནི་ནུབ་གྱུར་པ། །ཐུབ་དབང་བདག་ནི་སྡུག་བསྔལ་རླབས་ཆེན་གནོད་བྱས་པ། །སྐད་ཅིག་གིས་ནི་རྒལ་བར་མ་བྱས་ཇི་ལྟར་གཤེགས། །དེ་ལྟར་སྨྲ་བ་ཀུན་ནས་ཤུགས་འབྱིན་ཡི་གེ་ཅན། །མཆི་མ་གཏོང་ཞིང་རྙོག་པར་བྱས་པའི་མིག་ལྡན་པ། །ལམ་ངན་ལས་ནི་ལོག་སྟེ་སྐད་ཅིག་གིས་གྲོལ་ཕྱིར། །རྣམ་པར་དག་པའི་ལམ་གྱིས་རྒྱལ་བས་ཁྲིད་པར་མཛད། །དེ་ནས་སྲིང་མོའི་བུ་དགྲ་བཅོམ་པའི་འབྲས་བུ་ལ་སྐལ་བ་དང་ལྡན་པར་མཛད་ནས། འཇིག་རྟེན་མ་ལུས་པའི་ཚིག་གི་འོད་ཟེར་རྣམས་ཀྱིས་གསལ་བར་མཛད་ནས། ཡང་དག་བར་རྫོགས་པའི་སངས་རྒྱས་འོད་སྲུངས་མྱ་ངན་ལས་འདའ་བར་གྱུར་ཏོ། །དེར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་ལྷ་དང་ལྷ་མ་ཡིན་དང་མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང་གནོད་སྦྱིན་དང་མི་རྣམས་མྱ་ངན་གྱི་དབང་དུ་བྱས་པ་རྣམས་ལ་ནམ་མཁའ་ལས་མེ་ཏོག་མན་དཱ་ར་བའི་ཆར་ཀུན་ནས་བབ་པ་ལ་ལྷ་མོ་དེ་མྱ་ངན་གྱི་དབང་གིས་འདི་ལྟར་དེ་དང་དེ་སྨྲེ་སྔགས་འདོན་ཞིང་བརྩམས་པ། སེང་གེའི་ཁྲི་ལ་ཉེར་བཞུགས་པའི། །ཚིག་གི་མེ་ཏོག་རྣམ་གྲོལ་བ། །ཆོས་ནི་དོན་གཉེར་ཆོས་སྟོན་པ། །འཇིག་རྟེན་འདིར་ནི་སུ་ཡིས་ཐོས། །མགོན་པོ་སྣང་བ་མཆོག་ཁྱོད་ནི། །ཐོབ་ལ་ཉི་མ་ནུབ་པ་ལྟར། །མུན་པ་བསལ་བ་དཀའ་བ་ཡིས། །འགྲོ་བ་འདི་ནི་བཙུན་པར་བྱས། །དེ་རིང་ཁྱེད་ནི་ཞིར་སོང་ལ། །མ་ཞི་བ་ཡི་ཡིད་འབྱུང་བས། །འགྲོ་བ་ངེས་པར་རྨོངས་བྱེད་ཕྱིར། །སླར་གཞུ་ཀུན་ནས་བདུང་བར་བྱས། །ཐུབ་པ་ཞི་བར་སོང་ལ་རྟེན་མེད་བདག་ཅག་ནི། །སེམས་ཀྱི་བྲང་པ་འབྱུང་བ་གང་དུ་ངལ་སོ་བགྱི། །ཡོན་ཏན་རྣམས་ཀྱིས་འདི་ལྟར་ཤེས་བྱའི་ལམ་མཐར་སོང༌། །ཁྱེད་ནི་མེད་པས་ཐུབ་དབང་ཀུན་ནས་རྣམ་སྨྲས་འདྲ། །བྱང་ཆུབ་དོན་དུ་སྨོན་ལམ་ལ་ནི་དམིགས་པར་བྱས་ཏེ་ས་གསུམ་ལ་ནི་ཁྱོད། །སེམས་ཅན་དོན་ལ་འཁོར་ཞིང་བརྟན་པའི་བློ་གྲོས་


DTG169_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་གཏོང་བར་མ་བྱེད་ཅིག །ཁྱེད་ནི་སྐྱེ་བར་བྱེད་པ་བདག་ལ་ཀུན་ནས་དོར་ཏེ་ཅི་ཕྱིར་བྱམས་པར་གྱུར་པ་ནི། །ཁྱོད་ནི་དེ་ལྟར་རབ་ཏུ་སོང་ལ་ཕ་རོལ་སྙིང་རྗེ་དུ་བ་ལྟ་བུར་བྱས། །དེ་ནས་དགེ་སློང་དེས་སྨྲས་པ། ལྷ་མོ་སྡུག་བསྔལ་གྱིས་ཆོག་ཅིང་ཆོག་སྟེ། མི་རྟག་པ་འདི་འགའ་ཞིག་ཏུ་རབ་ཏུ་གནོད་པར་མི་བྱེད་པ་མ་ཡིན་ཏེ། གང་དུ་འདི་ལྟར་རྡོ་རྗེ་ལྟར་ལྕི་བ་དང་སྙིང་པོ་ཅན་བཅོམ་ལྡན་འདས་མེད་པ་ཞེས་བྱ་བའོ། །དེ་ནས་ལྷ་མོ་དེ་རྣམས་གང་གིས་ཀྱང་བདག་ཉིད་བརྟན་པར་བྱས་ནས། སྨོན་ལམ་འདི་ལྟར་བྱས་པར་གྱུར་ཏེ། བདག་ལ་བརྟེན་ནས་ཇི་ལྟར་འདི། །དགེ་སློང་གིས་ནི་འབྲས་བུ་ཐོབ། །དེ་བཞིན་ཤཱཀ་ཐུབ་སློབ་མ་ནི། །ཕྱི་མར་དེ་ཚེ་བདག་གྱུར་ཅིག །དགྲ་བཅོམ་འབྲས་བུ་ཉན་ཐོས་ནས། །མྱ་ངན་དུས་སུ་ཐུབ་དེ་ལས། །མྱ་ངན་བཟོད་པར་མི་ནུས་ཤིང༌། །སྔོན་དུ་མྱ་ངན་འདས་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་དགེ་སློང་རྣམས་ཀྱི་དྲུང་དུ་འདི་བརྗོད་པར་མཛད་ནས་སླར་ཡང་གསུངས་པ། མྱ་ངན་མེད་བརྟན་གང་ཞིག་འདི། །ནགས་ཀྱི་ལྷ་མོ་བྱུང་གྱུར་པ། །དེ་ནི་བཟང་མཛེས་རབ་བྱུང་འདི། །བདག་གི་ཉན་ཐོས་འདི་སོང་བ། །བདག་ནི་མྱ་ངན་འདས་ཐོག་མར། །དེ་ཉིད་ལས་ཀྱང་མྱ་ངན་འདས། །དེ་ལྟར་སྐྱེས་རབས་འདི་ནི་ངོ་མཚར་བ། །ཆོ་ག་བཞིན་དུ་ཤཱཀ་ཐུབ་ཀྱི་གསལ་མཛད། །མཁས་པ་རྣམས་ཀྱི་ཡིད་ནི་རབ་ཞི་ཕྱིར། །འཇམ་པ་མངོན་པར་སྨྲ་བས་རབ་གྲགས་བྱས། །གཞན་ལ་ཕན་བྱེད་ཕྱིར་ནི་དམ་བཅས་ཤིན་ཏུ་གྲགས་པ་རྣམས་ཀྱིས་ཀྱང༌། །རྒུད་པ་ལ་ནི་བརྩོན་འགྲུས་གོ་ཆ་བཅིངས་པ་རྣམ་པར་གྲོལ་བ་མིན། །དེ་ལྟར་ཀུན་ནས་རྣམ་པར་དྲངས་ནས་ཤིན་ཏུ་མཐར་ཐུག་ཐོབ་བྱའི་ཕྱིར། །ས་རྣམས་ཕན་པར་བྱེད་པ་ལ་ནི་ལེ་ལོ་ཉིད་དུ་མ་འགྲོ་ཅིག །རི་དགས་ཀྱི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་གཉིས་པའོ།། །།འགྲོ་བ་མ་ལུས་སྡུག་བསྔལ་ཞི་བྱའི་ཕྱིར། །བློ་བཟང་གང་གིས་སྨོན་ལམ་བྱས་པ་སྟེ། །དེས་ནི་གཉེན་འདུན་སྐྱེ་བོ་སྡུག་བསྔལ་ལས། །སྐྱོབ་པ་ཞེས་བྱ་འདིར་ནི་ཐེ་ཚོམ་འདི། །འདི་ལྟར་རྗེས་སུ་ཐོས་ཏེ། སྐྱེད་མོས་ཚལ་གྱི་པདྨ་རྒྱས་པ་ནི་པདྨའི་འབྱུང་གནས་དང་འདྲ་བ་དང༌། མཚན་མོའི་སྒོའི་ཆུ་འཛིན་པའི་ཚོགས་རྣམ་པར་ཆད་པས་དྲི་མ་དང་བྲལ་བའི་ཟླ་བ་


DTG169_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བ་བཞིན་དང༌། ཆུ་སྦྱིན་པའི་དུས་ཀྱི་གློག་གི་ལྗོན་ཤིང་དང་འདྲ་བ་དང༌། ལང་ཚོའི་འོད་དང་འདྲ་བ་དང༌། བུད་མེད་ཀྱི་བཞིན་གྱི་ཐིག་ལེ་མཛེས་བ་དང་འདྲ་བ་དང༌། དུལ་བའི་སྐྱེ་བོའི་བཟོད་པ་དང་འདྲ་བ་དང༌། རྣམ་པར་རྒྱལ་བར་འདོད་པའི་ཚུལ་དང་འདྲ་བ་དང༌། ཕྱུག་པོའི་མངོན་པར་སྐྱེས་པ་ཉིད་དང་འདྲ་བ་དང༌། རིགས་ལས་སྐྱེས་པའི་མཁས་པ་ཉིད་དང་འདྲ་བ་དང༌། སའི་དཀྱིལ་འཁོར་གྱི་རྒྱན་རྟག་ཏུ་ཡོ་བྱད་ཀྱི་སྙིང་པོའི་དོན་དུ་གཉེར་བའི་སྐྱེ་བོ་རྣམས་ཀྱིས་ཉེ་བར་ལོངས་སྤྱོད་པར་འགྱུར་བ་དང༌། ལྷའི་བདག་པོའི་འབྱོར་པ་ཤིན་ཏུ་ཉམས་དགའ་བ་དང་འདྲ་བ་དང༌། དུས་ཐམས་ཅད་ཀྱི་བདེ་བའི་ཁྱིམ་གྱི་བདག་པོ་རྣམས་ཀྱི་ཁྱིམ་དང་ལྡན་པ་དང༌། རི་རབ་མན་དཱ་རའི་རྩེ་མོ་དང་རྗེས་སུ་འདྲ་པའི་ལྷའི་ཁང་པ་དང་ལྡན་པ་དང༌། གཏམ་སྨྲ་བ་ལ་འཇུག་པའི་རྣམ་པ་སྣ་ཚོགས་པའི་གཏམ་དང་བཞད་གད་ཀྱིས་སྐྱེ་བོ་རབ་ཏུ་དགའ་བར་གྱུར་པ་དང༌། དོན་དུ་གཉེར་བའི་སྐྱེ་བོའི་མ་དང་འདྲ་བ་དང༌། རྣལ་འབྱོར་པ་ཆེན་པོ་རྣམས་ཀྱི་སྤྲུལ་པའི་སྲོག་དང་འདྲ་བ་དང༌། ཤིན་ཏུ་མང་བའི་རྙེད་པའི་རིགས་དང་རིགས་ཀྱི་གནས་ཀྱི་རྗེས་སུ་སྐྱོང་བར་གྱུར་པའི་ཆོས་ཀྱི་གནས་པ་དང༌། མུ་གེའི་གནོད་པས་ཉེ་བར་འཚེ་བ་དང་བྲལ་བ་དང༌། རྟག་ཏུ་དགའ་སྟོན་ལ་འཇུག་ཅིང་དགའ་སྟོན་བྱེད་པའི་སྐྱེ་བོ་དང་ལྡན་པ་དང༌། རྡོ་བའི་བཻ་ཌཱུཪྻ་དང༌། ཨིནྡྲ་ནཱི་ལ་དང༌། པདྨ་རཱ་ག་དང༌། མར་ཀ་ཏ་དང༌། གསེར་དང་ལྡན་པ་ཞེས་བྱ་བའི་རྒྱལ་པོའི་ཕོ་བྲང་བྱུང་བར་གྱུར་ཏོ། །དེ་ལ་ཡང་ནུས་པ་གསུམ་གྱི་མཐུས་ཆགས་འོག་གི་རྒྱལ་པོ་ཐམས་ཅད་ཉེ་བར་འདུས་པ་ཉི་མ་རེ་རེར་ཆད་པའི་ཚུལ་གྱིས་ཆེ་བའི་བདག་ཉིད་མངོན་པར་འཕེལ་བར་གྱུར་པ་ཤིན་ཏུ་དྲི་མ་མེད་པའི་མིག་ཆེ་བས་རྒྱལ་པོ་གཞན་གྱི་གཏམ་ལྟས་པ། གླང་པོ་ཆེ་དང༌། རྟ་དང༌། ཤིང་རྟ་དང༌། རྐང་ཐང་གི་ཚོགས་ལེགས་པར་བྱས་པའི་རྒྱལ་པོ་གསེར་ཞེས་བྱ་བ་བྱུང་བར་གྱུར་ཏོ། །འཇིགས་པའི་དབང་གིས་རྒྱགས་པ་འབྱུང་བ་ཉེར་ཞི་བ། །རལ་གྲི་མདའ་བསྟན་ཁུ་ཚུར་ལྷོང་པར་བྱས་པ་ནི། །རི་དགས་བདག་པོ་ལྟར་ནི་དགྲ་རྣམས་གང་གིས་ནི། །ང་རྒྱལ་གཡུལ་ངོ་གླང་པོ་བཞིན་དུ་བཟོད་མི་འགྱུར། །གཟི་བརྗིད་གྲགས་པར་བྱས་པ་གང་ལ་ཕན་ཚུན་དུ། །དོན་གཉེར་བདེ་བས་རྣམ་པར་འཕེལ་བས་ཕུན་ཚོགས་པས། །འབྲས་སྟེར་ཤིང་


DTG169_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདབ་ཆགས་བཞིན་དུ་སྐྱེ་དགུ་རྣམས། །རྟག་པ་ཉིད་དུ་བདེ་བའི་ཕྱིར་ནི་ངལ་སོར་གྱུར། །དེ་ལྟ་བུའི་ཡོན་ཏན་གྱི་མཐུ་དང་ལྡན་པ་ནོར་ལྡན་མའི་བདག་པོ་དེའི་སྐར་མའི་བདག་པོའི་འོད་ཟེར་གྱི་ཚོགས་ཀྱིས་དཀར་བའི་གྲགས་པའི་གོས་ཀྱིས་ཕྱོགས་ཀྱི་བུད་མེད་ཀྱི་སྣོད་དཀྲིས་པ། ལྷའི་བདག་པོ་ལྟར་ཉོན་མོངས་པ་མེད་པའི་ཡུལ་གྱི་བདེ་བ་ཉམས་སུ་མྱོང་བ་དེ་ལ་དུས་གཅིག་གི་ཚེ་ན་དུས་འགྲོ་བ་ལ། བཙུན་མོ་མན་དུ་ཀ་ལྟར་ཀུན་ནས་སྐྱེ་བའི་འགྲམ་མཛེས་ལྡན། །གྲགས་པའི་རྒྱུན་ནི་མངལ་གྱི་བརྗོད་པ་ཀུན་ནས་འཛིན་གྱུར་ཏེ། །སྣང་བར་བྱེད་པའི་ཡོངས་སུ་རྫོགས་པའི་ཆ་ཡི་ཚོགས་ལྡན་པ། །འོད་ལྡན་ཟླ་བའི་གཟུགས་ནི་གྲོང་ཁྱེར་འཇིགས་པའི་ཕྱོགས་ལྟར་ནི། །ཉི་མ་འོད་ཟེར་སར་པ་འདྲ་བའི་བུད་མེད་དེ་དེ་ནས། །དཔལ་གྱིས་འབར་བའི་མེ་ཡིས་བུ་དང་རྗེས་སུ་མཐུན་པ་ནི། །སྐྱེ་བོའི་མིག་ལ་མངོན་པར་དགའ་བར་བྱེད་པ་བདག་ལ་སྐྱེས། །གྲགས་པའི་གཏེར་ནི་གཏེར་དང་འདྲ་བར་མཛེས་པ་སྐྱེས་པར་གྱུར། །དེ་ནས་རྒྱལ་པོ་གསེར་གྱིས་གསེར་གྱི་ཕུང་པོ་དཔལ་གྱིས་འབར་བ་དང་འདྲ་བ་བདག་ལ་སྐྱེས་པ་མཐོང་ནས། ཡིད་དགའ་བ་འཇམ་པའི་རླུང་གིས་གཡོ་བར་གྱུར་པའི་རྣམ་པ་སྣ་ཚོགས་པའི་བ་དན་རྣམས་ཀྱིས་ཚོང་སའི་བར་ཉེ་བར་མཛེས་པ། ཀུན་ནས་བཅིངས་པར་གྱུར་པའི་རྟབས་རྣམས་མེ་ཏོག་གི་ཕྲེང་པ་རྣམས་ཀྱི་དྲིས་འཁོར་བའི་བུང་བའི་ཚོགས་འགུགས་པར་བྱས་པ། ཤིན་ཏུ་འབར་བའི་རྒྱན་རྣམས་ཀྱིས་ཉེ་བར་མཛེས་པའི་རབ་ཏུ་དགའ་བའི་གྲོང་ཁྱེར་བའི་ཚོགས་དང་ལྡན་པ། ལྷག་པར་འཇུག་པའི་གང་དང་གླུས་རབ་ཏུ་དགའ་བ་བཙོན་ངན་བཟུང་བའི་སྐྱེ་བོ་ཀུན་ནས་གྲོལ་བར་གྱུར་པ། གཉིས་སྐྱེས་དང་མཁས་པའི་སྐྱེ་བོ་དང་གྲོགས་པོའི་ཚོགས་ཀུན་ནས་མཆོད་པར་གྱུར་པའི་གྲོང་ཁྱེར་གྱི་ཚོགས་དེ་ལྷག་པར་མཛེས་པ་དང་ལྡན་པར་བྱས་པར་གྱུར་ཏོ། །སྲས་དེ་ལ་ཡང་བཀྲ་ཤིས་པའི་ཚེས་དང་ཡུད་ཙམ་དང༌། སྐར་མ་རྣམས་ལ་ཕ་མ་དག་གིས་གསེར་གྱི་གོ་ཆ་ཞེས་བྱ་བའི་མིང་དུ་བཏགས་པར་གྱུར་ཏེ། །ཆེ་བའི་བདག་ཉིད་མ་འོངས་དེའི། །མཚན་རྣམས་དེ་ནས་མཚོན་པ་སྟེ། །ཡལ་ག་ཅན་གྱི་མེ་ཏོག་རྣམས། །འབྱུང་བར་གྱུར་པ་འབྲས་བུ་བཞིན། །དེ་ནས་ལོ་བརྒྱད་ལོན་པ་ནི། །གཟི་བརྗིད་ཀྱིས་ནི་གཞོན་ནུ་


DTG169_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། །རྒྱལ་པོ་ཤེས་པ་ཆེ་རྣམས་ཀྱི། །དེ་ནི་སློབ་མ་ཉིད་འགྲོ་གྱུར། །ཤེས་རབ་ཡོན་ཏན་རྣོན་པོ་རྣམས། །ཐེ་ཚོམ་མདུད་པ་གཅོད་པ་དེའི། །བསྟན་བཅོས་དོན་ནི་རབ་ཤེས་པ། །སློབ་དཔོན་རྣམ་པས་ལྷག་པར་གྱུར། །བདག་ཅག་གིས་ནི་གནས་ལ་འདི། །བྱང་ཆུབ་སེམས་དཔའ་ནམ་སྐྱེ་འགྱུར། །དེ་ལྟར་འདོད་པ་ལྟར་ཡོན་ཏན། །དེ་ཡི་སྐྱེ་བ་སོ་སོར་སྐྱོང༌། །སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །དེ་ལ་ཡོན་ཏན་འཇུག་པ་སྟེ། །པདྨས་བརྒྱན་བྱས་ཆུ་ལྡན་པའི། །ཆུ་རྟེན་ལ་ནི་བུད་རྣམས་བཞིན། །གང་ཞིག་ཉིད་ནི་ལེགས་པའི་སྣོད། །དེ་ཉིད་ཡོན་ཏན་རྣམས་རྟེན་པ། །རྣམ་འཕྲོས་འོད་ཅན་མུ་ཏིག་གི །ཆུ་བོ་ཉ་ཕྱིས་སྣོད་མ་ཡིན། །དེ་ནས་དེ་ཡི་ལུས་ལས་འབྱུང༌། །ཡང་དག་བཏགས་པའི་འོད་ལྡན་པ། །ལང་ཚོས་རྣམ་པར་སྤངས་པ་ནི། །བྱིས་པ་ཉིད་ནི་ཕྲད་འདོད་འདྲ། །མི་དབང་སྲས་དེ་རིགས་ལས་སྐྱེས་པའི་ངོ་བོ་ལས། །རྒྱགས་པའི་རྒྱུ་ཡང་ལང་ཚོ་ལ་ནི་ལྷག་གནས་ལ། །རྣམ་པར་དུལ་བས་འདུལ་བཞིན་པ་ཡི་སེམས་ལྡན་པ། །རྣམ་འགྱུར་གཉིས་འཐུང་བཟང་པོ་ལྟར་ནི་རྟེན་མ་གྱུར། །དེ་ནས་དུས་ཀྱི་རིམ་པས་རྒྱལ་པོའི་བཙུན་མོ་དེས་གཟུགས་དང་ལྡན་པའི་དཔལ་དང་འདྲ་བ་དང་ནོར་བུའི་ཐུར་མའི་འོད་དང་འདྲ་བ་དང༌། དཀར་པོའི་ཕྱོགས་ལ་རྣམ་པར་བྱུང་བའི་ཟླ་ཚེས་ལྟར་སྐྱེ་བོ་རྣམས་ཀྱི་མིག་དང་སྙིང་ལ་མཛེས་པའི་བུ་མོ་བཙས་པར་གྱུར་ཏོ། །དེ་ནས་དེ་ལ་གསེར་གྱི་འོད་ཅེས་བྱ་བའི་མིང་གཉེན་འདུན་རྣམས་ཀྱིས་བཏགས་པར་གྱུར་ཏེ། དེ་ནས་དུས་གཅིག་གི་ཚེ་ན་དེ་འདོད་པའི་རྟེན་གྱིས་ལང་ཚོ་སར་བས་ཤིན་ཏུ་ཉིས་འགྱུར་དུ་གཟུགས་ཀྱི་མཛེས་པ་འདོགས་པར་གྱུར་པ། དཔྱིད་ཀྱི་ཟླ་བས་ནགས་ཀྱི་ཚོགས་འབྱུང་བར་གྱུར་པའི་མེ་ཏོག་རྣམས་ཀྱིས་བརྒྱན་པར་བྱས་པའི་ཤིང་དང་ལྗོན་ཤིང་རྣམ་པར་མཛེས་པར་བྱེད་ཅིང༌། སྐྱ་རེངས་སར་པའི་འོད་ཟེར་རྣམས་ཀྱིས་ཀུན་ནས་བྱུགས་པའི་དབང་བའི་གུར་གུམ་གྱིས་རྗེས་སུ་བྱུགས་པ་དང་འདྲ་བའི་ཁང་བཟངས་ཀྱི་སྟེང་དུ། གྲོགས་མོའི་སྐྱེ་བོ་དང་བཅས་པ་ཕོ་ལོང་གི་རལ་པའི་སྒེག་པས་རེས་ཀྱིས་འདྲེ་བཞིན་པའི་དཔུང་པའི་ལྗོན་ཤིང་སྲབ་པ། ལྗོན་ཤིང་བཞིན་དུ་དཀར་བ་མ་ཡིན་པའི་འགྲོ་བ་ཁ་ལོ་སྒྱུར་བའི་དབང་གིས་དམའ་བར་གྱུར་པ་དང་མཐོ་བར་གྱུར་པ་འཕྲོས་པའི་རྒྱན་གྱི་ནོར་བུ་རྣམས་ཀྱི་འོད་ཟེར་གྱི་ཚོགས་ཀྱིས་ལུས་ཀྱི་སྲོག་


DTG169_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བརྒྱན་པར་བྱས་པས། རྣམ་པར་ཆད་པའི་མུ་ཏིག་གི་ཆུན་པོའི་སྐུད་པ་ལས་རྣམ་པར་ལྷུང་བའི་མུ་ཏིག་ཚོགས་འཐོར་བར་གྱུར་པས་གསེར་གྱི་ཟ་མ་ཏོག་དང་རྗེས་སུ་མཐུན་པའི་ནུ་མ་གཉིས་དང་ལྡན་པ། རྣམ་པར་བསྐྱོད་པའི་མིག་གི་འབྲས་བུ་འདྲེས་པའི་མིག་རྣམ་པར་འཕྲོག་པའི་བུང་བའི་ཚོགས་ཀྱིས་རྗེས་སུ་འགྲོ་བ་ནི། ཨུཏྤ་ལའི་འདབ་མ་རྣམས་དང་འདྲ་བའི་ཕྱོགས་རྣམས་མཐོང་བར་བྱེད་ཅིང༌། ཀུན་ནས་ངལ་བའི་དབང་གིས་ཀུན་ནས་འབྱུང་བཞིན་པའི་རྡུལ་གྱི་ཐིགས་པའི་ཚོགས་ཀྱིས་སིན་དྷུ་རའི་ཁྱད་པར་ཅན་དང་འཁྲུགས་པས་ཀུན་ནས་ལྷུང་བའི་རྣ་བའི་མེ་ཏོག་གི་ཕྲེང་བ་དང་སྐྲ་ལོ་དང་ལྡན་པ་དང༌། གྲོགས་མོའི་ཀྱི་ཕོ་ལོང་གི་རྩེ་བ་གསལ་བ་འདི་ལས་ལོག་པར་མཛོད་ཅིག །ཁྱེད་ནི་ཤིན་ཏུ་ངལ་བ་སྟེ་ཤིར་ཤའི་མེ་ཏོག་སར་པ་ལྟར་འཇམ་པའི་ཡན་ལག་རྣམས་ལ་ཉི་མ་འདི་དྲག་པར་འགྱུར་བ། ཁྱེད་ལ་ངལ་བའི་རྒྱུ་ཞེས་བྱ་བ་གྲོགས་མོའི་སྐྱེ་བོས་རྣམ་པར་ཟློག་པར་གྱུར་པ་རོལ་པ་ལས་རྣམ་པར་བཟློག་ནས་མཛེས་པ་ཐིགས་པ་ཉིད་དུ་ཉེ་བར་སོང་བཞིན་པ་ལ་ཡང་དག་པར་འགེགས་པ་རྡུལ་གྱི་ཐིགས་པའི་ཚོགས་གོས་ཀྱི་མཐའ་ལས་ཕྱིས་ཏེ། སྟན་ལ་ཉེ་བར་འདུག་སྟེ། འཁོར་གྱི་སྐྱེ་བོ་རྣམས་ཀྱིས་ལག་པས་རླུང་གཡབ་ཐོགས་པས་རླུང་གི་ཡང་དག་པར་རེག་པས་མིག་ཟུམ་པར་བྱས་པས་ངལ་སོ་བར་བྱེད་ཅིང༌། ཁྱིམ་དང་ཉེ་བར་སོང་བའི་མེ་ཏོག་གི་གཞུ་དང་ལྡན་པ་དང་འདྲ་བར་ཅུང་ཟད་ལང་ཚོ་དད་ཉེ་བར་མཛེས་པ་ཉེ་བར་བསགས་པ། རྒྱལ་པོ་གསེར་གྱི་བློན་པོའི་སྲས་ལ་དབུགས་ཕྱུང་བས་ཡིད་ལ་བྱུང་བའི་རྣམ་པར་འགྱུར་བ་ཡང་དག་པར་མཚོན་པ་ཡུན་རིང་པོར་འབྲས་བུ་མི་གཡོ་བའི་ལྟ་བ་ཀུན་ནས་བཅིངས་པར་གྱུར་ཏོ། །ཕྲད་འདོད་བཅས་པར་བློན་པོའི་སྲས་ཀྱིས་དེ་ལ་ཡང༌། །དབུགས་ཀྱི་བྱུང་བས་ཀུན་ནས་མཚོན་པའི་འདོད་ཅན་གྱི། །བུ་མོའི་ལྗོན་ཤིང་དགོད་པས་ཡིད་འོང་མེ་ཏོག་ཅན། །དེ་ལ་མྱོས་བཞིན་ལྟ་བའི་བུ་མོ་འགྲོ་བར་གྱུར། །ཕན་ཚུན་མིན་པར་གཏད་པའི་སྲོག་ཤིང་གཅིག་དག་ལ། །དགོད་པའི་རོལ་པས་གསོལ་བའི་སོ་ཕྲེང་འོད་ལྡན་པ། །དེ་དག་གིས་ནི་ཡིད་དག་འདོད་ལྷས་སྦྱར་བ་སྟེ། །མྱུར་དུ་གཞུ་ནི་ལྷག་པར་བདུངས་པར་བྱེད་པ་ཡིས། །མེ་ཏོག་མཚོན་ཆ་ཉ་བས་སྐུལ་བར་བྱེད་པ་ནི། །གསལ་བའི་རོལ་པས་མཆིལ་པ་


DTG169_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ནི་བུ་མོ་ཡི། །རྟེན་པ་སྲབ་པ་ཆུ་ཡི་རྟེན་ལ་མཐར་སྤྱོད་པ། །བློན་པོའི་སྲས་ཀྱི་སེམས་ཀྱི་ཉ་ནི་འཛིན་བྱས་གྱུར། །དེ་ནས་དེར་ནི་མིག་དང་ངེས་འབྲེལ་དེ་ལ་ནི། །དགའ་བྱེད་ཀུན་ནས་བྲིས་པ་འདྲ་བ་མཐོང་ནས་དེ། །གྲོགས་མོ་རྣམས་ཀྱི་སྐྱེ་བོ་དེ་ནི་སྐད་ཅིག་དགོད། །དེ་ཡང་ཅུང་ཟད་ཐུར་དུ་ལྟ་བ་བྱུང་བར་གྱུར། །དེ་རྣམས་དགའ་བའི་གྲོགས་མོ་སོང་བར་གྱུར་པ་ལ། །མི་སྐྱོང་བདག་ལས་སྐྱེས་པ་ཁྱིམ་གྱི་ནང་ཞུགས་གྱུར། །བློན་པོའི་སྲས་ཀྱང་ཤིན་ཏུ་ཕྲད་པར་འདོད་པ་ནི། །དེ་ལ་བཅིངས་པའི་ཡིད་ལྡན་ཁྱིམ་དུ་སོང་བར་གྱུར། །དེ་ནས་དུས་གཅིག་གི་ཚེ་ན་འདི་ལྟར་རྣམ་པར་མཐོང་བ་ཙམ་གྱིས་སྲེག་ལུགས་ཀྱི་འདོད་པའི་མི་རྣམ་པར་འཕེལ་བ་ཀུན་ནས་སྐྱ་བ་དང་ཡོངས་སུ་རིད་པའི་འགྲམ་པ་དང་ལྡན་པ། རྟག་ཏུ་དབུགས་རྔུབ་པས་གཉིད་དང་བྲལ་བས་མི་གཡོ་བའི་མིག་ཉིད་ཀྱིས་འཁོར་གྱི་སྐྱེ་བོས་ཕན་ཚུན་གྱི་རྣམ་པར་ཤེས་པ་དེ་དག་གི་ལུས་དག་རབ་ཏུ་སྲབ་པ་ཉིད་དུ་སོང་བར་གྱུར་ཏོ། །སོ་སོར་རྟོག་དང་བྲལ་བའི་ཕྱིར། །ཀུན་རྟོག་དབང་གིས་སྐྱེ་བོ་ལ། །སྐྱོན་ནི་ཚོལ་བ་ཡིད་བྱུང་འདི། །རྣམ་པར་འགྱུར་བར་ཁྲིད་པ་ཉིད། །དེ་ནས་དུས་གཅིག་གི་ཚེ་ན་དགའ་སྟོན་ལ་འཇུག་པས་རབ་ཏུ་དགའ་བ་རྣམ་པ་སྣ་ཚོགས་པའི་བྱ་བ་རྣམས་ཀྱིས་སྐྱེ་བོ་ཀུན་ནས་ཁྱབ་པའི་མིའི་བདག་པོའི་ཕོ་བྲང་ལ། ཡུན་རིང་བོས་ནུབ་པའི་ཉིན་མོ་བྱེད་པའི་སྣང་བས་ཀུན་ནས་སྐྱ་བ་དང་དམར་བའི་ཆུ་བདག་གི་ཕྱོགས་ལ་གནས་ཀྱི་སྲོག་ཤིང་དུ་འགྲོ་བར་འདོད་པ་དང༌། མངོན་པར་ཕྱོགས་པའི་རབ་ཏུ་འགུལ་བའི་མགྲིན་པ་དང་ལྡན་པ་མགྲིན་པ་སྔོན་པོ་དང༌། ཁྱིམ་བྱ་རྣམས་ཡོད་པ་ལ་བུད་མེད་གཞོན་ནུ་མའི་མིག་གི་འབྲས་བུ་ནག་པོ་ལྟར་མུན་པའི་ཚོགས་བསལ་བས་མཉམ་པ་དང་མི་མཉམ་པ་རྣམ་པར་ལྟ་བཞིན་པ་མ་ཡིན་པའི་ས་ལ་རབ་ཏུ་འབར་བཞིན་པའི་མེའི་འོད་ཀྱིས་ཀུན་ནས་སྣང་བའི་ཁྱིམ་གྱི་ནང་ཡོད་པ་རྣམས་ལ། འགའ་ཞིག་འགའ་ཞིག་ཏུ་མངོན་པར་གསལ་བར་གྱུར་པའི་ཟས་ཀྱི་ཚོགས་དད་ལྡན་པའི་ནམ་མཁང་ལ་རྣམ་པར་བྲལ་བས་ཕྲད་པར་འདོད་པའི་དུར་པ་ཕོ་མོ་གཉིས་དང་ལྡན་པའི་ཀུན་ནས་འཛུམ་པར་བྱས་པའི་པདྨའི་འབྱུང་གནས་ཡོད་པ་རྣམས་ལ། ཅུང་ཟད་ས་འཛིན་གྱི་རྩེ་མོས་བར་དུ་ཆོད་པའི་དཀྱིལ་འཁོར་དང་ལྡན་པའི་ཤར་ཕྱོགས་ཀྱི་ཆ་ལ་གསལ་བཞིན་པར་སྣང་བའི་རི་བོང་གི་མཚན་མ་


DTG169_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ལ། དུས་བཏབ་པའི་བློན་པོའི་སྲས་སྒྲ་གྲག་པའི་རྐང་གདུབ་དང༌། སྐ་རགས་ཀྱི་ཚོགས་ཀྱིས་བརྒྱན་པར་བྱས་པའི་རྐང་པ་གཉིས་དང༌། རྐེད་པའི་ཆ་དང་ལྡན་པའི་བཅོས་པའི་ནུ་མ་དག་གིས་མཐོ་བར་གྱུར་པའི་བུད་མེད་ཀྱི་སྟོད་གཡོགས་སར་པའི་མེ་ཏོག་བ་ཀུ་ལའི་ཕྲེང་བས་ཀུན་ནས་གང་པའི་དཔུང་པའི་ཕྱོགས་ལ་སྒྲ་ལོས་འདུད་པ་དང༌། དཔྲལ་བའི་དབུས་ལ་སིན་དྷུ་རས་རི་མོ་བྲིས་པ་དང༌། རྐང་པའི་ལོང་བུའི་མཐར་སྲབ་ཅིང་མཐུག་པའི་གོས་རབ་ཏུ་འཕྱང་བ་དང༌། ཡུན་རིང་པོ་ནས་འདུད་པའི་ནེ་ཙོའི་དམར་བ་ཉིད་ཀྱི་དུས་ལས་བྱུང་བའི་དཀྲིགས་པའི་བུ་མེད་ཀྱི་ཆ་ལུགས་སུ་བྱས་ནས་ཕོ་ཉ་མོ་དང་རྗེས་སུ་འགྲོ་ཞིང༌། གསེར་གྱི་སྣང་བའི་གྲོགས་མོ་ཞེས་བྱ་བ་འདི་དབུགས་ཕྱུང་བའི་སྒོ་ནས། བློན་པོ་དང་ལྡན་པའི་སའི་བདག་པོའི་ཕོ་བྲང་དུ་ཞུགས་ཏེ། ཁྱད་པར་དང་བཅས་པའི་རྒྱན་འཛིན་པ་བར་ཆད་མེད་པར་བློན་པོའི་སྲས་ཅི་ཞིག་འོད་བར་གྱུར་ཏམ་འོན་ཏེ་མིན་ཞེས་བྱ་བའི་ཀུན་ནས་འཕྲོག་པ་དང་ཐེ་ཚོམ་ཟ་བའི་སྙིང་དང་ལྡན་པས་སྟན་ལས་ལངས་ནས་སླར་མལ་ལ་འདོད་པའི་ཁུར་གྱིས་མི་བཟོད་པ་དང་འདྲ་བའི་ཡན་ལག་རྣམས་གྲོལ་ཞིང་ཉེ་བར་འོངས་ཏེ། འཇིགས་པས་མངོན་པར་ལངས་པ་མི་དྲན་པའི་རྒྱལ་པོའི་བུ་མོ་དབེན་ས་ལ་དེའི་དུས་དང་རྗེས་སུ་མཐུན་པའི་གཏམ་གྱིས་དབུགས་དབྱུང་བ་སྐྱེད་པ་ལ། ཅུང་ཟད་ངོ་ཚས་ཀུན་ནས་འདུད་པའི་གདོང་ཅན་ལྷུང་བའི་གོས། །ཀུན་ནས་རྒྱས་པར་བྱེད་ཅིང་དབུགས་ཀྱིས་རབ་འདར་ནུ་གཉིས་ལ། །ལག་པ་འདར་བའི་རྣམ་པར་འདར་བས་ཕ་རོལ་འཕྲོག་པ་ལ། །ཡན་ལག་མེད་པས་རྒྱས་པའི་རོ་དེས་རོལ་ཞིང་བྱུང་བར་གྱུར། །ཤིན་ཏུ་མངོན་པར་ཆགས་པས་རྣམ་པར་འཕེལ་བའི་སྟོབས་ཉིད་ཀྱི་ཕྱིར་ཡིད་ལ་སྐྱོས་པ་ལ་སླར་ཡང་ཉི་མ་ལྔ་ཙམ་གྱི་ད་ལྟ་ཉིད་དུ་བུད་མེད་ཀྱི་ཆ་བྱད་འཛིན་པ་དེ། དྲི་ཞིམ་ཚད་ལྡན་གསེར་དང་རབ་ཏུ་འདྲ་བའི་ཟེར། །ཀུན་ནས་འཕྲོག་པའི་སོ་ཡི་ནོར་བུ་རབ་སྣང་བ། །རོལ་པའི་བར་གྱིས་ཁྱད་པར་མཛེས་པ་སྦར་བྱ་བ། །གསེར་གྱི་སྣང་བ་དེ་དང་དེས་ནི་རོལ་པར་འགྱུར། །དེ་ནས་དུས་གཅིག་གི་ཚེ་ན་བུད་མེད་ཀྱི་ཆ་ལུགས་དང་རྒྱན་གསལ་བ་ཉིད་ལ་མཛེས་པའི་དགའ་བ་ཉེ་བར་ལོངས་སྤྱོད་པས་ཀུན་ནས་ངལ་བའི་དབང་གིས་གཉིད་ཀྱི་བདེ་བ་མངོན་པར་འཕེལ་བ་ཐོ་རངས་དུས་སུ་རྣམ་པར་


DTG169_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤེས་པ་སའི་བདག་པོའི་བུ་མོ་དང་ལྷན་ཅིག་ཏུ་མལ་ན་ཉལ་བ་མཐོང་ནས། ཚོགས་ཀྱི་ནང་ན་གནས་པ་རྣམས་ཀྱིས་ཀྱི་ཧུད་ཅེས་བྱ་བ་བརྗོད་ཅིང་རྒྱལ་པོ་ལ་ཞུས་ཤིང་གནས་པར་གྱུར་ཏོ། །རྒྱལ་པོ་དེ་ཡང་རང་བཞིན་གྱིས་རབ་ཏུ་དྲག་པའི་ཁྲོ་བ་ཉིད་ཀྱི་ཕྱིར་ཁྲོ་གཉེར་གྱིས་འབྲེལ་བའི་འགྲམ་གྱི་ཕྱོགས་མི་མཉམ་པར་བྱས་པ། རིགས་ཉམས་པར་བྱས་པ་འདིས་ཅི་ཞིག་བྱ། ཁྱེད་རྣམས་སོང་ཤིག །བློན་པོའི་སྲས་མེ་སྡུག་པ་དང་ལྷན་ཅིག་ཏུ་འདི་འཆི་བདག་གི་དབང་དུ་གྱིས་ཤིག་ཅེས་བསྒོའོ། །དེ་རྣམས་ཀྱིས་ཀྱང་དེ་ལྟར་བགྱི་ཞེས་བྱ་བ་རྒྱལ་པོའི་བཀའ་བཟུང་ནས། ཕྱི་ནས་བློན་པོའི་སྲས་ཀྱི་དཔུང་པ་བཅིངས་པ། བུ་མོ་གསེར་དུ་སྣང་བ་དང་ལྷན་ཅིག་ཏུ་བཏོན་ནས་སྙིང་རྗེ་དང་བྲལ་བའི་སྙིང་སྲ་བ་དང་ལྡན་པའི་གཤེད་མའི་སྐྱེས་བུ་རྣམས་ལ་གཏད་ཅིང་གནས་པར་གྱུར་ཏེ། སྔགས་དང་ཡེ་ཤེས་མ་ཐོབ་པ། །བདེ་ཆས་ཕྲོགས་པའི་བདག་རྣམས་ལ། །དྲག་པོའི་ཡུལ་གྱི་སྦྲུལ་རྣམས་ནི། །རྣམ་པར་འཇིག་ཕྱིར་འབྱུང་བ་ཉིད། །དྲག་པའི་སྒྲ་ཅན་ཆུ་འཛིན་སར་པ་ལྟར་ནི་སྔོ་བའི་དུ་བ་སྟེང་གོས་ཅན། །ཁྲོས་པ་ལྟར་ནི་འཕྲོག་པར་བྱེད་པ་ཁ་ཕྱེ་འདར་བའི་མེ་ལྕེའི་ཚོགས་ལྡན་པ། །ནག་པོའི་ལམ་ཅན་འབར་བ་ལ་ནི་གཟུགས་མྱང་ཕྱེ་མ་ལེབ་ནི་ལྷུང་བ་སྟེ། །རབ་སྲ་ཡིད་ཅན་རྣམས་ལ་དབང་རྣམས་ལས་གཞན་དྲག་པའི་དགྲ་ནི་ཡོད་བ་ཡིན། །དེ་ནས་རྒྱལ་པོའི་བུ་མོ་འགྲོ་བཞིན་པ་དེ་རང་གི་ཕོ་དྲང་གི་ཉེ་འཁོར་ན་གནས་པའི་མིང་པོ་གསེར་གྱི་གོ་ཆ་མཐོང་ནས་མཆི་མའི་ཆུས་མིག་ཀུན་ནས་འགགས་བཞིན་པས་ངོ་ཚ་བས་ཅུང་ཟད་སྨྲ་མི་ནུས་ཤིང་ཐུར་དུ་ལྟ་བར་གྱུར་ཏོ། །བློན་པོའི་སྲས་དེ་གནས་སྐབས་དེ་ལ་ཡང་མ་ཕོངས་པའི་ཚིག་གསེར་གྱི་གོ་ཆ་ལ་འདི་སྐད་ཅེས་སྨྲས་སོ། །ཉེས་པ་བྱས་པ་འབྱུང་བཞིན་པ་ཡི་ལུས་ཅན་ལ། །ས་དབང་ཕྱུག་ལ་ཆད་པ་ཞེས་བྱ་བཟོད་པ་སྟེ། །ཉེས་པ་བྱས་པ་ལ་ཡང་ཤིན་ཏུ་གཡོ་བའི་སེམས། །བུད་མེད་རྣམས་ལ་གསོད་པ་ནམ་ཡང་འདོད་མ་ཡིན། །དེ་བས་ཁྱེད་ནི་སྲིང་མོ་འདི་ལ་འཇིགས་ཆེན་ལས། །བརྩེ་བས་ཡང་དག་དམིགས་ཏེ་སྟོབས་ཀྱིས་སྐྱོང་བར་གྱིས། །དེ་རིང་བདག་ལ་སྨོད་སྨྲས་འབྲས་བུའི་ལས་ཀྱིས་ནི། །མཉམ་པར་གནས་པའི་གྲོང་ཁྱེར་ཞུགས་ཕྱིར་འདོད་པ་སྟེ། །ཉེས་པ་བྱས་པ་དྲི་མ་ཅན་གྱི་བདག་ཉིད་ཀྱི། །ཆོས་སྨོད་ལས་ནི་བདག་གི་སླད་


DTG169_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཤི་བ་མཆོག །གང་ཕྱིར་ཤི་བ་མིས་ནི་སྨོད་སྨྲ་ཚ་བ་ཡི། །ཚིག་རྣམས་དག་ནི་སུས་ཀྱང་ནམ་ཡང་ཐོས་མ་ཡིན། །འཇིགས་པའི་རི་དགས་མོ་ཡི་མིག་ལྟར་རྒྱ་ཆེའི་མིག་ལྡན་དེ་ཡི་ཡང༌། །ས་ཡི་དབང་ཕྱུག་བུ་མོ་ཡི་ནི་མ་དཔྱད་ལས་བྱས་པའི། །ཡིད་ལ་གནས་པའི་ཟླ་བ་བྱེད་པའི་ཡི་གེ་ཚིག་རྣམས་ནི། །སྲུངས་ཤིག་ཅེས་བྱ་མཆི་མའི་ཐིགས་པ་ཉིད་ལྟར་ཡོངས་གྱུར་པ། །དེ་ནས་སྐད་ཅིག་དེ་ལ་གསེར་གྱི་གོ་ཆས་གོ་ཆ་བཅིངས་བྱས་ཏེ། །ཆེ་བའི་བསམ་པ་ཉེ་བར་བསགས་པ་སེམས་ཅན་དོན་ཕྱིར་བརྟན་པའི་བདག །ཆེ་བའི་བྱང་ཆུབ་སེམས་དཔས་དེ་གཉིས་ལ་ནི་གཟུང་བྱས་ནས། །མྱུར་དུ་རྟ་ཡི་བཞོན་པ་ཞོན་པ་ལ་ནི་ལྷག་པར་གནས་པ་ཉིད་དུ་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ལ་ཤིན་ཏུ་མཉེས་གཤིན་པ་དང་འཇིགས་པས་ཡིད་སྐྱོ་བའི་གྲོགས་པོ་དང་བརྟེན་པ་རྣམས་ཁ་ཅིག་གིས་འདི་སྐད་ཅེས་སྨྲས་པར་གྱུར་ཏོ། །ཁྲོ་དྲག་ས་སྐྱོང་རྣམས་ཀྱིས་ནི། །བདག་གི་བ་ཞེས་སུ་ཞིག་མིན། །སྦྱིན་སྲེག་མཁན་པོའི་སྲེག་ལུགས་ཀྱང༌། །མེས་ནི་རེག་པས་སྲེག་པར་བྱེད། །དེ་བས་ན་ཁྱེད་ལ་རང་གི་སྲོག་ལ་ལྟོས་པ་མེད་པའི་རྣམ་པར་རྟོག་པ་འདིས་ཆོག་གོ་ཞེས་ཟེར་རོ། །བྱང་ཆུབ་སེམས་དཔས་སྨྲས་པ། རེ་ཞིག་རྒུད་པ་ལ་གནས་པ་གཞན་དག་ཀྱང་ནུས་པ་ཡོད་པས་སྐྱོབ་པར་རིགས་ན། གཉེན་འདུན་གྱི་སྐྱེ་བོ་ལྟ་སྨོས་ཀྱང་ཅི་དགོས། མནར་མེད་པ་ཡི་གཙུག་པུད་ཅན་གྱི་ཆེན་པོའི་དྲུང་དུ་ནི། །གལ་ཏེ་སྡུག་བསྔལ་ཆེན་པོས་མངོན་གདུངས་སེམས་ཅན་ཡོད་གྱུར་ན། །རང་གི་སྲེག་པའི་སྡུག་བསྔལ་ལ་ནི་མ་བསམས་འགྲོ་ཕན་འདོད། །དེ་ལ་འགྲོ་བའི་ཕྱིར་ནི་འགྲོ་བར་ཡང་བདག་བརྩོན་པ་ཉིད། དེ་ལྟར་བརྗོད་ནས་བདག་ཉིད་ཆེན་པོ་དེ་གཞུ་རྒྱུད་བདུངས་པའི་གཞུ་འཛིན་པ་ཤིང་རྟའི་ཁ་ལོ་བ་ལ་སྨྲས་པ། ད་ནི་རྟ་རྣམས་རབ་ཏུ་བསྐུལ་བར་གྱིས་ཤིག་ཅེས་ཟེར་རོ། །དེས་ཀྱང་དེ་ལྟར་བགྱི་ཞེས་ལྕག་གིས་རེག་པའི་དབང་གིས་ཤིན་ཏུ་མྱུར་བར་འགྲོ་བ་ཐག་པ་རྣམ་པར་མ་གྲོལ་པའི་རྟ་རྣམས་བྱས་པར་གྱུར་ཏེ། གྲོང་ཁྱེར་མཆོག་དེ་ལས་ངེས་པར་བྱུང་ནས། ཤིང་རྟའི་ཤུགས་ཀྱི་དབང་གིས་ཟམ་པ་ཆད་པས་ཆུའི་ཚོགས་ཀུན་ནས་རྙོག་པ་ཅན་དང་འདྲ་བར་རབ་ཏུ་སོང་ཞིང༌། རྟ་རྣམས་ཀྱི་རྨིག་པ་ལས་ཀུན་ནས་བསླང་བའི་ནེའུ་ལེ་ལྟར་ཀུན་ནས་འོད་མེད་པའི་རྡུལ་གྱི་ཚོགས་དང་


DTG169_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་ལམ་ལ་ལྟ་ཞིང༌། ཤིང་རྟའི་འཁོར་ལོའི་སྒྲས་སྐྲག་པ་དང༌། རྣམ་པར་འབྱེད་པར་གྱུར་པའི་རི་དགས་ཀྱི་ཚོགས་དཀར་པོ་མ་ཡིན་པའི་འགྲོ་བས་རྩྭ་སྐམ་པོའི་ནགས་སྲེག་བཞིན་པ་དང༌། འདབ་དང་བཅས་པའི་ནགས་ཀྱི་མ་ཧེ་རྣམས་ཀྱིས་ཀུན་ནས་བསྐོར་བས་ཤིང་རྣམས་ཀྱི་སྡོང་པོའི་འོག་གི་ས་ཕྱོགས་དྲི་མ་ཅན་དུ་བྱས་པ་དང༌། ཨིནྡྲ་ནཱི་ལའི་དུམ་བུ་རྣམས་དང་འདྲ་བའི་རྨ་བྱའི་མདོངས་རྣམས་ཀྱིས་འདྲེས་པར་བྱས་པ་དང༌། བསེའི་སེན་མོས་ཀུན་བརྐོས་བཞིན་པའི་སའི་བུག་པར་རབ་ཏུ་སོང་བའི་མན་དུ་ཀའི་གེ་སར་གྱིས་ཀུན་ནས་སྐྱ་བའི་ཚོགས་དང་ལྡན་པ་དང༌། གླང་པོ་ཆེའི་ཚོགས་ཀྱིས་གཅོག་བཞིན་པའི་རིའི་ཤིང་དང་ཤིང་རྣམས་ལ་དྲི་རབ་ཏུ་ཁྱབ་པའི་རིའི་མཐའ་མ་ལ་རྙིང་ནས། ད་ནི་ཤུགས་འགག་པའི་རྟ་རྣམས་གྱིས་ཤིག་ཅེས་བྱ་བ་ཁ་ལོ་སྒྱུར་བ་ལ་འདི་ལྟར་སྨྲས་ནས། ཡང་གསུངས་པ། བགྲོད་པར་དཀའོ་ནགས་འདི་ཀུན་ནས་བརྟེན་པ་ནི། །བདག་ཅག་འཛིན་པའི་སཱ་ལ་རྣམས་ཀྱིས་དཀྲིས་བྱས་པ། །བརྟན་པའི་ཡིད་དག་གིས་ནི་དམིགས་ནས་འཇིགས་པ་ནི། །ཁྱེད་ཅག་ཐོང་ཤིག་བདག་ནི་བསྲུང་བར་བརྩོན་པ་ཡིན། །དེ་ནས་རྒྱལ་པོ་དེ་དེའི་གཏམ་ཤེས་པ་ཁྲོས་པའི་དབང་གིས་སྲས་ལ་མཉེས་གཤིན་པ་དང་བྲལ་བས་བྱང་ཆུབ་སེམས་དཔའ་ལ་ཚར་གཅད་པའི་དོན་དུ། གོ་ཆ་ཀུན་ནས་བགོས་པ་དྲོ་བའི་འོད་ཀྱིས་རེག་པས་བྲོས་པའི་གསོང་མདུང་གི་རྩེ་མོའི་འོད་ལྟར་གསལ་བའི་དམགས་ཚོགས་གཏོང་བར་གྱུར་ཏོ། །མྱུར་དུ་བྱང་ཆུབ་སེམས་དཔའ་ལ་རྗེས་སུ་སོང་ནས་འཐབ་མོ་བ་ཁ་ཅིག་གིས་སྨྲས་པར་གྱུར་པ། ས་སྐྱོང་བ་ཡི་བུ་མོ་འདི་ནི་གཏད་མཛོད་ཅིག །ངེས་པར་སྐྱོན་དང་བཅས་པ་བློན་པོའི་སྲས་ཀྱིས་ནི། །ཕྱོགས་རྣམས་མཐའ་མར་རྣམ་པར་གནོན་པའི་འོད་གྲགས་པའི། །ཡབ་ཀྱི་བཀའ་ནི་འདའ་བར་བྱས་ནས་ཅི་ཕྱིར་གཤེགས། །དེ་ནས་བདག་ཉིད་ཆེན་པོ་དེས་དེ་ཐོས་ནས་འཁྱོག་པ་གཉིས་ཀྱི་མཐིལ་ལ་རྣམ་པར་ཞུགས་བྱས་པའི་གཞུ་བཟུང་ནས་ཁ་ལོ་བ་ཤིང་རྟ་འདི་ཁ་བསྒྱུར་བར་གྱིས་ཤིག་ཅེས་བྱ་བ་རབ་ཏུ་སྨྲས་པར་གྱུར་ཏོ། །དེའི་བཀའ་ལ་མཁས་པའི་ཁ་ལོ་བས་ཤིང་རྟའི་མཆོག་ཁ་སྒྱུར་བ་དེ་ལ། མདའི་སྣོད་ནས་ཀུན་འདོན་པ་མཐོང་ན་ནི། །མདའ་དེས་ལག་པས་མནན་པའི་ལྟོང་གི་ཤུགས་ལྡན་པ། །སྡུག་བསྔལ་གྱིས་ཕོངས་སྐད་ཅིག་མི་གཡོ་མིག་


DTG169_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ། །ས་ཡི་བདག་པོའི་དམག་དེ་བྲིས་པ་བཞིན་དུ་གནས། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱེད་ཅག་རྣམས་ཀྱིས་ཀུན་ནས་ངལ་པ་དོན་མེད་པས་འཁྲུགས་ཏེ། །སྲོག་རྣམས་འབད་པས་བསྲུང་བྱས་ཀྱང༌། །བྱེ་མའི་ཆང་བ་བཞིན་དུ་འདོར། །འཇིགས་པས་ཀུན་ནས་འཁོར་བའི་མིག །སྐྱབས་སུ་འོས་པ་མ་ཡིན་ནོ། །དེ་ནས་འཐབ་མོ་བ་དེ་རྣམས་དེའི་ངེས་པ་དེ་ཤེས་ནས་ཕན་ཚུན་དུ་འདི་སྐད་ཅེས་སྨྲས་པར་གྱུར་ཏོ། །རེ་ཞིག་འདི་ཡི་ཆོ་ག་འདི་ནི་མི་བྱེད་པ། །མི་སྐྱོང་སྲས་ཀྱི་རྣམ་པར་གནོན་པ་ཆེན་པོ་ཡང༌། །ཤིན་ཏུ་མི་མཉམ་གནས་པ་འདི་ནི་དེ་ཡི་ཕྱིར། །བདག་ཅག་འཐབ་མོ་འདིར་ནི་འོངས་ལ་འབྲས་བུ་མེད། །སྒྲུབ་མིན་ཆེན་པོ་ཡོད་པ་ཞེས་བྱའི་དངོས་པོ་ལ། །ངལ་ཕྱིར་འགའ་ཞིག་སྐྱེ་བོས་བྱ་བ་མེད་པ་སྟེ། །ལྷུང་བའི་ཕྱེ་མ་ལེབ་རྣམས་ཀྱིས་ནི་གཡོ་བའི་ཕྱིར། །ནོར་བུའི་སྒྲོན་མའི་རྩེ་མོ་ནུས་པ་མ་ཡིན་ནོ། །དུས་ནམ་ཞིག་ཏུ་རྗེ་བོས་ཀྱང་སྲས་ཚར་བཅད་པའི་ཕྱིར་དུ་ཕྱི་ནས་འགྱོད་པ་འབྱུང་བར་འགྱུར་བ་དེ་བས་ན་བདག་ཅག་ལ་བཟློག་པ་ཉིད་རིགས་སོ་ཞེས་བྱ་བར་རབ་ཏུ་བཟུང་ནས། ཇི་ལྟར་འོངས་པའི་ལམ་དེ་ཉིད་ནས་དམག་ཚོགས་དེ་སླར་སོ་སོར་ལོག་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཡང་འཇམ་པོའི་རྨིག་པ་རྣམ་པར་བགོད་པའི་རྟ་མཆོག་རྣམས་ཀྱིས་ཤིང་རྟ་འདྲེན་བཞིན་བའི་རིའི་ནགས་དེ་ལས་ཡང་དག་པར་འདའ་བར་བྱེད་པ་རི་རབ་ཀྱི་རྩེ་མོ་འཛིན་པའི་བཙག་གི་ཕྱེ་མས་དམར་བར་བྱས་པའི་མཆེ་བ་གཉིས་པའི་དཔྲལ་འབུར་གྱི་རྣམ་པ་ཅན་གྱི་ཉིན་མོ་བྱེད་པ་ཡོད་པ་ལ། རྡུལ་གྱི་ཚ་བ་དང་བྲལ་བའི་ལམ་རྣམས་ལ་རང་གི་གནས་སུ་འགྲོ་བར་ཀུན་ནས་ཕྱོགས་པའི་རི་དགས་ཀྱི་ཚོགས་རྣམས་ཡོད་པ་དང༌། འདབ་ཆགས་རྣམས་ཀྱིས་རྣམ་པར་གྲོལ་བར་གྱུར་པའི་ཚང་ཚིང་དང་ལྡན་པ་དང༌། ཤིང་རྣམས་ལ་ངེས་པར་འབྲེལ་བར་གྱུར་པའི་གཏོར་མ་ཟ་བ་དང་བྱ་རྒོད་ཀྱི་གཤོག་པ་རྣམས་ཀྱིས་འགུལ་བཞིན་པའི་འདབ་མའི་ཚོགས་དང་ལྡན་པའི་ནྱ་གྲོ་དྷ་ཡོད་པ་དང༌། ཁ་ཟས་མངོན་པར་འདོད་པས་སྤྱོད་ཅིང་གནས་པར་འཇུག་པའི་གྲོང་ཁྱེར་དང་ཉེ་བ་ལ་མངོན་པར་ཕྱོགས་པའི་མི་སྲུན་པའི་རི་དགས་ཡོད་པ་དང༌། སྐྱོན་དང་བཅས་ཤིང་མ་དཔྱད་པའི་ལས་བྱས་པའི་སྐྱེས་བུ་རྣམས་དང༌། ཆོམ་རྐུན་རྣམས་ལ་དགའ་བའི་དུས་ལ་སྡོང་ཁང་གི་དུ་བའི་རི་མོ་


DTG169_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ནས། ངེས་པར་འདིར་གྲོང་ཁྱེར་རམ་གྲོགས་པོ་ཡོད་དོ་ཞེས་བྱ་བ་རྣམ་པར་བསམས་ནས་ཁ་ལོ་བ་ལ་སྨྲས་པ། ཁ་ལོ་བ་གང་འདི་ཆུ་གཏེར་སར་པའི་ཚོགས་དང་རྗེས་སུ་མཐུན་པའི་དུ་བ་སྣང་བའི་ས་ཕྱོགས་དེར་ཤིང་རྟ་དྲང་བར་གྱིས་ཤིག་ཅེས་ཟེར་ཞིང༌། ཐག་ཉེ་བར་སོང་ནས་འདི་རྣམས་ཐམས་ཅད་སྐྱེ་བོ་མེད་པའི་གྲོང་ཁྱེར་འདི་ཞེས་བྱ་བ་འཛིན་པར་གྱུར་པ་དང༌། དེ་ནས་བློན་པོའི་སྲས་ཀྱིས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། །གྲོང་ཁྱེར་གྲགས་པ་ཆེ་བའི་ལམ་ལྡན་ཁྱེད་ནི་འོངས་པ་ལ། །གྲོང་ཁྱེར་གྲགས་པ་ཆེ་བའི་ལམ་ལྡན་ཁྱེད་ནི་འོངས་པ་ལ། །འདི་ནི་སྔ་མ་བཞིན་དུ་དགའ་ཞིང་མཛེས་པ་འབྱུང་འགྱུར་ཏེ། །ལུས་དང་ལྡན་པའི་ལུས་ནི་རྣམ་པར་ཤེས་པ་ལྡན་པ་ལྟར། །གང་ལ་ཡོན་ཏན་རིན་ཆེན་རྟེན་པ་སྐྱེས་པ་རྣམས་མེད་པ། །ཡུལ་ནི་གནས་ཀྱང་བདག་གི་དོན་དུ་དེ་ནི་སྤོང་པ་ཉིད། །མེ་ཏོག་དང་ནི་འབྲས་བུ་ཀུན་ནས་འབྱུང་ཡང་མཛེས་པ་མེད། །ཨརྒའི་ནགས་ནི་ནམ་ཡང་སྐྱེད་མོས་ཚལ་དུ་འགྲོ་བ་མིན། །ཁ་ལོ་བས་སྨྲས་པ། བདག་ཀྱང་འདི་ལྟ་བུ་ཉིད་དུ་མཐོང་བ་མང་པོས་སྨྲས་པས་ཅི་ཞིག་བྱ་སྟེ། ལོགས་ཀྱི་མཐའ་མར་འཕྱང་པའི་གོ་ཆར་ལྡན་པ་འཁོར་གྱི་སྐྱེ་བོས་རྣམ་པར་འཛིན་པའི་མཐུར། །གདོང་ནས་བཀག་པས་སྦུ་བ་འཛིན་པའི་དུམ་བུར་ལྡན་པ་སྟན་གྱིས་སྟོང་པའི་རྟ་རྣམས་ཀྱིས། །ཁྱེད་ཀྱི་འགྲོ་བ་མཚོན་པར་གྱུར་པ་ཁྱིམ་གྱི་སྒོ་ནི་གྲོང་ཁྱེར་འདི་ལ་སྐྱེས་རྣམས་ཀྱིས། །ཀུན་ནས་ཁྱབ་པ་གླང་མོ་དང་ནི་གླང་ཕྲུག་སྐྱེད་པ་ལ་ནི་གླང་པོ་སྐྱོང་བ་གནས། །དེ་ནས་བྱང་ཆུབ་སེམས་དཔའ་ཤིང་རྟའི་འཁོར་ལོའི་མཐའ་མས་ཀུན་ནས་བཙིར་བར་བྱས་པས་ཆགས་པའི་སའི་གོང་བུའི་དུམ་བུ་དང་ལྡན་པ་ཀ་བ་དང་རྟ་བབས་ཀྱིས་ལ་འབིགས་པ་ཀུན་ནས་ལྷུང་བ་དང༌། འཆི་བ་མེད་པའི་ལྷའི་ཉེ་འཁོར་གྱི་སྒོ་མ་ཀུན་ནས་འབྲེལ་བ་དང་འཕོ་བའི་སྤྲེའུ་དང༌། འདབ་ཆགས་རྣམས་ཀྱི་སྒོ་ང་དང་ཐོད་པ་རྣམས་ཀྱིས་སའི་སྟེང་འདྲེས་པ་དང༌། འཕགས་པའི་ཁྱིམ་གྱི་སྒོ་འབུར་དུ་བཏོད་པ་ལ། །ཕྱེད་མདུད་པའི་རྒྱལ་མཚན་གྱི་རྩེ་མོ་ལ་རྨ་བྱའི་མགྲིན་པ་ལྷུང་བ་དང༌། ཀུན་ནས་འབྱུང་བའི་རྩྭའི་མྱུ་གུ་རྣམས་ཀྱིས་ལམ་གྱི་བར་བགྲོད་དཀའ་བ་དང༌། ཅུང་ཟད་མར་གྱིས་སྣུམ་པའི་རྫ་མའི་གྱོ་མོག་གི་དབུས་ལ་གནས་པའི་མི་གཡོ་བའི་གྲོག་སྦུར་རྣམས་ཀྱིས་ཁྱབ་པ་དང༌། རླུང་གིས་བསྐུལ་པར་གྱུར་པའི་རི་བོང་གི་ལྟོ་བའི་སྤུ་ལྟར་འཇམ་


DTG169_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཨརྒའི་ཤིང་བ་ལ་དང་འདྲེས་པ་ལྡུམ་གྱི་ཚོགས་དང་ལྡན་པ་དང༌། ཤིན་ཏུ་དུས་རིང་བ་ཉིད་ཀྱིས་གནས་ནས་ཀུན་ནས་འཕོ་བའི་མེ་ཟད་པ་དང༌། སྣུམ་པའི་ཤིང་གི་རང་བཞིན་གྱི་རྣམ་པར་འདྲེས་པ་རྣམས་ཀྱི་ཤིང་གི་རྩ་བར་ལྷག་པར་གནས་པ་ཤིན་ཏུ་མཐོང་བས་འཇིགས་པ་ནི། །མི་གཡོའི་བྱི་ལས་འགའ་ཞིག་ཏུ། །བྱི་བའི་སྒྲ་ནི་ཐོས་བཞིན་པ། །ནེའུ་ལེས་རྣམ་ཆད་འགའ་ཞིག་ཏུ། །འཕྲོས་པས་འཇིགས་པའི་ལྟོ་འཕྱིར་ལྡན། །འགའ་ཞིག་ཚང་གིས་ཕྱེད་འགགས་པ། །དགྲ་ཡིས་སོ་སོར་གྲོལ་བར་ལྡན། །བྱ་རྒོད་རྡུག་བྱུགས་འགའ་ཞིག་ཏུ། །ནྱ་གྲོ་དྷ་ཡི་འདབ་མས་ཁྱབ། །དྲི་མས་མཚན་པའི་གོ་ཆ་ལྟར། །ལྗང་གུ་མི་གཡོ་སྤང་རྣམས་ཀྱིས། །བ་གླང་ཕྲེང་རྣམས་འདོགས་པ་ནི། །སྦྲང་རྣམས་ཚོགས་ཀྱིས་འགའ་ཞིག་ཏུ། །འགའ་ཞིག་འུག་སྐད་ཀྱིས་སྐྲག་པའི། །གཉིད་བྲལ་འཁོར་བའི་ཁྭ་ད་བཅས། །གཞན་དུ་བྷ་རོ་ཊི་སྐད་ནི། །མེ་བཅད་རྣམས་ཀྱིས་འཇིགས་ཤིང་འཇིགས། །འགའ་ཞིག་ཏུ་ནི་སྡོང་ཁང་བསྲེག་ཟ་ཡི། །ས་ཡི་དཀྱིལ་འཁོར་གསལ་བར་བྱས་པ་དང༌། །འགའ་ཞིག་ཏུ་ནི་མི་རུས་རྣམས་ཀྱི་ནི། །པདྨའི་རྩ་ལྟར་སྐྱ་བས་བསགས་པ་དང༌། །དུས་རིང་ཉིད་ཀྱིས་ཆུང་བ་ལྷག་མའི་དྲི་ལྡན་པ། །སྦྲང་དང་ཀ་པི་ཏ་ཡི་བུམ་ཆེན་བུམ་ཆུང་དུ་མ་ཡིས། །ཆགས་པས་དུམ་བུར་སོང་བ་ཁ་ཅིག་གིས་ནི་ཡང༌། །ངེས་བསགས་འཕོ་བ་ཆང་འཚོང་མ་ཡིས་ཚོང་སའི་མཐར། །འཕོ་བ་སྒྲོ་ཡིས་སྟོང་པ་ལྟོང་ནི་ཆགས་པ་དང༌། །རྒྱུས་པ་ལྷོད་པ་ཀུན་ནས་དོར་བར་བྱས་པ་ནི། །ཀུན་ནས་རྙིངས་པའི་མདའ་རྣམས་ཀྱི་ནི་དུམ་བུ་ཡིས། །གཡང་སའི་བུ་ཡི་ལྷག་གནས་གསལ་བྱས་འགའ་ཞིག་ཏུ། །པདྨ་རྣམས་ལྷུང་འགའ་ཞིག་ཏུ་ཡང་རྔ་དང་ནི། །གཞན་དུ་ཡང་ནི་གཙུག་ཕུད་དམར་བའི་སྒྲོ་ཚོགས་ཀྱིས། །བ་རྣམས་ཀྱིས་ནི་རོ་ལ་རབ་དོར་དྲི་མ་ཅན། །རྭ་རྣམས་ཀྱིས་ནི་ཀུན་ནས་རྔོན་པའི་ཁྱིམ་མཚོན་བྱས། །མེ་ཏོག་དུམ་བུར་སོང་བའི་འཕོ་བ་མ་མོའི་ཕྲེང༌། །དབང་ཕྱུག་ཁྱིམ་གྱི་པར་གྱི་ས་ནི་འགེགས་བྱས་པ། །གཡུལ་ངོར་འཐབ་པའི་གཟུགས་ནི་འཛིན་པར་བྱེད་པ་ན། ཤི་བ་ཀུན་ནས་དོར་བའི་རྐང་པས་ཤིན་ཏུ་ཁྱབ། །ཁྱིམ་གྱི་རྩིག་པ་ཞིག་པས་ཆག་ཅིང་སྐམས་པ་ནི། །ལྷོད་པའི་ཆུ་ཤིང་ཚོགས་ཀྱིས་ཉེ་འཁོར་


DTG169_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ནང་བསགས་པ། །རྒྱ་ཤུག་ཤིང་གིས་བཟུང་ཞིང་སྐྱེས་པ་ཀུ་བའི་ཤིང༌། །གནས་ལ་སྟོད་གཡོགས་བྲལ་བའི་འུག་པའི་སྣང་བས་བརྟེན། །ཚང་ལས་ལྷུང་བས་དབུས་སུ་བརླན་པ་འགའ་ནིག་ཏུ་ནི་ནང༌། །ཕུག་རོན་སྒོ་ངའི་དུམ་བུ་རྣམས་ཀྱིས་ཁྱིམ་གྱིས་བསགས་པ། །གཞན་དུ་རྣོ་ཞིང་འདྲེས་པ་སར་བ་མིན་དང་སར་རྣམས་ཀྱིས། །འགའ་ཞིག་བར་ཆད་མེད་པའི་དུམ་བུ་རྣམས་ཀྱིས་ཀུན་ནས་ཁྱབ། །འགའ་ཞིག་ཏུ་ཡང་ཁ་སྐྱེས་དབྱུག་པ་དམའ་བར་བྱ་བའི་ཡན་ལག་གིས། །ཞོ་ནི་སྲུབ་བར་ངེས་པའི་ཀུན་ནས་བསགས་པའི་འོ་མ་ཕྱུགས་ཀྱི་ལྷས། །ཀུན་ནས་དྲི་མ་ཅན་དང་རྙིང་བ་རྣམས་ཀྱིས་གཞན་དུ་ཁྱབ་པས་ཆག །ལྷོད་ཅིང་བར་ཆད་རྩིབ་མ་ཤ་རེ་ཀ་ཡི་དྲ་བ་རྣམས་ཀྱིས་ཁྱབ། །དེ་ནས་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་གཏོར་མ་རྒྱས་པའི་སྐད་ཀྱིས་གཉིད་སད་པས་ཀུན་ནས་དོགས་པའི་བྱ་ཀཽ་ཤི་ཀས་ལྷག་པར་གནས་བཞིན་པའི་ནྱ་གྲོ་དྷའི་བར་དང་ལྡན་པའི་ཁྱིམ་འགའ་ཞིག་ཏུ་གཉིད་ཀྱིས་མཚན་མོ་འདས་པ་དང་སྐར་མའི་ཚོགས་རབ་ཏུ་བར་ཆད་པར་གྱུར་པའི་ནམ་མཁའ་ལ། ཁྱོད་ཤི་བའི་འགྲམ་པ་ཀུན་ནས་སྐྱ་པ་ལྟར་གཟུགས་སྲབ་བའི་ནུབ་པའི་རིའི་རྩེ་མོ་འཛིན་པའི་བསིལ་བའི་འོད་ཟེར་ཡོད་པ་ལ། ཕན་ཆུན་ཡང་དག་པར་སྦྱོང་བཞིན་པས་རབ་ཏུ་དགའ་བ་པདྨའི་སྡོང་བུ་ལ་རྐང་པ་གཞག་པ་དང་ལྡན་པའི་དུར་པ་ཕོ་མོ་གཉིས་ཡོད་པ་དང༌། རི་བོང་ཅན་གྱི་འོད་ཟེར་ལ་ཀུན་ནས་ཆགས་པ་དང་བྲལ་བའི་མྱ་ངན་དང་འདྲ་བར་ཀུ་མུ་ཏའི་འབྱུང་གནས་ཀུན་ནས་ཟུམ་པ་ལ། བུང་བའི་ཕྲེང་བ་འཁོར་བའི་པི་ཝང་གི་སྒྲས་རབ་ཏུ་སད་པ་དང་འདྲ་བར་རྣམ་པར་འཕྲོ་བཞིན་པའི་པདྨའི་གདོང་དང་ལྡན་པ་བསྐྱོད་པའི་རླབས་ཀྱིས་ལག་པས་རག་པའི་འགྲམ་དང་འབྲེལ་པ་དབུ་བའི་གདུ་བུ་དང་ལྡན་པ། སྒྲ་སྒྲོགས་པའི་ངང་བའི་རྐང་གདུབ་དང་ལྡན་པའི་པདྨོའི་བུད་མེད་རྣམས་ཡོད་པ་ལ། ཁ་ཕྱེ་བའི་ཛ་བའི་མེ་ཏོག་གི་ཕུང་པོ་ལྟར་མངོན་པར་གསལ་བཞིན་པའི་དཀྱིལ་འཁོར་ཅན་གྱི་ཉི་མ་ཡོད་བ་དང༌། ཉི་མའི་འོད་ཟེར་གཞོན་ནུས་རྗེས་སུ་མཆོད་བཞིན་པའི་རྩེ་མོའི་མདུང་དང་ལྡན་པའི་ས་འཛིན་རྣམས་ཡོད་པ་ལ། དེའི་དུས་དང་རྗེས་སུ་མཐུན་པའི་མལ་སྟན་ལས་ལངས་ཏེ། ཀུན་ནས་འཁོར་བས་གྲོང་ཁྱེར་དེ་མཐོང་ཞིང་འདི་བསམས་པར་གྱུར་ཏེ། འདིར་ནི་བསྟན་བཅོས་དུ་མ་རྣམས་ཀྱིས་ཀུན་


DTG169_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཕེལ་བའི་མཛེས་པའི་གཏམ་འབྱུང་སྟེ། །སྒེག་པའི་ཉམས་ཀྱིས་འཇམ་པའི་བྷ་ར་ཏ་ཡི་གར་ནི་འདི་ལས་འབྱུང་འགྱུར་ཏེ། །རྟེན་ནས་འཇིགས་པར་འགྱུར་བ་ཅི་ཞིག་འབྱུང་བ་ཞེས་བྱ་བ་ནི་མི་རྟག་པ། །ཨེ་མ་དེ་ལྟར་གྲོང་ཁྱེར་འདི་ནི་ཕུག་རོན་རྣམས་ཀྱི་སྐད་ཀྱི་སྨྲ་བ་འདྲ། །དེ་ནས་དེར་ཅུང་ཟད་ལོངས་མ་སྤྱད་པས་གུ་ཤིང་གི་འདབ་མ་ལྟར་ལྗང་སེར་ཆུ་ནང་གི་རྩའི་ཚོགས་ཀྱིས་རྫིང་བུའི་ཆུ་བཀབ་པ་དང༌། ཕག་རྣམས་ཀྱིས་གནས་བཟང་པོ་དང་མོན་ལུག་དང་ཀ་ཤེ་རུ་ཀ་རྣམས་རྩེ་བ་ནས་འདོན་པ་དང༌། ཤིན་ཏུ་རབ་ཏུ་འཕེལ་བའི་རྩའི་ཚོགས་ལ་ལྷན་ཅིག་བྱེད་པ་དང༌། ཏི་ལ་ཀའི་སྡོང་པོ་དང༌། ཙམ་པ་ཀའི་སྡོང་པོ་ནུབ་པ་དང༌། ནགས་ཀྱི་མ་ཧེ་རྒལ་བ་རྣམས་ཀྱི་རྭ་འཕངས་པས་ཀུན་ནས་འཕུར་བ་དང༌། ཀུན་ནས་འབྲེལ་བཞིན་པའི་བུང་བ་རྣམས་ཀྱིས་རྫིང་བུའི་པདྨ་ཀུན་ནས་འགྲོ་བས་མཛེས་པ་འདས་པ་དང་འདྲ་བ་རྗེས་སུ་བསམ་ཞིང་སྐྱེད་མོས་ཚལ་རྙིང་པར་རབ་ཏུ་ཞུགས་པར་གྱུར་ཏོ། །དེར་ཡང་མ་རལ་བ་དྲི་མ་ཅན་གྱི་གོས་ཀྱིས་ཡན་ལག་བཀབ་པ། སྐྲ་ལོ་དང་ལག་པ་ཀུན་ནས་རྩུབ་པ། མེ་ཏོག་གི་ཡལ་ག་ལ་ལག་པས་འཛིན་པ། ཡལ་ག་ལ་གནས་པའི་རི་དགས་རྣམས་མཐོང་ནས་ངོ་མཚར་བ་ལས་ཡང་དག་པར་སྐྱེས་པའི་འཛུམ་པས་གསལ་བཞིན་པའི་སོའི་ནོར་བུའི་འོད་ཟེར་རྣམས་ཀྱིས་སྣང་བར་བྱས་པའི་མེ་ཏོག་བན་དུ་ཀ་ལྟར་ཤིན་ཏུ་དམར་བའི་མཆུ་དང་ལྡན་པ་དང༌། རྒྱན་མེད་ཀྱང་ཡིད་འཕྲོག་པ། ཡོངས་སུ་སྨིན་པའི་རྩྭའི་རྒྱལ་པོའི་འབྲས་བུ་ལྟར་རྗེས་སུ་མཐུན་པའི་འོ་མ་འཛིན་པ་དང་ལྡན་པ། ཆུ་འཛིན་པའི་ཁྱིམ་གྱི་ནང་དུ་རོལ་པར་བྱེད་པའི་གློག་གི་བུ་མོ་དང་འདྲ་བའི་བུ་མོས་མེ་ཏོག་རྣམས་ཐུ་ཞིང་མཐོང་བར་གྱུར་ཏོ། །དེའི་དྲུང་དུ་ཉེ་བར་འོངས་ཏེ་དེ་ལ་དྲིས་པར་གྱུར་ཏེ། སྐྱེ་བོ་མེད་པའི་གྲོང་ཁྱེར་འདི་ནི་ཅི་ཕྱིར་ཁྱོད། །མིག་གི་མཐའ་མའི་ཟིམ་པར་སོང་བའི་མིག་མཐར་ལྡན། །སྐྱེ་བོ་རྣམས་ཀྱིས་མ་མཐོང་བ་ཡི་གཟུགས་མཛེས་པ། །གཟུགས་དང་ལྡན་པ་ཉ་ཕྱིས་སོན་པའི་མེ་ཏོག་འདྲ། །དེས་སྨྲས་པ། བདག་ནི་རྒྱལ་པོའི་བུ་མོ་སྟེ་དབང་པོ་ལས་འདས་པར་གྲོང་ཁྱེར་འདི་གནོད་སྦྱིན་དྲུག་ཅུ་ཙམ་གྱིས་མི་དང་མིའི་སྐྱེ་བོ་དང༌། གླང་པོ་ཆེ་དང་རྟ་དང་བ་གླང་དང་མ་ཧེ་རྣམས་མངོན་པར་བྱས་པ་སྟེ། བདག་ནི་གཅིག་པུ་ཉེ་བ་རྣམས་ཀྱི་མྱ་ངན་གྱིས་སྡུག་བསྔལ་བསགས་


DTG169_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐལ་བ་དམན་པའི་དྲག་པོ་དེ་རྣམས་ཀྱིས་རང་ཉིད་ལ་པ་སྙེན་བཀུར་གྱི་དོན་དུ་ལྷག་མར་བྱས་པ་ནི། །གང་ལ་ནྱ་གྲོ་དྷའི་ཤིང་འདི། །སྡོང་ཁང་དུ་བ་ལྟར་འོད་མེད། །གནོད་སྦྱིན་དེ་རྣམས་རྣམ་འགྱུར་བ། །ད་ལྟ་ཕྱོགས་འདི་ནས་འོངས་འགྱུར། །དེ་ཕྱིར་འབད་ལྡན་ཁྱོད་ཀྱིས་ནི། །ཤིན་ཏུ་ལེགས་པར་གནས་པར་བྱ། །ཀུན་ཏུ་དུས་ཀུན་སྐྱེས་པ་རྣམས། །གང་ཕྱིར་བག་ཡོད་འབྱོར་བའི་ཕྱིར། །གཞན་ཡང་སྐལ་པ་ཆེན་པོ། ནོར་བུ་མཛེས་པའི་སྐྱེ་བ་ལྟར་ནི་བདག་མཛེས་པ། །ཁྱོད་ཀྱི་རྣམ་པ་ཉིད་ནི་ཆེ་བ་ཉིད་ནི་སྨྲ། །དེ་ལྟ་ན་ཡང་བདག་གིས་ཁྱོད་ཀྱི་མིང་རྟོགས་ཕྱིར། །འདོད་དེ་གང་ཕྱིར་བུད་མེད་རྣམས་ནི་ཕྲ་བའི་བློ། །དེ་ནས་བྱང་ཆུབ་སེམས་དཔས་དེ་ལ་རང་གི་གཏམ་སྨྲས་པ། དེས་ཀྱང་གཏམ་ཐོས་པ་པདྨའི་འདབ་མ་དང་རྗེས་སུ་མཐུན་བའི་རྐང་པའི་མཐེ་བོང་གིས་ས་ལ་ཅུང་ཟད་འབྲི་ཞིང་དཔུང་པའི་ཡལ་ག་ལོགས་འཛིན་ཅིང་ཅུང་ཟད་གོས་ཀྱི་ཁ་ཚར་ཀུན་ནས་གཡོ་བར་བྱེད་ཅིང་ཐུར་དུ་འདུད་པའི་བཞིན་དང་ལྡན་པ་ཨེ་མའོ། །གལ་ཏེ་རྣམ་པ་དང་བཅས་པར་འདིར་བདག་ནི་ཆུན་མ་ཉིད་དུ་ཉེ་བར་འདོད་པ་ཡིན་ན་དེ་བས་བདག་གི་བུད་མེད་ཉིད་དོན་དང་བཅས་པར་འགྱུར་ཞེས་ཟེར་རོ། །འདོད་པ་དང་ལྡན་བཞིན་པ་ཡང་ངོ་ཚ་བས་མི་སྨྲ་ཞིང་བུད་མེད་འདོད་པ་དང་བཅས་པས་འདོད་པ་ཅན་ལ་ཁྱོད་ཀྱིས་བདག་ཇི་ལྟར་འདོད་པར་གྱིས་ཤིག་ཅེས་བྱ་བ་ཇི་ལྟ་བ་བཞིན་དུ་སྨྲ་བར་འགྱུར་ཏེ། དེ་བས་ན་བདག་ནི་ཞེ་འདོད་ཀྱིས་བདག་པོ་དངོས་པོ་འདི་ལ་གསལ་བར་བྱའོ་སྙམ་དུ་རྣམ་པར་བསམས་ནས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། །རང་གི་འདོད་པ་ཡིད་གནས་པ། །ཁྱོད་ལ་ཅུང་ཟད་སྨྲ་བར་འདོད། །དེ་ནི་བདག་གི་ངོ་ཚ་བ། །ཆུན་མ་ལྟར་ནི་ཡང་ཡང་འགེགས། །དེ་ཡི་འདོད་པ་དེ་ཡང་ནི། །བློ་གྲོས་ཆེན་པོ་དེས་ཤེས་ནས། །ངོ་ཚས་འདུད་པའི་མིག་ཡངས་པ། །མཆོག་གི་གདོང་ཅན་བླངས་པར་གྱུར། །དེ་ནས་གྲོང་ཁྱེར་རྙིང་པར་ཀུན་ནས་འོངས་ནས་ནི། །དེ་དང་རྗེས་སུ་སོང་སྟེ་ཕོ་དྲང་དུ་ཞུགས་ནས། །དེ་ཡི་རྙེད་པ་བསྡུས་དང་ལྡན་པ་སྨྲས་ནས་ནི། །གནོད་སྦྱིན་ཉེར་འོངས་དེ་རྣམས་ལ་ནི་དེ་སྨྲས་སོ། །དེ་ནས་ཁ་ལོ་བས་ནི་མྱུར་དུ་མཚོན་ཆ་དང་ལྡན་པ། །རྟ་རྣམས་སྦྱོར་བ་ཤིང་རྟ་འཐབ་པའི་ཕྱིར་ནི་དེ་བྱེད་བཅུག །མ་མཆུ་མནན་ནས་གཞུ་ནི་བདུངས་ཏེ་མཐོ་བའི་དཔུང་པར་ལྡན། །གསེར་ལས་བྱས་


DTG169_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུས་ནི་སྐྱོང་བ་སྐད་ཅིག་དེ་ལ་བཅིངས། །རྐང་པ་མྱུར་བར་གསང་བ་པ་ནི་དེ་རྣམས་ཡོངས་བྱས་ཏེ། །ཤིང་རྟ་མཆོག་ལ་གནས་པ་དཔུང་པ་དེ་མཐོང་ནས། །ཁྲོས་པས་འབར་བའི་མིག་ནི་མེ་ཡི་འོད་ལྡན་པ། །རྩེ་མོ་རྣོ་བའི་མེ་ནི་སྤྲུལ་པའི་མདའ་རྣམས་བཏང་པར་གྱུར། །དཔུང་པའི་ཚ་བ་གོ་ཆར་ལྡན་པ་དེ་ཡི་ལུས་ལ་ནི། །གསང་བ་པས་བསྐུལ་མདའ་རྣམས་ཀྱིས་ཀྱང་སྒྲ་ནི་འབྱུང་བ་སྟེ། །ཀུན་ནས་སྐྲག་པས་ཤིན་ཏུ་རྒྱུག་འདྲའི་རི་དགས་རྣམས་ཀྱིས་ནི། །རི་ཡི་མཐའ་མར་རྨིག་པར་སྦྱར་བའི་དགྲ་དང་རྗེས་སུ་མཐུན། །གནོད་སྦྱིན་འདི་རྣམས་ཕམ་པར་གྱུར་པ་རྣམས་ལ་གཡུལ་ངོར་ནི། །སྐྱེ་བོ་ཆེན་པོའི་ཡུན་རིང་དུ་ནི་ཞི་བར་འབྱུང་འགྱུར་ཏེ། །དེ་ལྟར་རྣམ་བསམས་སྙིང་རྗེ་ཆེ་བར་ཡང་ནི་དེར་གྱུར་ནས། །དོན་ཡོད་སྟོབས་ཀྱི་མཐུ་དང་ལྡན་པས་གཞུ་ནི་འཛིན་པར་གྱུར། །བྱང་ཆུབ་སེམས་དཔའི་ཡང་དང་ཡང་དུ་ལྟུང་བ་ནི། །མདའ་ནི་དེ་རྣམས་ཟད་པ་ཅུང་ཟད་བྱས་མི་འགྱུར། །ངེས་པར་དེ་ཉིད་ཀྱང་ནི་ཆེན་པོ་འབྱུང་འགྱུར་ཏེ། །བསོད་ནམས་མཐུ་དེ་གང་ཕྱིར་སྡུག་བསྔལ་མ་གྱུར་ཏོ། །དེ་ནས་དེ་ཡི་རྣོ་འཕངས་པ། །མདའ་རྣམས་གནོད་སྦྱིན་ལུས་འབིགས་པ། །རྣ་བའི་མཐར་ནི་ཁུ་ཚུར་བཅངས། །རྟག་ཏུ་སྦྱར་བ་འདྲ་བར་གྱུར། །གནོད་སྦྱིན་གྱིས་དོར་དེའི་གོ་ཆར། །མདའ་རྣམས་འབྲས་བུ་བཅོམ་པར་གྱུར། །སྐལ་བ་མེད་པས་ཐོབ་དཀའ་བའི། །དངོས་པོ་ལ་ནི་ཡིད་རེ་བཞིན། །ཤིང་རྟ་ཆེན་པོ་སྟེགས་ཀྱི་འདྲ་བར་འགྱུར་བ་སྟེ། །དབྱངས་ནི་བྷ་ཥ་ཊ་བྱས་སྒྲ་དང་འདྲ་བར་གནས། །གཞུ་ཆེན་རྩེ་མོ་མཐོ་བ་གཉའ་ཤིང་འདྲ་བ་སྟེ། །མི་དབང་སྲས་པོ་དེས་ཀྱང་སྦྱིན་སྲེག་བྱེད་པ་འདྲ། །ལྷ་དང་གྲུབ་ཐོབ་ཀླུ་རྣམས་ཀྱིས་ནི་མཐོང་བཞིན་པ། །སྐད་ཅིག་ལྷུང་བའི་མདའ་རྣམས་བུད་ཤིང་ཚོགས་ལྡན་པ། །འདི་ལྟ་བུ་ཡི་གཡུལ་ངོའི་རྟ་ཅང་དེ་ལ་ནི། །གནོད་སྦྱིན་རྣམས་ཀྱང་རང་ཉིད་ཀྱིས་ནི་ཕྱུགས་སོང་གྱུར། །དེ་ནས་བསད་པའི་ལྷག་མ་གནོད་སྦྱིན་དེ་རྣམས་ལ་མདའ་རྣམས་ཀྱིས་ཡན་ལག་ལ་རྨ་བཏོད་པས་ཁྲག་འཛེག་པ་དང༌། ནུས་པ་ཟད་པ་རབ་ཏུ་འདར་བ་ཐོབ་པ་རྣམས་ལ་གསང་བ་པ་གཅིག་དེ་དང་ཉེ་བར་འོངས་ནས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། །ཁྱབ་བདག་ང་ནི་ཁྱོད་ཀྱི་གྲོགས་ཏེ་འབྱོར་བའི་ཕྱིར། །དེ་ཕྱིར་རིང་པོ་ནས་ནི་གཞུ་ནི་དབབ་པར་མཛོད། །རྒྱལ་སྟེར་ཤིན་ཏུ་ཆེ་བ་མཛོད་ཀྱི་ཕུན་ཚོགས་ནི། །


DTG169_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་དུ་བྱས་པས་འདི་དག་ལ་ནི་རབ་བརྟན་བགྱི། །དེ་ལྟར་བགྱི་ཞེས་བྱ་བས་ཕན་ཚུན་དུ་མདའ་དང་བཅས་པར་བྱང་ཆུབ་སེམས་དཔའ་ཁས་བླངས་པ་ལ་གནོད་སྦྱིན་དེ་འོངས་ནས་གཏེར་མང་པོ་གཏེར་སྐྱོང་རྣམས་ཀྱིས་ལྷག་པར་བསྲུང་བ་བརྐོས་ནས་ཉེ་བར་འབུལ་བར་གྱུར་ཏོ། །ཀུན་ནས་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་རྣམས་ཀྱི་ཆེ་བའི་བདག་ཉིད་སྐྱེ་བོའི་གནས་རྣམས་ལ་རབ་ཏུ་གྲགས་པར་གྱུར་ཏོ། །དེ་ནས་རབ་ཏུ་དགའ་བའི་ཡིད་ལ་ལྡན་པའི་སྐྱེ་བོའི་གནས་རྣམས་རེ་ལྡི་དང༌། བ་ལང་དང༌། མ་ཧེ་དང༌། གླང་པོ་ཆེའི་ཕྲུ་གུ་རྣམས་ལ་ཡོ་བྱད་རྣམ་པ་སྣ་ཚོགས་པ་དང་སྣོད་རྣམས་ཀུན་ནས་བཀལ་བ་ནི། སྟོབས་མཆོག་ཡུལ་རྣམས་བོར་ནས་ནི། །གཞན་དག་ཚེར་མ་མེད་པ་རྣམས། །ཚེར་མ་མེད་ཅིང་ཉེར་འཚེ་མེད། །གྲོང་ཁྱེར་ཆེན་པོ་དེར་འོངས་གྱུར། །ཚོང་རྣམས་འཚོང་བར་བྱེད་པ་ནི། །ཉི་མ་རེ་རེར་ཉེ་བར་ཡང༌། །བར་ཆད་མེད་པར་སྐྱེ་ཚོགས་ཀྱིས། །སླར་ཚོང་ས་གང་བར་གྱུར། །སིན་དྷུ་རས་དམར་དཔྲལ་འབོར་ཅན། །ཨེ་ལ་བཅག་ལྟར་དྲི་ཞིམ་པའི། །གླང་པོ་རྣམས་ཀྱི་སྨྱོན་ཆུ་སླར། །ཀ་བ་དྲི་ཞིམ་སླར་སྐྱེས་གྱུར། །ཐོ་རངས་སེང་གེའི་ཁྲིར་གནས་པ། །མི་སྐྱོང་གསེར་གྱི་གོ་ཆ་ལ། །སྐྱེ་བོ་འཐབ་པས་བགྲོད་དཀའ་བའི། །རྒྱལ་པོའི་ཉེ་འཁོར་སླར་སྐྱེས་འགྱུར། །ཟུག་རྔུ་ཉེ་བའི་ས་རྣམས་རི་བོང་མ་ཆོན་པའི་འོད། །ཆུ་བོ་གཙང་བའི་ཆུ་ཡིས་བུ་རམ་ཤིང་རྣམས་སྤངས། །ཐོང་ལྕགས་ཀྱིས་ནི་མོན་ལུག་རྣམ་པར་འབིགས་བཞིན་པ། །དྲི་ཞིམ་ཞིང་གིས་རྣམས་སླར་ནི་བྱུང་བར་གྱུར། །བ་གླང་ཕྲུ་གུས་ཀུན་ནས་ཁྱབ་པའི་ཉེ་འཁོར་གྱི། །ཁྱིམ་རྣམས་སུ་ནི་སླར་ཡང་གཏུན་ཤིང་དགྲ་རྣམས་ནི། །བུད་མེད་རྣམས་ཀྱི་གདུ་བུའི་སྒྲས་ནི་རྗེས་འབྲེལ་བ། །མེ་ཏོག་རྣམས་ཀྱིས་མཆོད་པ་ཀུན་ནས་ཐོས་པར་གྱུར། །བུད་མེད་རྣམས་ནི་མེ་ཏོག་ལྡན་བའི་ལུས་ཅན་ལ། །ཀུན་ནས་གཏོར་མ་རྣམས་ནི་སླར་ཡང་འཛིན་པར་གྱུར། །གཉིས་མེད་སྔགས་ཀྱི་ཚིག་དང་རྗེས་འབྲེལ་གྱིས་གཙང་བ། །སླར་ནི་མར་གྱི་སྲག་ལུགས་མེ་ལ་ངེས་པར་ལྷུང༌། །ཉི་མ་སོང་ལ་ནགས་ཀྱི་མཐའ་ནས་བ་རྣམས་ནི། །བསྐྱོད་པའི་དྲིལ་བུའི་སྒྲས་ནི་ཉེར་འོངས་མཚོན་པ་རྣམས། །ཀུན་ནས་དལ་བའི་རྐང་པ་སླར་ནི་ལྕི་བ་ཡི། །ནུ་འཇིང་རྣམས་ནི་ཁུར་བུས་བ་ལང་ཚོགས་ལ་ཞུགས། །ཉམས་དང་རྗེས་འབྲེལ་ཏིང་ཏིང་ཤགས་ཀྱི་སྒྲ་


DTG169_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས། །གསལ་ཟླ་ཟླ་ཚེས་ལྡན་པའི་མཚན་མོ་རྣམས་ལ་ནི། །བུད་མེད་རྣམས་ཀྱི་འཇམ་པ་དང་ནི་སྙན་པའི་གླུ། །ས་ཡི་དཀྱིལ་འཁོར་རྣམས་ལ་སླར་ནི་ཐོས་པར་གྱུར། །ཅུང་ཟད་བུད་མེད་མཚན་མ་བསྐྱོད་པས་སྟེང་གཡོགས་བསྐྱོད་པ་ནི། །རྒྱས་པ་ཨ་ཐཱ་ས་ཡི་མེ་ཏོག་ལྟར་ནི་སྔོ་མཐུག་བླ་གོས་ཅན། །དུས་འབྱུང་རི་ཡི་ནང་དུ་བ་གླང་ཚོགས་རྣམས་ལ་ནི་སླར། །ཀ་པི་ཏ་ལྟར་དྲི་ཞིམ་ཆུ་ནི་འབྲོག་ནས་སྲུབ་པར་གྱུར། །ཆུ་རྣམས་འཛིན་པའི་ཆུ་ནི་རྒྱན་གྱིས་ནི། །སྤངས་པའི་འབྲུ་རྣམས་སྐྱེས་པ་ནི། །བ་རྣམས་མང་པོའི་སོ་ཡིས་རྩྭ་ནི་གཞོན་ནུའི་མྱུ་གུའི་རྩེ་བཅད་པ། །སློང་པའི་སྐྱེ་བོས་གྲོང་གི་ཉེ་འཁོར་ནང་དུ་ཀུན་ནས་ཁྱབ་པ་ནི། །སླར་ཡང་མཛེས་པ་ཉེ་བར་བསགས་པ་དེར་ནི་ཡུལ་རྣམས་འབྱུང་བར་གྱུར། །དེ་ནས་རྒྱལ་པོ་གསེར་གྱིས་ཉི་མ་རེ་རེར་མངོན་པར་འཕེལ་བཞིན་པས་དགའ་བར་གྱུར་པའི་སྲས་ཀྱི་ཆེ་བ་ཉིད་དེ་ཉེ་བར་ཐོས་ནས་དེ་དེ་གུས་པར་བྱ་བའི་ཕྱིར་ཕོ་ཉ་བཏང་བར་གྱུར་ཏོ། །དེ་ཡང་སྒོ་སྐྱོང་རྣམས་ལ་ཞུས་ཤིང་རྗེས་སུ་གནང་བར་གྱུར་པས་རབ་ཏུ་ཞུགས་པར་གྱུར་ཏོ། །སྟན་ཡོངས་སུ་འཛིན་པར་བྱས་པ་བདེ་བ་འདྲི་བ་སྔོན་དུ་འགྲོ་བས་བྱང་ཆུབ་སེམས་དཔའ་ལ་ཞུས་པ། ཨེ་མ་ཁྱོད་ཀྱི་དཔུང་པ་ལ་ནི་རྒྱས་མིན་སྟོབས། །ཨེ་མ་ཡིད་ནི་བསམ་པའི་ཁྱད་པར་གྱིས་བསྟན་པ། །གཅིག་བུ་ཉིད་གྱིས་ཤེས་བྱ་ཁྱེད་ཀྱིས་ཕམ་པ་གང༌། །ས་སྐྱོང་རང་བཞིན་གྱིས་ནི་དྲག་པའི་གནོད་སྦྱིན་རྣམས། །འདི་ལ་ཅི་ཞིག་ཤིན་ཏུ་ངོ་མཚར་ངོ་མཚར་འདོད། །ཁྱོད་ཀྱི་འདི་ནི་བརྩོན་འགྲུས་གྲོགས་ལྡན་སེམས་ལྡན་པའི། །གླང་པོ་རྣམས་ཀྱི་ཚོགས་ནི་མཐོང་ནས་ཡིད་སྟོབས་ཀྱིས། །ནམ་ཡང་གཉའ་རལ་ཅན་ནི་བཀུམ་པ་ཉེར་འགྲོ་མིན། །འཇིག་རྟེན་ཚེར་མ་རྩད་ནས་བཏོན་པ་ཆེན་པོ་ཉིད། །དྲི་མེད་མཐོང་བའི་སེམས་ལྡན་རྣམས་ཀྱི་གཞན་དོན་ཉིད། །འགྲོ་བ་ཀུན་ནས་བདེ་ཕྱིར་འོད་ཟེར་རྣམས་ཀྱིས་ནི། །དྲི་མེད་འོད་ཟེར་ཅན་གྱི་རང་བཞིན་འདི་ཉིད་དོ། །དེ་བས་ན་སྐྱེ་བོའི་གནས་འདི་མགོན་པོ་དང་བཅས་པ་སྟེ། གང་གི་མཐུ་ཆེན་པོ་དང་ལྡན་པ་ཁྱེད་ཅག་ལྟ་བུ་སྲུང་པ་པོ་ཡོད་ཅེས་ཟེར་རོ། །བྱང་ཆུབ་སེམས་དཔས་སྨྲས་པ། །གལ་ཏེ་གནོད་སྦྱིན་འཇིག་རྟེན་འཇིག །རྒྱལ་བའི་ཕྱིར་ནི་ནུས་མི་འགྱུར། །རྒྱལ་དཀའ་ཉོན་མོངས་གནོད་སྦྱིན་དེ། །ཇི་ལྟར་བདག་གིས་ཕམ་པར་འགྱུར། །


DTG169_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་བཅོས་མའི་གྲོང་ཁྱེར་ནི། །ཞུགས་ཕྱིར་བདག་ལ་ཐེ་ཚོམ་ཡོད། །མྱ་ངན་འདས་པའི་གྲོང་ཁྱེར་དེ། །འཇིགས་པ་གཅོད་ལྟར་ཞུགས་པར་འགྱུར། །གལ་ཏེ་བརྩོན་འགྲུས་ཀྱིས་རྒྱལ་སྲིད། །སྐྱོན་མེད་འདི་ནི་ཐོབ་མི་འགྱུར། །ཆོས་ཀྱི་རྒྱལ་སྲིད་བདག་ཇི་ལྟར། །འགྲོ་བཞི་ཕྱིར་ཀུན་ཐོབ་འགྱུར། །གྲོང་ཁྱེར་ཕུན་ཚོགས་ཆེན་པོ་འདི། །གལ་ཏེ་བྱེད་པར་མི་འགྱུར་ན། །དེ་ཚེ་སློབ་མའི་བརྒྱུད་པ་ནི། །ཇི་ལྟར་རྒྱས་པར་ཁྲིད་པར་འགྱུར། །ཕོ་ཉས་སྨྲས་པ། གང་ཁྱོད་ཀྱི་ནི་འདི་ལྟ་བུ་ཡི་སྤྱོད་པ་ངོ་མཚར་བ། །སེམས་ཅན་དོན་དུ་བརྩོན་པའི་རྣམ་པར་གནོན་པས་དག་པའི་བློ། །གང་ཞིག་གོ་འཕང་དེ་ནི་ཐུབ་ཆེན་རྣམས་ཀྱིས་ལྷག་གནས་པ། །དེ་ནི་ཁྱེད་ཀྱིས་ཇི་ལྟར་མི་ཐོབ་སྙམ་དུ་ངེས་པར་བྱ། །འདི་ནི་མ་འོངས་པ་ཡི་རྒྱལ་བ་ཡོན་ཏན་རྣམས་ཀྱི་རྟེན། །སྙིང་རྗེ་ཁྱེད་ཀྱིས་ཡུན་ནི་རིང་པོར་ཅི་ཡི་ཕྱིར་ནི་འགེགས། །དེ་ལྟར་ཁྱེད་ནི་བློ་ཡི་གཏེར་ལགས་ཕྲད་པར་འདོད་འདྲ་བའི། །བྱང་ཆུབ་བུད་མེད་ཀྱིས་ནི་ཡུན་རིང་པོར་ནི་སྡོད་པར་བགྱི། །སེང་གེའི་ཁྲི་ལ་གནས་པ་མངོན་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ཁྱེད་ཀྱི་འཁོར་བའི་སྡུག་བསྔལ་རྣམས་གཅོད་པར་བྱེད་པའི་ཆོས་དང་འབྲེལ་པའི་གཏམ་གང་རྣམས་ངེས་པར་ལེགས་པ་འདོད་པ་ཐོབ་པར་འགྱུར་བ་དེ་རྣམས་ནི་རྣམ་པ་ཐམས་ཅད་དུ་དོན་དང་བཅས་པའོ། །དེ་ལྟ་ན་འདི་ཉིད་འཇིག་རྟེན་པ་ཐམས་ཅད་ལ་ཤིན་ཏུ་ཕན་པས་འཇུག་པའི་བཅོམ་ལྡན་འདས་འདི་སོ་སོ་སྐྱེ་བོའི་གནས་སྐབས་སུ་ཡང་བྱུང་བར་གྱུར་ཏོ་ཞེས་བྱ་བ་རྣམ་པར་བསམས་ནས་དད་པ་དང་ལྡན་པའི་དགེ་བའི་བསམ་པ་ཅན་གྱི་རིགས་ཀྱི་བུ་གྲོལ་བར་འདོད་པས་སངས་རྒྱས་བཅོམ་ལྡན་འདས་ལ་དང་བས་རྩི་གཅིག་པར་གནས་པར་བྱ་ཞེས་བྱའོ། །གསེར་གྱི་གོ་ཆའི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་གསུམ་པའོ།། །།དགྲ་ཡང་ནད་ཀྱིས་བཏབ་ན་སྙིང་རྗེ་ཡིས། །འཇམ་པའི་སེམས་ལྡན་བཏང་སྙོམས་མི་མཛད་དེ། །འཇིག་རྟེན་པ་ཡི་གཉེན་དུ་གྱུར་པ་རྣམས། །སྐྱེ་བ་མ་ཆད་པ་ལ་སྨོས་ཅི་དགོས། །འདི་ལྟར་རྗེས་སུ་ཐོས་ཏེ། རིག་བྱེད་དང་རིག་བྱེད་ཀྱི་མཐའ་དང༌། སྔོན་བྱུང་བའི་གཏམ་ཡང་དག་པར་རྟོགས་པའི་དོན་དམ་པར་ཤེས་པ་དོན་དམ་པར་མངོན་པར་འདོད་པ། སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་ལྡན་པའི་བྲམ་ཟེ་བརྩེ་བ་ཅན་ཞེས་བྱ་བ་བྱུང་བར་གྱུར་ཏེ། བདག་


DTG169_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཆེན་པོ་དེས་ཀྱང་ནད་དང་ལྡན་པ་རྣམས་ཀྱི་ནད་རབ་ཏུ་ཞི་བར་བྱ་བའི་ཕྱིར་ཁ་བ་ཅན་དང༌། མན་དྭ་རའི་རི་དང༌། ཀུན་ནས་སོང་བ་དང༌། བཟོད་བྱས་པ་དང༌། འབིགས་བྱེད་ཀྱི་ནགས་ཀྱི་ནང་རྣམས་སུ་སྨན་བཙལ་བའི་ཕྱིར་རྣམ་པར་རྒྱུ་བར་གྱུར་ཏེ། དེ་ནས་ལྟོ་འཕྱེ་རྣམས་ཀྱིས་བསྐོར་བའི་མཐུག་པ་དང་བཅས་པ། ཙན་དན་གྱི་ནི་ནགས་རྣམས་སོ་གའི་དུས་ལ་ལྟ་བྱེད་ཅིང༌། །ཅོག་གི་རྩེ་མོ་རྣམ་པར་ལྷུང་བས་སྤྲིན་གྱི་ཚོགས་རྒས་པ། །དུས་གཅིག་ཚེ་ན་གྲུབ་ཐོབ་རྟེན་ནི་མ་ལ་ཡར་འཁོར་འགྱུར། །བྱ་ཁྱུང་མཆུ་ཡིས་ཀུན་ནས་དུམ་པས་རྣམ་པར་འཕོ་བ་ནི། །ཕོ་བ་རིས་ནི་སར་པ་ཕུག་གི་སྒོ་རྣམས་ལ་མཐོང་ཞིང༌། །རླུང་གིས་བསྐྱོད་པའི་མེ་ཏོག་རྣམས་ཀྱི་དྲི་ནི་སྣོམ་བྱེད་ཅིང༌། །བརྟན་པ་དེ་ནི་ངལ་བ་སྤང་ཕྱིར་བདག་ལ་ལྷག་གནས་འགྱུར། །ཀུན་ནས་ངལ་བ་བསལ་བར་བྱས་པ་ཡང་དག་པར་བླངས་ཏེ་སྨན་ཆེན་པོ་རྣམས་ཀྱི་རྩ་བཟོར་བས་བཏོན་པར་གྱུར་ཏོ། །སྨན་གྱི་ཁུར་བུ་ཆེན་པོ་བཅིངས་ནས་ད་ནི་འགྲོ་བར་བགྱིས་ཏེ་སྨན་རབ་ཏུ་སྦྱིན་པས་སྐྱེ་བོ་ནད་མེད་པར་བྱའོ་ཞེས་བྱ་བ་རྣམ་པར་བསམས་ཏེ། རི་བོ་མ་ལ་ཡ་ནས་རབ་ཏུ་གནས་བཞིན་པ་ཤིན་ཏུ་ནད་ཆེན་པོས་ལུས་ཀུན་ནས་སྐྱ་བ་དང༌། རིད་པ་ཆེ་བའི་མཐར་སྤྱིའུ་བླུགས་དང༌། ལྷུང་བཟེད་གཞག་པ་ཡོངས་སུ་སྨིན་པའི་རྩེའི་མལ་དུ་ཉེ་བར་གནས་པ། མདུན་དུ་རི་དགས་ཀྱི་ཚོགས་འདུག་པ། ཐུན་མཚམས་གསར་པ་དང་འདྲ་བའི་ཆོས་གོས་ཀྱི་ཡན་ལག་ལ་བགོས་པ་ཉེ་བར་ཞི་བའི་རང་སངས་རྒྱས་མཐོང་བར་འགྱུར་ཏེ། དེ་ནས་ཞི་བ་དེ་ནི་མཐོང་ནས་དུལ་བ་ལ་དམིགས་པ། །དཔུང་པ་ལས་ནི་རྩ་བ་དང་བཅས་ཁུར་ཆེན་གཞག་བྱས་ཏེ། །གུས་པས་དང་བ་འཛིན་པ་ཀུན་ནས་འབྱུང་བ་ལྟར་རིང་གནས། །ས་རྡུལ་ཀུན་ནས་འབྱོར་པའི་སྤྱི་བོས་ཕྱག་ནི་བཙལ་བར་གྱུར། །འདི་ལ་ནད་མེད་སྔོན་དུ་འགྲོ་བར་དགེ་སློང་དེས། །ནད་ཀྱིས་རིད་པར་བྱས་པའི་ཡན་ལག་འདི་ལྟར་སྨྲས། །ཁྱོད་ནི་འཇིག་རྟེན་སྡུག་བསྔལ་ཉེ་བར་ཞི་ཕྱིར་ནི། །འཁོར་བ་རྣམ་གཅོད་སངས་རྒྱས་གོ་འཕང་ཐོབ་པར་ཤོག །བྲམ་ཟེ་དེས་ནི་འདི་ལ་འདི་ལྟར་དྲིས་པ་སྟེ། །འཕགས་པ་ལུས་ནི་ན་བར་བདག་གིས་མཐོང་བ་ནི། །ཆགས་པ་ཟིལ་གྱིས་གནོན་པར་གནས་པས་རབ་རིད་པའི། །ཚིག་གིས་རང་སངས་རྒྱས་ནི་དེ་ལ་སྨྲ་བར་གྱུར། །འདི་ཡང་གྲོག་


DTG169_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཚང་དང་འདྲ་བ་ཡི་ནི་ལུས། །ལས་དང་བརྒྱུད་པའི་རྒྱུ་རྣམས་ཀྱིས་ནི་སྐྱེད་བྱས་ན། །སེམས་ཀྱིས་སྡུག་བསྔལ་བྱེད་པའི་འགྲོ་རྣམས་དུ་མ་ཡིས། །ནད་ཀྱི་ལྟོ་འཕྱེ་རྣམས་ཀྱིས་ཀྱང་ནི་ལྷག་པར་གནས། །རྒས་པའི་གཉའ་རལ་ཅན་མོ་འདི་ནི་གང་གི་ཚེ། །མི་ཡི་ལུས་ལ་ཀུན་ནས་གནོད་པར་བྱེད་པ་ནི། །དེ་ཚེ་སྡུག་བསྔལ་གྱིས་ནི་དབང་པོའི་ཡུལ་དང་བྲལ། །སེམས་ཀྱི་མཆེ་བ་གཉིས་པ་ང་རྒྱལ་དོར་བར་འགྱུར། །དེ་ནས་འཆི་བདག་གཞན་ནི་རྒྱུ་མཚན་མེད་པའི་དགྲ་།ལུས་ཀྱིས་རང་བཞིན་ཁང་པ་འདི་ནི་འཇོམས་པར་བྱེད། །གང་ཕྱིར་གང་ལ་འཇོམས་པ་ལ་ནི་སྐད་ཅིག་གིས། །སྐྱེ་བོའི་བྱ་བ་ཐམས་ཅད་ཀྱིས་ནི་སྤོང་བ་འབྱུང༌། །ཤི་དང་རྒས་དང་ནད་ཀྱི་དགྲ་གསུམ་འདི་རྣམས་ཀྱི། །ལས་ཀྱིས་ཀུན་ནས་བསྐུལ་བའི་སྐྱེ་བོས་རབ་ཏུ་གནོད། །རྒྱུན་མི་འཆད་པར་ཉོན་མོངས་བསྲེག་ལུགས་ཟ་འབྱུང་བའི། །དེ་ཉིད་ཀྱིས་ནི་སྲིད་འདི་འཕགས་རྣམས་ཀྱིས་མི་འདོད། །དེ་ལྟར་དཔྱད་ནས་ཁྱེད་ནི་རྣམ་དཔྱོད་ལ་མཁས་པ། །སོ་སོར་འཇིགས་པས་ལྟོ་འཕྱེ་དང་མཚུངས་སྲིད་པ་རྣམས། །ཞི་བའི་ལམ་ལ་ཡིད་ཀྱི་རེ་བ་རྣམས་ཞུགས་ནས། །བརྩོན་འགྲུས་རང་བཞིན་ཤིང་རྟ་ལ་ནི་ལྷག་གནས་མཛོད། །དེ་ནས་བྱང་ཆུབ་སེམས་དཔའ་ཨེ་མའོ་ལེགས་པར་བཤད་པ་ཞེས་བྱ་བརྗོད་ནས། རང་རྒྱལ་བ་དེ་ལ་འདི་ལྟར་ཕྱག་བཙལ་ནས་སྨྲས་པ། ལེགས་བཤད་ནོར་བུའི་རྙེད་པ་ནི། །མ་རིག་རབ་རིབ་གཅོད་བྱེད་པ། །དང་ཟབ་བློ་ཆུང་དམ་པ་ཡི། །རྒྱ་མཚོ་ལ་ནི་གཞན་དུ་ཕྱིན། །སྐྱེས་བུ་དམ་པས་ཀུན་ནས་བསྐུལ་བ་སྐྱེས་བུ་ཡིས། །ཆོས་ལ་བརྩོན་འགྲུས་ཤིན་ཏུ་གསལ་བ་ཉིད་འགྲོ་སྟེ། །གཟིངས་ནི་རླུང་གིས་རབ་ཏུ་བསྐུལ་བ་འདྲ་བ་ནི། །ཆུ་ཡི་གཏེར་ལ་གནས་པའི་མཁས་པ་སྐྱ་ཆེན་འཛིན། །དེ་བས་ན་བཙུན་པ་ལ་རེ་ཞིག་བདག་གིས་ཡང་དག་པར་བསྙེན་བཀུར་བྱེད་པར་འགྱུར་པ་ཇི་སྲིད་དུ་ནད་འདི་ལས་དགོན་པ་ཆེན་པོ་དང་འདྲ་བ་ལས་ཀུན་ནས་རྒལ་བ་ཞེས་བྱ་བ་བརྗོད་ནས། ནམ་མཁའི་དབུས་དང་ཉེ་བར་འོད་ཟེར་གྱི་ཚོགས་འཕྲོས་པའི་ཉི་མ་ཡོད་པ་ལ་ཤིང་རྣམས་ཀྱིས་གྲིབ་མ་དང་ཀུན་འབྲེལ་པ་དབུགས་ཀྱི་དབང་གིས་ཀུན་ནས་འཕྲོས་པའི་ལྕེ་དང་རྐན་གསལ་བ་མིག་གི་མཐའ་མ་དཀར་བ་རྫིང་གི་ཆུ་འཇུག་པ་


DTG169_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བྲད་པར་འདོད་པ་ཆུ་དང་བཅས་པའི་ཆུ་འཛིན་པ་ལྟར་སྔོ་བ་ནགས་ཀྱི་མ་ཧེའི་ཁྱུ་མཆོག་རྣམས་ཡོད་པ་ལ། དྲི་ཞིམ་པའི་ཙན་དན་གྱི་ཤིང་གི་སྡོང་པོ་རྣམས་ལ་བདེ་བླག་ཏུ་ཀུན་ནས་བསྐོར་བའི་ལྟོ་འཕྱེ་རྣམས་ཡོད་པ་ལ་ཤིན་ཏུ་དྲག་པའི་ཉི་མའི་འོད་ཟེར་འཁྱུད་པས་རྡུལ་གྱི་ཚོགས་ཀུན་ནས་ཚ་བ། ལམ་ནས་འགྲོ་བའི་སྐྱེ་བོ་རྣམས་ཀྱིས་ལམ་རྣམས་རྣམ་པར་བཏང་བཞིན་པ་རྣམས་ཡོད་པ་ལས། རི་བོ་མ་ལ་ཡའི་ཤིང་གི་ཁྱིམ་བདག་རྣམས་ཀྱིས་བྱིན་བའི་ཡོངས་སུ་སྨིན་ཞིང་འཇམ་པ་དང༌། དྲི་ཞིམ་པའི་རྣམ་པ་སྣ་ཚོགས་པའི་འབྲས་བུ་ཅན་བསོད་སྙོམས་བླངས་ནས་ཉི་མའི་འོད་ཟེར་ཞི་བར་བྱ་བའི་ཕྱིར། དེ་ནི་འདབ་མ་རྣམས་ཀྱི་གདུགས། །ཆེ་བྱ་འབྲས་བུ་ཟ་བ་ཡི། །རང་སངས་རྒྱས་ལ་འཛིན་པར་བྱས། །ཐབས་ལ་མཁས་པའི་ཚོང་པ་ནི། །གང་ཞིག་ངལ་བ་མི་སེམས་པ། །དེས་ནི་ཕྱོགས་བཞི་འཁོར་བཞི་པ། །རྙེད་པ་ཆན་པོ་ཐོབ་པར་འགྱུར། །བྱང་ཆུབ་སེམས་དཔའ་འདི་བསམས་ནས། །དེ་ལྟར་བསྙེན་བཀུར་བྱེད་བཞིན་པས། །བཀྲེས་མིན་དྲག་པའི་ཉི་འོད་མིན། །ངལ་བ་ཡང་ནི་མ་བརྩིས་སོ། །གལ་ཏེ་འགྲོ་བའི་བླ་མ་མཁས་པ་རྙེད་མ་གྱུར། །སྐྱེ་བོ་ལེགས་པར་བཤད་པ་ཐོབ་པར་མི་འགྱུར་ཏེ། །གང་ཞིག་ནོར་གྱི་ཕྱིར་ནི་རིན་ཆེན་སར་འགྲོ་བ། །དེ་ནི་རིན་ཆེན་ཁྱད་པར་ཕུན་ཚོགས་ཀྱིས་ནི་སྦྱར། །དེ་ལྟར་དེ་ནི་འཕགས་པ་འཇུག་པ་བསྙེན་བཀུར་ཞིང༌། །བརྟན་པའི་སེམས་ཅན་དགེ་བའི་འབྲས་བུ་ཉེར་བསགས་ཕྱིར། །ཉི་མ་རེ་རེར་ཀུན་ནས་ཉེར་བསགས་དང་བ་ནི། །སྐྱེ་བ་རྙེད་པ་འབྲས་བཅས་ལེགས་པར་བསམས་པར་གྱུར། །དེ་ནས་རང་རྒྱལ་བ་དེ་བྱང་ཆུབ་སེམས་དཔའ་ལ་ཤིན་ཏུ་ཉིས་འགྱུར་གྱི་དང་བ་བསྐྱེད་པའི་དོན་དུ་ནམ་མཁའི་དཀྱིལ་འཁོར་དུ་གནས་ཤིང་རྫུ་འཕྲུལ་དེ་དང་བསྟན་པར་མཛད་དེ། །ཀུན་ནས་རྣམ་པར་འཕྲོ་བ་འོད་ཟེར་ཁྱབ་པའི་སྐུ། །ཆུ་དང་འདྲ་བའི་དྲི་མེད་ནམ་མཁའ་ལ་ནི་རྒལ། །གསེར་གྱི་རི་དང་མཚུངས་པ་མཛེས་པར་འགྱུར་བ་སྟེ། །པདྨའི་གདན་གྱི་དབུས་སུ་གནས་དབང་ལྡན་པ་དེ། །སྐད་ཅིག་གིས་ནི་ཀུན་ནས་ཕག་གི་ས་ལ་ཞུགས། །རིམ་གྱིས་སླར་ནི་ཉི་མ་བཞིན་དུ་འཆར་བ་ར་མཛད། །རྣལ་འབྱོར་སྟོབས་


DTG169_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མང་བ་ཉིད་ནི་དེ་བསྟན་ཏེ། །དཔུང་པ་དག་ལས་ཅིག་ཅར་དུ་ནི་ཆུ་དང་མེ། །རྣམ་པར་བསྐྱོད་པའི་སེན་མོའི་འོད་ལྡན་པདྨ་ཡིས། །མཚུངས་པའི་ཕྱག་གིས་ཉི་མ་ལ་ནི་རེག་པར་མཛད། །སྐྱེ་བའི་འཇིགས་པ་སོང་བ་མང་བ་ཉིད་འགྲོ་འགྱུར། །ཉི་མ་དག་པའི་དབྱིངས་ནི་ཆུ་རྣམས་ལ་ནི་ལྟར། །རྫུ་འཕྲུལ་སྟོབས་ཆན་དེ་ལ་འདི་ལྟར་བལྟས་ནས་ནི། །འོད་དང་ལྡན་པ་དྲོ་བ་མིན་པའི་འོད་ཅན་ལྟར། །རིང་དུ་རིང་བར་མི་གཡོ་མཛད་པའི་སྤྱན་གཉིས་ལྡན། །ཤིན་ཏུ་གཉིས་སྐྱེས་གཙོ་བོ་དེ་ནི་དགའ་སྐྱེས་གྱུར། །དེ་ནི་རྫུ་འཕྲུལ་གྱིས་ནི་ཤིན་ཏུ་དགའ་བར་གྱུར་བའི་མཐུ། །རང་སངས་རྒྱས་ནི་མཐོང་བར་བྱས་ནས་དང་བ་བརྟན་པ་ཡི། །རིག་པ་འཛིན་པ་རྣམས་ཀྱི་མཁའ་ལ་འགྲོལ་བར་གྲོལ་གྱུར་ཏེ། །ཟེའུ་འབྲུ་འབྲས་བུའི་རྡུལ་གྱིས་ལྟོ་བ་སེར་སྐྱའི་མེ་ཏོག་རྣམས། །དེ་ནས་བྱང་ཆུབ་སེམས་དཔའ་སའི་སྟེང་དུ་པུས་མོ་རྣམ་པར་གཞག་ཅིང་རབ་ཏུ་དགའ་བས་སྙིང་ཁེངས་པར་གྱུར་པས་སྤྱི་བོར་ཐལ་མོ་སྦྱར་བ་རྣམ་པར་བཞག་པས་རང་རྒྱལ་བ་དེ་ལ་ཚིག་གི་ནོར་བུ་འོད་གསལ་བ་རྣམས་ཀྱིས་མངོན་པར་མཆོད་ཅིད་གནས་པར་གྱུར་ཏེ། རྫུ་འཕྲུལ་དང་ལྡན་སྐུ་འདི་ནི། །ཁྱོད་ཀྱིས་ཀུན་ནས་མཐོང་བ་ལ། །ཚངས་པ་འང་ངོ་མཚར་བར་གྱུར་ན། །བདག་འདྲ་སོ་སོའི་སྐྱེ་ཅི་སྨོས། །འབར་བའི་གཟི་བརྗིད་ཁྱོད་ཀྱིས་ནི། །རྫུ་འཕྲུལ་བསྟན་པར་བྱེད་པ་ལ། །ནམ་མཁའ་འདི་ནི་ལྷག་གནས་པ། །ཉི་མ་གཉིས་ལྡན་འདྲ་བར་མཚོན། །ཁྱེད་འདྲ་རྣལ་འབྱོར་རྣམས་ཀྱིས་ནི། །ངོ་མཚར་འཕེལ་བའི་བདག་ཉིད་ཆེ། །གཞན་ལ་རྗེས་སུ་འཛིན་སྒྲུབ་པ། །མཁས་པ་རྣམས་ཀྱིས་གསལ་བར་བྱེད། །ཤར་ཕྱོགས་ཁྱད་པར་དྲན་ཟླ་ནི། །བདག་གི་ངོན་དུ་སྣང་བ་མིན། །ཆེན་པོ་དག་སེམས་ལྡན་རྣམས་ཀྱི། །སྐྱེ་བ་གཞན་དོན་ཉིད་དུ་ཡིན། །གལ་ཏེ་བདག་ནི་འདི་ལ་ཉེ་བར་འགྲོ་མི་འགྱུར། །ཙན་དན་ཤིང་གིས་མུན་པར་ལྡན་པ་མ་ལ་ཡ། །ཁྱེད་ཀྱི་བསྟེན་བཀུར་བྱས་པ་ལས་ནི་ཀུན་འབྱུང་བས། །གྲོལ་བའི་ལམ་གྱི་ས་བོན་དགེ་བ་ཐོབ་མི་འགྱུར། །བདག་ལ་རྗེས་སུ་གཟུང་བ་འདོད་པས་འཛིན་བྱེད་པ། །སྐུ་འདི་སྲ་བ་མིན་པའི་མཐུ་ཡིས་ལྕི་བ་ནི། །རི་བོ་མ་ལ་ཡ་ཡི་ནགས་ནང་ཁྱེད་གནས་པ། །ངེས་པར་ཉོན་མོངས་རྣམས་ནི་ཟད་པ་གཡོ་སྒྱུ་


DTG169_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །རྒྱ་མཚོ་རྣམས་ནི་འབར་བའི་འོད་ཅན་ནོར་བུ་འཛིན། །ཆུ་གཏེར་རྣམས་ནི་ཤེལ་སྤྱད་ལྟར་དཀར་ཆུ་ཡི་ནི། །ཤིང་རྣམས་འབྲས་བུ་ཕུན་སུམ་ཚོགས་པ་ཆེན་པོ་ཡང༌། །ཁྱེད་ཅག་ལྟ་བུ་གཞན་དོན་ཡུན་རིང་པོར་ནི་ཐོབ། །ཁྱེད་ཀྱི་ཚིག་སྐུད་རྣམས་ཀྱི་ཡོན་ཏན་བསྟོད་པའི་མེ་ཏོག་ཕྲེང༌། །བརྒྱུས་ནས་གང་ཞིག་དགེ་བའི་རྩ་བའི་འབྲས་བུ་བདག་གིས་ཐོབ། །དེས་ནི་ཤེས་རབ་ཀྱི་སྟེ་སྟོབས་བཅུ་ཉིད་ནི་ཐོབ་བྱས་ནས། །འགྲོ་བ་འདི་ལ་སྲིད་པ་འཇིག་པའི་རྒྱུར་ནི་བདག་གྱུར་ཅིག །དེ་ནས་རང་སངས་རྒྱས་དེ་བྲམ་ཟེ་དེའི་སངས་རྒྱས་ཉིད་ཀྱི་ཕྱིར་སྨོན་ལམ་གསན་ནས་ཡིད་རབ་ཏུ་དགའ་བས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་ཀྱང་རྙེད་པ་ཆེན་པོ་དང་འདྲ་བར་རྟོགས་ནས། །རང་སངས་རྒྱས་ཀྱི་ཞབས་ཀྱི་རྡུལ་ནི་སྤྱི་བོར་གཞག་བྱས་ནས། །འདིས་ནི་དང་བས་བ་སྤུའི་བུ་ག་ཀུན་ནས་ལངས་པ་དང༌། །རི་བོ་མ་ལ་ཡའི་ནགས་ཀྱི་བར་ནས་སྨན་རྙེད་པ། །འཇིག་རྟེན་པ་ཡི་ནད་ནི་བསལ་ཕྱིར་སྐྱེ་བོའི་ནང་དུ་འགྲོ་བར་འགྱུར། །དེ་ལྟར་ན་བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དབར་གྱུར་པ་ན་འཇིག་རྟེན་ཐམས་ཅད་ཀྱི་ཉོན་མོངས་པ་བསལ་བར་འདོད་པས་སྙིང་རྗེས་རབ་ཏུ་སྤྲོ་བར་བྱས་པའི་བརྩོན་འགྲུས་ཀྱི་སྟོབས་རང་གི་ངལ་བ་ལམ་བལྟས་པར་རང་སངས་རྒྱས་ནད་པ་ལ་དེས་བསྙེན་བཀུར་བྱས་པར་གྱུར་ཏོ། །དེ་བས་ན་དགེ་བའི་འབྲས་བུ་མངོན་པར་འདོད་པའི་རིགས་ཀྱི་བུས་ནད་པའི་བསྙེན་བཀུར་བྱེད་པ་ལ་གུས་པ་མ་ཡིན་པས་གནས་པར་མི་བྱ་ཞེས་བྱ་བའོ། །རྩ་བ་ཅན་གྱི་སྐྱེས་པའི་རབས་ཏེ་སྐྱེས་པའི་རབས་བཞི་པའོ།། །། བདག་སླད་དེ་ནི་འཇིག་རྟེན་ལ་བདེ་བ། །གང་གི་འགའ་ཞིག་ཏུ་ཡང་སྦེད་པ་བྱེད། །དེ་ཡང་དགྲ་དང་མཚུངས་པ་སྐྱེད་པ་སྟེ། །འཇིགས་པ་ཆེན་པོའི་སྡུག་བསྔལ་སྐྱེས་པ་ཡིན། །འདི་ལྟར་རྗེས་སུ་ཐོས་ཏེ། ཚོགས་པ་གསུམ་ཉེ་བར་བསགས་པ་ལ་འཇུག་པའི་སྐྱེ་བོའི་གནས་དང༌། དེ་མངོན་པར་འཕེལ་བས་ཀུན་ནས་ཚིམ་པའི་རིགས་ཀྱི་གནས་དང༌། དགེ་སྤྱོད་དང་བྲམ་ཟེའི་སྐྱེ་བོའི་སྤྱོད་པས་གཙང་བ་དང༌། རྟག་ཏུ་ལོ་ལེགས་པས་རབ་ཏུ་དགའ་བའི་གྲོང་དང་ལྷའི་རིགས་ཀྱི་ནང་དུ་འཇུག་པའི་གར་བྱེད་པ་མཐོང་བས་ལེགས་པར་སྨྲ་བའི་གྲོང་བའི་ཚོགས་དང་ལྡན་པའི་གླང་པོ་ཆེའི་གྲོང་གི་གྲོང་ཁྱེར་གྱི་མཆོག་ལ་


DTG169_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ཆེན་པོ་དང་ལྡན་པའི་ནོར་ཅན་ཞེས་བྱ་བའི་རྒྱལ་པོ་བྱུང་བར་གྱུར་ཏོ། རྒྱལ་པོ་དེས་སྲས་ཀྱི་དོན་དུ་སྣ་ཚོགས་པའི་ལྷ་ཉེ་བར་མཆོད་པ་ལ་རྩེ་གཅིག་པའི་དུས་གཅིག་གི་ཚེ་ན་བཙུན་མོའི་ལྟོ་བར་བྱང་ཆུབ་སེམས་དཔའ་བཙས་པར་གྱུར་ཏེ། ཇི་ལྟ་ཇི་ལྟར་མངལ་གྱིས་ཀུན་ལ་ལེ་ལོ་ཅན། །དེ་ནི་སྐྱེ་བ་ཡིད་འཕྲོག་བཞིན་ལྡན་འབྱུང་འགྱུར་བ། །དེ་ལྟ་དེ་ལྟར་དེ་ལ་ལྟ་ཞིང་མི་སྐྱོང་ནི། །ཕྲད་པར་འདོད་པས་བ་དེ་བླག་ཏུ་ནི་ཉེར་འགྲོ་འགྱུར། །སྲས་ནི་རིང་པོར་བྱིས་པ་ཉིད་དུ་བདག་ལ་རོལ་འགྱུར་བ། །གཞོན་ནུ་ཉིད་ནི་རིགས་ཀྱི་ཁུར་བུ་ཆེན་པོ་འཛིན་གྱུར་ཏེ། །བདག་ནི་འཇིག་རྟེན་གཞན་དུ་འགྲོ་བ་ཤིད་ནི་སྟེར་བྱེད་པ། །དེ་ལྟར་སྐྱེ་བོ་དེ་ཕྱིར་ངན་སོང་སྡུག་བསྔལ་མཐོང་མི་འགྱུར། །དེ་ནས་དུས་ཀྱི་རིམ་པ་ལས་བཙུན་མོ་མཚན་ཐམས་ཅད་ཀྱིས་བརྒྱན་པའི་ལུས་ལྷའི་གཞོན་ནུ་དང་འདྲ་བའི་གཟུགས་དང་ལྡན་པ་གནས་གྱི་ཁྱད་པར་འདོད་པའི་རྒྱལ་པོའི་ཡོན་ཏན་དུ་མ་རྣམས་སོ་སོར་སྐྱོང་བཞིན་པ་དང་འདྲ་བའི་དཔལ་ལྡན་སྲས་སྐྱེས་པར་གྱུར་ཏེ། དེ་ནས་དེར་ནི་སྲས་སྐྱེས་པ་ལ་སྲས་ནི་འདོད་པ་ཡི། །བསོད་ནམས་བདག་ཉིད་ནོར་མང་བ་ཡི་ནོར་ཅན་རྒྱལ་པོ་ཡི། །གྲོང་ཁྱེར་དེ་ལ་འཕྲོ་བའི་རིན་ཆེན་འོད་ཟེར་སྣང་བ་ཅན། །ས་ཡི་གཏེར་རྣམས་ཀུན་ལས་རབ་ཏུ་འབྱུང་བར་གྱུར་པ་ནི། འཕྲོས་པ་དྲི་མ་མེད་པའི་འོད་ཅན་རིན་ཆེན་རྣམས་ཁ་ཅིག །དྲི་མ་མེད་པའི་འོད་ལྡན་མུ་ཏིག་ཚོགས་ནི་གཞན་དག་ཀྱང༌། །ས་སྐྱོང་རྣམས་ཀྱིས་རྒྱ་མཚོའི་འགྲམ་ལ་ལྷག་གནས་བྱས་པ་ནི། །སྣ་ཚོགས་པ་ཡི་ནོར་ནི་ནོར་ཅན་རྣམས་ལ་རབ་ཏུ་སྐུར། །དེ་སྐྱེས་པ་ལ་གང་ཕྱིར་ནོར། །ནོར་ཅན་གྱི་ནི་དུ་མར་འགྱུར། །དེ་ཕྱིར་ནོར་བཟངས་ཞེས་བྱ་ཉིད། །སྐྱེ་བོ་དེ་ཡི་མིང་བཏགས་གྱུར། །དེ་ནས་དུས་གཅིག་གི་ཚེ་ན་རིག་པ་འཛིན་པར་ནུས་པ་ནོར་བཟངས་ཤེས་ནས་གཞུའི་རིག་བྱེད་ཤེས་པ་རྒྱལ་པོའི་བསྟན་བཅོས་འཆད་པ་ལ་མཁས་པ་རྣམས་དང༌། གླང་པོ་ཆེའི་བསླབ་པའི་རང་གི་མཚན་ཉིད་ཤེས་པའི་མཁན་པོ་རྣམས་ལ་ནོར་ཅན་གྱིས་སློབ་མ་ཉིད་དུ་སོང་བར་གྱུར་ཏེ། སྤོབས་པའི་གྲུ་ནི་མ་རྡོལ་བ། །རིང་པོར་འགྲོ་བ་ལ་ཞུགས་ནས། །རིག་པའི་ཆུ་བོ་ཟབ་རྣམས་ཀྱི། །ཕ་རོལ་དུ་ནི་ཀུན་སོང་


DTG169_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ལང་ཚོས་སར་པའི་བཟོ་བོ་ཡིས། །འབད་པས་བྱེད་བཞིན་པ་ཡི་ཡང༌། །བཞིན་གྱི་རྒྱན་དང་འདྲ་བར་ནི། །ཅུང་ཟད་སྨར་བྱུང་གྱུར་ཏེ། །འདོད་པ་ཇི་ལྟར་བསྟེན་བཞིན་པ། །བདེན་པར་སེམས་ནི་བདེ་བའི་རྟེན། །དེ་ལ་རྟག་ཏུ་ཆོས་དོན་གྱི། །འབྲེལ་པ་གང་དང་དེ་དག་བཞིན། །སྙིང་སྟོབས་སྒོ་བས་ཕྲག་དོག་བཅས། །རིང་ནས་སྡིགས་མཛུབ་པ་ལྟར་ནི། །རྡུལ་དང་མུན་པ་དག་དེ་ཡིས། །སེམས་ཀྱི་ཁྱིམ་ལ་རྟེན་མ་གྱུར། །དེས་ན་ནོར་བཟངས་མངོན་པར་འགྲོ་བར་བྱེད་པའི་ཡོན་ཏན་རྣམས་དང་ལྡན་པ་མཐོང་ནས་རྒྱལ་པོ་དེའི་བློན་པོ་བརྒྱ་ཕྲག་ལྔ་རྣམས་རང་རང་གི་བུ་རྣམས་ལ་སྨྲས་པ། གང་ཞིག་སྔོན་དུ་བསྙེན་པ་ཡོན་ཏན་ཅན་ལ་བྱེད། །འབྲས་བུ་དོན་གཉེར་དེ་ནི་དེ་སྐྱེས་འབྲས་བུ་ཐོབ། །ཆུས་ནི་རབ་ཏུ་སྦངས་པས་ས་ལ་སྐྱེས་པ་ཡི། །མེ་ཏོག་ཁ་བཙུམ་བསགས་པ་ཉི་མ་རེ་རེར་བཞིན། །དེ་བས་ན་ཁྱེད་ཅག་རྣམས་ཀྱིས་འདི་ཉིད་གཞོན་ནུ་ནོར་བཟངས་བསྟེན་པར་བྱ་བ་སྟེ། ངེས་པར་ས་རྗེས་སུ་སྐྱོང་བ་འདི་ལ་ཁྱེད་ཅག་རྣམས་ཀྱིས་བློན་པོའི་གནས་ཐོབ་པར་འགྱུར་ཞེས་ཟེར་རོ། །བློན་པོའི་སྲས་དེ་རྣམས་ཀྱིས་ཀྱང་དེ་ལྟར་བགྱིའོ་ཞེས་བྱ་བ་བརྗོད་ནས་ནོར་བཟངས་ཉེ་བར་བསྙེན་པར་གྱུར་ཏེ། བློན་པོའི་སྲས་ནི་དེ་རྣམས་ནམ་ཡང་ཉིད་དུ་ནི། །འབྱོར་པའི་ཕྱིར་ནི་བདག་ཉིད་ལྡན་པ་དེ་དོར་མིན། །ཤིན་ཏུ་ཡོན་ཏན་རྣམས་ཀྱིས་ཕན་ཚུན་ཉེར་འབྲེལ་བའི། །ཆོས་དང་དོན་དང་འདོད་པ་ལྟར་ནི་སྐལ་ལྡན་ལའོ། །དེ་ནས་དབང་པོའི་སྡེ་ཆེན་པོ་ཞེས་བྱ་བའི་རྒྱལ་པོ་རྒྱལ་པོ་ནོར་ཅན་དང་མི་མཐུན་པ་སྟེ། དེ་ཡང་རང་བཞིན་གྱིས་གདུལ་བར་དཀའ་བ་ཉིད་ཀྱི་ཕྱིར་ཉི་མ་རེ་རེར་བདག་ཉིད་ཀྱི་ཡུལ་ལ་དམ་པ་མ་ཡིན་པའི་ཆད་བས་གནོད་པ་བྱས་པར་གྱུར་ཏོ། །རིམ་གྱིས་ཀྱང་དེའི་ཡུལ་ན་གནས་པ་རྣམས་མུ་གེའི་སྐྱོན་གྱིས་ཡོ་བྱད་དང་ནོར་དང་འབྲས་བུའི་ཚོགས་ཟད་པས་ཀུན་ནས་སྲབས་བ་ཉིད་ཀྱིས་ལུས་ཀྱི་འབད་པ་མེད་པ་དང༌། ཀུན་ནས་རྙིངས་ཤིང་དྲི་མ་དང་བཅས་པའི་བླ་གོས་དང་ལྡན་པ་དང༌། ཀུན་ནས་ཉམ་ཆུང་བ་དང༌། བྱིས་པ་རབ་ཏུ་དུ་བ་ཡུན་རིང་པོར་སྒྱེད་པོའི་མེ་ཤི་བ་རྣམ་པར་ཟློག་པར་གྱུར་པ། ཀུན་ནས་རིད་པའི་གླང་རྒན་པོའི་ཁ་ནས་


DTG169_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་པའི་རྩ་དང་ལྡན་པ་རང་རང་གི་ཁྱིམ་མཐོང་ནས་ཡིད་འབྱུང་བ་སྐྱེས་པ་ཀུན་ནས་ཡི་གེས་ཕོངས་པར་འདི་སྐད་ཅེས་སྨྲས་པར་གྱུར་ཏོ། །ཀྱེ་མ་གནས་སྐབས་འདི་ནི་དཀའ་བ་ཞེས་བྱ་བ་སྟེ་ཁྱིམ་རྣམས་གང་ཞིག་ཉིད་དགའ་སྟོན་གྱི་དུས་སུ་རབ་ཏུ་དགའ་བའི་ཀུ་སུམ་བྷའི་མེ་ཏོག་ལྟར་དམར་བའི་གོས་འཛིན་པའི་བུད་མེད་རྣམས་ཀྱིས་སློང་མོའི་སྐྱེ་བོས་ཀུན་ནས་ཞུགས་པར་གྱུར་པ་དང༌། སྲུབ་བྱེད་དང་གཏུན་ཤིང་གི་སྒྲས་བར་ཆད་པ་མེད་པ་དང༌། མེ་ཏོག་རྣམས་ཀྱིས་མཆོད་པ་དང༌། བ་གླང་གི་ལྕི་བ་སེར་པོས་ཉེ་བར་བྱུགས་པ་དང་བེའུ་ཚོ་བ་རྣམས་རབ་ཏུ་རྩེ་བ་དང༌། མཚན་མོའི་དུས་སུ་བ་གླང་གི་ཚོགས་ཀྱིས་ཉེ་བར་འདུག་པའི་བ་གླང་གི་ཚོགས་ཀྱི་སྐྱུགས་ལྡང་ཐོས་བཞིན་པ་བསྐྱོད་པའི་དྲིལ་བུ་ཆུང་གི་སྒྲ་འཇམ་པ་དང་ལྡན་པ་ཁོ་བོ་ཅག་ལ་དགའ་བའི་ཕྱིར་འབྱུང་བར་གྱུར་པ་དེ་རྣམས་ཉིད། མིའི་བདག་པོ་འདིའི་དམ་པ་མ་ཡིན་པ་ལས་འཇུག་པའི་ཆད་པས་ཡོ་བྱད་ཟད་པས་སེམས་དང་བཅས་པ་གང་གིས་ཡིད་འབྱུང་བསྐྱེད་པར་མི་འགྱུར་སྙམ་སྟེ་རྫ་མ་ཟས་དང་བྲལ་བ་བཀྲེས་པར་ཉེ་བར་གདུངས་པ་འཁོར་ནི་སྡུག་བ་དང༌། མར་མེ་མེད་པར་མཚན་མོའི་སྒོར་ནི་མུན་པ་རབ་རིབ་བཀག་པས་ཟ་བ་ནི། དོན་གཉེར་རྣམས་ཀྱིས་སྒོ་ནི་མ་མནན་པ་སྟེ། དགའ་སྟོན་ལ་རྫོགས་ཀྱེ་མ་ནི། །ཁྱིམ་ནི་བཙོན་ར་མཚུངས་ཏེ་ཁྱིམ་དང་ལྡན་པའི་མྱ་ངན་ཕྱིར་ནི་འབྱུང་བར་འགྱུར། །ཐབས་མེད་པར་བློན་པོ་འདི་རྣམས་ནི་ཆོས་མ་ཡིན་པ་ལ་རྩེ་གཅིག་པ་ཡང་འདི་ལྟར་དབང་པོའི་སྡེ་ཆེན་པོའི་རྒྱལ་པོ་ལ་བསྙེན་པར་བྱེད་སྙམ་དུ་ཁོ་བོ་ཅག་སེམས་པར་བྱེད་དེ། བརྙས་པས་འོད་མེད་ཀྱང་ནི་ཨེ་མ་མི་སྐྱོང་ལས། །བསྙེན་པོའི་སྐྱེ་བོས་བདེ་བ་ཀུན་ནས་རྗེས་འདོད་དོ། །འགའ་ཞིག་ཏུ་ནི་འཐུང་འདོད་ལམ་ནས་འགྲོ་བ་ན། །ལམ་དུ་ཆུ་ནི་འདམ་བཅས་ཀྱང་ནི་འཐུང་བར་བྱེད། །ཤེས་རབ་ཀྱིས་རྒན་པ་རྣམས་ཀྱིས་ཀྱང་དམ་པ་མ་ཡིན་པའི་ལམ་ལས་རྒྱལ་པོ་འདི་ལོག་པར་གྱུར་པ་འགྱོད་པར་མི་འགྱུར་ཏེ་རྣམ་པ་ཐམས་ཅད་དུ་རང་བཞིན་ནི་ཟློག་པར་དཀའོ་སྙམ་མོ། །གཞན་གྱི་གྲགས་པ་བརྗོད་པར་བྱ་བ་འོངས་པ་ནི། །ཡུན་རིངས་ཕྱིར་ནི་གང་དག་འཇིགས་ཕྱིར་ངེས་འགྱུར་ཏེ། །རླུང་པོ་དེ་ནི་རྨོངས་པས་བསལ་བར་འདོད་པ་སྟེ། །ཟླ་བའི་དཀྱིལ་འཁོར་ལས་ནི་


DTG169_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་དྲི་མར་བཅས། །གང་ཞིག་སྐྱེས་བུ་དམ་པ་ཁྱད་པར་ལས་ལེགས་གནས་སྤངས་ཏེ། །དམ་པ་མ་ཡིན་ལམ་ནས་འགྲོ་སྟེ་དབང་པོ་མ་རྒྱལ་ཕྱིར། །སའི་དབང་ཕྱུག་ཐ་མར་མ་ལེགས་སྐྱེས་བུ་རིང་པོ་ནས། །སྤང་བར་འོས་ཏེ་ལམ་ནས་འགྲོ་བས་ཁྱིམ་གྱི་ཁྲོན་པ་ལྟར། །དེ་བས་ན་ཡུལ་འདི་དམ་པ་མ་ཡིན་པའི་ཆད་པས་བཙིར་བ་སྤངས་ནས་རིགས་པའི་ལམ་འཛིན་པའི་རྒྱལ་པོ་ནོར་ཅན་གྱི་ཡུལ་དུ་འགྲོ་བར་བྱའོ་ཞེས་བྱ་བ་བརྗོད་ནས་ཁྱིམ་གྱི་བདག་པོ་རྣམས་ཤི་བ་ལས་ལྷག་མའི་གླང་གི་ཚོགས་བཟུང་ནས། སྣོད་ཀྱི་ཡོ་བྱད་འཛིན་པ་རྣམས་ཕའི་ཁང་པ་དང་འདྲ་བ་དབུགས་དང་ལྡན་པ་ཉིད་རྒྱལ་པོ་ནོར་ཅན་གྱི་ཡུལ་དུ་འོངས་པར་གྱུར་ཏོ། །དེ་ནས་དབང་པོའི་སྡེ་ཆེན་པོའི་རྒྱལ་པོས་སྲིན་པོ་རྣམས་ཀྱིས་སྐྲོད་པ་དང་འདྲ་བའི་རང་གི་ཡུལ་མཐོང་ནས་བློན་པོ་རྣམས་ལ་སྨྲས་པ། བདག་གི་ཡུལ་འདི་ཅིའི་ཕྱིར་སྟོང་པར་སོང་བ་སྟེ། སའི་བདག་པོ་ནོར་ཅན་གྱི་རྟག་ཏུ་ལོ་ལེགས་པས་དགའ་བའི་ཡུལ་ཞེས་བྱའོ། །སླར་བློན་པོ་རྣམས་ཀྱིས་དེ་ལ་སྨྲས་པར་གྱུར་པ། གལ་ཏེ་བ་ནི་ལྷག་མ་མེད་པར་ཤེས་པས་འཇོ་མིན་ན། །དེ་ནི་བེའུའི་ཕྱིར་ནི་ཉི་མ་རེ་རེར་འོ་མ་འཐུང༌། །དེ་བཞིན་རྒྱལ་པོ་གལ་ཏེ་ཆད་པ་ཡང་དག་འཛིན་གྱུར་ན། ས་ནི་ཉམས་པར་མི་འགྱུར་བ་དང་དེ་ཡང་ནོར་ལྡན་འགྱུར། །རྒྱལ་པོ་གལ་ཏེ་ས་ཡི་བ་འདི་འཇོ་བར་མི་འགྱུར་ན། །དེས་ན་དེ་རིང་བེའུ་ལྟར་འཇིག་རྟེན་འདི་ནི་རྒྱས་པར་མཛོད། །གང་ཕྱིར་ཡང་དག་པར་ནི་ཉིན་མཚན་མེད་རྒྱས་བཞིན་འདི་ལ། །སྣ་ཚོགས་འབྲས་ལྡན་སར་ནི་གྱུར་ཏེ་དཔག་བསམ་ཡལ་ག་ལྟར། །རིགས་པ་ལས་མ་འདས་པའི་ལམ་འཛིན་པ་མིའི་བདག་པོ་ནོར་ཅན་གྱི་ཡུལ་ན་ནམ་ཡང་མུ་གལ་སོགས་པའི་སྐྱོན་འབྱུང་བར་མི་འགྱུར་ཏེ། དེར་ཡང་རིས་བཀྲ་ཞེས་བྱ་བ་ལྟོ་འཕྱེ་རྣམས་ཀྱི་བདག་པོ་ཆུའི་རྟེན་ལ་གནས་པ་སྟེ། དེའི་མཐུས་རྟག་པ་ཉིད་དུ་དུས་མ་ཉམས་པའི་ཆུའི་ཁུར་བུས་རྣམ་པར་འཕྱང་བའི་ཆུ་འཛིན་པ་རྣམས་གྲོགས་པོ་རྣམས་དང་འདྲ་བར་རྒྱལ་པོ་དེའི་ས་གཞི་འབྲུ་དང་ལྡན་པར་བྱེད་ཅེས་ཟེར་རོ། །དབང་པོའི་སྡེ་ཆེན་པོས་སྨྲས་པ། གལ་ཏེ་དེ་ལྟར་ཡིན་ན་བདག་ཀྱང་དི་རིང་ཉིད་ནས་བརྩམས་ཏེ། ལྷག་མེད་སྐྱེ་བོ་ཆད་པ་མེད། །ལོ་བདུན་དུ་ནི་བགྱི་བ་སྟེ། །རིས་


DTG169_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲའི་ཀླུ་ཡི་མཐུ་ཡང་ནི། །འདིར་ནི་ཇི་ལྟར་འབྱུང་བར་འགྱུར། །བློན་པོ་རྣམས་ཀྱིས་སྨྲས་པ། །ལྷས་ནི་དངོས་པོ་འདི་ལ་ཀུན་ནས་འཁྲུགས་པས་གནས་པར་མི་བྱ་སྟེ། བདག་ཅག་གིས་ཐབས་དེ་ལྟ་བུ་བྱེད་པར་གྱུར་པ་གང་ཞིག་རྒྱལ་པོ་ཆེན་པོའི་ཡུལ་དུ་གནས་པ་ཉིད་དུ་རིས་བཀྲ་འབྱུང་བར་འགྱུར་ཞེས་བྱ་བ་རྒྱལ་པོ་ལ་སྨྲས་པར་གྱུར་ཏོ། །དེ་ནས་བློན་པོ་དེ་རྣམས་རང་གི་ཁྱིམ་རྣམས་སུ་འོངས་ཏེ་ཉི་མ་རེ་རེ་བཞིན་དུ་འདི་ལྟར་ཡུལ་དེ་ལ་རིང་པོར་རྗོད་པར་བྱེད་ཅིང་གནས་པར་གྱུར་པ་དང༌། གང་གིས་རིས་བཀྲ་སྦྲུལ་གྱི་རྒྱལ་པོ་འདི་ནི་འོངས་གྱུར་པ། །ནོར་ཅན་གྲོང་ཁྱེར་ལ་ནི་རིག་པའི་སྟོབས་ནི་ཆེན་པོ་ཡིས། །དབང་པོའི་སྡེ་ཅན་དགའ་བ་ཤིན་ཏུ་གྲོགས་པོ་དང་མཚུངས་པ། །དེ་ལ་གསེར་གྱི་སྣོད་ནི་ས་སྐྱོང་གིས་ནི་བྱིན་པར་གྱུར། །རིང་པོར་བརྗོད་པ་དེ་ཡང་ཉེ་བར་ཐོས་ནས་ལ་ལ་ཞིག་སྔགས་གྲུབ་པ་ཀུན་ནས་འོངས་ཏེ་སྨྲ་བ། གསེར་གྱིས་བཀང་བའི་སྣོད་ཁྱེར་ལ་ཤོག་ཤིག་དང༌། བདག་ནི་སྔགས་ཀྱི་སྟོབས་ཀྱིས་ཀླུའི་རྒྱལ་པོ་རིས་བཀྲ་གླང་པོ་ཆེ་ལྟར་ཞགས་པས་བཅིངས་ཏེ་འོངས་པར་བགྱི་ཞེས་ཟེར་རོ། །བློན་པོ་རྣམས་ཀྱིས་ཀྱང་གསེར་གྱིས་བཀད་བའི་སྣོད་ཁྱེར་ཏེ་འོངས་ནས་སྨྲས་པ། ལས་ཀྱི་བྱ་དཀའ་གྲུབ་པ་ནི། །གང་གིས་མངོན་སུམ་དུ་ཡང་ནི། བདེན་པར་འགྱུར་རམ་མིན་ཞེས་བྱེད། །ལུས་ཅན་རྣམས་ཀྱི་ཐེ་ཚོམ་བཞིན། །དེ་ཕྱིར་གསེར་གྱིས་གང་བའི་སྣོད། །བཏང་སྙོམས་པ་ལ་གཏད་པར་མཛོད། །ཁྱོད་ཀྱི་རིས་བཀྲ་འོངས་པ་ན། །འདི་ནི་ཁྱོད་ཀྱིས་འཛིན་པར་འགྱུར། །དེས་ཀྱང་དེ་ལྟར་བྱ་ཞེས་བྱ་བ་སོ་སོར་ཐོས་ནས་རྒྱལ་པོ་ནོར་ཅན་གྱི་ཡུལ་དུ་འོངས་ཏེ་བདག་ཉིད་ལ་བསྲུང་བར་བྱས་ནས་རིས་བཀྲ་ལྷག་པར་གནས་པའི་མཚོ་དེ་མཐོང་སྟེ་ཕྱོགས་བཅུ་སྔགས་ཀྱིས་བཅིངས་པར་གྱུར་ཏེ། ཕྱོགས་རྣམས་ཀུན་ནས་བཅིངས་པ་རྣམས་ལ་གློ་བུར་དུ་ནི་དེས། །དྲག་པོའི་སྔགས་ཀྱི་འབྲས་བུ་ཐོབ་པ་ལ་ནི་རྩེ་གཅིག་པ། །སྦྲུལ་གྱི་དུག་གིས་རྣམ་པར་དུད་པའི་གདེངས་ཀའི་ཚོགས་ལྡན་པ། །ཀུན་ནས་འཁྲུགས་པའི་མགོ་བོའི་ནད་ནི་དྲག་པོ་བྱུང་བར་གྱུར། །དེ་ནས་ལྟོ་འཕྱེའི་བདག་པོ་རིས་བཀྲ་ཆུ་རྟེན་དེ་ལས་བཞིན་མ་མཐོང་བར་གྱུར་པས་བརྒལ་ནས་འགྲམ་ཤིང་གི་འོག་ཏུ་གནས་


DTG169_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བ་བགྲང་ཕྲིང་ཡོངས་སུ་འདྲེན་པས་ལག་པ་གཡས་པའི་མཐེ་བོང་དང་སོར་མོ་བསྐྱོད་པས་ཅུང་ཟད་བཟླས་པའི་དབང་གིས་ཀུན་ནས་འཕྲོ་བའི་མཆུ་དང་ལྡན་པ། མེ་སྟག་གིས་ཀུན་ནས་སེར་སྐྱའི་མིག་དང་ལྡན་པ། ཀུན་ནས་སྨིན་པའི་འབྲས་ཀྱི་རྩེ་མོ་དམར་བ་ལྟར་སྐྲ་དང་སྨར་སེར་སྐྱ་དང་ལྡན་པ། བསྙུངས་པ་རྣམས་ཀུན་ནས་རིད་པའི་ལུས་མ་ཁྲོས་ཀྱང་ཁྲོས་པ་དང་འདྲ་བའི་བྲམ་ཟེ་སྲིན་པོའི་གཟུགས་དང་འདྲ་བའི་རིག་པ་སྨྲ་བ་དེ་མཐོང་ནས་འཇིགས་པའི་ཡིད་ཀྱིས་བསམ་ཞིང་གནས་སོ། །རིག་པ་འཛིན་པ་འདི་སྔགས་ཀྱི་མཐུས་དེས་པར་བདག་ཁྱེར་བར་འདོད་པ་སྟེ། དེ་ནི་དེ་བས་ན་གང་ལ་སྐྱབས་སུ་འགྲོ་སྙམ་དུ་རྣམ་པར་བསམས་ནས་སྐད་ཅིག་ཙམ་འོག་ཏུ་ལྟ་བས་ཀུན་ནས་གནས་པར་གྱུར་ཏོ། །ཆུ་རྟེན་དེ་དང་ཤིན་ཏུ་རིང་པོ་མ་ཡིན་པ་ན་དཀའ་ཐུབ་ཀྱིས་ཀུན་ནས་རིད་པའི་ལུས་དཀའ་ཐུབ་ཀྱི་ནོར་ཅན་སོ་སོར་གནས་པར་གྱུར་ཏེ། དཀའ་ཐུབ་ཀྱི་ནོར་ཅན་དེ་ལ་ཡང་པདྨ་ཅན་ཞེས་བྱ་བ་ཉ་ཤོར་བ་ཉེ་བར་འོངས་ནས་ཉི་མ་རེ་རེར་བསྙེན་བཀུར་བྱེད་པར་གྱུར་ཏོ། །དེ་ནས་ཀླུ་དེས་རིག་པ་སྨྲ་བ་དེ་ལ་ཉེ་བར་སྤྱོད་པའི་ཁྱིམ་ཐབ་གང་ཡིན་པ་ཞེས་བྱ་བ་རྣམ་པར་སྤྱད་པར་གྱུར་ཏེ། རྒྱལ་པོ་འདི་ནི་འདི་ལ་སྐྱོབ་པར་མི་འགྱུར་ཏེ། རིག་པ་གྲུབ་པ་ལས་ནི་དཀའ་ཐུབ་འདི་མ་ཡིན། །དེ་བས་ཉ་ཤོར་འདི་ནི་ལྟོང་ནི་ཐོབ་པ་ནི། །སོང་ནས་མྱུར་དུ་ཡང་དག་པར་ནི་གསོལ་བ་གདབ། །དེ་ནས་ཉ་ཤོར་བ་དེ་ནི་ཐུབ་པ་དེ་ལ་འབྲས་བུ་རྣམས་ཕོངས་ཏེ་སྙན་པ་སྨྲ་བར་བྱེད་ཅིང་ཤིང་ལོ་ལས་བྱས་པའི་ཁང་པའི་ཉེ་འཁོར་གྱི་བྱུག་པ་བྱས་པས། རང་གི་གནས་སུ་འོང་བར་བྱེད་པ་བར་དུ་རིས་བཀྲས་བྲམ་ཟེའི་ཆ་བྱད་དུ་མངོན་པར་སྤྲུལ་ནས། དགེ་ལེགས་སྨྲ་བས་མངོན་པར་ཕྱོགས་པར་བྱས་ཏེ་སྨྲས་པ། རེ་ཞིག་ཚེ་དང་ལྡན་པ་ཅུང་ཟད་དྲི་བར་བྱའོ་ཞེས་ཟེར་རོ། །རྔོན་པ་དེས་ཀྱང་ཕྱག་བྱས་ནས་དེ་ལ་སྨྲས་པ། འཕགས་པ་དྲི་བར་མཛོད་ཅིག་ཅེས་ཟེར་རོ། །རིས་བཀས་སྨྲས་པ། །འདི་དག་ཆུ་གཏེར་རྣམས་ནི་གློག་བརྒྱ་རྣམས་ཀྱིས་ནི། །ཕྱོགས་རྣམས་ཀྱི་ནི་སྒོ་རྣམས་ཀུན་ནས་སྣང་བཞིན་པ། །ནོར་ཅན་ཡུལ་ན་མིག་སྨན་རི་བོ་ལྟར་གནས་པ། །གང་གི་མཐུ་ཡིས་ཆུ་ནི་སྟེར་བར་བྱེད་པར་འགྱུར། །རྒན་པོ་ཉེ་བར་བསྙེན་པས་ཡོན་ཏན་དེ་


DTG169_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྙེད། །ཆོས་ཀྱི་རྗེས་སུ་འཇུག་པའི་ངེས་པར་རྒྱལ་པོ་འདི། །མུ་གེའི་འཇིགས་པ་དང་བྲལ་གང་ཕྱིར་འདི་ཡི་ནི། །ཡུལ་འདི་རྟག་ཏུ་མེ་ཏོག་འབྲས་བུ་ཤིང་གིས་རྒྱས། །རྒྱུན་མི་འཆད་པའི་ཚལ་གྱི་མདུན་སས་རྣམ་བརྒྱན་པ། །གནས་གཞན་གནས་པ་འཚོ་བའི་བ་གླང་ཚོགས་ལྡན་པའི། །ཡུལ་ནས་སྐྱོང་རིགས་པའི་ལམ་ནི་འཛིན་པ་ཡི། །ཉེ་བར་འཚེ་བ་རྣམས་ནི་ནམ་ཡང་ཡོད་པ་མིན། །པདྨ་ཅན་གྱིས་སྨྲས་པ། ངེས་པར་འཕགས་པ་གློ་བུར་དུ་འོངས་པ་སྟེ་གང་གི་ཕྱིར་འདི་ལྟར་མི་ཤེས་ཤིང་འདྲི་བར་བྱེད། ཉོན་ཅིག་མཚོ་ཆེན་པོ་འདི་ལ་ཀླུའི་རྒྱལ་པོ་རིས་བཀྲ་ཞེས་བྱ་བ་སོ་སོར་གནས་ཏེ། དེའི་མཐུས་ཡུལ་འདི་ཆུའི་ཚོགས་ཀྱིས་ལྕི་བ་གློག་གི་འོད་ཟེར་རྣམས་ཀྱིས་ཆོས་ཀྱི་སྒོ་རྣམས་སྣང་བར་བྱས་པ། ཤེལ་གྱི་སྲོག་ཤིང་ལྟར་གཙང་བའི་ཆུའི་རྒྱུན་རྣམས་ཀྱི་ཆུ་འཛིན་པ་རྣམས་ལོ་རེ་རེར་འབྲུ་ཐམས་ཅད་སྒྲུབ་པར་བྱེད་ཅེས་ཟེར་རོ། །རིས་བཀྲས་སྨྲས་པ། གལ་ཏེ་དེ་ལྟར་ན་ཁྱོད་གཏམ་ཤེས་པ་དེ་བས་ན་བདེན་པའི་དོན་ཁྱེད་ལ་བདག་གིས་སྨྲ་བར་བགྱིའོ། །ལྟོ་འཕྱེའི་བདག་པོ་རིས་བཀྲ་དེ་རྒུད་པར་སོང་བ་ནི་བདག་སྟེ། དེ་བས་ན་ཁྱེད་ཉིད་བདག་ལ་སྐྱབས་སུ་གྱུར་ཅིག་ཅེས་ཟེར་རོ། །དེ་ནས་རྔོན་པ་དེས་ཀུན་ནས་འཁྲུགས་ཤིང་ངོ་མཚར་བ་དང་བཅས་པས་ཕྱག་བྱས་ནས་རབ་ཏུ་བཏུད་དེ་སྨྲས་པ། དེ་ལྟར་མཐུ་ལྡན་གདེངས་ཅན་དབང་ཕྱུག་ཁྱེད་ཀྱི་ཡང༌། །དཀའ་བ་དེ་ནི་ཅི་ཞིག་འགྱུར་བ་ཞེས་བྱ་སྟེ། །དེ་ལྟར་མཐུ་ལྡན་ཁྱོད་ལ་ཡང་ནི་དཀའ་བ་ནི། །གདེངས་ཅན་དབང་པོ་ཅི་ཞིག་ཅེས་བྱ་དེ་འགྱུར་ཏེ། སྣང་བའི་བློ་ལྡན་རི་དགས་གསོད་པ་ལ་ཆགས་པ། །གང་ཕྱིར་བདག་ལ་བརྟེན་ནས་མེད་པར་འགྲོ་བ་ཡིན། །རིས་བཀྲས་སྨྲས་པ། འདི་ནི་ཁྱོད་ཀྱིས་བལྟ་བར་འོས་པ་སྟེ་ཤིང་གི་འོག་ན་གནས་པ་བཟླས་པ་བྱེད་ཅིང་འདུག་པ་མཐོང་བ་དྲག་ཤུལ་འདི་ཡིན་ཏེ། བདག་ནི་འདིས་རིག་པའི་སྟོབས་ཀྱིས་ཆུ་རྟེན་འདི་ནས་བཀུག་སྟེ། རྒྱལ་པོ་དབང་པོའི་སྡེ་ཆེན་པོའི་ཡུལ་དུ་ཁྱེར་བར་འདོད་དོ་ཞེས་སྨྲས་ཏེ། །དཔུང་པའི་བརྩོན་འགྲུས་དང་ལྡན་བསྲེག་ལུགས་ཟ་བ་མཆོད་ཅིང་དེ། །ལ་དར་མཆེ་བ་བཟླས་པས་སྐད་ཅིག་ཏུ་ནི་བསྐྱོད་པའི་ཆུ་ལྡན་པ། །འདི་ནི་བརྟན་པར་རི་དགས་ལྟར་ནི་མཆེ་བ་རྣོ་བ་ཡི། །དུག་གིས་བྱུགས་པའི་མདའ་


DTG169_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་གནད་དུ་རྣམ་པར་འབིགས་པར་མཛོད། །རྔོན་པས་སྨྲས་པ། བདག་ཅག་ལྟ་བུ་རྣམས་ལ་ལས་འདི་སྒྲུབ་པར་བླ་བ་སྟེ་དེ་བས་ན་བདེ་བར་གནས་ཤིང་ལྟོ་འཕྱེའི་བདག་པོས་རང་གི་ཁྱིམ་དུ་སོང་ཤིག་ཅེས་ཟེར་རོ། །དེ་ནས་རིས་བཀྲ་གདེངས་ཀ་ཅན་ཆུའི་གནས་སུ་ཞུགས་པ་ལ་རྔོན་པ་དེས་ཉ་བའི་ཁྱིམ་དུ་འོངས་ཏེ། མཚན་མོ་འདའ་བར་བྱས་ནས་ཐོ་རངས་ཀྱི་དུས་ལ་མཚོའི་དྲུང་དུ་སོང་ནས་རིག་པ་སྨྲ་བ་དེ་མཐོང་བར་གྱུར་ཏོ། །དེ་ཡང་ས་ལ་པུས་མོ་གཉིས་རྣམ་པར་གཞག་པ་ཁྲུས་བྱས་པ་ཙམ་བཀྲུས་པའི་གོས་རྣམས་ཡན་ལག་ལ་བགོས་པ། ཡུངས་ཀར་ཕྱེ་མ་སྲེག་པ་མཐོང་ནས་ཤིང་གི་ནགས་ལ་བརྟེན་ནས་རེ་ཞིག་བལྟ་བར་བྱ་སྟེ། རེ་ཞིག་རིག་པ་སྨྲ་བ་འདིའི་སྔགས་ཀྱི་ནུས་པ་བདེན་པ་ཉིད་དུ་ཅི་ཞིག་འགྱུར་རམ། གང་གིས་ལྟོ་འཕྱེའི་བདག་པོ་ལ་འགུགས་པར་འགྱུར་རམ་ཞེས་བྱ་བ་རྣམ་པར་བསམས་ནས་གཞུ་བདུངས་ཤིང་གནས་སོ། །དེ་ནས་རྣམ་བསྐྱོད་པདྨ་རྣམས་ལར་མིག་གཉིས་པ་འཁོར་ཞིང་འཇིགས། །འཕྲོས་པ་ཆེ་བའི་རླབས་རྣམས་ཀྱི་ནི་དབུ་བའི་མེ་ཏོག་ཕྲེང་གཡོགས་པ། །མེ་དེ་ལ་ནི་ཡུངས་ཀར་གཏོར་བར་བྱེད་ཅིང་སྔགས་ཀྱིས་བསྒྲུབས་པ་ལ། །འཇིགས་བཅས་འདྲ་བར་ཉ་ནི་འཁོར་བ་དེ་ཡི་ཆུས་ནི་སྒྲ་ཡང་སྒྲོགས་པར་འགྱུར། །དྲི་མ་མེད་པའི་ཆུ་ཡི་དབུས་ལས་མྱུར་དུ་བྱུང་སྟེ་འཇིག་པ་ནི། །ལྕེ་ཡི་རྩེ་མོ་རབ་ཏུ་བསྐྱོད་པ་བུ་མོའི་སྐྲ་དང་མཚུངས་བའི་འོད། །སྦྲུལ་ནི་མེ་དང་ཉེ་བར་སྔགས་ཀྱི་རིག་པས་འགུགས་པར་གྱུར་པ་ནི། །དེ་ཡི་ཆུ་ཡི་སྣོད་ནི་ཆེན་པོ་དེས་ནི་ལྷག་པར་གནས་པར་གྱུར། །དེ་ནས་རྔོན་པ་དེས་གྲུ་གང་གི་ཚད་ཀྱི་ཆུའི་སྣོད་ལ་གནས་པའི་རིས་བཀྲ་མཐོང་སྟེ། ད་ནི་དུས་འདའ་བ་རིགས་པ་མ་ཡིན་ནོ་སྙམ་དུ་རྣམ་པར་བསམས་ནས། མིག་གི་མཐའ་མའི་ཕྱོགས་ལ་གཞུ་རྒྱུད་རྣམ་ཞུགས་པ། གཞུ་ནི་བྱས་ཏེ་ཅུང་ཟད་གཡོས་པའི་ལྟ་བ་ཅན། །རིག་པ་འཛིན་པས་ཤིན་ཏུ་མདེའུ་རྣོན་པོ་ཡི། །མདའ་ཡིས་དེ་ལ་གནད་དུ་ཡང་ནི་འབིགས་པར་གྱུར། །གློ་བུར་ཉེ་བར་འོངས་ནས་འདི་ལ་སྨྲས་པ་ནི། །ལྟོ་འཕྱེའི་རྒྱལ་པོ་འདི་ནི་རྣམ་པར་གྲོལ་བར་མཛོད། །རྔོན་པ་དེ་ནི་ཀུན་ནས་འོངས་པ་མཐོང་ནས་ནི། །སྦྲུལ་


DTG169_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་པོ་དེ་ནི་ཆུ་ལས་དེས་ནི་བཏང་བར་གྱུར། །ད་ནས་རྔོན་པས་དེ་ཡི་མགོ་བོ་ཁྲ་པོ་དང་བཅས་པ། །ལྟོ་འཕྱེའི་འོད་ལྡན་རལ་གྲིས་རྣམ་པར་བཅད་པར་གྱུར། །ཁྲོས་པས་རི་དགས་དགྲ་ནི་འཇིགས་པས་མཐོང་བ་ལྟར། །རབ་ཏུ་འཕྲོས་པའི་འོད་ལྡན་མེ་ནི་ཞི་བར་གྱུར། །དེ་ནས་ཀླུའི་རྒྱལ་པོ་རིས་བཀྲ་ཡིད་རབ་ཏུ་དགའ་བས་དྲི་མ་མེད་པའི་ནོར་བུའི་འཕྲོས་པའི་འོད་ཀྱིས་གདེངས་ཀའི་ཚོགས་སྣང་བར་བྱས་པ། གཡོ་བའི་འོད་ཟེར་རྣམས་ཀྱིས་ཀུན་ནས་ཁ་བསྐྱུར་བའི་ཨི་ནྡྲ་ནཱི་ལའི་བྲག་ལྟར་བྲང་གི་མཐིལ་རྒྱས་པ། བསིལ་བའི་འོད་ཟེར་ཉེ་བ་དང་འདྲ་བའི་ཆུ་འཛིན་ལྟར་ཉེ་བར་འོངས་ཏེ། རྔོན་པ་དེ་ལ་དགའ་བ་དུ་མ་རྣམས་སྨྲས་པར་གྱུར་ཏེ། གཉེན་འདུན་ས་འོག་གནས་པ་དང༌། །བདག་ལ་རྣམ་པར་བྲལ་བ་ནི། །གང་ཕྱིར་མ་སྐྱེས་དེ་ཐམས་ཅད། ཁྱོད་ཀྱི་མཐུ་ནི་ཆེན་པོ་འདི། །དེ་བས་ཤིན་ཏུ་གྲོགས་ཤོག་ཅིག །ཆུ་ཡི་གནས་སུ་ཞུགས་པར་བགྱི། །དགོས་པ་ཅུང་ཟད་གང་ཡིན་པ། །དེ་ནི་ཁྱོད་ལ་བདག་གིས་བགྱི། །དེ་སྐད་ཅེས་སྨྲས་ནས་རྔོན་པ་དེ་ལག་པ་ནས་བཟུང་ནས་འོག་ཏུ་ཞུགས་པར་གྱུར་ཏོ། །དེ་ནས་ལྟོ་འཕྱེའི་བདག་པོ་ངེས་འདི་རྒྱན་དུ་མ་འཛིན་པར་བྱས་ནས་ཉི་མ་རེ་རེར་སྦྲུལ་གྱི་མཆོག་ལ་ཉེ་བར་མཁོ་བའི་ཁ་ཟས་ཀྱིས་ཀུན་ནས་ཚིམ་པར་བྱེད་ཅིང་ཉེ་བར་ལོངས་སྤྱོད་པར་བྱས་པར་གྱུར་ཏེ། །དེ་ནས་དུས་གཅིག་ན། གསེར་གྱི་ཨུཏྤལ་རྣམས་ཀྱིས་དོན་ཡོད་ཞགས། །མཆོད་ཅིང་ཀླུ་ཡི་རྒྱལ་པོ་དེ། །རྔོན་པས་ཀླུ་ཡི་རྒྱལ་པོ་དེ། །མཆོད་ཅིང་དེ་ནི་མཐོང་བར་གྱུར། །དེ་ནས་ངོ་མཚར་བས་དེ་ལ་འདི་དྲིས་པར་གྱུར་ཏེ། ལྟོ་འཕྱེ་ཆེན་པོས་འདི་ལ་ཅི་ཞིག་མཆོད་པ་སྟེ།། དས་ཀྱང་ཞགས་པ་དོན་ཡོད་འདི་ནི་སྨྲས་པ་དང༌། །དགྲ་རྣམས་འཇོམས་པར་བྱེད་པ་བདག་གིས་གུས་པར་མཆོད། །ཞགས་པས་ཀུན་ནས་ལྡང་བའི་འོད་ཅན་འདི་ཡིས་ནི། །འཕྲོག་པའི་གློག་གི་ཚོགས་ལྟར་གཟུགས་ནི་འཛིན་པ་ཡི། །ཐལ་མོའི་བར་ན་འཇིགས་པས་རྣམ་གཡོ་མིག་ལྡན་པའི། །དགྲ་རྣམས་བརྙས་པས་སྐད་ཅིག་ཏུ་ནི་བདག་གིས་བཀུག །དེ་ནས་རི་དགས་དགྲས་ནི་སྦྲུལ་དེ་ལ་སྨྲས་པ། །བདག་ལ་ནོར་གྱིས་ཅུང་ཟད་ཀྱང་ནི་དགོས་པ་མེད། །གལ་ཏེ་ལྟོ་འཕྱེའི་བདག་པོའི་དྲིན་ནི་ཡོད་གྱུར་ན། །འགྲོ་བར་འདོད་མ་བདག་ལ་ཞགས་པ་འདི་གསོལ་


DTG169_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །གྲོགས་པོ་ཆེན་པོ་དགའ་བའི་སྲོག་རྣམས་འདི་ནི་ཁྱེད་ཅག་ལ། །བདག་གིས་སྦྱིན་བགྱི་ཞགས་པ་དོན་ཡོད་འདི་ནི་སྨོས་ཅི་དགོས། །དེ་ལྟར་བརྗོད་ནས་ནོར་དང་ལྷན་ཅིག་དགའ་བའི་ཡིད་ཅན་གྱི། །དེ་ལ་ལྟོ་འཕྱེའི་བདག་པོར་གྲགས་པས་དེ་བྱིན་གྱུར། །རྔོན་པ་དེས་ཀྱང་གསེར་དང་ནོར་བུ་དང་མུ་ཏིག་མང་པོ་དང་ཞགས་པ་དོན་ཡོད་འཛིན་པའི་ལྟོ་འཕྱེའི་བདག་པོ་དེས་རང་གི་ཁྱིམ་དུ་ཁྲིད་པར་གྱུར་ཏོ། །ལྟོ་འཕྱེའི་བདག་པོ་དག་སླར་ཆུའི་རྟེན་དེ་ལ་ལོག་པར་གྱུར་པ་ལ་རྔོན་པ་དེས་ཞགས་པ་དེ་གདན་མཐོན་པོ་ལ་བཞག་པར་བྱས་ནས། །བསྐྱོད་ཅིང་ཁྱབ་པ་སྦྲུལ་གྱི་ཤུན་པ་ལྟར་འཇིགས་པ། །སྲབ་པ་ཨུཥྚི་ར་ཡི་བྱུག་པས་བྱུགས་པ་སྟེ། །རི་དགས་གླ་ཡི་རྩིས་ཀྱང་རི་མོ་བྲིས་བྱས་པ། །བིལ་བའི་ཤིང་གི་མེ་ཏོག་རྣམས་ཀྱིས་ཀུན་ནས་གཏོར། །དེ་ནས་དུས་གཅིག་གི་ཚེ་ན་པདྨ་ཅན་དེ་ནད་ཀྱིས་འཇིག་རྟེན་ཕ་རོལ་དུ་ཉེ་བར་སོང་བ་སྟེ། །དེའི་བུ་ཨུཏྤལ་ཅན་ཞེས་བྱ་བ་ཅིག་ཡོད་དེ་དེས་ཀྱང་ཕའི་དྲུང་ནས་ཞགས་པའི་ཆེ་བའི་བདག་ཉིད་དེ་ཉེ་བར་ཐོབ་པ་དེ་ལྟ་བུའི་ཞགས་པ་ལ་མཆོད་ཅིང་འདུག་གོ །དུས་གཅིག་གི་ཚེ་ན་རི་དགས་དགྲའི་བུ་དེས་ལྟོ་འཕྱེའི་བདག་པོ་ཆུ་དྲི་མ་མེད་པ་དང་ལྡན་པའི་ཆུའི་རྟེན་ཐོབ་ནས་དྲང་སྲོང་དེ་ལ་དགའ་བས་རྣམ་པ་སྣ་ཚོགས་པས་ཡུན་རིང་པོར་བསྟེན་པར་གྱུར་ཏོ། །དེས་ཀྱང་སྦྲུལ་གྱི་མཆོག་གི་ཆུ་དྲི་མ་དང་བྲལ་བའི་རྟེན་དང་ཉེ་བ་དེ་ལ། ངས་ཀྱང་དར་ནི་སྦྲུལ་གྱི་མཆོག་ཉིད་ཀྱི། །དྲི་མ་དང་བྲལ་ཆུ་རྟེན་ཉེ་བ་ནི། །གླུ་དང་བཅས་པ་འཇམ་པའི་པི་ཝང་སྒྲས། །འདོད་པ་གསལ་བར་བྱེད་པ་ཐོབ་པར་གྱུར། །དེ་ནས་ཨུཏྤལ་ཅན་གྱིས་དྲང་སྲོང་དེ་ལ་དྲིས་པ། བཅོམ་ལྡན་འདས་བུད་མེད་ཀྱི་རོལ་པ་དང་རྒོད་པས་པི་ཝང་གི་སྒྲ་དང་འདྲེས་པའི་གླུའི་སྒྲས་གནས་གང་དུ་ཐོས་སོ་ཞེས་ཟེར་རོ། །གླུའི་སྒྲས་གང་ནས་ཐོས་ཞེས་བྱ་བའོ། །ཐུབ་པས་སྨྲས་པ། མི་འམ་ཅིའི་རྒྱལ་པོ་ལྗོན་པ་ཞེས་བྱ་བའི་བུ་མོ་ཡིད་འཕྲོག་མ་ཞེས་བྱ་བ་ཡོད་དེ། གཟུགས་དང་ལང་ཚོ་མཛེས་པས་ལྷའི་བུ་མོའི་སྐྱེ་བོ་སྐྱེངས་པར་བྱས་པ། སྲིང་མོ་བརྒྱ་ཕྲག་ལྔ་དང་ལྷན་ཅིག་ཏུ་ཉེ་བར་གླུ་ལེན་བཞིན་པ་རྣམས་ལྟོ་འཕྱེའི་བདག་བོ་རིས་བཀྲའི་ཆུ་རྟན་ལ་དགའ་སྟོན་དང་དུས་ཚིགས་ཀྱི་ཞག་རྣམས་ལ་ཆུ་ལ་རྩེ་བ་ཉམས་སུ་མྱོང་བར་བྱེད་དོ་ཞེས་ཟེར་རོ། །རྔོན་པས་


DTG169_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྨས་པ། བཅོམ་ལྡན་འདས་ངོ་མཚར་བའི་དབང་གིས་བདག་འདྲ་བ་སྟེ། མི་འམ་ཅི་མོ་འདི་རྣམས་དབང་དུ་བྱ་བའི་ཕྱིར་ཇི་ལྟར་ཡང་ནུས་པ་ཡིན་ཟེར་རོ། །ཐུབ་པས་སྨྲས་པ། གང་གི་ཞགས་པ་དོན་ཡིད་ཡོད། །ཆུ་ལྷའི་འདྲ་བ་རྒྱས་པ་ནི། །བརྟན་བདག་ཉིད་དེ་དེས་བཅིངས་ནས། །མིའམ་ཅི་མོ་དབང་དུ་བྱེད། །ད་ནས་ཨུཏྤལ་ཅན་གྱིས་དེ་ཐོས་ནས་མི་འམ་ཅི་མོ་འཛིན་པ་ལ་བློ་གྲོས་ངེས་པར་བྱས་པ་བདག་ལ་ནི་ཞག་པ་དོན་ཡོད་པ་ཡོད་དེ། དེ་བས་ན་ཇི་སྲིད་དུ་ཆུ་ལ་རྩེ་བ་ཉམས་སུ་མྱོང་ནས་འདི་རྣམས་ཇི་སྲིད་དུ་མ་སོང་བ་དེ་སྲིད་དུ་ཡིད་འཕྲོག་མ་ཉིད་ཞགས་པ་དེས་གཟུང་བར་བྱའོ་སྙམ་དུ་རྣམ་པར་བསམས་ཏེ། དྲང་སྲོང་དེ་ལ་གསོང་པོར་སྨྲ་ཞིང་གོམས་པས་མྱུར་བར་ཁང་པར་འོངས་ཏེ། ཞགས་པ་དེ་བླངས་ནས་ལྟོ་འཕྱེ་མ་ཆག་གི་ཆུ་རྟེན་དང་ཉེ་བར་འོངས་ནས། ཤིང་རྣམས་ཀྱིས་ལུས་ལ་སྒྲིབ་པར་བྱས་པས་མི་འམ་ཅི་མོ་དེ་རྣམས་ཆུ་ལ་རྩེ་བ་ཉམས་སུ་མྱོང་བར་བྱེད་པ་མཐོང་བར་གྱུར་ཏེ། དེ་ནས་འགའ་ཞིག་ཆུ་ནི་རླབས་ཅན་ལ། །ཞུགས་ནས་མིག་གི་ཨུཏྤལ་རྒྱས་པ་ནི། །ཨུཏྤལ་རབ་ཏུ་རྒྱས་པ་མྱོང་པ་སྟེ། །མིག་ཟླུམ་རྣ་བ་ལ་ནི་ཨུཏྤལ་ལྷུང༌། །ཡངས་པའི་མིག་ནི་རྣམ་པར་ཟླུམ་བྱས་པ། །གློ་བུར་ལག་པས་གདོང་ནི་བཀབ་བྱས་ཏེ། །ལག་པ་ཐལ་སྦྱར་བསྡམས་པའི་ཆུ་རྣམས་ཀྱིས། །འགའ་ཞིག་དེ་དག་ཕྲད་འདོད་གཏོང་བར་གྱུར། །ཡིད་འོང་དོ་ཤལ་གསལ་བར་བྱས་པ་ནི། །གཞན་ནི་གླང་པོ་དཔྲལ་འབུར་ལྟར་ཚོ་བའི། །ནུ་མ་དག་ལ་བ་ཟླའི་ཕྱེད་མ་ལྟར། །ཡིད་འཕྲོག་པདྨའི་རྩི་ནི་དོར་བར་གྱུར། །སྒེག་བཅས་ལྟར་འདི་མི་ནུས་པར་འགྲོ་ཞིང༌། །རྐང་པ་ལ་སྦྱོར་ཆུ་ཡི་རྫི་བསྐྱོད་ཅན། །འགྲམ་ན་དུར་པ་དག་ནི་ཕོ་མོ་གཉིས། །འགའ་ཞིག་ཕྲད་འདོད་སྐད་ཅིག་ཙམ་མཐོང་ངོ༌། །གྲོགས་མོ་བདག་ནི་ཆུ་ལ་རིང་པོར་མི་འཇུག་སྟེ། །ཀུན་ནས་རྒུད་པ་འདི་ལྟ་བུ་ནི་ཐོང་ཞིག་ཅི། །གཞན་དག་གཞན་དག་གིས་ནི་འཇུག་པར་གྱུར་པ་ན། །ལག་བའི་རྩ་མོ་ཕྱིར་ལ་གཡོབ་པས་འདི་ལྟར་སྨྲས། །གཞན་དག་གློ་བུར་དུ་ནི་རྒོད་བཅས་གདོང་ཅན་རྣམས། །ཕན་ཚུན་ཡན་ལག་རྣམས་ལ་ཆུ་ནི་གཏོར་བྱེད་ཅིང༌། །པདྨོ་ཅན་ནི་བསྐྱོད་ཅིང་ཁྱབ་པའི་པདྨ་ཅན། །འགའ་ཞིག་ཏུ་ནི་བུད་བ་འཁོར་བར་རབ་


DTG169_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་འགྱུར། །གཞན་ནི་འགྲམ་ན་ཉེ་བར་གནས་པ་སྲབ་བ་ཡི། །པདྨའི་འདབ་ལྟར་དམར་སྐྱའི་སོར་མོ་རྣམས་ཀྱིས་ནི། །དྲི་ནི་ཞིམ་དང་ཁུ་བྱུག་ལྟར་སྔོ་ཅུང་ཟད་རློན། །སྐྲ་ཡི་ལོ་མ་རྣམ་པར་གསལ་བར་འགྱུར། །དེ་ལྟར་ཆུ་ནི་ཨུཏྤལ་ཆེན་པོ་གཡོགས་པ་ཟླ་བ་བཞིན་གསལ་བ། །པདྨ་རྣམས་ཀྱི་འདབ་མ་དང་ནི་བཅས་པ་རོལ་པས་རྒྱན་བྱེད་པ། །སྟོན་ཀའི་ཆུ་གཏེར་ལ་ནི་གློག་རྣམས་ལྟར་ནི་རྣམ་པར་འཕྲོ་བྱེད་པ། །རི་དགས་དགྲ་དེས་གཡོ་མེད་མི་འམ་ཅི་མོ་དེ་རྣམས་མཐོང་བར་གྱུར། །དེ་ནས་ཆུ་ལ་རྩེས་པའི་མཐར་ཅུང་ཟད་དམར་སྐྱའི་མིག་གི་ཨུཏྤལ་དང་ལྡན་པས་ཨུཏྤལ་ཀུན་ནས་སྣོམ་ཞིང་བུད་བ་ལྟར་ནག་པའི་སྐྲ་ལོའི་རྩེ་མོ་ལས་ལྷུང་བར་གྱུར་པའི་ཆུའི་ཐིགས་པ་རྣམས་ཀྱིས་ཀུན་ནས་སྤངས་པར་གྱུར་པའི་ཡངས་ཤིང་ཚོ་བའི་འོ་མ་འཛིན་པ་དང་ལྡན་པ། བྲང་གི་མཐིལ་ངལ་བར་བྱེད་ཅིང་འོ་མ་འཛིན་པའི་ཁུར་བུས་ཕྲག་དོག་བྱེད་པ་དང་འདྲ་བར། མདུན་ན་ཡང་དག་པར་གནས་པའི་ཉེ་འཁོར་གྱི་སྐྱེ་བོའི་ལག་མཐིལ་དུ་གཏད་པའི་སྣ་ཚོགས་པའི་རྒྱན་རྣམས་ལ་བལྟ་བས་རྣམ་པར་འབྲེལ་བ་ཅན། གྲོགས་མོ་རྣམས་ཀྱི་ཁ་དོག་དང་དྲི་ཞིམ་པོས་རྗེས་སུ་བྱུག་པར་གྱུར་པ་རང་བཞིན་གྱི་ཡིད་འཕྲོག་མ་མཐོང་ནས་རྔོན་པ་དེས་ངེས་པར་མི་འམ་ཅིའི་བདག་པོ་རབ་མཆོག་གི་བུ་མོ་འདི་ཡིན་ཏེ། དེ་བས་ན་རེ་ཞིག་འདི་ཉིད་གཟུང་བར་བྱའོ་སྙམ་དུ་རྣམ་པར་བསམས་ནས་ཤིན་ཏུ་བསྐྱོད་པར་གོམས་པ་རྣམས་མདུན་དུ་ཞུགས་ཤིང་འདུག་གོ །མི་འམ་ཅི་མོ་དེ་རྣམས་ཀྱིས་ཀྱང་ད་མཐོང་ནས། རི་དགས་མོ་རྣམས་ལ་སེང་གེའི་འཇིགས་པ་དང་འདྲ་བར་ལངས་ཏེ་མྱུར་དུ་རྒྱན་དང་གོས་རྣམས་འཛིན་ཅིང་ནམ་མཁའ་ལ་སོང་བར་གྱུར་པ་དང༌། རྔོན་པ་དེས་ཀྱང་ཤིན་ཏུ་མྱུར་བར་ཡིད་འཕྲོག་མའི་སླད་དུ་ཞགས་པ་འཕངས་པར་གྱུར་ཏེ། དེ་ནས་ཞགས་པ་དེས་ནི་རྐེད་པར་ཀུན་བཅིང་སྟེ། །ཡིད་འཕྲོག་མ་དེ་ཤིན་ཏུ་ཡིད་འཕྲོག་ཡན་ལག་ཅན། །ནམ་མཁའ་རི་དགས་དགྲ་ཡི་ཡིད་ནི་འཕྲོག་བྱེད་ཅིང༌། །གློག་ལྟར་འཕྲོ་བར་བྱེད་པ་རྣམ་པར་སྣང་བར་གྱུར། །ཞགས་པ་དེས་ཀྱང་བཀུག་པར་གྱུར་པ་ནི་ཐུར་དུ་ལྟ་བས་གནས་པའི་སྒྲའི་ལོ་མནས་པ་ཀུ་ལའི་ཕྲེང་བ་རྣམ་པར་ལྷུང་བ་དང༌། ནོར་བུ་ལྟེ་བ་དང་བཅས་པ་ཕྲེང་གཅིག་པའི་སྐ་རགས་


DTG169_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་སྟེང་གོས་བུད་པ། སྐྲག་པའི་དབང་གིས་རྣམ་པར་གཡོ་བའི་མིག་དང་ལྡན་པ་ལྷའི་གླང་པོ་ཆེའི་སྣས་དཔག་བསམ་གྱི་ཤིང་གི་ལྗོན་པ་རྩ་བ་ནས་འདོན་པ་དང་འདྲ་བ་ལེགས་པར་བྱས་པ་ཟད་པས་འཆི་བ་མེད་པའི་བུད་མེད་ལྟར་ནམ་མཁའ་ལས་ལྷུང་བར་གྱུར་ཏོ། །མིའམ་ཅི་མོ་དེ་རྣམས་ཀྱང་སྐྱེ་བོ་ཐ་མལ་པའི་ལག་ཏུ་སོང་བའི་ཡིད་འཕྲོག་མ་མཐོང་ནས། ཀྱི་ཧུད་ཅེས་བརྗོད་ཅིང་མྱུར་བར་འོངས་ཤིང་གཏམ་དེ་ཕ་ལ་སྨྲས་པར་གྱུར་ཏོ། །དེས་ཀྱང་སྙིང་རྗེ་བ་ཀུན་ནས་ཕོངས་པའི་ཡི་གེ་འདི་ལྟར་སྨྲེ་སྔགས་འདོན་པར་གྱུར་ཏེ། ཡིད་འཕྲོག་མ་འདི་ཞགས་པས་བཅིངས་པ་ཞེས་བྱ་བ། །སྐྱེས་པ་སུ་ཞིག་གིས་ཀྱང་ནམ་མཁར་འགྲོ་འགྱུར་བའི། །བདག་གི་སྲིང་མོ་རྣམས་ལས་ཕ་མ་དག་གོས་ཐོས། །མྱ་ངན་གྱིས་ནི་བློ་ནི་འགགས་པ་བྱུང་བར་འགྱུར། །སྲིང་མོ་དེ་རྣམས་གང་དུ་ཕ་མ་གང་དུ་སྟེ། །གཞན་གྱི་དབང་དུ་སོང་བ་བདག་ཀྱང་གང་དུ་ནི། །ཀྱེ་མ་དག་གྱུར་འདི་ནི་རྣམ་པར་འཐོར་བ་སྟེ། །ཚོགས་ནི་སྣ་ཚོགས་བསྐྱེད་པ་ཁྱོད་ཀྱིས་དེ་རིང་ཅི། །ཡིད་འཕྲོག་བུ་མོ་ཁྱོད་ནི་གང་དུ་སང་བ་སྟེ། །འཇིག་རྟེན་གསུམ་ཀྱི་སྡུག་བསྔལ་ཅི་ལྟར་བཟོད་པར་འགྱུར། །བདག་ནི་མ་དེ་དེ་ལྟར་བརྗོད་ཅིང་སྙིང་རྗེ་བར། །ཡུན་རིང་པོར་ནི་ཡང་དང་ཡང་དུ་དུ་བར་འགྱུར། །དེ་ནས་རྔོན་པ་དེས་ཤིན་ཏུ་དུ་བ་དེ་ལ་བཟང་མོ་དུ་བ་དེས་ཆོག་ཅིང་ཆོག་གིས་ཁྱེད་ལ་འཇིགས་པ་ཅུང་ཟད་བདག་ལས་ཡོད་པ་མ་ཡིན་ཞེས་བྱ་བ་སྨྲས་པར་གྱུར་པ་དང༌། དེས་ཀྱང་དེ་ལ་སྨྲས་པར་གྱུར་པ། མིང་པོ་གལ་ཏེ་ཁྱེད་ལ་བདག་ལ་བརྩེ་བ་ཅུང་ཟད་ཡོད་ན་དེ་བས་ན་བདག་ཞགས་པས་བཅིངས་པ་ལས་བཀྲོལ་ཏེ། སྐྱེས་བུ་མཆོག་སུ་ཞིག་ལ་སྦྱིན་པར་འོས་ཞེས་ཟེར་རོ། །རྔོན་པས་སྨྲས་པ། །ཞགས་པས་བཅིངས་པ་རྒྱས་པ་འདི། །གལ་ཏེ་ཁྱོད་ལ་བདག་བཀྲོལ་གྱུར། །ངེས་པར་ནམ་མཁའ་ལ་འཕུར་ནས། །རང་གི་གནས་སུ་འགྲོ་བར་འགྱུར། །མི་འམ་ཅི་མོས་སྨྲས་པ། བདག་གི་མིད་པོ་ནི་རྣམ་པ་ཐམས་ཅད་དུ་དད་པ་མ་ཡིན་ཏེ། གཙུག་གི་ནོར་བུ་འདི་ཡི་མཐུས། །ནམ་མཁའ་ལ་ནི་བདག་འགྲོ་སྟེ། །གྲིབ་མ་ཕྲོགས་པ་མགོ་བོ་ལས། །བདག་ནི་འདི་དེ་བཟུང་བར་མཛོད། །གློ་བུར་དུ་ནི་རྒོད་པའི་ཟླ་འོད་དུ་མ་བྱས་པ་ཡི། །བརྟན་པ་བྲལ་བའི་ལྗོན་ཤིང་བུ་མོ་


DTG169_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོ་ལས། །གསལ་བའི་གཙུག་གི་ནོར་བུའི་ཟླ་བ་གུས་པ་ཡིས། །དེ་ནས་རྔོན་པའི་སྒྲ་གཅན་དེས་ནི་གཟུང་བར་གྱུར། །ཕྱིས་ཀྱང་འདི་ལྟར་བསམས་ཤིང་འདུག་གོ །གལ་ཏེ་ནོར་བཟངས་ཀྱིས་ནི་ཐོས་པའམ། །ཤིན་ཏུ་གཟུགས་བཟང་མི་ཅི་མོ་མཐོང་ན། །ཁྲོས་པ་ཆེན་པོའི་བཟོད་པ་བཞིན་དུ་ནི། །ནད་ཀྱིས་བདག་ལ་ངེས་པར་གཅོད་པར་འགྱུར། །དེ་ཡི་ཕྱིར་ན་མིག་ནི་བཟང་མོ་འདི། །ལྷ་ཡི་གནས་ལས་ལྷ་ཡི་བུ་མོ་ལྟར། །ལྷུང་བ་ནོར་བཟངས་ཉིད་ལ་སྦྱིན་བྱས་ཏེ། །སླར་ཡང་དེ་ལས་ནོར་ནི་བདག་ཐོབ་འགྱུར། །དེ་ལྟར་རྔོན་པས་བསམ་པར་བྱས་ནས་དེ་ལ་སྨྲས་པ། བཟང་མོ་མྱ་ངན་ཡོངས་སུ་དོར་བར་མཛོད་ཅིག་དང༌། འདིར་ནི་ནོར་བཟངས་ཞེས་བྱ་བ་རྒྱལ་པོ་གཞོན་ནུ་ལྷའི་གཞོན་ནུ་དང་འགྲན་པ། ཡོན་ཏན་མང་པོ་རྣམས་ཀྱི་ལྷའི་རྟེན་ཡོད་དེ་དེ་ལ་བདག་གིས་ཁྱེད་སྦྱིན་པར་བྱའོ་ཞེས་ཟེར་རོ། །དེས་ཀྱང་མཆི་མས་ཡོངས་སུ་འགགས་པར་གྱུར་པའི་ཚིག་ངར་ངར་པོ་དང་ལྡན་པས་ནི་ཁྱོད་ཇི་ལྟར་ཤེས་པར་འགྱུར་བ་དེ་ལྟར་གྱིས་ཤིག་ཅེས་བྱ་བ་ཡང་དང་ཡང་དུ་རྒྱུན་མ་ཆད་པའི་མཆི་མའི་ཐིགས་པ་རྣམས་ཀྱིས་འགྲམ་པ་བཀྲུས་པར་གྱུར་པས་ཀྱི་ཧུད་མ་ཀྱི་ཧུད་ཕ་ཞེས་སྨྲེ་སྔགས་འདོན་ཅིང་དུ་བར་གྱུར་ཏོ། །གཞོན་ནུ་ནོར་བཟངས་ཀྱིས་ཤིང་རྟ་མཆོག་ལ་ཞོན་ནས་ཡིད་ཆས་པའི་སྐྱེ་བོ་ཉུང་ཟང་ཙམ་གྱིས་ཡོངས་སུ་བསྐོར་ནས་སྐྱེད་མོས་ཚལ་འགའ་ཞིག་ལ་རྩེ་བར་བྱས་ཏེ། རང་གི་གནས་སུ་སོང་ཞིང་མི་འམ་ཅི་མོ་དེའི་སྨྲེ་སྔགས་འདོན་པའི་སྒྲ་དེ་ཐོས་ནས་སུ་ཞིག་འདི་དུ་བ་ཡིན་སྙམ་དུ་རྣམ་པར་བསམས་ནས་རིམ་གྱིས་ཉེ་བར་འོངས་ཏེ། མིའམ་ཅི་མོ་དེ་ཨུཏྤལ་ཅན་གྱི་ལག་ཏུ་སོང་བ་མཐོང་བར་གྱུར་ཏོ། །ཨུཏྤལ་ཅན་གྱིས་ཀྱང་ནོར་བཟངས་ལ་མངོན་པར་ཕྱག་བཙལ་ནས་སྨྲས་པ། གཞོན་ནུ་ལགས་ཡིད་འཕྲོག་མ་ཞེས་བྱ་བའི་བུ་མོ། འདི་ནི་མི་འམ་ཅིའི་རྒྱལ་པོ། ལྗོན་པའི་ཤིང་རྣམས་ཀྱིས་ཁྱབ་པ། །ཚུལ་རྩེ་བར་བྱས་ནས་ནི། །ཀླུ་ནི་རིས་བཀྲའི་ཆུ་རྟེན་ལ། །མི་འམ་ཅི་མོ་གཞན་ལྷན་ཅིག །ནམ་མཁའི་དཀྱིལ་དུ་འགྲོ་བཞིན་པ། །བདག་གིས་ཞགས་པ་དོན་ཡོད་པས། །རི་དགས་མོ་བཞིན་བཟུང་བྱས་པ། །འདི་ཡང་ཁྱོད་ལ་འོས་པ་ཞིག།


DTG169_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཡང་ཡང་རྗེས་བསམས་ནས། །བདག་གིས་བཟུང་ནས་འོས་པ་སྟེ། །དེ་བས་ཁྱོད་ཀྱིས་འདི་ཟུང་ཅིག །གསེར་ལ་རིན་ཆེན་ཐུར་མ་དང༌། །ཀུ་མུ་ཏ་འབྱུང་ཟླ་འོད་དང༌། །འདི་ཡང་ཁྱེད་ལ་གནས་བཞིན་པ། །གསུམ་པོ་ལེགས་པར་མཛེས་པ་ཡིན། །འདི་ནི་ནོར་བུ་འདི་ཡི་མཐུ་ཡིས་ནམ་མཁའ་ལ། །ཡིད་འཕྲོག་གདོང་ཅན་མ་ནི་མྱུར་དུ་འགྲོ་བ་སྟེ། །དེ་བས་གསལ་བའི་འོད་ཟེར་ཅན་གྱི་ནོར་བུ་འདི། །ཟུང་མཛོད་གཞོན་ནུས་དེ་ལ་ཀུན་ནས་འཛིན་པར་འགྱུར། །དེ་ནས་རྒྱལ་པོའི་སྲས་ཀྱིས་དེ་ནི་མཐོང་ནས་ཀྱང༌། །ངོ་ཚས་ཅུང་ཟད་ཐུར་དུ་ལྟ་བ་འབྱུང་གྱུར་པ། །གློ་བུར་དུ་ནི་འདོད་པའི་ལྷ་ཡི་གླགས་ཚོལ་བ། །མདའ་རྣམས་ཀྱིས་ནི་འབེན་དུ་གྱུར་པ་འབྱུང་བར་གྱུར། །དེ་ཡང་བུང་བ་གཉིས་ལྟར་ཨུཏྤལ་མིག་ཅན་དགག་བྱས་པ། །ཡན་ལག་མེད་པ་ལྟར་ནི་གཟུགས་ནི་མཛེས་པ་དེ་མཐོང་ནས། །གཡེ་བར་གྱུར་པའི་མེ་ཏོག་མཚོན་ཆས་རྣམ་པར་རྒྱས་བཞིན་པ།། ཇི་ལྟར་ཡང་ནི་ཡན་ལག་ནུས་མེད་སྲོག་ཤིང་ཁ་གདངས་བཀག །ཨེ་མ་གལ་ཏེ་བདག་ལ་གཞོན་ནུ་འདི་ནི་ཁྱེར་གྱུར་ན། །མཛེས་པས་མེ་ཏོག་གཞུ་ཅན་གཉིས་མེད་ལྟར་ནི་དཔལ་གྱིས་ཀྱང༌། །བུད་མེད་ཀུན་ལས་ལྷག་པར་བདག་ནི་འགྱུར་ཞེས་རབ་འཛིན་ཏེ། །ཕ་དང་རྣམ་བྲལ་བྱས་པའི་སྡུག་བསྔལ་དེ་ནི་བསམས་མ་གྱུར། །ནོར་ནི་འདོད་པ་འགའ་ཞིག་ཏུ་ནི་མཐོང་ནས་གཏེར་ལྟར་ནི། །ཡུལ་གཞན་སོང་བ་ལྟར་ནི་གྲོགས་པོ་རྒུད་པ་ལ་གནས་པ། །གང་ཕྱིར་འཇིག་རྟེན་དམ་མིན་སྐྱེ་བ་མ་བརྩམས་པ་ཐོབ་ནས། །ཕལ་ཆེར་གཉེན་དང་བྲལ་བའི་སྡུག་བསྔལ་དྲན་པར་མི་འགྱུར་རོ། །ནོར་བཟངས་ཀྱིས་ནི་དེ་ནི་བླངས་ཏེ་ནོར་ལ་ཆགས་པ་ཡིས། །རྔོན་པ་དེ་ལ་ནོར་ནི་མང་བ་རབ་ཏུ་སྦྱིན་བྱས་ནས། །འགྲོ་བས་སྐད་ཅིག་ཙམ་དུ་རྒྱན་ནི་རབ་སྐྱོད་ཤིང་རྟ་ལ། །ཁྱིམ་ནི་རྟེན་གྱུར་ཡིད་ཀྱི་རེ་བའི་འབྲས་བུ་ཐོབ་པ་ལྟར། །དེ་ནས་ནོར་བཟངས་ཀྱིས་མི་འམ་ཅི་མོ་རྙེད་པའི་གཏམ་ཕ་མ་དག་ལ་སྨྲ་ཞིང་འདུག་གོ །རྒྱལ་པོ་དེས་མི་འམ་ཅི་མོ་དེ་གཞན་དང་མི་འདྲ་བའི་གཟུགས་དང་ལྡན་པ་མཐོང་ནས་གཞོན་ནུ་ཉིད་ལ་ཁྱིམ་ཐབ་ཏུ་འོས་པ་འདི་ཞེས་སྨྲས་ཏེ། །གྲོང་ཁྱེར་དེ་རྒྱལ་མཚན་དང་བ་དན་རྣམས་ཀྱིས་མཐོ་བ་དང༌། རྟ་བབས་རྣམས་ལ་མེ་ཏོག་གི་ཕྲེང་བས་ཀུན་ནས་བཅིངས་པ། ལྷའི་


DTG169_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་དང་འདྲ་བར་ལྷག་པར་མཛེས་པ་ཅན་བྱེད་དུ་བཅུག་གོ །དེ་ནས་དཔྱིད་ཀའི་ཟླ་བ་ལ་མེ་ཏོག་འབྱུང་བའི་སྣ་ཚོགས་པའི་ཤིང་རྣམས་ལ་འདོད་པའི་ལྷ་གཉིད་ལོག་པ་ལྟར་ཤིན་ཏུ་འཇམ་པའི་སྐད་ཀྱིས་ཁུ་བྱུག་མ་རབ་ཏུ་སད་པར་བྱེད་ཅིང་ཁྱོ་ཤི་བ་ལྟར་མཚན་མོ་རྣམས་རབ་ཏུ་ཐུང་བར་གྱུར་ཅིང༌། ཞག་བཟང་པོ་ལ་རྣམ་པ་སྣ་ཚོགས་པ་ངོ་མཚར་བའི་ལྟད་མོ་དང་བཀྲ་ཤིས་པར་བྱེད་བཞིན་པའི་མིའི་བདག་པོའི་ཕོ་བྲང་དུ་བག་མ་ལེན་པའི་དུས་ཤེས་ནས། རྒྱན་རྣམས་འདོགས་པ་ལ་མཁས་པའི་བུད་མེད་གཞོན་ནུ་མ་རྣམས་ཀྱིས་མི་འམ་ཅི་མོ་ལ་རྒྱན་གདགས་པའི་ཕྱིར་བརྩམས་པར་གྱུར་ཏེ། འདི་ཡི་རྣ་བ་དག་ལ་དྲི་ཞིམ་ཁ་ཕྱེ་བ། །ལ་ལ་ཞིག་གིས་ལྷན་ཅིག་བྱེད་པའི་སྙེ་མ་བཏགས། །གཞན་གྱིས་དྲི་ཞིམ་རླབས་ཅན་མགོ་ལས་སྐྱེས་པ་རྣམས། །ཟེའུ་འབྲུའི་ཕྲེང་བ་རྣམས་ཀྱིས་རྫོགས་པ་བཅིངས་པར་གྱུར། །ཡིད་འོང་མཛེས་པའི་ཡན་ལག་རྣམས་ལ་བསྒོ་བྱས་ནས། །ལ་ལ་ཞིག་ནི་བར་མེད་ཤིན་ཏུ་མཐུག་པ་ནི། །སྨུག་རྩི་དང་བཅས་འོ་མ་འཛིན་པ་དག་བྱས་གྱུར། །ལག་ངར་ཕྲ་ཞིང་ཕྲ་ལ་འཇམ་པའི་སོར་མོ་ཅན། །གོས་འཕྲོག་དང་བཅས་གཞན་གྱིས་ལག་པས་བྱས་གྱུར་ཏེ། །ལ་ལ་ཞིག་ནི་རིན་ཆེན་སྤེལ་ལེགས་ཀྱིས་སྣང་བ། །ཡིད་འཕྲོག་མུ་ཏིག་ཧར་ནི་བྲང་ལ་རྣམ་པར་བརྒྱན། །མཚོ་སྐྱེས་ཀུན་ལ་སྦྱར་བ་ཁ་བ་དང་འདྲ་བའི། །བར་མེད་བདག་པོ་རྗེས་སུ་ཆགས་པར་འདོད་པ་ནི། །ཡིད་ནི་འཕྲོག་པ་འདི་ཡི་གདོང་བར་ཁྱད་པར་ནི། །རྡུལ་གྱི་ཐིགས་པ་རྣམས་ཀྱིས་བྱས་པ་བྱུང་བར་གྱུར། །དེ་ལྟར་ཀུན་ནས་ངེས་པའི་རབ་ཏུ་བསྒྲུབས་པ་དེ། །ལྗོན་པའི་བུ་མོ་ལ་དམིགས་ལག་པའི་པདྨ་ཅན། །འདུད་པར་བྱས་པའི་གདོང་ཅན་ཡིད་འཕྲོག་མིག་ཅན་ནི། །ས་ཡི་བདག་པོའི་སྲས་ནི་གྲགས་པས་བཟུང་བར་གྱུར། །དེ་ནས་དུས་གཅིག་གི་ཚེ་ན། གཞོན་ནུས་དབེན་པར་བུད་མེད་དེ་དུས་དང་མཚུངས་པའི་ངོ་ཚ་བས་མི་སྨྲ་བའི་བརྟུལ་ཞུགས་སྤྱོད་པ་དང་འདྲ་བར་ངོ་མཚར་བས་འདི་སྐད་སྨྲ་ཞིང་འདུག་གོ །ལེགས་པའི་ལུས་ཅན་དེ་རིང་གི་བར་དུ་ཡང་བདག་ཅག་ལ་ཚིག་གི་བདུད་རྩི་རྗེས་སུ་འཛིན་པར་ཅིའི་ཕྱིར་མི་བྱེད་དེ། ཁྱེད་ནི་འདི་ལྟར་བགོ་སྐལ་མི་སྤྱོད་པའི་ངང་ཚུལ་ཅན་ཅི་ལྟར་ཡིན་ཞེས་ཟེར་ཏེ། ཁྱེད་ཀྱི་སོ་


DTG169_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་འོད་ཟེར་གེ་སར་རྩེ་མོ་ལ། །བདག་གི་ལྟ་བའི་བུང་བ་མོ་ནི་ཀུན་ནས་འཁོར། །ལྟ་བའི་ཕྱིར་ནི་མངོན་པར་འདོད་པར་བྱས་པ་ནི། །འཇིགས་མ་བཞིན་གྱི་པདྨ་ཡིད་འོང་དགོད་པ་ཡིས། །རི་བོང་ཅན་ལྟར་མཛེས་ལྡན་དུས་གཅིག་ཚེ་ན་དེས། །གཉིད་བརྫུན་བཏབ་པས་འདི་ཡི་བཞིན་ལ་ལྟ་བས་བྲེལ། །དེས་ཀྱང་ངོ་ཚས་དེར་ནི་འོས་པར་གྱུར་དེ་ལ། །གློ་བུར་དུ་ནི་མིག་ནི་ཕྱེ་ནས་བགད་པར་གྱུར། །འཁྱིལ་པའི་སྐྲ་ཡིས་གདོང་ནི་བརྒྱན་པ་དེ་ནས་ནི། །དགོད་པས་ཡང་དག་བསྟན་པའི་སོ་ཡི་རྩེ་མོ་ཅན། །རྣམ་པར་རྒྱས་པའི་མེ་ཏོག་ལ་གནས་བུང་བ་ཅན། །ཀུན་དའི་རྩི་ཤིང་གཞོན་ནུ་ལྟར་ནི་དེ་མཛེས་གྱུར།། དེ་ལྟར་དགོང་པ་འཇམ་པ་དེ་དང་ལྷན་ཅིག་ཏུ། །ལྷ་དང་ལྷ་མིན་བུད་མེད་ལྟར་ནི་ཡིད་འོང་བ། །ཡན་ལག་མེད་ལ་མཁས་པ་མི་ཡི་བདག་པོའི་སྲས། །ལོ་ནི་སྐད་ཅིག་མ་ནི་གཅིག་ལྟར་བསམས་པར་གྱུར། །དེ་ནས་དྲང་སྲོང་ཆུ་གཅོད་དང་ལྷག་པར་གནས་པའི་ཕྱོགས་ལས་བསྟན་བཅོས་དུ་མ་ཡང་དག་པར་རྟོགས་པའི་གཉིས་སྐྱེས་དག་མིང་གིས་རིགས་བཟང་པོ་དང་བརྟུལ་ཞུགས་བཟང་པོས་འོངས་ཏེ། རྒྱལ་པོ་དེ་ལ་མི་རྣམས་ཚོགས་པའི་དུས་སུ་ཞུགས་ནས་ཤིས་པ་བརྗོད་པར་བྱས་ཤིང་སྟན་ལ་ཉེ་བར་འདུག་སྟེ། བསྟན་བཅོས་ཀྱི་གཏམ་གྱིས་ངོ་མཚར་བ་བྱུང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་རིགས་བཟང་པོ་མདུན་ན་འདོན་ཉིད་ལ་ཞུགས་ཤིང་འདུག་གོ །ནོར་བཟངས་ཀྱིས་ཀྱང་ལེགས་པའི་བརྟུལ་ཞུགས་བློན་པོའི་གནས་སུ་ཞུགས་ཤིང་གནས་སོ། །དེ་ནས་དུས་འདས་པ་ན་བསྟན་བཅོས་ཀྱི་གཏམ་འབྱུང་བ་ལ། སྣ་ཚོགས་མཁས་པ་རྣམས་ཀྱི་མདུན་སར་བརྟུལ་ཞུགས་བཟང༌། །བརྙས་པས་རིགས་བཟངས་ལ་ནི་ཕམ་པར་བྱེད་འགྱུར་ཏེ། །སྨྱོན་ཆུ་དང་ལྡན་གླང་པོ་ཆེ་དག་འདྲ་བར་ནི། །དེ་དག་གི་ནི་ཡིད་དགའ་རྙོག་པ་ཅན་དུ་འགྱུར། དེ་ནས་རིགས་བཟངས་ཀྱིས་ནོར་བཟངས་བསྟེན་པ་ལ་བརྙས་པས་ལེགས་པའི་བརྟུལ་ཞུགས་ཅན་འདི་དག་ལ་ཉི་མ་རེ་རེར་སྨོད་བས་ཚ་བའི་ཚིག་གི་མདའ་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་གནོད་པར་བྱེད་པ་དེས་ན་ནོར་བཟངས་ཉིད་ཐབས་གང་གིས་སྐྱེ་བ་གཞན་དུ་ཁྱེར་བར་བྱ་ཞེས་ཟེར་རོ། །གཞོན་ནུ་འདི་ཡང་མི་འམ་ཅི་མོ་ལ་ཤིན་ཏུ་ཡང་རྗེས་སུ་ཆགས་པས་བཅིངས་པ་དེ་བས་ན་མིའམ་ཅི་མོ་ཉམས་པར་བྱེད་པའི་ཐབས་ཉིད་བདག་གིས་


DTG169_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པར་བྱ་ཞེས་རྣམ་པར་དཔྱོད་ཅིང༌། དམ་པ་མ་ཡིན་པའི་དཔྱོད་པ་འདི་ལྟ་བུ་ཡིད་ལ་བྱས་པར་གྱུར་ཏོ། །ཡིད་འཕྲོག་མ་དང་བྲལ་བས་ནོར་བཟངས་དེ་ཉིད་ནི། །མྱ་ངན་སྐྱེས་པར་གྱུར་ན་འཇིགས་པར་འགྲོ་བར་འགྱུར། །ལྷན་ཅིག་མིན་པར་ཀུན་ནས་རྣམ་པར་འཕྲོ་བའི་ལུས། །ཆུ་བོས་ཉ་ནི་རྣམ་པར་བྲལ་བར་གྱུར་པ་ལྟར། །རབ་ཏུ་སྐྱེས་པའི་ངང་ཚུལ་འཇིག་པ་ཉེར་འོངས་པ། །དེ་ལ་བརྟེན་པ་ངེས་པར་འཇིགས་པར་འགྱུར་བ་སྟེ། །ཆུ་ནི་ཟད་པར་གྱུར་པ་ཉི་མའི་འོད་ཟེར་གྱིས། །མཚོ་ལས་སྐྱེས་པ་རྣམས་ལ་མངོན་མཐོང་འབྱུང་བ་མིན། །དེ་ལྟར་གདུག་པའི་བདག་ཉིད་འདིས་མིའམ་ཅི་མོ་འཇིག་པའི་ཕྱིར་ཇི་ལྟར་དེ་དང་དེའི་ཐབས་དཔྱོད་པར་གྱུར་ཏོ། །དེ་ནས་དུས་གཅིག་གི་ཚེ་ན་གོས་ཅན་ཞེས་བྱ་བའི་རྒྱལ་པོ་མཐའ་འཁོབ་ན་གནས་ཏེ། དེས་ཀྱང་མིའི་བདག་པོ་ནོར་ཅན་གྱི་བཀའ་བཅག་པར་གྱུར་ཏོ། །དེ་ནས་ནོར་ཅན་གྱིས་གཞོན་ནུ་ནོར་བཟངས་ལ་བོས་པ།། གཞོན་ནུ་ཡན་ལག་བཞི་དང་ལྡན་པའི་དམག་ཚོགས་ཡོངས་སུ་བསྐོར་ནས་སོང་ལ་རྒྱལ་པོ་གོས་ཅན་དབང་དུ་གྱིས་ཤིག །དེ་ལྟར་བགྱི་ཞེས་བྱ་བ་ཡང་ནོར་བཟངས་ཀྱིས་ཡབ་ལ་མངོན་དུ་ཕྱག་བཙལ་ནས་ཡིད་འཕྲོག་མ་ལས་ཐོབ་པའི་གཙུག་གི་ནོར་བུ་དེ་བླངས་ནས་མའི་དྲུང་དུ་འོངས་ཤིང་ཕྱག་བཙལ་ནས་སྨྲས་པ། བདག་ཉིད་ནི་དུས་ཅུང་ཟད་ཙམ་གོས་ཅན་དང་ལྷན་ཅིག་ཏུ་བཟང་བའམ་ལྷན་ཅིག་ཏུ་འཐབ་མོ་བྱེད་པར་འགྱུར་བའི་ནོར་བུ་དེ་ནི་འདི་ཡིན་ཏེ། གང་གི་མཐུས་ཡིད་འཕྲོག་མ་ནམ་མཁའ་ལ་འགྲོ་བར་གྱུར་པ་འདི་དེ་བས་ཤིན་ཏུ་སྦ་བར་འོས་ཏེ། གང་གི་ཚེ་ཡིད་འཕྲོག་མ་ལ་ཅུང་ཟད་སྲོག་ལ་ཐུག་པ་སྐྱེས་པར་གྱུར་ན་དེའི་ཚེ་ནོར་བུ་འདི་དེ་ལ་རབ་ཏུ་སྦྱིན་པར་བྱའོ་ཞེས་པ་སྨྲས་ནས། ནོར་བུ་དེ་མའི་ལག་པར་གཞག་ཅིང་རང་གི་ཕོ་བྲང་དུ་འོངས་ཏེ། མིའམ་ཅི་མོ་མཆི་མའི་ཆུས་མིག་བསྒྲིབས་པ་ལ་དྲིས་ཏེ། འཁྱུད་ནས་ཤིང་རྟ་མཆོག་ལ་གནས་ཏེ། དམག་ཚོགས་ཀྱིས་ཡོངས་སུ་བསྐོར་བ་རང་གི་ཕོ་བྲང་ནས་བྱུང་བར་གྱུར་ཏེ། དེ་ནས་རྒྱ་ཆེན་པོའི་སྐར་ཁུང་ལ་གནས་པ། །ལྗོན་པའི་བུ་མོ་མཆི་མས་གདོང་ནི་རྣམ་དག་པ། །གཡོ་བ་མེད་པའི་མིག་ཅན་མྱ་ངན་དང་བཅས་པ། །དེས་ནི་ནོར་ཅན་བདག་སྐྱེས་ཤིན་ཏུ་རིང་བར་མཐོང༌། །མིག་


DTG169_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཆུ་ཡི་ཐིགས་པའི་ཕྲེང་བ་རྣམས་གཏོང་ཞིང༌། །གསེར་གྱི་རང་བཞིན་སྐུ་གཟུགས་འདྲ་བ་གནས་པ་ནི། །ཇི་ལྟར་ཡང་ནི་བསྐོར་ཏེ་མྱ་ངན་གྱིས་དེ་ལ། །དེ་ལ་མི་སྐྱོང་དེ་སྲས་ཀྱང་ནི་རིང་ནས་བལྟ་བར་གྱུར། །དེ་ནས་མིག་གི་ལམ་ནས་ནོར་བཟངས་སོང་གྱུར་ལ། །ཤིན་ཏུ་རིང་པོར་མིའམ་ཅི་མོ་ཕྲད་འདོད་པ། །བྲལ་བའི་མདའ་རྣམས་ཀྱིས་ནི་རིམ་གྱིས་ཕོག་པ་ནི། །ཀུན་ནས་ཁྱབ་པ་དམག་གི་དབུས་སུ་ལྷུང་བར་གྱུར། །དགའ་བོ་རྣམ་པར་བྲལ་བ་ཡང་ནི་འདི་ལྷུང་གྱུར། །ཕྲད་པའི་རེ་བ་ཡང་ནི་སྙིང་ལ་འདོགས་པར་བྱེད། །སོ་གའི་དུས་ན་ལམ་གྱི་དུ་བ་པས་སྡུག་བསྔལ་བས། །སྐྱེ་བོ་སྐོམ་པས་གདུངས་པ་ལ་ནི་ཆུ་ཀླུང་བཞིན། །གྲོགས་མོ་ཞུམ་པ་རྣམ་པར་དོར་ཅིག་དགྲ་ཀུན་ལས་ནི་རྒྱལ། །དོན་གྲུབ་ཁྱོད་ཀྱི་མཛའ་བོ་སླར་ཡང་ཉེ་བར་འོང་གྱུར་ཏེ། །དེ་ལྟར་དེ་ནི་མིག་གི་མཆི་མས་གདོང་ནི་བངས་བྱས་ཤིང༌། །གྲོགས་མོ་རྣམས་ཀྱི་ཚོགས་ཀྱིས་ཤིན་ཏུ་རིང་བར་བསྟན་པར་བྱས། །དེ་ལྟར་དེ་གྲོགས་མོའི་སྐྱེ་བོའི་ལག་པ་དག་གིས་མཆི་མ་དང་བཅས་པའི་མིག་གིས་ཨུཏྤལ་ཕྱིས་པར་གྱུར་པ། དབུགས་རིང་བའི་དབང་གིས་ཅུང་ཟད་མངོན་པར་གསལ་བར་གྱུར་བ་སོའི་ནོར་བུའི་འོད་ཟེར་རྣམས་ཀྱི་བཞིན་གྱི་ཟླ་བ་ལྟ་བར་བྱས་པ་ནོར་བཟངས་དང་རྣམ་པར་བྲལ་བའི་སྡུག་བསྔལ་མི་བཟད་པར་གྱུར་པ་ཇི་ལྟར་ཡང་བདག་ཉིད་འཛིན་ཅིང་གནས་སོ། །དུས་སོང་བ་དང་ཁྲུས་གཅིག་པུས་སྐྲ་ཡགས་པ་འཛིན་པ། བཀྲ་ཤིས་པ་ཙམ་གྱིས་ལག་གདུབ་བཅིང་བ་འགྲམ་པའི་མཐིལ་དུ་འཕྱང་ཞིང་འཁྱོག་པའི་སྐྲ་རྣམས་ཡང་དང་ཡང་དུ་རྣ་བའི་བར་དུ་འཛུགས་སོ། །དགའ་བ་བྲལ་བའི་ཞག་རྣམས་དྲན་པའི་ཕྱིར་ནི་གང་དང་གང༌། །ས་ལ་དམར་བའི་འོད་ཅན་སེན་མོས་རི་མོ་བྱས་གྱུར་པ། །དེ་དང་དེར་ནི་ཡངས་ཤིང་གཡོ་བའི་མིག་རྫིའི་རྩེ་མོས་འབིགས། །མུ་ཏིག་སྐུད་ལྟར་འོད་ལྡན་མཆི་མ་རྣམས་ཀྱིས་ཀུན་ཕྱི་གྱུར། །དེ་ནས་ནོར་བཟངས་ལ་བགྲོད་པར་དཀའ་བ་ལ་བརྟེན་པའི་གོས་ཅན་དེ་དང་ལྷན་ཅིག་ཏུ་མཐུན་པའམ་རྩོད་པ་བྱེད་ཅིང་ཅུང་ཟད་མ་ཚང་བའི་ལོ་འདས་པར་གྱུར་ཏོ། དེ་ནས་དུས་གཅིག་གི་ཚེ་ན་རྒྱལ་པོ་ནོར་ཅན་དེ་ཐོ་རངས་ཀྱི་དུས་ན་ལངས་ཏེ་དབེན་པར་འདུག་ནས་མདུན་ན་འདོན་ལ་བོས་ཏེ། རྨི་ལམ་འདི་ལྟར་སྨྲ་ཞིང་གནས་ཏེ། རྨི་ལམ་དུ་ནི་དགྲ་བོ་རྣམས་ཀྱིས་


DTG169_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ལྟོ་དྲལ་ནས། །གྲོང་ཁྱེར་འདི་ནི་རྒྱུ་མ་རྣམས་ཀྱིས་ཀུན་ནས་དཀྲིས་བྱས་པ། རྨི་ལམ་འདི་ཡི་འབྲས་བུ་ཅི་ཞིག་འབྱུང་བར་འགྱུར་བ་ཞེས། །ཐམས་ཅད་མཁྱེན་འདྲ་ཁྱོད་ཀྱིས་མ་ལུས་པ་ཉིད་གསུངས་པར་མཛོད། །དེ་ནས་མདུན་ན་འདོན་གྱིས་དེ་ལྟར་ལགས་མོད་ཀྱིས་ཀྱང་བདག་གིས་དགའ་བར་འགྱུར་བའི་ཐབས་རྙེད་པར་བྱ་ཡི། རྒྱལ་པོ་འདིས་རྨི་ལམ་མཐོང་ནས་མིའམ་ཅི་མོ་འཇིག་པའི་ཕྱིར་བདག་གིས་ཕྱིན་ཅི་ལོག་ཏུ་བརྗོད་པ་བྱའོ་སྙམ་དུ་རྣམ་པར་བསམས་ཏེ་འདུག་པའི་བདག་ཉིད་དེས་རྒྱལ་པོ་ལ་གསོལ་པ། ལྷ་ལགས་བདག་གིས་རྨི་ལམ་གྱི་འབྲས་བུ་ནི་ལེགས་པར་མ་མཐོང་སྟེ། །ཟླ་བ་གསུམ་ན་འཆི་བ་ནི། །མི་བདག་ཁྱོད་ལ་འབྱུང་འགྱུར་ཏེ། །མཐོ་རིས་ལས་ནི་ལྷ་རྣམས་ལྟར། །རྒྱལ་སྲིད་ཆེ་ལས་འཚོ་བར་འགྱུར། །དེ་ནས་རྒྱལ་པོ་དེ་འཆི་བའི་འཇིགས་པས་མདུན་ན་འདོན་དེ་ལ་སྨྲས་པ། སླར་ཡང་དུས་མ་ཡིན་པའི་འཆི་བ་གང་གིས་བདག་འཇིག་རྟེན་ཕ་རོལ་དུ་མི་འགྲོ་བ་དང་རྒྱལ་སྲིད་ལས་ཀུན་ནས་ཉམས་པར་མི་འགྱུར་བ་དེ་ལྟར་ཐབས་འགའ་ཞིག་རྙེད་པར་འགྱུར་རམ། །མདུན་ན་འདོན་གྱིས་སྨྲས་པ། ཐབས་ཤིག་ཡོད་དེ་གལ་ཏེ་ལྷས་དེ་མཛད་པར་ནུས་ན་དེའི་ཕྱིར་བདག་གིས་བརྗོད་པར་བགྱིའོ། །རྒྱལ་པོས་གསུངས་པ། སྡུག་བསྔལ་རྣམས་ཀྱིས་ཀྱང་གནོད་པ། །ཡུན་རིང་འཚོ་བར་འདོད་པ་སྟེ། །འབྱུང་བའི་ངང་ཚུལ་འདོད་མི་ཆགས། །རྟག་ཏུ་བདེ་ལྡན་སྨོས་ཅི་དགོས། །དེ་བས་ན་བདག་གིས་རང་གི་སྲོག་གི་དོན་དུ་བྱ་དཀའ་བ་ཡང་བགྱིད་པས་བླ་མ་རྣམས་ཀྱིས་བརྗོད་པར་འོས་སོ། །མདུན་ན་འདོན་གྱིས་སྨྲས་པ། གལ་ཏེ་དེ་ལྟར་ཡིན་ན་དེ་བས་ན་རྒྱལ་པོ་ཆེན་པོས་གསན་པར་འོས་པ་སྟེ། རྫིང་བུ་ཡངས་པ་མཆོད་སྦྱིན་ལ། །ཕྱུགས་རྣམས་ཁྲག་གིས་བཀང་བྱས་པར། །ཞུགས་ཏེ་དེ་ནས་སྦྱིན་པ་ནི། །གཉིས་སྐྱེས་རྣམས་ལ་རབ་བྱིན་ནས། །མིའམ་ཅི་མོའི་ཚིལ་གྱི་མེ། །ཁྱེད་ཉིད་ཀྱིས་ནི་སྦྱིན་བསྲེག་བྱ། །དེ་ནས་རྒྱལ་སྲིད་འདི་བསྲུང་ཞིང༌། །ཡུན་རིང་འཚོ་བར་འབྱུང་བར་འགྱུར། །རྒྱལ་པོས་གསུངས་པ། དམ་པ་མཆོད་སྦྱིན་ལས་འབྱུང་བའི། །ཆོ་ག་འདི་ནི་བྱ་དཀའ་ཡིན། །མི་འམ་ཅི་མོའི་ཚིལ་བུ་ནི། །འདི་ནི་ག་ལས་འབྱུང་བར་འགྱུར། །མདུན་ན་འདོན་གྱིས་སྨྲས་པ། །དངོས་པོ་ཉེ་བར་གནས་ལ་


DTG169_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལྷ་ལ་ཀུན་ནས་ཁྱབ་པ་འདི་ཉིད་འདི་ལྟར་ཅིའི་ཕྱིར་ཏེ། ཁྱིམ་ཐབ་མོ་འདི་ནོར་བཟངས་ཀྱི། །རྒྱལ་དེར་མིའམ་ཅི་མོ་ཡོད། །མཆོད་སྦྱིན་གྱི་ནི་ཆོ་ག་ལ། །ཆོ་གའི་སྔོན་འགྲོར་དེ་བསད་བྱ། །རྒྱལ་པོས་གསུངས་པ། འདི་ནི་བྱ་དཀའ་བར་བདག་གིས་མཐོང་བ་སྟེ། སྲོག་རྣམས་ནོར་བཟངས་ཀྱི་ནི་དོར། །མིའམ་ཅི་མོ་ལ་གནས་པ། །གལ་ཏེ་དེ་ནི་མེད་འགྱུར་ན། །བདག་གི་བུ་ཡི་སྲོག་གཏོང་འགྱུར། །མདུན་ན་འདོན་གྱིས་སྨྲས་པ། བུའམ་དེ་བཞིན་ཆུང་མ་དང༌། །ནོར་རྣམས་མང་བ་དེ་བཞིན་དུ། །བདག་ཉིད་བསྲུང་བའི་དོན་དུ་ནི། །ས་སྐྱོང་རྣམས་ཀྱིས་འདི་ཐམས་ཅད། །འཚོ་ཞིང་གཞན་དབང་ཡོན་ཏན་ཅན། །ཁྱོད་ཀྱི་བུ་རྣམས་འབྱུང་འགྱུར་ཏེ། །ལུས་ཅན་འཆི་བ་འགྲོ་བ་ལ། །མཉེས་གཤིན་པ་ཡང་རྗེས་འགྲོ་མིན། །འཚོ་ཞིང་བདེ་བ་མ་ལུས་ཉམས་སུ་མྱོང་བའི་འཇིག་རྟེན་ལ། །དགའ་བ་རྣམས་ནི་མཐོང་དང་སྣ་ཚོགས་གཏམ་ནི་ཐོས་ཡིན་ཏེ། །དགེ་བ་དེ་དེ་འཇིག་རྟེན་ཕ་རོལ་ས་བོན་བྱེད་པ་ནི། །དེ་བས་བདག་ཉིད་གསལ་བའི་བློ་ཅན་གྱིས་ནི་ཡོངས་སུ་བསྐྱང༌། །དེ་ནས་རྒྱལ་པོ་དེས་ཡང་དག་པར་འཕགས་པས་སྨྲས་པ་ཞེས་བྱ་བ་སྨྲས་སོ། །དེ་བས་ན་མཆོད་སྦྱིན་གྱི་ཆོ་ག་རྩོམ་པར་མཛོད་ཅིག །དེ་ནས་སྡིག་ཅན་དེས་ཨེ་མ་ཐབས་འདི་ནོར་བཟངས་འཇིག་པའི་ཕྱིར་གྲུབ་པོ་སྙམ་ནས་རང་གི་ཁྱིམ་དུ་འོངས་ཏེ། མཆོད་སྦྱིན་གྱི་ཆོ་ག་བརྩམས་པར་གྱུར་ཏོ། །མིའམ་ཅི་མོ་འཇིག་པའི་གཏམ་འདི་ཡོལ་བས་ཆོད་པའི་བཙུན་མོས་ཐོས་ནས་མིག་མཆི་མ་དང་བཅས་པས་དབེན་པའི་གནས་སུ་མིའམ་ཅི་མོ་ལ་སྨྲས་ནས་ཡང་འདི་སྐད་ཅེས་སྨྲས་པར་གྱུར་ཏེ། བུ་མོ་ཇི་སྲིད་འདིར་ནི་མཆོད་སྦྱིན་བྱ་བའི་དུས་མིན་པར། །མི་སྐྱོང་ཕན་པའི་ཕྱིར་ནི་མདུན་ན་འདོན་གྱིས་གསོད་པ་ནི། །སླར་ཡང་གཙུག་གི་ནོར་བུ་འདི་ནི་སྤྱི་བོ་ལ་བཅིངས་པ། །དེ་སྲིད་ཁྱོད་ཀྱིས་ཕ་ཡི་ཁྱིམ་དུ་ནམ་མཁའ་ནས་འགྲོ་མཛོད། །ཁྱོད་ནི་འཚོ་ན་ཡུན་རིང་པོར།། ནོར་བཟངས་འཚོ་བར་བདག་གིས་མཐོང༌། །གལ་ཏེ་ཁྱོད་ནི་མེད་གྱུར་ན། །བདག་གི་བུ་ག་ལ་མཐོང་བ། །བཙུན་མོའི་ཚིག་འདི་ཐོས་ནས་ནི། །འཇིགས་པས་མིག་ནི་ཀུན་དུ་ཁྱབ། །རི་དགས་མོ་ནི་མདས་ཕུག་ལྟར། །ཡིད་འཕྲོག་མ་ནི་འདར་བར་གྱུར། །དེ་ནས་བཙུན་མོས་གཙུག་གི་


DTG169_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་བཅིངས་པའི་མི་འམ་ཅི་མོ་ལ་སླར་སྨྲས་པ། མཆོད་སྦྱིན་ལ་གནས་པའི་རྒྱལ་པོ་ལ་བདག་ཉིད་བསྟན་པར་བྱས་ནས་ཁྱོད་ཀྱིས་ཀྱང་པའི་ཁྱིམ་དུ་འགྲོ་བར་གྱིས་ཤིག་དེ་ལྟར་བྱས་ནས་བདག་ལ་སྐྱོན་འབྱུང་བར་མི་འགྱུར་ཞེས་སྨྲས་པ་ལ། དེ་ལྟར་བགྱིའོ་ཞེས་བཙུན་མོ་ལ་ཕྱག་བཙལ་ནས་མཆི་མ་དང་བཅས་པ་དང༌། སའི་བདག་པོའི་སྒོ་བ་ཐོག་མར་འོངས་པས་བརྟེན་པ་དང་མི་ལྡན་པ་རྣམས་ཀྱིས་ཀུན་ནས་བསྐོར་བ་བྱུང་སྟེ། མཆོད་སྦྱིན་ལ་མངོན་པར་ཕྱོགས་པས་ཆས་པ་འདི་ལྟར་བསམས་པར་གྱུར་ཏེ། སླར་ཅི་ནས་ཀྱང་བདག་གིས་གཞོན་ནུ་མཐོང་བར་འགྱུར་རམ་ཞེས་བྱ་བ་ཡང་དང་ཡང་དུ་མཆི་མའི་ཐིགས་པའི་ཕྲེང་བ་བར་མ་ཆད་པའི་མུ་ཏིག་བརྒྱུད་པ་དང་འདྲ་བ་རྣམས་ཀྱིས་གསེར་གྱི་པདྨ་ཁ་ཟུམ་པའི་རྣམ་པ་ཅན་གྱི་འོ་མ་འཛིན་པ་གཉིས་བངས་པར་གྱུར་ཏོ། །དེ་ཡང་འོངས་པར་གྱུར་བཞིན་པ་མཐོང་ནས། ནོར་བཟངས་ཀྱི་འཁོར་གྱི་སྐྱེ་བོ་མཆི་མ་དང་བཅས་པའི་མིག་ཅན་རིམ་གྱིས་ཕན་ཚུན་དུ་སྨྲས་པ། གཞོན་ནུ་ཤིར་ཤ་ལྟ་བུར་འཇམ་པའི་ལུས་ཀྱི་སྲོག་ཤིང་ནི། །འཆི་བ་ཞེས་བྱ་ཕྱིར་ནི་ཡང་ཡང་མཆི་མས་ཁྱབ་པའི་མིག །མཆོད་སྦྱིན་ཤེས་པ་རྣམས་ཀྱིས་འདི་ནི་གསོད་པར་འགྱུར་བའི་ལུས། །གསོན་བཞིན་པ་ནི་ལྟ་བའི་དོན་དུ་སུ་ཞིག་གིས་ནུས་འགྱུར། །ཁྱུ་ནས་ཡར་བའི་རི་དགས་ཕྲུ་གུ་ལྟར་ནི་གཡོ་བའི་མིག །སྐྲག་པ་བྱུང་བས་སྐད་ཅིག་ཆད་ཅིང་རང་བཞིན་གྱིས་ནི་འཇིགས། །འདི་འདྲའི་སྐྱེ་བོ་ལ་ཡང་གང་ཞིག་ས་སྐྱོང་རྣམས་ཀྱི་སྙིང༌། །ཀྱེ་མ་རྩུབ་པས་བདག་གི་དོན་དུ་གསོད་པ་ལ་ཡང་མངོན་པར་ཕྱོགས། །དེ་ནས་མདུན་ན་འདོན་པ་དེས་མིའམ་ཅི་མོ་འོངས་པ་མཐོང་ནས་མིའམ་ཅི་མོ་འདིར་རྙེད་པ་རྙེད་པ་སྟེ། རྒྱལ་པོ་ཆེན་པོ་ཁྲག་གི་རྫིང་བུར་ཀུན་ནས་ཞུགས་པར་འོས་སོ་ཞེས་ཟེར་རོ། །དེས་ཀྱང་དེ་ལྟར་བྱ་ཞེས་སྨྲས་ནས། རྒྱལ་པོ་དེ་ཡང་ལངས་ཏེ། མིའམ་ཅི་མོ་དེ་ཡང་ནམ་མཁའི་དཀྱིལ་དུ་སོང་ནས། །བདག་ཉིད་ལ་གནས་པ་སྨྲས་པར་གྱུར་པ། སླར་ནི་ནོར་བཟངས་མཐོང་འགྱུར་རམ། །འཇིག་རྟེན་ལ་བྱམས་འཚོ་བཞིན་པ། །དེ་ལྟར་རྒྱལ་པོའི་ཁྱིམ་སྤངས་ནས། །བདག་ནི་ཕ་ཡི་ཁྱིམ་དུ་འགྲོ། །དེ་སྐད་སྨྲས་ནས་རླུང་གི་ལམ་ནས་རང་གི་ཁྱིམ་དུ་འོངས་ཏེ་འདི་ནི་རྨི་ལམ་ཡིན་ནམ་འོན་ཏེ་ཅི་ཞིག་སྒྱུ་མ་ཡིན།།


DTG169_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་ཅི་ཞིག་འདི་ནི་བདག་གི་བུ་མོ་སྙམ་དུ་སེམས་ཤིང་དགའ་བས་མཆི་མའི་ཐིགས་པ་བྱུང་བར་གྱུར་པ་ལས་མིག་གི་རྫི་མ་རློན་པར་བྱས་ཏེ། དེ་ནས་ཕ་ལ་ཀུན་ནས་མཉེས་བྱས་ཤིང༌། །མིའམ་ཅི་མོས་མྱུར་དུ་མ་ལ་ཡང༌། །དགའ་བའི་ཡིད་ཅན་སྤུན་ཟླ་མོ་རྣམས་ཀྱང༌། །དགོད་པས་མཚོན་བྱ་ཡིད་འོང་སོ་ཕྲེང་འོད། །དེས་ཀྱང་བདག་ཉིད་ཀྱི་གཏམ་དེ་ལ་རིམ་པ་བཞིན་དུ་ཐམས་ཅད་སྨྲས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ནོར་ཅན་གྱིས་འདི་ཅི་ཞིག་ཡིན་སྙམ་དུ་རྟོག་པར་བྱེད་ཅིང་འོག་ཏུ་ལྟ་བས་ཡང་དག་པར་གནས་པར་གྱུར་ཏོ། །འདུག་པའི་བདག་ཉིད་ཅན་མདུན་ན་འདོན་པ་དེ་ཡང་ཡང་དག་པར་འོངས་ཏེ་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་ཏེ། སྨར་སེར་སྐྱའི་ཚོགས་ལྡན་པ། །མེ་སྟག་ལྟར་ནི་སེར་བའི་མིག །བྲམ་ཟེ་སྲིན་པོས་གང་དུ་ཡང༌། །སྟག་གིས་རི་དགས་འདི་བཞིན་ཁྱེར། །དེ་བས་རིག་བྱེད་ལས་གསུངས་གཞན། །ཞི་བའི་རྒྱུ་ཅན་ལས་རྣམས་ཀྱིས། །ཁྱེད་ནི་ཚེ་ལྡན་བྱེད་འགྱུར་བ། །དེ་བས་སྡུག་བསྔལ་དོར་བར་མཛོད། །རྒྱལ་པོས་དེ་ལྟར་བགྱིའོ་ཞེས་སྨྲས་ནས་བྲམ་ཟེ་རྣམས་ལ་སྦྱིན་པ་བྱིན་ཏེ་མདུན་ན་འདོན་དང་ལྷན་ཅིག་རང་གི་ཕོ་བྲང་དུ་འོངས་པར་གྱུར་ཏོ། །དེ་ནས་མདུན་ན་འདོན་གྱིས་འདི་ལྟར་མི་འམ་ཅི་མོ་འཇིག་པ་མེད་ཀྱང་རྣམ་པ་ཐམས་ཅད་དུ་གཞོན་ནུ་འཇིག་པའི་ཐབས་གྲུབ་པ་ཉིད་དོ་སྙམ་དུ་བསམས་པར་གྱུར་ཏོ། །ཅིའི་ཕྱིར་ཞེ་ན་ཕོ་བྲང་དཔལ་ལྡན་སྤངས་ན་ནི། །མིའམ་ཅི་མོ་འདི་སོང་བ། །དེ་ལྟར་ཐོས་ནས་གང་དུ་ཡང༌། །ནོར་བཟངས་ངེས་པར་སྲོག་གཏོང་འགྱུར། །ནོར་བཟངས་འཇིག་པ་ཐོབ་པ་ལ། །སྐྱེ་ངན་ལེགས་པའི་བརྟུལ་ཞུགས་ཅན། །བློན་པོ་ཉིད་ལས་དེ་ལྷུང་བྱ། །འགྲམ་གྱི་ཤིང་ལ་ཆུ་ཚོགས་ལྟར། །དེ་ནས་ཡིད་འཕྲོག་ནོར་བཟངས་དང་བྲལ་བའི་སྡུག་བསྔལ་གྱིས་ལུས་སྲབ་པའི་ལུས་ཀྱི་སྲོག་ཤིང་ཀུན་ནས་སྐྱ་བ་རྒྱུ་ཞིང་ཡངས་པའི་སྐྲ་འཁྱིལ་བའི་རྩེ་མོས་འགྲམ་པའི་མཐིལ་དུ་འདྲེས་པ། སླར་ཅི་ཞིག་བདག་གིས་གཞོན་ནུ་མཐོང་བར་འགྱུར་རམ། འོན་ཏེ་མིན་སྙམ་དུ་སེམས་པའི་མིག་གི་མཆི་མའི་ཐིགས་པ་སྐྱེས་པས་འོ་མ་འཛིན་པ་དག་བངས་པ། རྣམ་པ་ཐམས་ཅད་དུ་བདག་མེད་པས་གཞོན་ནུ་དེ་མངོན་པར་དགའ་བར་འགྱུར་རམ་མི་འགྱུར་བ་དེ་བས་ན་དེ་ལ་འདིར་འོངས་པའི་ཕྱིར་ལམ་རབ་ཏུ་སྟོན་པར་བྱེད་པའི་ཡི་གེ་རྣམས་ཀྱི་རྟེན་དང་སྨན་བདུད་རྩི་ཞེས་བྱ་བ་


DTG169_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བླངས་ཏེ། དྲང་སྲོང་ཆེན་པོ་དེའི་དྲུང་དུ་བདག་གིས་མངོན་པར་འགྲོ་བར་བྱའོ་སྙམ་དུ་རྣམ་པར་བསམས་ནས་གློ་བུར་ཉིད་དུ་ནམ་མཁའི་དབུས་ནས་སོང་ནས་དྲང་སྲོང་དེ་ཅན་ཀུན་ནས་ཉེ་བར་འོངས་ནས། གསོང་པོར་སྨྲ་བས་ཕྱོགས་གཅིག་ཏུ་འདུག་ནས་མངོན་པར་སྨྲས་པ། རི་དགས་དགྲས་ནི་བདག་ནི་འཛིན་བྱེད་ཐུབ་ཆེན་པོ། །བརྩེ་བ་དང་ལྡན་འཆི་བའི་ལམ་ནི་འཛིན་བྱེད་པ། །ཁྱོད་ཀྱིས་ཨེ་མ་དཀའ་ཐུབ་འབྲས་བུ་ཆེན་པོ་བརྙེས། །ལྗོན་པའི་བུ་མོ་མི་འམ་ཅི་མོ་དེ་ཉིད་ཉེར་འོངས་པ། །ཞེས་ནི་ཇི་སྲིད་བདག་ལ་སླར་ཡང་སྡུག་བསྔལ་བར་མི་འཇོག །སྙིང་རྗེའི་བདག་ཉིད་ཁྱེད་ལ་ཅུང་ཟད་སྨྲ་བར་བྱས་ནས་ནི། །དེ་སྲིད་དུ་ནི་རླུང་གི་ལམ་ནས་མྱུར་བར་རབ་ཏུ་འགྲོ། །ཐུབ་པས་སྨྲས་པ། བཟང་མོ་བདག་ལ་འདི་ལྟར་ཤིན་ཏུ་དགོས་པ་བྱ་བར་ཁྱོད་འོས་པ་མ་ཡིན་ཏེ། རྔོན་པ་འདི་ཡིས་དོན་ཡོད་པ། །ཞགས་ཆེན་ཡོད་ཅེས་མི་ཤེས་ཤིང༌། །དྲང་པོ་ཉིད་དུ་བདག་གིས་ནི། །དེ་ཚེ་བདེན་པར་ཁྱེད་གཏམ་བྱས། །གནོད་བྱེད་ལ་ཡང་སྡང་བ་ནི། །བདག་ལ་མེད་ན་ཁྱོད་ཅི་སྨོས། །མི་ཤེས་པས་བྱས་བདག་གི་སྐྱོན། །དེ་བས་ཡིད་འཕྲོག་མ་བཟོད་མཛོད། །དེ་ནས་མིའམ་ཅི་མོ་དེས་དྲང་སྲོང་དེ་ལ་མངོན་དུ་ཕྱག་བཙལ་ནས་སྨྲས་པ། གང་ཞིག་བདག་གིས་རྩུབ་སྨྲས་པ། །ཁྱོད་ཀྱི་སེམས་ལ་རབ་ཚ་བ། །བརྟན་པ་དམིགས་ནས་དེ་ཐམས་ཅད། །བདག་ལ་ཡང་ནི་བཟོད་པར་འོས། །སྨན་ཆེན་བདུད་རྩི་འདི་དང་ནི། །དམ་པ་ཡི་གེ་འདི་ཡང་ནི། །བདག་ཉིད་ཆེན་པོ་དེ་ཉིད་ལ། །སོར་གདུབ་འདི་ཡང་སྦྱིན་པར་མཛོད། །དེ་ཡང་ཁྱེད་ཀྱིས་བདག་གི་ཚིག་གིས་འདི་ལྟར་བརྗོད་པར་མཛོད་ཅིག་ཅི་ལྟར་བདུད་རྩི་འདིས་མ་སྨིན་པ་བཀྲེས་པ་དང་སྐོམ་པ་དང་ངལ་བ་བསལ་བའི་ཕྱིར་ཉེ་བར་སྦྱར་བར་བྱས་ནས་ཡི་གེ་འདི་མཐོང་སྟེ། མིའམ་ཅིའི་རྒྱལ་པོ་ལྗོན་པའི་ཕོ་བྲང་དུ་འོང་བར་མཛོད་ཅིག་ཅེས་སྨྲས་ཏེ། ཐབས་ཡོད་པ་དང་བརྩོན་འགྲུས་དང༌། །བདག་ལ་མཉེས་གཤིན་ཆེན་པོས་ནི། །བྲལ་བས་དུབ་པ་བདག་བལྟ་ཕྱིར། །ཁྱོད་ནི་ཅི་ལྟར་འོང་མི་འགྱུར། །གཞན་ཡང་དྲང་སྲོང་ཆེན་པོ། བུད་མེད་རྣམས་ཀྱི་ཉལ་པོའི་གཏམ། །བླ་མ་རྣམས་ཀྱི་མདུན་མི་རིགས། །བྱ་བ་ལ་གུས་འདི་དག་


DTG169_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ངོ་ཚ་ངེས་པར་འགེགས་པར་བྱེད། །ཐུབ་པས་སྨྲས་པ། ཁྱོད་ཀྱི་གཏམ་འདི་ཐམས་ཅད་བདག་གིས་ནོར་བཟངས་ལ་སྨྲ་བར་བྱ་ཡིས་ཁྱོད་ནི་བདེ་བར་འདུག་ཅིག་ཅེས་ཟེར་རོ། །དེ་ནས་མི་འམ་ཅི་མོ་དེ་དྲང་སྲོང་དེ་ལ་གསོང་པོར་སྨྲས་ནས། སླར་ཡང་ནམ་མཁའི་དབུས་སུ་སོང་སྟེ་ཡབ་ཀྱི་ཕོ་བྲང་དུ་ཉེ་བར་སོང་བར་གྱུར་ཏོ། །ཡུན་རིང་པོ་མ་ཡིན་པར་སོང་བ་དེ་ལ་ཡང༌། ས་བདག་དེ་ནི་དཔུང་གི་སྟོབས་ཀྱིས་རྒྱལ་ནས་རྒྱལ་བ་པོ། །ཡོན་ཏན་ནོར་ཅན་ནོར་བཟངས་ཀྱིས་ནི་དེ་ལས་ནོར་འཛིན་ཏེ། །བདག་ཉིད་ཆེན་པོས་དེ་ལ་རང་གི་ཡུལ་ནི་རབ་བྱིན་ནས། །ཉི་མ་ནུབ་ནས་དཔལ་ལྡན་ཡབ་ཀྱི་གྲོང་ཁྱེར་འོངས་པར་གྱུར། །ལྗོན་པའི་བུ་མོ་ཡན་ལག་སྐེམས་པ་བདག་གིས་མཐོང་འགྱུར་རམ། །རང་གི་མཛེས་པས་རི་བོང་ཅན་གྱི་ཆ་ལྟར་མཛེས་པ་བཞིན། །དེ་ལས་ཀུན་ནས་འབྲི་ཞིང་ཡིད་རེའི་སྐྱ་རིས་ཀྱིས། །འདི་ལྟར་ཡང་ནས་ཡང་དུ་ཕྲད་འདོད་འདིས་ནི་བསམས་པར་གྱུར། །ཕྱི་ནས་རིམ་ཀྱིས་ཉེ་བར་འོངས་ཏེ་ལག་པ་གཉིས་ཀྱིས་ནི། །དེ་ཡི་མིག་གཉིས་གློ་བུར་དག་ཏུ་འགེབས་གྱུར་པ། །དེ་ལྟར་ཕྲད་པར་འདོད་པའི་ངོ་མཚར་བདག་གིས་དི་རིང་ནི། །ཉི་མ་འདས་པར་ཡང་ནི་རབ་ཏུ་དགའ་བས་མཚོན་པ་མིན། །དེ་ནས་ནོར་ཅན་གྱིས་ནོར་བཟངས་རྣམ་པར་རྒྱལ་བ་རྙེད་ནས་གྲོང་ཁྱེར་དང་ཉེ་བར་འོངས་པ་ཐོས་ནས། ནོར་བཟངས་ལ་གློ་བུར་ཉིད་དུ་མིའམ་ཅི་མོ་དང་བྲལ་བ་བརྗོད་པར་བྱ་བ་མ་ཡིན་ཏེ། ནམ་ཞིག་དེས་ཐོས་ནས་སྲོག་ཉིད་ཡོངས་སུ་དོར་བར་འགྱུར་སྙམ་དུ་རྣམ་པར་བསམས་ནས། སྒོ་བ་ལ་སྨྲས་པ། སོང་ལ་ནོར་བཟངས་ལ་འདི་སྐད་ཅེས་སྨྲོས་ཤིག །སྐྱེད་མོས་ཚལ་དུ་མཚན་མོ་གཅིག །ལོ་གཅིག་དང་འདྲ་བཀས་སྡོད་མཛོད། །དེ་ནས་ནང་པར་ཞག་བཟང་ལ། །བུ་ཁྱོད་ཕོ་བྲང་དུ་ཞུགས་ཤིག །སྒོ་བ་དེས་ཀྱང་རྒྱལ་པོའི་བཀའ་བཟུང་ནས་ནོར་བཟངས་ཅན་དུ་ཉེ་བར་འོངས་ཏེ་དེ་སྐད་ཅེས་སྨྲས་པར་གྱུར་ཏོ། །ནོར་བཟངས་ཀྱིས་ཀྱང་དེ་ལྟར་བྱའོ་སྙམ་དུ་བསམས་ནས་སྐྱེད་མོས་ཚལ་དུ་ཞུགས་ཏེ། མལ་གྱི་སྟེང་དུ་ལྷག་པར་གནས་ནས་ཡིད་འཕྲོག་མ་དང་བྲལ་བའི་སྡུག་བསྔལ་བ་ཉིད་ཀྱིས་གཉིད་ཀྱིས་ཕེབས་པར་མ་གྱུར་ཅིང་འདི་སྙམ་དུ་སེམས་ཏེ། དེ་རིང་གཉིད་འདི་ཁྲོས་པ་བཞིན་དུ་ཇི་ལྟར་མིག་དག་ལ། །བརྟེན་


DTG169_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཕྲད་པར་འདོད་པ་བདག་གི་འཛུམས་པར་བྱེད་པ་མིན། །དེས་ཀྱང་འདི་འདྲ་བདག་གི་གཏམ་གྱིས་དི་རིང་ངེས་པར་ནི། །གྲོགས་མོ་རྣམས་དང་ལྷན་ཅིག་ཏུ་ནི་མཚན་མོ་འདའ་བར་བྱེད། །དེ་ནས་ཉི་མ་གཞན་ལ་ཕོ་བྲང་དུ་ཞུགས་ནས། ཕ་དང་མ་དག་ལ་མངོན་པར་ཕྱག་བཙལ་ཏེ། གནས་པའི་ཁྱིམ་དུ་འོངས་ནས་མལ་དུ་ཡང་དག་པར་ཉེ་བར་ཞུགས་ཤིང༌། སྒོ་སྐྱོང་མ་ལ་སྨྲས་པ། བཟང་མོ་སོང་ལ། བདག་གི་ཚིག་གིས་ཡིད་འཕྲོག་མ་ལ་སྨྲོས་ཤིག་དང༌། །བྲལ་བས་ཕྲད་པར་འདོད་པའི་ཡིད་ཅན་བདག་ལ་ནི། །གཞོན་ནུ་འཇིགས་པ་ཅི་ཕྱིར་དྲུང་དུ་འོང་མི་བྱེད། །ཅི་ཕྱིར་རང་བཞིན་གྱིས་ནི་ལྕི་བའི་ངོ་ཚ་འདི། །བུད་མེད་སྐྱེ་བོས་དེ་རིང་ཡང་ནི་ཁྱོད་འཛིན་བྱེད། །དེ་ནས་སྒོ་སྐྱོང་མ་དེ་ལ་ཡིད་འཕྲོག་མ་དེ་ནི་ག་ལ་ཡོད་དེ་གང་ཞིག་ལ་འགྲོ་བར་བྱས། བདག་གིས་འདི་སྐད་སྨྲས་པར་གྱུར་སྙམ་དུ་རྣམ་པར་བསམ་ཞིང་མྱ་ངན་གྱི་དབང་གིས་མཆི་མའི་ཆུས་རྙོགས་པའི་ལྟ་བ་བྱུང་བར་གྱུར་ཏོ། །དེ་ནས་དོགས་དང་བཅས་པའི་ཡིད་ཅན་ནོར་བཟངས་ཀྱིས་སྒོ་སྐྱོང་མ་དེ་ལ་སྨྲས་པ། སོང་ལ་སྐེམས་པ་དེ་ལ་སྨྲོས་ཤིག །བདག་གིས་འདོད་བཅས་སྨྲས་པ་གང༌། །བཟང་མོ་ཁྱོད་ལ་བདེ་བ་འདི། །མཆི་མས་རྙོགས་མིག་ཅི་ཕྱིར་སྐྱེས། །ཡང་ན་ཁྱེད་ཀྱིས་མཆི་མས་བརྗོད་པ་སྟེ། །དགའ་མོ་དེ་ནི་དུས་ཀྱི་དབང་སོང་ཞེས། །འདི་ནི་འཁྲུལ་པ་ཉིད་དུ་ཉེར་སོང་བ། །བདག་ཡིད་དེ་ལྟར་ན་ཡང་ཐེ་ཚོམ་ཟ། །དེ་ནས་ནོར་བཟངས་ཀྱིས་མྱུར་དུ་ལངས་ནས་མངོན་པར་སོང་སྟེ་མ་ལ་དྲིས་པར་གྱུར་ཏོ། །མ་ལགས་ཡིད་འཕྲོག་མ་འདི་གང་ན་ཡོད་ཅེས་སྨྲས་སོ། །དེ་ནས་བཙུན་མོས་འདི་ནི་ཡུན་རིང་པོ་ཅི་ཙམ་དུ་བསླུ་བར་ནུས་པར་འགྱུར་སྙམ་དུ་རྣམ་པར་བསམས་ནས་དབེན་པའི་སར་མི་འམ་ཅི་མོ་དང་རྣམ་པར་བྲལ་བའི་གཏམ་དེ་ནོར་བཟངས་ལ་སྨྲས་པ། དེ་ནས་བཙུན་མོའི་ཚོགས་དེ་ཐོས་པར་གྱུར་ནས་ནི། །ཡིད་འཕྲོག་མ་ཁྱོད་ད་ནི་གང་དུ་སོང་ཞེས་སྨྲས་པ་སྟེ། །མི་གཡོ་མཉམ་པའི་རྩ་ནི་རྡོ་རྗེས་བཅོམ་པ་ལྟར། །ནོར་བཟངས་ས་ལ་བརྒྱལ་ཞིང་འགྱེལ་བ་ཉིད་དུ་གྱུར། །ཡུན་རིང་པོས་ཀྱང་འདུ་ཤེས་སོ་སོར་རྙེད་པ་མངོན་པར་ལངས་ཏེ། དུ་བཞིན་པའི་མས་ལྟ་བར་གྱུར་པ། གོས་ཕྲག་པར་འཛིན་པ། རང་གི་འཁོར་གྱི་སྐྱེ་བོས་སྤངས་ནས་ཉི་


DTG169_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིའི་རྩེ་མོར་ནུབ་པ་ལ་དམིགས་བ་ལ་དེ་དང་དེའི་སྨྲེ་སྔགས་འདོན་ཅིང་སྨྱོན་པ་ཉིད་དུ་ཉེ་བར་སོང་བ་རང་གི་ཕོ་བྲང་ནས་ཕྱིར་བྱུང་སྟེ། ཀྱི་ཧུད་ཡིད་འཕྲོག་མ་བདག་ཡོངས་སུ་དོར་ནས་ཁྱོད་གང་དུ་སོང་ཞེས་ཟེར་ཞིང༌། །ས་འཛིན་པ་དང་ནགས་རྣམས་གཞན་དེ་དང་དེ་ལ་འཁོར་བར་གྱུར་ཏོ། །དེ་ནས་ནོར་བཟངས་དང་བྲལ་བའི་སྡུག་བསྔལ་གྱི་མེ་ས་ཡིད་ཀུན་ནས་གདུངས་པའི་བཙུན་མོ་དེ་རྣམ་པ་མང་དུ་འདི་ལྟར་སྨྲེ་སྔགས་འདོན་པ་ལ་རྩེ་གཅིག་པ་བྱུང་བར་གྱུར་ཏེ། བདག་ཡོངས་དོར་ནས་ཡན་ལག་སྐེམས། །ཡིད་འཕྲོག་མ་ཁྱོད་གང་དུ་སོང༌། །སྨྲེ་སྔགས་འདོན་ཅིང་བདག་གི་བུ། །འདི་ལྟར་མཚན་མོ་གཡང་ལྷུང་ངམ། །སྦྲུལ་གྱིས་སོ་བཏབ་གྱུར་ཏམ་ཅི། །འོན་ཏེ་སྟག་གིས་ཟོས་པ་ནི། །རྒྱན་ནི་ཕྲོགས་ནས་དྲག་པོ་ཡི། །ཆོམ་རྐུན་རྣམས་ཀྱིས་བསད་དམ་ཅི། །རྩ་བ་བཅིངས་པའི་སྐྱེ་བོ་འདི། །མཉེས་གཤིན་འདི་འདྲ་ཀྱེ་མ་སྨོད། །གཉེན་བཤེས་རྣམས་ཀྱི་སྡུག་བསྔལ་ཆེ།། གང་ཕྱིར་རྣམ་བྲལ་ལ་མཐོང་མིན། །སྐར་མའི་མེ་ཏོག་རྣམས་ཀྱིས་འདི། །ནམ་མཁའི་དཀྱིལ་ན་མཆོད་བྱེད་ཅིང༌། །མཚན་མོའི་མ་ཁྱོད་གང་དུ་ཡང༌། །ཉལ་བ་བདག་གི་བུ་སྲུངས་ཤིག །ཉིན་མཚན་དག་གི་མར་མེ་ཡིས། །ཀུ་མུ་ཏ་དང་ཆུ་སྐྱེས་འབྱེད། །བདག་གི་བུ་འཁོར་གང་དུ་ཡང་ཟླ་བ་ཉི་མས་བསྲུང་པར་མཛོད། །གནས་པའམ་ནི་འགྲོ་བཞིན་པ། །བདག་གིས་བདག་སྐྱེས་དེ་ཉལ་ཡང༌། །ཆུ་སྐྱེས་འདབ་མ་ལྟར་མིག་ལྡན། །ནགས་སུ་ནགས་ལྷ་མོས་སྲུངས་ཤིག་གྲོགས་མོ་མི་གཡོའི་མིག་ལྡན་པ། །ནོར་བཟངས་འགྲོ་བ་འདི་ལྟོས་ཤིག །འདི་ནི་མཐོང་ལ་དགེ་བ་ནི། །མིག་གི་འབྲས་བུ་ཡོངས་རྫོགས་པ། །མིག་གི་དགའ་སྟོན་གྱུར་པ་ནི། །ཡིད་ལས་བྱུང་བ་དངོས་བཞིན་དུ། །ཨེ་མ་སྐལ་ལྡན་བུད་མེད་དེ། །གང་ཞིག་འདི་ཡི་ཆུང་མར་གྱུར། །ཨེ་མ་གཟུགས་ལྡན་རྣམས་ཀྱིས་ནི། །བ་དན་འཕྲོག་འདིས་འཇིག་རྟེན་དུ། །གསེར་གྱི་ནོར་བུ་ལྟར་འདི་ནི། །ས་ཡི་དཀྱིལ་འཁོར་འདི་བརྒྱན་བྱས། །ཇི་ལྟར་སྐལ་ཆེན་འདི་ལ་ནི། །རྒྱ་ཆེན་མིག་ལྡན་བདག་གིས་མཐོང༌། །དེ་སྲིད་བདག་ནི་མིག་གནོད་པའི། །བུང་བ་གྲོགས་མོ་བཟློག་པར་མཛོད། །གཅིག་པུ་ཁྱོད་ཀྱིས་བཀག་པ་ནི། །རླུང་གི་སྟེགས་བུ་ཆེན་པོ་འདི། །


DTG169_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་དཔལ་ལྡན་རྣམས་མཆོག་འདི། །བདག་གིས་ཅི་ལྟར་མཐོང་བར་གྱུར། །སྐལ་ཆ་མི་སྟེར་ངང་ཚུལ་ཅན། །གྲོགས་མོ་ཁྱོད་ཀྱི་ལྟ་བ་འདི། །གང་ཞིག་གཅིག་པུ་ཉིད་འདི་ནི། །གཞོན་ནུ་བརྟེན་པ་ལྟ་བར་འདོད། །དེ་ལྟར་མི་གཡོ་རྒྱ་ཆེན་ལྟ་བ་རྣམས་ཀྱིས་མཐོང་བ་ནི། །གྲོང་ཁྱེར་བུད་མེད་རྣམས་ཀྱིས་གང་ཞིག་འདོད་བཅས་ཡུན་རིང་པོར། །རི་ཡི་ནགས་ལ་དི་རིང་བདག་གི་བུ་དེ་འཁོར་བཞིན་པ། །འཇིགས་པས་སྐད་ཅིག་ཏུ་ནི་རི་དགས་བུད་མེད་རྣམས་ཀྱིས་ལྟ། ཡིད་ནི་འཕྲོག་པ་སེའུ་འབྲུའི་སྙིང་པོ་ལྟར་དམར་སྐྱ། །སེན་མོ་འོད་ལྡན་རྣམས་ཀྱིས་བརྒྱན་བྱས་སོར་མོ་ཅན།། ཀུ་ཤ་ལྡན་པ་སའི་སྟེང་འཇམ་པའི་རྐང་པ་དག །བདག་གི་བུ་དེ་ཅི་ལྟར་དེ་རིང་འཇོག་པར་འགྱུར། །ཨུཏྤ་ལ་སྔོན་པོ་སར་པ་རྣམས་ཀྱིས་ཡིད་འཕྲོག་པ། །དྲི་ཞིམ་ནོར་བུའི་སྣོད་དུ་བརྟན་པའི་ཆང་འཐུངས་ནས། །བདག་གི་དེ་ནི་འཁོར་ཞིང་སྐོམ་འདོད་སྙིམ་པ་ཡིས། །ཅུང་ཟད་དྲོ་བའི་ཆུ་ནི་དི་རིང་ཇི་ལྟར་འཐུང༌། །སློང་བ་མ་བསླབས་པ་ནི་རིགས་ནི་མཐོང་ལྡན་པ། །སྦྱིན་པ་ཉིད་དུ་མངོན་པར་བརྩོན་པ་རྟག་ཏུ་བདེ། །དྲེགས་པས་ཀུན་ནས་རིང་དང་སྐྱ་བའི་ལུས་ལྡན་པ། །དེས་ནི་ཅི་ལྟར་གཞན་ལ་བྱིན་ཞེས་སྨྲ་བར་འགྱུར། །བདག་ཅག་ཡུན་རིང་ཕྱིར་ན་ཡིད་རེ་མང་པོ་ཡིས། །སྐོམ་པ་དང་ལྡན་བུ་ལ་ཆགས་པ་སེམས་ལྡན་མ། །རབ་ཏུ་བྱིན་ནས་བརྩེ་བྲལ་སྐྱེད་བྱེད་ཁྱོད་ཀྱིས་ནི། །ཅི་ཕྱིར་བུ་ཡི་བདུད་རྩི་བསྙེན་པ་ཁྱེད་གྱིས་འཕྲོག །འདིར་ནི་དེ་རིང་ལ་ལ་གནས་ཏེ་བདག་ལ་སྟོན། །ཕྱོགས་ཆ་འདིས་ནི་སོང་བ་ཞེས་བྱ་ནུས་པ་མེད་པ། །ཡིད་འཕྲོག་དེ་ཡི་གོམ་པ་རྣམས་ཀྱིས་རྣམ་བརྒྱན་པ། །ལམ་རྗེས་བདག་གིས་དེ་ཕྱིར་རྗེས་སུ་འགྲོ་བར་བགྱི། །བརྩེ་ལྡན་ཁྱོད་ཀྱིས་སྡུག་བསྔལ་བརྒྱ་ཡིས་ཉེར་འཚེ་བ། །གཞན་མ་ཡང་ནི་མྱ་ངན་བྱེད་ཅིང་རྗེས་སུ་བརྩེ་བྱེད་པ། །ཀྱེ་མ་སྨྲེ་སྔགས་འདོན་ཅིང་མ་ནི་དམ་པ་དག །བུ་བཟངས་འོངས་ནས་ཁྱོད་ཀྱིས་ཅི་ཕྱིར་དབུགས་མི་འབྱིན། །ཡིད་འཕྲོག་མ་ཁྱོད་མིའམ་ཅིའི་རྒྱལ་ལུས་ལས་སྐྱེས། །སྙིང་རྗེ་བྲལ་ཉིད་འདི་འདྲ་ཁྱེད་ལ་ཅི་ལྟར་ཡིན། །བདག་གི་བུ་ལ་འཁོར་བ་གཅིག་པུ་ཉིད་འོངས་ནས། །གང་ཕྱིར་དི་རིང་དབུགས་འབྱུང་མ་བྱེད་དེ་ནི་མཚར། །དེ་ལྟར་ནོར་བཟངས་རྣམ་པར་བྲལ་བས་འཇིགས་པ་དེ། །རྒྱུན་མི་འཆད་པར་མཆི་མས་འགགས་པའི་དམར་ལྟ་བ། །


DTG169_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཡི་བདག་པོ་མིག་ནི་མཆི་མས་སྐད་ཅིག་ཏུ། །མིག་གི་འགགས་པ་ཇི་ལྟར་ཡང་ནི་ངུ་འཕྲོ་བ་ཅད། །དེ་ནས་མི་འམ་ཅི་མོ་དང་བྲལ་བ་ལས་སྨྱོ་བ་སྐྱེས་པའི་ནོར་བཟངས་རི་དང་ནགས་ཀྱི་ནང་རྣམས་ན་ཀུན་ནས་འཁོར་ཞིང༌། བྱའམ་རི་དགས་གང་དང་གང་ཉིད་མཐོང་བར་གྱུར་པ་དེ་དང་དེ་ཉིད་ལ་དྲིས་པར་གྱུར་ཏོ། །དེ་ནས་དུས་གཅིག་གི་ཚེ་ན་མེ་ཏོག་སྐྱེས་པའི་ས་ལ་ཤིར་ཤའི་ཤིང་ལ་ངེས་པར་གནས་པ་ལྷན་ཅིག་སྤྱོད་མའི་སྐད་འབྱིན་པའི་ནེ་ཙོ་ལ་འདི་ལྟར་དྲིས་པར་གྱུར་ཏོ། །གསལ་ཞིང་ཡིད་འོང་ཤིར་ཤའི་མེ་ཏོག་རྩེ་མོ་འདྲ། །དང་པོའི་མྱ་ངན་མེད་པའི་འདབ་མ་ལྟ་བུར་ནི། །དམར་བའི་རྐང་པ་ནི་ཙོ་ཀིམ་ཤུ་ཀ་ཤིང་གནས། །བདག་གི་འདོད་མ་ཁྱོད་ཀྱིས་ནགས་རྣམས་ན་མཐོང་ངམ། །ལྷན་ཅིག་སྤྱོད་མ་ལ་སྐད་འདོན་ཅིང་ཁྱོད་ཀྱིས་བདག་གི་ལན་ཉན་པར་མི་བྱེད་ཅིང་དེ་བས་ན་ཁྱེད་ནི་བདེ་བར་གནས་པར་གྱིས་ཤིག །ད་ནི་ནོར་བུ་ཨིན་དྲ་ནཱི་ལ་དང་ཡོངས་སུ་འདྲེས་པ་མརྐ་ཏའི་ཚོགས་དང་རྗེས་སུ་མཐུན་པ་རྒྱ་ཆེ་བའི་མཇུག་སྒྲོ་དང་ལྡན་པ། ཀུ་མ་ཏ་སར་པ་ལྟར་མིག་གི་མཐའ་མ་དཀར་བ། བྲག་གི་སྟེང་ན་གནས་པའི་རྨ་བྱ་འདི་ལ་དྲི་བར་བྱ་སྟེ། ས་འཛིན་མགོ་བོ་ལ་ནི་ཅོད་པན་དུ་གྱུར་པ། །ཐོག་མའི་སྤྲིན་ནི་འོངས་པས་གར་གྱི་རྩེད་མོ་བ། །རྨ་བྱ་མཆོག་ལགས་ནགས་གསེབ་འདི་ན་ཁྱོད་ཀྱིས་ནི། །བདག་གི་བུད་མེད་འཁོར་བར་བྱེད་པ་རྣམས་མཐོང་ངམ། །ཁྱེད་ཀྱང་མི་སྨྲ་བ་ཉིད་དུ་ཇི་ལྟར་གནས་ཏེ་རྣམ་པ་ཐམས་ཅད་དུ་ཁྱོད་ནི་ངོ་བསྲུང་དང་བྲལ་ལམ། ཡང་ན་ཁྱོད་ལ་སྐྱོན་མི་རིགས་ཏེ། གཡོ་མེད་མིག་གཉིས་ལྡན་པ་རི་ཡི་བྲག་ལ་གནས་པ་ནི། །བསམ་གཏན་ལ་ནི་ཞུགས་འདྲ་ཡན་ལག་མི་གཡོ་ཁྱེད་གནས་པ། །སྐེམས་པ་མིའམ་ཅི་རྒྱལ་བུ་མོས་དོར་བ་ཅི་ལྟར་བདག །ཁྱོད་ཀྱང་རྨ་བྱ་མོས་ནི་ངེས་པར་དེ་ལྟར་དོར་བ་ཡིན། །དེ་བས་ན་བུད་མེད་དང་བྲལ་བ་སུ་ཞིག་ལ་ཡང་འདོར་བྱེད་པའི་ཕྱིར་རིགས་པ་མ་ཡིན་ནོ། །ད་ནི་ཡིད་འཕྲོག་མ་དང་འདྲ་བའི་མིག་འཇམ་ཞིང་རྩྭ་སྔོན་པོ་ལ་ཉེ་བར་གནས་པའི་མིག་དང་འདྲ་བ་སྐྱུག་ལྡད་ཀྱིས་ཁའི་མདུན་བསྐྱོད་པའི་རི་དགས་འདི་ལ་བདག་གིས་དྲི་བར་བྱ་སྟེ། རི་དགས་ཁྱུ་ཡི་བདག་པོ་བདག་གི་མཛེས་མ་དང༌། །འདྲ་བའི་མིག་ལྡན་ཀུནད་ལྟར་ནི་ལྟོ་བ་དཀར། །ཀུན་ནས་འཁོར་བར་བྱེད་པ་ཁྱོད་ཀྱིས་ནགས་འདི་ལ། །ལྗོན་པའི་བུ་མོ་དེ་རིང་ཁྱོད་ཀྱིས་


DTG169_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་མཐོང་ངམ། །ཁྱེད་ཀྱང་བདག་ལ་དགའ་བ་མ་སྨྲས་པར་ལངས་ཏེ། །བདག་ལས་འཇུག་པ་ཁོ་ན་སྟེ། །ཡང་ན་ཁྱོད་ཀྱང་སོང་ཤིག །ལྷན་ཅིག་སྤྱོད་མ་དང་ལྷན་ཅིག་ཏུ་སྦྱོར་བར་གྱིས་ཤིག །ནམ་གྱི་ཚེ་ཡང་བདག་དང་འདྲ་བ་མིའམ་ཅི་མོ་དང་བྲལ་བས་གནས་སྐབས་འདི་ནམ་ཡང་ཉམས་སུ་མྱོང་བར་མ་གྱུར་ཅིག །དེ་བས་ན་ད་ལྟར་དུ་མའི་ཤིང་དང་ཤིང་གེལ་པའི་མེ་ཏོག་གི་ཆང་གིས་མྱོས་བ་བདག་གི་བུད་མེད་ཀྱི་མིག་གི་འབྲས་བུ་ལྟར་ནག་པའི་བུང་བ་འདི་ལ་བདག་གིས་དྲི་བར་བྱ་སྟེ། །པདྨོ་རྣམ་པར་ཁ་ཕྱེ་སྒེག་མོ་རྣམས་ཀྱིས་ནི། །པདྨའི་གདོང་རྣམས་ལ་ནི་བསྐྱོད་ཅིང་ལྕང་ལོའི་སྐྲ། །བུང་བའི་མཆོག་ལགས་སྲབ་པའི་ཡན་ལག་ཡིད་འཕྲོག་མ། །རི་ཡི་ནགས་འདིར་འགའ་ཞིག་ཁྱོད་ཀྱིས་མཐོང་ངམ་ཅི། །ཇི་ལྟར་ཁྱོད་ཀྱང་ལན་མི་སྟེར་བ་ཉིད་ཡིན་ཏེ་ལྗོན་ཤིང་བུད་མེད་རྣམས་ཀྱིས་ཉེ་བར་སྦྱིན་པ་རང་གི་མེ་ཏོག་གི་སྣོད་ན་གནས་པ་དེའི་མེ་ཏོག་གི་རོས་ཀུན་ནས་གསལ་བར་བྱས་པའི་གདོང་ཅན་ཁྱེད་ཆང་འཐུང་བར་བརྩམས་པ་སྟེ། རྣམ་པ་ཐམས་ཅད་དུ་ཁྱོད་ནི་བརྩེ་བ་དང་བྲལ་བས་གང་གི་ཕྱིར་དགའ་མོ་དང་བྲལ་བས་ཀུན་ནས་ཡིད་གདུངས་བའི་བདག་ལ་མེ་ཏོག་ཆང་གི་བཏུང་བ་མངོན་པར་འདོད་པ། པདྨོའི་ཚོགས་ཀྱི་དབུས་སུ་ཉེར་འོངས་སྐད་ཅིག་ཏུ། །སླར་ནི་ལྗོན་ཤིང་མེ་ཏོག་ཚོགས་ནི་འོང་བ་སྟེ། །བུང་བ་སྐད་ནི་མི་སྟེར་བ་སྟེ་ཅི་ཡི་ཕྱིར། །བུང་བ་མོ་དང་བྲལ་བ་འདི་ལ་ངེས་པར་འབྱུང་བར་འགྱུར། །སྡུག་བསྔལ་རྣམས་ནི་ཉམས་སུ་མྱོང༌། །ཆུ་ཡང་གང་གི་འཇིག་རྟེན་དུ། །དེ་ཉིད་གཞན་གྱི་སྡུག་བསྔལ་རྣམས། །ཤེས་ནས་ཀུན་ནས་གདུང་བར་འགྱུར། །བརྩེ་བ་དང་བྲལ་བ་ལྟར་བྱེད་ངན་བ་འདིས་ཅི་ཞིག་བྱ་སྟེ། དེ་བས་ན་ད་ལྟར་འདིར་ཆུ་བོའི་འགྲམ་གྱི་སྟེང་ཁྱད་པར་དུ་བྱེད་པའི་དུར་པ་ལ་བདག་གིས་དྲི་བར་བྱ་ཡིས། པདྨའི་འདབ་མ་ལྟར་མིག་ཅན། །ལུས་སྐེམས་དགོད་པ་ཡིད་འོང་ཅན། །དུར་པ་ཁྱོད་ཀྱིས་ཡིད་འཕྲོག་མ། །མཐོང་བར་གྱུར་ཏ་མ་འོན་ཏེ་ཅི། །ཁྱོད་ཀྱང་མཚན་མོ་ཐོབ་ནས་ནི། །དུར་པ་མོ་དང་རྣམ་བྲལ་བར། །དེ་ལྟར་སྡུག་བསྔལ་འདི་ཤེས་ཤིང༌། །ཅི་ལྟར་མི་སྨྲ་ཉིད་དུ་གནས། བདག་གི་ཡིད་འཕྲོག་མ་མཐོང་ངམ་འོན་ཏེ་མིན་ཞེས་བྱ་བ་འདི་ཙམ་དུར་བ་ངན་པ་འདི་མི་སྨྲ་བར་གྱུར་པ་ལ་ངལ་བ་ཅི་ཙམ་འགྱུར། དེ་བས་ན་འདི་ཡང་དང་ཡང་དུ་དྲིས་པས་ཆོ་ག་སྟེ།


DTG169_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་འདི་རལ་གྲི་གཡའ་དག་པ་ལྟར་ནག་བའི་འོད། །ཚང་འདི་ལས་ལུས་ཕྱེད་ཕྱུང་བའི་ལྟོ་འཕྱེ་སྟེ། །དེ་ནི་འདི་ལ་བདག་གིས་དྲི་བར་བྱའོ་སྙམ་མོ། །དབང་ཕྱུག་ཆེན་པོའི་རྒྱན་དང་འཆི་བ་དག་གཞུ་ཡི་མདའ། །ཨུཏྤ་ལ་སྔོན་པོའི་ཕྲེང་བ་གསལ་བ་རྗེས་སུ་མཐུན། །ལྟོ་འཕྱེ་འཕྲོ་བར་བྱེད་པའི་རྩེ་ཡི་རྩེ་མོ་ཅན། །བདག་གི་འདོད་མ་ཁྱེད་ནི་འཁོར་བས་འདིར་མཐོང་ངམ། །འདི་ཡང་ཁྲོ་བའི་དབང་གིས་ཕུད་ཅེས་བྱ་བའི་སྒྲ་དང་བཅས་པར་གདེངས་ཀ་ཅུང་ཟད་རྒྱས་པར་བྱས་ནས་ཅི་ལྟར་ཚང་ཉིད་དུ་ཞུགས་སོ། །ལྟོ་འཕྱེའི་དུག་ལས་ཀྱང་ནི་སྡུག་བསྔལ་བ། །གང་ཕྱིར་འདོད་པ་བྲལ་སྐྱེས་སྡུག་བསྔལ་ཆེ། །དེ་ལྟར་ལྟོ་འཕྱེ་ལ་ནི་དྲིས་པ་དང༌། །རྒྱུ་མེད་ཁོ་བོ་ཅག་ལ་ཁྲོ་བར་བྱེད། །ཡང་ན་དཀའ་ཐུབ་པ་རང་བཞིན་གྱིས་བློ་རབ་ཏུ་ཆུང་བའི་དུད་འགྲོ་འདི་རྣམས་བདག་གི་མཛའ་མོ་ཅིའི་ཕྱིར་ཤེས་པར་འགྱུར་ཏེ། །ད་ནི་ཇི་སྲིད་དུ་འགྲོ་བ་ཐམས་ཅད་ཀྱི་མར་མེ་བཅོམ་ལྡན་འདས་ཉིད་ལ་ཡིད་འཕྲོག་མའི་གཏམ་བདག་གིས་དྲི་བར་བྱའོ་སྙམ་མོ། །མུན་པའི་ཚོགས་ནི་མ་ལུས་འཇོམས། །འཇིག་རྟེན་མིག་གཅིག་ཁྱོད་ཀྱིས་ནི། །ཉི་མ་བདག་དང་བྲལ་བས་རི་ད། །ཡིད་འཕྲོག་མ་ནི་མ་མཐོང་ངམ། །ཇི་ལྟར་འདི་ཡང་མྱུར་བ་ཉིད་དུ་ནུབ་བར་ཉེ་བར་སོང་བ་སྟེ། ད་ནི་ཀུ་མུ་དའི་ཚོགས་ཀྱིས་གཉེན་ཆུའི་དབུས་ནས་འབྱུང་བ་ལྟ་བུའི་བདག་པོའི་གླང་པོ་ཆེའི་དབྲལ་འབུར་དང་འདྲ་བ་ཡང་དག་པར་འབྱུང་བཞིན་པ་ཟླ་བ་ལ་བདག་གིས་དྲི་བར་བྱ་སྟེ། བཅོམ་ལྡན་འདས། མཚན་མོའི་བུད་མེད་ཀྱི་ཐིག་ལེ། །བདག་དང་བྲལ་བས་ཡན་ལག་རིད། །མཚན་མོ་བྱེད་ལྡན་ཡིད་འཕྲོག་མ། །འདིར་ནི་མཚན་མོ་བྱེད་ཁྱོད་ཀྱིས། །ཡིད་འཕྲོག་མ་འདི་མཐོང་གྱུར་ཏམ། །སྐར་མ་བཙུན་མོའི་འཁོར་ལ་ནི། །ཁྱོད་ནི་རྒྱལ་པོའི་རོལ་བས་གནས། །གདུངས་པ་བདག་ལ་བརྙས་བྱས་ནས། །བསིལ་བའི་འོད་ཅན་ལན་མི་འདེབས། །སྣར་མ་ལྷན་ཅིག་བྲལ་བ་ནི། །ནམ་ཡང་ཁྱོད་ལ་ཡོད་པ་སྟེ། །དེ་ལྟར་རང་སྡུག་བསྔལ་ཤེས་ཤིང༌། །ཅི་ཕྱིར་བདག་ལ་བརྩེ་མི་བྱེད། །བདག་ལ་དཔལ་མེད་མཐོང་ནས་ནི། །ཁྱོད་ཀྱིས་བརྙས་བ་མ་མཛད་ཅིག །སྒྲ་གཅན་གྱིས་ཟོས་ཁྱོད་ཀྱང་ནི། །རང་གི་དཔལ་ནི་འདོར་བ་ཡིན། །ཕལ་ཆེར་གནས་གནས་ལ་གུས་པ། །དགོས་ལྡན་སྐྱེ་བོས་བྱེད་པ་སྟེ། །


DTG169_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་དཀའ་དེ་ནི་འཇིག་རྟེན་དུ། །གང་ཞིག་སྡུག་བསྔལ་གནས་པ་བརྙས། །ཇི་ལྟར་ལན་མ་བཏབ་པ་ཉིད་ནི་ཁྱོད་ཀྱང་ནུབ་པར་གྱུར་པ་དེ་བས་ན་ད་ནི་ཀླུ་རིས་བཀྲའི་ཆུ་རྟེན་གྱི་མཐའ་མ་ལ་གནས་པ་དེ་ཡང་རེ་ཞིག་དཀའ་ཐུབ་ཀྱི་ནགས་སུ་འགྲོ་བར་བྱས་ནས་དྲི་བར་བྱའོ་སྙམ་དུ་རྣམ་པར་བསམས་ནས། ཐོ་རངས་ཀྱི་དུས་སུ་མེ་ལ་སྦྱིན་སྲེག་བྱས་པ། ཤིང་ལོ་ལས་བྱས་པའི་ཁང་པའི་སྒོ་ལ་གཞག་པའི་སའི་གདན་ལ་གནས་པ། །རལ་པའི་ཚོགས་ཀུན་ནས་འཕྱང་བས་མགོ་འཛིན་པ་འདེགས་པ། །ཤིན་ཏུ་རིད་པའི་ལུས་ཅན། བགྲང་ཕྲེང་གིས་ལག་ངར་དཀྲིས་པ། དཔུང་པ་ལ་ཁྲི་སྙན་ས་ལེའི་པགས་པ་རྣམ་པར་བཀོད་པའི་དྲང་སྲོང་དེའི་གན་དུ་ཉེ་བར་འོངས་ནས་དབེན་པའི་སར་འདུག་སྟེ་དྲིས་པ། ཁྱད་པར་དུ་ནི་དག་པའི་བརྟུལ་ཞུགས་ལྷ་ཡི་མིག་གིས་ནི། །སྡང་དང་གྲོགས་པོ་རྣམས་ལ་མཉམ་པའི་སེམས་ལྡན་པ། །ཡིད་འཕྲོག་མ་ནི་ཞེས་བྱ་ཡིད་འཕྲོག་གདོང་ལྡན་མ། །བདག་གི་མཛའ་མོ་ཁྱོད་ཀྱིས་འདིར་ནི་མ་མཐོང་དམ། །བདག་གིས་ནེ་ཚོ་རྨ་བྱ་རི་དགས་བུང་བ་དུར་པ་དང༌། །ལྟོ་འཕྱེ་ཉིན་མོར་བྱེད་དང་རྫོགས་པའི་ཟླ་བ་རྣམས་ལ་དྲིས། །སྙིང་རྗེ་དང་བྲལ་དེ་རྣམས་ཀྱིས་ཀྱང་བདག་གི་མཛའ་མོ་ནི། །མ་སྨྲས་བརྟན་པའི་སེམས་ཅན་ཁྱོད་ཀྱང་དེ་ལྟར་མ་གྱུར་ཅིག །དེ་ནས་དཀའ་ཐུབ་ཀྱི་ནོར་ཅན་ནོར་བཟངས་ལ་རྗེས་སུ་བརྩེ་བར་གྱུར་པས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་བདག་ཉིད་བརྟན་པར་གྱིས་ཤིག །ཡིད་འཕྲོག་མས་ནི་ཁྱོད་ལ་མི་འམ་ཅིའི་རྒྱལ་པོའི་གྲོང་ཁྱེར་གྱི་ལམ་བསྟན་པའི་ཕྱིར་བདག་གི་ལག་པར་ཡི་གེ་འདི་དང་སོར་གདུབ་འདི་དང་དག་པའི་བདུད་རྩི་ཞེས་བྱ་བའི་སྨན་འདི་ཡང་བ་ཞག་སྟེ། འདི་ནི་མར་སྨིན་པ་ཤིན་ཏུ་ཡང་བཀྲེས་པ་དང་སྐོམ་པའི་ངལ་བ་སེལ་བར་བྱེད་པ་བཟའ་བར་བྱས་ནས། ཚེ་དང་ལྡན་པས་ཡིད་འཕྲོག་མ་ཐོབ་པར་བྱ་བའི་ཕྱིར་མིའམ་ཅིའི་བདག་པོ་ལྗོན་པའི་གྲོང་ཁྱེར་དུ་མངོན་པར་འགྲོ་བར་བྱེད་པ། ཁྱོད་ཀྱི་སྐྱེ་བོ་ངན་པ་དང་རྗེས་སུ་མཐུན་པ་སྨྱོན་པའི་སྨྲ་བ་ཉིད་འདིས་ཆོ་ག་སྟེ། བརྟན་པར་འདུག་ཤིག་དང་ཡིད་འཕྲོག་མ་ཐོབ་པར་འགྱུར་རོ་ཞེས་ཟེར་རོ། །ལེ་ལོའི་བདག་ཉིད་ཅན་འགྱུར་ཏེ། །བ་ལང་རྗེས་ལའང་སྒྱིད་ལུག་པ། །བརྩོན་འགྲུས་དང་ལྡན་ཐབས་ལ་མཁས། །རྒྱ་མཚོ་ལ་ཡང་རྒལ་བར་བྱེད། །དེ་ནས་ནོར་བཟངས་ཀྱིས་ཐུབ་པ་དེའི་གདམས་ངག་གི་སྒྲོན་མེའི་སྣང་


DTG169_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྨྱོ་བའི་མུན་པ་བསལ་བར་བྱས་ཤིང་ཡིད་དགའ་བར་སོར་གདུབ་དེ་བླངས་ནས་འདི་སྙམ་དུ་བསམས་ཏེ། མཛའ་བོའི་ལྗོན་ཤིང་མེ་ཏོག་ནི། །སོར་གདུབ་དེ་རིང་བདག་གིས་རྙེད། །དེ་མཐོང་འབྲས་བུ་ནམ་གྱི་ཚེ། །སེམས་བདེ་བ་ནི་རྙེད་པར་འགྱུར། །ཕྱིས་དྲང་སྲོང་དེ་ལ་སྨྲས་པ། །བཅོམ་ལྡན་འདས་ཀྱིས་གདམས་ངག་གི་ཆུའི་དབང་བསྐུར་བ་འདིས་སྨྱོ་བའི་གདུང་བ་ཟད་པར་གྱུར་པ་བདག་གིས་འདི་ལྟར་མཐོང་སྟེ། ཀིམ་པ་ཀའི་འབྲས་བུ་དང་འདྲ་བ་ལ་ཉེ་བང་ལོངས་སྤྱོད་པར་གྱུར་པ། ཟ་བའི་དུས་ན་ནི་བདེ་བའི་རོ་ཉེ་བར་སྐྱེད་ལ་མཐར་ནི་སྡུག་བསྔལ་བསྐྱེད་པ་རྣམས་ཏེ། སུ་ཞིག་ཅེས་བྱ་བའི་འདོད་པའི་འདམ་དུ་བདག་ཉིད་ནུ་བཅིང༌། །བདེ་བ་ཉམས་སུ་མྱོང་བར་གྱུར་པ་དེ་ལྟར་ཡང་ཤེས་ཤིང༌། གང་གི་ཕྱིར་བདག་འདི་ལྟར་ཡིད་འཕྲོག་མ་ཐོབ་པར་འདོད་པ་དེ་བས་ན། འདི་ལ་རྒྱུ་ནི་འདི་ཡིན་ཏེ། །མཛའ་བོའི་སྐྱེ་བོ་དང་ནི་བྲལ་བས་འཇིགས་པ་ཡི། །མཛེས་མ་རྣམས་ཀྱི་མེ་ཏོག་ལྟར་འཇམ་ཡིད་རྣམས་ནི། །བདག་དང་བྲལ་བའི་དུག་གིས་ཡན་ལག་བརྒྱལ་བ་ཅན། །ལྗོན་པའི་དུས་ལ་སྐྱེས་པར་ངེས་པར་སྲོག་རྣམས་འདིར། །བདག་ལ་བརྟེན་ནས་གལ་ཏེ་སྲོག །དཀའ་ཐུབ་ཅན་མ་ངེས་དོར་ན། །གལ་ཏེ་བདག་ནི་གསོན་པོར་གནས། །བརྩེ་བྲལ་གཞན་ནི་ཅི་འདྲ་ཡོད། །དེ་བས་ཇི་སྲིད་སྲོག་རྣམས་ཉིད། །བདག་དང་བྲལ་བས་དེ་འདོར་བ། །དེ་སྲིད་དེ་ཐོབ་ཕྱིར་བརྩོན་འགྲུས། །སྙིང་རྗེས་བསྐུལ་ནས་བརྩོམ་པར་བྱ། །དེ་ནས་དྲང་སྲོང་དེ་ལ་གསོང་པོར་སྨྲས་ཏེ། ཡི་གེ་དང་སོར་གདུབ་བཟུང་བ་དང་བདུད་རྩིའི་སྨན་ཞེས་བྱ་བ་བཟུང་ཞིང༌། ཤིང་གི་ལོ་མའི་ཁང་པ་དེ་ནས་རྣམ་པར་བྱུང་སྟེ། འདི་ལྟར་བསམས་པར་གྱུར་ཏོ། །གལ་ཏེ་རྣམ་པ་གང་གིས་ཀྱང་ལོ་རྒྱུས་འདི་ཕ་མ་དག་ལ་སྨྲས་པར་གྱུར་ན་ངེས་པར་འདི་དག་བདག་ལ་མིའམ་ཅིའི་རྒྱལ་པོའི་གྲོང་ཁྱེར་དུ་འགྲོ་བ་ལ་གེགས་བྱེད་པར་འགྱུར་གྱིས་སྙམ་དུ་རྣམ་པར་བསམས་ནས། ཅུང་ཟད་ཡུལ་གཞན་དུ་སོང་སྟེ། གྲོགས་པོ་སུ་ཞིག་གི་ཁྱིམ་དུ་སྨན་དེ་མར་གྱིས་སྨིན་པ་ཟོས་ནས་ཡི་གེར་བྲིས་པ་པི་ཝང་དང་ལྕགས་ཀྱི་ཕུར་པ་གཉིས་དང་ཐོ་བ་དང་རལ་གྲི་དང་བཅས་པའི་མདའི་རྟེན་རྣམས་བླངས་ཏེ། རིམ་གྱིས་མུ་ཏིག་གི་ཚོགས་ལྟར་དཀར་བའི་ཁ་བ་དང་ལྡན་པ་ཁ་བ་ཅན་གྱི་རི་ལས་འདས་ནས་འགྲམ་ངན་ཞེས་


DTG169_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་རི་རྗེས་སུ་ཐོབ་པར་གྱུར་ཏོ། །དེ་ནས་ནོར་བཟངས་ཀྱིས་རས་དེ་ལ་བྲིས་པ་མ་ལུས་པ་ཡིད་ལ་བྱས་ནས་ས་འཛིན་དེ་ལ་མིའི་སྐད་དང་ལྡན་པའི་སྤྲེའུའི་བདག་པོ་ལ་འབྲས་བུ་སྣ་ཚོགས་པ་རྣམས་ཀྱིས་བདག་ཏུ་བྱས་ནས་སྨྲས་པ། །སྤྲེའུའི་བདག་པོ་མྱུར་དུ་ནི། །སྦྲུལ་རྣམས་དུ་མས་ཀུན་ཁྱབ་པ། །འགྲམ་ངན་རི་འདི་ལས་ནི་བདག །ད་ལྟར་ཁྱེད་ཀྱིས་སྒྲོལ་བར་མཛོད། །དེ་ནས་སྤྲེའུའི་བདག་པོ་དེས་ནོར་བཟངས་ལ་སྨྲས་པ། ཁྱེད་ཚུར་ཤོག་ལ་བདག་གི་རྒྱབ་ཏུ་ཞོན་ཅིག་ཅེས་ཟེར་རོ། །སྐད་ཅིག་མ་ཉིད་ཀྱིས་སྤྲེའུ་དེའི་རྒྱབ་ཏུ་ཞོན་པར་བྱས་པའི་བདག་ཉིད་ཆེན་པོ་དེས་རི་དེ་ལས་བརྒལ་ནས་མ་སྐྱེས་པའི་ལམ་ཞེས་བྱ་བའི་རི་ལ་ཞུགས་པར་བྱས་ནས་སྤྲེའུ་ཆེན་པོ་དེ་ལྡོག་པར་འགྱུར་བ་ལ། དེར་ཆེ་བའི་ཚད་ལམ་འགེགས་པར་བྱེད་ཅིང་མངོན་པར་རྒྱུག་པར་བྱེད་པའི་སྦྲུལ་ཆེན་པོ། མདའ་འཕངས་པས་སྐྱེ་བ་གཞན་དུ་ཉེ་བར་ཁྱེར་ནས། །ལམ་མ་སྐྱེས་པའི་ས་འཛིན་ལས་བརྒལ་ནས་འདོད་པའི་གཟུགས་ཅན་ཞེས་བྱ་བའི་རི་ལ་སོང་བར་གྱུར་ཏོ། །དེ་ན་ཡང་སྲིན་མོ་འདོད་པའི་གཟུགས་ཅན་མ་ཞེས་བྱ་བ་ཡོད་དེ་སྡུག་བསྔལ་དང་ལྡན་པ་དེས་ཀྱང་རིག་པ་འཛིན་མའི་གཟུགས་སུ་མངོན་པར་སྤྲུལ་ནས་ནོར་བཟངས་ཀྱི་དྲུང་དུ་འོངས་ནས་སྨྲས་པ། སྐལ་བ་ཆེན་པོ་ལགས་བདག་གི་ཁྱོ་དྲག་པ་རིག་པ་འཛིན་པ་གཞན་དག་རྣམས་ཀྱིས་གཡུལ་ངོར་གཤིན་རྗེའི་གནས་སུ་ཉེ་བར་ཁྲིད་པ་དེས་ན་བདག་དུ་བ་སྟེ། དེ་བས་ན་གལ་ཏེ་ཁྱེད་ལ་རིག་པ་འཛིན་པ་ཉིད་ཀྱི་ཕྱིར་མངོན་པར་འདོད་པ་ཡོད་ན་དེ་བས་ན་བདག་ལས་སྔགས་རྣམས་ཟུང་ཤིག་དང༌། བདག་ནི་ཁྱོད་དང་ལྷན་ཅིག་ཏུ་ཆོས་སྤྱོད་མར་འབྱུང་བར་འགྱུར་ཞེས་ཟེར་ཏེ། མི་ཡི་བདེ་བ་ཆུང་བ་སྙིང་མེད་འདི་ནི་སྤང་བྱས་ནས། །དེ་རིང་ཤོག་ཤིག་བདག་དང་ལྷན་ཅིག་ནམ་མཁའི་དཀྱིལ་དུ་འགྲོ་བར་མཛོད། །མ་ལ་ཡ་ཡི་རི་ཡི་ཙམ་ད་རྣམས་ཀྱི་སྣ་ཚོགས་པ་ཡི་ནགས། །རི་བོ་རྩེ་མོ་དགའ་བ་རྣམས་ཀྱང་རེ་ཞིག་མཐོང་བར་མཛོད། །དེ་ནས་བདག་ཉིད་ཆེན་པོ་དེ་ལ་རྒྱུས་ཤེས་པ་སྲིན་མོ་འདོད་པའི་གཟུགས་ཅན་མ་འདི་དེ་ཞེས་བྱ་བ་རྣམས་པར་བསམས་ནས་སྨྲས་པ། །སྲིན་མོ་བདག་ནི་རིག་པ་འཛིན་པ་ཉིད་མངོན་པར་འདོད་པ་མ་ཡིན་ཏེ། གང་ཞིག་རིག་པ་འཛིན་པ་ཉིད་ཀྱིས་དོན་དུ་གཉེར་བ་གཞན་ལ་ལ་ཞིག་ཁྱོད་ཀྱིས་བསླུ་བར་གྱིས་ཤིག་ཅེས་ཟེར་རོ། །དེ་


DTG169_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐད་ཅིག་དེ་ཉིད་ཀྱིས་འབར་བའི་མེ་ལྕེའི་ཆོ་གས་ལྟར་སེར་སྐྱའི་སྐྲའི་ཚོགས་ཀྱིས་ཁྱབ་ཅིང་ཀུན་ནས་འཁྱོག་པའི་མཆེ་བ་ཀུན་ནས་བཏགས་པ་ལས་ཀུན་ནས་བསླང་བའི་སྲེག་བླུགས་འཛིན་པའི་མེ་སྟག་གིས་རྐན་གྱི་བུག་པ་ཁྱབ་པ་འཕྲོས་ཤིང་མངའ་བའི་མཁའ་སྣང་དང་འདྲ་བ་དང་མིག་སྨན་གྱི་རིའི་ཕུག་གི་སྒོ་དང་འདྲ་བའི་ངོ་བོ་གདོང་མངོན་པར་བསྟན་ནས། ཆུའི་སྒྲ་སྒྲོགས་པའི་ཆུ་འཛིན་པ་ལྟར་ལྟོ་བ་ཆེ་བ་ལྷོད་ཅིང་འཕྱང་བའི་ནུ་མ་གཉིས་ཀྱིས་ཀུན་ནས་རིག་པའི་བུམ་པ་དང་རྗེས་སུ་མཐུན་པའི་པུས་མོ་གཉིས་དང་ལྡན་པ། བྲག་དགྲ་སྟ་རྣོན་པོའི་སོ་དང་འདྲ་བ་ཆུའི་རྒྱུན་འཛིན་པའི་དུས་ཀྱི་མཚན་མ་ལྟར་ཤིན་ཏུ་འཇིགས་པའི་གཟུགས་ཅན་ནོར་བཟངས་ལ་མངོན་པར་རྒྱུག་པར་གྱུར་ཏོ། །དེ་ནས་ནོར་བཟངས་ཀྱིས་དགོད་ཅིང་དེ་ལ་སྨྲས་པ། བཟང་མོ་སྔར་བྱུང་བ་དང་འདྲ་བའི་ཁྱོད་ཀྱིས་རིག་པ་འཛིན་པའི་གཟུགས་ཀྱིས་བདག་གི་སེམས་འདོད་པ་དང་སྨྲ་བ་ཉིད་དུ་ཁྲིད་པས་ཡིན་ཏེ། གཟུགས་རྣམ་པར་བསྒྱུར་བ་འདིས་ཁྱེད་ལ་བདག་གིས་ཇི་ལྟར་འདོད་པ་བགྱི་ཞེས་སྨྲས་ཏེ། དེ་བས་ན་སོང་ཤིག་དང་ཡོངས་སུ་ངལ་བ་འདིས་ཅི་ཞིག་བྱ། གལ་ཏེ་ཡང་བདག་ལ་མངོན་པར་རྒྱུག་པ་ཁྱོད་ཀྱི་ས་གནས་པར་མི་འགྱུར་ན་དེ་བས་ན་མདའ་འདིས་ཁྱེད་དུས་རིང་པོར་འཇིག་པར་འགྱུར་ཞེས་ཟེར་རོ། །གང་གི་ཚེ་དེས་མངོན་པར་རྒྱུག་བ་དེའི་ཚེ་ནོར་བཟངས་ཀྱིས་པི་ཝང་བརྡུངས་པར་གྱུར་ཏེ། དེ་ནས་པི་ཝང་སྒྲ་ཐོས་ཏེ། །ཡིད་དང་ན་བ་འཕྲོག་བྱེད་པ། །སྲིན་མོ་འཇིགས་མ་ལེགས་སོ་ཞེས། །སྨྲས་ནས་དེ་ཉིད་མྱུར་དུ་ནུབ། །དེ་ནས་ནོར་བཟངས་ཀྱིས་འདོད་པའི་གཟུགས་ཅན་གྱི་རི་བོ་དེ་ལས་འདས་པར་བྱ་སྟེ། སོ་གཅིག་པ་ཞེས་བྱ་བའི་རི་ལ་སོང་བར་གྱུར་ཏོ། །དེ་ཡང་ཐབས་གཞན་གྱིས་ནི་བརྒལ་བར་ནུས་པ་མ་ཡིན་ནོ་སྙམ་དུ་རྣམ་པར་བསམས་ཏེ། ས་འཛིན་དེ་ལ་ལྕགས་ཕུར་ནི། །ཤིན་ཏུ་ལྕི་བའི་ཐོ་བ་ཡིས། །སོར་བཅུ་གཉིས་སུ་བརྟན་བྱེད་ཕྱིར། །ཡང་དང་ཡང་དུ་བརྡུངས་བར་གྱུར། །ཕུར་པ་དེ་ལ་ཞོན་ནས་ནི། །སླར་ཡང་གཞན་གྱིས་བརྐོས་པར་གྱུར། །དེར་ནི་གནས་ནས་ཕུར་བུ་དེ། །འོག་ནས་དེ་ནི་བཏོན་པར་གྱུར། །དེ་ལྟར་ཐབས་ནི་ཆེན་པོ་ཡིས། །བརྩོན་འགྲུས་དེ་ལྡན་ནོར་བཟང་ནི། །མི་འམ་ཅི་མོ་ཐོབ་བྱའི་ཕྱིར། །རི་བོ་དེ་ལས་བརྒལ་བར་གྱུར། །དེ་ནས་སོ་གཅིག་པ་བརྒལ་བར་བྱས་ནས། རྡོ་རྗེ་ཅན་ཞེས་བྱ་བའི་རི་ལ་སོང་བར་གྱུར་


DTG169_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དེའི་ཡང་རྩེ་མོ་ལ་གནས་པ་སྟག་གི་སེན་མོ་ལྟར་འཁྱོག་ཅིང་རྣོ་བའི་མཆུ་དང་ལྡན་པ། བྱ་རྒོད་མོ་མཐོང་ནས་འདི་བྱ་རྒོད་ཀྱི་གཟུགས་ཅན་སྲིན་མོའོ་སྙམ་དུ་བསམས་སོ། །ད་ནི་ཐབས་དང་བཅས་པར་འདི་ལས་བདག་ཉིད་རྡོ་རྗེ་ཅན་གྱི་ས་འཛིན་ལས་འདའ་བར་བྱའོ་སྙམ་དུ་རྣམ་པར་བསམས་ཏེ། ཤིང་གི་རྩ་བར་འོངས་ནས་ནོར་བཟངས་གཞུ་དང་ལྡན་རྣམས་ཀྱི། །མཆོག་ཏུ་གྱུར་པ་གཞུ་ནི་བདུངས་པ་བྱས་ནས་གཞུ་ལ་མཁས། །རྩ་ནི་ཤིན་ཏུ་འཇམ་པའི་གཏན་པ་ཉིད་དུ་འཛིན་བྱེད་པའི། །རི་དགས་ལ་ནི་རྣོ་བའི་མདའ་ཡིས་ཀུན་ནས་བསྣུན་པར་གྱུར། །རི་དགས་དེ་ཡི་ཁྲག་འཛགས་པས། །རི་དགས་ལྟ་བུའི་མིག་ལྡན་པ། །ཕྱི་རོལ་དུ་ལྡན་པགས་པ་ཡིས། །ལུས་ནི་བསྒྲིབས་ཤིང་གནས་པར་གྱུར། །དེ་ནས་བྱ་རྒོད་གཟུགས་འཛིན་དེས། །གཡོ་བ་དང་བྲལ་གནས་པ་ནི། ཤུགས་ཀྱིས་རི་དགས་ལྤགས་ལྡན་པ། །དེ་ནི་བཏོན་ནས་རི་ལ་ཁྱེར།། པགས་པ་དེ་ནི་ཕུག་བྱས་ནས། །ལམ་ནི་རྙེད་ཕྱིར་ལམ་ལ་ནི། །བརྩོན་འགྲུས་ལྡན་པ་དེས་སྲིན་མོའི། །མགོ་ནི་རལ་གྲིས་གཅོད་པར་གྱུར། །དེ་ནས་སེང་ལྡེང་མོད་པ་སེང་ལྡེང་ཅན་ཞེས་བྱ་བའི་རི་ལ་འོངས་ཏེ་བསམས་པ། རི་འདི་ནི་མུན་པ་དང་བཅས་པའི་ཕུག་གི་སྒོ་འདི་ལས་ངེས་པར་བརྒལ་བར་བྱའོ་སྙམ་མོ། །ངེས་པར་གནས་ཆེན་པོ་འདི་ཡིན་ཏེ་གང་དུ་ཡོན་ཏན་ལྔ་དང་ལྡན་པ་ཀླུ་རྣམས་ཀྱིས་ཡོངས་སུ་བཟུང་བ་སྨན་ཆེན་པོ་དེ་བྲག་རྣམས་ཀྱིས་བཀག་པ་ཞིག་ཡོད་དེ། །སྨན་ཆེན་པོ་དེ་ཡང་མུན་པ་འཇོམས་བྱེད་འོད་ཀྱིས་ནི། །གྲང་དང་དྲོ་དང་དུག་ཉམས་བྱེད། །སྦྲུལ་དང་སྲིན་པོ་ཆོམ་རྐུན་ལས། །བྱུང་བའི་འཇིགས་པའང་སྤོང་བར་བྱེད།། གང་ཡང་འདི་སོ་སོར་འཛིན་པའི་ཀླུ་དེས་གཉིད་ལོག་པར་གནས་པར་བྱས་ཏེ། ཅིའི་སླད་དུ་ཞེ་ན། གང་གི་ཕྱིར་སྨན་ཆེན་པོ་འདི་ནི་མར་མེའི་རྩེ་མོ་ལྟར་གནས་འདི་སྣང་བར་བྱེད་དོ། །དེ་བས་ན་ཇི་སྲིད་དུ་ལྟོ་འཕྱེ་འདི་གཉིད་ལོག་པ་དེ་སྲིད་དུ་བྲག་འདི་བཏོན་ནས་སྨན་བཟུང་བར་བྱའོ་སྙམ་དུ་རྣམ་པར་བསམས། ལྕི་བའི་བྲག་དེ་ནི་ལག་པའི་སྟོབས་ཀྱིས་བསལ་བར་བྱས་ཏེ་སྨན་དེ་མགོ་བོར་བཅིངས་ལ་ཕུག་དེར་ཞུགས་ཏེ། མྱུར་དུ་ཕུར་བུའི་རྩ་དག་གིས། །རི་ཡི་ཕྱོགས་དག་མདའ་དག་གིས། །ངལ་བའི་སྐྱེད་བྱེད་ཕུག་བྱས་ནས། །རྣམ་པར་མི་གཡོ་དེས་བྱས་གྱུར། །དེ་ནས་ཅུང་ཟད་ཕར་སོང་སྟེ། །ལགས་ཀྱི་སྐྱེས་པ་གཉིས་དག་གིས།


DTG169_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་བཟུང་བར་བྱས་པ་དག །མྱུར་དུ་མདའ་དག་གིས་ཕུག་སྟེ། །ཕུར་བ་ཡིས་ནི་མངོན་དུ་བྱས། །དེ་དག་མི་གཡོ་བ་ཉིད་དུ་ཐོབ་པར་འགྱུར་བས་བདག་གི་བར་ནས་བྱུང་སྟེ་སོང་བར་གྱུར་ཏོ། །དེ་ནས་སྒྱོགས་དུ་མ་རྣམས་བཅག་ནས་འཛིན་པ་དང་ལྡན་པའི་ཆུ་བོ་དེ་དང་དེ་རྣམས་ལས་ཀྱང་བརྒལ་ནས་སྦའི་ཆུ་བོ་རྗེས་སུ་རྙེད་པར་གྱུར་ཏེ། དེ་ནས་རྣམ་པ་གང་གིས་སྤའི་ལྕུག་གཉིས་ཕ་རོལ་ནས། །དྲག་པའི་རླུང་གིས་ཀུན་ནས་ཁྱེར་བའི་མདུན་དུ་བཟུང་ནས་ནི། །ཆུ་བོ་ཆེན་པོ་དེ་ལས་བདག་ཉིད་ཆེན་པོ་བརྒལ་གྱུར་པ། །མངོན་དུ་བྱས་པ་འབྲས་བུ་ཆེན་པོ་སྟེར་བའི་དམ་བཅས་ལྟར། །དེ་ནས་སྦའི་ཆུ་བོ་ལས་འདའ་བར་བྱས་ནས་གསེར་གྱི་ར་བའི་སྟེགས་བུ་རྣམས་ཀྱིས་ཉེ་བར་མཛེས་པ་སྐྱེད་མོས་ཚལ་དུ་མས་ཡིད་འཕྲོག་པ། །ཡིད་འཕྲོག་མའི་ཡབ་ཀྱི་གྲོང་ཁྱེར་མཐོང་བར་གྱུར་ཏོ། །དེར་ཡང་ཕྱོགས་གཅིག་ཏུ་རིག་པ་འཛིན་པ་རྣམས་ཀྱི་སྐྱེད་མོས་ཚལ་དུ་རྗེས་སུ་ཞུགས་ནས་ཤིང་རྣམས་བསྒྲིབས་པར་གནས་པར་གྱུར་ཏེ། གཅིག་དང་བསྡོངས་པར་བྱས་པའི་བཞི་པོ་རྣམས་ཀྱང་ནི། །མི་འམ་ཅི་ཡི་བུ་མོ་བརྒྱ་ཕྲག་རྣམས་ཀྱང་འདིར། །ཆུ་བོ་ལ་ནི་རབ་ཏུ་དང་བའི་ཆུ་ཉིད་ནི། །བུམ་པ་རྣམས་ཀྱིས་ཡང་དག་འཛིན་པར་བྱེད་མཐོང་འགྱུར། །དེ་ནས་དེ་རྣམས་སོང་བ་དང་དེར་རྒས་པར་ནུས་པ་ཉེ་བར་གདུངས་པ་གཅིག་པུ་ཆུ་དང་བཅས་པའི་གསེར་གྱི་བུམ་པ་འཛིན་པའི་ནུས་པ་དང་མི་ལྡན་པ་དབུགས་ཕྱུང་ནས་རྫིང་བུའི་འགྲམ་གྱི་མཐའ་མར་གནས་པར་གྱུར་ཏོ། །དེ་ནས་ནོར་བཟངས་ཀྱིས་བདག་ལ་ཕན་པའི་ཕྱིར་མི་འམ་ཅིའི་འབངས་མོ་འདི་རྒས་པས་ནུས་པ་འཕྲོགས་པ་སྟེ། གཞན་དུ་ན་བདག་གིས་འདིར་གཅིག་པུ་འདི་ཅིའི་ཕྱིར་ཡིད་འཕྲོག་མའི་གཏམ་ཉེ་བར་དམིགས་པའི་ཕྱིར་རྙེད་པར་འགྱུར་སྙམ་དུ་རྣམ་པར་བསམས་ནས་ཉེ་བར་འོངས་ཏེ་དེ་ལ་དྲིས་པ། འཕགས་མ་ཆུ་འདི་གང་དུ་ཉེ་བར་ཁྱེར་བ་ཡིན། །མི་འམ་ཅིའི་འབངས་མོ་རྒས་པ་དེས་ཀྱང་ནོར་བཟངས་ལ་བལྟས་ནས་རིག་པ་འཛིན་པའི་སྐྱེད་མོས་ཚལ་འདི་ལས་ངེས་པར་བྱུང་ནས་གཞོན་ནུ་རིག་པ་འཛིན་པ་འདི་ངོ་མཚར་བའི་ལྟད་མོའི་དབང་གིས་བདག་ལ་དྲིའོ་སྙམ་དུ་རྣམ་པར་བསམས་ནས་སྨྲས་པ། བཞིན་བཟངས་ཉོན་ཅིག །ཡིད་འཕྲོག་མ་ཞེས་བྱ་བ་ལྗོན་པའི་བུ་མོ་སྟེ། །ས་ཡི་བདག་པོ་མི་འམ་ཅི་ཡི་ཡིད་འཕྲོག་མ། །དེ་ཡང་སྐྱེས་པས་སྔོན་དུ་ཉེ་བར་ལོངས་སྤྱོད་པ། །ཇི་ལྟར་སླར་


DTG169_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདིར་ནི་མངོན་པར་འོངས་པ་ཡིན། །དེ་ཡི་ཕས་ནི་མི་ཡི་དྲི་ནི་ཀུན་ནས་འབྱུང་བཞིན་པ། །ཡན་ལག་ལས་ནི་སྣོམ་པར་ནུས་པ་མ་ཡིན་ཏེ། །ཉི་མ་རེ་རེར་བུམ་པའི་ཁ་ལས་འབྱུང་བ་ཡི། །དྲི་ཡི་ཆུ་ཡིས་དེ་ཕྱིར་དེ་ནི་འཁྲུ་བ་ཡིན། །དེ་ནས་ནོར་བཟངས་ཕྲད་འདོད་དེ་ལ་སྨྲས་གྱུར་པ། །དོགས་པ་དང་བཅས་ཕྱོགས་རྣམས་ཡང་ཡང་བལྟ་བྱས་ཏེ། །འོད་ཀྱིས་བརྒྱན་པའི་སོར་གདུབ་འདི་ནི་དོགས་དང་བཅས། །ཡིད་འཕྲོག་མ་ལ་འདི་ནི་རབ་ཏུ་སྦྱིན་པར་མཛོད། །དེས་ཀྱང་དེ་ལྟར་བགྱི་ཞེས་སྨྲས་ནས་སོར་གདུབ་དེ་བཟུང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་ཀྱང་ཆུའི་བུམ་པ་དེའི་རྐེད་པར་བཞག་ནས་སླར་སྐྱེད་མོས་ཚལ་དེ་ཉིད་དུ་ཞུགས་པར་གྱུར་ཏོ། །དེ་ནས་མི་འམ་ཅིའི་འབངས་མོ་རྒན་མོ་ཡང་དག་པར་ཉེ་བར་འོངས་ཏེ་ཁྲུས་ཀྱི་ཐ་མར་ཡིད་འཕྲོག་མ་སོར་གདུབ་དེ་ཕང་པར་གཞག་ཅིང་གནས་ཏེ། དེ་ནས་སོར་གདུབ་དེ་ནི་ཡང་དག་བླངས་བྱས་ཏེ། །ཡིད་འཕྲོག་མས་ནི་ཁྱིམ་དུ་བུད་མེད་དེ་ལ་ནི། །འཕགས་མས་འདི་ནི་གང་ནས་ཡང་དག་རྙེད་པ་ཞེས། །འདོད་པས་གང་བའི་ཡིད་དང་ལྡན་བས་དྲིས་པར་གྱུར་ཏེ། དེ་ནས་ངེས་གཞོན་ནུ་རིག་པ་འཛིན་པས་སོར་གདུབ་འདི་བདག་གི་ལག་ཏུ་གཏད་པ་སྟེ། ཡིད་འཕྲོག་མ་ལ་འདི་སྦྱིན་པར་གྱིས་ཤིག་ཅེས་སྨྲས་པར་གྱུར་ཏོ། །དེ་ནས་མི་འམ་ཅིའི་བདག་པོའི་བུ་མོས་ངེས་པར་འཕགས་པའི་སྲས་འོངས་སོ་སྙམ་དུ་རྣམ་པར་བསམས་ནས། སླར་དེ་ལ་འཕགས་མས་གལ་ཏེ་འདིར་འགུགས་པར་ནུས་ན་ཤིན་ཏུ་ཡང་དོན་ཆེན་པོ་དང་ལྡན་པར་འགྱུར་ཞེས་བྱ་བ་སྨྲས་སོ། །དེས་སྨྲས་པ། རེ་ཞིག་འབད་པར་བགྱི་སྟེ་གལ་ཏེ་བདག་གིས་ནུས་པར་གྱུར་ན་དེ་བས་ན་གཞོན་ནུ་རིག་པ་འཛིན་པ་དེ་འོང་བར་བགྱི་ཞེས་བྱ་བ་སྨྲས་ནས་སྐྱེད་མོས་ཚལ་དེར་སོང་སྟེ་ནོར་བཟངས་ལ་སྨྲས་པ། བཟང་པོ་ཡིད་འཕྲོག་མ་ནི་ཁྱོད་ལ་ལྟ་བར་འདོད་དོ་ཞེས་སྨྲས་ཏེ། དེ་ནས་བུད་མེད་ཀྱི་ནི་ཆ་བྱད་ཡིད་འོང་དུ་བྱས་ཏེ། །མཚན་མོའི་མུན་པ་མཐུག་པ་ཉིད་དུ་འགྱུར་བ་ལ། །དེ་རིང་བདག་དང་ལྷན་ཅིག་ཕྲད་འདོད་ཡིད་འཕྲོག་མའི། །གློ་བུར་ཉིད་དུ་ཕོ་བྲང་དུ་ནི་ཞུགས་པར་མཛོད། །དེ་ལྟར་བགྱི་ཞེས་བརྟན་པ་འདིས་ནི་ཤེས་བྱས་ཏེ། །སྒེག་པའི་ཆ་བྱད་ཀྱིས་ནི་ཡན་ལག་བསྒྲིབས་བྱས་པ། །མི་འམ་ཅིའི་གཡོག་རྒན་མོའི་རྗེས་སུ་འགྲོ་བཞིན་པ། །མཚན་མོ་ཡིད་འཕྲོག་མ་ཡི་ཁྱིམ་དུ་


DTG169_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པར་གྱུར། །དེ་ནས་ནོར་བཟངས་མཐོང་ནས་དགའ་བའི་ཁུར་གྱིས་ཡན་ལག་ལེ་ལོ་ཅན། །ཅི་ལྟར་ཡང་ནི་འཇིགས་པ་ཉིད་ཀྱིས་དེས་ནི་མལ་ཆ་དོར་བར་གྱུར། །དེས་ཀྱང་གཡོ་བའི་རི་དགས་མིག་ལྟར་མཛའ་མོ་དེ་ལ་དཔུང་དག་གིས། །ཤིན་ཏུ་རིང་བར་བྲལ་བར་རིད་པ་མི་འམ་ཅི་མོ་ལ་ནི་འཁྱུད། །དེ་ནས་དེས་ཇི་ལྟར་ཡང་ནོར་བཟངས་ཀྱི་ཚིག་གིས་ཡུན་རིང་པོར་བྲལ་བའི་སྡུག་བསྔལ་གྱིས་འཇིགས་པ་སེལ་བ་ཡིད་ལ་རེ་བའི་འབྲས་བུ་ཐོབ་ནས་སྨྲས་པ། ཨེ་མ་བདག་གི་དོན་དུ་འཕགས་པའི་སྲས་ཀྱིས་འོངས་པའི་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བ་སྟེ། རྣམ་པ་ཐམས་ཅད་དུ་བདག་ནི་སྙིང་སྲ་བ་སྟེ་གང་གི་ཕྱིར་བདག་གིས་འཕགས་པའི་སྲས་འདི་ལྟར་ཀུན་ནས་ངལ་བར་བྱས་སོ་ཞེས་ཟེར་རོ། །ནོར་བཟངས་ཀྱིས་སྨྲས་པ། འཇིགས་མ་དེ་ལྟར་ནི་མ་ཡིན་ཏེ། །སྡུག་བསྔལ་མི་བཟད་ཆེན་པོ་ལ་ཡང་བསམ་པར་མ་བྱས་ཤིང༌། །བདེ་བས་རྗེས་འབྲེལ་མི་གཡོ་ཆོས་ཀྱི་ལམ་ཡང་དོར་བྱས་ནས། །ཕལ་ཆེར་ཡུན་རིང་མངོན་པར་འདོད་པའི་སྐྱེ་བོའི་དོན་དུ་ནི། །གཉེན་བཤེས་པས་ནི་མ་སྤྱད་པ་ཡང་སྐྱེ་བོས་བྱེད་པ་ཡིན། །ཡིད་འཕྲོག་མས་སྨྲས་པ། ཨེ་མ་བདག་ནི་དོན་དང་བཅས་པ་སྟེ། །གང་གི་ཕྱིར་བདག་གི་དོན་དུ་འཕགས་པའི་སྲས་ལ་མཉེས་གཤིན་པ་ལ་རྩེ་གཅིག་པ་ཉིད་ཡིན་ཏེ། དེ་བས་ན། ད་ལྟར་ཡུན་རིང་བྲལ་བའི་ཉི་མ་དང་འབྲེལ་གདུངས་པས་ནི། །ཟོས་པ་འདི་ནི་བསྐུམ་པ་ཉིད་དུ་མངོན་པར་ཐོབ། །བདག་གི་སྙིང་གི་ཀུ་མུ་ད་ནི་མཐོང་ཤར་བྱས། །ཤིན་ཏུ་དགའ་བ་ཟླ་བ་ཡིས་ནི་རབ་སད་བྱས། །དེ་ནས་ཡིད་འཕྲོག་མས་མི་འམ་ཅིའི་འབངས་མོ་རྒན་མོ་ལ་བོས་ཏེ་སྨྲས་པ། གང་ཞིག་འཕགས་པའི་སྲས་འདིར་གནས་བཞིན་པ་ཡབ་ཀྱིས་གང་ནས་ཀྱང་ཐོས་པར་གྱུར་ན་དེ་ནས་ཁྲོ་བ་སྐྱེས་ཏེ་མི་ལེགས་པ་ཅི་ཡང་བྱེད་པར་འགྱུར་རོ་ཞེས་ཟེར་རོ། །དེ་བས་ན་འདི་འདིར་རྙེད་པ་རིག་པ་འཛིན་པའི་སྐྱེད་མོས་ཚལ་དེ་ཉིད་དུ་འཕགས་པའི་སྲས་ལ་མཚན་མོའི་དུས་སུ་རིག་པ་འཛིན་པའི་སྐྱེད་མོའི་ཚལ་དེ་ཉིད་དུ་སྲོད་ཀྱི་དུས་ལ་འཕགས་པའི་སྲས་ཁྱོད་ཀྱིས་ཁྲིད་པར་འོས་པ་སྟེ། བདག་ཅག་ནང་པར་དེ་ཉིད་སྨྱུང་བ་དང་བཅས་པ་ཡན་ལག་མེད་པ་ལ་མཆོད་པའི་ཚུལ་གྱིས་འགྲོའོ་ཞེས་ཟེར་རོ། །ནོར་བཟངས་ཀྱིས་ཀྱང་མཛའ་མོས་ཡང་དག་པར་སྨྲས་སོ་ཞེས་བྱ་བ་སྨྲས་ནས་སྲོད་ཀྱི་དུས་སུ་རྒན་མོ་དེ་དང་ལྷན་ཅིག་རིག་པ་འཛིན་པའི་སྐྱེད་མོས་ཚལ་དུ་


DTG169_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ནས་མཚན་མོ་འདས་པར་གྱུར་ཏོ། །དེ་ནས་ཡིད་འཕྲོག་མས་ཐོ་རངས་ཀྱི་དུས་ལ་གོས་དཀར་པོ་འཆང་ཞིང་ཉེ་གནས་མ་རྣམས་ཀྱིས་དྲི་དང་མེ་ཏོག་གི་ཕྲེང་བ་འཛིན་པས་སྐྱེད་མོས་ཚལ་དེ་དང་དེར་ཉེ་བར་འོངས་ཏེ། ཉེ་གནས་མ་དེ་རྣམས་ལ་སྨྲས་པ། སྨྱུང་བ་དང་བཅས་ཁྲུས་བྱས་གཙང༌། །མི་མོ་འབད་པ་ཆེན་པོ་ཡིས། །འདོད་པའི་ལྷ་ལ་བརྟེན་བྱས་ཏེ། །དེ་བས་གཅིག་པུ་མཆོད་པར་མཛོད། །སྐྱེད་ཚལ་འདི་ཡི་ཕྱི་རོལ་དུ། །མཆོད་གསུམ་མེ་ཏོག་མཚོན་ཆ་ལས། །ཁྱེད་ཅག་རྣམ་པར་ལོག་མཛོད་ཅིག །བདག་ནི་གཅིག་པུ་ཉིད་ཞུགས་བགྱི། །དེ་ནས་ཉེ་གནས་མ་རྣམས་ཀྱིས་ཉེ་བར་འོངས་པའི་དྲི་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་བཟུང་ནས་སྐྱེད་མོས་ཚལ་དུ་ཞུགས་ཏེ། རབ་ཏུ་དགའ་བའི་དགོད་པས་རྣམ་པར་ཁ་བྱེ་བའི་སོའི་ནོར་བུའི་འོད་ཟེར་རྣམས་ཀྱིས་བཞིན་ཀུན་ནས་སྣང་བར་བྱེད་པའི་ཡིད་འཕྲོག་མས་ནོར་བཟངས་ལ་དྲི་ཞིམ་པོའི་ཁ་དོག་གིས་བྱུགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་དགོད་ཅིང་སྨྲས་པ། མཛེས་མ་ཡན་ལག་མེད་པའི་མཆོད་པ་ལ་ཉེ་བར་འཁོར་བའི་བྱུག་པ་འདི་བདག་ཅག་གི་ཡན་ལག་ལ་ཅིའི་ཕྱིར་སྦྱོར་བར་བྱེད། འོ་ན་འདོད་པའི་མཆོད་པ་མཛོད་ཅིག་ཟེར་རོ། །ཡིད་འཕྲོག་མས་དགོད་ཅིང་སྨྲས་པ། ཁྱོད་ཀྱི་ཚིག་རྣམས་ཉིད་ནི་མེ་ཏོག་མདའ་རྣམས་དྲི་ཞིམ་པ། །གཟུགས་ནི་ཆུ་སྲིན་རྒྱལ་མཚན་འདི་ནི་གཞུ་ནི་འཛིན་བྱེད་པ། །དེ་བས་ཁྱེད་ཉིད་བདག་གི་སླད་དུ་མེ་ཏོག་རྒྱལ་མཚན་ཏེ། །མྱོས་བྱེད་དབང་ཕྱུག་ཁྲོས་པས་སྲེག་པ་སུ་ཞིག་དད་བར་བྱེད། །དེ་ནས་ཕན་ཚུན་འདི་ལྟར་དགོད་པའི་གཏམ་གྱིས་ཀུན་ནས་རྗེས་སུ་ཆགས་པ་འཕེལ་བ་དེ་དག་ལ་དེར་གནས་པར་བྱེད་པ་ལ་བཙུན་མོའི་འཁོར་དང་ནང་འཁོར་དང་བཅས་པའི་མི་འམ་ཅིའི་བདག་པོ་སྐྱེད་མོས་ཚལ་དེར་འོངས་པར་གྱུར་ཏོ། །དེ་ནས་ཡབ་འོངས་པར་ཤེས་ནས་ལངས་ཏེ། ཡིད་འཕྲོག་མ་འཇིགས་པ་དང་བཅས་པས་ནོར་བཟངས་ལ་སྨྲས་པ། འཕགས་པའི་སྲས་ལགས་བདག་གི་བླ་མའི་སྐྱེ་བོ་ཀུན་ནས་འོངས་པ་སྟེ། །དེ་བས་ན་མྱུར་དུ་ལྗོན་ཤིང་གི་ཁྱིམ་འདིར་ཞུགས་པར་འོས་སོ་ཞེས་ཟེར་རོ། །དེ་ནས་ནོར་བཟངས་ཀྱིས་མྱུར་དུ་ལངས་ཏེ་འཇིགས་ཤིང་གོམ་པ་བཀོད་པས་སོང་སྟེ། ལྗོན་ཤིང་གི་ཁང་པར་ཞུགས་པར་གྱུར་ཏོ། །དེ་ནས་ཡིད་འཕྲོག་མ་ཉེ་བར་འོངས་ཏེ་མས་དྲིས་པར་གྱུར་པ། །བུ་མོ་བར་ཆད་མེད་པར་ཁྱོད་ཀྱིས་མྱོས་བྱེད་ཀྱི་མཆོད་པས་རྫོགས་པར་


DTG169_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སམ་ཞེས་ཟེར་རོ། །ཡིད་འཕྲོག་མས་སྨྲས་པ། བདག་ནི་མཆོད་པ་མྱོས་བྱེད་པ་ཡི་ཕྱིར་མ་ལགས། །ནུས་པས་སྐྱེད་མོས་ཚལ་འདིར་མངོན་བརྩམས་པ། །ཡིད་བྱུང་གནས་འདི་སྐད་ཅིག་མ་ནི་དེ་ཉིད་ལ། །ཡབ་ཀྱི་སྐྱེ་བོས་བར་ཆད་མེད་པར་དགག་པར་བྱས། མས་སྨྲས་པ། བདག་གི་བུ་མོ་ནི་སེམས་མཉམ་པར་བཞག་པ་མྱོས་བྱེད་ཀྱི་མཆོད་པ་རྫོགས་པར་གྱིས་ཤིག་དང༌། བདག་ནི་ནང་འཁོར་འདིར་འོངས་པར་གྱུར་པ་ཟློག་པར་འགྱུར་ཞེས་ཟེར་རོ། །ཡིད་འཕྲོག་མས་ཀྱང་མེ་ཏོག་མཚོན་ཆ་ལ་མཆོད་པ་བྱས་ཏེ། དེ་ལྟར་བགྱི་ཞེས་འདི་ལྟར་བསམ་ཞིང་གནས་སོ། །བདག་གིས་ནི་དུས་ཇི་ཙམ་ཉིད་དུ་འཕགས་པའི་སྲས་སྦ་བར་བྱ་བར་ནུས་ཏེ། དེ་བས་ན་མ་ལ་སྨྲ་བར་བྱའོ་ཞེས་རྣམ་པར་བསམས་ནས་སྨྲས་པ། གལ་ཏེ་མ་ཡི་མག་པ་འདི། །ཇི་ལྟར་ཡང་ནི་འདིར་འོངས་འགྱུར། །ཁྱོད་ཀྱི་སེམས་ནི་དགའ་འགྱུར་ཏེ། ཡབ་ནི་གཅིག་ཏུ་ཁྲོས་པར་འགྱུར། །མས་སྨྲས་པ། བུ་མོ་གལ་ཏེ་མག་པ་དེ། །བདག་གི་འདིར་ནི་འོངས་གྱུར་ན། །ཁྱེད་ཀྱི་ཡབ་ནི་དང་བྱས་ནས། །བདག་ནི་ཤིན་ཏུ་དགའ་བར་འགྱུར། །ཡིད་འཕྲོག་མས་སྨྲས་པ། གལ་ཏེ་དེ་ལྟར་ཡིན་ན་དེ་བས་ན། །མ་ལ་མག་པ་བསྟན་པར་འགྱུར། ཞེས་སྨྲས་ནས། རྒན་པོ་དེ་ལ་སྨྲས་པ། སོངས་ལྗོན་ཤིང་གི་ཁྱིམ་འདི་ན་གནས་པའི་འཕགས་པའི་སྲས་ལ་སྨྲ་བར་གྱིས་ཤིག་དང༌། དེ་ནས་བྱུང་སྟེ་མ་ལ་གསོང་པོར་སྨྲ་བར་གྱིས་ཤིག་ཅེས་ཟེར་རོ། །དེས་ཀྱང་དེ་ལྟར་བགྱི་ཞེས་བྱ་བས་སོ་སོར་མཉན་ཏེ། ལྗོན་ཤིང་གི་ཁྱིམ་ན་གནས་པའི་ནོར་བཟངས་ལ་ལོ་རྒྱུས་དེ་སྨྲས་པར་གྱུར་ཏོ། །དེ་ནས་ནོར་བཟངས་ལྗོན་ཤིང་གི་ཁྱིམ་དེ་ལས་བྱུང་བར་གྱུར་ཏོ། །ཡིད་འཕྲོག་མས་སྨྲས་པ། མས་མག་པ་མཐོང་བར་འོས་སོ་ཞེས་ཟེར་རོ། །མས་སྨྲས་པ། གཞོན་ནུ་རིག་པ་འཛིན་པ་འདི། །ལྗོན་ཤིང་ཁྱིམ་ནས་འོངས་པ་ནི། །གང་དུ་ཡང་ནི་མག་པ་དེ། །བདག་འཇིགས་རྗེས་སུ་འགྲོ་འགྱུར་རམ། །དེ་ནས་ཡིད་འཕྲོག་མས་དགོད་ཅིང་སྨྲས་པ། འོ་ན་མའི་མག་པ་འདི་ཉིད་ཡིན་ཞེས་ཟེར་རོ། །མས་སྨྲས་པ། གལ་ཏེ་དེ་ལྟར་ཡིན། །བདག་གི་བུ་མོ་ཁྱོད་མྱ་ངན་བྱ་བ་མ་ཡིན་ཏེ། དེ་ནས་ནོར་བཟངས་ཀྱིས་ཀུན་ནས་ཉེ་བར་འོངས་ཏེ། ཡིད་འཕྲོག་མའི་མ་ལ་མངོན་པར་ཕྱག་བཙལ་བར་གྱུར་ཏོ། །དེས་ཀྱང་བྱང་ཆུབ་སེམས་དཔའི་སྤྱི་བོར་


DTG169_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྣོམ་ཞིང་འདི་ལྟར་ཤིས་པར་བརྗོད་པ་རབ་ཏུ་སྦྱར་གྱུར་ཏེ། ད་ནི་བདག་གི་བུ་མོ་དང༌། །རིགས་ནི་རྣམ་གྲངས་ཁྱོད་དང་ནི། །གང་གཱ་རྒྱ་མཚོ་དག་ལྟར་ནི། །ནམ་ཡང་རྣམ་ཆད་མ་གྱུར་ཅིག །ད་ནི་དེ་བས་ན་བུ་མོ་ཁྱོད་ཀྱི་ཡབ་ལ་ལོ་རྒྱུས་འདི་བདག་གིས་སྨྲ་བར་བགྱི་ཞེས་བྱ་བ་མངོན་པར་སྨྲས་ཏེ། ལྗོན་པའི་དྲུང་དུ་མངོན་པར་སོང་སྟེ་སྐབས་དང་མངོན་དུ་འགྲོ་བར་འདི་སྐད་ཅེས་སྨྲས་པ། འཕགས་པའི་སྲས་ལགས། གལ་ཏེ་ཇི་ལྟར་ཡང་ཡིད་འཕྲོག་མའི་བདག་པོ་འོངས་པར་གྱུར་ནས་འཕགས་པའི་སྲས་ཀྱིས་སླར་ཅི་ཞིག་བྱེད་པར་འགྱུར་ཞེས་ཟེར་རོ། །དེ་ནས་ལྗོན་པས་སྨིན་མ་བསྐྱོད་པས་གསལ་བར་བྱས་པའི་ཁྲོ་བ་དང་ལྡན་པས་སྨྲས་པ། རིགས་མིན་ལམ་ལ་གནས་པ་དེ། །གལ་ཏེ་བདག་གིས་མཐོང་གྱུར་ན། །ཁྲག་ནི་རབ་ཏུ་འཛིན་ལྡན་པ། །མཚོན་ཆས་ག་ཅོད་དེ་ཕྱོགས་རྣམས་དོར། །ཡིད་འཕྲོག་མའི་མས་སྨྲས་པ། ཕན་པར་བྱེད་པ་དེའི་སྟེང་དུ་མི་མཐུན་པ་སེམས་པར་བྱེད་པ་ནི་རིགས་པ་མ་ཡིན་ནོ། །ལྗོན་པས་སྨྲས་པ། འོ་ན་འདི་ལྟར་ཕན་པར་བྱེད་པ་ཞེས་བྱ་བར་སྨྲོས་ཤིག་དང༌། དེས་སྨྲས་པ། ཡིད་འཕྲོག་མ་འོངས་པ་ཙམ་གྱིས་བདག་ལ་སྨྲས་པ་དེ། ཅི་ལྟར་ཞེ་ན། རྔོན་བ་དྲག་པོ་ལས་བླངས་ཏེ། །རྒྱལ་པོའི་སྲས་དེའི་ཁྱིམ་དུ་ནི། །བདག་བཅུག་ནས་ནི་དེ་དང་དེའི། །ལོངས་སྤྱོད་རྣམས་ཀྱིས་ཡང་དག་བསྟེན། །ལྗོན་པས་སྨྲས་པ། གལ་ཏེ་དེ་ལྟར་བདག་ཅག་ལ་དེ་བདེན་པར་ཕན་པར་བྱེད་པ་ཞེས་ཟེར་རོ། །དེ་ནས་དེས་ལྗོན་པ་ཁྲོ་བ་རྣམ་པར་ཟློག་པ་ཤེས་ནས་སླར་སྨྲས་པ། གལ་ཏེ་ཁྱེད་ནི་དང་བ་ཡིན་ན་དེ་བས་ན་བདག་འཕགས་པའི་སྲས་ལ་བདེན་པར་སྨྲ་བ་སྟེ། ཁྱོད་ཀྱི་མག་པ་དེ་འོངས་པ་ཁོ་ན་ཞེས་ཟེར་རོ། །གཞན་ཡང༌། འདི་ནི་མིང་ཙམ་མ་ཡིན་ཏེ། །ས་བདག་སྲས་ནི་བདག་གི་སླད། །གང་གིས་བགྲོད་དཀའ་འདི་ལྟར་ལམ། །བདག་གི་བུ་མོའི་ཕྱིར་ནི་བསྙེགས། །ལྗོན་པས་སྨྲས་པ། གལ་ཏེ་འདི་ལྟར་བདག་ཅག་ལ་དེ་བདེན་པ་ཡིན་ན་དེ་བས་ན་བདག་གིས་མག་པ་དེ་མཐོང་བར་འདོད་པ་སྟེ། དེ་ནས་དེ་ནོར་བཟངས་ཉེ་བར་འོངས་བའི་ཕྱིར་སྒོ་སྲུངས་མ་བཏང་བར་གྱུར་ཏོ། །སྒོ་སྲུངས་མས་ཀྱང་སོང་སྟེ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། མིའམ་ཅིའི་བདག་པོ་ནི་ཚེ་དང་ལྡན་པ་མཐོང་བར་འདོད་དོ་ཞེས་ཟེར་རོ། །དེ་ནས་


DTG169_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བཟངས་ཀུན་ནས་ཉེ་བར་འོངས་ཏེ། ལྗོན་པ་ལ་གསོང་པོར་བྱས་མངོན་པར་ཕྱག་འཚལ་བར་གྱུར་ཏོ། །དེ་ནས་མིའམ་ཅིའི་བདག་པོ་ཁྲོ་བའི་ལྷག་མ་ཅུང་ཟད་དང་ལྡན་པས་ཤེས་པར་བརྗོད་པ་བྱིན་ཏེ། ཆུ་བོའི་འགྲམ་དུ་ཁྲིད་ནས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། གཞོན་ནུ་ཆུ་བོའི་འགྲམ་གྱི་ས་ལ་སྐྱེས་པར་གྱུར་པ་ནི། དཔག་ཚད་བསྒྲིབས་པའི་མདའ་རྣམས་ཀྱིས་ནི་ནགས་འདི་ཕྱུང་བྱས་ནས། །གལ་ཏེ་ཉིན་རེར་དེ་ཉིད་དུ་ནི་བདག་ལ་ཕྲད་བྱེད་ན། །ཁྱོད་ལ་བུ་མོ་དང་ནི་ནོར་ཡང་དེ་དང་དེ་སྦྱིན་བྱ། །བྱང་ཆུབ་སེམས་དཔས་ཀྱང་དེ་ལྟར་བགྱི་ཞེས་མཉན་ནས་ཏོག་རྩེ་བླངས་ནས་ལྕགས་ངར་གྱིས་འབིགས་པར་བྱེད་པའི་མདའ་རྣམས་ཀྱིས་ནི་ནགས་དེ་རྩ་བ་ནས་གདོན་པར་བྱ་བའི་ཕྱིར་དུ་བརྩམས་ཏེ། ལྗོན་པ་ཡང་རང་གི་ཕོ་བྲང་དུ་སོང་བར་གྱུར་ཏོ། །དེ་ནས་ཡིད་འཕྲོག་མ་ཡིད་མི་བདེ་བས་འདི་ལྟར་བསམས་ཏེ། མདའ་རྣམས་ཀྱིས་ནི་ནགས་མཐུག་པ། །བདག་གི་དགའ་བོ་གཅིག་པུ་ཉིད། །འཇམ་པའི་ལག་པ་དག་གིས་ནི། །ཇི་ལྟར་རྩ་བ་ནས་འདོན་འགྱུར། །དེ་ནས་ལྷ་རྣམས་ཀྱི་བདག་པོས་ནོར་བཟངས་མདའ་རྣམས་རྩ་བ་ནས་འདོན་པར་བྱེད་པ་མཐོང་ནས་བྱང་ཆུབ་སེམས་དཔའ་འདིས་མདའ་རྣམས་རྩ་བ་ནས་བཏོན་པ་ཉི་མ་གཅིག་གིས་ནུས་པར་འགྱུར་བ་མ་ཡིན་ནོ་སྙམ་དུ་རྣམ་པར་བསམས་ཏེ། གནོད་སྦྱིན་གཞོན་ནུ་རྣམས་བོས་ནས་བྱང་ཆུབ་སེམས་དཔའ་འདི་གཅིག་པུ་ཉིད་མདའ་རྣམས་འདོན་ནུས་པ་མ་ཡིན་ཞེས་སྨྲས་པ། དེ་ནས་ད་ལྟར་ནི། མཆེ་བ་འཁྱོག་ཅིང་སྤྲིན་ནི་སར་པ་ལྟར་ནི་ནག །ཕག་གི་གཟུགས་ཅན་གློ་བུར་དུ་ནི་བྱས་ནས་ཀྱང༌། །ཇི་སྲིད་ཉི་མ་ནུབ་པར་མ་གྱུར་དེ་སྲིད་དུ། སྐད་ཅིག་གིས་ནི་མདའ་རྣམས་ཀུན་ནས་གདོན་པར་གྱིས། །དེ་ནས་གནོད་སྦྱིན་གཞོན་ནུ་དེ་རྣམས་ཀྱིས་དེ་ལྟར་བགྱི་ཞེས་བྱ་བས་ལྷའི་དབང་པོ་ལ་མངོན་པར་ཕྱག་འཚལ་ནས། མི་འམ་ཅིའི་བདག་པོའི་གྲོང་ཁྱེར་དུ་འོངས་ཏེ་ཕག་གི་གཟུགས་སུ་མངོན་པར་སྦྲུལ་ཅིང་མདའི་ནགས་དེ་ཐམས་ཅད་རྩ་བ་ནས་འདོན་པར་བྱེད་ཅིང་གནས་ཏེ། བདག་ཉིད་ཆེན་པོ་འཇིག་རྟེན་ཕན་རྗེས་འཇུག་རྣམས་ལ། །སྐྱེ་བ་དུ་མར་ཉེ་བར་བསགས་པའི་ལས་དང་ནི། །ཟུག་རྔུར་གྱུར་པའི་དགེ་བས་ཀྱང་ནི་བསྐུལ་བ་ཡི། །ལྷ་ཡི་སྐྱེ་བོ་ཡང་ནི་གྲོགས་ཉིད་འགྱུར། །དེ་ནས་གནོད་སྦྱིན་ཕག་གི་གཟུགས་ཅན་དེ་རྣམས་


DTG169_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བ་དང་བྱང་ཆུབ་སེམས་དཔའ་ཡང་འོངས་ཏེ། ལྗོན་པ་ལ་མདའ་རྣམས་ཀྱི་ནགས་བདག་གིས་རྩ་བ་ནས་བཏེན་ཏེ་ཞེས་བྱ་བ་སྨྲས་པར་གྱུར་ཏོ། །དེ་ནས་ལྗོན་པས་རང་ཉིད་མངོན་སུམ་དུ་བྱས་ཏེ། གཞོན་ནུ་འདི་ནི་སྟོབས་དང་ལྡན་ནོ། །ཞེས་བྱ་བ་སྨྲ་ཞིང༌། སླར་ཡང་རྣམ་པར་བསམས་ཏེ་བྱང་ཆུབ་སེམས་དཔའ་ལ་བཀས་གནང་བར་གྱུར་ཏེ། མདེའུ་དང་བཅས་མདའ་རྣམས་འདི། །ཆུ་བོའི་ཕ་རོལ་པར་དོར་ནས། །ཏིལ་གྱི་བྲེ་ཆེན་འདི་བཏབ་སྟེ། །དེ་སྲིད་སླར་ཡང་འོང་བར་མཛོད། །དེ་ནས་བྱང་ཆུབ་སེམས་དཔས་ཐོས་ཏེ་ཆུ་བོ་དེའི་ཕ་རོལ་དུ་མདའ་རྣམས་དོར་བར་བྱ་བའི་ཕྱིར་བརྩམས་སོ། །སླར་ཡང་ལྷའི་བདག་པོའི་མཐུས་ཤིན་ཏུ་སྟོབས་དང་ལྡན་པའི་རླུང་གིས་མདའ་རྣམས་དེ་གློ་བུར་ཉིད་དུ་ཆུའི་ཕ་རོལ་དུ་ཁྱེར་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཞིང་དེ་ལ་ཏིལ་རྣམས་རབ་ཏུ་གཏོར་ཏེ་སླར་ཡང་བཏུ་བའི་ཕྱིར་བརྩམས་པར་གྱུར་ཏོ། །དེ་ནས་བརྒྱ་བྱིན་ལྷའི་བདག་པོས་སླར་གནོད་སྦྱིན་གྱི་གཞོན་ནུ་དེ་རྣམས་ཏིལ་རྣམས་བསྡུ་བའི་ཕྱིར་གྲོག་མའི་གཟུགས་ཀྱིས་བཏང་བར་བྱས་སོ། །དེ་རྣམས་ཀྱིས་ཀྱང་ཏིལ་དེ་རྣམས་བཏུས་ཏེ་བྲེ་བོ་ཆེ་འགེངས་ཤིང་གནས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཏིལ་རྣམས་ཀྱི་བྲེ་བོ་ཆེ་དེ་བཟུང་ནས་ཉི་མ་དེ་ཉིད་ལ་ལྗོན་པ་ལ་སྟོན་ཞིང་གནས་སོ། །དེ་ནས་མི་འམ་ཅིའི་བདག་པོ་དེས་ཨེ་མའོ་ངོ་མཚར་ཆེའོ་སྙམ་དུ་རྣམ་པར་བསམས་ནས་སླར་ཡང་སྨྲས་པ། བདག་གི་གཞོན་ནུ་འདི་ཐ་མལ་པའི་སྐྱེས་པའི་ལས་ལ་ངེས་པར་སྦྱར་བའི་ཕྱིར་རིགས་པ་མ་ཡིན་ཞེས་ཟེར་ཏེ། བདག་གི་སྲས་རྣམས་འདི་དང་ལྷན་ཅིག་ཏ་ལ་བདུན། །ལྕགས་ཀྱི་རང་བཞིན་ཕག་མོ་བདུན་པོ་རྣམས་ཀྱང་ནི། །ལྕགས་ཀྱི་རང་བཞིན་གལ་ཏེ་མངས་ནི་ཕིགས་གྱུར་ན། །དེ་ནས་ཡིད་འཕྲོག་མ་ནི་ཁྱོད་ལ་རབ་ཏུ་སྦྱིན། །དེ་ལྟར་བགྱི་ཞེས་བྱ་བ་ཡང་བྱང་ཆུབ་སེམས་དཔས་སོ་སོར་ཐོབ་པར་ཏ་ལ་བདུན་དང་ཕག་མོ་བདུན་ཡང་གྲོང་ཁྱེར་ལས་ཕྱི་རོལ་དུ་མི་འམ་ཅིའི་རྒྱལ་པོས་བཙུགས་ཤིང་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་ཏུ་མིའམ་ཅིའི་གཞོན་ནུ་ཐམས་ཅད་ལག་པ་ན་གཞུ་ཐོགས་པ་རྣམས་ཡབ་འཁོར་དང་བཅས་པ་རྗེས་སུ་འགྲོ་ཞིང་འབེན་གྱི་གནས་སུ་སོང་བར་གྱུར་ཏོ། །འཁོར་རྣམས་ཀྱིས་རྣམ་པར་བཤམས་


DTG169_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གདན་ལ་ཉེ་བར་གནས་པའི་ལྗོན་པ་ལ་སྔོན་རོལ་ཉིད་དུ། ལྕགས་ཀྱི་འབེན་རྣམས་ཐམས་ཅད་རྣོ་བའི་གདོང་ཅན་གྱིས། །སླར་ཡང་འཕགས་པའི་སྲས་ཀྱིས་འབིགས་པར་གྱུར་པ་ནི། །དེ་ལྟར་བསམ་ཞིང་མཆི་མ་དང་བཅས་མིག་ལྡན་པ། །ཡིད་འཕྲོག་མ་ནི་རྣམ་འཁྲུགས་ཉིད་དུ་སོང་བར་གྱུར། །དེ་ནས་ལྗོན་པའི་བདག་སྐྱེས་དེ་རྣམས་ཀྱིས་ནི་དེར། །འདུས་པ་ཆེན་པོར་སྟོབས་ཀྱིས་ཤིན་ཏུ་ང་རྒྱལ་ཅན། །ལ་ལ་ཞིག་གིས་རྣོ་བའི་མདའ་ཡིས་ཏ་ལ་གཅིག །ཕིགས་པར་གྱུར་ཏེ་འགའ་ཞིག་གིས་ནི་ཏ་ལ་གཉིས། །དེ་ཙམ་གྱི་དཔུང་པའི་སྟོབས་དང་ལྡན་པ་ཉེ་བར་གནས་པའི་མི་འམ་ཅི་གཞོན་ནུ་དེ་རྣམས་ལ། སྔོན་དུ་ཁུ་ཚུར་བརྟན་བྱས་ཏེ། །མི་གཡོའི་མིག་ཅན་མི་གཡོ་བར། །ནོར་བཟངས་གཞུ་ནི་བདུངས་བྱས་ནས། །རྣོ་བའི་མདའ་ནི་འཕངས་པར་གྱུར། །དེ་ནས་ལྕགས་ཀྱི་རང་བཞིན་ཏ་ལ་དེ་རྣམས་ཕུག་བྱས་ནས། །ལྕགས་ཀྱི་རང་བཞིན་ཕག་མོ་བདུན་པོ་དེ་རྣམས་ཀྱང། །ས་འོག་མཐོང་བ་དང་འདྲ་མདའ་ནི་འདོད་ལྡན་བྱས། །ལྟོང་ནི་ནུབ་ཅིང་རྩ་ལ་རབ་ཏུ་ཞུགས་པར་གྱུར། །དེ་ནས་གློ་བུར་ཉིད་དུ་ལེགས་སོ་ལེགས་སོ་ཞེས་བྱ་བ་ངོ་མཚར་བས་ཀུན་ནས་འཁོར་བའི་སོར་མོ་དང་ལྡན་པའི་མ་ལུས་པ་མི་འམ་ཅིའི་འཇིག་རྟེན་བྱང་ཆུབ་སེམས་དཔའ་ལ་མངོན་དུ་ཕྱོགས་པ་བྱུང་བར་གྱུར་ཏེ། མི་འམ་ཅིའི་བདག་པོ་ཡང་མཆོག་ཏུ་ངོ་མཚར་སྐྱེས་པར་གྱུར་ཏོ། །འབེན་རྣམས་རྣོ་བའི་གདོང་ཅན་གྱིས་ནི་འབིགས་འགྱུར་བ། །བདག་ཉིད་ཆེན་པོ་སྟོབས་ཆེན་ལྡན་པ་དེ་ཡིས་ནི། །དགོད་པའི་འོད་ཀྱིས་སྣང་བར་བྱས་པའི་སོ་ཡི་ཕྲེང༌། །ཡིད་འཕྲོག་མ་ཡི་བཞིན་ནི་དེ་ལྟར་བླང་བར་འགྱུར། །དེ་ནས་མི་འམ་ཅིའི་བདག་པོས་ཕོ་བྲང་དུ་འོངས་ཏེ། སླར་ནོར་བཟངས་ལ་སྨྲས་པ། གཟུགས་དང་ལང་ཚོ་མཉམ་པར་རྣམ་པར་བརྒྱན་པ་རྣམས། །བདག་གི་བུ་མོའི་དབུས་སུ་འཇུག་པ་ཁྱོད་ཀྱིས་ནི། །གློ་བུར་དུ་ནི་ལྷན་ཅིག་ཆོས་སྤྱོད་རང་གིས་ནི། །གལ་ཏེ་རིག་པར་གྱུར་ན་དེ་བས་དེ་སྦྱིན་བྱ། །དེ་ལྟར་བགྱི་ཞེས་བྱ་བ་སོ་སོར་མཉན་ནས། བྱང་ཆུབ་སེམས་དཔས་རང་གི་གནས་སུ་འོངས་ཏེ། མི་འམ་ཅི་མོ་འབངས་མོ་རྒན་མོ་དེ་ཡིད་འཕྲོག་མ་ལ་བཏང་བར་གྱུར་ཏེ། གལ་ཏེ་གཟུགས་དང་ལང་ཚོ་དང༌། །ཆ་བྱད་དང་རྒྱན་མཉམ་པའི་སྲིང་མོ་རྣམས་ཀྱི་


DTG169_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་གནས་པའི་ཡིད་འཕྲོག་མ་ཁྱོད་ཀྱིས་ཤེས་པར་གྱུར་ན། དེ་ནས་བདག་གིས་དེ་ཁྱོད་ཀྱི་ཆུང་མ་ཉིད་དུ་སྦྱིན་པར་བྱ་ཞེས་ཟེར་རོ། །འདི་ཡང་ཤིན་ཏུ་དཀའ་བ་ཁྱོད་ཀྱི་ཕས་ཉེ་བར་བཀོད་པ་འདི་ལ་ཐབས་གང་ཡིན་པ་ཞེས་འདྲིའོ། །དེ་ནས་ཡིད་འཕྲོག་མས་སྨྲས་པ། བདག་གི་སྲིང་མོ་ཀུན་གྱི་ནང་ནས་ནི། །གོས་ཀྱིས་བསྒྲིབས་པའི་རྐང་པ་རྐང་གདུབ་ཅན། །རྐང་གདུབ་གཉིས་པོ་རབ་ཏུ་གསལ་བ་ནི། །དེ་ཡི་དབུས་སུ་བདག་ནི་འབྱུང་བར་འགྱུར། །དེ་བས་ན་མཚན་མ་འདི་ལ་བལྟས་ནས་བདག་ནི་འཕགས་པའི་སྲས་ཀྱིས་སྲིང་མོ་རྣམས་ཀྱི་དབུས་ན་གནས་པ་གཟུང་བར་བྱ་ཞེས་ཟེར་རོ། །འབངས་མོ་དེས་ཀྱང་བྱང་ཆུབ་སེམས་དཔའ་ལ་དེ་ལྟར་སྨྲ་བར་བྱའོ། །དེ་ནས་ནོར་བཟངས་ཡིད་དགའ་བ་མི་འམ་ཅིའི་བདག་པོས་ཡང་དག་པར་བོས་པ་དེ་དང་དེར་ཉེ་བར་འོངས་ཏེ། ལང་ཚོ་དང་གཟུགས་དང༌། རྒྱན་མཉམ་པར་དེ་རྣམས་གློག་ལྟར་སྣང་བར་གྱུར་པའི་མི་འམ་ཅི་མོ་རྣམས་མཐོང་བར་གྱུར་ཏོ། །དེ་ནས་ལྗོན་པས་གཞོན་ནུ་དེ་ལ་སྨྲས་པ། གང་ཞིག་ཁྱེད་ཀྱིས་མཛའ་མོ་དེ་ཟུང་ཅིག་ཅེས་ཟེར་ཏེ། དེ་ནས་རྐང་པ་གཉིས་ཀྱིས་གསལ་བར་བྱས་པ་དེས། །གསལ་ཞིང་འོད་དང་ལྡན་པའི་སྐྱོད་པའི་རྐང་གདུབ་ཀྱིས། །ས་ལ་རྣམ་པར་འབྲེལ་པས་ལྟ་བའི་ཡིད་འཕྲོག་མ། །ངོ་ཚེའི་གདོང་ཅན་ལག་པའི་རྩེ་མོས་བཟུང་བར་གྱུར། །དེ་ནས་ལྗོན་པ་སྙིང་དགའ་བས་ནོར་བཟངས་ལ་སྨྲས་པ། ཚེ་དང་ལྡན་པས་བར་ཆད་མེད་པར་བདག་གི་བཀའ་རྣམས་ཐམས་ཅད་བསྒྲུབས་ཏེ། དེ་བས་ན་ཡིད་འཕྲོག་མ་འདི་ཁྱོད་ཀྱིས་ལྷན་ཅིག་ཆོས་སྤྱོད་མ་སོ་སོར་བཟུང་བར་མཛོད་ཅིག །གཞན་ཡང༌། གང་ཕྱིར་སྔོན་དུ་འཇམ་པའི་ལུས་ཅན་ཁྱོད་ནི་ངལ་བྱས་པ། །མངོན་པར་འོངས་པ་བརྩེ་བ་བྲལ་བ་བདག་གིས་དོན་མེད་ཁྱོད། །དེ་ནི་གཞོན་ནུ་དུལ་བའི་ངོ་བོ་བཟོད་པར་འོས་པ་སྟེ། །གང་ཞིག་བླ་མའི་སྐྱེ་བོ་མཁས་རྣམས་བཟོད་མིན་དེ་ནི་ཅི། །ནོར་བཟངས་ཀྱིས་སྨྲས་པ། འོ་ན་བླ་མ་རྣམས་ཀྱིས་བཀའ་རབ་ཏུ་སྦྱིན་པས་བདག་ནི་རྗེས་སུ་འཛིན་པ་སྟེ། ལྕི་བའི་སེམས་ལྡན་བླ་མ་རྣམས། །གང་ཞིག་ཉིད་ནི་བྱ་བ་སྟེ། །བཀའ་ནི་རབ་སྦྱིན་མཁས་པ་ཉིད། །དེ་རྣམས་ལས་ནི་དེ་ཉིད་སྐྱེ། །དེ་ནས་ལྷའི་གཞོན་ནུ་ལྷའི་བུ་མོ་དང་ལྷན་ཅིག་པ་འདྲ་བར་མིའམ་ཅི་མོ་དེ་དང་ལྷན་ཅིག་ལྗོན་པའི་ཕོ་བྲང་དུ་


DTG169_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཅུང་ཟད་ཅིག་གནས་ཏེ། བྱང་ཆུབ་སེམས་དཔས་མི་འམ་ཅིའི་བདག་པོ་ལ་སྨྲས་པ། ལྷ་ལགས་གལ་ཏེ་བཀའ་དྲིན་ཡོད་ན། དེ་ནས་ཡིད་འཕྲོག་མ་དང་ལྷན་ཅིག་ཏུ་ཡབ་ཀྱི་ཕོ་བྲང་དུ་འགྲོ་བར་བགྱིའོ་ཞེས་ཟེར་རོ། །དེ་ནས་ལྗོན་པས་ཅི་ལྟར་གཞོན་ནུ་འདོད་པ་དེ་ལྟར་བྱའོ་ཞེས་སྨྲས་ནས། བུ་མོ་རྣམས་ལ་སྨྲས་པ། བུ་མོ་རྣམས་སོང་ལ་གྱོས་པོའི་རིགས་ལ་མངོན་པར་འཇུག་པའི་ཡིད་འཕྲོག་མ་བརྒྱན་པར་མཛོད་ཅིག་ཅེས་ཟེར་རོ། །དེ་རྣམས་ཀྱིས་ཀྱང་དེ་ལྟར་བགྱིའོ་ཞེས་བྱ་བ་སོ་སོར་མཉན་ནས། སྲིང་མོ་ཁྱོ་པོ་ཡོན་ཏན་མཐོང་དང་ལྷན་ཅིག་ཏུ། །གྱོས་པོའི་རིགས་ལ་ཁྱེད་ནི་དེ་རིང་འགྲོ་འགྱུར་ཏེ། །སྲིང་མོ་དེ་ལྟར་མཆི་མ་དང་བཅས་མིག་རྣམས་ཀྱིས། །ཆོ་ག་བཞིན་དུ་མིའམ་ཅི་མོ་དེ་བརྒྱན་གྱུར། །བདག་ཅག་གིས་ནི་བརྒྱན་བྱ་མིན། །རང་གི་མཛེས་པས་འདི་བརྒྱན་པ། །དེ་ལྟར་རྒྱན་རྣམས་འདི་ཡི་ནི། །ལུས་ལ་ངོ་ཚར་བཅས་ལྟར་གནས། །དེ་ནས་ཡིད་འཕྲོག་མ་རྒྱན་རྫོགས་པ། སྲིང་མོ་རྣམས་ཀྱིས་རྗེས་སུ་འགྲོ་བར་གྱུར་པས་དུལ་བ་དང་བཅས་པས་ཉེ་བར་འོངས་ཏེ། ཡུན་རིང་ཕྱག་རྣམས་དཔག་མེད་བཞིན་གྱི་ཆུ་སྐྱེས་ཅན། །མཆི་མ་དང་བཅས་ཉེ་བར་སྐྱེ་བོས་རྣམ་བལྟས་པ། །ཕ་དང་མ་ཡིས་མཆི་མ་དང་བཅས་མིག་ལྡན་པ། །སྐད་ཅིག་རྐང་པ་མཆི་མའི་ཐིགས་པ་རྣམས་ཀྱིས་སྤངས། །ཁྱེད་ནི་མེད་པར་བདག་ནི་བརྟེན་པ་མི་འཐོབ་སྟེ། །བུ་མོ་ནམ་ཞིག་ཚེ་ན་སླར་ཡང་འོངས་པར་འགྱུར། །དེ་ལྟར་རྗོད་པར་བྱེད་ཅིང་མས་ནི་ཡིད་འཕྲོག་མ། །སྐད་ཅིག་ཏུ་ནི་ཀུན་ནས་བརྟེན་ཏེ་ནུས་མིན་དུ། །དེ་ནས་མིའམ་ཅིའི་བདག་པོས་འབྱུང་བར་འགྱུར་བའི་བུ་མོ་དང་བྲལ་བས། སྡུག་བསྔལ་གྱིས་ཁྱབ་པའི་བདག་ཉིད་ཇི་ལྟར་ཡང་བརྟན་པར་བྱས་ནས་ཡིད་འཕྲོག་མའི་མ་ལ་སྨྲས་པ། གསལ་བའི་ཉི་མའི་དཀྱིལ་འཁོར་འདི་ནི་མཁའ་ལ་ཆ་ནི་གསུམ་དུ་སོང་བ་ལ། །སེམས་རྣམས་སྦེད་ཅིང་སྐད་ཅིག་ལུས་ནི་འཛིན་པ་རྣམས་ལ་ཉི་མའི་དྲོད་ནི་བརྟེན་འགྱུར་ཏེ། །གཞོན་ནུ་འདི་ནི་ཁྱོད་ཀྱི་བུ་མོ་ཆུ་བྲལ་པད་མོ་ལྟར་ནི་རྙིང་པར་འགྱུར་བ་སྟེ། །དེ་བས་སོང་ཤིག་སླར་ཡང་འོངས་འགྱུར་ཏེ། །མི་བརྟན་པ་ནི་ཡོངས་སུ་དོར་བར་མཛོད། །དེ་ནས་ནོར་བཟངས་ཀྱི་སྤྱི་བོའི་གཙུག་གི་ནོར་བུ་བཅིངས་ནས་ལྗོན་པས་སྨྲས་པ། ནོར་བུ་འདི་ཡི་མཐུ་ཡིས་ནི། །མཐུ་ནི་ཆེན་པོ་ཁྱོད་ལ་ཡང༌། །ལྷ་ཡི་ལྟར་ནི་ཐོགས་མེད་པ། །


DTG169_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལས་ནི་འགྲོ་བར་འགྱུར། །དེ་བས་ད་ནི་ཡིད་འཕྲོག་མ་ལ་དམིགས་ནས་ནམ་མཁའི་དཀྱིལ་དུ་འབྱུང་སྟེ། ཚེ་དང་ལྡན་པ་ཉེ་བར་རྒྱས་པའི་ཡབ་ཀྱི་ཕོ་བྲང་དུ་འགྲོ་བར་མཛོད་ཅིག །བདག་གི་བུ་མོ་འདི་ལེགས་དང༌། །དཔལ་ལྡན་རྣམས་ཀྱིས་ཁྱེད་མདུན་འགྲོ། །ཚིག་དང་དོན་དག་ལྟར་ཁྱེད་ཅག །ཕན་ཚུན་བརྟེན་པ་འབྱུང་གྱུར་ཅིག །དེ་ནས་འཕྲོག་པའི་སེམས་ལྡན་བླ་མ་དག་བཏུད་ནས། །སྐད་ཅིག་ཏུ་ནི་མིའམ་ཅི་མོའི་སྐྱེ་བོ་འཁྱུད་བྱས་ཏེ། །ཀུན་ནས་འཕྲོས་པའི་རྒྱན་དང་རིན་ཆེན་འོད་ལྡན་པ། །བཟའ་མི་གཉིས་ནི་མྱུར་དུ་ནམ་མཁའ་ལ་ནི་སོང་བར་གྱུར། །ཕྱིར་ལྟའི་མིག་ཅན་མཆི་མའི་ཆ་ནི་གྲོལ་བཞིན་པ། །བདག་པོ་དང་ནི་ལྷན་ཅིག་ནམ་མཁའ་ལ་འཇུག་པ། །མི་འམ་ཅི་མོ་དེ་ལ་མཆི་མ་བྱུང་བའི་མས། །ཇི་སྲིད་མིག་ལས་འདས་པ་དེ་སྲིད་མཐོང་བར་འགྱུར། །དེ་ནས་ནོར་བཟངས་ཀྱིས་རང་གི་སྐྱེ་བོ་དང་བྲལ་བས་སྐྲག་པའི་ཡིད་འཕྲོག་མ་ལ་ཡང་ནས་ཡང་དུ་མཆི་མ་རྣམས་ཕྱིས་ནས། རྡུལ་གྱི་ཆ་དང་བཅས་པ་དེ་ཡི་གདོང་ནི་དེས་མཐོང་ནས། །པདྨ་རྒྱས་པ་ཆུ་ཡི་ཐིགས་པས་རྗེས་སུ་འབྲེལ་པ་ལྟར། །ཉིན་པར་འགྲོ་ཞིང་ཉི་མའི་འོད་ཟེར་བཟློག་པའི་དོན་དུ་ནི། །ལག་པ་གཉིས་ནི་བཏེག་ནས་སྣམ་བུ་ཆེན་པོ་བརྐྱང་བར་གྱུར། །དེ་ནས་གློ་བུར་ཉིད་དུ་གླང་པོ་ཆེའི་གྲོང་ཁྱེར་དང་ཉེ་བར་གྱུར་ཏོ། །སྲབ་ཅིང་ཡིད་འཕྲོག་ནོར་ཅན་མཛེས་པ་ལ་ནི་དམིགས་བྱས་ནས། །རླུང་གིས་ཅུང་ཟད་སྣམ་བུ་བསྐྱོད་པར་བྱས་པས་འགྲོ་བ་ནི། །རིག་པ་འཛིན་པ་འདི་ནི་ནམ་མཁའ་ལས་ནི་འོངས་སམ་ཅི། །ཞེས་ནི་གྲོང་ཁྱེར་སྐྱེ་བོ་མི་གཡོ་མིག་ཅན་གྱིས་མཐོང་གྱུར། །དེ་ནས་ནོར་བཟངས་ནམ་མཁའི་དཀྱིལ་ནས་ཡང་དག་པར་བརྒལ་བ་མཐོང་སྟེ། ཡིད་དགའ་བའི་སྒོ་བ་རྣམས་ཀྱིས་རྒྱལ་པོ་ནོར་ཅན་ལ་ལྷ་ལགས། ཡིད་འཕྲོག་མ་དང་ལྷན་ཅིག་ཏུ་ནོར་བཟངས་འོངས་སོ་ཞེས་བྱ་བ་སྨྲ་ཞིང་གནས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་བདེན་ནམ་འོན་ཏེ་མིན་སྙམ་ནས། མཛའ་བོ་རྣམས་ནི་སྡུག་བསྔལ་གྱིས་དད་པར་བྱ་ཞེས་བྱ་བ་སྨྲས་ཏེ། སྟན་ལས་ལངས་ཏེ་མི་འམ་ཅི་མོ་དང་བཅས་པའི་ནོར་བཟངས་ཉིད་ཞུགས་པ་མཐོང་ནས། འདི་ནི་རྨི་ལམ་ཡིན་ནམ་འོན་ཏེ་ཅི་སྙམ་དུ་རབ་ཏུ་དགའ་བས་ཡང་ནས་ཡང་དུ་འཁྱུད་དེ། འདི་མའི་དྲུང་དུ་ཁྲིད་པར་གྱུར་ཏོ། །དེ་ནས་ཀུན་ནས་ལངས་ཏེ་བྲལ་བར་མི་ནུས་


DTG169_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པ། །རབ་ཏུ་དགའ་བའི་མཆི་མའི་ཆུ་ཡིས་མིག་འགགས་པ། །མས་ནི་ཡུན་རིང་པོ་ནས་བདག་སྐྱེས་དེ་མཐོང་སྟེ། །སྐད་ཅིག་ཀུན་ནས་འཁྱུད་དེ་སྤྱི་བོར་འོ་བྱས་གྱུར། །དེ་ནས་ཡིད་འཕྲོག་མས་བཙུན་མོ་ལ་མངོན་པར་ཕྱག་བཙལ་ནས་སྨྲས་པ། །བདེ་བའི་འཕགས་པའི་སྲས་ཀྱིས་ཀྱང༌། །བདག་གི་དོན་དུ་རྩོལ་བྱས་པ། །གང་ཞག་སྡུག་བསྔལ་རྣམས་མྱོང་བ། །འཕགས་མས་བདག་གི་དེ་བཟོད་མཛོད། །བཙུན་མོས་སྨྲས་པ། བུ་མོ་ཁྱོད་ནི་བདག་གི་རིགས་ལ་བསྔགས་པར་བྱ་བ་སྟེ། ཅིའི་ཕྱིར་ཁྱོད་ཀྱི་སྟེང་དུ་བདག་ནི་ཁྲོ་བ་དང་ལྡན་པ་བྱུང་བར་གྱུར་པ་དེ་བས་ན་ལྟོས་ཤིག ། ལྟོ་འཕྱེ་ཆེན་པོའི་ནོར་བུ་ནི། །གྲིབ་མས་གསལ་བྱས་ས་འོག་གི །རྒྱ་མཚོ་ལས་ནི་རྩོལ་མ་བྱས། །སུ་ཞིག་རིན་ཆེན་རྙེད་པར་འགྱུར། །དེ་ནས་དྲི་མ་མེད་པ་གྲགས་པའི་གཏེར་ནི་འོངས་པ་ཡིས། །བདག་ཉིད་ཆེན་པོ་ཐོས་ཆེན་གྲལ་ལ་གནས་པའི་སྲས་ལ་ནི། །ཡུན་རིང་གྲོང་ཁྱེར་ལྷ་ཡི་རྣམ་པར་འབྱོར་པ་ལྟ་བུ་ཡིས། །དུས་མིན་ཟླ་འོད་མི་ཡི་བདག་པོས་བྱེད་དུ་བཅུག་པར་གྱུར། །རིགས་བཟངས་བ་དང་ཁྲོ་བ་ཕྲག་དོག་གི་གཏམ་ཐོས་པའི་རྒྱལ་པོ་ནོར་ཅན་གྱིས་གཉིས་སྐྱེས་འདི་བསད་པར་བྱ་བ་མ་ཡིན་སྙམ་དུ་དགོངས་ནས་རང་གི་ཡུལ་ནས་བཏོན་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་སྐྱེས་རབས་འདི་དགེ་སློང་རྣམས་གྱི་མདུན་དུ་འདི་ལྟར་བསྟན་པར་མཛད་དེ། བརྩོན་འགྲུས་སྟོབས་དང་ལྡན་པ་ནི། །ནོར་བཟངས་རྒྱལ་སྲས་བདག་ཡོད་འགྱུར། །གཟུགས་དང་སྐལ་བཟང་ལྡན་པ་ནི། །མི་འམ་ཅི་མོ་གྲགས་འཛིན་གྱུར། །དེ་ཡི་དོན་དུ་བདག་གིས་ནི། །སྔར་ནི་སྡུག་བསྔལ་དེ་དེ་ཐོབ། །ཕལ་ཆེར་འདོད་པས་ཁེངས་བདག་ཉིད། །ཉོན་མོངས་རྣམས་ཀྱི་སྣོད་དུ་གྱུར། །དེ་ཕྱིར་ཡུལ་སྐྱེས་བདེ་བའི་ཆ་ནི་དང་པོར་རྟོགས་བྱས་ནས། །ཡིད་འཕྲོག་ཡུལ་འདོད་རྣམས་ཀྱི་ཡོངས་སུ་སྨིན་ལ་དགའ་བ་ནི། །བདག་ཉིད་འདོད་པ་རྣམས་ཀྱིས་རིང་པོར་འདི་རྣམས་ཡོངས་སྤངས་སྐད། །འདོད་པ་རྣམས་ནི་སྐད་ཅིག་སྦྲུལ་ལྟར་ཡུན་རིང་སྤང་བར་མཛོད། །མི་འམ་ཅི་མོ་དང་ནོར་བཟངས་ཀྱི་སྐྱེས་པའི་རབས་ཏེ་སྐྱེས་རབས་ལྔ་པའོ།། །།བསམ་གཏན་གྱི་ནི་མར་མེ་སྣང་བ་ཡིས། །སྣང་བ་ཐོབ་ཀྱང་མྱ་ངན་འདས་མི་འགྲོ་།གང་ཕྱིར་བྱང་ཆུབ་ཐོབ་པར་འདོད་པའི་ཡིད། །དེ་ནི་


DTG169_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཕན་རྗེས་འབྲེལ་ཕྱིར་རོ། །འདི་ལྟར་རྗེས་སུ་ཐོས་ཏེ། རིག་བྱེད་ཀྱི་དེ་ཁོ་ན་ཉིད་ཡང་དག་པར་རྟོགས་པ་དང༌། སྣ་ཚོགས་པའི་བསྟན་བཅོས་རྣམས་ལ་གོམས་པས་སྲིད་པ་དང་བྲལ་བའི་བློ་མཁས་པ་དུ་མ་རྣམས་ཀྱི་མདུན་ས་རྣམས་ལ་གྲགས་པས་ཁྱབ་བ། རང་གི་གྲུབ་མཐའི་བྱ་བ་རྣམས་ལ་རྩེ་གཅིག་པ། ཁྱིམ་གྱི་གནས་ལ་ལྷག་པར་གནས་ཤིང་དུས་གཅིག་གི་ཚེ་ན་བྱང་ཆུབ་སེམས་དཔའ་བྲམ་ཟེ་འབར་བ་ཅན་ཞེས་བྱ་བ་བྱུང་བར་གྱུར་ཏོ། །བདག་ཉིད་ཆེན་པོ་དེ་ཡང་ཁྱིམ་ན་གནས་པའི་སྐྱོན་ཤེས་པ་རབ་ཏུ་ཞི་བའི་བདེ་བ་མངོན་པར་འདོད་པ་ཡོ་བྱད་ཀྱིས་ཡོངས་སུ་གང་བའི་ཁྱིམ་ན་ཡང་དགའ་བ་ཐོབ་པར་མ་གྱུར་ཅིང་དུས་གཅིག་གི་ཚེ་ན་འདི་ལྟར་བསམས་ཏེ། ཡོ་བྱད་ཡོད་ན་རྒྱགས་པ་སྐྱེ་འགྱུར་ཏེ། །དེ་ཡོད་ན་ནི་རབ་ཞིག་ལ་འགྱུར། །རབ་ཞི་མེད་ན་ངོ་ཚ་བྲལ་བ་ནི། །དྲི་མ་ཅན་གྱི་ལས་ནི་སྐྱེ་བོས་འདོད། །དགའ་མིན་ཡང་དག་སྦྱོར་བའི་སྡུག་བསྔལ་སྐད་ཅིག་ཙམ།། སེམས་ཀྱི་བདེ་བ་སྐད་ཅིག་ཏུ་ནི་དགའ་བྲལ་དུས། །ནོར་ནི་རྙེད་པར་བྱ་ཕྱིར་ཡིད་ནི་ངལ་རྣམས་ཀྱི། །གལ་ཏེ་དེ་ཕྱིར་འདོད་པའི་སྡུག་བསྔལ་འབྲས་བུ་མེད། །དེ་ལྟར་ཁྱིམ་པ་རྣམས་ནི་རྟག་ཏུ་སེམས་འཁྲུགས་པའི། །རང་གི་སྐྱེ་བོས་མཉེས་གཤིན་ངེས་འབྲེལ་ཡིད་ལྡན་པ། །བདེ་བ་ཞེས་བྱ་འབྲས་མེད་མངོན་པའི་ང་རྒྱལ་བརྟེན། །ཁྱིམ་པ་རྣམས་ལ་ཡིད་བདེ་ཅུང་ཟད་ཀྱང་ནི་མེད། །ཁྱིམ་ཞེས་བྱ་བ་དེ་ལྟར་དགའ་བ་སྤངས་ནས་ནི། །འཆིང་བ་བྱེད་པ་འདི་ནི་མྱུར་དུ་བདག་འདོད་པ། །དཀའ་ཐུབ་རྣམས་ནི་མངོན་པར་འཕེལ་ཕྱིར་ནགས་ནང་དུ། །དེ་བས་རབ་ཏུ་ཞི་བའི་གནས་ནི་བདག་གིས་བརྟེན། །དེ་ལྟར་བདག་ཉིད་ཆེན་པོ་དེས་བསམས་ནས་ཁྱིམ་ན་གནས་པ་ཡོངས་སུ་དོར་ཏེ། ཆུ་གཡོ་བ་མེད་ཅིང་འབབ་པ་འགྲམ་གྱི་ཤིང་མེ་ཏོག་སྐྱེས་པ་རྣམས་ཀྱིས་ཉེ་བར་མཛེས་པ། བསྟན་བཅོས་རྣམས་ལ་གོམས་པས་དྲི་མ་དང་བྲལ་བའི་ཤེས་རབ་དང་འདྲ་བའི་ཆུ་བོས་བརྒྱན་པར་བྱས་པའི་ས་འཛིན་གྱི་ཕྱོགས་གཅིག་ན། རི་དགས་ཀྱི་ཚོགས་དབུགས་འབྱུང་བའི་སོ་རྣམས་ཀྱིས་རྩྭ་སྔོན་པོ་གཅོད་པས་ཡིད་དགའ་བས་པདྨོའི་ནགས་ཀྱི་ཚོགས་ན་ངང་པ་དང༌། ངང་སྐྱ་དང༌། ངུར་བ་རྣམས་ཀྱིས་ཉེ་བར་མཛེས་པའི་རྣལ་འབྱོར་པ་རྣམས་ཀྱི་ཡིད་དང་རྗེས་སུ་མཐུན་པའི་ཤིན་ཏུ་ཆེ་བ་ནགས་ཀྱི་ནང་འགའ་ཞིག་


DTG169_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཁྲི་སྙན་ས་ལེའི་པགས་པས་བྲང་གི་མཐིལ་འདྲེས་པར་བྱས་པའི་གནས་ཀྱི་ཁྱད་པར་ཐོབ་པ། ཀུན་ནས་དགའ་བ་དང་འདྲ་བ་ཆངས་པའི་དཔལ་གྱིས་འཁྱུད་པར་བྱ་བའི་གཟུགས་ཅན་ཆོག་ཤེས་པ། གཟུགས་དང་ལྡན་པ་དང་འདྲ་བར་ཤིང་འགའ་ཞིག་ལ་བརྟེན་ནས་རྣལ་འབྱོར་དང་ཡིད་འབྲེལ་པས་དཀའ་ཐུབ་བྱ་བའི་ཕྱིར་བརྩམས་ཏེ། བསམ་གཏན་ལ་ནི་རྩེ་གཅིག་ཡིད་ལྡན་དབང་པོས་རྣམ་རྒྱལ་བ། །ཆོག་ཤེས་རྙེད་པས་བདེ་བ་སྙིང་རྗེ་དང་ནི་ལྡན་པ་དང༌། །རྒྱ་ཆེན་བློ་ལྡན་གཉིས་སྐྱེས་དེས་ནི་གང་ཞིག་བརྟེན་པ་ནི། །ཤིང་དེས་ཤིང་ཉིད་དོན་ནི་བྱས་པ་དགའ་བཞིན་འདོད་པར་འགྱུར། །རྩྭ་ཡི་གདིང་བ་བཏིང་བྱས་ནས། །སྣ་ཡི་རྩེ་མོར་མིག་བརྟན་པས། །བསྒོམ་པ་རྣམས་ཀྱི་མཆོག་དེས་ནི། །བསྒོམ་བྱ་རྩེ་གཅིག་ཡིད་འཛིན་འགྱུར། །བརྩོན་འགྲུས་ཕ་རོལ་ཕྱིན་པའི་ལམ། །བཞོན་པ་ཉེར་བསགས་ངལ་བ་ནི། །བསམ་གཏན་ཕ་རོལ་ཕྱིན་བསྟན་པ། །དེ་ནས་དེ་ནི་ངལ་སོས་གྱུར། །འདོད་པ་དགེ་བ་རྣམས་དང་ནི། །ཆོས་རྣམས་ལ་ནི་སོ་སོར་གནས། །རྟོག་བཅས་དཔྱོད་པ་དང་བཅས་པ། །རྣམ་དག་བདག་ཉིད་དབེན་པ་ལས། །དགའ་དང་བདེ་བ་མྱོང་བྱས་པ།། །ཞི་བའི་བདུད་རྩི་མྱང་བྱས་ཏེ། །བསམ་གཏན་ལམ་ནི་ཐོབ་པའི་ཕྱིར། །བསམ་གཏན་དང་པོ་དེས་ཐོབ་གྱུར། །རྟོག་མེད་དཔྱོད་པ་མེད་པ་དང༌། །དེ་ནས་དཔྱོད་པ་ལ་མཁས་པ། །དེས་ནི་ནང་བདག་ཉིད་དང་བཅས། །བསམ་གཏན་གཉིས་པ་འཛིན་པར་འགྱུར། །རིམ་གྱིས་དགའ་བ་ལས་བྲལ་ཏེ། །དྲན་པ་དང་ལྡན་བཏང་སྙོམས་ལྡན། །བརྟན་པ་ལུས་བདེ་མྱོང་བ་ཅན།། བསམ་གཏན་གསུམ་པ་དེས་ཐོབ་འགྱུར། །བཏང་སྙོམས་ཀྱིས་ནི་ཡོངས་དག་པ། །བདེ་སྡུག་དག་ནི་སྤངས་པའི་ཕྱིར། །དགའ་བས་འདོད་ཆགས་བྲལ་བའི་ཕྱིར། །དེ་ནས་བསམ་གཏན་བཞི་པ་བརྙེས། །དེ་ལྟར་འདི་ནི་བསམ་གཏན་བཞི་སྐྱེས་པར་བྱས་པ། གཟུགས་དང་ལྡན་པ་དང་འདྲ་བའི་སྙིང་རྗེས་འཁྱུད་པ། ཉེ་བར་ཞི་བ་ལ་རྩེ་གཅིག་པས་དུད་འགྲོ་རྣམས་ལ་ཡང་གཉེན་དང་འདྲ་བར་ནགས་དེ་ན་དབུགས་འབྱུང་བའི་རྒྱུ་གནས་པར་གྱུར་ཏེ། རི་དགས་དང་ནི་ཕུག་རོན་རྨ་བྱ་རི་སྐེགས་རྣམས། །བསམ་བཟང་སྦྲུལ་དང་རི་དགས་རྣམས་ཀྱང་དེ་དང་དེ། །གནས་ནས་སློབ་མ་ལྟར་ནི་


DTG169_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཀྱི་ནང་དུ་ནི། །དེ་དང་ཉེ་བར་འོངས་ཏེ་རྣམ་པར་ངལ་བསོ་གྱུར། །དེ་ནས་དུས་གཅིག་གི་ཚེ་ན་བདག་ཉིད་ཆེན་པོ་དེས་སྐྱིལ་མོ་ཀྲུང་བཅས་པའི་དེའི་རྐང་པ་དང་ཉེ་བར་གནས་པའི་རི་དགས་ཕོ་མོ་གཉིས་ནི་བསམ་གཏན་གྱིས་གཡོ་བ་མེད་པའི་མིག་གིས་ཕུག་རོན་མོ་མངལ་བཙའ་བ་དང་ཉེ་བར་རྩྭ་རྣམས་དང་རྩྭའི་དུམ་བུ་རྣམས་ཀྱང་མཆུས་བཟུང་ནས། རལ་པའི་ཚོགས་རྣམ་པར་བཅིངས་པའི་ཅོད་པན་གྱིས་མགོ་བོ་ལ་འདུག་ནས་ཅུང་ཟད་དམའ་བའི་ཚང་བརྩམ་པར་བྱས་ཏེ། དེར་སྒོ་ང་རྣམས་བཞག་ནས་རྩྭ་དང་ས་བོན་རྣམས་དང་འབྲས་བུ་རྣམས་ཟ་བར་འདོད་པས་ནམ་མཁའ་ལ་སོང་སྟེ་ནགས་གཞན་རྣམས་ལ་གནས་ནས་ཡང་ནས་ཡང་དུ་འོངས་ཏེ། སྒོ་ང་དེ་རྣམས་གཟུང་ཞིང་རྣམ་པར་གནས་པར་གྱུར་ཏོ། །དེ་ནས་ཕུག་རོན་མོ་ནི་སྲབ་པའི་མཇུག་སྒྲོས་ཁྱབ། །དེ་ཡི་ཡན་ལག་ཀུན་ནས་བཙིར་བས་དྲོད་ནི་བསགས་པ་ཡི། །ཚང་ན་སྒོ་ང་དཀར་དང་དམར་བའི་ཡན་ལག་ཅན། །ཕུག་རོན་ཕྲུག་པ་རྣམས་ནི་ཀུན་ནས་འབིགས་འབྱུང་འགྱུར། །དེ་ནས་ཕུག་རོན་མོ་ནི་ཕུག་པ་རྣམས་མཐོང་སྟེ། ཡང་ཡང་ཟ་བར་འདོད་པས་མཆུའི་རྩེ་ཕྱེ་བ་ནི། །རང་གི་བཀྲེས་ཆེན་མ་བསམས་པྲི་ཡང་ཀུ་ཏ་ནི། །མ་རྨོས་འཁྲུངས་པའི་འབྲས་བུ་རྣམས་ཀྱིས་དེ་རྒྱས་གྱུར། །ཕུག་རོན་དེ་རྣམས་ལུས་ལས་སྐྱེས་པ་རབ་འབྱུང་བ། །མ་ནི་ས་བོན་འཛིན་པ་ལ་ནི་བལྟ་བྱས་ནས། །སྐད་ཅིག་རབ་གཡོ་རྩེ་མོའི་སྒྲོ་ཅན་གདོང་རྣམས་ནི། །རབ་ཏུ་ཕྱེ་ཞིང་གནས་གྱུར་སྐད་ནི་གདོན་བྱས་པ། །དེ་ནས་བསམ་གཏན་རྫོགས་པའི་དུས་ན་ཤིང་དང་འབྲས་དོན་དུ། །དབང་པོ་ཞི་བ་ཐུབ་པ་དེ་ནི་ནགས་ནས་འགྲོ་འདོད་པ། །ཕུག་རོན་མོ་ནི་རྩྭ་དང་ཤིང་གི་འབྲས་བུ་འཛིན་མཐོང་ནས། །ཚད་དང་ལྡན་པའི་མགོ་ལ་འབྲེལ་བཞིན་པ་ནི་གནས་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔས་ངེས་པར་བདག་གི་རལ་པའི་ཚོགས་འདི་རྩྭ་དང་ཤིང་བུའི་དུམ་བུས་ཚང་རྣམ་པར་བརྩམས་པའི་ཕུག་རོན་མོ་འདི་བཙས་པ་སྟེ། གལ་ཏེ་ཡང་བདག་གིས་ལངས་ནས་ཤིང་རྣམས་དང་སྡོང་བུ་དང་རྩ་བ་དང༌། འབྲས་བུ་རྣམས་འོངས་པའི་ཕྱིར་འགྲོ་བར་གྱུར་ན་དེ་ནས་ངེས་པར་དཀའ་ཐུབ་མ་འདི་ནི་གནས་འདིར་འོངས་ཏེ། འདི་རྣམས་དམར་བའི་རྐན་དང་ལྡན་པ་གསལ་བྱས་པ། །དེ་རིང་ཕུག་རོན་ཕྲུ་གུ་མཐོང་


DTG169_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་གྱུར་པ། །ཤིང་རྣམས་ལ་ནི་ཡང་ཡང་མྱ་ངན་གྱིས་གནས་ཏེ། །ནམ་མཁའ་ལ་ནི་འཕུར་ནས་ཀུན་ནས་འཁོར་བར་འགྱུར། །ཨེ་མ་སྐྱེ་བ་བརྒྱར་འཁོར་བའི། །བག་ཆགས་འདི་ནི་རྗེས་སུ་འཇུག །དུད་འགྲོ་རྣམས་ཀྱང་ཕྲུ་གུ་ལ། །གང་ཕྱིར་མཉེས་གཤིན་ཀུན་ནས་འཕེལ། །གལ་ཏེ་བུ་རྣམས་མེད་གྱུར་ན། །གཉེན་རྣམས་གྲོགས་པོ་ཉིད་གང་དུ། །རང་ཉིད་ན་མེད་ལ་འགྱུར་ཏེ། །གཉེན་བཤེས་ས་བོན་མེད་གང་ལ། །མཉེས་གཤིན་མེད་པ་ལ་སེམས་ནི། །མི་བདེ་རྣམས་ནི་ཡོད་མི་འགྱུར། །ཡིད་མི་བདེ་མེད་ཆགས་བྲལ་བ། །ཞི་བ་ལྡན་པ་བདེ་བར་གནས། །བུ་ཞེས་བྱ་བའི་སྡུག་བསྔལ་རྣམས། །ཉོན་མོངས་ཀྱིས་རྨོངས་སྐྱེ་བྱས་ནས། །རྨོངས་པའི་སྐྱེ་བོ་ལ་ཐོབ་སྟེ། །ཕྱི་ནས་འགྱོད་པས་གདུང་པ་ཅན། །བ་ལང་རེ་ལྡེ་མི་འདོད་ཀྱང་ནི་སྟོབས་ལྡན་པའི། །རེ་ལྡེ་ཅན་གྱིས་ཇི་ལྟར་ནན་གྱིས་སྦྱོར་བར་བྱེད། །སྐྱ་བོ་བློ་ངན་འདི་ནི་དགེ་དང་མི་དགེ་བས།། སྲིད་པའི་རྒྱ་མཚོ་ལ་ནི་ལས་ཀྱིས་བསྐུལ་བར་འགྱུར། །དེ་ཕྱིར་ཕུག་རོན་ཕྲུ་གུ་རྣམས་ནི་ཇི་སྲིད་སྒྲོ་སྐྱེས་པར། །མ་གྱུར་བདག་གི་རལ་པའི་ཚང་ན་གནས་པ་དེ་སྲིད་དུ། །བསམ་གཏན་བདུད་རྩིས་ཉེ་བར་བསགས་པའི་སེམས་དང་ལུས་དགའ་བ། །འདིར་ནི་གཡོ་མེད་གཟུགས་དང་ལྡན་པ་ཉིད་དུ་གནས་པར་བགྱི། །དེ་ལྟར་བྱང་ཆུབ་སེམས་དཔས་རྣམ་པར་བསམས་ཏེ་ཕུག་རོན་གྱི་ཕྲུ་གུ་རྣམས་ལ་རྗེས་སུ་བརྩེ་བས་དཀྲིས་པ་ལ་རྣམ་པར་མ་བརྩིས་པར་ཡང་སྐྱིལ་མོ་ཀྲུང་བཅིངས་ནས་བསམ་གཏན་གྱི་བདེ་བས་བདག་ཉིད་ཚིམ་ཞིང་གནས་སོ། །ཕུག་རོན་ཕྲུ་གུ་སྒྲོ་རབ་ཏུ་འཕེལ་བ་དེ་རྣམས་མ་དང་ལྷན་ཅིག་ནམ་མཁའ་ལ་འཕུར་ཞིང་སོང་བ་རྣམས་ལ། དེ་དང་ཉེ་བར་གནས་པའི་ལྷ་མོས་ཀུན་ནས་ཉེ་བར་འོངས་ཏེ། བྱང་ཆུབ་སེམས་དཔའ་ལ་བལྟས་ནས་ངོ་མཚར་བས་ཀུན་ནས་ལྷག་པར་གནས་པའི་བློ་དང་ལྡན་པས་ཨེ་མའོ་བདག་ཉིད་ཆེན་པོ་དྲང་སྲོང་འདི་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བ་སྟེ། གང་གི་ཕྱིར་སྔར་བྱུང་བའི་བསམ་གཏན་ལས་ལངས་ཏེ་ཕུག་རོན་རྣམས་ཀུན་ནས་བསྲུང་བའི་ཕྱིར་སླར་ཡང་བསམ་གཏན་གྱིས་བདག་ཉིད་གཡོ་བ་མེད་པར་བྱས་ཤིང་ཡང་དག་པར་གནས་ཏེ། བདག་ཉིད་ཆེན་པོ་འདི་ཡང་ཕུག་རོན་འདི་རྣམས་སོང་བ་རྣམས་ལ་ཡང་ཚང་འདི་


DTG169_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བོ་ལས་ཀུན་ནས་མེད་པར་འགྱུར་བ་མ་ཡིན་ཏེ། དེ་བས་ན་བདག་གི་རལ་པའི་ཅོད་པན་ན་རྣམ་པར་བསགས་པའི་ཕུག་རོན་གྱི་ཚང་འདི་བཤིག་པར་བྱའོ་སྙམ་དུ་རྣམ་པར་བསམས་ནས། འགའ་ཞིག་སྒོ་ངའི་དུམ་བུ་རྣམས་ཀྱིས་ནང་ཁྱབ་པ། །ཤིན་ཏུ་ཐོབ་པ་མཆོག་གི་ཚང་དེ་དེ་ཡིས་ནི། །རིམ་གྱིས་རིམ་གྱིས་འདབ་མ་ལྟར་ནི་འཇམ་པ་ཡི། །ལག་པ་གཉིས་ཀྱིས་མགོ་བོ་ལས་ནི་ཉེར་ཁྱེར་གྱུར། །ལྷ་མོ་དེ་ཡང་སོང་བ་ལ་བྱང་ཆུབ་སེམས་དཔས་བསམ་གཏན་ལས་སེམས་བཟློག་སྟེ། མགོ་བོའི་ཡང་པ་ཉིད་ཤེས་ནས་འདི་ལྟར་བསམ་ཞིང་གནས་ཏེ། སྒྲོ་རྣམས་རབ་ཏུ་རྫོགས་པ་ཕུག་རོན་ཕྲུ་གུ་རྣམས། །མ་དང་ལྷན་ཅིག་ནགས་ཀྱི་ནང་དུ་སོང་བ་ལ། །ངེས་པར་གུས་པ་རྩེ་གཅིག་པ་ནི་སུ་ཞིག་གིས། །དེ་ཡི་ཚང་ནི་བདག་གི་མགོ་ལས་ཉེར་ཁྱེར་གྱུར། །དེ་ལྟར་རྣམ་པར་བསམས་ནས་བདག་ཉིད་ཆེན་པོ་དེས་ལངས་ནས་ཤིང་དང་ཀུ་ཤ་དང་མེ་ཏོག་དང་འབྲས་བུ་རྣམས་འོངས་ཏེ་ཁྲུས་བྱས་པ། འཕྲོ་བའི་འོད་ཟེར་འབྱུང་བའི་མེ་ལ་བསྲེག་བྱས་ཉིན་ཕྱེད་ན། །དྲི་དང་འབྲེལ་བའི་འདམ་དང་བྲལ་བའི་འབྲས་བུ་ཉེར་ཟོས་ཏེ། །སྣ་ཡི་རྩེ་མོར་གནས་པའི་མིག་ལྡན་ཤིང་གི་འོག་ཏུ་ནི། །སེམས་གཅིག་པ་ནི་སླར་ཡང་རྣལ་འབྱོར་བརྩམས་པར་གྱུར། །དེ་ལྟར་བསམ་གཏན་གྱིས་དེ་ཁོ་ན་ཉིད་རྣམ་པར་མཐོང་བ་མྱ་ངན་ལས་འདས་པ་ཉེ་བར་འགྲོ་བའི་ཕྱིར་ནུས་ཀྱང་བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔར་གྱུར་པ་ན་འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར་ཉེ་བར་འཚེ་བ་མང་བའི་འཁོར་བ་ལ་ཡང་ཀུན་ནས་འཁོར་བར་འགྱུར་སྙམ་དུ་རྣམ་པར་བསམས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོག་ཏུ་དང་བ་བསྐྱེད་པར་བྱ་ཞེས་བྱ་བའོ། །དྲང་སྲོང་འབར་བ་ཅན་གྱི་སྐྱེས་པའི་རབས་ཏེ་སྐྱེས་རབས་དྲུག་པའོ།། །།ཤེས་རབ་བམ་ནི་བརྩོན་འགྲུས་ལྡན་པས་ཀྱང༌། །བསོད་ནམས་ཆེན་པོ་རྣམ་པར་དག་པ་འམ། །མཐོ་བའི་བློ་ལྡན་ཆེན་པོ་རྣམས་ཀྱིས་ནི། །འདི་དག་ཐམས་ཅད་འཇིག་རྟེན་ཕན་ཕྱིར་རོ། །འདི་ལྟར་རྗེས་སུ་ཐོས་ཏེ། བསྟན་བཅོས་སྣ་ཚོགས་ལ་ཡོངས་སུ་འདྲིས་པ། དྲི་མ་དང་བྲལ་བའི་ཡིད་དང་ལྡན་པ། འཇིག་རྟེན་པ་ཐམས་ཅད་ཀྱི་གཉེན་དུ་གྱུར་པ། །དུལ་བ་གཟུགས་དང་ལྡན་པ་འདྲ་བར་གཞན་ལ་ཕན་པ་ལ་འབྲས་


DTG169_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྩེ་གཅིག་པ། འདབ་ཆགས་ངལ་བ་རྣམས་ལ་ཤིང་ཆེན་པོ་འདྲ་བར་སྐྱེས་བུའི་ཡོན་ཏན་ཐམས་ཅད་ཀྱིས་བརྟེན་པ། སྙན་པར་སྨྲ་བ་ཉིད་ཀྱིས་འཇིག་རྟེན་པ་ཐམས་ཅད་ཀྱི་ཡིད་འཕྲོག་པ། ལེགས་པར་བཤད་པ་རྣམས་ལ་རྩོམ་པ་པོ་འཇིག་རྟེན་ན་མཁས་པ་གཙང་བ་བག་དང་ལྡན་པ་རྒྱལ་པོའི་རིགས་ཀྱི་རྒྱལ་མཚན་དུ་གྱུར་པ་དེ་དུས་གཅིག་གི་ཚེ་ན། གྲོང་ཁྱེར་འགའ་ཞིག་ཏུ་བྱང་ཆུབ་སེམས་དཔའ་ཀེ་ཤ་པ་ཞེས་བྱ་བའི་མིང་ཅན་བྱུང་བར་གྱུར་ཏེ། བདག་ཉིད་ཆེན་པོ་དེས་ཀྱང་འཚོ་བ་ཡོངས་སུ་དག་པར་སླར་སུ་ཞིག་ཡིན་སྙམ་དུ་སེམས་སོ། །བདག་གིས་གང་ལ་གནས་ན་བདེ་བར་འཇིག་རྟེན་ལ་ཕན་པ་བསྒྲུབ་པར་ནུས་སྙམ་མོ། །རེ་ཞིག་བསྟེན་པ་ནི་མི་བདེན་པ་དང༌། ང་རྒྱལ་དང༌། རྒྱགས་པ་དང༌། ཆགས་པ་དང༌། འཚེ་བའི་སྐྱོན་དུ་མ་རྣམས་ཀྱི་རྒྱུ་ཡིན་པས་དེ་ལ་གནས་ཤིང་འབད་པ་དང་ལྡན་པ་ཡང་ནམ་ཞིག་གི་ཚེ་ཞི་བ་ཉེ་བར་ཐོབ་པར་འགྱུར། ཅིའི་ཕྱིར་ན། མི་ཡི་བདག་པོ་སྣ་ཚོགས་སྟོན་པའི་འདབ་མ་ལ་བསམ་ནུས་པ་ཡི། །སྐྱེས་བུ་རྣམས་ཀྱི་སེམས་ནི་དང་བ་སྐྱེས་པ་འབྱུང་བར་འགྱུར་མ་ཡིན། །འཁྲུག་པ་མང་བའི་འདམ་ཅན་ཆུ་ལ་གོས་ནི་འཁྲུ་བར་བྱེད་བཞིན་པ། །ནམ་ཡང་དཀར་བ་ཉིད་འགྲོ་བར་འགྱུར་བ་ཉིད་ནི་མ་ཡིན་ཏེ། །ཚོང་ཡང་ཉོ་ཚོང་གི་དུས་ན་བརྫུན་པའི་ཚིག་མང་བས་ཆོས་ལས་འདའ་བ་ཉིད་དོ། །ཞིང་གི་ལས་ཀྱང་བ་ལང་རྣམས་ལ་ལྕག་དང་དབྱུག་པ་བརྒྱབ་པས་སྡུག་བསྔལ་སྐྱེད་པར་བྱེད་དེ། རྣམ་པ་ཐམས་ཅད་དུ་སྨན་པ་ཉིད་བདག་ཉིད་དག་པ་དང་འཇིག་རྟེན་ལ་ཕན་པ་དང་བདེ་བར་བྱེད་པར་མཐོང་བ་ཡིན་ཏེ། དེ་བས་ན་སྨན་པ་ཉིད་ཚོལ་བར་སྙམ་དུ་རྣམ་པར་བསམས་ནས་དུས་རིང་པོས་དེའི་རྟོག་པ་སྐྱེས་པར་གྱུར་ཏེ། ལྕི་བའི་སེམས་ལྡན་དེ་ལ་གནས་པ་ཡི། །ཡོན་ཏན་ཅན་དག་ནད་པ་རྣམས་ཀྱི་ནད་གཅོད་ལ། །ནམ་ཡང་ནད་ཀྱིས་གདུང་བར་འགྱུར་མིན་ལ། །ལུས་ཅན་རྣམས་ཀྱི་ལུས་ངལ་བསྲུང་བྱས་བཞིན། །བར་ཆད་མེད་པར་དམ་པ་རྣམས་ལ་སྨྲས། །དེ་ནི་མེད་པས་མདུན་ས་མཛེས་མི་འགྱུར། །གཙང་བའི་མར་མེ་བྲལ་བས་འོད་མེད་པའི། །མཚན་མོ་ལ་ནི་རི་མོའི་ཁྱིམ་བཞིན་དུ། །འགྲོ་ལ་འདོད་པ་བསྐྱེད་ཅིང་མུན་པ་འཕྲོག །དེ་ནི་བདེ་ལྡན་མདུན་སར་གང་ཞིག་འགྲོ།


DTG169_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དགའ་བར་གྱུར་པ་དེ་འགྱུར་ཏེ། །རི་བོང་ཅན་ནི་ཤར་ལ་ཟླ་ཚེས་ལྟར། །ཆེན་པོ་འགྲོ་བའི་དོན་ནི་བྱེད་པ་ཡི། །ཡོན་ཏན་བརྟེན་པ་གསལ་བའི་དེ་ཉིད་མཐོང༌། །ཟླ་ལྟར་རྣམ་དག་སེམས་ལྡན་རྣམས་ཀྱིས་ནི། །སྐྱེ་བོ་ཡོན་ཏན་ལྡན་ལས་འབྱུང་བར་འགྱུར། །དེ་ལྟར་འགྲོ་བའི་ལམ་ནི་གནོད་བྱེད་སེལ་བ་ལ་མཁས་པ། །ཡོན་ཏན་མང་བ་རྣམས་ཀྱི་མངོན་སུམ་དུ་ནི་གཏེར་དང་འདྲ། །དེ་ནི་ཤེས་རབ་ཡོངས་སུ་འདྲིས་པས་དག་པའི་བློར་འགྱུར་ཏེ། །ཀུན་ནས་ཡོངས་སུ་འདྲིས་པ་མེད་ཀྱང་གཉེན་ལྟར་གྱུར་པ་ཡིན། །དེ་ནས་དུས་གཅིག་གི་ཚེ་ན་ལེགས་པའི་བློ་ཅན་གྱི་སློབ་མས་རྗེས་སུ་འགྲོ་བཞིན་པ། བྱང་ཆུབ་སེམས་དཔའ་ཡུལ་གཞན་དུ་སོང་བ་ལ་གླགས་རྙེད་པ་དང་འདྲ་བའི་ནད་ཀྱིས་བུད་མེད་འགའ་ཞིག་གི་བདག་པོ་སྲིད་པ་གཞན་དུ་ཉེ་བར་སོང་བར་གྱུར་ཏོ། །དེས་ཀྱང་འཇམ་པའི་ལག་པ་གཉིས་ཀྱིས་བརྡབས་པས་ཀུན་ནས་དཀར་དམར་དུ་བྱས་པའི་ལྕི་བའི་འོ་མ་འཛིན་པ་མིག་གི་མཆི་མའི་ཐིགས་པ་རྣམས་ཀྱིས་བཞིན་བཀྲུས་པ། རྒྱན་རྣམ་པར་བཀྲོལ་བ། སྐྲ་ལོ་ལྷོད་པ་དང་རྣམ་པར་གྲོལ་བའི་ཁུར་གྱིས་སྐུ་ཀུནད་རའི་མེ་ཏོག་ཀུན་ནས་དོར་བ། ཀུནདའི་ལྗོན་ཤིང་ལྟར་སྦྲང་བྱེད་ཀྱི་ཚོགས་ཀྱིས་མེ་ཏོག་འགེགས་པ། མེ་ཏོག་མཚོན་ཆའི་བུད་མེད་དང་འདྲ་བ། ཀྱི་ཧུད་ཁྱིམ་ཐབ་ཁྱོད་གང་དུ་སོང་སྙམ་དུ་རྣམ་པ་མང་པོ་དེ་ལྟར་སྨྲེ་སྔགས་འདོན་ཅིང་འབྱུང་པོས་བཟུང་བར་གྱུར་ཏོ། །དེ་ནས་དྲན་པ་རྣམ་པར་རྨོངས་པ་ཉིད་ཀྱིས་སྨྲས། །རང་གི་སྐྱེ་བོ་མཆི་མ་གྲོལ་བར་ཉེར་འོངས་དང༌། །དེ་རིང་བདག་གི་ཁྱིམ་འདིར་ཅི་ཕྱིར་དུ་བ་སྟེ། །འཇིགས་པ་བྲལ་བ་བདག་གི་ཁྱིམ་ཐབ་གསོན་པ་ཡིན། །དེ་ལྟར་སྨྲས་ནས་དགོད་དང་བཅས་པས་མི་འཁྲུགས་པར། །རི་བོང་ཅན་གྱི་གདོང་ཅན་ཁྱད་པར་རྣམ་བསམས་ཏེ། །ཤིན་ཏུ་མ་ཐུག་པར་དགའ་བས་ཀུན་ནས་འཁྱུད་བྱས་ཏེ། །བདག་པོ་ཤི་བ་ལ་ནི་མལ་གྱི་སྟེང་གནས་སྨྲས། །དེ་རིང་བདག་ལ་མངོན་པར་མི་སྨྲ་ཅི་ཕྱིར་འདི། །མཛའ་བོ་ཁྲོ་བ་དགའ་བ་ལ་གནོད་དོར་བར་མཛོད། །གལ་ཏེ་བདག་ནི་ནོངས་པར་བྱེད་པ་འབྱུང་འགྱུར་ན། །ཁྱེད་ཀྱི་ཡིད་ནི་ཁྲོས་པ་དོན་མེད་འབྱུང་བ་མིན། །ཀྱེ་ལགས་བཙུམས་པའི་མིག་ལྡན་གཡོ་སྒྱུ་ཉིད་ཀྱིས་ནི། །འོན་ཀྱང་ཁྱོད་ཀྱི་སྐྱོན་བཅས་ཉིད་ནི་བདག་གིས་ཤེས། །དེ་ལྟར་


DTG169_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་ཅིང་ཕྲད་པར་འདོད་པའི་ཡིད་ཅན་གྱིས། །དེ་ལ་ཉེ་བར་སྦས་ནས་འགྲམ་དུ་འོང་བྱེད་འགྱུར། །ངེས་པར་ཁྱོད་ནི་ཟླ་འདྲ་བཞིན་དང་ལྡན་པ་སུ་ཞིག་གི །འདོད་པ་དགའ་བ་གཞོན་ནུ་མ་ནི་གཞན་ལ་དགའ་བར་བྱེད། །དེ་བས་སོང་ལ་ཡུན་རིང་ཁྱོད་ཀྱིས་འདོད་པ་འབྲས་བཅས་གྱིས།། ཆགས་ལ་རྩེ་གཅིག་ཁྱེད་ལ་འདི་ལྟར་བདག་གིས་གེགས་མི་བྱེད། །ཤིན་ཏུ་རིང་ཤར་མ་ལུས་རི་བོང་ཅན་མཚན་མཐོང་ནས་ནི། །མཆི་མའི་ཆུ་ཡིས་ལྟ་བ་འགེགས་པ་དབུགས་ནི་ཕྱུང་བྱས་ཏེ། །དེ་ནི་ཁྱོད་དང་ཕྲད་པའི་ཡིད་རེ་ཁུར་གྱིས་ངལ་བ་ལ། །མལ་གྱི་དབུས་སུ་ཡན་ལག་རྣམས་ནི་རྒྱགས་བཞིན་བསྙལ་བར་འགྱུར། །མཛེས་པ་ཁྱོད་ནི་ངེས་པར་འཇིགས་ཏེ་བདག་གི་ཚོགས་འདི་ནི། །མཉན་ནས་གང་གི་ཁྱེད་ནི་རྩུབ་པ་ཉིད་དུ་ཉེར་སོང་བ། །ལོངས་ཤིག་བདག་ནི་ཁྲོས་པ་མིན་ཞེས་ཀུན་ནས་བརྗོད་བཞིན་པ། །དེས་ནི་དེ་ཡི་མིག་ནི་སོར་མོ་རྣམས་ཀྱིས་ཕྱེ་བར་གྱུར། །དེ་ནས་དེ་ཡི་རང་གི་སྐྱེ་བོའི་ཚོགས་དེས་ངེས་པར་འདི་དཀའ་ཐུབ་མ་འབྱུང་པོས་བཟུང་བ་སྟེ། གང་གིས་ཁྱོ་ཤི་བ་ལ་ཡང་འཁྱུད་ནས་འདི་ལྟར་མང་པོ་སྨྲ་བ་ཉིད་དུ་ཉེ་བར་སོང་བ་ཞེས་བྱ་བ་བརྗོད་དེ་ངུ་བས་ཀུན་ནས་ངལ་བས་གཉིད་ཀྱི་དབང་དུ་སོང་བར་གྱུར་ཏོ། །ཁྱིམ་ན་སྐྱེ་བོའི་སྒྲ་མེད་པ་མཐོང་ནས་དེས་སྲོག་དང་བྲལ་བས་བྱ་བ་དང་བྲལ་བའི་ལུས་ཁྱོ་བོ་དེ་ཕྲག་པ་ལ་བཀལ་ཏེ་མཚན་མོ་ཡོངས་སུ་སྨིན་པས་འོད་མེད་པའི་ཟླ་བའི་དཀྱིལ་འཁོར་དང་ལྡན་པའི་ནམ་མཁའ་ལ་གྲོང་ཁྱེར་གྱི་སྒོ་རྣམས་རྣམ་པར་གྲོལ་བར་གྱུར་པའི་སྒོ་དང་ལྡན་པ་རྣམས་ལ། མཆིལ་པ་སྐད་འདོན་པས་ཁྱབ་པའི་གྲོང་དང་གྲོང་ཁྱེར་གྱི་ཤིང་རྣམས་ཡོད་པ་དང་མཁའ་སྣང་གི་རྣམ་པའི་མར་མེའི་རྩེ་མོ་རྣམས་ཡོད་པ་དང༌། ལྷག་མ་དང་བཅས་པའི་གཉིད་ཀྱིས་ཁྱབ་པའི་མིག་དང་ལྡན་པའི་སྐས་ཀྱི་རིམ་པས་མཚན་པའི་རྐང་པ་བྱས་ནས་ལམ་ནས་འགྲོ་བ་རྣམས་སོ་སོར་གནས་པར་གྱུར་པ་དང༌། ཉི་མ་སྤྲིན་གྱིས་བསྒྲིབས་པའི་དུས་ལྟར་ཀུན་ནས་འོད་མེད་པ་དང་འདྲ་བའི་ནོར་ལྡན་ཡོད་པ་དང༌། ཐོ་རངས་ཀྱི་རྔའི་སྒྲས་ཀུན་ནས་གང་པའི་བར་དང་ལྡན་པའི་ལྷའི་ཁང་པ་རྣམས་ཡོད་པ་དང་ཁྱིམ་བྱའི་སྒྲ་ཀུན་ནས་ཐོས་པར་གྱུར་པ་དང་ལྡན་པའི་གྲོང་དང་གྲོང་ཁྱེར་རྣམས་ཡོད་པ་ལ་བུད་མེད་དེས་གང་དང་གང་དུ་ཕྱིན་


DTG169_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ་དེ་དང་དེ་ཉིད་དུ། དུས་རིང་ཉིད་ཀྱིས་རྣམ་པར་རྙིངས་པ་ཡི། །དྲི་མ་ཅན་གྱི་གོས་ནི་གོན་བཞིན་པ། །ཕེག་རྡོབ་བྱེད་པའི་སྒྲ་ལྡན་བྱིས་རྣམས་ཀྱིས། །ཀུན་ནས་འོད་མེད་མཛེས་པ་ཡོངས་སུ་བསྐོར། །དེ་ནི་མཐོང་ནས་བྱིས་པ་རྣམས་དགོད་འགྱུར། །མིག་ནི་མཆི་མ་དང་བཅས་བུད་མེད་རྣམས། །འགྱུར་ཏེ་རང་ཉིད་ཀྱིས་འདི་ཀྱེ་མ་རྨོངས། །དྲི་མེད་བློ་ལྡན་མི་རྣམས་ཀྱིས་འདི་སྨྲས། །དེ་ནས་དུས་ཀྱི་རིམ་པས་རྣག་དང་བཅས་པ་ཤ་དང་པགས་པ་ལྷུང་བས་དཀར་རྩིས་རྗེས་སུ་བྱུགས་པ་དང་འདྲ་བར་རུས་པའི་ལྷག་མ་ཅན་ལུས་དེ་དེས་འཛིན་པར་བྱེད་ཅིང་དུས་གཅིག་གི་ཚེ་ན། །རིའི་གནས་གཞན་རྣམས་དང་དུར་ཁྲོད་རྣམས་སུ་ཡང་ཀུན་ནས་འཁོར་བར་གྱུར་ཏོ། །དུས་གང་གི་ཚེ་ཡོངས་སུ་ངལ་བ་དང་ལྡན་པར་གྱུར་པ་དེའི་ཚེ་ཤིང་གི་རྩ་བ་འགའ་ཞིག་ན་ངལ་བསོ་སྟེ། དེའི་ལུས་དྲི་མ་དང་བྲལ་བའི་ཆུ་བོ་ལ་ཁྲུས་བྱས་ནས་ཉི་མའི་འོད་ཟེར་རྩུབ་པས་བདག་གི་ཁྱིམ་ཐབ་ཀུན་ནས་ངལ་བ་ཞེས་བྱ་བ་བརྗོད་ཅིང༌། སྐད་ཅིག་སྐད་ཅིག་དུ་ནི་ཀེང་རུས་དཀར་པོ་དེ། །རིམ་གྱིས་རིམ་གྱིས་པད་རྩ་མ་ཡིན་པས་ནི་བྱུགས། །དེ་ཡི་མགོ་ལས་སྐྱེས་པ་འཕོས་པའི་མགོ་ལ་ནི། །གསལ་ཞིང་ཨུཏྤ་ལ་སྔོན་པོའི་ཕྲེང་བ་བཅིངས་པར་གྱུར། །ཀུན་ནས་དམར་བའི་འདབ་མ་ནགས་ཀྱི་ནང་ནས་ནི། །ཉེ་བར་བཏུས་ནས་རྣ་བའི་བུ་གར་སྦྱོར་བར་གྱུར། །དཔྲལ་བ་དཀར་པོ་རི་མོ་མཐོང་ལ་བཙག་གིས་ནི། །ཐིག་ལེ་ཀུན་ནས་རྫོགས་པར་བྱེད་པ་ཉིད་དུ་འགྱུར། །སོ་རྣམས་རྩ་བ་གསལ་བ་མང་བའི་རྒྱ་སྐྱེགས་ཀྱིས། །ཚོན་གྱིས་དམར་བའི་འོད་དང་ལྡན་པ་བྱས་པར་འགྱུར། །ཀུན་ནས་འཁྲུགས་པའི་པདྨའི་རྩ་ལྟར་དཀར་བའི་འོད། །ལག་པ་གཉིས་པ་མེ་ཏོག་རྩི་ནི་སྦྱར་བར་འགྱུར། །སྲབ་པའི་མར་མེའི་རྩེ་མོའི་མིག་སྨན་གྱིས་ནག་པ། །སྨིན་མཚམས་གཉིས་ཀྱི་ཤུལ་དག་རིམ་གྱིས་བྱས་པར་གྱུར། །རྒྱ་ཆེན་མིག་གི་བུག་པ་དག་ལ་དགོད་བཅས་པས། །མིག་ཐུར་ཡང་ནས་ཡང་དུ་འཁོར་ཞིང་གནས། །དེ་ནས་སྤྲིན་མེད་ཟླ་བའི་འོད་ཟེར་གྱིས་དག་པ། །པདྨོའི་ལོ་མའི་ནང་ན་ཆུ་ནི་བཞག་བྱས་ཏེ། །དགོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཀེང་རུས་དེར། །དགའ་བས་རྣམ་པར་ལྟ་བར་བྱེད་ཅིང་ཀུན་ནས་སྨྲས། །ཁྱོད་ཀྱི་ལུས་ནི་རྒྱན་


DTG169_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ངེས་པར་བྱས་པ་ནི། །སྐལ་བཟང་ཉིད་ཀྱིས་དགའ་བ་ཉིད་དུ་ཉེར་སོང་བ། །དྲི་མ་མེད་པའི་ཆུ་ཡི་མེ་ལོང་འདི་ལ་ཁྱོད། །བརྩེ་ལྡན་རེ་ཞིག་བཞིན་གྱི་ཟླ་བ་རྣམ་ལྟ་མཛོད། །དེ་ནས་མཚན་མོ་འོངས་པ་དང་མིའི་རུས་པ་བཞིས་ལ་བརྐོས་ཤིང་དེའི་དབུས་སུ་ནི་འདབ་མ་རྣམས་ཀུན་ནས་བཀྲམ་སྟེ་པདྨོའི་འདབ་མ་རྣམས་ཀྱི་མལ་ཆ་རྣམས་བཀོད་ནས། །ཀེང་རུས་དེ་ལ་འཕགས་པའི་སྲས་ཚུར་ཤོག །ཨ་ག་རུ་དང་སྤོས་ཀྱིས་བསྒོས་ཤིང་གནས་པའི་ཁང་པ་བདག་གིས་བརྩམས་པ་འདིར་གླང་པོ་ཆེ་ཕྲུ་གུའི་སོའི་རང་བཞིན་རྐང་པ་དང་ལྡན་པ་འཇམ་པའི་མལ་ཆ་དང་བཅས་པ་ལ་ཞུགས་ཤིག་ཅེས་སྨྲས་སོ། །དེ་ནས་མོན་ལུག་སོ་རྣམས་ཀྱིས་ནི་དུམ་བྱས་ཏེ། །ཀེང་རུས་དེ་ཡི་ཁ་ལ་དགོད་པར་བྱས་ནས་ནི། །དེ་ལ་དེ་ཉིད་དུ་ནི་རྨོངས་པས་ཀུན་འཁྱུད་དེ། །མི་ཡིས་སྣང་བར་བྱས་པ་ཤིང་ཁང་མཐར་ནི་བསྙལ། །དེ་ནས་བྱང་ཆུབ་སེམས་དཔས་སློབ་མ་དང་རྗེས་སུ་འགྲོ་བ་སྐྱེ་བོའི་དྲུང་ནས་ཀུན་ནས་མངོན་པར་འོངས་ཏེ། །སྐྱེ་བོ་རྣམས་ཀྱི་དྲུང་ནས་བུད་མེད་དེ་གདོན་གྱིས་བཟུང་བ་མཐོང་ནས་སློབ་མ་ལ་སྨྲས་པ། །ཡང་དག་མ་ཡིན་ཀུན་བརྟགས་ཀྱིས། །དེ་ལྟར་སྐྱེ་བོ་འདི་རྨོངས་པ། །ཤིན་ཏུ་བདག་འཛིན་བྱེད་པ་སྟེ། །ཅི་ལྟར་དངོས་པོ་མེད་པ་ཡང༌། །བདག་གི་ནང་ལྡན་རྣམས་ཀྱི་ནད། །སྨན་རྣམས་ཀྱིས་ནི་ཟད་པར་བྱས། །བུད་མེད་དེ་ཡི་གདོན་ཐབས་ཀྱིས། །བདག་གིས་ཟད་པར་བྱེད་པར་འགྱུར། །ཇི་ལྟར་མེ་ཏོག་མཐེ་བོ་ནི། །མེད་པར་སོར་མོས་འཛིན་མི་འགྱུར། །དེ་བཞིན་ཐབས་དང་རྣམ་བྲལ་བའི། །བྱ་བ་འབྲས་བུ་ཐོབ་མི་འགྱུར། །སློབ་མས་སྨྲས་པ། བློ་དང་ལྡན་པ་རྣམས་ལ་ནི་ནུས་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ཅི་ཞིག་ཡོད་དེ། བདག་ཉིད་ཆེན་པོ་དེ་ཡང་སྙིང་རྗེའི་ཁ་ལོ་སྒྱུར་བས་རབ་ཏུ་བསྐུལ་བར་གྱུར་པའི་ཡིད་ཀྱི་ཤིང་རྟ་ཁྱིམ་དུ་མི་འགྲོ་ཞིང༌། ཉིན་མོར་བྱེད་པ་ནུབ་པའི་དུས་ཀྱི་མཚམས་བགྲོད་པར་དཀའ་བ་ལ་མ་བརྩིས་ཤིང། ངེས་པར་བུད་མེད་དེ་ཁྱིམ་དང་ཡོངས་སུ་འདྲིས་པར་དུར་ཁྲོད་ཀྱི་ས་ཉིད་ལ་མངོན་པར་དགའ་བར་བྱེད་སྙམ་དུ་རྣམ་པར་བསམས་ཏེ། འབར་བའི་སྲེག་ལུགས་འཛིན་པའི་སྣང་བས་ནྱ་གྲོ་དྷའི་ཤིང་ལ་གནས་པའི་བྱ་རྒོད་དང་བྱའི་མཐའ་མ་གསལ་བར་བྱས་པ། མེས་འཇིགས་པ་དང་འདྲ་བའི་དཀྱིལ་


DTG169_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་གནས་པའི་གླང་པོ་ཆེའི་ཚོགས་ལྟར་ནག་པའི་ཡུན་རིང་པོ་ནས་མུན་པས་ལྟ་བར་གྱུར་པ་དང་འདྲ་བར་ཅེ་སྤྱང་གི་ཚོགས་ཀྱིས་ལུས་མི་སྣང་བར་བྱས་པ་དང༌། བར་མེད་པར་རྩུབ་པའི་སྐྲ་ཤད་ཀྱིས་སའི་དཀྱིལ་ཁྱབ་པ་དང༌། མེའི་དབུས་སུ་བཙོས་བཞིན་པའི་ཁ་ཟླུམ་པའི་མི་ལུས་དང་ལྡན་པ་དང༌། པདྨའི་རྩ་བ་གསར་པ་ལྟར་ཀུན་ནས་དཀར་བའི་སྡུག་པ་རྣམས་ཀྱིས་ཁྱབ་པ་དང༌། འགའ་ཞིག་ཏུ་རི་མོར་བྲིས་པའི་བུམ་པའི་གྱོ་མོ་རྣམས་ཀྱིས་བར་མཚམས་མེད་པ་དང༌། ཕྱེད་ཚིག་པའི་ཤི་བའི་གོས་དྲི་མ་ཅན་གྱི་དུམ་བུ་རྣམས་ཀྱིས་ཀུན་ནས་ཁྱབ་པ་དང༌། ཉེ་བར་གནས་པའི་ཤ་ཟའི་བུད་མེད་ཀྱི་སྐྱེ་བོ་རྣམས་ཀྱིས་མིའི་ཤ་རྣམ་པར་འགོད་པར་འགྱུར་བ་དང༌། གཞན་དུ་གློ་བུར་དུ་བྱུང་བའི་སྐྱེས་པ་རྣམས་ཀྱིས་ཤ་ཆེན་འཚོད་པར་གྱུར་པ་དང༌། གང་ཞིག་ཏུ་ཚིག་པར་གྱུར་པའི་ལུས་ལས་འཕོ་བར་གྱུར་པའི་ཚིལ་གྱི་ཐིགས་པའི་འཕྲེང་བ་རྣམས་ཀྱིས་སོལ་བ་འམ་མི་ཤི་བར་གྱུར་པ་དང༌། རབ་ཏུ་ཚ་བའི་མེ་ལྕེས་ཀུན་ནས་དམར་སྐྱའི་རྩ་བས་སྟེང་དུ་ཆུ་འཛིན་པ་ལྟར་སྔོ་བའི་སིན་དྷཱུ་ར་དང་རྣམས་ཀྱིས་བཙོས་པའི་སྣམ་བུ་གཉིས་དང་འདྲ་བའི་དུ་བའི་ཚོགས་ཆེན་པོས་སྟེང་ནས་བསྒྲིབས་པར་བྱས་པ་དང༌། སྐྱེ་བོ་མ་ལུས་པ་རྣམས་ཡིད་འབྱུང་བ་སྐྱེད་པར་འདོད་པ་ཉིད་དང་འདྲ་བའི་མི་རྟག་པ་གསལ་བར་བྱས་པ་དང༌། ཤི་བའི་ལུས་ཀྱི་རང་བཞིན་གཡུལ་ངོའི་གནས་དང་འདྲ་བར་ཤིན་ཏུ་འཇིགས་པ། སྭཱ་ཧཱའི་བདག་པོའི་རླུང་གི་ཤུགས་ཀྱིས་རྣམ་པར་འདྲ་བ་ཡིས། །ཀུན་ནས་སྤྱན་དྲངས་ལྟར་ནི་འབར་བའི་འོད་ལྡན་མི་རྣམས་ཀྱིས།། འབྱུང་བའི་ཅེ་སྤྱང་ཕོ་མོའི་ཚོགས་ལྟར་གྷོ་ཀའི་སྐྲ་ལྡན་པ། །དོགས་པ་མེད་པའི་ཡིད་ཅན་དེས་ནི་དུར་ཁྲོད་ཞུགས་པར་གྱུར། །བུད་མེད་དེ་ནི་གང་ན་གནས་པར་འགྱུར་སྙམ་དུ་ཀུན་ནས་འཁོར་ཞིང་དེས་ཤ་ཟ་མོ་རྣམས་ཀྱི་ལུས་ཀྱི་བྱ་བ་དེ་རྣམས་ཀུན་ནས་མཐོང་ནས། སློབ་མའི་བསྲུང་བའི་སྔགས་ཀྱིས་གཙུག་ཕུད་འཆིང་བར་བྱས་པར་གྱུར་ཏོ། །དེར་ཡང་མི་ཡི་ཁྲག་གིས་དཔྲལ་བར་ཐིག་ལེ་བྱས་ནས་ནི། །སེར་སྐྱའི་སྨིན་མཚམས་གཉིས་ལྡན་ཆེན་པོའི་ལྟ་བ་ཅན། །ཁྱོ་ཕོས་འཛིན་པར་བྱས་པ་རྣོ་བའི་སོ་ལྡན་པའི། །དགྲ་སྟ་ལ་ནི་ལ་ལ་ཞིག་གིས་གདོང་མཐོང་


DTG169_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཁྲག་གི་ཆང་གིས་གང་བ་ཟླ་བ་ལྟར་དཀར་བ། །ཐོད་པའི་སྣོད་ནི་གཞན་གྱིས་ས་ལ་རྣམ་བཀོད་ནས། །གཡོ་བའི་ཆུ་ཡི་དབུས་སུ་གནས་པའི་ཟླ་བ་ལྟར་གཡོ་བའི། །དགྲ་སྟ་གཡམ་པ་ལ་ནི་བརྡར་བར་བྱས་པར་གྱུར། །མེ་ཡི་ཚ་བས་བཙུམས་པར་བྱས་པའི་མིག་ལྡན་པ། །གཞན་དག་མི་ནི་ཕྱེད་ནི་ཚིག་པའི་ལུས་ལྡན་པ། །ལྷུང་ཞིང་དྲོ་བའི་རྐང་མར་ཆ་ལྡན་ཞུ་བ་ནི། །གློ་བུར་དུ་ནི་དུར་ཁྲོད་དབུས་ནས་འགུགས་པར་འགྱུར། །ཁྲག་འཛག་པ་ཡི་རྐང་མར་ཆ་ཡིས་ཉེ་བར་བྱུགས་པ་ཡི། །རྡོ་ལ་ཁ་ཆུ་སྐྱེས་བཞིན་པས་ནི་རྣམ་པར་བཞག་པ་ནི། །སྐྱེས་པའི་དུམ་བུ་བཅག་པས་ཡང་དག་འབྱུང་བའི་འཇིགས་སྒྲ་ལྡན། །གཞན་དག་གིས་ནི་རྡོ་བས་རྣམ་པར་གཅོད་པ་ཉིད་དུ་འགྱུར། །མཛའ་བོའི་ལག་པའི་མཐིལ་གྱིས་ཉེ་བར་ཁྱེར་བར་བྱེད་བཞིན་པ། །ཡ་བའི་མེ་ཏོག་ལྟར་ནི་མངོན་པར་དམར་པོ་དམར་ལྡན་པ། །ཐོད་པ་ཡང་དག་གནས་པའི་ཁྲག་གི་ཆང་གིས་གཞན་དག་ནི། །འགྱུར་བའི་གདོང་ཅན་ཤ་དང་ཉེ་བར་བཅས་པ་འཐུང་བར་འགྱུར། །ཤ་ཟ་མོ་དེ་རྣམས་ཀྱང་འདི་ལྟར་བྱ་བ་ལ་རྩེ་གཅིག་པར་ཡང་དག་པར་མཐོང་ནས། ཨེ་མའོ་མཚན་མོ་རྒྱུ་བ་འདི་རྣམས་ཀྱི་རང་བཞིན་ནི་དྲག་པ་སྟེ། དྲག་པ་ཞེས་བྱ་བ་རྣམ་པར་བསམས་ནས་ཕྱོགས་གཞན་ལ། ཤ་དང་འབྲས་ཀྱིས་འགའ་ཞིག་ཏུ། །ཆང་བཅས་ཉ་ཡིས་འགའ་ཞིག་ཀྱང༌། །ས་ཡིས་མཐར་ཐུག་ཁྱབ་པ་ནི། །རི་ཡི་གཏོར་མས་འགའ་ཞིག་ཏུ། །དུར་ཁྲོད་མེ་ཡི་གྲིབ་མས་ནི། །གསལ་བར་བྱས་པའི་ལུས་ལྡན་པ། །ཤུགས་དང་བྲལ་བའི་རལ་གྲིར་ལྡན། །ཕྱོགས་སྐྱོང་རྣམས་ཀྱིས་སྣང་བར་བྱས། །རིག་པའི་དངོས་གྲུབ་མངོན་འདོད་པའི། །བརྟེན་པར་བཟླས་པས་རབ་མགུལ་ཆུ། །བདག་ཉིད་ཆེན་པོ་རབ་འབྱུང་བས། །དབུས་སུ་བྱིན་གྱིས་བརླབས་པར་བྱས། །ཐལ་བར་རྩེ་གསུམ་རྣམས་བཀོད་པས། །བར་དུ་འགྲོ་བར་བྱས་པ་ནི། །མེ་ཏོག་དམར་པོ་ཀུན་ཁྱབ་པའི། །དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར། །འགའ་ཞིག་ཏུ་ཡང་ཁྲག་གིས་མངོན་པར་དམར་བར་བྱས་པའི་སོ་དང་ལྡན་པའི་རི་དགས་སྐྱོན་ཅན་རྣམས་ཀྱིས་ཀུན་ནས་དབུགས་ཕྱུང་བར་གྱུར་པའི་ཕྱིར་རྒྱུ་མའི་དྲ་བ་རྡོལ་བ། འདབ་ཆགས་རྣམས་ཀྱི་


DTG169_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མཆུས་མིག་ཕྱུང་བའི་བུ་ག་རྣམས་ཀྱིས་འཇིགས་སུ་རུང་བའི་གདོང་དང་ལྡན་པ། ཤི་བའི་ཆོམ་རྐུན་པས་འཚོ་བའི་ཡོ་བྱད་ཕྲོགས་པར་བྱས་པའི་བུད་མེད་མཐོང་ནས་ཡིད་བྱུང་བའི་བློ་དང་ལྡན་པ། ཀྱེ་མ་འདོད་ཆགས་དང་ལྡན་པ་རྣམས་ཀྱིས་འདོད་ཆགས་ཀྱི་བདག་ཉིད་དུ་འདུག་པ་སྟེ། གང་རྣམས་ཀྱིས་འདི་ལྟ་བུའི་ལུས་ལས་བདེ་བའི་བློ་སྐྱེ་བར་འགྱུར་སྙམ་ནས་སྨྲས་པ། ཡང་ཡང་ཀུན་ནས་ཉམས་པ་འདོད་ཅིང་འདོད་པ་ནི། །སྐྱེ་བོའི་མིག་གི་བུང་བའི་ཚོགས་ཀྱིས་གང་ཞིག་ལ། །དེ་ནི་དེ་རིང་བུད་མེད་ལྗོན་ཤིང་ལས་བྱུང་བའི། །ཡིད་འོང་མཛེས་དགོད་མེ་ཏོག་ཇི་ལྟར་མཐོང་མི་འགྱུར། །ཡན་ལག་མེད་པ་ཁྱོད་ཀྱིས་དགོད་པའི་བདག་ཉིད་ཀྱིས། །གང་ལ་འདབ་རྟེན་སྔོན་དུ་ཡང་དག་འགེངས་པ་སྟེ། །ཁྱོད་ཀྱིས་དི་རིང་བུད་མེད་ལུས་ཅན་དེ་ལ་ནི། །སྐྱོན་ཅན་བཙན་ཐབས་ཀྱིས་ནི་ཅི་ཕྱིར་མདའ་མི་གཏོང༌། །གང་ཞིག་ཡང་ཡང་འདོད་པའི་བདག་ཉིད་འཁྱུད་བྱས་པ། །པགས་པས་གཡོགས་ལ་འདོད་ཆགས་ཅན་གྱི་སྐྱེ་བོ་གང༌། །དེ་རིང་དེ་འདི་རུས་པའི་རང་བཞིན་ལུས་འདི་ནི། །སྣ་ནི་འགེགས་པ་ཉིད་ནི་སྤངས་ནས་གྲོལ་བར་འགྱུར། །མཆི་མ་དང་བཅས་མིག་དང་ལྡན་པའི་ངོ་གདོང་འདི་ནི་ཅི་ཕྱིར་འདུད་མི་བྱེད། །རི་བོང་ཅན་གྱི་གདོང་ཅན་སྐྱོ་ན་དང་བྲལ་བའི་མཐུན་པ་བདག་ལ་དོན་མེད་ཁྲོས་པས་ཅི། །དེ་ལྟར་ངེས་པར་བརྗོད་པར་བྱེད་པའི་བདག་པོས་གང་ལ་མགོ་བོ་རྣམས་ཞུགས་པ། །དེ་ཡི་རྐང་པ་གཉིས་པོ་ལ་ནི་འདི་ཡི་ཁྱེད་རྣམས་ཀྱིས་ནི་སོ་རྣམས་གནས། །བདེ་བ་མྱོང་ཞིང་སྨིག་རྒྱུ་རྗེས་སུ་ཚོལ་ཞིང་ཀུན་ནས་སྐྱེ་བར་གྱུར་པའི་འདོད་པ་ཅན། །ངལ་བ་བྱིས་པའི་སྐྱེ་བོ་སེམས་ཀྱི་རི་དགས་སྔོན་དུ་གང་གིས་བཀྲི་བར་བྱས་པ་ནི། །འབད་པས་འདོད་པའི་ལྷ་ཡི་རྔོན་པས་དེ་ནི་བརྩམས་པར་གྱུར་པ་ཇི་ལྟར་གང་གིས་ཀྱང༌། །སྣང་རུང་མིན་པའི་གཟུགས་ཅན་གྱིས་ནི་ཆུང་རོལ་པ་ཡི་རང་བཞིན་འདྲ་བ་རྣམས་ཆེད་བྱས། །དེ་ལྟར་བདག་ཉིད་ཆེན་པོ་དེས་བུད་མེད་ཀྱི་ལུས་མཐོང་བས་འདོད་ཆགས་དང་བྲལ་བ་ཡང་དག་པར་བྱུང་བས་སྨྲས་པར་གྱུར་པ། །ཀྱེ་མ་མི་རོའི་དྲི་མི་ཞིམ་པས་སྣ་ཡི་དབང་པོ་སྐྱོ་བར་བྱས་པ། སྡོང་ཁང་གི་མེའི་དུ་བས་ཡང་དག་པར་རེག་པས་བདག་ཉིད་


DTG169_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཅང་བ་རློམ་པར་བྱེད་པ་ནི་འདི་ལྟ་སྟེ། འདི་ཡང་ཆུ་འཛིན་ལྟོ་བའི་འོད་ནི་འཕྲོག་པའི་དུ་བ་འདིས་ནི་ཡུན་རིང་པོར་ནི་སོང་བ་ཡིན། །དུར་ཁྲོད་ལས་བྱུང་རྣམ་པར་འཕྲོ་བྱེད་འོད་ནི་འཕྲོ་བ་དྲི་མ་ཅན་དུ་ཁྱེར་བར་བྱེད། །ཆུ་གཏེར་རླབས་ལྡན་ཆུ་ལ་ཁྲུས་ནི་བྱས་ལྟར་གྲོང་བས་ཁྱབ་པ་རིམ་གྱིས་ནུབ་པ་ནི། །རི་བོང་ཅན་ནི་ཟླ་ཚེས་གོས་རློན་ལྟ་བུར་འཛིན་ཅིང་ཇི་ལྟར་ཡང་ནི་འགྲོ་བར་འགྱུར། །སློབ་མས་སྨྲས་པ། བདག་གི་སྡུག་བསྔལ་མི་བཟོད་ཅིང༌། །ཐེ་ཚོམ་བྱེད་པར་གྱུར་པ་ཡང༌། །གཞན་གྱི་རྗེས་འཛིན་བྱ་བའི་ཕྱིར། །སོ་སོའི་སྐྱེ་བོས་ནུས་པ་མིན། །བྱང་ཆུབ་སེམས་དབས་སྨྲས་པ། །ཚེ་དང་ལྡན་པས་ཡང་དག་པར་མངོན་པར་སྨྲས་ཏེ། ད་ནི་དེ་བས་ན་མ་མོའི་ཁྱིམ་རྙིང་པ་འདི་རུ་དུར་ཁྲོད་ཀྱི་སྲེག་ལུགས་འཛིན་པའི་སྣང་བས་རྩིག་ངོས་ལ་བྲིས་པའི་ཕྱུགས་ཀྱི་ཁྲག་གིས་རྩེ་གསུམ་པ་གསལ་བར་བྱས་པ་ལ་རྗེས་སུ་ཞུགས་ཏེ། མཚན་མོའི་ལྷག་མ་འདའ་བར་བྱེད་ཅིང༌། ད་ནས་ཤིང་གིས་ཀུན་ནས་མཚན་པའི་སྒོ་དང་དྲིལ་བུའི་ཚོགས་ལྡན་པ། །རྒྱལ་མཚན་ལས་ལྷུང་རྨ་བྱའི་མགྲིན་པ་རྡུལ་ནི་འབྱུང་བའི་ས་ལྡན་པ། །ཕྱི་དང་ནང་དུ་མེ་ཏོག་རྙིང་པོར་སྐུད་རྣམས་ཀྱིས་ཉེར་བསགས་པ། །མ་ཧེའི་མགོ་བོ་གང་ལ་བྱ་རྒོད་འདི་ནི་ངེས་པར་གནས་པ་ཡིན། །སློབ་མས་སྨྲ་ས་པ། མཁན་པོ་ཇི་ལྟར་བཀའ་སྩོལ་བ་བཞིན་དུ་བྱའོ་ཞེས་ཟེར་རོ། །དེ་ནས་ཀེ་ཤ་བས་མ་མོའི་ཁྱིམ་ངེར་ཞུགས་ནས་ཅུང་ཟད་གཉིད་ལོག་པར་བྱས་ཏེ། སོ་སོར་རྣམ་པར་སད་པར་བྱས་ནས་སྨྲས་པ། ཚེ་དང་ལྡན་པ་ཕྱི་རོལ་དུ་བྱུང་ལ་རེ་ཞིག་མཚན་མོའི་ལྷག་མ་ཅི་ཙམ་ཡོད་པ་དེ་ཤེས་པར་བྱོས་ཤིག །དེས་ཀྱང་དེ་ལྟར་བགྱི་ཞེས་སོ་སོར་མཉན་ནས་མངོན་པར་བྱུང་སྟེ་སྨྲས་པ། མཁན་པོ་ཐོ་རངས་ཉིད་ཡིན་ཏེ། དེ་ལྟར་ན། །མཚན་མོ་ཆད་པར་ཤེས་ནས་ཤིང་གི་ཚང་འདི་ལ་ནི་བཟོད་པ་ཅན་ཉིད་འདི་ལ་བརྟེན་པར་བྱེད། །ཟད་པར་གྱུར་པའི་བུད་ཤིང་ལྡན་པ་རོ་བསྲེགས་མེའི་འོད་རྣམས་ཅུང་ཟད་དྲི་མ་ཅན་འཛིན་ཏེ། །ཉི་མ་ཤར་བའི་འོད་ཟེར་འཕྲོ་བ་རྣམས་ཀྱིས་རེག་པར་འགྱུར་བའི་ས་འཛིན་རྣམས་ཀྱི་གྲིབ་མ་རྣམས། །བར་ནི་སྔོ་བར་བྱས་པའི་བུང་བ་ལྟར་ནི་སེར་སྐྱའི་འོད་ལྡན་ས་ཕྱོགས་མཉམ་པར་སྐྱེ་བ་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱིར་བྱུང་སྟེ་


DTG169_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་ལ་སྨྲས་པ། ཚེ་དང་ལྡན་པས་ནད་པ་རྣམས་ནད་མེད་པར་བྱ་བའི་ཕྱིར་གྲོང་ཁྱེར་དུ་སོང་ཤིག་དང༌། བདག་གིས་ཀྱང་ཁྱོད་ཤི་བ་དེ་ཐབས་གང་གིས་ཀྱང་འགྱུར་བ་མེད་པར་བྱའོ་ཞེས་ཟེར་རོ། །སློབ་མས་ཀྱང་དེ་ལྟར་བགྱིའོ་ཞེས་བྱ་བས་དེ་ལ་གསོང་པོར་སྨྲས་ཏེ་ཤིན་ཏུ་རིངས་པར་གྲོང་ཁྱེར་དུ་སོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་ཀྱང་བུད་མེད་དཀའ་ཐུབ་ཅན་དེ་སླར་གང་ན་ཡོད་པར་གྱུར་སྙམ་དུ་བསམས་ནས་དེ་བལྟ་བའི་ཕྱིར་ཀུན་ནས་ཡོངས་སུ་འཁོར་བར་གྱུར་ཏོ། །ན་ཆུང་དེ་ཡང་ལངས་ཏེ་བདག་པོའི་ལུས་དེ་ལ་བཟུང་ནས་ཆུ་བོ་ལ་མངོན་པར་འགྲོ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡང་དག་པར་སོང་སྟེ་དེའི་ཉལ་བའི་གནས་མཐོང་ནས་འདི་ལྟར་བསམས་པར་གྱུར་ཏེ། འདིར་ནི་དཀའ་ཐུབ་ཅན་མ་དེ་ཉལ་བར་འགྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། པདྨོའི་འདབ་མ་རྣམས་ཀྱིས་མ་ལ་ནི་བྱས་པ་འདི། །སྲབ་པའི་དྲོད་ཀྱིས་འདབ་མ་དུད་ཁ་རྙིང་བྱས་པ། །མཚན་མ་ཉེ་བར་མནན་པས་དབུས་ནི་རྣམ་ནུབ་ཅིང༌། །མལ་ནི་དེ་དང་བྲལ་བས་རྣམ་སྣང་འགྱུར། །དེ་ནས་བདག་པོའི་ལུས་འཛིན་པ་དེ་ཆུ་བོར་འགྲོ་བཞིན་པ་མཐོང་ནས་ཨེ་མ་ཐབས་དང་བཅས་པར་འདི་ནི་ནད་དང་བྲལ་བར་བྱའོ་སྙམ་དུ་རྣམ་པར་བསམས་ནས་བདག་ཉིད་ཆེན་པོ་དེས་བུད་མེད་ཤི་བའི་ལུས་ཕྲག་པ་ལ་བཀལ་ཏེ། བུད་མེད་དེ་ལ་རྗེས་སུ་འབྲང་བར་གྱུར་ཏོ། །དེས་ཀྱང་རུས་པའི་ཀེང་རུས་དེ་འགྲམ་གྱི་ཤིང་གི་སྡོང་པོ་ལ་བཅིངས་ནས་གཞག་ཅིང་སྨྲས་པ། རེ་ཞིག་འཕགས་པའི་སྲས་སྡོད་ཅིག །ད་ནི་ཁྱོད་ནི་ཤིང་འདི་ལ། །གདོང་པ་འཁྲུ་བའི་ཆུ་དེ་ནི། །ཇི་སྲིད་བདག་གི་ཁྱེར་ལ་འོང༌། །གདོང་པ་བཀྲུས་པ་གཉིད་བྲལ་བས། །དཀར་དང་དམར་བའི་མིག་ལྡན་པ། །གི་ཝང་ཨུ་ཤིར་མདའ་རྣམས་ཀྱིས། །ཁྱོད་ནི་རྒྱན་པར་འགྱུར་བ་ཡིན། །དེ་ལྟར་མངོན་པར་སྨྲས་ནས་དེའི་ཆུ་བོ་ལ་འཇུག་ཅིང་རང་གི་གྲིབ་མ་ཀུན་ནས་དག་པའི་མེ་ལོང་གི་དབུས་ལྟར་དྲི་མ་མེད་པའི་ཆུ་ལ་རྣམ་པར་བལྟས་ནས་ངེས་པར་བུད་མེད་འདི་དག་གིས་ཁྱོ་འཕྲོག་པར་འདོད་དོ་སྙམ་དུ་རྣམ་པར་བསམས་ནས། བདག་ཉིད་ཀྱི་གྲིབ་མ་འདི་ལྟར་ཀུན་ནས་བསྡིགས་ཤིང་གནས་ཏེ། འཁྱོག་ཅིང་རྒྱས་པའི་སྨིན་མ་ཀུན་ནས་སྤྱོད་བྱེད་


DTG169_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང། །དགོད་པར་གསལ་བར་བྱས་པའི་སོ་ཡི་ཕྲེང་བ་ཅན། །སྐྱོན་ཅན་མ་ནི་ཕྲད་འདོད་ངེས་པར་བུད་མེད་ཁྱོད། །བདག་གི་མཛའ་བོ་ཁྱོད་ནི་ཡིད་འཕྲོག་འདོད་མ་ཡིན། །དགོད་པ་ཡིད་དུ་འོང་བས་རྣམ་པར་ཆགས་བྱེད་པ། །ཡིད་འཕྲོག་མིག་གི་མཐའ་མས་རྣམ་བར་བལྟ་བས་ཀྱང༌། །བདག་གི་མཛའ་བོ་དུལ་བ་ངོ་ཚ་མེད་པ་ཁྱོད། །ཅི་ལྟར་བདག་ལས་གཡོ་བ་ཅན་ཁྱོད་དགོས་མེད་གྱུར། །ཁྱོད་ནི་དགོད་པ་གསལ་བར་བྱེད་ཅིང་བདག་གི་ནི། །མཛའ་བོ་ཅེ་སྤྱང་མོ་ཡང་བསམ་པར་མི་བྱེད་དོ། །དེ་ལྟ་ན་ཡང་རྨོངས་ལས་ལྡོག་པར་མི་འགྱུར་ཏེ། །དོན་མེད་ཀུན་ནས་འཁོར་བར་བྱེད་པ་འགྲོ་བར་གྱིས། །སྐྱེས་པས་ཀུན་ནས་འོངས་ཏེ་གལ་ཏེ་བསྟེན་འདོད་ན། །དེ་ནས་སྐྱེ་བོ་ལ་ནི་བུད་མེད་ཆུང་བར་འགྲོ། །འདོད་པར་མ་བྱས་གལ་ཏེ་ནན་གྱིས་འདོད་བྱེད་ན། །དགོད་པའི་དངོས་པོ་ལ་ནི་གང་གིས་གཏད་མི་བྱེད། །བདག་གིས་ཁྱོད་ནི་འདི་ལྟར་ཀུན་ནས་སྐྲག་བྱས་ཀྱང༌། །ནན་གྱིས་བདག་གི་མཛའ་བོ་འདི་ནི་གལ་ཏེ་འཛིན། །དེ་བས་ཁྱོད་ལ་སྐྱོན་ཉིད་བཟོད་པར་མི་འགྱུར་ཏེ། །གང་ཕྱིར་ཕྲག་དོག་ཡིད་ནི་ཤིན་ཏུ་གདུང་བར་བྱེད། །བདག་གིས་དེ་ལྟར་ཁྱད་པར་རྩུབ་པར་སྨྲས་ཀྱང་ནི། །ཁྱོད་ནི་ང་རྒྱལ་དབང་བཅས་ཅི་ཕྱིར་འདི་དགོད་འགྱུར། །ཅི་ཕྱིར་ཐ་མལ་པ་ཡི་ཁྱིམ་ལ་འདི་བརྗོད་པ། །མཛེས་མ་དོན་མེད་ངལ་བ་ཀྱོག་པོ་འཚོང་བ་ནི། །དེ་ལྟར་གདོན་གྱིས་དྲན་པ་ཉམས་བ་ཁྲོ་བ་དང་བཅས་པ། །དེས་ནི་ངོ་གདོང་ཁྲོ་གཉེར་མིག་ནི་གཡོ་བར་བྱས་པ་སྟེ། དྲི་མ་མེད་པའི་ཆུ་ཡི་ནང་ན་གནས་པར་སྒྲ་སྒྲོགས་ཤིང༌། །རང་གི་གྲིབ་མ་ལ་ཡང་རྡོ་རྣམས་ཀྱིས་ནི་ཀུན་བརྡུངས་འགྱུར། །རང་གི་གྲིབ་དང་ལྷན་ཅིག་ཆུ་ལ་གནས་པས་ཕྲག་དོག་བཅས། །དེ་ནི་འདི་ལྟར་བྱེད་ཅིང་ཡང་ཡང་རྩོད་པའི་ཐད་གནས་བ། །འཁྲུལ་འཁོར་ཤིན་ཏུ་དྲི་མེད་གསལ་བའི་སོ་ཡི་ཕྲེང་བ་ཅན། །དེ་ལས་སྐྱེས་པའི་ངོ་མཚར་དང་འདྲ་རུང་བའི་རང་བཞིན་དང༌། །དེ་ནས་བུད་མེད་དེ་གལ་ཏེ་བདག་གིས་དེ་ལྟར་རྡོ་བ་རྣམས་ཀྱིས་ཀུན་ནས་བརྡུངས་པར་གྱུར་པ་ཡང་ཁྱོད་འགྲོ་བར་མི་འགྱུར་ན་དེའི་ཕྱིར་བདག་གིས་འཕགས་པའི་སྲས་བཟུང་ནས་དེར་འགྲོ་བར་འགྱུར་ཏེ། གང་དུ་སླར་འདི་མཐོང་བར་འགྱུར་བ་མ་


DTG169_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ཞེས་བྱ་བ་བདག་ཉིད་ཀྱི་གྲིབ་མ་དེ་ལ་སྨྲས་ནས་ལུས་དེ་ཕྲག་པ་ལ་བཀལ་ཏེ་སོང་བར་གྱུར་ཏོ། །ཅིའི་ཕྱིར་སྐྱེས་པ་འདི་སླར་བུད་མེད་འཛིན་ཅིང་འབྲོས་པར་གྱུར་པ་རེ་ཞིག་འདི་ལ་དྲི་བར་བྱའོ་སྙམ་དུ་རྣམ་པར་བསམས་ནས། །ཀེ་ཤའི་དྲུད་དུ་ཉེ་བར་འོངས་ཏེ་སྨྲས་པ། །བདག་ནི་ཁྱོ་དང་ལྡན་པ་འགྲོ་ཞིང་རྣམ་མཐོང་ནས། །ཁྱེད་ནི་ཀུན་ནས་དོགས་པར་གྱུར་པ་ཅི་ཕྱིར་འབྲོས། །བདག་ཉིད་ཆེན་པོ་བདག་ནི་ཤ་ཟའི་བུད་མེད་མིན། །དེ་བས་དོགས་པ་དོར་ཅིག་བདག་ལ་ཉེར་བསྟན་འདིར། །བྱང་ཆུབ་སེམས་དཔས་སྨྲས་པ། སྲིང་མོ་བདག་ནི་ཁྱེད་ལ་འཇིགས་པ་མ་ཡིན་ཏེ། །འོན་ཀྱང་སྐྱེས་པ་གཞན་ལ་སྡང་བར་བྱེད་པའི་ཆུང་མ་འདི་བཟུང་ནས་གང་དུ་མི་རྣམས་ཡོད་པ་མ་ཡིན་པ་དེར་འགྲོ་བར་བགྱིའོ། །ཁྱོད་ཀྱི་ཁྱོ་བོ་འདི་ནི་ལྷན་ཅིག་ཆོས་སྤྱོད་མ། །བདག་གི་འདི་ལ་མཉེས་གཤིན་པར་ནི་གཞན་ཡང་ལྟ། །ཁྱོད་ནི་མཛའ་བོ་ཡང་ནི་མཐོང་ནས་ངོ་ཚ་བས། །བདག་གི་མཛའ་བོ་མིག་གཉིས་པོ་ནི་འཛུམས་པར་བྱེད། །ཇི་ལྟར་ཀུན་ནས་མཐོང་སྟེ་ཡང་ཡང་རྣམ་པར་དགའ། །གསལ་བར་བྱེད་ཅིང་འཇམ་པར་བྱས་ནས་ངོ་མཚར་བྱེད། །དེ་ལྟར་བདག་གི་ལྷན་ཅིག་ཆོས་སྤྱོད་མ་འདི་ལ། །ཁྱོད་ཀྱི་མཛའ་བོ་འདིས་ནི་འཕྲོག་བྱེད་ཀུན་ནས་རྟོག །བདག་གི་བུད་མེད་འདི་ནི་དགའ་བར་བྱེད་མཐོང་ནས། །མཛེས་པའི་མིག་ནི་བརླ་དང་འོ་འཛིན་གཉིས་མཛེས་པ། །ཐུབ་པ་རྣམས་ཀྱི་སེམས་ཀྱང་གཞན་དུ་འགྱུར་བ་སྟེ། །བུད་མེད་ཁྱོད་ནི་འདོད་པ་ཅན་འདི་ལྟ་ཅི་སྨོས། །དེ་བས་འདི་ནི་རི་བོང་ཅན་གྱི་དཀྱིལ་འཁོར་ལྟར། །བཞིན་ལྡན་རང་གི་མཛེས་པས་ལྷ་དབང་བུད་མེད་ནི། །ངོ་ཚ་དང་བཅས་དབུ་མ་ལྟར་ནི་དབང་ཆེན་གྱིས། །ལུས་ལ་བཟུང་ནས་ས་འཛིན་རྣམས་ཀྱི་ཕུག་རྣམས་སུ། །བདག་ཉིད་ཀྱིས་ནི་ཡུན་རིང་གནས་པར་བགྱི་བ་ལགས། །དེས་སྨྲས་པ། འཕགས་པས་འདི་ལྟར་ཀུན་ནས་དོགས་པར་བྱ་བ་མ་ཡིན་ཏེ། །ཁྱོད་ཀྱི་ཆུང་མ་ཚུལ་ཁྲིམས་བཟང་ལྡན་ཕྱིར། །འདི་ནི་ཇི་ལྟར་སྐྱེས་པ་གཞན་ལ་སྡང༌། །གཞན་གྱི་ཁྱིམ་ཐབ་སྤོང་བའི་སེམས་ལྡན་པ། །དེ་བཞིན་བདག་གི་ཁྱོ་པོ་འདི་ཡང་ཡིན། །རང་གི་བཟང་མོ་འདི་ནི་ཁྱོད་ཀྱིས་རྣམ་བརྒྱན་ཅིང༌། །


DTG169_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་མཛེས་པའི་རྒྱན་གྱིས་ཅིག་ཅར་གནས་པར་བགྱི། །ཚུལ་ཁྲིམས་སྡུག་བསྔལ་མཉམ་པ་རྣམས་ལ་གྲོགས་པོ་ཉིད། །ཤེས་བྱའི་གྲགས་པ་འབྲས་བུ་དང་ནི་བཅས་པར་གྱིས། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ནི་བདག་པོའི་ཚུལ་ཁྲིམས་ཞེས། །གལ་ཏེ་བུད་མེད་མཆོག་བདེན་ནས། །དེ་བས་ཆུ་བོ་འདི་བརྟེན་ནས། །བདག་ཅག་འདིར་ནི་གཅིག་ཏུ་གནས། །དེས་སྨྲས་པ། བློ་ལྡན་འཕགས་པའི་སྲས་ཀྱིས་ནི། །ཚུལ་ཁྲིམས་ཇི་ལྟར་མ་ཤེས་ནས། །ཁྱེད་ལ་འདི་ལྟར་སྨྲ་འགྱུར་བ། །དེ་བས་དོགས་པ་ཡོངས་སུ་དོར། །དེ་ལྟར་བགྱི་ཞེས་བྱ་བ་ཡང་བྱང་ཆུབ་སེམས་དཔས་ཁས་བླངས་ཆུ་བོའི་འགྲམ་གྱི་ཤིང་གི་རྩ་བ་ལ་རུས་པའི་ཀེང་རུས་དེ་བཞག་ནས་རྒྱན་བྱེད་པའི་ཕྱིར་བརྩམས་པ་ལ་བུད་མེད་དེས་ཀྱང་བདག་ཉིད་ཀྱི་ཁྱོ་ཤི་བའི་ལུས་ལ་བརྒྱན་པར་བྱས་ཏེ། གཉིད་ཀྱི་དབང་དུ་སོང་བར་གྱུར་ཏོ། །དེ་ན་བྱང་ཆུབ་སེམས་དཔས་དེ་གཉིད་ལོག་པར་ཤེས་ནས། གཉིས་པོ་དེ་དག་སྐྱེ་ནི་ཐག་པས་དེར་བཅིངས་ཏེ། །ལུས་གཉིས་བཀྲུས་པའི་པདྨའི་རྩ་བ་ལྟར་དཀར་བ། །འགྲམ་གྱི་མཐའ་མར་གོམ་པ་སྒྲ་མེད་ཉེར་སོང་ནས། །ཆུ་བོ་དེ་ལ་མ་དཔྱད་པར་ནི་དོར་བར་གྱུར། །མྱ་ངན་གྱིས་ནི་ཧ་ཧ་ཞེས་བརྗོད་ཐབས་ཤེས་པ། །དེ་ནས་གཉིད་ཀྱི་དབང་སོང་དེ་ལ་དེས་ནི་རབ་བསད་ནས། །བདག་གི་མཛའ་མོ་ཁྱོད་ཀྱི་བདག་པོ་འདི་ནི་འཕྲོག་པ་སྟེ། །དེ་ལྟར་ཤིན་ཏུ་ཕོངས་པའི་ཡི་གེ་དང་ལྡན་དེ་སྨྲས་གྱུར། །དེ་ནས་གཉིས་པོ་དེ་དག་ཀྱང་ཤི་བའི་ལུས་གཉིས་ཆུས་ཁྱེར་བར་གྱུར་པ་ཀུན་ནས་མཐོང་ཞིང་ཀྱི་ཧུད་ཧ་ཧ་ཞེས་བྱ་བ་བརྗོད་ཅིང་ཆུ་བོ་དེའི་འགྲམ་ནས་མངོན་པར་རྒྱུག་པར་གྱུར་ཏེ། དེ་དག་དེ་ལྟར་མྱུར་རྒྱུག་ཅིང༌། །རོ་གཉིས་རྣམ་པར་མཐོང་བ་དག །དབུ་བ་འཁོར་ཞིང་གཡོ་བ་ཡིས། །ཆུ་བོ་དེ་ནི་དགོད་དང་འདྲ། །དེ་ནས་བུད་མེད་དེ་ཆུ་བོའི་འགྲམ་ནས་རྒྱུག་ཅིང་ཤི་བའི་རོ་ལ་མིག་མཆི་མས་ཡོངས་སུ་གང་བ་དང་ལྡན་པས་ཡང་ནས་ཡང་དུ་འདི་ལྟར་ངན་པ་སྨྲ་བར་གྱུར་པ། གང་ཞིག་ཨུ་ཤི་ར་ཡི་རྣམ་པའི་བྱུག་རྣམས་ཀྱིས། །གསལ་བའི་དྲིས་ནི་བདག་གིས་ཁྱོད་བརྒྱན་པ། །གཞན་གྱི་ཁྱིམ་ཐབ་འཕྲོག་པ་ཁྱོད་ཀྱིས་ནི། །མཉེས་གཤིན་འབྲས་བུ་དེ་འདི་གསལ་བར་བྱས། །བདག་གིས་བསྟོད་ཚིག་བར་མཚམས་


DTG169_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆད་དང༌། །ལག་པ་ཡང་དག་འཛིན་དང་གུས་ལྟ་དང༌། །ཤིན་ཏུ་དྲག་པའི་སེམས་ལྡན་ཁྱོད་ཀྱིས་ནི། །ཇི་ལྟར་གསུམ་པོ་འདི་ནི་བསམ་མ་བྱས། །ཤིན་ཏུ་འཇམ་པ་བདག་གི་བུད་མེད་ནི། །སྐལ་བཟང་གལ་ཏེ་ཡང་ནི་འདིར་གྱུར་ན། །དེ་ལྟན་ཡང་རྟག་ཏུ་རྗེས་འཇུག་འདིར། །འཕགས་མིན་བདག་ནི་དོར་བར་བྱེད་མཛེས་མིན། །བུད་མེད་རྣམས་ཀྱི་ཡིད་ནི་གསོ་བ་སྟེ། །སྐྱེ་བོའི་གྲགས་པ་འདི་ནི་མི་བདེན་འགྱུར། །བདག་ཉིད་དམ་པ་དི་རིང་དོར་ནས་འགྲོ། །སྐྱེས་པ་རྣམས་ལ་བདེན་ཉིད་ཁྱོད་ཀྱིས་གཞག །གཞན་གྱི་བུད་མེད་ལ་ནི་ཆགས་པ་རྣམ་འགྲེལ་ཁྱེད་ཉིད་ལ། །མཉེས་གཤིན་མེད་པའི་སེམས་ལྡན་བརྩེ་དང་དུལ་བ་རྣམ་བྲལ་བ། །བདག་གི་ཚིག་ནི་ཕོང་ས་ཤིང་ཕོངས་འདི་གནས་པ་མ་ཡིན་ཏེ། །ཚ་བའི་ལྕགས་ལ་ཉུང་བའི་ཆུ་ནི་རྣམ་པར་བླུགས་པ་བཞིན། །དེ་ནས་བྱང་ཆུབ་སེམས་དཔས་དེ་ལྟར་ཤི་བའི་ལུས་ལ་ངན་པ་སྨྲ་བཞིན་པ་དེ་ལ་སྐད་ཅིག་གིས་སྡུག་བསྔལ་དང་ལྡན་པ་དང༌། སྐད་ཅིག་གིས་ཁྲོ་བ་དང་ལྡན་པ་དང༌། སྐད་ཅིག་གིས་སྨྲེ་སྔགས་འདོན་པ་དེ་ལ་སྨྲས་པ། །མཉེས་གཤིན་པ་དང་བྲལ་བའི་ཡིད་ལྡན་ཁྲེལ་དང་རྣམ་བྲལ་བ། །འཇིག་རྟེན་སྨོད་པ་ལ་ནི་རྒྱབ་ཕྱོགས་གཡོ་ལ་མངོན་བརྩོན་པ། །མཉེས་གཤིན་སྐྱེ་བོ་ངན་ལ་གང་ཞིག་འདི་ལྟར་མངོན་སྨྲ་བ། །རྨོངས་པས་དོན་མེད་དགོན་པར་དུ་བ་དེས་ནི་བྱེད་པར་འགྱུར། །བདག་གིས་ཁྱོད་ལ་ཡང་དང་ཡང་དུ་སྨྲས་པ་སྟེ། ཅི་ལྟར་ཁྱོད་ཀྱི་ཁྱོ་པོ་འདི་བདག་གི་བུད་མེད་ངོ་ཚ་བས་ཐུར་དུ་ལྟ་བའི་གདོང་ཅན་ལ་ཡང་དགོད་ཅིང་སྒེག་པ་དང་བཅས་པར་ལྟ་བ་ངེས་པར་འདི་བདག་གི་བུད་མེད་འདོད་པ་ཞེས་ཟེར་རོ། །དེ་ལ་ཡང་ཁྱོད་ཀྱིས་དད་པར་བྱ་བ་མ་ཡིན་ནོ་ཞེས་དེ་ལྟར་སྨྲས་ནས་བདག་ཉིད་ཆེན་པོ་དེས་ལྷན་ཅིག་སྐྱེས་པ་མ་ཡིན་པའི་སྨྲེ་སྔགས་འདི་ལྟར་བྱས་པར་གྱུར་ཏོ། །སྒེག་མོ་དེས་ནི་བདག་གི་མིག་ནི་འཛིན་བྱེད་ཅིང༌། །ཀུན་ནས་འཛག་པའི་མཆི་མས་མིག་ནི་བཀག་བྱས་པ། །བུད་མེད་ཁྱོད་ཀྱི་སྲོག་དང་མཉམ་པ་དེས་བདག་གི །མཛའ་མོ་ཕྲོགས་ཏེ་ཉི་མར་ལྡན་པས་མཚན་མོ་ལྟར། །བདག་ནི་དེ་དང་བྲལ་བས་བརྟན་པ་རྙེད་འགྱུར་མིན། །རྟག་ཏུ་རྗེས་འབྲེལ་གླང་ཆེན་གྱི་ས་ནི་གླང་མོ་ལྟར། །བདག་དང་བྲལ་བས་དེས་


DTG169_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བརྟན་པ་ཐོབ་མི་འགྱུར། །རི་དགས་མོ་ནི་ནུས་མེད་རི་དགས་དང་བྲལ་ལྟར། །དེ་ལྟར་བྱང་ཆུབ་སེམས་དཔས་སྨྲེ་སྔགས་འདོན་ཅིང་བུད་མེད་དེ་གོས་ཀྱིས་མགྲིན་པར་བཅིངས་ཏེ་གུས་པར་བྱེད་ཅིང་སྨྲས་པ། དེ་བས་ཐ་སྙད་ཕྱིར་ཤོད་ཅིག །རྒྱལ་བར་ངེས་པར་བདག་ཅག་འགྲོ། །ཡང་ན་བདག་གི་མོ་འོངས་ཤིག །བདག་ཉིད་ངན་པ་དེས་ཕྲོགས་པ། །དེ་ལྟར་བྱང་ཆུབ་སེམས་དཔས་འགུགས་པར་གྱུར་པ་དེ་འཇིགས་པས་ཡིད་སྐྱོ་ནས་སྨྲས་པ། །ད་ནི་བདག་གི་ཆུང་མ་དེ་ཡོད་པར་ཅིའི་ཕྱིར་ནུས་ཏེ་འཕགས་པས་བཀའ་དྲིན་མཛོད་ཅིག་དང༌། བདག་གི་སྲིར་མོའི་བུ་མོ་ཡོད། །ཅུང་ཟད་ནུ་མ་མངོན་འབྱུང་བ། །སློབ་མ་བཟང་ལ་སྔགས་བཞིན་དུ། །བདག་གིས་ཁྱེད་ལ་དེ་སྦྱིན་གྱི། །བྱང་ཆུབ་སེམས་དཔས་སྨྲས་པ། བདག་ལ་ལྷའི་བུ་མོ་གཞན་གྱིས་ཀྱང་དགོས་པ་ཡོད་པ་མ་ཡིན་ཏེ། མཆོག་གི་གདོང་ཅན་ཆུང་མ་དེ་ཁྲིད་ལ་ཤོག་ཅེས་སྨྲས་སོ། །གལ་ཏེ་ཁྱོད་ཀྱི་དེ་མོའོ། །བདག་གི་བུད་མེད་གཡོན་ལྟའི་མིག །རྡོ་བ་ཆེན་པོ་འདི་ཡིས་ནི། །ཁྱོད་ཀྱི་མགོ་བོ་ཕྱེ་མར་བྱ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་བ་བླངས་ནས་བུད་མེད་དེ་ལ་ཀུན་ནས་བརྡུང་བར་འདོད་པ་བཞིན་དུ་ཁྲོ་གཉེར་གསལ་བར་བྱས་སོ། །དེ་ནས་བུད་མེད་དེ་འཇིགས་བས་འཕགས་པ་བཀའ་དྲིན་མཛོད་ཅིག་དང༌། བདག་ནི་ཕོངས་པ་དང་གཉེན་འདུན་མེད་པ་རྣམ་པར་འཇིགས་པར་འོས་པ་མ་ཡིན་ཏེ། ནོངས་པ་བྱས་ཀྱང་བུད་མེད་སྐྱེ་བོ་ནི། །རང་བཞིན་གྱིས་ཕོངས་སྐྱེ་བཟངས་རྩེ་བར་བྱེད། །དེ་ལྟར་ཁྲོས་པ་འདི་ནི་བསྡུས་མཛོད་ཅིག །བློ་གྲོས་བརྟན་པ་བདག་ནི་གསད་བྱ་མིན། །དེ་ལྟར་སྨྲས་ནས་བྱང་ཆུབ་སེམས་དཔའི་རྐང་པ་དག་ལ་གཏུགས་པར་གྱུར་ཏོ། །དེ་ནས་བདག་ཉིད་ཆེན་པོ་དེས་འཇིགས་པ་དེ་ཤེས་ནས་སྨྲས་པ། གལ་ཏེ་ཁྱོད་ཁོ་བོ་ཅག་གི་ཚིག་བྱེད་པར་གྱུར་ན། དེ་བས་ན་བདག་གི་རྡོ་བ་འདི་ཁྱོད་ཀྱི་མགོ་བོ་ལ་ཕོག་པར་འགྱུར་བ་མ་ཡིན་ནོ། །དེས་སྨྲས་པ། ཁྱོད་ཀྱི་བཀའ་ནི་བདག་གིས་འདའ་བར་བྱ་བ་མ་ཡིན་ཏེ་འཕགས་པས་སྨྲ་བར་འོས་སོ་ཞེས་ཟེར་རོ། །བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་ཁྱོད་ནི་འདའ་བར་མི་བྱེད་ན་བདེ་བ་དང་ལྡན་པ་འབྱུང་བར་འགྱུར་རོ། །དེ་བས་ན་ཉོན་ཅིག་དང༌། ཁྱོད་ཀྱིས་ཁྱོ་པོ་ཤི་བ་ཡི། །


DTG169_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པོ་དེ་ནི་ཕྲག་པར་ཁྱེར། །དེ་ལྟར་རྨོངས་པ་རྣམས་ཤེས་ན། །མུན་པ་བཞིན་དུ་དོར་བར་གྱིས། །ཡང་དང་ཡང་དུ་འགྲོ་འགྲོ་ཞིང༌། །ཡང་དང་ཡང་དུ་སྟེང་དུ་འབྱུང༌། །སྐྱེ་དགུའི་བདག་པོ་ལག་ཐོབ་པ། །སྐྱེ་འདི་ཕོ་ལོང་བཞིན་དུ་བྱེད། །ནན་གྱིས་དུས་མིན་གསོད་པར་བྱེད་པ་སུ་ཡི་འདི། །མི་རྟག་པ་ཉིད་གཟུགས་ནི་མནན་ནས་འབྱུང་བ་མིན། །རབ་ཏུ་དྲག་པའི་ཤུགས་དང་ལྡན་པ་རླུང་གིས་ནི། །འགྲོ་བ་ཆུ་གཏེར་ཚོགས་ནི་རིང་མིན་འབྱུང་བ་བཞིན། །དུས་མཐའི་དུས་ལ་རབ་ཏུ་སྟོབས་ལྡན་མེས་འབར་བ། །ཡང་ཡང་ལྟོ་བ་ཟླུམ་པོའི་ཉ་ཡིས་ཀུན་ནས་ཁྱབ། །ས་འོག་གནས་པ་འཇིགས་པའི་སྦྲུལ་གྱི་ཚོགས་ལྡན་པ། །རྒྱ་མཚོ་ཆེན་པོ་ཡང་ནི་ཟད་པར་འགྲོ་བར་འགྱུར། །སྣ་ཚོགས་པ་ཡི་དཔག་བསམ་ཤིང་གིས་པར་བརྒྱན་པ། །ལྷ་ཡི་བུད་མེད་རྣམས་ཀྱིས་པདྨོའི་ཆུ་བརྟེན་པ། །གསེར་གྱི་ཕུང་པོ་མེ་ཡིས་རྣམ་པར་ཞུ་བ་ནི། །རི་རབ་ཀྱང་ནི་རས་བལ་བཞིན་དུ་ཡང་བར་འགྱུར། །མཆོད་སྦྱིན་བརྒྱ་པའི་ཡིད་ནི་འཕྲོག་པ་རྣམས་སྤངས་ནས། །ལྷ་རྣམས་ཀྱིས་ནི་གྲོང་ཁྱེར་ལྷ་མིན་རབ་ཚ་བ། །འབྱོར་པ་འབར་བ་གང་དུ་ཡང་ནི་འགྲོ་འགྱུར་ཏེ། །སྤྲིན་རྣམས་ཟད་ལ་སྒེག་པ་མེད་པའི་གློག་བཞིན་ནོ། །འདི་དག་ཀྱང་ནི་མུན་པ་རྣམ་རྒྱས་འབིགས་བྱེད་པ། །ཉིན་དང་མཚན་མོའི་ཁྱད་པར་དག་ནི་ལྡན་པ་ལྟར། །འགྲོ་བའི་མར་མེ་ཉི་མ་བསིལ་བའི་འོད་ཟེར་དག །དམར་བའི་སྟོབས་ལྡན་དཀྱིལ་འཁོར་སྣང་བར་གྱུར་པ་མིན། །གང་ཞིག་སྐྱེ་བ་དང་ལྡན་ཅུང་ཟད་ས་གསུམ་པོ་འདིར་ཡོད། །དེ་དག་ཐམས་ཅད་ཉིད་ནི་ངེས་པར་འཇིག་པའི་མཐའ་མ་ཅན། །དེ་ལྟར་ཤེས་ན་སྐྱེ་དང་འཆི་བའི་སྡུག་བསྔལ་རྗེས་འབྲེལ་བའི། །འཇིག་རྟེན་ལ་ནི་རྣམ་སྐྱོ་ཞི་བ་ཉིད་ལ་ཡིད་གཏད་བྱ། །གང་ཞིག་བློ་ངན་གཉེན་འདུན་རྣམས་ལ་མཉེས་གཤིན་ངེས་ཞུགས་བྱེད། །དེ་ནི་ཐ་མར་ཡོངས་གདུངས་མྱ་ངན་བྱེད་ཅིང་ཉེར་འགྲོ་བ། །འཇིགས་པའི་ཆུ་སྲིན་ལ་བརྟེན་ཆུ་བོའི་དབུས་དག་ཅེས། །རྒྱ་མཚོར་གཟིངས་དང་བྲལ་བས་རབ་ཏུ་ལྟུང་བ་སྟེར་བར་བྱེད། །སུ་ཡི་རྣམ་བྲལ་ཡོད་པར་མི་འགྱུར་ཏེ། །སྐྱེ་བོ་མཉེས་གཤིན་དེ་རིང་མི་འགྱུར་བ། །བཟང་མོ་འབྱུང་བར་


DTG169_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རམ་མི་འགྱུར་བ། །དེ་ལྟར་ཁྱེད་ཀྱིས་མྱ་ངན་བསང་བར་གྱིས། །དེ་ལྟར་བུད་མེད་དེས་བྱང་ཆུབ་སེམས་དཔའི་ཚིག་ཡང་དག་པར་ཤེས་ནས་དྲན་པ་ཉེ་བར་རྙེད་པས་སྨྲས་པ། ཨེ་མའོ་ཁྱོད་ཀྱིས་གདམས་ངག་གི་མར་མེ་འདིས་གང་ནས་ཀྱང་འོངས་བ་ཅི་ཡང་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་མུན་པ་བསལ་བ་ཞེས་བྱ་བའོ། །ཁྱེད་ལ་བརྟེན་ནས་བདག་གི་སེམས། །ཇི་ལྟར་སོས་པ་ཉེར་སོང་བ། །དེ་བཞིན་ཡང་དག་ལམ་དམིགས་ནས། །ཁྱེད་ཀྱང་མྱ་ངན་འདས་ཐོབ་ཤོག །དེ་ནས་བྱང་ཆུབ་སེམས་དཔས་བུད་མེད་དེ་རང་བཞིན་དུ་གནས་པ་བཟུང་ནས་གཉེན་འདུན་རྣམས་ཀྱི་མདུན་དུ་ཁྲིད་པར་གྱུར་ཏོ། །ཐབས་འདི་ནི་བདག་གི་བུད་མེད་འདི་ལ་གདོན་དེ་ཀུན་ནས་བསལ་བར་བྱས་སོ་ཞེས་བྱ་བ་ཡང་རང་གི་སློབ་མ་རྣམས་ལ་སྨྲས་པར་གྱུར་ཏོ། །བདག་ཉིད་ཆེན་པོ་དེ་ར་སོང་བ་ལ་ཡང་འཇིགས་པ་དང་འདྲ་བ་གྲོང་ཁྱེར་དེ་ལས་ནད་རྣམས་སླར་རབ་ཏུ་འཇིག་པར་འགྱུར་རོ། །དེ་ནས་དེར་ལ་ལ་ཞིག་བློ་གྲོས་གསལ་བའི་ཉེ་གནས་པས་བྱང་ཆུབ་སེམས་དཔའ་ལ་འདི་ལྟར་ཡང་དག་པར་བསྟོད་ཅིང་གནས་ཏེ། ཁྱོད་ཀྱི་ཤེས་རབ་ལྷག་བྱས་ནས། །བློ་ལྡན་རྣམས་ཀྱི་བློ་རྣམས་ལས། །ལྷག་པར་ཁྱེད་ཀྱི་ཤེས་རབ་འཇུག །དེ་ཉིད་མཐོང་བ་རྣམས་དབེན་རྣམས་ཀྱི་བླ་མ་ཁྱེད་ལ་ནི། །ལྕི་བའི་ཚིག་ལྡན་ངེས་པའི་གཏམ་ནི་རྣམ་པར་རྒྱས་བྱེད་ལ། །མཁས་པ་རྣམས་ཀྱི་ཡིད་ནི་མུན་པས་ཟིལ་གྱིས་གནོན་མིན་ཏེ། །ཁང་པའི་ནང་ན་མར་མེ་འབར་བར་བྱེད་པ་བཞིན་དུ་ཡིན། །འདུན་པར་བློ་ལྡན་རྣམས་ཀྱི་འདུན་པ་ཆེན་པོ་འཇོམས་ཕྱིར་མི་ཤེས་པ་ནི་རབ་འབྱུང་མིན། །ཁྱེད་ཀྱི་ངག་གི་རྣམ་པར་དབེན་བྱེད་ཐེ་ཚོམ་གཅོད་ཅིང་ཉོན་མོངས་མེད་པ་མ་ཐོབ་ནས། །གང་ཕྱིར་མཁའ་སྣང་རྣམས་ཀྱི་འོད་ཟེར་མཚན་མོ་ལས་བྱུང་རྣམ་ཁྱབ་རབ་རིབ་འཇོམས་པ་མིན། །མར་མེའི་ལྕེ་ནི་གཅིག་པུར་དྲི་མ་མེད་བས་སྲབ་པ་དེ་ནི་མ་ལུས་སེལ་བར་བྱེད། །ཁྱེད་ནི་རང་རིགས་མཁའ་ཆེན་གྱི་ནི་ཟླ་ཡིན་ཁྱེད་ཀྱི་གྲགས་པ་རྣམས་ནི་སྐར་མ་རྣམས། །མཐུག་པའི་མུན་པའི་ཆོགས་ནི་རབ་ཏུ་ཉམས་པར་བྱེད་པ་ཁྱེད་ཀྱི་ངག་ནི་ཟླ་ཚེས་ཡིན། །ཉན་པ་པོ་རྣམས་ཀུ་མུ་ཏ་ཡི་འབྱུང་གནས་ལྟར་ནི་མདུན་དུ་འདི་རྣམས་རབ་ཏུ་སད་བར་འགྲོ། །ཨེ་མ་རྣམ་པར་ངེས་པའི་


DTG169_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་གྱི་རྩོམ་པ་མཚན་མོའི་སྒོར་འབྱུང་ཀུན་ནས་རྫོགས་པ་འདི། །དོན་སྤྱིའི་གྲུབ་མཐའ་ལ་ནི་ཤིན་ཏུ་རྣོན་པོས་ཀྱང་ནི་ཉིད་ཀྱི་བརྗོད་བྱ་ཇི་ཙམ་རྟོགས། །དེ་ཉིད་མཐོང་བ་ཁྱོད་ཀྱི་གྲོལ་བ་ལ་ནི་ཉན་པ་པོས་ནི་དེ་ཉིད་གསལ་བར་མཐོང༌། །སྔོན་རོལ་དུ་ནི་ཕྲད་པར་འདོད་པའི་ཅི་ནུས་འཇོ་བར་བྱས་པའི་བ་ལས་འཐུང་བས་ནི། །ཕྱིས་ནི་ཤེ་མ་སྐྱོ་བར་མི་འགྱུར་སེམས་དང་ལྡན་པའི་ཕྱིར་ནི་བདེ་བར་འོ་མ་འཛིན། །དེ་བས་ན་སྐྱེ་བོ་འདི་མགོན་དང་བཅས་པ་སྟེ་གང་གི་གཟུགས་དང་ལྡན་པ་ལྟར་དམ་པའི་ཆོས་དང་ལྡན་པའི་མཁན་པོ་ཉིད་རྗེས་སུ་བསྟན་པར་བྱེད་པ་ཡོད་དོ། །ཞེས་བྱ་བའོ། །དེ་ལྟར་ན་བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔར་གྱུར་པ་ན་འཇིག་རྟེན་པ་རྣམས་ལ་ཕན་པའི་དོན་ཉིད་ཀྱི་ཕྱིར་བདག་ཉིད་ཤེས་རབ་ཀྱིས་གསལ་བར་མཛད་པ་སྟེ། རང་གི་གྲགས་པ་ལ་ཆགས་པས་ནི་མ་ཡིན་ནོ་སྙམ་དུ་རྣམ་པར་བསམས་ནས་རྟག་ཏུ་བཅོམ་ལྡན་འདས་ཉིད་ལ་དད་པ་བསྐྱེད་པར་བྱ་བའོ། །གཞན་རྣམས་ལ་ཕན་པར་བྱེད་པས་སམ་འཇིག་རྟེན་ལ་གུས་པར་བྱེད་པས་ཤེས་རབ་ཉེ་བར་འཕེལ་བར་བྱ་ཞེས་བྱ་བ་སྟེ། སྐྱེས་ཆེན་ལྷན་ཅིག་ཏུ་ནི་བདག་ཉིད་མཉམ་ཉིད་འདོད་པའི་དོན་དུ་གལ་ཏེ་བློ་ཡོད་ན། །ཡིད་ནི་གཞན་དུ་མིན་པའི་མི་ཡིས་ཐོག་མ་ཉིད་དུ་ཡོན་ཏན་རྣམས་ལ་གུས་པར་བྱ། །ཐོས་པ་ལ་སོགས་ཡོན་ཏན་རྣམས་ལ་སྐྱེས་ན་ལེ་ལོ་ཅན་ནི་ཇི་ལྟར་གུས་བསྐྱེད་འགྱུར། །ནོར་བུ་ལ་ཡང་ཡིད་འོང་ཉིད་ནི་ཡོད་པ་འདུས་མ་བྱས་པར་སྐྱེ་འགྱུར་མ་ཡིན་ནོ། །སྲེད་མེད་ཀྱི་སྐྱེས་པའི་རབས་ཏེ་སྐྱེས་རབས་བདུན་པའོ།། །། ཤེས་རབ་གསལ་བས་ངོ་མཚར་མིན་པ་རྣམས། །འཇིག་རྟེན་པ་ཡི་དོན་ནི་བྱེད་བཞིན་པ། །དོན་དམ་ཚོལ་བར་བྱེད་ལ་བརྟེན་པ་རྣམས། །སུ་ཞིག་ལ་ནི་ངོ་མཚར་སྐྱེད་མ་ཡིན། །འདི་ལྟར་རྗེས་སུ་ཐོས་ཏེ། རྒྱལ་པོའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་རྒྱལ་པོ་ཚངས་པས་བྱིན་གྱི་བརྒྱན་པར་བྱས་པའི་བཱ་རཱ་ཎ་སཱིའི་རྒྱལ་པོའི་ཁབ་ཏུ། མཚན་མོ་ཟླ་བ་ལྟར་བྲམ་ཟེ་ལ་ལ་ཞིག་རིག་བྱེད་འདོན་པ་ལ་མཁས་པ། ཁྱིམ་ན་གནས་པ་རྗེས་སུ་སྐྱོང་ཞིང་མེའི་མཆོད་པ་ལ་རྩེ་གཅིག་པ། འཇིག་རྟེན་ཐམས་ཅད་ཀྱི་མཆོད་གནས་ཁྱིམ་ལ་ལྷག་པར་གནས་པར་གྱུར་ཏོ། །དུས་གཅིག་གི་


DTG169_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ན་དེས་སྨན་གྱི་དོན་དུ་རི་དགས་ཀྱི་ཚོགས་དུ་མས་ཁྱབ་པ་ཤིན་ཏུ་མཐུག་པའི་ཤིང་རྣམས་ཀྱི་མུན་པ་དང་ལྡན་པ་ཤིན་ཏུ་ཡིད་འཕྲོག་པའི་ཆུ་བོའི་ཆུ་འགྲམ་གྱི་ཤིང་རྣམས་ཀྱི་རྩ་བའི་ཚོགས་དཀྲུགས་པ་གཡོ་བའི་རི་བོའི་ནགས་ཀྱི་ནང་དུ་རབ་ཏུ་ཞུགས་པར་གྱུར་ཏོ། །དཀའ་བའི་ནད་རྣམས་གཅོད་པའི་སྨན་རྣམས་ཀྱི་ཁུར་པོ་བླངས་ནས་ཆུ་བོ་དང་ཉེ་བའི་བྲག་གི་དཀྱིལ་འགའ་ཞིག་ལ་ལྷག་པར་གནས་ཤིང་ངལ་བསོ་བར་གྱུར་ཏེ། སར་པའི་ཀ་ནི་ཀ་རའི་མེ་ཏོག་ལྟར་དཀར་པོ་ངེས་པར་འབྲེལ་བ་མི་གཡོ་བ་བུང་བའི་ཚོགས་ལྟར་སྐྲ་ལོ་ནག་པ། པདྨོའི་འདབ་མ་དང་རྗེས་སུ་མཐུན་པའི་མིག་དང་ལྡན་པ། གསེར་དང་ཆུ་ཤིང་གི་སྙིང་པོ་ལྟར་ཡིད་དུ་འོང་བ་ཚོ་བའི་བརླ་གཉིས་དང་ལྡན་པ། ལང་ཚོ་དང་པོས་ཉེ་བར་རྒྱས་པའི་ལྕི་བའི་འོ་མ་འཛིན་པའི་ཁུར་བུས་ཡན་ལག་གི་སྲོག་ཤིང་ནུས་པ་མེད་ཅིང་དབུས་སྲབ་པ། རི་དང་ནགས་མཛེས་པའི་དོན་དུ་ལས་ཀྱི་བཟོ་བོ་རྣམས་ཀྱིས་སྐྱེས་པར་བྱས་པ་དང་འདྲ་བའི་མི་འམ་ཅི་མོ་མཐོང་བར་གྱུར་ཏོ། །དེ་ནས་ཀྱང་དེའི་གཟུགས་མཛེས་པས་སྙིང་ཀུན་ནས་འགུགས་པ་ཅི་ལྟར་ཡང་རྣམ་པར་འགྱུར་བར་ཡང་དག་པར་སོང་བར་གྱུར་ཏེ། མི་འམ་ཅི་མོ་དེ་ནི་དེ་ལ་ངེས་པར་འབྲེལ་བའི་མིག །དབུགས་ཀྱིས་གསལ་བར་བྱས་པའི་སོ་ཡིས་མཛེས་པ་ཅན། །འདར་བར་གྱུར་པའི་སེམས་ལ་མྱོས་བྱེད་མདའ་ཡིས་ནི། །གླགས་ནི་རྣམ་པར་ཤེས་པ་ཀུན་ནས་གདུང་བར་གྱུར། །སེམས་དང་རྣ་བ་དགའ་སྟོན་པ་ཡི་གླུ་ཡིས་ནི། །རི་དགས་རྣམས་ཀྱི་ཡང་ནི་ཡིད་ལ་ཆགས་པ་སྐྱེད། །དེས་ནི་རིམ་གྱིས་མེ་ཏོག་རྣམས་ནི་འཐུ་བྱེད་པ། །བྲམ་ཟེ་དེ་དང་ཉེ་བར་ཀུན་ནས་འོངས་པར་གྱུར། །དེ་ནས་རྣ་བར་མིག་ནི་འགེགས་པ་དེ་མཐོང་ནས། །རི་བོང་ཅན་གྱི་མཚན་མའི་རི་མོ་ལྟར་མཐོང་དགའ། །མེ་ཏོག་རྒྱལ་མཚན་འགྲོ་བའི་ཡིད་ནི་རྨོངས་བྱེད་པའི། །མདའ་རྣམས་ཀྱི་ནི་ཡུལ་དུ་གྱུར་པར་དེ་སོང་གྱུར། །དེ་ནས་འཇིགས་པས་ཁྱབ་པ་དེ་ནི་དེ་ལ་སྨན་འགྱུར་ཏེ། །ཡལ་ག་རྣམ་པར་དོར་ནས་ཀུན་འདར་ལག་པ་ཅན། །བུང་བ་མིག་ལ་རྣམ་པར་གནོད་པར་བྱེད་པ་འདི་ལས་ནི། །འཇིགས་པ་བདག་ལ་བྲམ་ཟེ་གཙོ་བོས་བསྐྱབ་པར་མཛོད། །དེ་ནས་དེ་ནི་ལངས་ཏེ་གློ་བུར་ཟླ་བའི་བཞིན། །རི་དགས་མོ་ཡི་མིག་ལྟར་རྒྱས་པའི་མིག་


DTG169_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དེ་ལ་སྨྲས། །ཁྱོད་ཀྱི་མིག་ལ་གནོད་པའི་བུང་བ་ལ་ནི་བདག་གིས་དགག །ཆུ་ཤིང་ལྟ་བུའི་བརླ་ལྡན་དོགས་མེད་མེ་ཏོག་འདི་ཐུས་ཤིག །དེ་སྐད་སྨྲས་ནས་དེའི་གདོང་ལ་མངོན་པར་ལྷུང་བའི་བུང་བ་བསྲེལ་ཞིང་གནས་སོ། །མི་འམ་ཅི་མོ་དེས་ཀྱང་མེ་ཏོག་རྣམས་བཏུས་ཏེ་སྨྲས་པ། གཡོ་བའི་སྦྲང་བྱེད་འདི་ལས་བདག་ནི་འཕགས་པའི་སྲས་ཀྱིས་ཡོངས་སུ་སྐྱོབ་པ་སྟེ། ཕན་པར་བྱས་པ་ལ་ཡང་གདོན་མི་ཟ་བར་སླར་ཕན་པར་བྱའོ། །དེ་བས་ན་འཕགས་པ་སྦྱོན་ཅིག །བདག་གི་གནས་སུ་བྱོན་ནས་ངལ་བསོ་སྟེ་གནས་ན་རུང་བའི་ཁ་ཟས་བཟའ་བར་བྱ་སྟེ་རང་གི་གནས་སུ་ཁྱེད་གཤེགས་པར་མཛོད་ཅིག་ཅས་ཟེར་རོ། །དེས་ཀྱང་དེ་ལྟར་བགྱིའོ་ཞེས་སོ་སོར་མཉན་ནས་མི་འམ་ཅི་མོ་དེ་དང་ལྷན་ཅིག་ཏུ་སོང་བར་གྱུར་ཏོ། །དེ་ནས་མི་འམ་ཅི་མོ་དེས་སྒོ་འགེགས་པར་བྱེད་པ་བྲག་ཆེན་པོ་བསལ་བར་བྱས་ནས་སྨྲས་པར་གྱུར་པ། འཕགས་པ་ཕུགས་འདིར་ཞུགས་ཤིག་ཅེས་ཟེར་རོ། །དེར་ཞུགས་པ་ལ་སླར་བྲག་དེས་ཕུག་གི་སྒོ་སྒྲིབ་པར་བྱེད་པ་བྱས་པར་གྱུར་ཏེ། དེ་ནས་ཁྲེལ་ཡོད་པས་ནི་དུད་པའི་གདོང་ཅན་དེས་དེ་ལ། །འོ་མ་འཛིན་པ་དག་ནི་ལག་པ་གཉིས་ཀྱིས་དགབ་བྱས་ཤིང༌། །དགོད་པས་འཇམ་བ་མངོན་པར་སྨྲ་བ་ལ་ནི་ཕྲད་འདོད་པ། །རྩེ་བར་གྱུར་ཏེ་ལྷ་ཡི་རྣམ་པར་རོལ་མ་བཞིན་དུ་ནི། །དེ་དང་ལྷན་ཅིག་འདོད་ལྷའི་མདའ་ཡིས་སེམས་ནི་འབིགས་བྱེད་པ། །ཡིད་འཕྲོག་རི་མོ་གསུམ་གྱིས་ཡིད་དུ་འོང་བའི་དབུས་ལྡན་པས། །གཉིས་སྐྱེས་དེས་ནི་མཚན་མོ་སྐད་ཅིག་མ་ལྟར་བསམས་པ་ནི། །ཕྲད་པར་འདོད་པ་ཡིད་ཀྱི་བདེ་བ་ཀུན་ནས་ཉམས་མྱོང་བཞིན། །དེ་ནས་དུས་གཅིག་གི་ཚེ་ན་མི་འམ་ཅི་མོ་དེའི་ལྟོ་བར་བྱང་ཆུབ་སེམས་དཔའ་ཡང་དག་པར་སྐྱེས་པར་གྱུར་ཏོ། །དུས་ཀྱི་རིམ་པས་ཀྱང་མཚན་ཉིད་ཐམས་ཅད་ཀྱིས་བརྒྱན་པར་བྱས་ཤིང་རང་གི་ལུས་ཀྱི་འོད་ཀྱིས་ཕུག་སྣང་བར་བྱེད་པ་དང་ལྷའི་གཞོན་ནུ་ལྟར་དེ་ལས་བུ་བཙས་པར་གྱུར་ཏོ། །དེ་ཡང་གང་གི་ཚེ་སྐྱེས་ནས་ལོ་བརྒྱད་ལོན་པ་དེའི་ཚེ་ཕའི་དྲུང་ནས་བསྟན་བཅོས་དུ་མ་རྣམས་ལྷག་པར་རྟོགས་པར་གྱུར་ཏོ། །སྐར་མའི་རྩིས་ལ་ཡང་དེ་ལ་ཤིན་ཏུ་སྤོབས་པ་སྐྱེས་པར་གྱུར་ཏོ། །དེ་ནས་མ་དང་ལྷན་ཅིག་དེའི་ཕྱིར་བྱུང་ནས་ཤེས་བྱ་ལྷག་མ་རྟོགས་པར་བྱ་བའི་ཕྱིར་ཐུབ་པ་རྣམས་ལ་ཉེ་བར་བརྟེན་པར་གྱུར་ཏོ། །དེ་རྣམས་ལས་ཀྱང་ཤེས་པ་ཀུན་ནས་རྟོགས་ཏེ་ཉེ་བར་འོངས་ནས་ཕ་ལ་སྨྲས་པ། །ཕ་ལགས་གོམ་པའི་རྣམ་པར་


DTG169_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པས་ཀྱང་བདག་གིས་ནི་ཆོམ་རྐུན་ཤེས་སོ་ཞེས་ཟེར་རོ། །ཕས་སྨྲས་པ། ཆོམ་རྐུན་གྱི་རྐང་རྗེས་སུ་སླར་ཇི་ལྟ་བུ་ཡིན་ཞེས་བརྗོད་པར་གྱིས་ཤིག །དེས་སྨྲས་པ། སོར་མོ་བསྐྱོད་པས་ཐ་མར་རྡུལ་གྱིས་རྣམ་ཁྱབ་པ། །ཀུན་ནས་ཁྱབ་པ་ཉིད་ཀྱིས་མཉམ་པར་ཞུགས་པ་མིན། །དོགས་པའི་ཡིད་ཅན་གྱི་ནི་རྐང་རྗེས་ཤེས་བྱས་ཏེ། །མྱུར་བའི་དབང་གིས་མདུན་གྱི་གོམ་པ་ལ་གནོད་པ། །གང་ཕྱིར་རྐང་རྗེས་རྣམ་པར་བཀོད་པས་ནི། །ཤེས་རབ་ཆེན་པོ་དེས་ནི་ཆོམ་རྐུན་ཤེས། །སྐྱེད་པར་བྱེད་པས་དེ་ཕྱིར་དེ་ཡིས་ནི། །རྐང་རྗེས་ཤེས་པ་ཞེས་བྱར་མིང་ནི་བསྒྲགས། །དེ་ནས་དུས་གཅིག་གི་ཚེ་ན་བདག་ཉིད་ཆེན་པོ་དེ་མེ་ཏོག་དང་འབྲས་བུ་དང་རྩ་བ་ཉེ་བར་འོངས་པའི་ཕྱིར་མ་མོ་སོང་བ་དང་ཕ་ལ་དྲིས་པར་གྱུར་ཏེ། རེ་ཞིག་པའི་སྐྱེས་ཕ་འདི་ཉིད་ཡིན་ནམ་འོན་ཏེ་གཞན་འགའ་ཞིག་ཏུ་ཡིན་ནམ་ཅི་ཞེས་བྱ་བའོ། །བྲམ་ཟེས་སྨྲས་པ། བུ་བཱ་རཱ་ཎ་སཱི་ཞེས་བྱ་བ་རྒྱལ་པོའི་ཁབ་ཡོད་དེ་དེ་ནི་བདག་གི་སྐྱེས་པའི་ས་ཞེས་ཟེར་རོ། །རྐང་རྗེས་ཤེས་པས་སྨྲས་པ། གལ་ཏེ་འདིར་ནི་གནས་ཤིང་སྐྱེས་པ་དང་ནི་ཕྲད་འདོད་ན། །ཕ་ལགས་མྱུར་དུ་བདག་དང་ལྷན་ཅིག་ཅི་ཡི་ཕྱིར་མི་འགྲོ། །མཁས་པ་རྣམས་ཀྱི་མདུན་སར་བསྟན་བཅོས་རྣམས་དབེན་བསལ་ཚིག་རྣམས། །ཉན་པའི་དོན་དུ་བདག་ལ་ཡང་ནི་ལྟད་མོ་སླར་ཡང་ཡོད། །བྲམ་ཟེས་སྨྲས་པ། བུ་གལ་ཏེ་འདིར་ཤིན་ཏུ་ལྕི་བའི་བྲག་བསལ་བར་བྱ་བའི་ཕྱིར་ཚེ་དང་ལྡན་པ་ཁྱོད་ལ་ནུས་པ་ཡོད་པར་གྱུར་ན་དེ་ནས་ཕྱིར་དབྱུང་བར་བྱའོ། །དེ་ནས་རྐང་རྗེས་ཤེས་པས་བྲག་དེ་ལ་འབད་པ་མེད་པར་བསལ་བར་བྱས་ཏེ། ཕ་དང་ལྷན་ཅིག་ཏུ་བཱ་རཱ་ཎ་སཱིར་ཀུན་ནས་སོང་བར་གྱུར་ཏོ། །བྲམ་ཟེ་དེས་ཀྱང་རྐང་རྗེས་ཤེས་པ་དེ་ལག་པ་ནས་བཟུང་སྟེ་སྒོ་སྐྱོང་རྣམས་ཀྱིས་རྣམ་པར་བསལ་བར་བྱས་པ་ཕྱི་རོལ་ན་གནས་པའི་སྐྱེ་བོ་མང་པོས་ཁྱབ་པ་དང༌། ཉེ་བར་འདུག་པའི་གླང་པོ་ཆེའི་ཕྲུག་པ་དང་གླང་མོའི་རྐེད་པ་རྣམས་ལ་ཆབ་འོག་གི་རྒྱལ་པོ་ཀུན་ནས་འཇུག་པ་དང༌། བོས་ཤིང་མྱུར་དུ་མངོན་པར་ཕྱོགས་པའི་ཕོ་ཉ་འཇུག་པ་དང༌། ཉེ་བར་གནས་པའི་སྒོས་སྟོང་བའི་རྟ་རྣམས་ཀྱི་ཁ་ནས་ཕོ་ཞིང་དབུ་བའི་དུམ་བུས་སའི་སྟེང་འདྲེས་པ་དང༌། སའི་བདག་པོ་མཐོང་བའི་དུས་མངོན་པར་འདོད་པའི་གོས་དཀར་བོ་དང་ལྡན་པའི་ལག་པའི་དཀྱིལ་ནས་མེ་ཏོག་རྣམས་རྣམ་པར་གཞག་པའི་ཞབས་ཐོགས་པ་


DTG169_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་གདན་འཛིན་པའི་གཉིས་སྐྱེས་རྣམས་ཀྱི་སྒོ་རྣམ་པར་མཐོང་བར་གྱུར་པ། ཕྲག་པ་གཡོན་པར་བཀལ་བའི་རལ་གྲི་དང་ལྡན་པའི་རྐང་ཐང་རྣམས་ཀྱིས་ཕྱོགས་གཅིག་ཏུ་ལྷག་པར་གནས་པ། མདུན་སར་ཚོགས་པའི་དུས་སུ་རྒྱལ་པོ་ཚངས་སྦྱིན་གྱི་རྒྱལ་པོའི་ཁབ་ཀྱི་ཉེ་འཁོར་ཀུན་ནས་མཐོང་ཞིང་སྒོ་བ་ལ་ཞུས་ནས་ཞུགས་ཏེ། སེང་གེའི་ཁྲི་ལ་གནས་པའི་རྒྱལ་པོ་ལ་རྒྱལ་བའི་ཤིས་པ་བརྗོད་པས་མངོན་དུ་ཕྱོགས་པར་བྱས་ཏེ་སྨྲས་པ། རྐང་རྗེས་ཤེས་པ་བདག་གི་བུ་འདི་ནི་ལྷ་ལགས་ཆོམ་རྐུན་རྐང་རྗེས་ཀྱིས་ཤེས་ཏེ། འགྲོ་བ་ལ་ནི་སྦྱོར་ཞིང་ཡོངས་སྐྱོང་ཕྱིར། །དེ་བས་ཁྱེད་ཀྱིས་འདི་ནི་བཟོད་པའི་རིགས། །དེ་ནས་རྒྱལ་པོ་དེས་ངོ་མཚར་བའི་བློ་དང་ལྡན་པས་རྐང་རྗེས་ཤེས་པ་ལ་གཟིགས་ནས་གསུངས་པ། འདི་ནི་གསེར་རྣམས་གཅད་པའི་འོད་ཀྱིས་གཟུགས་ལྡན་བྲང་ནི་སེང་གེ་ལྟར་རྒྱས་པ། །སེན་མོ་འཇམ་པའི་གྲིབ་མ་ཅན་ཏེ་བཞིན་ནི་རི་བོང་འཛིན་ལ་ལྷག་པར་གནས།། བུང་བ་ལྟར་ནི་སྐྲ་རྣམས་ནག་ལ་མིག་གཉིས་རྒྱས་ཤིང་དཀར་བ་སྟེ། །དེ་ཉིད་རྣམས་ནི་རབ་ཏུ་རྟོགས་པ་འདི་ཡི་བློ་གྲོས་ཇི་ལྟར་འགྱུར་བ་མིན། །དེ་ལྟར་བརྗོད་པས་རྒྱལ་པོ་དེས་རྐང་རྗེས་ཤེས་པ་ལ་བཀུར་སྟི་ཆེན་པོ་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔས་སྨྲས་པ། ཁྱིམ་གཅིག་ལ་གནས་དོགས་པ་ཡིས། །ཀུན་ནས་ཁྱབ་པའི་མིག་ལྡན་པ། །གང་ཞིག་བདག་གིས་སྟོན་པར་འགྱུར། །མི་བདག་ཁྱོད་ཀྱིས་དེ་བསད་མིན། །དེ་ལྟར་བགྱི་ཞེས་རྒྱལ་པོའི་བཀའ་ཐོས་ནས་རྐང་རྗེས་ཤེས་པའི་ཁྱིམ་དུ་ཀུན་ནས་འོངས་པར་གྱུར་ཏེ། དེ་ཡང་འདི་ལྟར་ཤེས་རབ་ཆེན་པོ་དང་ལྡན་པ་རྐང་རྗེས་ཤེས་གནས་པ་ལ་གཞན་གྱི་རྫས་འཕྲོག་པ་ལས་རྣམ་པར་ལོག་པའི་ཆོམ་རྐུན་རྣམས་བསྐོར་བ་ལ་སོགས་པའི་ཐབས་ཀྱིས་སྲོག་འཚོ་བར་བྱེད་པས་འགྱུར་བ་ནི། སྒོ་རྣམས་ལྕགས་ནི་མ་བཅུག་པ། །བདེ་བར་སྐྱེ་བོ་གཉིད་ལོག་པའི། །ཁྱིམ་བདག་ནོར་ནི་བསལ་བར་བྱས། །མཚན་མོའི་ཁྱིམ་ན་གནས་པར་གྱུར།། དེ་ནས་དུས་གཅིག་གི་ཚེ་ན་རྒྱལ་པོ་ཚངས་པས་བྱིན་ཤིང་རྟ་མཆོག་ལ་ཞོན་ནས་སྐྱེ་བོའི་འཁོར་དང་བཅས་པ་མདུན་ན་འདོན་རྟའི་ཐོག་ན་གནས་པ་དང་ལྷན་ཅིག་ཏུ་གཏམ་བྱེད་ཅིང༌། །ཟླ་ཚེས་ཤར་བའི་དུས་ལྟར་ཤིན་ཏུ་དགའ་བར་གྱུར་པའི་བཙུན་མོའི་འཁོར་གྱི་སྐྱེད་མོས་ཚལ་ན་གནས་པ། མྱོས་ཤིང་


DTG169_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་དགའ་བའི་སྐྱེ་བོ་དང་ལྡན་པའི་རང་གི་གྲོང་ཁྱེར་ལ་གཟིགས་ཤིང་ཕྱི་རོལ་དུ་ངེས་པར་འབྱུང་བར་གྱུར་ཏོ། །འགའ་ཞིག་གི་ཕྱོགས་གཅིག་ལ་ཡང་མྱོས་པའི་དབང་གིས་གཉིད་ལ་ཉེ་བར་ཞུགས་པ་ཕྲག་པའི་ཕྱོགས་ལས་མདུད་པའི་མེ་ཏོག་དང་བཅས་པའི་སྐྲ་ལོ་ལས་རྟ་བབས་ལས་ཀུན་ནས་འཕོ་བའི་ཡ་ཕུབས་དང་འདྲ་བའི་གོས་ཀྱིས་ཕྱོགས་གཅིག་ཏུ་ལྷོད་ཅིང་རྣམ་པར་འབྲེལ་བའི་མུ་ཏིག་གི་ཧར་དང་ལྡན་པའི་བཟང་མོ་ཞེས་བྱ་བར་རེས་མའི་གཙོ་བོས་མཐོང་སྟེ། མདུན་ན་འདོན་ལ་སྨྲས་པ། བློ་གྲོས་ཆེན་པོ་དང་ལྡན་པ་ཆོམ་རྐུན་གྱི་རྐང་རྗེས་ཤེས་པའི་མཐུ་ལ་འཕགས་པས་གཟིགས་ཤིག ། གསལ་བར་བྱེད་པའི་བུད་མེད་འདི་ལ་ནི། །མྱོས་པའི་དབང་གིས་ཤིན་ཏུ་གཉིད་སྐྱེས་པའི། །གང་ཞིག་བཅིངས་པ་ཡང་ནི་ལྷོད་པ་འདི། །སུ་ཞིག་འཇིགས་པ་མུ་ཏིག་ཧར་མི་འཕྲོག །དེ་ནས་གདུག་པའི་བདག་ཉིད་མདུན་ན་འདོན་དེ་རང་བཞིན་གྱིས་གཡོ་བའི་ཡིད་དང་ལྡན་པས་བྱང་ཆུབ་སེམས་དཔའི་ཡོན་ཏན་བརྗོད་པ་ལ་མི་བཟོད་པར་གྱུར་པས་སྨྲས་པ། །ཆོམ་རྐུན་གྱི་རྐང་རྗེས་ཤེས་པའི་སྐྱོན་ཅན་ཉིད་ལྷས་མཁྱེན་པ་མ་ཡིན་དེ་བས་ན་དེའི་འདི་ལྟར་ཡོན་ཏན་རྣམས་ཀྱི་བདག་ཉིད་ཆེན་པོ་བརྗོད་པར་མཛད། །རྒྱལ་པོས་སྨྲས་པ། སླར་དེའི་སྐྱོན་རྣམས་ནི་ཅི་ལྟ་བུ་ཡིན། མདུན་ན་འདོན་གྱིས་སྨྲས་བ། །རང་ཉིད་ཀྱིས་ནི་ནོར་ཕྲོགས་པ། །ཁྱིམ་པ་རྣམས་ལ་མཚན་མོ་འདི། །གཡོན་ཅན་ཆོམ་རྐུན་རྐང་རྗེས་ཤེས། །ལྷ་ཡི་དྲུང་དུ་གསལ་བར་བྱེད། །དེ་ནས་རྒྱལ་པོ་དེས་དེ་ལྟར་བདག་གིས་བྱེད་པར་འགྱུར་ཏེ། ཇི་ལྟར་འཕགས་པས་ཆོམ་རྐུན་གྱི་རྐང་རྗེས་ཤེས་པའི་བདག་ཉིད་ཆེན་པོ་དད་པར་འགྱུར་སྙམ་དུ་བརྗོད་ནས་ཤིང་རྟ་ལས་བབས་ཏེ། རང་ཉིད་ཀྱིས་རེས་མའི་གཙོ་མོ་དེས་མུ་ཏིག་གི་ཧར་དེ་བླངས་ནས་ལན་གསུམ་བསྐོར་བ་བྱས་ནས་རང་གི་ཕོ་བྲང་བཱ་རཱ་ཎ་སཱིར་འོངས་ཏེ། སེང་གེའི་ཁྲིའི་བདག་ཉིད་དུ་ས་ལ་བསྐོས་ཤིང་གཞག་པར་གྱུར་ཏོ། །དེ་ནས་རེས་མའི་གཙོ་མོ་དེ་མྱོས་པ་རྣམ་པར་ཆད་པས་དྲན་པ་ཡང་དག་པར་ཉེ་བར་སྐྱེས་པ་གཉིད་ལས་རབ་ཏུ་སད་ནས་གོས་ཀྱི་མཐའ་མ་མཐོང་སྟེ། ཀྱི་ཧུད་བདག་གི་མུ་ཏིག་གི་ཧར་སུ་ཞིག་གིས་ཕྲོགས་སྙམ་དུ་རྣམ་པར་བསམས་ནས། ཡང་དག་པར་ཉ་བར་འོངས་ཏེ་རྒྱལ་པོ་ལ་ཞུས་ཤིང་གནས་སོ། །གོས་ཀྱི་མདུད་པ་ལྷོད་པ་བཀྲོལ་བྱས་


DTG169_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ས་ཡི་སྐྱོང་བ་བདག་ནི་གཉིད་ལོག་པའི། །གང་གིས་ཀྱང་ནི་མུ་ཏིག་ཧར་ཕྲོགས་པ། །ཟླ་འོད་ལྟར་དང་ནོར་བུའི་གཞི་ཡིས་ལྕི། །དེ་ནས་རྒྱལ་པོ་དེས་མདུན་ན་འདོན་གྱི་མངོན་སུམ་དུ་ཆོམ་རྐུན་གྱི་རྐང་རྗེས་ཤེས་པ་ལ་བོས་ནས་སྨྲས་པ། བཟང་མོ་འདི་ཡི་རིན་ཐང་ཆེ་བའི་མུ་ཏིག་གི་ཧར་སུ་ཞིག་གིས་ཁྱེར་བ་སྟེ། དེ་བས་ན་ཆོམ་རྐུན་བརྗོད་པར་གྱིས་ཤིག་ཅེས་ཟེར་རོ། །དེ་ནས་ཆོམ་རྐུན་པའི་རྐང་རྗེས་ཤེས་པས་ཕྱི་རོལ་དུ་བྱུང་སྟེ། རྐང་པའི་རྗེས་བཀོད་པ་མཐོང་ཞིང་གྲོང་ཁྱེར་དེ་ལ་ལན་གསུམ་བསྐོར་བ་བྱས་ཤིང༌། མིའི་བདག་པོའི་ཕོ་བྲང་དུ་རྗེས་སུ་ཞུགས་ནས་སེང་གེའི་ཁྲིའི་འོག་གིས་ཀུན་ནས་མཐོང་ཞིང་ཡང་ཡང་དུ། །མི་ཡི་བདག་པོའི་བཞིན་ལྟ་ཞིང༌། །བློ་གྲོས་ཆེན་པོ་དེ་བགད་གྱུར། །རྒྱལ་པོས་སྨྲས་པ། ཅིའི་ཕྱིར་འདི་དགོད་པ་སྟེ་འོ་ན་སྨོས་ཤིག་ཅེས་ཟེར་རོ། །རྐང་རྗེས་ཤེས་པས་སྨྲས་པ། ལྷ་ལགས་ཇི་ལྟར་བདག་གིས་མཐོང་བ་ནི་གང་ཞིག་བཟང་མོ་འདི་ཡི་མུ་ཏིག་གི་ཧར་ཁྱེར་བའི་ཆོམ་རྐུན་པ་འདི་ཐ་མལ་པ་ནི་མ་ཡིན་ནོ། །རྒྱལ་པོས་སྨས་པ། འོ་ན་སྨྲོས་ཤིག་དང༌། རྐང་རྗེས་ཤེས་པས་སྨྲས་པ། ལྷས་ནི་དཔེ་ཅིག་གསན་པར་འོས་པ་སྟེ་ཞེས་བྱ་བའོ། །ས་འཛིན་རྩིག་པའི་ལོགས་ལས་ནི་རྐོ་བྱེད་ཅིང༌། །འགའ་ཞིག་ཏུ་ནི་རྫ་མཁན་རིགས་ནི་རྒྱས་པའི་ཕྱིར། །ས་དེ་ལྷུང་བར་བྱེད་པས་མནན་པར་གྱུར་པའི་ལུས། །སྡུག་བསྔལ་གྱིས་ཕོངས་དེས་ནི་སྐད་ཅིག་འདི་སྐད་སྨྲས། །གང་ལ་ཤིང་རྣམས་ཆེན་པོ་སྐྱེ་བར་འགྱུར་བ་དང༌། །སྲོག་འཛིན་རྣམས་ཀྱིས་རྣམ་པར་སྦྱོར་ཕྱིར་ལོ་ཏོག་རྣམས། །ས་དེ་ཉིད་ཀྱིས་དེ་རིང་བདག་གིས་ལུས་བཅག་པ། །འགྲོ་བ་འདིར་ནི་བདག་གིས་ཅི་ཕྱིར་བདེ་ཐོབ་འགྱུར། །དེ་ལྟར་བརྗོད་ནས་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་རྐང་རྗེས་ཤེས་པ་ལ་སྨྲས་པ། འོ་ན་གསལ་བར་སྨྲ་བར་གྱིས་ཤིག །རྐང་རྗེས་ཤེས་པས་སྨྲས་པ། གལ་ཏེ་འདི་ལས་ཀྱང་ལྷས་ཤིན་ཏུ་གསལ་བར་སྨྲ་བ་བཞེད་ན་དེ་བས་ན་དཔེས་གཞན་བརྗོད་པར་བྱ་སྟེ། མེ་ལ་མཆོད་པ་གཉིས་སྐྱེས་ལ་ལ་ཡོད་གྱུར་ཏེ། །ཆོ་ག་བཞིན་དུ་མེ་ལ་རབ་ཏུ་མཆོད་ཅིང་གྲགས་པ་ནི། །དེ་ཡི་མེ་སྟག་གིས་ནི་ལག་པ་ཚིག་པ་དེ། ཁྱབ་པ་ཉེ་བར་སོང་བ་འདི་སྐད་སྨྲས་པར་གྱུར། །གང་ཞིག་བདག་


DTG169_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཉིན་རེར་བསྲེག་ལུགས་ཀྱིས་མཆོད་པ། །འདུད་པའི་སེམས་ཀྱིས་ཀྱང་ནི་ཕྱག་ནི་བཙལ་བྱས་པ། །མེ་འདི་དེ་ཉིད་ཀྱེ་མ་བདག་ལ་སྲེག་བྱེད་པ། །ལུས་ཅན་རྣམས་ཀྱི་སུ་ཞིག་སྐྱབས་ནི་འབྱུང་བར་འགྱུར། །དེ་ཙམ་ཞིག་བརྗོད་ནས་སླར་ཡང་མི་སྨྲ་བར་གནས་པར་གྱུར་ཏོ། །རྒྱལ་པོས་སྨྲས་པ། ཁྱེད་ཀྱི་ཚིག་འདི་བདག་ཅག་གིས་ཤེས་པ་མ་ཡིན་ཏེ། །དེ་བས་ན་ཤིན་ཏུ་མངོན་པར་གསལ་བའི་དོན་ཅི་ལྟར་འགྱུར་བ་དེ་ལྟར་སྨྲོས་ཤིག་ཅེས་ཟེར་རོ། །རྐང་རྗེས་ཤེས་པས་སྨྲས་པ། གལ་ཏེ་རྒྱལ་པོ་ཆེན་པོ་ཤིན་ཏུ་རབ་ཏུ་གསལ་བར་གཞན་ཡང་བཞེད་ན་དེ་བས་ན་གསན་པར་འོས་པ་སྟེ། ལ་ལ་ཁྲུས་ནི་བྱ་ཕྱིར་ཆུ་བོའི་ཆུ་ལ་འཇུག་པ་སྟེ། །བྲམ་ཟེ་དེས་ནི་ཁྱེར་བར་གྱུར་པས་འདི་ལྟར་སྨྲས། །གང་ཞིག་ཆུ་ཞེས་སྐྱེས་སོ་འཚོ་བར་བྱེད་པ་དེ་ཉིད་ནི། །སྡུག་བསྔལ་ཅན་བདག་ཁྱེར་ཏེ་སུ་ལ་སྐྱབས་སུ་འགྲོ། །དེ་ལྟར་བརྗོད་ནས་སླར་ཡང་ཅང་མི་སྨྲ་བར་གནས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་སླར་དེ་ལ་སྨྲས་པ། བྲམ་ཟེ་ཆེན་པོ་འོ་ན་ཤིན་ཏུ་གསལ་བར་བརྗོད་པར་མཛོད་ཅིག་དང༌། རྐང་རྗེས་ཤེས་པས་སྨྲས་པ། གལ་ཏེ་དེ་ལྟར་ཡིན་ན་དེ་པས་ན་ལྷས་གསན་པར་འོས་སོ་ཞེས་ཟེར་རོ། །ནགས་མཐའ་འགའ་ཞིག་ཏུ་ནི་འདབ་ཆགས་རྣམས་གནས་པ། །ཡུན་རིང་སྣ་ཚོགས་ཤིང་གི་ས་བོན་ཟ་བ་ནི། །དེ་ལས་བྱུང་བའི་རབ་ཏུ་སྟོབས་ལྡན་མེ་ཡིས་ནི། །གཟི་བརྗིད་གསལ་བས་མཚན་རྣམས་སྟོབས་ཀྱིས་ཚིག་པར་བྱས། །གང་ཞིག་ནགས་ནི་མཐུག་པ་ཡིས། །ཤིང་གི་གྲིབ་ལྡན་འདབ་ཆགས་རྣམས། །དེ་ཉིད་ལས་ནི་བྱུང་བའི་མེ། །དེ་རྣམས་གང་ལ་སྐྱབས་སུ་འགྲོ། །རྒྱལ་པོས་སྨྲས་པ། འོ་ན་ཚིག་གི་དོན་རྣམ་པར་གསལ་བར་ཁྱེད་ཀྱིས་སྨྲ་བར་འོས་པ་སྟེ། །ད་དུང་ཡང་བདག་ཅག་གིས་ཤེས་པར་འགྱུར་བ་མ་ཡིན་ནོ། །ཞེས་ཟེར་རོ། །རྐང་རྗེས་ཤེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་ཤིན་ཏུ་གསལ་བའི་དཔེ་གསོན་ཅིག །ཞིང་པ་ལ་ལ་ཞིག་ཞིང་ལ། །ལོ་ཏོག་བསྐྱེད་པར་འདོད་པ་ནི། །ཐོང་གཤོལ་གྱིས་ནི་མོ་ཞིང་གནས། །དགའ་བས་གཉའ་ཤིང་འཛིན་པ་ནི། །དེ་ཡི་བུ་མོ་འབྲས་ཆན་ནི། །བཟུང་ནས་གུས་བས་རྩེ་གཅིག་པ། །མྱུར་བར་ཞིང་སར་འོངས་པ་སྟེ། །ལང་ཚོས་ཡངས་པའི་མིག་ལྡན་པ། །དེ་ནས་འབྲས་སྣོད་འཇོག་བྱེད་ཅིང༌། །དེ་ཡི་བསྟན་དང་ཡང་དག་ལྡན། །སྐེ་རགས་དང་


DTG169_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ལྷོད་པ་ནི། །མཚན་མའི་གོས་ནི་ལྷུང་བར་འགྱུར། །དེ་ནི་གཅེར་བུ་དེ་མཐོང་ཞིང༌། །གྲོང་གནས་པ་ཡི་ཡིད་ལས་བྱུང༌། །སོ་སོར་རྟོག་པ་མ་ཐོབ་པར། །འདོད་དང་བཅས་པ་སེམས་བཅས་འགྱུར། །དེ་ནས་ངོ་ཚས་འཇིགས་པས་གཡོ་བའི་མིག་ལྡན་དེ། །ལག་པ་རྣམས་འདར་མཆི་མ་འབྱུང་བའི་མིག་ལྡན་པ། །ཡིད་འབྱུང་བས་ནི་ཆོས་ཀྱི་སེམས་དཔའ་རྒྱལ་བ་ནི། །འོངས་ཏེ་གཟུགས་འགྱུར་སྡུག་བསྔལ་ལྡན་མ་ཡང༌། །བཙན་ཐབས་ཀྱིས་ནི་བྱ་མིན་ནད་པས་བྱས་ནས་ནི། །ཕྱིས་ནས་འགྱོད་པ་སྐྱེས་པས་གདུང་བ་དེས་སྨྲས་པ། །བྱ་མིན་འདི་ལྟར་བྱེད་པ་བདག་ལ་ཇི་ལྟར་ནི། །བུ་མོ་ཁྱོད་ཀྱི་དི་རིང་འདིར་ནི་གེགས་མ་བྱས། །བུ་མོ་དེས་ནི་ངོ་ཚ་དང་བཅས་ཕ་དེ་ལ་སྨྲས་པ། །འཕགས་པ་ལགས་སྡུག་བསྔལ་ལྡན་པ་བདག་ལ་ཁྱོད་ཉིད་སྐྱབས་ཡིན་ཏེ། །དལ་བ་མིན་པ་ཆེན་པོ་གལ་ཏེ་ཁྱོད་ལས་འདི་འབྱུང་ན། །ད་ནི་གཞན་ལས་ཅི་ཡི་ཕྱིར་ནི་བདག་ཉིད་སློང་བར་བགྱིད། །མངའ་བདག་ཉིད་ཀྱི་དྲུང་ནས་ནི། །གལ་ཏེ་སྡུག་བསྔལ་ཆེན་པོ་འབྱུང༌། །འཇིག་རྟེན་འདི་ཡི་ཡིད་འཕྲོག་མ། །བདེ་བ་གང་ལས་སྐྱེ་བར་འགྱུར། །མུན་བ་འཕྲོས་པའི་འོད་ལྡན་པ། །གལ་ཏེ་མར་མེ་ཉིད་བྱེད་ན། །སྣང་བཅས་ཁྱིམ་ནི་འདོད་རྣམས་ཀྱིས། །སྣང་བ་གང་ནས་སློང་བར་འགྱུར། །དེ་ལྟར་བདག་ཉིད་ཆེན་པོ་དེས་སྨྲས་ནས་སླར་ཡང་ཅང་མི་སྨྲ་བར་གནས་པར་གྱུར་ཏོ། །རྒྱལ་པོས་སྨྲས་པ། ཁྱེད་ཀྱིས་འདི་ཙམ་པ་སྨྲས་ཀྱང་འདི་ཅི་ཡིན་ཞེས་བདག་གིས་ཤེས་པ་མ་ཡིན་ནོ། །རྐང་རྗེས་ཤེས་པས་སྨྲས་པ། གལ་ཏེ་རྒྱལ་པོ་ཆེན་པོ་གཞན་ལ་ཉེ་བར་བསྟན་པས་སྨྲས་པ། མཁྱེན་པ་མ་ཡིན་ན་དེ་བས་ན་གསལ་བར་བདག་གིས་བརྗོད་པར་འགྱུར་ཏེ། སྐྱེད་མོས་ཚལ་གྱི་ཐ་མར་གཉིད། །ལོག་པའི་ན་ཆུང་ལ་གསལ་བར། །མུ་ཏིག་གི་ཧར་ཁྱེད་ཉིད་ཀྱི། །མདུན་ན་འདོན་འདིས་མངོན་དུ་འཕྲོགས། །རྒྱལ་པོས་སྨྲས་པ། དེ་ནི་སླར་བདག་གིས་གང་དུ་གཞག་པར་འགྱུར་ཞེས་ཟེར་རོ། །རྐང་རྗེས་ཤེས་པས་སྨྲས་པ། གལ་ཏེ་དེ་ལྟར་ཡིན་ན་དེ་བས་ན་སེང་གེའི་ཁྲི་འདི་བསལ་བར་མཛོད་ཅིག་དང་སེང་གེའི་ཁྲི་ཡང་བསལ་བ་དང༌། དེ་ནས་དེའི་ས་འོག་བརྐོས་ནས་ནི། །སྐྱེ་བོ་དགོད་པས་རྣམ་པར་མཐོང་བར་གྱུར་པ་ནི། །ལྟོ་འཕྱེ་དཀར་


DTG169_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཉིད་ལོག་ལྟར་ནི་རབ་བཟུང་ནས། །ཡིད་འཕྲོག་མུ་ཏིག་ཧར་ནི་ཀུན་ནས་བཏོན་པར་གྱུར། །དེ་ནས་རྒྱལ་པོ་ངོ་མཚར་སྐྱེས་ཏེ་སྐྱེ་བོས་ཀྱང་ནི་དེར། །དོན་དམ་ལ་ནི་མ་ལུས་འབྲེལ་བའི་བློ་ཅན་དེ་ཡི་མཁྱེན་པ་ཡིས། །སྐྱེ་ངན་དངོས་བོས་ཡིད་ནི་སྨོད་ཅིང་སྐྱེ་བཟང་ལ་བརྙས་ཅན། །ཁྲོ་བ་དང་བཅས་ཉིད་ནི་མདུན་ན་འདོན་དེ་འབྱུང་བར་འགྱུར། །སྐྱེ་བོ་ཡོན་ཏན་ཅན་རྣམས་ཀྱི། །ཡོན་ཏན་ཕུན་ཚོགས་ཆེར་གྲགས་པ། །སེར་སྣས་ནོན་པའི་སེམས་ལྡན་པའི། །སྐྱེ་བོ་ངན་རྣམས་བཟོད་པ་མིན། །རེས་མའི་གཙོ་མོ་དེས་ཀྱང་མུ་ཏིག་གི་ཧར་བླངས་ནས་སེམས་དགའ་ཞིང་རང་གི་ཁྱིམ་དུ་སོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་ཀྱང་གདན་ལ་ཀུན་ནས་ཉེ་འཁོར་དང་བཅས་པ་རྒྱལ་པོ་དེའི་ལམ་བཟང་པོ་རྟོགས་པར་བྱ་བའི་ཆོས་ཀྱི་བསྟན་པ་འདི་ལྟར་བྱས་པར་གྱུར་ཏེ། སྐྱེ་བོ་འདི་ཡི་ཕུན་ཚོགས་འདི། །སྡུག་བསྔལ་གྱིས་ནི་ཡང་དག་ལྡན། །དུག་ཅན་སྦྲུལ་གྱིས་ཤིས་བརྗོད་པ། །དུག་དང་ལྷན་ཅིག་སྐྱེས་པ་ལྟར། །ནོར་གྱི་ཕྱིར་ནི་བྱ་མིན་རྣམས། །བདེ་བ་འདོད་པས་བྱེད་འགྱུར་བ། །དམྱལ་བའི་སྡུག་བསྔལ་ལས་འབྱུང་བས། །སྡུག་བསྔལ་ཆེན་པོ་མཐོང་མིན་པ། །ཡུལ་གྱི་མུན་པ་ལས་ནུབ་པའི། །ཚད་ནི་ཀུན་ནས་མཐོང་བྱེད་ཅིང༌། །སྐྱེ་བོ་ཤི་བ་མིན་པས་སེམས་ཀྱི་ཁྱིམ་ལ་འབྲེལ་པ་འདེབས་པར་བྱེད། །ཡུན་རིང་རེ་རེ་བའི་ལྟོ་འཕྱེ་མོ་ནི་ཉེ་བར་ཞི་བའི་བདེ་བའི་ཕྱིར། །ཆོག་ཤེས་སྔགས་ནི་ཐོབ་པའི་སྐྱེས་པ་ལ་ནི་ཀུན་ནས་ཡོད་པར་བྱེད། །ལོངས་སྤྱོད་རྣམས་ནི་ཐོབ་པའི་ཡིད་ལྡན་ངལ་བ་རྣམས་ལམ་བལྟས་གཞན་རྣམས་ལ་ནི་བརྟེན། །བསྙེན་པ་སྡུག་བསྔལ་སྐྱེད་པར་བྱེད་པ་སུ་ལའང་གནོད་པར་མི་བྱེད་དགྲ་སྟའི་སོ་ལྟར་ནི། །གལ་ཏེ་གཏན་དུ་བ་ཡི་བདེ་བ་འདོད་ན་དེ་བས་ཆོག་ཤེས་ལ་ནི་དམིགས་པར་མཛོད། །རེ་བའི་མེ་སྟག་ཆོག་ཤེས་ལ་ནི་ཡང་དག་གནས་པའི་ཡིད་ནི་ཚིག་བྱེད་མ་ཡིན་ནོ། །དེ་ནས་རྒྱལ་པོ་དེས་ལེགས་སོ་ལེགས་སོ་ཞེས་བྱ་བས་བྱང་ཆུབ་སེམས་དཔའ་ལ་མངོན་པར་བསྟོད་དེ། ཡོ་བྱད་ཆེན་པོས་གུས་པར་བྱས་ཏེ་རང་གི་ཁྱིམ་དུ་རྣམ་པར་བཏང་བར་གྱུར་ཏོ། །དེ་ལྟར་བཅོམ་ལྡན་འདས་དེས་སོ་སོའི་སྐྱེ་བོའི་གནས་སྐབས་སུ་ཡོད་པ་ན་ཡང་ཤེས་རབ་ཀྱིས་འཇིག་རྟེན་པ་རྣམས་ངོ་མཚར་བར་མཛད་ན། མངོན་པར་རྫོགས་པར་སངས་རྒྱས་ནས་ལྟ་སྨོས་


DTG169_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཅི་དགོས་སྙམ་དུ་རྣམ་པར་བསམས་ནས། སེམས་དང་ལྡན་པ་སུ་ཞིག་སངས་རྒྱས་བཅོམ་ལྡན་འདས་ལ་དང་བ་བསྐྱེད་པར་མི་བྱེད་ཅེས་བྱ་བའོ། །རྐང་རྗེས་ཤེས་པའི་སྐྱེས་པའི་རབས་ཏེ་སྐྱེས་རབས་བརྒྱད་པའོ།། །།ཡུལ་གྱི་དགྲ་རྣམས་ཀྱིས་ནི་ནི་བསྐུལ་གྱུར་པ། །ཤིན་ཏུ་འཇིགས་པའི་ས་ཡི་འོག་ཏུ་སྡིག །སྐྱེ་བོ་རིང་པོ་ནས་ནི་འགེགས་བྱེད་དེ། །ལེགས་པར་གསུངས་པ་མྱུར་དུ་གྲོགས་པོ་ལྟར། །འདི་ལྟར་རྗེས་སུ་ཐོས་ཏེ་གྲོང་ཁྱེར་གཞན་ཞིག་ན་དྲང་སྲོང་རྒྱས་པའི་རིགས་བརྒྱན་པར་བྱེད་འདོད་པ་ལྟར་གར་གྱི་ཆ་རྣམས་ལ་མཁས་པའི་དྲང་སྲོང་རྒྱས་པའི་སྲས་སུ་ཞིག་གི་ཁྱིམ་བདག་མོའི་ལྟོ་བ་ན་བྱང་ཆུབ་སེམས་དཔའ་སྐྱེ་བར་འགྱུར་ཏེ། རྒྱས་པའི་སྲས་ཀྱི་མཆོག་གི་བུད་མེད་དེ་ལ་ནི། །དུས་ནི་འདས་ནས་མཚན་མོའི་ཟླ་བའི་ཆ་ལྟ་བུར། །ཡིད་འཕྲོག་ཡན་ལག་ཅན་ནི་བུ་མོའི་རྒྱུ་ཡིས་ནི། །གཟུགས་ལྡན་གར་གྱི་ཆ་དང་འདྲ་བ་སྐྱེས་པར་གྱུར། །དེ་ཡི་གཟུགས་ནི་ཁྱད་པར་དུ་ཡང་མཛེས་པ་མཐོང་ནས་ནི། །ཆུ་ལས་སྐྱེས་པའི་རྡུལ་ལྟར་འཇམ་པའི་ལུས་ཀྱི་སྲོག་ཤིང་གི །བཞིན་གྱི་རི་བོང་ཅན་གྱི་མཛེས་པ་མ་ལུས་འཕྲོག་བྱེད་པའི། །ཕ་ནི་དགའ་བས་དཔེ་མེད་མ་ཞེས་མིང་དུ་བཏགས་པར་གྱུར། །དེ་ནས་དཔེ་མེད་མས་ལོ་གཉིས་ལོན་བ་དང་དེའི་ཕ་མ་དག་འཇིག་རྟེན་གཞན་དུ་ཉེ་བར་སོང་བར་གྱུར་ཏོ། །རྒྱས་པའི་སྲས་དེའི་གཞན་དག་ལ་རྒྱས་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་གཙོ་བོ་གྲོགས་པོ་བྱུང་བར་གྱུར་ཏོ། །དེས་ཀྱང་ཡང་དག་པར་ཉེ་བར་འོངས་ཏེ་དཔེ་མེད་མའི་རང་གི་སྐྱེ་བོ་ལ་སྨྲས་པ། མཐོ་རིས་སུ་ཉེ་བར་སོང་བའི་གྲོགས་པོ་དེ་ལ་དཔེ་མེད་མ་འདིའི་འོ་མ་བདག་ནི་ཕ་ཡིན་ཏེ། དེ་བས་ན་མྱ་ངན་གྱིས་ཆོག་གིས་གལ་ཏེ་ཡང་ཁྱེད་ཅག་ལ་འདོད་ན་དེ་བས་ན་བདག་གི་འདི་གར་གྱི་ཆ་རྣམས་ལ་མཁས་པ་བྱེད་པར་འགྱུར་ཞེས་ཟེར་རོ། །རང་གི་སྐྱེ་བོས་དེ་ལྟར་བགྱི་ཞེས་བྱ་བ་སོ་སོར་ཐོས་པ་ལ་གཙོ་བོ་དེས་དཔེ་མེད་མ་བླངས་ནས་རང་གི་ཁྱིམ་དུ་ཁྱེར་ཏེ་དུས་རིང་བ་མ་ཡིན་པ་ཉིད་ཀྱིས་ཡི་གེ་རྣམས་ལ་མཁས་པར་བྱས་ཏེ། གར་གྱི་ཆ་རྣམས་ལ་གོམས་ཤིང་མཁས་པར་བྱས་པར་གྱུར་ཏེ། འདིས་ནི་ལེགས་པར་བདག་ནི་གནས་ལ་ངེས་སྦྱར་ཏེ། །བདག་ཉིད་ཆེན་པོ་གཙོ་བོ་རྣམས་ཀྱི་མཆོག་གིས་ནི། །དེ་ལྟར་རབ་ཏུ་འཛིན་ལྟར་ཕྲད་འདོད་དེ་ལ་ནི། །ཉི་མ་


DTG169_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེར་གར་གྱི་ཆས་ནི་ཀུན་འཁྱུད་གྱུར། །དེ་ནས་གཙོ་བོ་དེས་གར་གྱི་ཆ་མ་ལུས་པ་དེ་ལ་གྲུབ་པའི་ངོ་བོར་བྱས་ནས་བུ་མཆོག་ལ་རབ་ཏུ་བྱིན་པར་གྱུར་ཏོ། །གྲོང་ཁྱེར་དེ་ལ་ཡང་མིའི་བདག་པོས་བོས་ནས་གཙོ་བོ་དེ་ལ་སྨྲས་པ། ཀློག་དང་གར་ནི་མ་ལུས་པ། །གང་གིས་ཁྱེད་ཀྱིས་མཉེན་དང༌། མཐོང༌། །འཇིག་རྟེན་འདི་ལ་དེ་ཉིད་ཀྱི། །འབྲས་བཅས་རྣ་བ་མིག་དང་སེམས། །དེ་བས་འདིར་ནི་གར་མཆོག་ནི། །གར་གྱི་དབང་ཕྱུག་སྟོན་བྱེད་པའི། །ཁྱེད་ལ་ལྟ་བར་འདོད་པ་སྟེ། །ཁྱིམ་དུ་བཙུན་འཁོར་བཅས་སྐྱེ་བོ། །གཙོ་བོས་སྨྲས་པ། ཁྱེད་འདྲ་རྟོགས་ལྡན་ས་ལི་དབང་ཕྱུག་ཡོད་པ་ལ།། སྦྱོར་བ་བྱེད་པའི་ཡིད་ནི་བདེ་བླག་བྱ་བར་འགྱུར། །ཤར་ནས་གནས་པའི་བདེ་མཐོང་འགྲོ་བའི་འོད་ཅན་ལ། །ཟེའུ་འབྲུ་ཀུན་ནས་དབུགས་ནི་འབྱུང་བ་པདྨ་ལྟར། །ཨེ་མ་ཡིད་ཀྱི་རྣམ་འགྱུར་གསལ་བར་རབ་ཏུ་འགྲོ་སྟེ་གང་གི་ཉམས་རྣམས་ཀྱིས། །ཤིན་ཏུ་གླུ་ཡི་རྣམ་འགྱུར་དེ་རྣམས་རྗེས་ལྷུང་ཉམས་ཀྱི་དབང་གིས་གདོན་པར་མཛོད། །ཀུན་ནས་འགྲོ་བ་འདི་ཡང་སྒེག་ཅིང་རྐང་པ་རྣམས་པར་བཀོད་པས་འཇམ་པ་ནི། །དེ་ལྟར་བརྗོད་ཅིང་ལྟད་མོ་བ་ནི་འཕྲོག་བྱེད་གར་མཁན་ལ་ཡང་སྤྲོ་བ་སྐྱེད། །དེ་ལྟ་བུར་གྱུར་པའི་ལྷ་ཡང་ལྟད་མོ་བ་སྟེ་དེ་བས་ན་བདག་གི་རྗེས་སུ་འཛིན་པ་སྟེ་གལ་ཏེ་བདག་གར་གྱི་བསྟན་བཅོས་རབ་ཏུ་སྦྱོར་ཞིང་ལྷས་མཐོང་བར་འདོད་ཅེས་ཟེར་རོ། །རྒྱལ་པོས་སྨྲས་པ། །དེ་བས་ན་དུས་འདའ་བས་ཆོག་སྟེ་གར་གྱི་ཆོ་ག་རབ་ཏུ་རྩོམ་པ་ཉིད་དུ་མཛོད་ཅིག་ཅེས་ཟེར་རོ། །དེ་ལྟར་བགྱི་འོ་ཞེས་བྱ་བ་གཙོ་བོ་དེས་སོ་སོར་མཉན་ནས་མིག་ལ་དགའ་བར་གྱུར་པ་ལྟད་མོའི་ཁྱིམ་རྣམ་པར་བསམས་ན། །བཙུན་མོའི་འཁོར་དང་བློན་པོ་དང་གྲོང་ཁྱེར་བའི་ཚོགས་དང་བཅས་པའི་རྒྱལ་པོ་དེ་ཡང་དག་པར་ཉེ་བར་བཞུགས་པ་ལ་རྫ་རྡའི་སྒྲས་ཀུན་ནས་ཁྱབ་པའི་མིའི་བདག་པོའི་ཕོ་བྲང་དུ་ཟློས་གར་མཁན་གྱིས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་གདོན་པ་སྔོན་དུ་འགྲོ་བར་གར་གྱི་ཆོ་ག་རབ་ཏུ་སྐབས་ཕྱེ་བར་བྱས་པ་ལ། གཙོ་བོ་དེས་དཔེ་མེད་མ་དང་ལྷན་ཅིག་ཏུ་ལྟད་མོ་བ་རྣམས་ཀྱི་སར་རབ་ཏུ་ཞུགས་པར་གྱུར་ཏོ། །ཀུན་ནས་ཐོས་པར་བྱེད་ཅིང་རྫ་རྔའི་སྤྲིན་གྱི་སྒྲ་ཆེན་པོ། །གར་དེ་སྤྲིན་གྱི་དུས་ན་མིག་རྣམས་ལ་ནི་མངོན་པར་དགའ། །དགོད་པས་སྣང་བར་


DTG169_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་གདོང་ཅན་སྒེག་ཅིང་མངོན་དགའ་བ། །གར་མཁན་མོ་ཡི་གློག་དེ་མ་ལུས་པ་ནི་བརྒྱན་པར་བྱས། །གཙོ་བོའི་དཔྱིད་ནི་མཛེས་པ་མ་ཉམས་ཡང་དག་ཐོབ་ནས་ནི། །དེ་ནི་འཇམ་པས་དགོད་པའི་དབང་གིས་བཞིན་གྱི་ཆུ་སྐྱེས་ཀྱི། །སོར་ཕྲེང་འོད་ཟེར་ཟེའུ་འབྲུ་ཅན་ན་ཅུང་ཟད་དུ། །དཔེ་མེད་མ་ཡིན་པདྨོ་སྒེག་དང་བཅས་པར་གསལ་བྱས་གྱུར། །ཉམས་ནི་གང་གང་སྟོན་པར་བྱེད་ཅིང་སྒེག་དང་བཅས་པར་ཉམས་ལྡན་ནས། །དེ་ནི་གང་དུ་ཤིན་ཏུ་དགར་འགྱུར་ཡན་ལག་སྲོག་ཤིང་ཅན། །མཚར་བས་ལེགས་སོ་ལེགས་སོ་ཞེས་ནི་སྐྱེ་བོ་ཀུན་བརྗོད་ཅིང། །དེ་ལ་བལྟས་ནས་ཕྲད་འདོད་ཕྱིར་ནི་དེ་རང་བཞིན་ལྟར་འགྱུར། །བུད་མེད་གཟུགས་ནི་ཟླ་བ་ལྟར་ནི་ཡིད་འོང་སྒེག་སྤངས་ཀྱང༌། །སྐྱེ་བོ་སེམས་ནི་ཕྲད་པར་འདོད་པ་བྱེད་པ་ཉིད་ཡིན་ཏེ། །ངོ་ཚ་སྒེག་དང་འཇམ་པའི་དགོད་པས་མཆུ་ནི་བསྐུམ་བྱས་པ། །ཡིད་ཀྱི་རྣམ་འགྱུར་ལྡན་པའི་སྣ་ཚོགས་ཆ་མཁས་སྨོས་ཅི་དགོས། །དེ་ནས་དཀའ་ཐུབ་པའི་སྲས་གཞན་དག་དཀའ་ཐུབ་སྤྱོད་པའི་ཡོངས་སུ་ངལ་བས་ཡིད་སྐྱོབ་ཉིད་ཀྱིས་འདི་ལྟར་བསམས་པར་གྱུར་ཏོ། །རང་བཞིན་གྱིས་རྩུབ་པའི་རྩ་བ་དང་འབྲས་བུ་མངོན་པར་ཟོས་པས་མོད་པའི་སྡུག་བསྔལ་ཉེ་བར་ལྷུང་བས་བཟོད་པར་དཀའ་བའི་རི་དགས་ཀྱི་པགས་པ་དང་ཤིང་གི་ལོ་མ་ཙམ་གྱོན་པས་སྲ་བ་ལ་ཉལ་བས་ལུས་སྐྱོ་བའི་དཀའ་ཐུབ་ཀྱི་ནགས་ན་གནས་པས་བདག་ལ་ཆོག་སྟེ། དེ་བས་ན་བདག་ནི་སོང་སྟེ་ཁྱིམ་ན་གནས་པ་ཉིད་དུ་བྱ་དགོས་སྙམ་མོ། །རབ་ཏུ་དགའ་བའི་ཁྱིམ་བདག་མོ་ཀུན་ནས་དོན་དུ་གཉེར་བའི་སྐྱེ་བོ་ཚོ་བར་གྱུར་པ་ན་མེ་མཆོད་ཀྱི་དུབས་གཙང་བར་བྱས་པ་དང༌། བུད་མེད་རྣམས་ཀྱིས་བ་རྣམས་ཀྱི་བེའུ་ལ་རབ་ཏུ་རྩེ་བར་བྱེད་པ་དང༌། ཤིན་ཏུ་དྲི་ཞིམ་པའི་མེ་ཏོག་རྣམས་ཀྱིས་ལྷའི་གནས་མཆོད་པ་དང༌། ཀུན་ནས་འབྱུང་བའི་ཀུནད་སར་པ་ལྟར་དཀར་བའི་ཞོ་དང་བསྲེས་པའི་གཏོར་མ་རྣམ་པར་བཀོད་ང་པ་ཤར་ཕྱོགས་སུ་བསྲེས་པ་དང༌། ཐོ་རངས་དང་མཚན་མོའི་སྒོ་རྣམས་ལ་བ་ལང་སྐྱོང་བར་བྱེད་པ་རྣམས་ཀྱིས་བ་རྣམས་འཇོ་བར་བྱེད་བས་འོ་མའི་རྒྱུན་གྱི་སྒྲ་ཐོས་པ་དང༌། ཉི་མ་རེ་རེའི་རྗེས་ལ་མངོན་པར་འོངས་པའི་གྲོགས་པོ་སྐྱེ་བོའི་གཏམ་གྱིས་དགའ་བར་གྱུར་པ་བྲམ་ཟེ་ཉན་པ་པོ་ཁྱིམ་པ་སུ་ཞིག་


DTG169_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བའི་ཁྱིམ་སྙིང་དགའ་བར་མི་འགྱུར་སྙམ་དུ་རྣམ་པར་བསམས་ནས་གྲོང་ཁྱེར་དུ་འོངས་ཏེ། མིའི་བདག་པོའི་ཕོ་བྲང་དུ་རྫ་རྔའི་སྒྲ་ཐོས་ནས་གྲོང་ཁྱེར་བའི་སྐྱེ་བོ་ཡང་དེ་ལ་མངོན་པར་ཕྱོགས་པར་མཐོང་ནས། རེ་ཞིག་བདག་གིས་ཀྱང་འགྲོ་བར་བགྱིས་ཏེ་ལྟད་མོ་བལྟ་བར་བགྱིའོ་སྙམ་དུ་རྣམ་པར་བསམས་ནས་མིའི་བདག་པོའི་ཕོ་བྲང་དུ་རྗེས་སུ་ཞུགས་ཏེ་མཐའ་གཅིག་ཏུ་སྤོའི་གདན་ལ་ཉེ་བར་གནས་ཤིང་སྒེག་པའི་རྐང་པ་རྣམ་པར་བཀོད་པ་དང༌། ཡན་ལག་གཡོ་བ་དང་སྨིན་མ་མཐོང་པོས་འདི་ལྟར་རབ་ཏུ་བསྐུལ་པ་འདྲ། །འདི་ལྟར་གྱུར་པའི་གཞོན་ནུ་མ་ཡི་གཟུགས་ནི་ཨེ་མ་སྒེག་པ་ཡི། །མཛེས་པ་ཡིད་འོང་སུ་ཞིག་ཡིད་ལ་བདེ་བར་བྱེད་མ་ཡིན། །བུད་མེད་ཀྱི་གཟུགས་འདི་ལྟ་བུ་རྣམས་དཀའ་ཐུབ་ཀྱི་ནགས་ན་གནས་པ་རྣམས་ཀྱི་མིག་གི་ཡུལ་དུ་གང་ན་འགྲོ་བ་ཡིན་ཏེ། གླུའི་སྒྲ་རྣམས་ནི་རྣ་བའི་ལམ་དུ་ཇི་ལྟར་འགྲོ་པ་ཡིན་སྙམ་པ་དེ་བས་ན་བདག་གི་དཀའ་ཐུབ་ཀྱི་ནགས་ན་གནས་པ་ཡོངས་སུ་དོར་བ་ནི་གནས་ཡིན་ནོ་སྙམ་དུ་རྣམ་པར་སེམས་ཤིང༌། མིག་མི་གཡོ་བ་དང་ལྡན་པས་དཔེ་མེད་མ་མཐོང་བར་གྱུར་ཏེ། དེ་བས་གཙོ་བོ་ལྟ་བས་འབྲེལ་པ་མིག་ནི་དཀར་རྒྱས་པ། །དེ་ཡི་གོས་ནི་འོ་མའི་རྒྱ་མཚོའི་ལྦུ་བ་ལྟར་དཀར་བ། །གསེར་གྱི་པདྨ་བུམ་དང་རྗེས་སུ་མཐུན་བ་འཛིན་པ་ཡི། །འོ་མ་འཛིན་བ་གཉིས་ལས་གློ་བུར་དུ་ནི་ཅུང་ཟད་ལྷུང་བར་གྱུར། །འོ་མ་འཛིན་པ་གཉིས་ནི་འབྱུང་བ་སྲབ་པའི་དབུས་ཀྱི་ཆ། །དེ་ལ་དེ་ནས་རྒྱས་པ་མཐོང་ནས་ཅུང་ཟད་དགོད་བྱས་ཏེ། །གླགས་ནི་ཚོལ་ལ་རྩེ་གཅིག་པ་དང་གཡོ་བའི་བསམ་པ་ཅན། །ཡིད་ལས་སྐྱེས་པའི་དབང་གིས་ཀུན་ནས་འདོད་པ་སོང་བར་གྱུར། །བུད་མེད་གཟུགས་ནི་མཐོང་ནས་ནི། །དཀའ་ཐུབ་ནོར་ཅན་ལེགས་བློ་ཡང༌། །བརྟན་ནི་སྐད་ཅིག་ཏུ་ནི་དོར། །ཐ་མལ་སྐྱེ་བོ་སྨོས་ཅི་དགོས། །དེ་ནས་དཔེ་མེད་མ་སྟེང་གོས་ལྷུང་བླངས་ནས་གཙོ་བོ་དེ་ཡན་ལག་མེད་པའི་དབང་དུ་སོང་བར་ཤེས་ནས་མུན་པ་དང་བཅས་པའི་སྐྱེ་བོའི་སྒྲོན་མར་གྱུར་པའི་ལེགས་པར་བཤད་པ་འདི་ལྟར་རབ་ཏུ་སྨྲས་པར་གྱུར་ཏོ། །ཆོས་ལ་ཡིད་ནི་ཉམས་པ་མེད་པར་ཤིན་ཏུ་རིང་བཏང་ནས། །སུ་ཞིག་དྲི་མ་དང་བཅས་ལས་ནི་དམྱལ་བའི་དོན་དུ་བྱེད། །གང་ཞིག་མཚན་མོ་རྣམས་ལ་


DTG169_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་སྣང་བར་བྱེད་པ་དོར། །ལམ་ལས་ཉམས་པ་ངེས་པར་དེ་ནི་མི་མཉམ་རྣམས་ལ་འགྲོ། །དེ་ནས་གཙོ་བོ་དེས་ལེགས་པར་བཤད་པ་དེས་སློབ་མ་སློབ་དཔོན་གྱི་ལྟར་ལམ་ངན་པ་ལ་འཇུག་པ་ཡང་དག་པའི་ལམ་ལ་ཞུགས་པར་བྱས་ཏེ། ལེགས་སོ་ལེགས་སོ་ཞེས་བྱ་བ་བརྗོད་ནས་རང་གི་སྟེང་གོས་དཔེ་མེད་མ་ལ་བྱིན་པར་གྱུར་ཏོ། །དཀའ་ཐུབ་པའི་སྲས་དེ་ཡང་ངོ་མཚར་བའི་བློ་ཨེ་མ་འོ་ལེགས་པར་བཤད་པ་ཞེས་བྱ་བ་བརྗོད་ནས་དཔེ་མེད་མའི་མདུན་དུ་ཤིང་གི་ལོ་མ་དང་བཅས་པའི་ཁྲི་སྙན་ས་ལེ་ནག་པོའི་པགས་པ་བཞག་པར་གྱུར་ཏེ། ལགས་སོ་ལེགས་སོ་ཞེས་བརྗོད་པའི། །དེར་ཡང་དགའ་བའི་ཡིད་དག་གི །གོས་དག་ཟླ་བ་ལྟར་དཀར་བ། །ཚོད་པ་གཉིས་པོས་བཞག་པར་འགྱུར། །བློན་པོ་དང་ནི་རྒྱལ་པོའི་སྲས། །དེ་བཞིན་ངོ་མཚར་དེ་ལྡན་པས། །ཟླ་བས་གོས་དག་བཞག་གྱུར་ཏེ། །སོར་མོའི་འདབ་མ་དག་འཁོར་བ། །དེ་ནས་གར་གྱི་ལྟད་མོ་རྫོགས་པ་ལ་ཐོག་མ་ཉིད་དུ་རྒྱལ་པོ་དེས་གཙོ་བོ་ལ་དྲིས་པར་གྱུར་པ། ཁྱོད་ཀྱིས་ནི་དཔེ་མེད་མ་རང་གི་གོས་ཀྱིས་ཅིའི་དོན་དུ་མངོན་པར་བརྒྱན་པར་བྱ་ཞེས་ཟེར་རོ། །གཅོ་བོས་སྨྲས་པ། ལྷས་གསན་པར་མཛོད་ཅིག །ལྷུང་བའི་གོས་ཅན་འདི་ཡིས་ནི། །གཟུགས་ཀྱི་ཡིད་འོད་ཉིད་མཐོང་ནས། །བརྟན་པ་དང་བྲལ་བདག་གི་སེམས། །གཞན་ལས་སྐྱེས་པ་མིན་པས་བྱས། །འདི་ཡི་བཞིན་གྱི་ཟླ་བའི་དཀྱིལ་འཁོར་ལ་འཇུག་པ། །ཤིན་ཏུ་ཡང་ནི་དག་གི་ཟླ་ཚེས་གསལ་བ་ཡིས། །ཆོས་ཀྱི་ལམ་ལས་འགེགས་པར་བྱེད་པ་བདག་གི་མཐུས། །ཆགས་པའི་རང་བཞིན་མུན་པ་ཆེན་པོ་བྲལ་བར་བྱས། །དེ་ནས་བདག་གི་ཡན་ལག་ལས་ནི་སྤུན་སྣལ་མ་ལས་བྱུང་བ་བསལ་བྱས་ནས། །འདི་ལ་གཙང་དང་བརྟན་པའི་སེམས་ལྡན་འདི་ལ་སྦྱིན་པ་སྟེ། །མུན་བ་འབིགས་པའི་ལེགས་པར་བཤད་པ་རབ་ཏུ་བྱུང་བ་ནི། །སེམས་དཔའ་དང་ལྡན་དེ་ནི་སྐྱེ་བོ་སུ་ཞིག་བརྟེན་མི་བྱེད། །དེ་ནས་རྒྱལ་པོ་དེས་དྲང་སྲོང་གི་སྲས་ལ་བོས་ནས་སྨྲས་པ། རེ་ཞིག་བརྗོད་པར་མཛོད་ཅིག་ཅིའི་ཕྱིར་ཁྱོད་ཀྱིས་ཤིང་གི་ལོ་མ་དང་བཅས་པའི་ཁྲི་སྙན་ས་ལེའི་པགས་པ་ནག་པོ་དེ་དཔེ་མེད་མའི་མདུན་དུ་གཞག་ཅེས་ཟེར་


DTG169_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དཀའ་ཐུབ་པས་སྨྲས་པ། །རྒྱལ་པོ་ཆེན་པོས་གསན་པར་འོས་ཏེ་བདག་གིས་སྔོན་རོལ་དུ་ཀུན་ནས་བསངས་པར་གྱུར་ཏེ། །ཇི་ལྟར་ཀུན་ནས་ཉོན་མོངས་པ་མ་ཡིན་པའི་དཀའ་ཐུབ་པའི་རབ་ཏུ་བྱུང་བ་ཉིད་སྤངས་ནས་ཁྱིམ་ན་གནས་པ་ཉིད་རྗེས་སུ་སྐྱོང་བར་བྱེད་པར་འགྱུར་སྙམ་མོ། །རྒྱས་པའི་བུད་མེད་འདི་ཡི་ལེགས་པར་བཤད་པས་ཀླན་ཀ་བྱས་པ་དང་འདྲ་བར་ཇི་ལྟར་དུས་འདི་ཙམ་གྱི་བར་དུ་ཤིན་ཏུ་བྱ་དཀའ་བའི་དཀའ་ཐུབ་ཀྱིས་བདག་ཉིད་རྣམ་པར་སྦྱངས་ཏེ། གླང་པོ་ཆེའི་ཁྲུས་དང་རྗེས་སུ་མཐུན་པ་སྐྱོན་དུ་མ་རྣམས་ཀྱི་གཏེར་ཁྱིམ་ན་གནས་པ་ཉིད་དམིགས་པར་ཁྱོད་འདོད་པ་དེའི་ཕྱིར་སླར་ཉིད་དཀའ་ཐུབ་ཀྱི་ནགས་ཉིད་དུ་འགྲོ་བར་འདོད་པས། ཡིད་ནི་འཕྲོག་དཀའ་ཐུབ་ཀྱི་ནགས་ཉིད་དུ་འགྲོ་བར་འདོད་པས། ཡིད་ནི་འཕྲོག་ཆེན་པོ་མཆོད་གྱུར་པས། །བག་མེད་པས་ནི་འདི་ཡི་མདུན་དུ་དཀའ་བ་བཟོད་པ་ཡི། །ཤིང་ལོ་དང་བཅས་པགས་པ་འདི་ནི་བདག་གིས་བསྐུར། །དེ་ནས་རྒྱལ་པོ་དེས་ཚོང་པ་དེ་དག་ལ་དྲིས་པར་གྱུར་ཏེ། །འོ་ན་ཁྱོད་གཉིས་ཀྱིས་བརྗོད་པར་གྱིས་ཤིག །ཅིའི་ཕྱིར་ཁྱེད་ཅག་དག་གིས་གོས་གཉིས་བསྐྱུར་ཞེས་ཟེར་རོ། །ཚོང་པ་དེ་དག་གི་གང་ཡང་རུང་བས་གཞན་དག་གིས་ནི་བརྗོད་ཅིང་གནས་སོ། །ལྷས་གསན་པར་འོས་ཞེས་ཟེར་རོ། །དེད་དཔོན་སུ་ཞིག་ཡུལ་གཞན་དུ་འགྲོ་བར་འདོད་པས་བདག་གི་ལག་ཏུ་རིན་ཆེ་བའི་མུ་ཏིག་གི་ཧར་གཞག་པ་སྟེ། དེ་ཡང་དུས་གཅིག་གི་ཚེ་ན་དགའ་སྟོན་གྱི་ཞག་ལ་བདག་གི་ལྷན་ཅིག་ཆོས་སྤྱོད་མས་མགྲིན་པའི་རྒྱན་ཉིད་དུ་གཞག་པ་སྟེ། བདག་གི་གྲོགས་པོ་འདི་ཁྱིམ་བདག་མོས་མཐོང་བས་དེ་ནས་བདག་གི་ཁྱིམ་ཐབ་མོ་དེས་སྨྲས་པ་ཁྱོད་ལ་འདི་ལྟ་དུའི་མུ་ཏིག་གི་ཧར་འདི་གང་ནས་བྱུང་ཞེས་ཟེར་རོ། །དེ་ནས་དེས་སྨྲས་པར་གྱུར་པ་དེད་དཔོན་སུ་ཞིག་གིས་བདག་གི་བདག་པོའི་ལག་ཏུ་བཞག་པ་སྟེ། དེར་ཡང་ཁྱོད་ཀྱི་ཁྱོ་པོས་དབང་པོ་ཉིད་བྱས་པར་གྱུར་ཏོ། །དེ་ནས་དེ་ས་སྨྲས་པ། དེད་དཔོན་དེར་འོངས་པ་ལ་གལ་ཏེ་བདག་གི་ཁྱོ་པོས་སྨྲས་པར་མི་འགྱུར་ན་དེ་ནས་འདི་བདག་ཅག་ལ་སྤྱི་མར་མུ་ཏིག་གི་ཧར་འབྱུང་བར་འགྱུར་རོ། །ཞེས་ཟེར་རོ། །ཁྱིམ་བདག་མོ་གཉིས་ཀྱི་བཟང་པོ་མ་ཡིན་པའི་ལམ་ལ་དམིགས་པའི་ཚིག་དེ་ཐོས་ནས་བདག་ཅ་ག་ལ་ཡང་འདོད་པས་


DTG169_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གྱིས་ནོན་བའི་ཡིད་དག་དེ་ལྟར་བགྱི་ཞེས་ཁས་བླངས་པ་ཞེས་བྱ་བའོ། །དེ་བས་ཐུབ་བའི་ལྟར་ནི་མུན་པ་ཆེན་པོ་འཇོམས་པ་འདིའི། །རྒྱས་པའི་བུད་མེད་ཀྱི་ནི་ལེགས་པར་བཤད་པ་འདི་མཉན་ནས། །དགེ་བའི་ལམ་འཕྲོག་བརྣབ་སེམས་དེ་ནི་དོར་བར་བྱས་ནས་ནི། །བདག་ཅག་སླར་ནི་སྐྱེ་བ་བཟང་པོའི་ལམ་ལ་ངེས་པར་ཞུགས། །དེ་བས་བདག་དང་བདག་པའི་སེམས་ལྡན་འདི་ཡིས་ནི། །ཆགས་པས་དམྱལ་བའི་མེ་ཡི་བུད་ཤིང་རྣམས་སྤངས་ནས། །ས་ཡི་དབང་ཕྱུག་ལེགས་སོ་ཞེས་བྱའི་ཚིག་བརྗོད་དེ། །བདེན་པར་གློ་བུར་ཉིད་དུ་གོས་དག་དོར་བར་བྱ། །དེ་ནས་རྒྱལ་པོ་དེས་བློན་པོ་དེ་ལ་དྲིས་པར་གྱུར་པ་འོ་ན་ཁྱོད་ཀྱིས་ཀྱང་རེ་ཞིག་སྨྲ་བས་འོས་ཏེ། ཁྱོད་ཀྱི་སླར་གོས་ནི་ཅིའི་ཕྱིར་བསྐྱུར་ཞེས་ཟེར་རོ། །བློན་པོ་དེས་ཀྱང་ས་ལ་པུས་མོ་དག་རྣམ་པར་བཙུགས་ནས་སྨྲས་པ། །ལྷ་ལགས་གལ་ཏེ་ཁོ་བོ་ཅག་ལ་ལྷས་མི་འཇིགས་པ་སྦྱིན་པར་འགྱུར་ན་དེ་བས་ན་བདག་གིས་བརྗོད་པར་བགྱི་ཞེས་གསོལ་ཏོ། །རྒྱལ་པོ་དེས་ཀྱང་མདའ་དང་བཅས་པར་མི་འཇིགས་པ་བྱིན་པར་གྱུར་ཏོ། །དེ་ནས་བློན་པོ་དེས་དབེན་པའི་ས་ལ་རྒྱལ་པོ་དེ་ལ་བརྗོད་ཅིང་གནས་སོ། །ལྷས་གསན་པར་འོས་ཞེས་བྱ་བའོ། །གདུག་པའི་བདག་ཉིད་བདག་དང་ལྷའི་བཙུན་མོ་གཙོ་བོ་འདིས་ངེས་པར་འདི་ལྟར་བྱས་པར་གྱུར་ཏེ། །ས་སྐྱོང་འདི་ནི་མཚན་མོ་གཉིད་ལོག་པ། །དུག་གིས་སམ་ནི་རལ་གྲི་རྣོན་པོ་ཡིས། །རྣམ་པར་བསད་དེ་དེ་ནས་དབང་རྗེས་འགྲོ། །ནོར་འཛིན་འདི་ནི་རབ་ཏུ་བྱེད་འགྱུར་བ། །རྒྱས་པའི་བུད་མེད་ཀྱིས་ནི་མཚན་མོའི་ཟླ་བ་ལས། །གསལ་བར་ལེགས་པར་བཤད་པ་གསལ་བར་ཐོབ་ནས་ནི། །ཡང་དག་མ་ཡིན་རྣམ་རྟོག་ལས་བྱུང་མངོན་པ་སྟེ། །ཡོན་ཏན་རྣམ་འཇོམས་མྱུར་དུ་བདག་གིས་གསལ་བར་བྱས། །དམ་པ་དམ་པ་མ་ཡིན་བརྟེན་པ་ཤིན་ཏུ་མཁས། །མི་ཤེས་མུན་པ་མ་ལུས་རྣམ་འཇོམས་ལེགས་པའི་གསུང༌། །དབང་པོའི་སྒྲས་ལས་རྒྱལ་བ་ཀུན་ནས་མཆོད་བྱེད་པའི། །བདག་གི་གོས་དེ་འདི་ལྟར་སྐད་ཅིག་ལ་ནི་དོར། །དེ་ནས་རྒྱལ་པོ་དེས་ནི་རྒྱལ་ཚབ་ཏུ་དབང་བསྐུར་བའི་སྲས་ཀྱི་ཐུ་བོ་ལ་དྲིས་པ། ད་ནི་ཚེ་དང་ལྡན་པ་ཁྱོད་ཀྱིས་སྨྲོས་ཤིག །ཅིའི་ཕྱིར་ཚེ་དང་ལྡན་པས་གོས་བསྐྱུར་ཞེས་ཟེར་རོ། །རྒྱལ་ཚབ་ཏུ་དབང་བསྐུར་བས་སྨྲས་


DTG169_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཡབ་ཀྱིས་གསན་པར་འོས་ཞེས་ཟེར་ཏེ། །བློན་ཆེན་སྡིག་པ་ཅན་ལྷན་ཅིག །རིགས་ལས་སུན་འབྱིན་མ་མོ་ནི། །གསང་པར་བྱ་ཞེས་ཀུན་རྟོག་ནི། །བདག་གིས་འདི་ནི་ཐོག་མར་བྱས། །ལེགས་པར་བཤད་པ་འདི་མཉན་བྱ། །རྒྱལ་བའི་བུད་མེད་ཀྱིས་མཉེན་ནས། །རང་གིས་ཕན་འཇོམས་མ་དཔྱད་པས། །བདག་གི་སེམས་ནི་རྣམ་པར་བཟློག །དེ་ནས་བརྟན་མོའི་དབུས་སུ་ཡང༌། །ལེགས་སོ་ལེགས་སོ་ཞེས་བརྗོད་པས། །མ་དཔྱད་པར་ནི་མཉེས་གཤིན་པ། །ལེགས་གསུང་སྲེད་པས་མ་དཔྱད་པར། །བདག་གིས་ཀྱང་ནི་གོས་བསྐྱུར་རོ། །ལམ་མིན་བས་ནི་སྐྱེ་བོ་རྣམ་བཟློག་ཅིང༌། །སྙིང་ལ་བདེ་བ་ལེགས་བཤད་བདུད་རྩི་ནི། །དང་བ་དང་ལྡན་ཡིད་བཅས་སུ་ཞིག་གིས། །འདི་ལྟར་སློབ་དཔོན་བཞིན་དུ་མངོན་མཆོད་མིན། །དེ་ནས་རྒྱལ་པོ་དེས་ལེགས་སོ་ཞེས་བྱ་བ་བརྗོད་ཅིང་དཔེ་མད་མ་ལ་བོས་ནས་ནོར་ཡང་དག་པར་རབ་ཏུ་སྦྱིན་པ་ཆེན་པོས་གུས་པར་བྱས་ནས་བསྟོད་པའི་ཕྱིར་བརྩམས་པ། དེས་པར་རྣལ་འབྱོར་ནུས་པ་ཡིས། །ཐུབ་ཆེན་བློ་ལྡན་སུ་ཡང་ནི། །བུད་མེད་གཟུགས་ནི་བཟུང་ནས་ནི། །འགྲོ་བ་ཞི་ཕྱིར་ཁྱོད་འོངས་པ། །ཁྱོད་ཀྱི་སྐྱོན་ནི་སེལ་བ་ཡི། །ལེགས་པར་གསུངས་པའི་ལྕགས་ཀྱུས་ནི། །ཡོན་ཏན་སྣ་ཚོགས་རི་བོའི་ནགས་རྣམས་ཀུན་ནས་འཕྲོག་བྱེད་ཅིང༌། །ཁ་ཅིག་ཅེས་བྱ་སྙིང་གི་མཆེ་བ་གཉིས་པ་སྨྱོན་ཆུས་བསླད། །སྐད་ཅིག་དེར་ནི་སྨད་པའི་ལམ་ལ་རབ་འགྲོ་བཀག་མིན་ནམ། །དེ་བས་ན་བདག་གི་གྲོད་ཁྱེར་འདི་མགོན་དང་བཅས་པ་སྟེ། གང་ཞིག་ཁྱེད་ཀྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བ་མངོན་པར་བསྟོད་ནས་རྒྱལ་པོ་ནང་དུ་རབ་ཏུ་ཞུགས་པར་གྱུར་ཏོ། །དཀའ་ཐུབ་པའི་སྲས་དེས་ཀྱང་སླར་དཀའ་ཐུབ་ཀྱི་ནགས་ཉིད་དུ་སོང་བར་གྱུར་ཏོ། །རྒྱས་པ་དེ་རྣམས་ཀྱང་དཔེ་མེད་མ་དང་ལྷན་ཅིག་ཏུ་རྒྱལ་པོའི་གུས་བས་དགའ་བ་རང་གི་ཁྱིམ་དུ་སོང་བར་གྱུར་ཏེ། དེ་ལྟར་ན་བཅོམ་ལྡན་འདས་དེས་བུད་མེད་དུ་གྱུར་པ་ན་ཡང་ལེགས་པར་བཤད་པའི་མར་མེས་འཇིག་རྟེན་ལ་ལམ་བཟང་པོའི་སྣང་བ་མཛད་ནས་མངོན་པར་རྫོགས་པར་སངས་རྒྱས་ནས་ནི་ལྟ་ཅི་སྨོས་སྙམ་དུ་རྣམ་པར་བསམས་ནས། སངས་རྒྱས་བཅོམ་ལྡན་འདས་ལ་གུས་པ་བསྐྱེད་


DTG169_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་ཞེས་བྱ་བའོ། །རྨོངས་པའི་མུན་པ་འཇོམས་ཤིང་དམ་པའི་སྐྱེ་བོའི་རྗེས་མཐུན་པ། །ཆོས་ལས་མི་འདའ་ལམ་ནི་གསལ་བྱེད་ལེགས་བཤད་ཟླ་བ་ལ། །གང་གི་སེམས་ནི་ངེས་པར་ཞུགས་བྱེད་དགེ་བ་ཉེར་ཐོབ་ཕྱིར། །དེ་ཡི་ལྟ་བ་ནམ་ཡང་མུན་པས་འགེགས་པར་མི་འགྱུར་རོ། །དཔེ་མེད་མའི་སྐྱེས་པའི་རབས་ཏེ་སྐྱེས་རབས་དགུ་པའོ།། །།གང་ཞིག་གཞན་ནི་རྒུད་པར་སོང་བ་འདོན། །དེ་ཡི་ཤེས་པ་འབྲས་བུ་དང་བཅས་ཏེ། །གང་ཞིག་གཞན་གྱི་རྒུད་པ་རྣམས་ཀྱི་རྒྱུས། །སྐྱེ་བོ་དེ་ནི་ཉོན་མོངས་མི་བྱེད་དོ། །འདི་ལྟར་རྗེས་སུ་ཐོས་ཏེ། བཱ་རཱ་ཎ་སཱིའི་རྒྱལ་པོའི་ཁབ་ན་རྒྱལ་པོ་ཚངས་པས་བྱིན་མཐོ་རིས་སུ་ཡུན་རིང་པོ་མ་ཡིན་པར་སོང་བ་ལ་དེའི་བློན་པོ་རྣམས་ཀྱིས་གྲོང་ཁྱེར་བའི་ཚོགས་ལ་བོས་ནས་སྨྲས་པ། ལྷའི་བཀའ་ཉོན་ཅིག་ཅེས་ཟེར་རོ། །ཇི་ལྟར་བདག་གི་སྲས་ལྔ་པོ་རྣམས་ཀྱི་ནང་ནས་གང་གི་འབྱུང་བ་རྣམས་སེང་གེའི་ཁྲི་ནམ་མཁའ་ལ་གནས་པ་འཛིན་པར་འགྱུར་བ་དང༌། ཉིད་ཀྱི་ཅོད་པན་སྤྱི་བོ་ལ་གནས་པར་གྱུར་ཏེ། གདུགས་ཀྱང་མ་བཟུང་བ་ཉིད་དུ་མི་གཡོ་བར་སྟེང་དུ་གནས་པར་འགྱུར་བ་དང༌། བཙུན་མོའི་འཁོར་རྣམས་ཀྱང་མངོན་དུ་ལྡང་བ་བྱེད་པར་འགྱུར་ལ། ཚིག་ལེའུར་བྱས་པ་འདི་ཡང་གང་ཞིག་གིས་དོན་ཇི་ལྟ་བ་བཞིན་དུ་འཆད་པར་འགྱུར་བ་ནི། ཕྱི་དང་ནང་དུ་ཡང་གཏེར་ཏེ། །དེ་བཞིན་ནང་དང་ཕྱི་རོལ་མིན། །པདྨ་རྣམས་བཀབ་ཆུ་ལ་ནི། །ཤིང་དང་རི་བོ་རྣམས་ཀྱི་རྩར། །དེ་ཡི་དབང་བསྐུར་བྱ་ཞེས་ཟེར། །གྲོང་ཁྱེར་བ་རྣམས་ཀྱིས་སྨྲས་པ། གང་ཞིག་ལྷའི་བཀའ་དེ་ཆོ་ག་བཞིན་དུ་རྗེས་སུ་བསྒྲུབ་པར་བྱ་ཞེས་གསོལ་ཏོ། །དེ་ནས་དངོས་པོ་དེ་རྣམས་གོ་རིམས་བཞིན་དུ་ཉེ་བར་བཀོད་པར་གྱུར་པ་རྒྱལ་པོའི་སྲས་བཞི་པོ་ལ་དོན་ཇི་ལྟར་མ་གྱུར་པ་རྣམས་འབྱུང་བར་གྱུར་ཏོ། །མེ་ལོང་གི་གདོང་ཅན་ཞེས་བྱ་བ་ཆུང་བ་གཞོན་ནུ་ལྔ་པ་བྱང་ཆུབ་སེམས་དཔའ་སྟེ་དེའི་ཡང༌། སེང་གེ་རྣམ་པར་གནོན་པ་ཅན་གྱི་སེང་གེའི་ཁྲི། །འབྱུང་བ་རྣམས་ནི་བདེན་པའི་སྨོན་ལམ་ནུས་ཅན་གྱི། །ཀུན་ནས་འཛེག་པར་འདོད་པའི་མི་དགེའི་དགྲ་ཟད་པའི། །ས་ལས་བརྟེན་ཏེ་བར་སྣང་ལ་ནི་འཛིན་པར་འགྱུར། །འདིའི་གདུགས་ཀྱང་གསེར་གྱི་ཡུ་བ་ལྡན་པ་ནི། །མུ་ཏིག་དང་ནི་ནོར་བུའི་


DTG169_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

གཡེར་ཁས་འབྲེལ་པ་ནི། །ཕྱི་ནས་ཉེ་བར་འོངས་ཏེ་རི་བོང་ཅན་མཚན་པའི། །གཟུགས་བརྙན་ལྟར་གསལ་སྟེང་དུ་རང་ཉིད་ཀྱིས་ནི་གནས། །མདུན་ན་འདོན་པས་ཀྱང་ནི་འདི་ཡི་སྔོན་དུ་བཟུང༌། །རྣམ་གཡོ་འོད་ལྡན་ནོར་བུའི་འོད་ཟེར་དྲ་བ་ཅན། །ཤར་གྱི་རི་ཡི་ཉི་མའི་གཟུགས་ཅན་ལྟ་བུ་ནི། །རང་ཉིད་ཀྱིས་ནི་སྤྱི་བོར་ཅོད་པན་གནས་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའི་ཉི་མ་དེ་ནི་ལྟ་བྱས་ནས། །བློ་ཡི་འོད་ཟེར་སྣང་བས་མུན་པ་རིང་དུ་བྱས་པ་ནི། །ལངས་པའི་གདོང་གི་ཆུ་སྐྱེས་དགོད་པས་མཛེས་པ་ལངས་པ་སྟེ། །རྒྱལ་བའི་བཙུན་མོའི་པདྨོའི་ནགས་ནས་ཤིན་ཏུ་མཛེས་པར་གྱུར། །དེ་ནས་བློན་པོ་དེ་རྣམས་ཚིག་ལེའུར་བྱས་པ་དེ་ཉེ་བར་བཟུང་སྟེ་སྨྲས་པར་གྱུར་པ། གཞོན་ནུ་ལགས་རེ་ཞིག་ཚིགས་སུ་བཅད་པ་འདིའི་དོན་ནི་མཁྱེན་པར་མཛོད་ཅིག་ཅེས་ཟེར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་རྗེས་སུ་བརྗོད་ནས་སྨྲས་པ། ཕོ་བྲང་འདིའི་ནང་དང་ཕྱི་རོལ་དུ་དབུས་སུ་བཙུན་མོའི་འཁོར་ལ་འོས་པའི་ནགས་ཀྱི་རྫིང་བུ་ལ་རྒྱལ་པོའི་ཉེ་འཁོར་གྱི་ཤིང་ཙཱུ་ཏ་དང་སེང་གེའི་ཁྲིའི་འོག་ཏུ་གལ་ཏེ་གཏེར་རྣམས་ཡོད་པར་གྱུར་ན་དེ་ནས་ཚིགས་སུ་བཅད་པ་འདིའི་དོན་གསལ་བར་བྱ་ཞེས་ཟེར་རོ། །བློན་པོ་དེ་རྣམས་ཀྱང་གནས་དེ་རྣམས་ཐམས་ཅད་ལས་གཏེར་རྣམས་བརྐོ་ཞིང་གནས་པར་གྱུར་ཏོ། །དེ་ནས་ཡིད་ནི་དགའ་འགྱུར་ཏེ། །གྲོང་ཁྱེར་བློན་པོ་ལྷན་ཅིག་བཅས། །སྐྱེ་དགུ་སྦྱོར་ཕྱིར་དབང་བསྐུར་ཏེ། །བྱང་ཆུབ་སེམས་དཔའ་མདུན་གནས་ཏེ། །དེར་ནི་རྒྱལ་སྲིད་རྗེས་སུ་བརྟན་པ་ཡང་དག་པར། །ས་ཡི་བདག་ལ་ལྷ་ཡི་བདག་པོ་ལྟར་ནི་མཐོ་རིས་ས། །བདེ་བ་རྙེད་པས་ཡོ་བྱད་འཕེལ་བར་གྱུར་པ་ཡིན། །བསོད་ནམས་བརྟེན་པ་འཇིག་རྟེན་ཡུན་རིང་དགའ་བར་འགྱུར། །གང་དུ་ས་ཡི་བདག་པོ་དྲི་མ་བྲལ་བ་ནི། །དེས་ནི་འགྲོ་བ་འཕེལ་བ་ལྷག་པར་འགྱུར་བ་ཡིན། །སྤྲིན་དང་བྲལ་བས་དྲི་མ་མེད་པའི་ཉི་མ་ལ། །དཔལ་ནི་མཚོ་ལས་སྐྱེས་པའི་ནགས་རྣམས་སྟེན་པར་བྱེད། །སྐྱེ་བོའི་གནས་དེ་ལ་ཡང་གནས་ཤིང་བྲམ་ཟེ་དབྱིག་པ་ཅན་ཞེས་བྱ་བ་རྟག་ཏུ་དབུལ་བའི་སྡུག་བསྔལ་ཉེ་བར་ལྟུང་བས་ཡིད་འཁྲུགས་པ། གླང་པོ་ཆེ་ཕྲུ་གུའི་སྐྲ་ལྟར་སྐྲ་དང་སྨར་རྩུབ་པ།


DTG169_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཤིན་ཏུ་ཆེ་བ་ཉིད་ཀྱི་ཕྱིར་ཤིང་གི་བང་མཛོད་ཀྱི་རྣམ་པར་འཛིན་ཅིང༌། ཤིན་ཏུ་རབ་ཏུ་འབར་བའི་ལྟོ་བའི་མེ་ཉིད་ཀྱི་ཕྱིར་བཟོད་པར་དཀའ་བ། ལྟོ་འཕྱེའི་ཕྲུ་གུ་རབ་ཏུ་འགྲོ་བ་ལྟར་འཁྱོག་པའི་རྩའི་དྲ་བ་རྣམས་ཀྱིས་ཉེ་བར་བསགས་པའི་མི་མཉམ་པའི་རྗེ་དར་སྦོམ་པ། མཆེ་བ་གཉིས་པའི་ཕྲུ་གུའི་དཔྲལ་འབོར་དང་རྗེས་སུ་མཐུན་པའི་པུས་མོ་གཉིས་དང་ལྡན་པ། བིལ་བའི་རྣམ་པ་ཅན་གྱི་རྐང་བ་ལ་ཕོལ་བྱུང་བ་དང་རྐང་པ་གཉིས་པ་ལ་རྒད་པོའི་ལྕེ་ལྟར་རྩུབ་ཅིང་གས་པ་དང༌། བ་ལང་གི་མཇུག་མ་དང་མིག་ལྟར་མིག་མི་བཟང་བ། བར་ཡོད་པའི་སྔོ་བའི་སོ་ཅན། ཀུན་ནས་ཉེག་ཅིང་སྦོམ་པའི་སྣའི་གཟངས་དང་ལྡན་པ། རྩུབ་ཅིང་མི་མཉམ་པའི་སོར་མོའི་སེན་མོ་ཅན། བསོད་ནམས་དང་བྲལ་བ་ཉིད་ཀྱིས་རང་གི་སྐྱེ་བོ་རྣམས་ལ་ཡང་ཡིད་འབྱུང་བ་སྐྱེད་པ། རྟག་ཏུ་སློང་བའི་དུས་སུ་དམན་པའི་སྐྱེ་བོའི་སྨིན་མ་གཡོ་བའི་གཞུས་བསྐུལ་བའི་གུས་པ་མ་ཡིན་པའི་དུག་གིས་བཅུག་པའི་འགེགས་པའི་མདའ་རྣམས་ཀྱང་ཕོངས་པའི་སྡུག་བསྔལ་གྱི་ཁྲབ་དོར་བའི་ཡིད་ཀྱིས་མ་བཅིངས་པར་གནས་ཏེ། དམན་པ་དོན་གཉེར་ལས་འཇིགས་མིན། །སྨིན་གཡོ་སྦྲུལ་ལས་ཇི་ལྟར་ཏེ། །དེ་རྣམས་ཀྱིས་ནི་ཀུན་ཤེས་བརྗོད།། སྲེད་པའི་རིག་པ་དུག་གི་སྨན། །དེས་ཀྱང་རང་དང་འདྲ་བའི་བྲམ་ཟེ་ལས་པ་ལང་དག་གཡར་ནས་ཞིང་གི་ལས་བྱས་པར་གྱུར་ཏོ། །དེ་ནས་བ་ལང་དེ་དག་ཐོང་གཤོལ་གྱི་བྱ་བས་ཀུན་ནས་ངལ་བའི་དབང་གིས་བགྲོལ་ཏེ་ཞིང་གི་མཐའ་མར་གཉིད་ལོག་པར་གྱུར་ཏོ། །དེར་གཉིད་ལོག་པ་ཡང་རེ་ཞིག་བ་ལང་དག་རབ་ཏུ་ཉམས་པར་གྱུར་ཏེ། དེས་ཀྱང་རིམ་གྱིས་ལངས་ནས་ཀྱི་ཧུད་ཆོམ་རྐུན་རྣམས་ཀྱིས་བ་ལང་དག་ཕྲོགས་སོ་སྙམ་དུ་སེམས་ཤིང་དགོན་པ་ཐམས་ཅད་ཀུན་ནས་བསྐོར་ཏེ། ཇི་ལྟར་ཡང་བ་ལང་དག་ཀུན་ནས་རྙེད་ནས་བྲམ་ཟེ་དེ་ལ་ཉེ་བར་གཏད་པར་གྱུར་ཏོ། །བྲམ་ཟེ་དེས་ཀྱང་དེ་ལ་སྨྲས་པ། ད་རིང་ཁྱེད་ཀྱི་ཁྱིམ་དུ་བཅིངས་ནས་བདག་གི་བ་ལང་འདི་དག་ལ་རྩྭ་སྦྱིན་པར་འོས་ཏེ། ནང་པར་བདག་གིས་ཁྱིམ་དུ་ཁྱེར་བར་བྱའོ་ཞེས་ཟེར་རོ། །དེས་ཀྱང་དེ་ལྟར་བགྱི་ཞེས་སོ་སོར་མཉན་ནས་བ་ལང་དེ་དག་དགོན་པར་གྲོལ་ཏེ་སླར་ཡང་གཉིད་ཀྱི་དབང་དུ་སོང་བར་གྱུར་ཏོ། །དེ་དག་


DTG169_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སླར་དེ་ལྟ་ཉིད་དུ་རབ་ཏུ་མི་སྣང་བར་གྱུར་ཏོ། །བྲམ་ཟེ་དེས་ཀྱང་དབྱིག་པ་ཅན་ལ་འོངས་ཏེ་སྨྲས་པ། བ་ལང་དག་སྦྱིན་པར་མཛོད་ཅིག་ཅེས་ཟེར་རོ། །དབྱིག་པ་ཅན་གྱིས་སྨྲས་པ། གང་ཚེ་ཁྱོད་ལ་བདག་སྨྲས་གུས་བཅས་འོངས་ནས་ནི། །བ་ལང་རྒན་པོ་འདི་དག་ཁྱིམ་དུ་ཟུང་ཤིག་ཅེས། །དེ་ཚེ་སྐྱོན་ཅན་གྱིས་ནི་ཅི་ཕྱིར་མ་བཟུང་བ། །ད་ནི་གང་ནས་དེ་དག་ཁྱོད་ལ་བདག་གིས་སྦྱིན། །བྲམ་ཟེས་སྨྲས་པ། དབྱིག་པ་ཅན་གཞན་ནས་གཞན་དག་གིས་འདི་ལྟ་བུའི་ཐ་སྙད་གཞན་སུ་ཞིག་གིས་ཤེས་པར་འགྱུར་ཏེ། བྱིས་པའི་སྨྲ་བ་འདིས་ཅི་ཞིག་བྱ་བས་ཞོག་ཅིག །མེ་ལོང་གི་གདོང་ཅན་མིའི་བདག་པོའི་མདུན་དུ་ཐ་སྙད་ཀྱི་ཕྱིར་བདག་ཅག་འགྲོ་བར་བགྱིའོ་ཞེས་ཟེར་ཞིང་དེས་ནན་གྱིས་འགུགས་པར་གྱུར་ཏེ། རིམ་གྱིས་ཀྱང་དེ་དག་སོང་བ་ལ་རྟ་སྐྱོང་གིས་རྟ་རྣམས་དགོན་པར་ཁྲིད་ཅིང་རྟ་ཅིག་ལམ་ནས་འདའ་བར་བྱས་ཏེ། གཞན་དུ་སོང་བར་གྱུར་ཏོ། །ད་ནས་རྟ་རྫི་དེས་དབྱིག་པ་ཅན་ལ་སྨྲས་པ། རེ་ཞིག་རྟ་གདུག་པ་ཅན་འདི་ལམ་ཡོངས་སུ་དོར་བ་བཟློག་པར་གྱིས་ཤིག་ཅེས་ཟེར་རོ། །དེ་ནས་དབྱིག་པ་ཅན་གྱིས་རྟ་བཟློག་པའི་ཕྱིར་རྡོ་བ་འཕངས་པར་གྱུར་ཏེ། རྟ་ཡི་རྨིག་པའི་སྒྲ་བྱུང་བའི། །ལམ་ནི་དོར་ནས་སོང་བ་ཡི། །རྟ་ཡི་རྗེ་ངར་འཕངས་པ་ཡི། །རྡོ་བས་དེ་ནི་ཆག་པར་གྱུར། །དེ་ནས་ཐག་པས་མགྲིན་བཅིངས་ནས། །རྟ་རྫི་དེས་ནི་སྡུག་བསྔལ་བ། །ཆད་པར་འོས་པ་དབྱིག་པ་ཡིས། །དབྱིག་ཅན་དེ་ལ་བརྡུངས་ཤིང་སྨྲས། །རྟ་འདིའི་རྗེ་ངར་བཅག་ནས་ནི། །ད་ནི་ཁྱོད་ཀྱིས་གང་དུ་འགྲོ། །དེ་ལྟ་ཐ་སྙད་ཉིད་ཀྱི་ཕྱིར། །འོ་ན་རྒྱལ་པོའི་དྲུང་དུ་འགྲོ། །དེ་ནས་དབྱིག་པ་ཅན་དེ་དག་གིས་བཀུག་པར་གྱུར་པ་ཆུ་བོའི་བར་ན་ཕ་རོལ་གྱི་འགྲམ་ནས་མགོ་བོ་ལ་རྣམ་པར་དཀྲིས་པའི་ཐུམ་པོ་ཆེན་པོ་ཅན་སོ་རྣམས་ཀྱིས་སྟེའུ་འཛིན་པའི་ཤིང་མཁན་མཐོང་སྟེ་སྨྲས་པ། ཤིང་མཁན་ཆུ་བོ་ལ་ནི་རྣམ་པར་ཞུགས་བྱེད་ཅིང༌། །སྟེའུ་ལེགས་པར་འཛིན་པ་སོ་རྣམས་ཀྱིས་ནི་མཛོད། །ནམ་ཞིག་འདི་ནི་ཆུ་ལ་ངེས་པར་ལྟུང་བ་སྟེ། །དེ་བས་བདག་ནི་བློ་དམན་ཁྱོད་ལ་རྗེས་སུ་བསྟན། །དེ་ནས་ཤིང་མཁན་དེས་ཁྲོ་བས་ཁྲོ་གཉེར་བ་སྐྱེད་པས་མི་མཉམ་པར་བྱས་པའི་གདོང་ཅན་དེ་ལ་སྨྲས་པ། རེ་ཞིག་ཁྱོད་ཀྱིས་བདག་ཉིད་འདིར། །བློ་གྲོས་ཆེན་པོ་རྗེས་སུ་སྟོན། །བདག་ལ་


DTG169_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་ཅི་ཕྱིར་བསླབ། །ཁྱོད་ནི་བདག་གི་མཁན་པོ་མིན། །དེ་ལྟར་བརྗོད་ཅིང་ཤིང་མཁན་དེའི། །ཁྲོ་བས་འཁྲུགས་པའི་བདག་ཉིད་ཀྱི། །ཆུ་བོའི་ཆུ་ལ་མ་དཔྱད་པར། །སྟེའུ་ཁ་ནས་ལྷུང་བར་གྱུར། །དེ་ནས་དབྱིག་པ་ཅན་བཟུང་ནས། །ཆུ་བོ་བརྒལ་ནས་ཤིང་མཁན་དེས། །ཐག་པས་མགྲིན་པར་བརྟན་བཅིངས་ནས། །ཁྲོས་པས་འདི་སྐད་སྨྲས་པར་གྱུར། །གལ་ཏེ་མགྲིན་བ་ནུབ་པའི་ཆུ་བོ་འདི་ལ་བདག །རབ་ཏུ་བརྒལ་ཞིང་ཁྱོད་ཀྱིས་སླེབ་པར་མི་འགྱུར་བ། །ཁྱོད་ཀྱི་ལན་ནི་སྨྲ་བས་གཡོ་བའི་མཆུ་ལྡན་པའི། །བདག་གི་ཁ་ནས་སྟེའུ་ཆུ་ལ་ལྷུང་མི་འགྱུར། །ཆུ་འདི་ལ་ནི་སྟེའུ་ཀུན་ནས་གདོན་བྱས་ནས། །རྣོ་བའི་སོ་ཡི་རྩེ་མོ་དེ་ཉིད་བདག་ལ་བྱིན། །གལ་ཏེ་ཁྱོད་ནི་ཆུ་ལ་ཞུགས་པར་མི་ནུས་ན། །དེ་ནས་ཤོག་ཤིག་རྒྱལ་པོའི་དྲུང་དུ་འགྲོ་བར་གྱིས། །དེ་ནས་དབྱིག་པ་ཅན་འཇིགས་ཤིང་འཇིགས་པ་ཅན་ངེས་ཀྱང་བཀུག་སྟེ་སོང་བར་གྱུར་ཏོ། །རིམ་གྱིས་ཀྱང་དེ་རྣམས་ཐམས་ཅད་དུ་དབྱར་གྱི་ཉིན་མོར་བྱེད་པས་ལུས་གདུངས་པར་གྱུར་པ་མཐུག་པའི་པ་ལ་ཤའི་ཤིང་གི་གྲིབ་མ་ལ་བ་གླང་གི་ཚོགས་གནས་པ་དང༌། དྲུང་ན་རྫིང་བུའི་ཁང་པའི་ཉེ་འཁོར་ན་ཉེ་བར་གནས་པའི་འཐུང་བར་འདོད་པའི་ལམ་གྱི་འགྲུལ་རྣམས་ཀྱིས་ཆུ་འཐུང་བར་གྱུར་པ་དང༌། ཁང་པ་རྣམས་ཀྱི་སྒོ་ལ་གཏོར་མ་བཏང་བ་ཡང་དག་པར་མཐོང་བས་རབ་ཏུ་དགའ་ཞིང་ཀུན་ནས་ལྷུང་བའི་གཏོར་མ་ཟ་བ་དང་ལྡན་པ་དང༌། འགའ་ཞིག་བཟའ་བའི་དུས་ལ་བཟའ་བའི་སྣོད་འཁྲུ་བཞིན་པ་དང༌། གཞན་བྱེད་བཞིན་པའི་ཁྱིམ་གྱི་ནང་དུ་བྱུག་པ་བྱས་པ་དང༌། མེ་མཆོད་པས་འབྱུང་བའི་དུ་པའི་དྲི་མ་དང་ལྡན་པ་དང༌། གཞན་དུ་གནས་པའི་ཁ་གྱེན་དུ་ལྟ་བའི་ཁྱི་རྣམས་ལྟ་བཞིན་པར་གྱུར་པའི་ཕྱེད་ཟོས་པའི་བ་ལང་གི་རྫི་བོ་དང་ལྡན་པ་དང༌། གཏུན་ཤིང་རྡུང་བས་བརྡུང་བཞིན་པའི་རབ་ཏུ་འགྲོ་ཞིང་ཤའི་དྲི་དང་ལྡན་པ་དང༌། འགའ་ཞིག་ཏུ་དོན་དུ་གཉེར་བའི་སྐྱེ་བོ་རྣམས་ཀྱིས་འབྲུ་སྣ་ཚོགས་པ་ཟ་བཞིན་པ་དང༌། །དབུས་སུ་ཉེ་བར་གནས་པའི་གྲོང་དུ་ཉིན་མོ་ལ་ངལ་བསོ་བའི་ཕྱིར་རབ་ཏུ་ཞུགས་པར་གྱུར་ཏོ། །དེ་ཡང་ཆང་འཚོང་བའི་བུད་མེད་ཀྱིས་དབྱིག་པ་ཅན་ལ་སྨྲས་པར་གྱུར་པ། །འཕགས་པ་ཤོག་ཤིག་ཁྱེད་ལ་


DTG169_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པར་བྱའོ་ཞེས་ཟེར་རོ། །དབྱིག་པ་ཅན་གྱིས་སྨྲས་པ། བདག་གིས་ཇི་སྲིད་སྦྱིན་པ་ཀུན་ནས་བླངས་གྱུར་ཏེ། །བུད་མེད་འདིས་ནི་ཆོ་ག་བཞིན་དུ་སྦྱིན་འགྱུར་བ། །འདི་ཉིད་དུ་ནི་དེ་སྲིད་བདག་ལ་སྡོད་མཛོད་ཅིག །སྐད་ཅིག་ཏུ་ནི་ཁྱེད་ཅག་སྙིང་རྗེ་ལ་དམིགས་པ། །བྲམ་ཟེ་དང་རྟ་རྫི་དང་ཤིང་མཁན་དེ་རྣམས་ཀྱང་དེ་གྲོལ་ནས་དེ་ལ་སྨྲས་པར་གྱུར་པ། སོད་ཤིག་དང་སྦྱིན་པ་བླངས་ནས་མྱུར་དུ་ཤོག་ཤིག་ཅེས་ཟེར་རོ། །དེས་ཀྱང་དེ་ལྟར་བགྱི་ཞེས་བྱ་བ་སོ་སོར་མཉན་ནས་ཆང་འཚོང་བའི་བུད་མེད་དེའི་ཁྱིམ་དུ་ཞུགས་པ་ལ། གོས་ཀྱིས་བཀབ་པ་གཉིད་ལོག་པའི་བྱིས་པའི་མལ་གྱི་སྟེང་དུ་འདུག་པར་གྱུར་ཏེ། །རྡོ་དང་འདྲ་པའི་ལྟོ་བ་དང་ལྡན་དེ་ཡི་ཁུར་གྱིས་ནི། །ཕག་ལྟར་དྲི་མ་ཅན་གྱི་ལུས་དང་ལྡན་པའི་བྲམ་ཟེ་ཡི། །ཀུན་ནས་མནན་པས་བརྒྱལ་བའི་ལུས་ཉམས་བྲལ་བྱས་ནས། །བུ་ཆུང་དེ་ནི་མཚམས་ནི་རྣམ་གྲོལ་ཤི་བ་ཉིད་དུ་གྱུར། །དེ་ནས་བུད་མེད་དེ་མངོན་པར་བྱུང་ནས་དབྱིག་པ་ཅན་བསློངས་ཏེ་བྱིས་པ་དེ་ཤི་བ་མཐོང་ནས་ཀྱི་ཧུད་ཀྱི་ཧུད་བདག་གི་བུ་ནུ་མ་འཐུང་བ་འདི་ཁྱོད་ཀྱིས་བསད་དོ་ཞེས་སྨྲ་ཞིང་སྨྲེ་སྔགས་རྣམ་བ་མང་པོ་བཏོན་ནས་དབྱིག་པ་ཅན་བཟུང་སྟེ། ཚུར་ཤོག་རྒྱལ་པོའི་དྲུང་དུ་ཐ་སྙད་ཀྱི་ཕྱིར་འགྲོ་བར་བྱའོ་ཞེས་བྱ་བ་སྨྲས་པར་གྱུར་ཏོ།། དབྱིག་པ་ཅན་གྱིས་སྨྲས་པ། ཁྱོད་ཀྱིས་གང་ཞིག་བསམས་པ་དེ། །བདག་ལ་རེ་ཞིག་སྦྱིན་པར་བྱིན། །དེ་ནས་རྒྱལ་དྲུང་ཁྱོད་ལྷན་ཅིག །ཐ་སྙད་ཕྱིར་ནི་འགྲོ་བར་བགྱི། །ངོ་ཚ་མེད་ཁྱོད་གཉིས་སྐྱེས་རགས། །གང་ཕྱིར་བདག་གི་བུ་འདི་ནི། །བསད་ནས་དུ་བའི་བདག་ཉིད་ནི། །སྦྱིན་པ་ཁྱོད་ཀྱིས་བསློངས་བར་འདོད། །དེ་ལྟར་བརྗོད་ནས་དེས་ཀྱང་དེ་ལ་བཅིངས་ཏེ་དེ་རྣམས་གཞན་དང་ལྷན་ཅིག་ཏུ་རྒྱལ་པོ་མེ་ལོང་གདོང་གི་ཕོ་བྲང་དུ་མངོན་པར་རབ་ཏུ་སོང་བར་གྱུར་ཏོ། །དབྱུག་པ་ཅན་ཡང་རིགས་ཀྱི་བུད་མེད་སུ་ཞིག་ནང་འཁོར་དང་བཅས་པའི་བདག་པོའི་ཁྱིམ་དུ་སོང་བར་སོ་སོར་ངོ་ཤེས་པར་གྱུར་པ། དེ་ནས་དེ་ལ་སྨྲས་པ། མཁན་པོ་ཁྱོད་ནི་གང་དུ་འགྲོ་ཞེས་ཟེར་རོ། །དབྱིག་པ་ཅན་གྱིས་སྨྲས་པ། རང་དབང་ཅན་བདག་མི་འགྲོ་སྟེ། །སྐལ་བ་མེད་པས་སྟོབས་ཆུང་བ། །གདུག་པའི་བདག་ཉིད་འདི་རྣམས་ཀྱིས། །ནན་གྱིས་བཟང་མོ་རྒྱལ་དྲུང་ཁྲིད།།


DTG169_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེ་རྣམས་ཀྱིས་དེ་ལ་སྨྲས་པར་གྱུར་པ། ཨེ་མའོ་ནོངས་པ་མེད་པ་དུལ་བའི་དཀའ་ཐུབ་ཅན། ནན་གྱིས་བདག་ཅག་གིས་རྒྱལ་པོའི་དྲུང་དུ་ཁྲིད་དོ་ཞེས་ཟེར་རོ། །རིགས་ཀྱི་བུད་མེད་ཀྱིས་སྨྲས་པ། མཁན་པོ་ཤེས་རབ་ཆེ་བ་རྒྱལ་པོ་མེ་ལོང་གདོང་ཅན་ལ་ཁྱོད་ཀྱིས་དྲི་བར་འོས་ཏེ། ཅི་ལྟར་ཞེ་ན། གང་ཚེ་བདག་ནི་བདག་པོའི་ཁྱིམ་ན་གནས་པ་དེ་ཡི་ཚེ། །བདག་གི་ཡིད་ནི་ཕ་ཡི་ཁང་པར་ཕྲད་པར་འདོད་པ་སྟེ། །གང་གི་ཕ་ཡི་ཁྱིམ་དུ་བདག་ནི་གནས་ནས་དེ་ཡི་ཚེ། །ཤིན་ཏུ་ཕྲད་པར་འདོད་པས་སླར་ཡང་བདག་པོའི་ཁྱིམ་ནི་དྲན། །ཇི་ལྟར་བདག་གི་ཕྲད་འདོད་འདི། །སེམས་ལ་གནོད་བྱེད་མི་འགྱུར་བ། །དེ་ལྟར་དེ་ཉིད་ས་སྐྱོང་ནི། །བློ་གྲོས་ཆེན་པོས་ཤེས་པ་ཡིན། །དེ་ནས་ཚང་ལས་འཕྱེ་བའི་ལྕགས་ཀྱི་སྲོག་ཤིང་ལྟར་གཟུགས་ནག་པ་ལྕེ་གཉིས་རབ་ཏུ་འཕྲོག་པར་བྱེད་པའི་ལྟོ་འཕྱེ་ཕྱི་རོལ་དུ་བྱུང་སྟེ། དབྱིག་པ་ཅན་ལ་སྨྲས་པ། བྲམ་ཟེ་ཆེན་པོ་ཀྱེ། བདག་གི་ཚིག་གིས་རྒྱལ་པོ་མེ་ལོང་གདོང་ཅན་ལ་ཁྱོད་ཀྱིས་དྲི་བར་བྱས་ཏེ། སེམས་འདི་སྲེག་པར་འདོད་ཅིང་མེ་ལྟར་ཅི་ཡི་ཕྱིར་ན་ནི། །ཚང་ལས་ཕྱི་རོལ་བྱུང་ཞིང་བདག་ལ་བཟོད་པའི་དགྲ་འབྱུང་སྟེ། །དེ་ལ་གནས་ཤིང་ཁྲོས་པ་ཉེ་བར་བྲལ་བ་ཞི་བ་ནི། །ཏིང་ངེ་འཛིན་ལ་རྩེ་གཅིག་ཐུབ་པ་ལྟར་ནི་སེམས་ནི་འགྱུར། །དེ་ལས་མདའི་སྙེ་མའི་རྩ་ལས་ཤང་ཤང་དེའུ་མངོན་པར་སྨྲས་པར་གྱུར་པ། བྲམ་ཟེ་ཆེན་པོ་བདག་གི་ཚིག་གིས་ཀྱང་འདི་ལྟར་རྒྱལ་པོ་མེ་ལོང་གདོང་ཅན་ལ་དྲི་བར་བྱ་སྟེ། ཇི་ལྟར་ཞེ་ན། མདའ་ཡི་སྙེ་མར་འདིར་གནས་ཤིང༌། །བརྟན་པ་མཆོག་ནི་བདག་གིས་རྙེད། །གཞན་དུ་གནས་པས་ཅི་ཕྱིར་ནི། །བདག་ལ་འཁྲུགས་པ་ཉིད་དུ་འགྱུར། །དབྱུག་པ་ཅན་གྱིས་སྨྲས་པ། གལ་ཏེ་འདི་རྣམས་ཀྱི་དྲུང་ནས་བདག་ལ་གྲོལ་བར་འབྱུང་བར་གྱུར་ན། དེ་ནས་གཏམ་འདི་ཐམས་ཅད་རྒྱལ་པོ་ལ་བདག་གིས་ཞུས་པར་གྱུར་ཞེས་བྱ་བའོ། །རིམ་གྱིས་ཀྱང་དེ་རྣམས་སོང་བ་ཉིད་ལ་ཉི་མ་ནུབ་པའི་རི་ལ་ལྷག་པར་འཛེགས་པ་སྟེ། དེ་ནས་དེ་རྣམས་ཐམས་ཅད་ཉིད་ནི་ཤིང་ཉ་གྲོ་དྷའི་འོག་ཏུ་ཤིང་གེལ་བའི་གནས་ལ་གནས་བཅས་པར་གྱུར་ཏོ། །དེ་ནས་མཚན་ཕྱེད་ཀྱི་དུས་ལ་དེ་རྣམས་གཉིད་ལོག་པ་ལ་དབྱུག་


DTG169_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་གྱིས་འདི་ལྟར་བསམས་པར་གྱུར་རོ། །གལ་ཏེ་ཇི་ལྟར་ཡང་བདག་འདི་རྣམས་ཀྱི་ཐ་སྙད་ཀྱིས་ཕམ་པར་གྱུར་ན་དེ་ནས་ཆད་པ་བདག་གིས་གང་ནས་སྦྱིན་པར་བྱ་ཞེས་ཟེར་རོ། །རྒྱལ་པོའི་སྐྱེ་བོ་རྣམས་ཀྱིས་སྡུག་བསྔལ་སྦྱིན་པར་བྱེད་པ་སྡུག་བསྔལ་ཆེན་པོ་བཟོད་པར་ནུས་པ་ལ་མ་ཡིན་ཏེ། དེ་བས་ན་ཤིང་ནྱ་གྲོ་དྷ་ལ་འཛེགས་ནས་བདག་ཉིད་ལྕེབས་པར་འགྱུར་བ་ཞེས་རྣམ་པར་བསམས་ནས་ཡང་བཅིངས་པ་བཀྲོལ་ནས་ཤིང་ནྱ་གྲོ་དྷ་ལ་འཛེགས་པ་སྟེ་བདག་ཉིད་ལ་ཐག་པས་འགག་དམིག་བཅུག་པར་གྱུར་ཏོ། །དེ་ནས་དེ་མི་ཁུར་ཆེན་པོས། རོ་ལངས་མཉམ་པའི་ཆོས་ལྡན་པའི།། ཤིང་གི་ཡལ་ག་ཆག་གྱུར་ཏེ། །དེ་ལས་ཡང་དག་སྐྱེས་པའི་སྒྲ། །དེ་ནས་གེལ་བའི་བདག་པོ་དེ། །གཉིད་ལོག་སྟོང་དུ་སྐད་ཅིག་གིས། །ལུས་ཆེ་བ་ནི་ལྷུང་འགྱུར་ཏེ། །ཐག་པས་བཅིངས་པའི་སྐྱེ་བོ་ཅན། །གེལ་བའི་བདག་པོས་འཇིགས་པ་ནི། །དེ་ནས་ལག་ངར་ཆག་ལངས་ནས། །གཉེན་རྣམས་ལོངས་ཤིང་གནས་པ་སྟེ། །འཁྲུག་པས་འདི་ལྟར་ངེས་བརྗོད་ཅིང༌། །ཤིང་ནྱ་གྲོ་དྷ་འདི་ལས་ཤ་ཟ་ལྷུང་བས་བདག་གི་རྗེ་ངར་འདི་ཆག་པ་སྟེ། དེ་བས་ཁྱེད་ཅག་རྣམས་ཀྱིས་མར་མེ་རབ་ཏུ་སྦར་བར་མཛོད་ཅིག་ཅེས་ཟེར་རོ། །དེ་ནས་དེར་ཁ་ཅིག་རང་བཞིན་གྱིས་འཇིགས་པ་རྣམས་ཤ་ཟ་ཞེས་བྱ་བ་ཐོས་ནས་ཕྱོགས་རྣམས་སུ་མི་སྣང་བར་གྱུར་རོ། །གཞན་དག་ནི་མེ་མར་སྦར་བར་བྱ་སྟེ། །བྲམ་ཟེ་དེ་ལ་མཐོང་བར་གྱུར་ཏེ། །ལྷུང་བས་རྨ་བྱུང་བའི་སྡུག་བསྔལ་གྱིས་ཀུན་ནས་འཁྲུགས་པའི་བློ་ཅན་དབུགས་དབྱུང་བ་མཐོང་ནས་ཀྱང་གདུག་པའི་བདག་ཉིད་ཅན། ཁྱོད་ཀྱིས་གེལ་བའི་བདག་པོའི་རྗེ་པར་ཆག་པ་སྟེ། དེ་བས་ན་ཚུར་ཤོག་རྒྱལ་པོའི་དྲུང་དུ་འགྲོ་བར་བྱ་ཞེས་ཟེར་རོ། །གེལ་བ་སྲུང་བ་དེ་རྣམས་ཀྱིས་ཀྱང་ཐོ་རངས་ཀྱི་དུས་ན་གཞན་དེ་རྣམས་དང་ལྷན་ཅིག་ཏུ་རྒྱལ་པོའི་དྲུང་དུ་ཁྲིད་པར་གྱུར་ཏོ། །དེ་ནས་མདུན་སར་བཞུགས་པའི་དུས་ལ་དབྱིག་པ་ཅན་དང་ལྷན་ཅིག་ཏུ་དེ་རྣམས་ཐམས་ཅད་སྒོ་བས་རྒྱལ་པོ་མེ་ལོང་གདོང་ཅན་གྱི་དྲུང་དུ་ཉེ་བར་ཁྲིད་དེ། གཉིས་སྐྱེས་དེ་ནི་ཤིན་ཏུ་འཇིགས་པས་བརྒྱལ་བའི་ཡིད། །དེ་ནས་ས་ཡི་བདག་པོས་དེ་ནི་མཐོང་གྱུར་ན། །སྙིང་རྗེའི་དབང་གིས་བརླན་པའི་ཡིད་ནི་འགྱུར་བ་སྟེ། །ས་གསུམ་ལ་ནི་གཅིག་ཏུ་ཕན་ཕྱིར་ཡང་དག་བརྩོན། །དེ་


DTG169_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐམས་ཅད་ཀྱིས་ཀྱང་རིམ་གྱིས་དབྱིག་པ་ཅན་གྱི་ཉེས་པ་བརྗོད་པར་གྱུར་པ་དང་དེ་ནས་རྒྱལ་པོ་དེས་ཡིན་པར་གྱིས་ཤིག །ཐབས་དང་བཅས་པར་བདག་གིས་བྲམ་ཟེ་འདི་གྲོལ་བར་བྱེད་པར་འགྱུར་སྙམ་དུ་རྣམ་པར་བསམས་ནས་སྨྲས་པ། ཐ་སྙད་མ་ཐོབ་པའི་བྲམ་ཟེ་འདི་ཅིའི་ཕྱིར་ཁྱེད་རྣམས་ཀྱིས་བསད་པ་དང་བཅིངས་པའི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཁྱེར་བ་སྟེ། དེ་བས་ན་ཁྱེད་རྣམས་ཐམས་ཅད་ཉིད་ཆད་པ་གཅད་པར་འོས་སོ་ཞེས་ཟེར་རོ། །ཡང་ན་བྲམ་ཟེ་འདི་གྲོལ་བར་གྱིས་ཤིག་ཅེས་ཟེར་རོ། །དེ་རྣམས་ཀྱང་ཆད་པས་འཇིགས་པས་དེ་བཀྲོལ་ནས་གནས་ཇི་ལྟ་བར་ཀུན་ནས་སོང་བར་གྱུར་ཏོ། །དབྱིག་པ་ཅན་དགའ་བའི་ཡིད་ཅན་དེས་ཀྱང་རྒྱལ་པོ་དེ་ལ་ཤིས་པ་བརྗོད་པ་རྣམས་ཀྱིས་མངོན་པར་བསྟོད་པར་བྱས་ཏེ། རིགས་ཀྱི་བུད་མེད་ལ་སོགས་པ་དེ་རྣམས་ཀྱི་གཏམ་དེ་ཞུས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་ཐོས་ནས་སྨྲས་པ། རིགས་ཀྱི་བུད་མེད་དེ་ལ་འདི་ལྟར་བརྗོད་པར་བྱ་བ་སྟེ། བདག་པོའི་ཁྱིམ་དུ་སོང་བ་ཕའི་ཁྱིམ་དུ་ཡང༌། །སྐྱེས་པ་གཞན་དག་འདོད་པ་གདུངས་པ་མངོན་པར་འདོད། །དེ་ལྟར་འདར་བར་བྱེད་ཅིང་མེ་དང་སོལ་བལྟར། །གཞན་དང་འབྲེལ་བའི་སེམས་ལྡན་བརྟན་པ་ཁྱོད་མི་རྙེད། །གལ་ཏེ་ཡིད་ནི་འཚོ་འདོད་ན། །དེ་དག་ལས་ནི་སེམས་ཟློག་ཅིག །དོན་མེད་ཀུན་རྟོག་གིས་རྨོངས་པའི། །སྐྱེ་བོ་འགའ་ཞིག་བདེ་བ་མེད། །སྦྲུལ་ལ་ཡང་ནི་བརྗོད་བྱ་སྟེ། །གལ་ཏེ་ཁྱོད་ནི་བདེ་བར་འདོད། །སྲོག་ཆགས་སུ་ཞིག་མཐོང་ནས་ནི། །ཁྲོ་བ་བྱེད་པར་འོས་པ་མིན། །གང་ཞིག་ཁྲོ་པའི་མེ་ནི་སྤར་བྱས་ནས། །རང་གི་ཡིད་ནི་ཚིག་སྟེ་གཞན་ཡང་སྲེག །ངེས་པར་རྨོངས་པའི་སེམས་དང་ལྡན་བདེ། །དམྱལ་བའི་མེ་ཡི་བུད་ཤིང་ཉིད་དུ་འགྲོ་།ཤང་ཤང་དེའུ་ལ་ཡང་སྨྲ་བར་བྱ་སྟེ། ཇི་ལྟར་ཞེ་ན། མདའ་ཡི་གེལ་བའི་འོག་ཏུ་ནི། །གཏེར་ནི་ཡོད་པ་དེས་ཁྱོད་ནི། །གནས་ཤིང་ཤིན་ཏུ་དེ་ལ་ཡང༌། །ཡིད་ནི་བརྟན་ལྡན་སྐྱེ་བ་ཡིན། །གཏེར་དེ་ཡང་བརྐོས་ནས་ཁྱེད་དབུལ་བའི་སྡུག་བསྔལ་དང་རྣམ་པར་བྲལ་བ་བདེ་བར་ཁྱིམ་གྱི་གནས་རྗེས་སུ་སྐྱོང་བར་འགྱུར་ཏེ། དེ་བས་ན་སོང་ཤིག་ཅེས་བྱ་བའོ། །དེ་ནས་དབྱིག་པ་ཅན་རྒྱལ་པོ་དེའི་བློའི་ཁྱད་པར་གྱིས་བློ་ལ་ངོ་མཚར་སྐྱེས་པས་ཞུས་པར་


DTG169_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏེ། རྒྱལ་པོ་ཆེན་པོ་ཁྱེད་ལ་གང་དུ་སྨོན་ལམ་ཡོད་ཅེས་བྱ་བ་བརྗོད་པར་འོས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། བླ་ན་མེད་པའི་བྱང་ཆུབ་བདག །ཞི་བའི་ཕྱིར་ནི་ཐོབ་པར་འདོད། །སྲིད་གསུམ་རྒྱ་མཚོར་ནུབ་གྱུར་པའི། །འཇིག་རྟེན་འདི་ནི་གདོན་ཕྱིར་རོ། །དབྱིག་པ་ཅན་གྱིས་སྨྲས་པ། གང་ཚེ་ཁྱོད་ཀྱིས་བྱང་ཆུབ་ཐོབ། །མི་ཤེས་རབ་རིབ་གཅོད་པ་ནི། །དེ་ཚེ་ཁྱོད་ཀྱིས་སླེབ་པར་བདག །གྱུར་ཅིག་དེས་ནི་སོ་སོར་ཐོས། །དེ་ནས་བྲམ་ཟེ་དེ་སོང་ནས་གཏམ་དེ་དེ་རྣམས་ལ་སྨྲས་ཏེ། གཏེར་དེ་བཏོན་ནས་དགའ་བའི་ཡིད་དང་ལྡན་པ་གཉེན་འདུན་རྣམས་དང་ལྷན་ཅིག་ཏུ་ནོར་གྱིས་ཕོངས་པའི་སྡུག་བསྔལ་རྣམ་པར་བསལ་ཏེ་བདེ་བར་གནས་པར་གྱུར་ཏོ། །དེ་ནས་བློན་པོའི་གཙོ་བོ་ལ་ལ་ཞིག་བྱང་ཆུབ་སེམས་དཔའ་ལ་ཡང་ནས་ཡང་དུ་འདི་ལྟར་བསྟོད་པའི་སྐུད་པར་བརྒྱུས་པའི་ཚིག་གི་མེ་ཏོག་རྣམས་ཀྱིས་མངོན་པར་མཆོད་ཅིང་གནས་སོ། །ལྷའི་འདི་ལྟ་བུ་ཤེས་པ་ཆེ་བའི་བདག་ཉིད་ཀྱིས་སུ་ཞིག་ཅེས་བྱ་བ་ངོ་མཚར་པར་བཀུག་པ་མ་ཡིན་ཞེས་སྨས་ཏེ། རིལ་གནས་པའི་མེ་ནི་རིང་པོ་ནས་ཀྱང་དུ་བའི་རྗེས་སུ་དཔག་པས་རྗེས་དཔོག་བྱེད། །འཇིག་རྟེན་འདི་ན་རྗེས་སུ་དཔོག་བྱེད་དཔག་པར་བྱ་བའི་ཡུལ་ཅན་རྗེས་དཔོག་བློ་ནི་མཐོང༌། །རྗེས་སུ་དཔག་བྱའི་དངོས་པོ་ཐེ་ཚོམ་ཅན་ལ་སྐྱེ་བོ་ཐེ་ཚོམ་བསྐྱེད། །ཐེ་ཚོམ་མེད་པའི་བློ་ལྡན་ཁྱེད་འདྲ་རྣམས་ལ་དབང་པོ་ལས་ནི་འདས་ཀྱང་མངོན་སུམ་ལྡན། །གང་ཕྱིར་འཇིག་རྟེན་འདི་ན་ཡིད་ནི་ཆུང་བ་ཡུལ་ཅན་དབང་པོ་རྣམས་ཀྱི་དབང་བྱས་ཏེ། །དེ་ཕྱིར་མཁས་པ་རྣམས་ནི་དབང་པོ་ཞེས་བརྗོད་དེ་ལ་དབང་དུ་བྱེད་པ་ཡོད་པ་ལ། །ཁྱེད་ནི་མ་ལུས་ཤེས་བྱའི་ཕ་རོལ་ཕྱིན་ལ་གང་ཕྱིན་དབང་པོ་རྣམས་ལྷག་དབང་བྱེད་པ། །ཁྱེད་ལ་དབང་བ་ཉིད་ནི་མ་ཐོབ་དབང་པོ་ཤེས་པར་བྱ་བ་དོན་མེད་བརྗེད་པ་ཡིན། །དེ་བས་ནོར་ལྡན་ཀུན་མཆོག་བཅས། །རྡོ་རྗེ་ཅན་གྱིས་མཐོ་རིས་ལྟར། །སྲིད་པ་རྣམས་གཅོད་རྣམ་ཞུགས་པའི། །སེམས་དང་ལྡན་པ་ཁྱོད་ཉིད་ཀྱིས། །དེ་ལྟར་ན་བཅོམ་འདས་དེ་བྱང་ཆུབ་སེམས་དཔར་གྱུར་པ་ན་སྐྱོན་མོང་བའི་རྒྱལ་སྲིད་ཀྱང་རྗེས་སུ་སྐྱོང་བར་མཛད་པས་ཤེས་རབ་ཆེ་བའི་བདག་ཉིད་ཀྱིས་རྒུད་པར་སོང་པ་རྣམས་ལ་ཀུན་ནས་གདོན་པར་མཛད་དོ་སྙམ་དུ་རྣམ་པར་བསམས་ནས། སངས་རྒྱས་བཅོམ་ལྡན་འདས་དད་པ་རྩེ་གཅིག་པ་རྣམས་ཀྱིས་གནས་པར་


DTG169_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཞེས་བྱ་བའོ། །མེ་ལོང་གི་གདོང་ཅན་གྱི་སྐྱེས་པའི་རབས་ཏེ་སྐྱེས་རབས་བཅུ་པའོ། །སྡོམ་ལ། སྦྲུལ་དང་རི་དགས་གནོད་སྦྱིན་གནོད། །རྩ་བ་ཅན་དང་མི་ཅི་མོ། །འབར་ཅན་སྨན་བ་རྐང་རྗེས་ཤེས། །གར་བྱེད་མེ་ལང་གདོང་ཅན་ནོ།། །།བདེ་བའི་ཆ་ཡིས་ཀུན་རྟོག་རྨོངས་སེམས་ཀྱི། །སེམས་ནི་ཤིན་ཏུ་བཅིངས་པའི་རྩ་བ་ཅན། །དམ་པ་རྣམས་ནི་ཆགས་བྲལ་གཏམ་གྱི་ཆུས། །ཆགས་པའི་མེ་ནི་ཞི་བར་མཛད་པ་ཡིན། །འདི་ལྟར་རྗེས་སུ་ཐོས་ཏེ། ཡོ་བྱད་ཡོངས་སུ་རྫོགས་པས་རབ་ཏུ་དགའ་བའི་སྐྱེ་བོ་རྣམས་ཀྱིས་དགའ་བར་གྱུར་པ། རྣམ་པ་སྣ་ཚོགས་པའི་སྐྱེད་མོས་ཚལ་རྣམས་ཀྱིས་མཐའ་ཀུན་ནས་ཁྱབ་པའི་འཇོག་པོའི་བྲག་ཅེས་བྱ་བའི་རྒྱལ་པོའི་ཁབ་ན། བསྟན་བཅོས་དུ་མ་རྣམས་ལ་ཀུན་ནས་འདྲིས་པས་རྣམ་པར་དག་པའི་བློ། དམ་པ་མ་ཡིན་པའི་སྐྱེ་བོ་དང་འབྲེལ་པ་ལ་རྒྱབ་ཏུ་ཕྱོགས་པ། སྐྱེ་བོ་བཟང་པོ་དང་འབྲེལ་པ་ལ་མངོན་པར་དགའ་བ། །དུལ་བ་དང་དེས་པ་དང་བཟོད་པས་རྣམ་པར་བརྒྱན་པ། འཇིག་རྟེན་ཐམས་ཅད་ཀྱི་གཉེན་དང་འདྲ་བའི་དེད་དཔོན་ལེགས་འགྲོ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་བྱུང་བར་གྱུར་ཏེ། མུན་པ་འཇོམས་བྱེད་བློ་ཡིས་ནི། །དེས་ནི་མཚན་རྣམས་བྱས་པར་གྱུར། །འོད་ཀྱིས་སྐྱེ་བོ་ལ་བདེ་བ། །ཆ་དང་བཅས་པའི་ཟླ་བ་ལྟར། །འགྲོ་ལ་མི་ཕན་སེལ་བ་ལ་ནི་གཅིག་ཏུ་མཁས། །མདུན་ས་མདུན་ས་ལ་ནི་སྣང་བར་གྱུར་པའི་བློ། །གྲོགས་པོ་ལྟར་ནི་ཡོན་ཏན་རྣམས་ཀྱིས་དེ་འཁྱུད་པ། །བྱས་ནས་འབྲས་བུ་མ་ལུས་ཅན་ནི་ཀུན་ནས་འོངས། །དེ་ནས་དུས་གཅིག་གི་ཚེ་ན་བདག་ཉིད་ཆེན་པོ་དེ་བཱ་རཱ་ཎ་སཱིར་ལྷའི་བུ་མོའི་གཟུགས་དང་མཉམ་པའི་བཟང་མོ་ཞེས་བྱ་བ་རེས་མའི་གཙོ་མོ་ཞེས་བྱ་བ་རེས་མའི་གཙོ་མོ་ཐོབ་པར་གྱུར་ཏོ། །གང་གིས་གཟུགས་མཛེས་ཤིང་རྣམ་པར་སྒེག་པའི་ཞགས་པ་རྣམས་ཀྱིས་བཀུག་སྟེ། དེད་དཔོན་མང་པོ་རྣམས་བདག་གིས་བྱས་ཏེ། དེ་ནས་དེའི་གཟུགས་བཟང་བའི་ང་རྒྱལ་བསལ་བའི་དོན་དུ་དེ་དང་འབྲེལ་པ་ཅན་རྣམས་ལ་ཡང་དུལ་བའི་ཕྱིར་གྲོགས་མང་པོ་འཛིན་པས་ལེགས་འགྲོ་བཱ་རཱ་ཎ་སཱིར་ཀུན་ནས་སོང་བར་གྱུར་ཏོ། །ལེགས་འགྲོ་འོངས་པ་ཐོས་ནས་ཀྱང་རེས་མའི་གཙོ་མོ་དེ་ལ་


DTG169_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་ཅན་རྣམས་ཀྱིས་རབ་ཏུ་སྨྲས་པར་གྱུར་པ། ཁྱོད་ཀྱི་སྐལ་བཟང་ཕུན་སུམ་ཚོགས་པ་འདི། །ནོར་སྦྱིན་ལྟ་བུ་མཛེས་པ་མོ་ལེགས་འགྲོ། །ཙཱུ་ཏའི་སྲོག་ཤིང་ལས་ནི་བུད་བ་ལྟར། །མེ་ཏོག་འབྱོར་པས་དེ་རིང་ཀུན་ནས་བཀུག །དེ་བས་མཁས་ཤིང་ཚིག་གིས་གསལ་བ་ནི། །ཡིད་འོང་སྤོས་དང་དྲི་སོགས་རབ་འཛིན་པ། །ཁྱོད་ཀྱིས་དེར་ནི་རབ་ཏུ་གཏོང་མཛོད་ཅིག །ཕོ་ཉ་མོ་ནི་སུ་ཞིག་ལེགས་འགྲོ་ལ། །དཔལ་ལྡན་བསྟོད་པ་གསལ་བ་སྒེག་རྣམས་ཀྱིས། །དེ་ལ་སྤྱོད་ཡུལ་དུ་ནི་འོངས་བྱས་ནས། །སྙིང་པོ་བཟུང་ནས་ཕྱིས་ནི་དོར་འགྱུར་ཏེ། །སྨིན་པའི་ཨ་མྲའི་འབྲས་བུའི་རུས་པ་ལྟར། །དེ་ལྟར་དགོད་དང་བཅས་པ་མཉན་ནས་ནི། །སྐྱོན་ཅན་གྱི་ཚིག་ནོར་འདོད་བཟང་མོ་ཡིས། །བརྟན་པ་དེ་ལ་ཉེ་བར་འོངས་པའི་ཕྱིར། །ཚིག་ལ་མཁས་པ་ཕོ་ཉ་མོ་ནི་བཏང༌། །མེ་ཏོག་དེ་རྣམས་ཡིད་ནི་འཕྲོག་པར་བྱེད་པ་བླངས་ནས་ནི། །ཏམྦ་ལ་དང་ཟླ་བའི་འོད་ཟེར་ལྟར་དཀར་ཙན་དན་ནི། །གནོད་སྦྱིན་ལྟར་སྤྱོད་རིམ་གྱིས་ཕོ་ཉ་མོ་ནི་མངོན་སྤོང་བ། །ལེགས་འགྲོ་འཇིག་རྟེན་པ་ཡི་ལྟད་མོ་རྣམ་པར་མ་ཉམས་པ། །ཉེ་བར་སྤྱོད་པ་དང་བཅས་པར་བྱང་ཆུབ་སེམས་དཔའ་ལ་ཡང་དག་པར་ཉེ་བར་འོངས་ཤིང་ཕྱག་བཙལ་བར་བྱས་ཏེ་སྨྲས་པ། སྐལ་བ་ཆེན་པོ་བཟང་མོ་ཞེས་བྱ་བའི་རེས་མའི་གཙོ་མོའི་བུ་མོ་རེས་མའི་གཙོ་མོ་ཐམས་ཅད་ཀྱི་དཔལ་འཕྲོག་པར་བྱེད་ཅིང༌། སྐར་མ་རྣམས་ཀྱི་ནང་ན་རི་བོང་ཅན་གྱི་ཆ་ལྟར་གནས་པ་ལས་འདི་ལྟར་ཞུ་བར་བྱེད་དེ། ཇི་ལྟར་རང་གི་ཁྱིམ་འདི་དོར་ནས་ཅིའི་ཕྱིར་འཕགས་པའི་སྲས་གཞན་དུ་གནས་ཞེས་ཟེར་རོ། །ཨེ་མའོ་དཀའ་བ་ཉིད་ནི་འདི་ཡིན་ཏེ། དེ་བས་ན་འདིར་འོངས་པ་ཁོ་བོ་ཅག་ལ་རྗེས་སུ་གཟུང་བར་བྱེད་པར་ཁྱེད་ཀྱི་འོས་སོ་ཞེས་ཟེར་ཏེ། བདག་ཅག་གི་བདག་མོ་གཟུགས་ཀྱི་ཡོན་ཏན་ཐོས་པ་སྐལ་བ་ཆེན་པོ་ལ་ཤིན་ཏུ་ཕྲད་པར་འདོད་བཞིན་པས་གནས་པ་སྟེ། ངེས་པར་ཁྱེད་ལ་དེ་རྣ་བའི་ལམ་དུ་འོང་བ་མ་ཡིན་ན། གང་གི་ཕྱིར་གཞན་དུ་རོལ་པ་མཛད་ཅེས་ཟེར་རོ། །ལེགས་འགྲོས་སྨྲས་པ། ཆ་རྣམས་མ་ལུས་པ་ལ་མཁས་པ་སུ་ཞིག་དེ་མི་ཤེས། །སེམས་ཀྱི་སར་འགྲོ་ལ་ནི་གཟུགས་དང་ལྡན་པ་འདྲ་བའི་སྔགས། །ཟེའུ་འབྲུ་འབྱུང་བའི་ཀུ་མུ་ཏ་རྣམས་རྣམ་པར་ཕྱེ་བྱེད་ཅིང༌། །ཟླ་ཚེས་


DTG169_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་ཉེ་བར་འགྲོ་བ་མར་མེ་རྣམས་ཀྱིས་མིན། །བདག་གིས་བཱ་རཱ་ཎ་སཱིར་འོངས་པ་ལ་དགོས་པ་གཞན་ཡོད་པ་མ་ཡིན་ཏེ་དེ་བས་ན་བདག་འོངས་པ་ཁོ་ན་སྟེ། དེ་ལྟར་སྨྲ་ཞིང་ཕོ་ཉ་མོ་དེས་ཆུ་བོའི་ཆུའི་ཚོགས་ཀྱིས་རབ་ཏུ་རྒྱས་པ་ལྟར་འགྲམ་གྱི་ཤིང་འགུགས་བཞིན་པ་རིམ་གྱིས་གཡོག་མོ་རྣམས་ཀྱིས་ཀུན་ནས་བརྟེན་བཞིན་པའི་གོས་དཀར་པོ་དང་ལྡན་པ་དང༌། རི་མོ་བྲིས་པས་དགའ་བར་གྱུར་པའི་ཁྱིམ་གྱི་རྩིག་པ་ཅན་དང༌། བཏགས་པར་གྱུར་པ་ཁ་དོག་ཅན་གྱི་དྲིས་ན་དྲི་ཞིམ་པར་བྱས་པ་དང༌། མ་ལླི་ཀ་སར་པའི་མེ་ཏོག་གི་ཕྲེང་བས་བརྒྱན་པའི་རས་ལ་རི་མོ་བྲིས་པའི་ཆུ་སྲིན་གྱི་རྒྱལ་མཚན་དང་ལྡན་པ་དང༌། བཞད་གད་ཅན་གྱི་སྐྱེ་བོ་དུ་མ་དང་ཐུན་མོང་བ་དང༌། རེས་མའི་གཙོ་མོའི་མ་རྣམས་ཀྱིས་འདོད་པ་ཅན་ཁྲོ་བ་བཟློག་པར་གྱུར་པ་དང༌། ཤིན་ཏུ་མང་པའི་ཡུལ་ལ་གནས་པའི་སྐྱེ་བོ་རྣམས་ཀྱིས་དེར་འཕྲོག་པ་ལ་མཁས་པ་དང༌། དུལ་བ་མ་ཡིན་པ་དང་ཡང་བ་ཉིད་ཀྱི་རྒྱུས་བཟང་མོའི་ཁྱིམ་དུ་རྗེས་སུ་ཞུགས་པར་གྱུར་ཏེ། དེ་ནས་རེས་མའི་གཙོ་མོས་ལེགས་འགྲོ་མཐོང་ནས་ནི། །ལངས་ཏེ་ཡིད་འོང་དགོང་པས་འདར་བའི་ཆུ་ལྡན་མ། །སྒེག་དང་བཅས་པས་རྐང་བར་ལག་པ་བཞག་ནས་ནི། །གསལ་བར་བྱས་པའི་མིག་གི་མཐའ་ལྡན་འདུད་པར་གྱུར། །འདུད་ཅིང་རྒྱས་པའི་མིག་ལྡན་འདི་ཡང་སྨྲས་པ་སྟེ། །གོས་ཀྱི་ཕྱོགས་གཅིག་ལ་ནི་རྣམ་པར་སྒེག་བྱེད་ཅིང༌། །སྒེག་དང་བཅས་པར་ཆུ་སྐྱེས་ལྟར་ནི་དཀར་དམར་བའི། །རྐང་པ་ཅུང་ཟད་ཙམ་ནི་ས་ལ་མནན་བྱེད་ཅིང༌། །ཁྱད་པར་དུ་ནི་བསམས་པའི་མུན་པས་བ་སྒྲིབས་པའི་བདག །གསལ་བའི་གཏམ་གྱི་མཚན་མོ་མངོན་པར་འདོད་བྱེད་པའི། །ཕྲད་པར་འདོད་པའི་སྐྱེ་བོ་འདི་ནི་ཤི་བའི་ཕྱིར། །ཟླ་བ་འདི་ནི་གང་ནས་མ་དཔྱད་ཀུན་ནས་ལངས། །ད་ནི་བདག་གི་བུད་མེད་ཡོན་ཏན་བདག་གིས་ཤེས། །དགེ་བ་ལ་བརྟེན་འབྲས་བུ་འགྲོ་ལ་མ་ཉམས་པ། །གང་ཕྱིར་བདག་གི་ཁྱིམ་འདི་ཡུན་རིང་ཁྱོད་ཀྱིས་ནི། །མཆོག་གི་བུད་མེད་སེམས་ནི་འཇོམས་པས་བརྒྱན་པར་བྱས། །དྲི་མིན་འོད་ཟེར་ཅན་མཛེས་ཁྱོད་ཀྱིས་ངོ་ཚ་བྱེད་པ་ལྟར། །དེ་ལྟར་མཐོང་སྟེ་བདག་གི་ཡིད་ལ་རྣམ་རྟོག་ཀུན་ནས་འབྱུང༌། །གཅིག་པ་ཉིད་ཀྱིས་འགྲོ་བ་མངོན་པར་འདུ་བ་མི་ནུས་པས། །ངེས་པར་ཡིད་སྐྱེས་


DTG169_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་རྣམས་ཀྱིས་ནི་བདག་ཉིད་གཉིས་སུ་བྱས། །དེ་ནས་བཞད་གད་ཅན་རྣམས་ཀྱིས་དེད་དཔོན་འདི་ཉ་དང་འདྲ་བར་གྱུར་པ་ཞེས་བྱ་བ་འདོད་བར་གྱུར་པ་རེས་མའི་གཙོ་མོ་ལ་འདི་སྐད་ཅེས་སྨྲས་པར་གྱུར་ཏེ། མེ་ཏོག་ཡིད་འོང་མངོན་པར་འབྱུང་བས་ལྗོན་ཤིང་ལྟར། །རང་གི་གཟི་བརྗིད་ཀྱིས་ནི་ནོར་བུའི་ཐུར་མ་ལྟར། །ཉེ་བར་གནས་པར་བྱེད་པའི་མཛེས་པ་འདི་ཡིས་ནི། །མཚན་མོ་ཟླ་བ་ལྟར་ནི་ཁྱོད་ནི་རྣམ་པར་མཛེས། །དེ་ནས་ལེགས་འགྲོས་རེས་མའི་གཙོ་མོ་དེ་དང་ལྷན་ཅིག་ཏུ་དགའ་བ་ཉམས་སུ་མྱོང་བ་སྟེ་ཐོ་རངས་ཀྱི་དུས་ན་སྟོང་ཕྲག་བརྒྱའི་རིན་ཐང་མུ་ཏིག་གི་ཧར་བྱིན་པར་གྱུར་རོ། །གཉིས་བའི་ཞག་ལ་གསེར་གྱི་རྒྱན་ཆས་མངོན་པར་བརྒྱན་པར་གྱུར་རོ། །གསུམ་པའི་ཞག་ལ་དངུལ་གྱི་རང་བཞིན་རྒྱན་རྣམས་ཉུང་བ་རབ་ཏུ་བྱིན་པར་གྱུར་ཏོ། །དེ་ནས་རེས་མའི་གཙོ་མོ་དེས་ཀུན་ནས་ཉེ་བར་འོངས་ཏེ་ཁྲོ་བ་དང་ལྡན་པ་རྒྱལ་པོ་ཚངས་པས་བྱིན་ལ་གཏམ་དེ་ཞུས་ཤིང་གསོལ་བར་གྱུར་པ། བདག་གིས་ཉེ་བར་སྤྱད་པ་བཅོས་མ་ཡིན། །ཉི་མ་རེ་རེར་ལྷག་པར་བྱེད་འགྱུར་ཏེ། །དེ་ལྟ་ན་ཡང་དེས་ནི་མི་ཤེས་སླར། །ལེགས་འགྲོ་མཉེས་གཤིན་མེད་ཡིད་ཅི་ཡི་ཕྱིར། །དེ་ནས་རྒྱལ་པོ་དེས་ལེགས་འགྲོ་ལ་བོས་ནས། །གདན་ཀུན་ནས་འཛིན་པར་བྱས་པའི་དེ་ལ་རེས་མའི་གཙོ་མོ་སླད་པ་དེ་བཤད་ཅིང་ཞུགས་སོ། །རེས་མའི་གཙོ་མོས་གསོལ་བ། ལྷ་ལགས་མ་ཉེས་གཤིན་པ་མེད་པའི་ཡིད་འདི་སྨོད་པར་བྱས་པས་ཅི་ཞིག་བྱ་སྟེ། ངོ་ཚ་བྲལ་བ་སྐྱོན་མེད་པ་ཡི་སྐྱེ་པོ་ལ། །གང་ཞིག་ཤིན་ཏུ་དྲང་བའི་ཕྱིར་ནི་དགའ་རྣམས་སྨྲ། །དོན་མེད་ཀུན་ནས་ཉོན་མོངས་པས་ནི་ཁྱབ་པའི་ཡིད། །དེས་ནི་ཆུ་མེད་པ་ལ་ཟམ་པ་འཛུགས་པར་བྱེད། །རྒྱལ་པོས་སྨྲས་པ། དེད་དཔོན་ཆེན་པོ་འོ་ན་འདི་ལ་ལན་ཐོབ་ཅིག་ཟེར་རོ། །ལེགས་འགྲོས་གསོལ་པ། བཙོང་བྱ་བརྟག་ལ་བདག་ཅག་ནི། །རྒྱལ་པོ་ཆེན་པོ་མཛེས་པའི་བློ། །རེས་མའི་གཙོ་མོའི་བཙོང་བྱ་འདི། །རང་བཞིན་གཞན་གྱི་སྐྱོན་དང་བཅས། །ཇི་ལྟར་འདི་ཡི་མཛེས་ལྡན་དང་པོའི་ཞག་ལ་འགྱུར། །དེ་ལྟར་གཉིས་བ་ལ་ནི་ལུས་འདི་མ་མཐོང་ངོ༌། །གཟུགས་ནི་གཞན་པ་ཐོབ་པ་འདི་ལ་མཐོང་ནས་ནི། །རྒྱན་ནི་སྟེར་བ་རྒྱན་རྣམས་གཞན་ནི་བདག་གིས་བྱས། །གསེར་གྱི་སྦྲམ་བུ་མིན་པ་ཇི་སྲིད་མེ་ཡིས་


DTG169_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རབ་ཏུ་གདུང་བྱས་དེ་སྲིད་ཤིན་ཏུ་འོད་གསལ་བ། །བསྲེག་ལུགས་ཟ་བ་འབར་བ་ལ་ནི་ཞུགས་བྱས་པ། །དྲི་མ་ཅན་ཉིད་ངེས་པར་ཀུན་ནས་འོངས་པ་ཡིན། །སྐྱེ་བོས་ཀྱང་ནི་དེ་སྲིད་ཡིད་འོང་ཉེར་འགྲོ་བ། །ཇི་སྲིད་ཤིན་ཏུ་སྤྱོད་ཡུལ་དུ་ནི་ཉེར་འགྲོ་བ། །སོང་བ་ལོངས་སྤྱོད་ཉེ་བར་འགྲོ་སྟེ་སྐྱེ་བོ་ཡི། །སྐད་ཅིག་གིས་ནི་མེ་ཏོག་རྙིང་ལྟར་ཕྱེད་ལྟག་ཉིད། །མེ་ཏོག་རྣམ་པར་ཕྱེ་བ་དྲི་མས་ངེས་འབྲེལ་ལ་ཞུགས་ནས། །བུང་བས་སྙིང་པོ་དེ་ནི་མ་དཔྱད་པར་ནི་དོར་བར་བྱེད། །ཕལ་ཆེར་དངོས་པོ་སར་པ་ཆགས་པ་ཉིད་དུ་བྱེད་པ་སྟེ། །ཤིན་ཏུ་ཡིད་འོང་འཇིག་རྟེན་འདིར་ནི་ཅུང་ཟད་ཡོད་པ་མིན། །རྒས་པས་གཟུགས་ནི་མིག་ལ་ངལ་སོ་བྱེད་ཅིང་འཕྲོག་པ་སྟེ། །ཆགས་པ་སྟོབས་ལྡན་རྣམས་ཀྱི་སྟོབས་ཀྱང་སེམས་ལ་གནོད་པར་བྱེད། །ཚེ་ནི་ཟིལ་གྱིས་མནན་ནས་དེ་བཞིན་མ་སྤྱད་མཐར་བྱད་པ། །རྒྱལ་སྲིད་ཟས་དང་འོད་རྣམས་ལྟར་ནི་དངོས་པོ་སྐད་ཅིག་མ། །དེ་ལྟར་རྒ་དང་ན་དང་འཆི་དང་འཕོ་བའི་སྡུག་བསྔལ་གྱི། །མདའ་རྣམས་ཕོག་པས་སེམས་ཀྱི་བརྟན་པ་ལྷོད་པར་བྱས་པ་ལ། །བུད་མེད་ཅེས་བྱ་རུས་པའི་ཁྱིམ་ན་རང་བཞིན་མིག་གཙང་པ། །མཐོང་ནས་ཡོན་ཏན་གང་མཐོང་ནས་ནི་བྱིས་པ་ཆགས་པ་བསྐྱེད། །ཨེ་མ་གཟུགས་ལྡན་བུད་མེད་ཅེས། །རྨོངས་པས་ཀུན་ནས་རྨོངས་པར་གྱུར། །རུས་པའི་ཕྲེང་བ་ཞེས་བྱ་འདི། །མཁས་པ་རྣམས་ཀྱིས་སྨད་པ་སྟེ། །བུད་མེད་དགའ་བར་གྱུར་པ་ཡང༌། །དེ་ལྟར་སྐྱོན་མར་ཤེས་བྱས་ནས། །བློ་ལྡན་རྣམས་ཀྱིས་རིང་དུ་སྤངས། །མ་ལ་ཏི་ཤིང་ཁྱིས་མྱ་ངས་ལྟར། །དེ་ནས་རྒྱལ་པོ་དེས་ལེགས་སོ་ལེགས་སོ་ཞེས་བྱ་བས་བྱང་ཆུབ་སེམས་དཔའ་ལ་མངོན་པར་བསྟོད་ཅིང་བཞུགས་སོ། །རེས་མའི་གཙོ་མོ་དེ་ཡང་ལང་ཚོ་དང་གཟུགས་ཀྱི་ང་རྒྱལ་དང་རྣམ་པར་བྲལ་ནས་རབ་ཏུ་ཞི་བལ་རྩེ་གཅིག་པ་བྱུང་བར་གྱུར་ཏོ། །སྐྱེ་བོའི་ཚོགས་དེ་ཡང་བག་མེད་པ་རྣམ་པར་བཟློག་པར་ཚུལ་ཁྲིམས་སུ་བྱེད་པའི་རྒྱུ་བདག་ཉིད་ཞུགས་ཤིང་གནས་སོ། །བྱང་ཆུབ་སེམས་དཔའ་ཡང་སླར་ལྗོན་ཤིང་གི་བྲག་ཉིད་དུ་སོང་བར་གྱུར་ཏོ། །དེ་ལྟར་ན་བཅོམ་ལྡན་འདས་དེས་སོ་སོའི་སྐྱེ་བོ་ཉིད་དུ་གནས་པར་གྱུར་པ་ན་ཡང་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་ཆགས་པའི་མེ་རྣམ་པར་ཟློག་པར་བྱེད་ཅིང་རབ་ཏུ་ཞི་བའི་ཆོ་ག་


DTG169_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱེ་པོ་རྣམ་པར་བཞུགས་པར་མཛད་དོ་ཞེས་བྱ་བ་རྣམ་པར་བསམས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོག་ཏུ་དད་པ་སྐྱེད་པར་འོས་ཞེས་བྱ་བའོ། །དེད་དཔོན་ལེགས་འགྲོའི་སྐྱེས་པའི་རབས་ཏེ་སྐྱེས་རབས་དང་པོའོ།། །།མཁས་པ་རྣམས་ནི་རྩྭ་ཉག་ཀྱང་བསྲུང་སྟེ། །གཞན་གྱིས་བཀག་པ་འབད་པ་ཆེན་པོ་ཡིས། །ངལ་བ་མེད་པའི་ཤེས་རབ་གཙོ་བོ་རྣམས། །སྲོག་ཆགས་གཞག་པ་ལ་ནི་སྨོས་ཅི་དགོས། །འདི་ལྟར་རྗེས་སུ་ཐོས་ཏེ། དངུལ་གྱི་ཀ་བ་བཀྲུས་པ་དང་རྗེས་སུ་མཐུན་པ་ཁབ་དང་བཅས་པའི་རྩེ་མོའི་མདུན་ནས་ལྷུང་བ་ཀུན་ནས་རྙིང་པར་བྱས་པའི་ཆུ་འཛིན་པ་དང༌། མུ་ཏིག་གི་ཕྱེ་མའི་ཚོགས་ལྟར་དཀར་བའི་སྟེང་དུ་རྔོན་པ་རྣམས་ཀྱི་ཚོགས་ཀྱིས་གཡག་རྒོད་རྣམས་ཀྱི་རྐང་རྗེས་ཀྱི་ཤུལ་གྱི་རྗེས་སུ་འབྲང་བ་དང༌། དབང་ཕྱུག་ཆེན་པོའི་ཁྱུ་མཆོག་གི་རྭས་བརྡུངས་པས་སྣ་ཚོགས་པའི་རི་བོའི་ལྟོ་བ་མི་མཉམ་པར་བཅས་པ་དང༌། གྲོག་དང་སར་ལ་དང་ཐང་ཤིང་དང་ན་མེ་རུ་དང་པདྨ་ཅན་རྣམས་ཀྱི་ནགས་དུ་མས་རིའི་སུལ་རྣམས་སྔོ་བར་བྱས་པ་དང༌། རི་ལས་འབབ་པའི་ཆུ་རབ་ཏུ་འགྲོ་བས་རྩ་བའི་ས་བཀྲུས་པ་དང༌། མཚན་མོའི་དུས་ན་རབ་ཏུ་འབར་བའི་སྨན་ཆེན་པོ་ཉིད་ཀྱིས་མར་མེ་སྟོང་ཕྲག་བྱས་པ་དང་འདྲ་བ་དང༌། རིག་པ་འཛིན་པ་ཕོ་མོས་ཀུན་ནས་ལོངས་སྤྱོད་པས་མཚོའི་འགྲམ་གྱི་མཐར་ལྗོན་ཤིང་རྣམས་ཀྱི་ཁྱིམ་གྱི་བར་དྲི་ཞིམ་པར་བྱས་པ་དང༌། འགའ་ཞིག་ཏུ་གཉའ་རལ་ཅན་རྣམས་ཀྱི་སྟོབས་ཀྱིས་བརྒྱན་པས་རྣམ་པར་ལྷུང་བར་བྱས་པའི་འཇིགས་ཤིང་རབ་ཏུ་འཕོ་བའི་ཁྲི་སྙན་ས་ལེ་དང༌། རི་དགས་རྣམས་ཀྱི་རྐང་རྗེས་གཞག་པ་རྩྭ་རྩ་ནས་བཏོན་པ་དང༌། འགའ་ཞིག་ཏུ་ལྷ་མོ་ཨུ་མའི་ཞབས་ཀྱི་མཐིལ་ལ་རྒྱ་སྐྱེགས་ཀྱི་ཁུ་བས་མཚན་པའི་རྩྭ་སྔོན་པོས་ལྗང་གུའི་ས་དང་ལྡན་པ་དང༌། གཞན་དུ་འདབ་ཆགས་རྣམས་ཀྱི་མཆུས་དུམ་བུར་བྱས་པའི་ཡོངས་སུ་སྨིན་བའི་ཤིང་རྣམས་ཀྱི་འབྲས་བུས་ཁྱབ་པའི་སྐྱེད་མོས་ཚལ་གཞན་དང་ལྡན་པ་དང༌། རླུང་གིས་རྣམ་པར་རྒྱས་པར་གྱུར་པའི་ཁྱད་པར་མང་བའི་མེ་ཏོག་རྣམས་ཀྱི་དྲིས་དྲི་ཞིམ་པ་དང༌། དཔྱིད་ཀ་འི་ཟླ་བ་ནས་རབ་ཏུ་བརྩམས་པའི་ཤིང་རྣམས་ཀྱིས་ཁ་ཟླུམ་པའི་མྱུ་གུ་དང་ལྡན་བ་དང༌། རི་དགས་རྣམ་པར་ལྷུང་བའི་སྒྲས་འཇིགས་པའི་འདབ་ཆགས་ཀྱི་ཚོགས་ཀྱིས་རྣམ་པར་གྲོལ་བར་གྱུར་བའི་ཆུ་བོ་གང་གཱའི་འགྲམ་གྱི་ཆུ་དང་ལྡན་པ་དང་


DTG169_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་པ་དང་བཅས་པར་མི་འམ་ཅི་ཕོ་མོའི་གླུ་ཐོས་པས། རི་དགས་ཀྱི་ཚོགས་མི་གཡོ་བ་ཡོད་པ་དང༌། རྩེ་མོ་མཐོ་བ་ཉིད་ཀྱིས་འོ་མའི་རྒྱ་མཚོ་ལྟར་མཐོན་པོ་ཉིད་དུ་ཉེ་བར་སོང་བའི་རི་པོ་གངས་ཅན་གྱི་ཕྱོགས་གཅིག་ན་གུས་པ་དང་བཅས་པ་ལྟར་ཤིང་རྣམས་ཀྱིས་མཆོད་པའི་སྒོ་བྲག་གི་རྒྱབ་དང་ལྡན་པ་དང༌། རྩྭའི་མྱུ་གུ་ལྗང་གུ་བྱུང་པས་མཐའ་མ་སྔོ་བ་དང༌། པདྨ་རྣམ་པར་རྒྱས་པའི་མཚོས་ཉེ་འཁོར་བརྒྱན་པའི་ཤིན་ཏུ་ཆེ་བའི་ཕུག་ཏུ་ལྷག་པར་གནས་ཤིང༌། ཤིན་ཏུ་མང་བའི་བུང་བའི་ཆུས་མངོན་པར་སྤངས་པའི་གོས་ཀྱི་རྒྱུ་སྤུན་ཀུན་ནས་སེར་བའི་གཉའ་རལ་གྱིས་གཉའ་བར་སྒེག་པ་དང༌། ཟེའུ་འབྲུ་ལྟར་འཇམ་ཞིང་ཤིན་ཏུ་གཡོ་བའི་ལྕེ་དང་ལྡན་པ་དང༌། ཅུང་ཟད་ཀུན་ནས་རྙིངས་པའི་ཨ་ཏི་མུ་ཀྟའི་མེ་ཏོག་གི་ཕུང་པོ་ལྟར་ཀུན་ནས་སྐྱ་བའི་ལུས་དང་ལྡན་པ་དང༌། རི་བོང་ཅན་གྱི་ཆའི་མཐའ་མ་ལྟར་འཁྱོག་ཅིང་རྣོ་བའི་མཆེ་བ་དང་ལྡན་པ་དང༌། བྲང་རྒྱས་པ་དང། ལག་ངར་ཚོ་བ་དང༌། དབུས་རབ་ཏུ་སྲབ་པ་དང༌། འཕྲོས་པའི་སེང་ལྡེང་གི་སོལ་བ་ལྟར་མིག་གཉིས་སེར་སྐྱ་དང་ལྡན་པ། ཁྲའི་མཆུ་ལྟར་རྣ་བའི་སེན་མོའི་མྱུ་གུ་དང་ལྡན་པ་དང༌། མཐའ་མ་སྔོ་བའི་མཇུག་མ་དང་ལྡན་པ་དང༌། ཁ་བ་ཅན་གྱི་རིའི་རྒྱན་དང་འདྲ་བ་མ་སྨད་པའི་ཡན་ལག་ཅེས་བྱ་བ་དུས་གཅིག་གི་ཚེ་ན་མཆེ་བ་གཉིས་པ་དང་རི་དགས་རྣམས་སྐྲག་པར་བྱེད་པ། རི་དགས་ཀྱི་བདག་པོ་བྱང་ཆུབ་སེམས་དཔའ་བྱུང་བར་གྱུར་ཏེ། དེ་ནས་དེ་ཡི་རང་བཞིན་བཟང་པོ་ཉིད་ཤེས་ནས། །སྲོག་ཆགས་རྣམས་ལ་སེམས་ནི་བཟང་བ་ཐུབ་པ་ལྟར། །རང་བཞིན་གྱིས་བཟང་འདོད་པར་བྱ་བའི་མིག་ལྡན་པ། །རི་དགས་རྣམས་ནི་དགའ་བས་གཉེན་ལྟར་འདི་རྗེས་འགྲོ། །ཞི་བ་དང་ལྡན་གཉའ་རལ་ཤིང་ལོས་ཁྱབ་པ་ནི། །རི་དགས་རྗེས་འགྲོ་རི་དགས་རྒྱལ་པོའི་དཀའ་ཐུབ་པ། །དེ་ནི་ཕུག་གི་ལོ་མའི་ཁྱིམ་གྱི་ནང་ནས་ནི། །ཤིང་རྣམས་ཀྱི་ནི་འབྲས་བུ་སྨིན་པ་ཟོས་པར་གྱུར། །འབྲས་བུ་དགོས་པའི་ཕྱིར་ནི་ནགས་ནང་དུ་སྤྱོད་ཅིང༌། །སྒེག་བཅས་འགྲོ་བས་གཡོ་ཞིང་ཡིད་འོང་གཉའ་རལ་ཅན། །ཆེན་པོའི་ཁྱིམ་ན་གནས་པའི་དོན་གཉེར་དགའ་རྣམས་ལྟར། །དོན་གཉེར་བཞིན་དུ་ས་སྐྱེས་རྣམས་ཀྱིས་མཐོང་བར་གྱུར། །ཕུག་གི་ནང་ནས་ཕྱིར་བྱུང་ཁ་བ་མེད་པ་ལ། །རྐན་ནི་གསལ་བ་ཁྱབ་པར་དུ་ནི་གླལ་བའི་ཕྱིར། །དེ་ཡི་


DTG169_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་རིམ་གྱིས་ཡན་ལག་བདེ་རྒྱས་འགྱུར། །ཉིན་མོར་བྱེད་པས་ཉི་མའི་འོད་སར་རབ་འཛིན་ཅིང༌། །འདི་ནི་རི་དགས་རྣམས་ཀྱི་བདག་པོས་འཛིན་འདི། །འདབ་ཆགས་རྣམས་ཀྱི་བྱ་ཁྱུང་ལྟར་ནི་རྣམ་གནོན་ཆེ། །འདི་ལྟར་དེ་ཡི་སྟེང་དུ་ངོ་མཚར་སྐྱེས་པ་ནི། །མཚན་མོ་མཚན་མོར་བྱེད་པའི་གདུགས་ནི་འཛིན་པར་གྱུར། །འགྲམ་ན་གནས་པ་དེས་ནི་ཆུ་བོ་གང་ལ་ནི། །མཚན་མོར་བྱེད་ལྟར་གསལ་ཞིང་བསིལ་བའི་ཆུ་འཐུང་འགྱུར། །དེས་ནི་བདག་ཉིད་དོན་བྱས་ལྟ་བུ་བསམས་པ་སྟེ། །དབུ་བའི་སྟེང་རྣམས་ཀྱིས་ནི་གསལ་བར་དགོད་པ་འདྲ། །ཁ་བའི་རི་ནི་རྣམ་པར་དག་པའི་སེམས་དེ་ཡིས། །བདག་ཉིད་ཆེན་པོ་གཉའ་རལ་ཅན་གྱིས་ཀུན་ནས་བརྟེན། །དགའ་བ་ལྟར་ནི་གསེར་གྱི་རི་བོ་ལས་ཀྱང་ནི། །འོད་གསལ་བདག་ཉིད་ཤིན་ཏུ་ཆེ་བ་ལྟར་བསམས་གྱུར། །ས་གནས་འཇིགས་པར་བྱེད་པའི་སེང་གེ་ཉིད་གང་དུ། །སྙིང་རྗེ་ཆེ་འདི་རི་དགས་རྣམས་ལ་གང་དུ་ཡང༌། །འདི་ལྟར་ཐུབ་པ་བཞིན་དུ་ཁ་བའི་རི་དེར་གནས། །རི་དགས་བདག་ལ་རི་དགས་དགྲ་ཡང་འདུད་པར་གྱུར། །དེ་ནས་དུས་གཅིག་གི་ཚེ་ན་རི་དགས་ཀྱི་བདག་པོ་དེའི་སའི་བདག་པོ་ལྟར་ནི་སྒེག་པ་དང་བཅས་པས་ཉེ་བར་གནས་ཤིང༌། མེ་ཏོག་འབྱུང་བའི་ལྗོན་ཤིང་གི་གླུ་མཁན་མོའི་ཟེའུ་འབྲུའི་སོར་མོ་རྣམས་ཀྱི་ཀུན་ནས་གདུངས་བཞིན་པའི་སྦྲང་རྩི་བྱེད་པའི་ཕྲེང་བའི་པི་ཝང་གི་སྒྲས་དགའ་བར་གྱུར་པ་དང༌། རབ་ཏུ་འགྲོ་ཞིང་རིའི་ཆུའི་རྫ་རྡའི་སྒྲས་གར་བྱེད་དུ་བཅུག་པའི་རྨ་བྱའི་གར་མཁན་དང་ལྡན་པའི་ཕུག་གི་སྒོ་ལ་ཀུན་ནས་ཉེ་བར་གནས་པའི་མདུན་དུ་ཀུན་ནས་བཙིར་བར་བྱས་པའི་རྒྱ་སྐྱེགས་ཀྱི་རིལ་བུས་ཀུན་ནས་དམར་བར་བྱས་པའི་གདང་དང་ལྡན་པ། ཤིང་མ་ལ་ཏི་སར་པའི་འབྲས་བུ་དང་རྗེས་སུ་མཐུན་པའི་མིག་ཅན་ཡོངས་སུ་སྨིན་པའི་ཨུ་དུམྦཱ་དཱར་འཛིན་པའི་ཕྲུ་གུ་རྣམས་ཀྱིས་ཕྲག་པ་ལ་ལྷག་པར་གནས་པ། འབྲས་བུའི་ཁུ་བས་བརླན་པའི་དྲི་མ་ཅན་གྱི་ལག་པའི་སོར་མོ་དང་ལྡན་པའི། སྤྲེའུ་ཕོ་མོ་གཉིས་མངོན་པར་ཕྱག་བཙལ་ནས་སྨྲས་པ། ཁྱོད་ཀྱི་ལུས་ངག་ཡིད་རྣམས་ཀྱི། །ཨེ་མ་ལས་ནི་མ་སྨད་པ། །མ་སྨད་ཡན་ལག་ཅེས་བྱ་ཉིད། །ཁྱེད་ཀྱི་མིང་ནི་རྗེས་མཐུན་གྲགས། །ཨེ་མ་གཏོང་དང་བཟོད་བརྩོན་འགྲུས། །བཟང་མོའི་


DTG169_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་འབྱུང་བ་ནི། །ཡོན་ཏན་ཅན་མཆོག་ཁྱོད་ཡོན་ཏན། །ཐུབ་རྣམས་བས་ཀྱང་ཁྱད་པར་འཕགས། །དག་པའི་སེམས་ལྡན་ཁྱོད་ཀྱི་ནི། །ཨེ་མ་དག་པའི་འཇུག་པ་ཡིས། །མཆོག་ཏུ་དྲག་པོ་རྣམས་ཀྱི་ཡིད། །མཆོག་ཏུ་འཇམ་པ་ཉིད་དུ་མཛད། །དོན་བྱས་ཁ་བ་ཅན་འདི་ནི། །ཁ་བས་གཡོགས་པའི་བྲག་སྟེངས་འདི། །དོན་བྱས་ཁ་བ་ཅན་འབྲས་བཅས། །བསྟན་པ་དེ་ལྟར་རང་བཞིན་གྱིས། །གང་ཞིག་ཁྱོད་ཀྱིས་ཉེ་བར་བརྟེན། །དེ་ཕྱིར་ཕྲུ་གུ་འདི་དག་ནི། །འཇིགས་པའི་སྦྲུལ་མཐོང་སྐྲག་པ་དག །ཁྱེད་ལ་གཏད་ནས་བདག་ཅག་ནི། །འབྲས་བུ་དོན་གཉེར་ནགས་སུ་འགྲོ་།ཇི་སྲིད་འབྲས་བུ་ཉེར་བླངས་ནས། །ནགས་ཚལ་ནས་ནི་ཀུན་ནས་འོངས། །དེ་སྲིད་ཁྱོད་ཀྱིས་འདི་དག་ནི། །ཡན་ལག་གཡོ་བ་བསྲུང་བར་བྱ། །སྤྲེའུ་ཉིད་དང་གཡོ་བ་ཉིད། །གཉིས་པོ་འདི་ནི་དུས་མཉམ་སྟེ། །དེ་བས་འདི་དག་གིས་བྱས་གནོད། །ཁྱེད་ཀྱིས་སྐད་ཅིག་བཟོད་པར་བྱ། །ཤིན་ཏུ་ལྕི་བའི་སྡུག་བསྔལ་ཡང༌། །གཞན་གྱི་དོན་ནི་བསྒྲུབ་པའི་ཕྱིར། །བདག་གི་བདེ་ལ་ལྟོས་མེད་པར། །མཁས་པ་རྣམས་ཀྱིས་བཟོད་པ་ཉིད། །ཤིན་ཏུ་འཇིགས་པའི་སེམས་རྣམས་ཀྱིས། །གང་ཞིག་འཇིགས་པ་འཇོམས་འདོད་པ། །ཡིད་ལ་གདུང་བྱེད་གནོད་པ་ནི། །དེས་ནི་ཅི་ལྟར་བཟོད་མི་འགྱུར། །དེ་ལྟར་སྤྲེའུ་ཕོ་མོ་དེས་ནི་སེང་གེ་དེ། །བུ་གཉིས་མངོན་པར་བསྲུང་བར་བྱ་ཕྱིར་མངོན་སྨྲས་པ། །གཞན་ལ་བསྲུང་བར་ནུས་བས་ཀྱང་ནི་མི་སྐྱོ་ཡིད། །སྐད་ཅིག་འཁྲུགས་པར་སོང་བ་འདི་ནི་རབ་འཛིན་འགྱུར། །གཞན་གྱི་ས་གཏད་པའི་གསེར་གྱི་ཕུང་པ་ཆེན་པོ་ཡང་མངོན་པར་བསྲུང་བར་ནུས་ཀྱི་གཡོ་བའི་རང་བཞིན་སྤྲེའུ་ཕྲུག་པ་འདི་དག་ཅི་ལྟར་བསྲུང་བར་ནུས་ཞེས་ཟེར་རོ། །ཡང་ན་བདག་གང་གིས་འགྲོ་བ་མ་ལུས་པ་ཉིད་འཁོར་བའི་འཇིགས་པ་ལས་ཀུན་ནས་སྐྱོང་བར་ནུས་ན་བདག་གིས་འདི་དག་ཀུན་ནས་སྐྱོང་བར་མི་འགྱུར་ཞེས་བྱ་བ་བདག་གིས་རྣམ་པར་དཔྱོད་པ་འདི་ནི་རིགས་པ་མ་ཡིན་ནོ་སྙམ་དུ་བདག་ཉིད་ཆེན་པོ་དེས་རྣམ་པར་ངེས་ཏེ། སྤྲེའུ་ཕོ་མོ་གཉིས་ལ་སྨྲས་པ། ཁ་བ་ཅན་གྱི་རི་འདི་རྣམ་པར་བཟུང་ནས་ཁྱེད་ཅག་སོང༌། །མཉམ་པ་མཐོང་བ་རྣམས་ཀྱིས་ནམ་མཁའི་དབུས་བཞིན་རེག་བྱེད་ཅིང༌། །ཞིམ་པའི་


DTG169_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་རྣམས་ནི་འོང་བའི་ཕྱིར་ནི་ཤིན་ཏུ་མྱུར། །མཉེས་གཤིན་པ་འདིས་ཕྲུ་གུ་གཉིས་པོ་བདག་གིས་ཡོངས་སུ་བསྐྱང༌། །དེ་ནས་སྤྲེའུ་ཕོ་མོ་དེས་བྱང་ཆུབ་སེམས་དཔའ་དང་ཉེ་བར་ཕྲུ་གུ་གཉིས་པོ་དེ་རྣམ་པར་གཞག་སྟེ་དུ་བ་ལས་རྣམ་པར་ལོག་པར་བྱས་ནས་གོམ་པ་ཤིན་ཏུ་མྱུར་བར་འབྲས་བུ་རྣམས་ཉེ་བར་འོངས་པའི་ཕྱིར་ཁ་བ་ཅན་གྱི་གནས་ཀྱི་ནང་རྣམས་ལ་ཀུན་ནས་འཁོར་བར་གྱུར་ཏོ། །ཡུན་རིང་པོ་མ་ཡིན་པར་སོང་བའི་སྤྲེའུ་དེ་དག་གིས་བདག་ཉིད་ཆེན་པོ་གཉའ་རལ་ཅན་དེ་ལ་ཕ་བཞིན་དུ་སྤྲེའུའི་ཕྲུ་གུ་དེ་དག་མཉེས་གཤིན་པས་འབྲེལ་པར་འགྱུར་རོ། །ཡན་ལག་མ་སྨད་པས་ཀྱང་དེ་དག་ལ་ཞིམ་ཞིང་ལྷོད་པའི་སོ་རྣམས་ཀྱི་མཐའ་མས་བཟུང་བའི་འབྲས་བུ་རྣམས་སྦྱིན་པར་གྱུར་ཏེ། །དེ་དག་གིས་ཀྱང་རང་བཞིན་དུ་གཡོ་བ་ཉིད་ཀྱིས་བདག་ཉིད་ཆེན་པོ་དེ་ལ་རྣམ་པར་འཚེ་བ་དེ་དང་དེ་བྱས་པར་གྱུར་ཏེ། ཕུག་གི་སྒོ་དང་ཉེ་བའི་གནས་སུ་ཡིད་འཕྲོག་པ། །སེང་གེ་ཉལ་འདོད་བདེ་ཞིང་བསིལ་བའི་རླུང་ལྡན་པ། །སྤྲེའུའི་ཕྲུ་གུ་གཡོ་བ་དེ་དག་སྐད་ཅིག་ཏུ། །ཡུད་ཙམ་ཉིད་ཀྱིས་བདེ་བ་འདི་ཡི་ཕྲོགས་པར་གྱུར། །མིག་གི་ཅུང་ཟད་ཟུམ་པ་ནི། །དེ་ཡི་མིག་དབང་སླར་ཡང་ནི། །མེ་སྟག་གིས་འཁྱུད་མིག་འབྲས་ཅན། །སོར་མོ་རྣམས་ཀྱིས་སྡུག་བསྔལ་གྱུར། །བདེ་བ་ཉེ་བར་གནས་པ་དེའི། །དུང་དུ་བསྐྱོད་ཅིང་གནས་བྱས་ནས། །མཇུག་མའི་མཐའ་མ་ནས་བཟུང་སྟེ། །ཀུན་ནས་ཡང་ཡང་འགུགས་པར་གྱུར། །གཉའ་རལ་དང་ནི་རྒྱབ་བཟུང་ནས། །ཡང་ཡང་དེ་ཡི་སྟེང་ཞོན་ནས། །ལྷན་སྐྱེས་གཡོ་བ་ལས་རིང་བར། །བྱུང་ཞིང་བྱུང་ནས་ལྷུང་བར་གྱུར། །མདུན་དུ་ཡོད་བཞིན་རྣམས་ལ་ཡང༌། །འབྲས་བུ་མང་བ་དེ་དག་གིས། ཟ་འདོད་དེ་ཡི་ཁ་ལས་ནི། །འབྲས་བུ་ཀུན་ནས་འགུགས་པར་འགྱུར། །དེ་ལྟར་སྤྲེའུ་ཕྲུག་དེ་དག་གི །བྱ་བ་ངན་པ་དེ་དང་དེ། །སྙིང་རྗེ་བཟང་པོའི་སེམས་ལྡན་ཕྱིར། །བུ་དག་ལྟར་ནི་དེས་བཟོད་གྱུར། །ཀུན་ནས་མཉམ་པའི་སེམས་ལྡན་པ། །བདེ་དང་སྡུག་བསྔལ་མ་ལྟོས་པའི། །ཀུན་གཙོ་དམ་པ་རྣམས་ཀྱི་ཡིད། །གང་དུ་ཡང་ནི་ངལ་མི་འགྱུར། །དེ་ནས་དུས་གཅིག་གི་ཚེ་ན་ཀུན་ནས་རྩུབ་ཅིང་གཤོག་པའི་ཚོགས་རྒྱས་པ་འཁྱོག་ཅིང་རྩུབ་པའི་སེན་མོའི་རྩེ་མོ་དང་ལྡན་པ་རང་བཞིན་གྱིས་དྲག་པའི་མིག་ཅན་གང་དུ་ཡང་ཤའི་


DTG169_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་མ་རྙེད་པ་ནམ་མཁའི་མཐིལ་དུ་ཀུན་ནས་འཁོར་ཏེ། རྣོ་བའི་སྤུ་གྲི་ལྟར་མཆུ་རྣོ་བ་སྤུ་གྲི་ཅན་ཞེས་བྱ་བའི་བྱ་རྒོད་སྒྲ་དང་བཅས་ཤིང་ཤུགས་དང་ལྡན་པ་མ་དཔྱད་པར་བྱུང་སྟེ། བྱང་ཆུབ་སེམས་དཔའ་ལ་ཉེ་བར་འཇུག་པ་འབྲས་བུ་མྱང་བས་སྐྱོད་ཅིང་དཀར་ལ་སྲབ་པའི་སོའི་ཕྲེང་བ་དང་ལྡན་པའི་སྤྲེའུའི་ཕྲུ་གུ་དག་འཇིགས་པས་ཁ་ཕྱེ་ཞིང་རྣམ་པར་འགྱུར་བའི་གདོང་པ་དང་ལྡན་པ། སྐད་ཤིན་ཏུ་རྩུབ་པ་དག་གིས་བཟུང་ནས་ཤིན་ཏུ་མྱུར་བར་བར་སྣང་ལ་འཕུར་ཏེ་ཁ་བ་ཅན་གྱི་རིའི་རྩེ་མོར་གནས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔས་ཀྱང་ཀྱི་ཧུད་ཀྱི་ཧུད་ཅེས་བྱ་བ་བརྗོད་ནས་གལ་ཏེ་བདག་གིས་བྱ་རྒོད་འདི་རྣམ་པར་གནོན་པས་བརྙས་པར་གྱུར་ན། སླར་འདིའི་ཕུར་ནས་ཤིན་ཏུ་དཀའ་བའི་རྩེ་མོ་གཞན་ལ་གནས་ནས་མཆོངས་ཤིང་འགྲོ་བའི་ཕྲུ་གུ་གཉིས་པོ་འདི་བསད་པར་གྱུར་ན་རྣམ་པ་ཐམས་ཅད་དུ་སྤྲེའུའི་ཕྲུ་གུ་གཉིས་པོ་འདི་བདག་གིས་བལྟ་བར་ནུས་པ་མ་ཡིན་ཏེ། མངོན་པར་འཕེལ་བའི་སྡུག་བསྔལ་གྱིས་ཁྱབ་མིག་ལྡན་པ། །སྐད་ནི་རྩུབ་པས་རྐན་གྱི་བུག་མཚོན་བྱས་པ། །ལྟོ་བ་ལས་འཛག་ཁྲག་གིས་སྤུ་ནི་བརླན་བྱས་པ། །བཀྲེས་པ་དང་ལྡན་ཁྲ་ལྟར་ཤ་ནི་རྣམ་འཇིག་པ། །བྱ་རྒོད་འདིས་ནི་ཤ་ནི་རྣམ་པར་གཅོད་པ་ཡིས། །ཤིན་ཏུ་སྤྲེའུའི་ཕྲུ་གུ་གཉིས་པོ་འདི་ལ་ནི།། འབྲས་བུ་རྣམས་ནི་བླངས་ནས་དེ་དག་འོངས་པ་ཡི། །མདུན་དུ་དེ་རིང་བདག་གིས་སྨྲ་བར་ནུས་སམ་ཅི། །གཡོ་བ་དག་ནི་མཚོ་ཆུ་འཐུངས་པས་འགྱུར་རམ་ཅི། །འབྲས་བུའི་དོན་དུ་ཤིང་ལ་འཛེགས་ནས་གནས་སམ་ཅི། །ཡང་ན་རི་ཡི་ཕུག་འདིར་ཞུགས་པར་གྱུར་ཏམ་ཅི། །འོན་ཏེ་སྦྲུལ་འགའ་ཞིག་གིས་འདིར་ནི་དེ་དག་བསད། །རི་དགས་བདག་པོ་ཁྱེད་ནི་ཐུར་ལྟ་མི་སྨྲ་གནས་པ་ཅི། །ཕྲུ་གུ་དེ་འདིར་གང་དུ་སོང་འགྱུར་སྨྲ་བར་མཛོད། །དེ་ལྟར་རབ་ཏུ་མཆོངས་འགྲོ་ཀུན་ནས་ཕོངས་མིག་དེ་དག་གིས། །འཁྲུག་པའི་ཚིག་ལྡན་ཇི་ལྟར་བདག་གིས་དེ་དག་ཉན་པར་འགྱུར། །དེ་དག་མེད་པ་ཡུན་རིང་པོས་ནི་ཉེ་བར་དམིགས་བྱས་ནས། །ཕྲུ་གུ་ཀུན་ད་ལྟར་ནི་དཀར་བའི་སོ་ཡི་ཕྲེང་བར་ལྡན། །མྱ་ངན་གྱིས་ནི་ཀུན་ནས་ཉེར་འོངས་དེ་དག་བྱས་འགྱུར་ཏེ། །མཆིལ་པས་བཟུང་བའི་ཉ་རྣམས་ལྟར་ནི་འདར་བར་གྱུར་པ་རྣམས། །དེ་བས་ན་འདི་འདིར་དུས་ཐོབ་པ་བདག་གིས་སེམས་ཏེ། ཇི་སྲིད་སྟག་གི་སེན་


DTG169_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་མྱུ་གུའི་རྣམ་པ་འཛིན་པའི་མཆུས་ནི་ལྟོ་བ་རྣམ་ཕུག་ནས། །བྱ་རྒོད་འདི་ནི་འཇིགས་ལྡན་སྤྲེའུའི་ཕྲུ་གུ་དག་ལ་རྒྱུ་མ་རྣམས་ནི་འགུགས་མི་བྱེད། །དེ་སྲེད་བདག་གིས་སོང་སྟེ་ཁ་བ་ཅན་གྱི་རི་རྩེའི་མཐའ་མར་མགྲིན་ལྟའི་གདོང་ཅན་འདུག་ནས་ནི། །ཐབས་ནི་སྔོན་འགྲོ་མཉམ་ཉིད་ཀྱིས་འདི་བདག་གིས་ཆོས་དང་མ་བྲལ་གནས་པས་ཁྲིད་པར་འགྱུར། །དེ་ལྟར་རྣམ་པར་བསམས་ཏེ་བདག་ཉིད་ཆེན་པོ་དེས་བྱ་རྒོད་དང་ཉེ་བར་འོངས་ཏེ་སྨྲས་པ། ཀྱེ་འདབ་ཆགས་ཀྱི་མཆོག་བདག་གི་ལག་པར་ཕ་མ་དག་གིས་སྤྲེའུའི་ཕྲུག་པ་འདི་དག་གཞག་པ་སྟེ། དེ་བས་ན་ཁྱོད་ཀྱིས་འདི་དག་ཁ་ཕྱེ་པའི་སོ་རྣམས་ཀྱིས་ཕོངས་པའི་གདོང་དང་ལྡན་པ་སྐད་རྩུབ་པ་དག་བསད་པར་རིགས་པ་མ་ཡིན་ཞེས་ཟེར་ཏེ། ངེས་པར་ཁྱེད་ཀྱིའང་ཕྲུ་གུ་རྣམས། །སྔར་ནི་འབྱུང་བ་འམ་ཡོད་པ་སྟེ། །ཅི་འདྲ་ཁྱོད་ཀྱིས་དེ་རྣམས་ལ། །མཉེས་གཤིན་གཞན་ཡང་དེ་ལྟ་བུ། །དེ་ལྟར་སྙིང་རྗེ་ལ་དམིགས་ནས། །སྤྲེའུའི་ཕྲུག་པ་མ་བསད་ཅིག །ནད་པ་འདི་དག་ཟོས་ནས་ཀྱང༌། །ཁྱེད་ལ་ཚིམ་པ་གཏན་དུ་མེད། །ཀྱི་ཧུད་དེ་ཡི་འཚོ་བ་སྨད། །འདི་འདྲ་བདག་ལ་ཆགས་པ་སྨད། །གང་ཞིག་ལུས་འདི་རྒྱས་པ་འདི། །གཞན་ལ་འཚེ་བས་ཁྱད་པར་འགྱུར། །མི་ཤེས་པ་ནི་ཆགས་པ་སྐྱེ། །སྐྱོན་དང་བཅས་པའི་ལུས་ལ་ཡང༌། །དེ་རྒྱས་དོན་དུ་མི་ཤེས་པས། །ངན་འགྲོའི་རྒྱུ་ཡི་ལས་ནི་བྱེད། །བདག་དང་བདག་གི་མེད་མེད་ཕྱིར། །གང་ཞིག་ཐམས་ཅད་སྟོང་པ་མཐོང༌། །ཡང་དག་མིན་བའི་རྣམ་རྟོག་སྐྱེས། །ཡིད་ཀྱི་མུན་པ་དེ་འགེགས་མིན། །གང་ཚེ་མུན་པ་མེད་པའི་ཕྱིར། །མཁས་པས་དེ་ཉིད་ཐོབ་འགྱུར་ན། །དེ་ཚེ་ཐར་པའི་ཕྱིར་འགྱུར་ཏེ། །དགེ་མི་དགེ་ལ་རྒྱབ་ཀྱིས་ཕྱོགས། །སེང་གེ་ལས་གཞན་ཤ་ཟ་སུ་ཞིག་ཡོད་མིན་ཏེ། །དྲག་པའམ་ཞེས་འདི་ནི་ས་ལ་གསལ་བ་སྟེ། །སེང་གེའི་སྐྱེ་གནས་དཀའ་བ་ཡང་ནི་བདག་བརྟེན་པ། །ཆོས་ལས་འདས་མིན་སྲོག་ཆགས་འཚེ་བ་འདི་མི་འདོད། །ནགས་འདི་ལས་ནི་རི་དགས་མང་པོ་བསྟེན་པ་དང༌། །རི་དགས་དགྲས་ནི་བསད་པ་འམ་རང་ཉིད་ཀྱིས་ཤི་བ། །མཁའ་འགྲོ་མཆོག་ལགས་ནམ་མཁའ་འཁོར་ཞིང་བལྟས་ནས་ནི། །མྱུར་དུ་འགྲོ་བ་འོངས་ཏེ་དེ་ཡི་ཤ་ཟ་འགྱུར། །མེ་ཡི་ལྕེ་དང་འདྲ་བར་ལུས་ལ་གདུང་བྱེད་ཅིང༌། །བཀྲེས་པ་ཆེན་པོ་ཡང་ནི་དེ་བས་བཟོད་བྱས་ཏེ། །དམྱལ་


DTG169_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བར་ངེས་པར་ལྷུང་བའི་ཕྱིར་ནི་མི་དགེ་བ། །འདི་འདྲ་བ་ནི་བག་ཡོད་དོར་བས་མ་བྱད་ཅིག །ནང་དུ་སེམས་ཅན་རྣམས་ཀྱི་རུས་པའི་ཚིགས་ནི་ཆག་པས་ཚེག་ཚེག་སྒྲ་ཡི་ཧཱུཾ་བྱེད་ཀྱིས་ནི་འཇིགས། །མེ་སྟག་ཚོགས་ནི་ཀུན་ནས་རྒྱས་པར་བྱེད་ཅིང་མེ་ལྕེ་ཆེན་པོ་དམར་ཞིང་འོད་མེད་འཇིགས་པར་ལྡན། །གཡོ་བའི་འབར་བའི་ཚོགས་ལྡན་དམྱལ་བའི་བསྲེག་ལུགས་ཟ་བ་རྣམས་ནི་མཁས་པ་རྣམས་ཀྱིས་བརྗོད་བཞིན་པ། །སྐྱེ་བོའི་རྣ་བར་སོང་བ་རྣམས་ཀྱང་མི་བདེ་བྱེད་ན་ཀུན་ནས་རེག་པ་སླར་ཡང་སྨོས་ཅི་དགོས། །ལྕགས་ཀྱི་བུམ་པ་ཅན་ལ་འབར་བའི་བསྲེག་ལུགས་འཛིན་པ་རེག་པས་ཀུན་ནས་གདུང་བ་ལ་ནི་མིག །ཤིན་ཏུ་སྒྲ་སྒྲོགས་བསྐོལ་བ་ཀུན་ནས་བསྐྱོད་པའི་མར་ནག་གིས་ནི་ཁ་དང་མགྲིན་པ་གང་བའི་ཕྱིར། །རྩིག་པ་ལ་ནི་རི་མོ་བྲིས་པའི་འཚེད་བཞིན་དམྱལ་བའི་མི་ནི་བྲིས་བ་ཡང་ནི་མཐོང་བྱས་ཏེ། །ངན་འགྲོ་ཐོབ་ཕྱིར་རྣམ་པར་འཚེ་བྱེད་སུ་ཞིག་ཀྱང་ནི་དྲག་པའི་རང་བཞིན་ལས་ནི་འགྱོད་མི་བྱེད། །ངན་འགྲོའི་སྡུག་བསྔལ་ནམ་མཐོང་ནས། །གང་ཞིག་མི་དགེ་ལས་མི་འགྱོད། །མི་ཡི་རྣམ་པ་དེ་ལ་ཡང༌། །ཡང་ན་རྡོ་བའི་སྙིང་ཅན་ཡང༌། །དེ་ནས་བྱ་རྒོད་དེས་བྱང་ཆུབ་སེམས་དཔའི་ཆོས་བསྟན་པས་དང་བའི་བློ་སྐྱེས་ཤིང་མངོན་དུ་ཕྱག་འཚལ་ནས་སྨྲས་པ། རི་དགས་ཀྱི་བདག་བོ་ཁྱེད་ཀྱིས་བྱིས་པ་རྣམས་ཀྱི་མཚན་ཉིད་གསལ་བར་མཛད་པ་སྟེ། ད་ནི་མཁས་པ་རྣམས་ཀྱི་མཚན་ཉིད་ཁྱེད་ཀྱིས་བཤད་པར་འོས་སོ་ཞེས་ཟེར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དང་བའི་ཡིད་དང་ལྡན་པ་ཤེས་ནས་སྨྲས་པ། གལ་ཏེ་དེ་ལྟ་ཡིན་ན་དེ་བས་ན་མཁས་པ་རྣམས་ཀྱི་མཚན་ཉིད་ཉོན་ཅིག་ཅེས་ཟེར་རོ། །རྙེད་དང་མ་རྙེད་པ་ལ་ཕན་པར་སྨྲ་བའི་གྲོགས་པོ་ལ་འམ་སྡང་བ་ལ། །བསྟོད་པ་དང་ནི་སྨད་པ་ལ་འམ་ཡོ་བྱད་ཆེ་བ་ལ་འམ་རྒུད་པ་ལ། །གང་ཞིག་ཉེ་བར་ཞི་བས་རྣམ་པར་དག་པའི་ཡིད་ཀྱིས་རྣམ་པར་འགྱུར་མི་འགྲོ་།དེ་ནི་ཤེས་རབ་ཅན་རྣམས་ཀྱི་ནི་སྟེང་གནས་འོད་ཟེར་ལྡན་རྣམས་ཀྱི་ནི་ཉི་མ་བཞིན། །ཡང་ན་མཁས་པ་རྣམས་ཀྱི་མཚན་ཉིད་ཐོས་པ་འདིས་ཁྱོད་ལ་ཅི་ཞིག་བྱ་སྟེ། །སྤྲེའུའི་ཕྲུ་གུ་འདི་དག་རྣམ་པར་བཏང་བར་གྱིས་ཤིག །བདག་ཉིད་ཁོ་ན་བདག་གིས་ཁྱོད་ལ་རབ་ཏུ་སྦྱིན་པར་བྱ་ཞེས་ཟེར། །ཁྱེད་ཀྱིས་ཤ་ནི་ཟོ་ཤིག་ཁྲག་ཀྱང་བཏུང་བར་


DTG169_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །གཡོ་བ་མེད་པ་བདག་གི་མིག་དག་ཀྱང་ཐོན་ཅིག །དེ་ལྟར་སྨྲས་ནས་རྣམ་པར་འཛུམས་དང་བྲལ་བའི་མིག་ཅན་དེ། །ཡུན་རིང་རྣམ་པར་འདར་བ་མེད་པའི་ལུས་ཅན་གྱུར། །དེ་ནས་རྔ་བོ་ཆེ་ཡི་སྐད་ཀྱིས་ཕྱོགས་མཐའ་རྣམས་གང་ཞིང༌། །ལྷ་ཡི་བདག་པོའི་གྲོང་ཁྱེར་དབུས་སུ་ཞུགས་ཏེ་བརྡུངས་པར་གྱུར། །བྱ་རྒོད་ལ་ནི་སེང་གེས་ལུས་བྱིན་སྤྱི་བོ་བཏུད་རྣམས་ཀྱི། །གྲུབ་ཐོབ་རྣམས་ནི་ནམ་མཁའ་ལ་གནས་དགའ་བར་ཡང་ནི་གྱུར། །བསྐྱོད་པའི་གསེར་གྱིས་འཛིན་རྣམས་ནི་གཡོ་བར་འབྱུང་བ་སྟེ། །ལྷ་ཡི་ཚོགས་ནི་བརྒྱ་བྱིན་དང་བཅས་ངོ་མཚར་དེ་ཉིད་གྱུར། །སྦྲུལ་གྱི་དབང་ཕྱུག་རྣམས་ཀྱིས་ཀྱང་ནི་བསྟོད་པ་བརྗོད་པ་ཡིས། །དེ་ཡི་སྟེང་དུ་མེ་ཏོག་ཆར་རྣམས་རབ་ཏུ་ལྷུང་བར་བྱས། །དེ་ནས་གཉའ་རལ་ཅན་གྱི་ཕུག་ཉེ་བར། །སྤྲེའུའི་ཕྲུག་པ་དག་ནི་མཁའ་འགྲོས་གཞག །སེན་མོས་ལུས་ནི་ཕིག་པ་མི་གཡོ་བ། །འཇིགས་པས་བརྒྱལ་བ་རྣམ་པར་ཟུམ་པའི་མིག །རིམ་གྱིས་ཉེ་བར་འོངས་ཏེ་བྱང་ཆུབ་སེམས་དཔའ་ལ། །བྱ་རྒོད་མཆོག་དེས་ཀུན་ནས་བསླང་ཞིང་གནས་པ་སྟེ། །དུལ་བའི་བསམ་པ་ཅན་ནི་དེ་ཡི་མདུན་གནས་པ། །གུས་པས་བསྟོད་པ་འདི་འདྲ་ཡང་ནི་བརྗོད་པར་གྱུར། །བརྩེ་ལྡན་ཁྱོད་ཀྱིས་མཐོ་འདི་ཨེ་མ་གང་དུ་སྟེ། །ཁྱོད་ཀྱི་འཇིགས་བྱེད་སེང་གེ་ཉིད་འདི་གང་དུ་ཡང། །ཁྱད་པར་གྱིས་རྒྱུ་སུ་ཞིག་གིས་ཀྱང་ཡུན་རིང་ཕྱིར། །ཁྱེད་ཀྱི་ཐུབ་པ་སུ་ཞིག་རི་དགས་བདག་ལྟར་འགྱུར། །ཤེས་རབ་ལ་དམིགས་གང་ཉིད་ཀྱི། །ཡིད་ནི་བདེ་སྡུག་མཉམ་པ་ཅན། །དེ་ཉིད་སྲོག་གི་ནོར་གྱིས་ནི། །རྒུད་པར་སོང་བ་མཆོག་ཏུ་ཉོ། །གལ་ཏེ་ཁྱེད་འདྲ་མེད་འགྱུར་ན། །དམ་པའི་སྐྱེ་བོའི་ཟམ་པ་བརྟེན། །སྡུག་བསྔལ་རྒྱ་མཚོ་ཏིང་ཟབ་པ། །ཆེ་ལ་སྐྱེ་དགུ་རྣམས་ནུབ་འགྱུར། །ཁྱེད་ཀྱི་ཆོས་ཀྱི་བསྟན་པ་འདི། །དགེ་བ་འདི་ནི་མཉན་བྱ་སྟེ། །དགྲ་རྣམས་ལ་ཡང་བདག་གིས་ནི། །དེ་ནས་བརྩམས་ཏེ་བརྩེ་བྱེད་འགྱུར། །ཁྱེད་ལ་བདག་གིས་དྲི་བར་བྱ་སྟེ་དཀའ་ཐུབ་འདིས་གོ་འཕང་ཇི་ལྟ་བུ་ཞིག་མངོན་པར་འདོད་ཅེས་ཟེར་རོ། །བྱང་ཆུབ་སེམས་དཔས་སྨྲས་པ། འཁོར་བ་ཐོག་མ་མེད་པར་སྒྲུབ་པར་བྱེད་ནུས་པ། །རབ་ཏུ་གནོད་པའི་སྡུག་བསྔལ་རྒུད་པས་ཀུན་གདུངས་པ། །འགྲོ་བ་འདི་ནི་སྲིད་པའི་རྒྱ་མཚོ་ལས་བསྒྲལ་ཕྱིར། །དེ་བཞིན་གཤེགས་པ་ཉིད་ཕྱིར་བདག་


DTG169_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྒྲུབ་པར་བྱ། །བྱ་རྒོད་ཀྱིས་སྨྲས་པ། ཤེས་རབ་ཆེན་པོ་དང་ལྡན་པ་ཁྱེད་ལ་སངས་རྒྱས་ཀྱི་གོ་འཕང་འདི་ལྟ་བུ་རྣམ་པ་ཐམས་ཅད་དུ་རྙེད་པར་དཀའ་བ་མ་ཡིན་ཏེ། ཟབ་པ་ཐོབ་པར་དཀའ་བ་མིན་པའི་ལས་རྣམས་བཟའ་དང་རྣམ་པར་ཤེས་པ་པོ། །བསྟན་བཅོས་ལ་ནི་ཞུགས་པར་གྱུར་པའི་བློ་ལྡན་གཞན་ཕན་བྱེད་ལ་ཆགས་པའི་བདག་ཉིད་ཅན། །དེ་བཞིན་གཤེགས་པ་རྣམས་ཀྱི་སྲིད་པ་འབིགས་བྱེད་དག་རྣམས་དམ་པ་རྣམས་ལས་རྟོགས་པ་པོ། །ཁྱེད་ཅག་ལྟ་བུ་རྣམས་དང་གཏི་མུག་གཅོད་འབྲེལ་སྲིད་དང་སྲིད་པར་བདག་ཅག་ལ་འབྱུང་ཤོག །ཕུག་དང་ཉེ་བར་བདག་གིས་དེར། །སྤྲེའུ་ཡི་ཕྲུ་གུ་དག་བཞག་པ། །ད་ནི་དེ་བས་དམ་པ་བདག །བཏང་བའི་ཕྱིར་ནི་ཁྱེད་ཀྱིས་འོས། །བྱང་ཆུབ་སེམས་དཔས་སྨྲས་པ། ཨེ་མའོ་ཁྱོད་ནི་ཤེས་པ་གསལ་བ་སྟེ། །གང་གི་ཕྱིར་ཁྱོད་ཀྱིས་བདག་གི་མན་ངག་བཟུང་ངོ༌། །རྟོགས་བྱ་སྨྲ་བ་པོ་ཡི་ཚིག་གིས་གསལ་བྱས་ཀྱང་ནི་རགས་པ་གང་ཞིག་གིས་མི་འཛིན། །དངོས་པོ་ཆུང་བ་དེ་ཡི་བསྟན་བཅོས་ཡུལ་ལ་དོན་མེད་པར་ནི་བློ་གྲོས་ངལ་བར་འགྱུར། །གང་ལ་ཁྱིམ་གྱི་སྒོ་ནི་བལྟ་བའི་ཕྱིར་ནི་ནུས་པ་མེད་དེ་སྣང་བ་ཡོད་པ་ལ། །དེ་ནི་རབ་རིབ་སྐྱེས་པ་ཁབ་ཀྱི་བུ་གཤིན་ཏུ་ཆུང་བ་ཅི་ལྟར་མཐོང་བར་འགྱུར། །ཉེ་བར་སྟོན་པ་པོ་ནི་ཡོད་ཀྱང་བག་མེད་པའི། །བྱིས་པ་བློ་གྲོས་དམན་པ་ཉིད་ནི་འདོར་བ་མིན། །ཡང་དང་ཡང་དུ་དྲང་བ་ཉིད་དུ་ཉེར་སོང་ཡང༌། །ཁྱི་ཡི་མཇུག་མ་འཁྱོག་པ་ཉིད་དུ་སླར་ཡང་འོང༌། །རབ་ཏུ་དབང་བའི་བསྟན་བཅོས་རྣམས་ཀྱིས་ལམ་ནི་ཉེར་བསྟན་པ། །བློ་གྲོས་དམན་པ་མིན་པ་ལམ་མིན་མི་འགྲོ་སྟེ། །གསལ་ཞིང་བཟང་པོའི་ཡིད་ལྡན་ལུས་ནི་ཀུན་ཁྱབ་པ། །གཉིས་འཐུང་དབང་པོ་གསལ་བ་འོད་མས་འཛིན་རྣམས་ལྟར། །དབང་པོའི་ཚིག་འདི་ཤིན་ཏུ་བསྣམས་པ་ནི། །མཁས་པ་རྣམ་པར་འགྱུར་བ་བྱེད་པ་མིན། །གདེངས་ཀ་ལེགས་པར་བཟུང་བའི་ལྟོ་འཕྱེ་ནི། །སྐྱོན་བྱེད་ཆུང་བ་ཡང་ནི་ནུས་པ་མིན། །གནོད་པའི་འབྲས་བུ་སྐྱེ་བོ་ལ་ནི་ཤིན་ཏུ་ཡང༌། །དམ་མིན་སྐྱེ་བོ་ལ་ནི་རྒྱས་དང་དབང་ཕྱུག་བྱེད། །བ་བླ་སྦྲུལ་གྱི་ལ་ཡི་ནང་དུ་སྦས་པ་ནི། །ཤིན་ཏུ་མི་བཟད་པ་ཡི་དུག་ནི་བྱེད་པར་འགྱུར། །དབང་པོའི་སྒྲ་རྣམས་ཀྱིས་ནི་བརྒྱལ་ཞིང་བག་མེད་ལས། །སྐྱེ་བོ་ལ་ནི་


DTG169_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དོན་མིན་ལྷུང་བར་བྱེད། །རབ་ཏུ་འབྲེལ་བའི་ཁ་དོག་བཟང་པོས་མཐོང་གྱུར་པའི། །འོད་ཟེར་མེ་ལ་མཆོངས་བྱེད་ཕྱེ་མ་ལེ་བ་ལྟར་ནི། །དབང་པོའི་ཡུལ་ལ་ཆགས་པ་མི་མཁས་སྐྱེས་བུ་ལ། །རང་གི་ཆོས་ཀྱི་ལམ་ནས་ལྷུང་བར་བྱེད་པ་སྟེ། །བཅིངས་པ་ལྷོད་པས་ལྟེ་བའི་རྩ་བ་བཀག་པ་ནི། །ཤིང་ནི་སྨིན་པའི་རྩེ་ལས་འབྲས་བུ་འབྱིན་པ་ལྟར། །གལ་ཏེ་རང་བཞིན་གྱིས་ནི་རབ་གནོད་དུག་གི་ཤིང༌། །སྦྲུལ་དང་མཚོན་ཆའི་མེ་རྣམས་འབྱུང་བར་མི་འགྱུར་ན། །དམ་མིན་སྐྱེ་བོ་འཁྱུག་ཅིང་རྣོ་བའི་སེམས་ལྡན་པའི། །སུ་དང་ལྷན་ཅིག་དཔེ་ནི་སླར་ཡང་མཉམ་པར་འགྱུར། །རྒྱུ་མེད་པར་ནི་ཁྲོ་བས་རྩུབ་ཅིང་དྲོ་བས་སྨྲ། །རྨོངས་པ་ཁྲོ་གཉེར་གྱིས་ནི་མི་མཉམ་བྱས་པའི་མིག །བུ་ག་དུ་མ་ལས་སྐྱེས་འཇིགས་པའི་ལྟོ་འཕྱེ་ནི། །གྲོག་མཁར་ལ་ནི་ལྷག་པར་འཇིགས་པར་བྱེད་པ་ལྟར། །སྐྱོན་ཅན་བྲག་གི་དཀྱིལ་ནི་བརྟེན་པར་གཞན་གནོད་ཕྱིར། །ལྷན་ཅིག་མངོན་པར་སྨྲས་པ་སྣ་ཚོགས་རལ་གྲིའི་སོས། །རྨོངས་པ་ངོ་ཚ་མེད་པ་སུ་ཞིག་བྱ་བ་ནི། །ཡུལ་དུ་སོང་བར་གྱུར་ལ་སྡུག་བསྔལ་སྐྱེད་མི་བྱེད། །གཡོ་སྒྱུའི་ཁྲབ་ནི་འཛིན་པའི་ངན་རྣམས་ཡུན་རིང་དུ། །བསྒྲིབ་པར་དཀའ་བ་དབང་པོའི་དམག་ཚོགས་དབུས་སོང་བ། །གནད་ཀྱི་སྡུག་བསྔལ་སྐྱེད་ཅིང་དམ་སྐྱེ་བརྩེ་མེད་པ། རལ་གྲིའི་སོ་ལྟར་ས་ལ་ལྷུང་བར་བྱེད་པར་འགྱུར། །ཆ་ལུགས་དུལ་བ་ཡང་ནི་ཡིད་འོང་སྨྲ་བ་ཡང༌། །དམ་མིན་སྐྱེ་ལ་མཁས་པས་ཡིད་ཆེས་མི་འགྱུར་ཏེ། །གཟུགས་བཟང་ལུས་ཅན་དང་ནི་འཇམ་པའི་སྐད་གྱུར་ཡང༌། །རྨ་བྱ་སྦྲུལ་རྣམས་འཕྲོ་བཞིན་པ་ནི་ཅིས་མི་ཟ། །གལ་ཏེ་སེམས་ཀྱི་གྲོང་མི་གསོ་བར་འདོད་གྱུར་ན། །ཡུན་རིང་པོ་འམ་བློ་ཡི་བུད་མེད་རྣམ་འབྲེལ་བ། །དེ་བས་མཁས་པའི་ཆུ་གཏེར་འབྱུང་བ་ཡོད་པ་ལ། །དམ་པའི་ཡོན་ཏན་ས་བོན་བདག་ཉིད་ལ་དོར་མཛོད། །ཡུན་རིང་དམ་པ་དང་ནི་འབྲེལ་པས་དག་པའི་ཡིད། །བདག་ཉིད་ལྡན་པའི་མི་ནི་དམ་མིན་འབྲེལ་མི་འགྱུར། །ཡིད་འཕྲོག་པདྨོའི་མེ་ཏོག་སྐྱོད་ཡུལ་དང་ལྡན་པའི། །བུང་བ་ནམ་ཡང་ཤིང་རོ་ལ་ནི་གནས་མི་བྱེད། །གཞུ་དང་ལྡན་བས་མདའ་ནི་འཕེན་པར་མ་བྱས་པ། །ཇི་ལྟར་གཞོན་ནུར་སོང་བའི་དགའ་པ་ཀུན་འབྱུང་སྟེ། ཡོན་ཏན་དམའ་རྣམས་ཀྱིས་ནི་ཤིན་ཏུ་རིང་


DTG169_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འཕངས་པའི། །དེ་བཞིན་སྐྱོན་རྣམས་དགྲ་ནི་རབ་བསད་ལེགས་བློ་ཡི། །ཤིན་ཏུ་རྣམ་དག་འཕྲོག་བྱ་མིན་པ་མང་བཅོས་པ། །ཡོན་ཏན་རྣམས་ཀྱིས་རབ་བརྒྱན་འཕགས་པའི་སྐྱེ་བོས་མཆོད། །ཀུན་ནས་ཉེ་བར་དམིགས་ནས་མི་ལ་སྐྱེ་མིན་ནམ། །ལྷ་ཡི་མཆོག་གི་རྒྱན་རྣམས་ལ་མང་ངོ་མཚར་བ། །བདེ་བ་ཤིན་ཏུ་རྗེས་འདོད་ཅིང༌། །ཡོན་ཏན་རྣམས་ནི་འབྱུང་བ་འམ། །དེ་བས་དམ་མིན་སྐྱེ་དོར་ནས། །དགེ་བའི་བཤེས་གཉེན་བ་སྟེན་པར་བྱ། །འཕགས་མིན་སྐྱེ་བོ་དང་འབྲེལ་པ། །དམ་པ་ནམ་ཡང་དགའ་ཕྱིར་མིན། །འཇུག་ངོགས་ཆུ་ཡི་ཁྲུས་བྱས་བའི། །དཀར་པོ་ལས་གཞན་གོས་དཀར་ལྟར། །བློ་ལྡན་མདུན་པ་འབིགས་ཤིང་འགྲོ་བའི་སྡིག་པ་རབ་ཏུ་འཇོམས་པར་བྱེད་དང་འབྲེལ་པ་ཡི། །དྲག་པ་ཡང་ནི་དྲི་མ་ཅན་གྱི་རང་བཞིན་སྤངས་ནས་བཟང་པོ་ཉིད་ལ་དམིགས་པར་འགྱུར། །སྐྱེ་བོ་གང་ཞིག་སྐོམ་པས་གདུངས་པ་ཡང་ནི་འཐུང་བར་མི་འདོད་དེ་ཉིད་སྐད་ཅིག་གིས། །ཆུ་འཛིན་གྱིས་ནི་ལྟོ་བ་ལ་གནས་ཆུ་རྣམས་ཀྱིས་ནི་བདག་པོའི་ཆུ་ནི་བ་ཚྭ་ཅན། །དེ་བས་ན་ཇི་ལྟར་བདེ་བར་སོང་ཤིག་ཅེས་བྱ་བ་བྱང་ཆུབ་སེམས་དཔས་འདབ་ཆགས་དེ་ལ་སྨྲས་པ། བདག་ཉིད་ཆེན་པོ་དེ་ལ་བསྐོར་བ་བྱས་ཏེ་ནམ་མཁའི་དཀྱིལ་དུ་འཕུར་ནས་ཀུན་ནས་འཁོར་ཞིང་ཁྲག་གིས་མངོན་པར་དམར་བའི་སེན་མོ་དང་ཁའི་སྨ་ར་ལྡན་པའི་སྟག་གིས་ཤ་ཉེ་བར་བགོས་བཞིན་པ་དང༌། ཚིལ་ཉེ་བར་རྒྱས་པས་ཚོ་བའི་དཔུང་པ་དང་ལྡན་པ་དང༌། མངོན་ལུགས་སར་པ་མྱང་བས་ཁའི་ནང་དྲི་ཞིམ་པར་བྱས་པ་དང༌། སའི་སྟེང་ནས་འབྱུང་བ་དང༌། དྲི་མ་ཅན་དང་བཅས་ཤིང་འཁྱོག་པའི་མཆེ་བ་གཉིས་དང་ལྡན་པ་དང༌། ཅུང་ཟད་འདམ་གྱིས་ཉེ་བར་བྱུགས་པའི་ལུས་ཅན་དང༌། ཤིན་ཏུ་རིང་པོ་མ་ཡིན་པ་ལ་གནས་པའི་བྱ་རྒོད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང༌། ཉེ་བའི་ཤིང་རྣམས་ལ་ངེས་པར་གནས་པའི་སྐད་སྒྲོགས་པའི་བྱ་རོག་གི་ཚོགས་ཀྱིས་མཐོང་བཞིན་བའི་ཕག་རྒོད་གཞོན་ནུ་མཐོང་བར་གྱུར་ཏོ། །དེ་མཐོང་ནས་ཀྱང་འདི་ལྟར་བསམས་པར་གྱུར་ཏེ། །ཇི་སྲིད་དུ་སྟག་འདི་ཟས་ཀྱིས་ཚིམ་པར་བྱས་པར་གྱུར་ཏེ། རང་གི་གནས་སུ་འགྲོ་བ་དེ་སྲིད་དུ་བདག་གིས་མཐའ་གཅིག་ཏུ་གནས་པར་བགྱི་སྟེ་གནས་ནས་ཀྱང་རིམ་གྱིས་


DTG169_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་ཡིད་ལྡན་ཚིམ་པ་རྙེད་པའི་སྟག་དང་དེ་ཉིད་དུ། །འབྲེལ་བས་རང་གི་ཁྱིམ་དུ་སོང་བ་སྒེག་པ་དང་བཅས་པར་ཕག་གི་ཤ་ནི་ཉེ་བར་སྦྱར་ནས་ཚིལ་དང་འབྲེལ་པ་ནི། །བྱ་རྒོད་ཀྱང་ནི་རང་གི་ཚང་དུ་མྱུར་དུ་སོང་བར་གྱུར། །རི་དགས་བདག་པོས་ཀྱང་ནི་ཀིང་ཤུ་ཀ་ཕྲེང་ལྟར་དམར་ཉི་མ་ནི། གསེར་རིའི་རྩེ་མོར་འོད་ཟེར་གསལ་བ་ལ་ནི་གནས་གྱུར་ན། །ཤིང་གི་ཡལ་ག་རྣམས་ཀྱིས་ཚང་ལ་གནས་པའི་འདབ་ཆགས་བསྐྱོད་པ་ཡིས། །བསྐྱོད་ཅིང་འཇམ་པའི་གཉའ་རལ་མཐའ་ཅན་རང་གི་འདུག་པར་སོང་བར་གྱུར། །དེ་དག་བྱ་རྒོད་ཀྱི་སེན་མོ་རྣམས་ཀྱིས་ལུས་རྣམ་པར་འབིགས་པ་དང་ལྡན་པ་དང༌། བྱང་ཆུབ་པར་གྱུར་པ་དང༌། བརྒྱལ་བའི་དབང་གིས་བཙུམ་པར་བྱས་པའི་མིག་དང་ལྡན་པའི་སྤྲེའུའི་ཕྲུ་གུ་དག་མཐོང་ནས། སྙིང་སྡུག་བསྔལ་བར་གྱུར་པས་ཆུས་མངོན་པར་གཏོར་བས་འདི་དག་གི་བརྒྱལ་བ་སེལ་བར་འགྱུར་སྙམ་དུ་རྣམ་པར་བསམས་ཏེ། ཆུ་ཡི་འགྲམ་རྟེན་འདབ་ཆགས་རྣམས་ཀྱིས་བཀག་པ་ནི། །བར་མེད་འདབ་མ་རྣམ་པར་དམར་བའི་ཤིང་རྣམས་ཀྱིས། །རིམ་གྱིས་འོངས་པའི་བུང་བ་ཅན་གྱི་པདྨ་གནས། །ཀུན་ནས་ཟེའུ་འབྲུ་ཁམ་པའི་མཚོར་ནི་རྣམ་ཞུགས་གྱུར། །མཚོ་ཆེན་པོ་དེར་རྣམ་པར་ཞུགས་ནས་ཀྱང༌། །མྱུར་དུ་བརྒྱལ་ཏེ་རྣམ་འཕྱར་གཉའ་རལ་ཅན། །དེ་ནི་བྲག་ཕུག་ཉེ་བར་སྐད་ཅིག་འོངས། །སྡེར་མོ་བཀོད་པས་རྩྭ་སྔོན་རྣམ་པར་མནན། །བྱ་རྒོད་སེན་མོ་རྣོན་མོས་ཡན་ལག་བྲེག །དེ་ནས་ཡལ་གའི་རི་དགས་ཕྲུག་དེ་དག །སྟེང་དུ་མྱུར་བར་གེ་སར་དང་བཅས་པའི། །ཆུ་ནི་འཛག་པ་གཉའ་རལ་ཅན་གྱིས་བླུགས། །སེང་གེའི་གཉའ་རལ་ཆུ་ཡིས་སྤངས་པར་གྱུར་པ་ནི། །ལྕི་བའི་བརྒྱལ་བ་བསལ་བས་འདུ་ཤེས་སྐྱེས་པ་ནི། །མིག་རྣམས་ཀུན་ནས་ཕྱེ་བ་ཉིད་དུ་གྱུར་པ་སྟེ། །འཕྲོ་ཞིང་གན་རྐྱལ་གདོང་ཅན་ཡལ་ག་མཆོངས་འགྲོ་བའི། །ཤིན་ཏུ་བྱ་རྒོད་ལ་འཇིགས་ཀུན་ནས་འདར་ཞིང་མི་བརྟན་ཡན་ལག་ཅན། །དེ་དག་རི་དགས་བདག་པོའི་སྡེར་མོའི་མཐའ་འོངས་གནས་པར་གྱུར། །ཀུན་ནས་བསྐྱོད་པའི་འདབ་མ་ལྟར་ནི་ཡིད་འཕྲོག་ལྕེ་ཡིས་ནི། །དེ་ནས་དེས་ཀྱང་མཉེས་གཤིན་པས་ནི་སྐད་ཅིག་ལྷགས་པར་གྱུར། །འདབ་མ་ལས་ལྷུང་ཡོངས་སུ་སྨིན་


DTG169_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུ་ཟར་བཅུག་ནས། །མཉེས་གཤིན་པས་ནི་སྐད་ཅིག་རང་གི་ཕྲུག་ལྟར་དུ་བཟློག་ནས། །མཁའ་སྣང་སྒྲོན་མ་རྒྱས་པའི་རང་གི་ཕུག་ཏུ་ཞུགས་ཏེ་དེ་དག་ལ་ནི་ཀུན་འཁྱུད་བདེ་བར་མཚན་མོ་དེ་ཉལ་གྱུར། །རིམ་གྱིས་ཀྱང་ཀུན་ནས་རྙིངས་པའི་ཤིང་མ་ལ་ཏིའི་མེ་ཏོག་གི་རྩེ་མོ་ལྟར་ཀུན་ནས་འོད་མེད་པའི་མཚན་མོ་བྱེད་པས་གྲོལ་བར་གྱུར་པའི་ནུབ་ཕྱོགས་ཀྱི་ཆ་དང་ལྡན་པ་དང༌། རང་གི་ཁྱིམ་གྱི་གནས་ནས་བླངས་པ་ཙམ་རི་དགས་རྣམས་ཀྱི་སོས་རྩྭའི་མྱུ་གུ་ཟོས་བཞིན་པ་དང༌། ཤར་ཕྱོགས་ཀྱི་མཚམས་ཀྱི་ཀུན་ནས་དམར་བར་བྱེད་བཞིན་པའི་རྒྱ་མཚོའི་ཆུ་དང་ལྡན་པ་དང༌། ཀུན་ནས་བར་ཆད་པར་གྱུར་པའི་སྐར་མའི་ཚོགས་དང་ལྡན་པ་དང༌། པདྨའི་ནགས་རབ་ཏུ་སད་པས་ཤིན་ཏུ་དགའ་བར་གྱུར་པའི་ཆུའི་རྟེན་ཅན་དང༌། ཤིང་རྣམས་ཀྱི་ཡལ་ག་ལ་འཇུག་ཅིང་བསྐྱོད་པའི་རྨ་བྱའི་མཇུག་སྒྲོའི་ཚོགས་ཀྱིས་ཡིད་ཤིན་ཏུ་འཕྲོག་པའི་ནགས་ཀྱི་ནང་དང་ལྡན་པ་མཚན་མོ་འདས་པ་ལ་བྲག་ཕུག་དང་ཉེ་བར་ལྗོན་ཤིང་གེལ་པའི་མེ་ཏོག་གི་མཐར་ཀུན་ནས་སྤྱོད་པའི་བུང་བའི་ཕྲེང་བ་རྣམས་ཀྱིས་གུས་པ་དང་བཅས་བར་ཉེ་པར་གླུ་ལེན་བཞིན་པ་ལྟར་མ་སྨད་པའི་ལས་ཅན་མ་སྨད་པའི་ཡན་ལག་ཅན། ཉི་མ་གསེར་གྱི་བུམ་པ་བཞིན་དུ་ནི། །ལྷ་ཡི་དབང་པོས་ཕྱོགས་ནི་མནན་པ་ལ། །རིམ་གྱིས་སྤྲེའུ་ཡི་ཕྲུ་གུ་ལྡན་པ་དང༌། །འཕྲོ་བའི་གཉའ་རལ་འཕྱང་བ་བྱུང་བར་གྱུར། །དེ་ནས་འབྲས་བུ་བཟུང་ནས་འབྲས་བུ་ལ་ནི་ཆགས། །རང་གི་ཕྲུ་གུ་བལྟ་བའི་ཕྱིར་ནི་དགའ་བ་ཡིས། །རི་དགས་བདག་པོའི་གནས་ནི་མྱུར་དུ་འཕྲད་འདོད་པ། །སྤྲེའུའི་ཕོ་མོ་གཉིས་ནི་མྱུར་དུ་བྱུང་བར་གྱུར། །ཉེ་བར་འོངས་པ་ང་རྒྱལ་རྒྱས་འབྱུང་སོང་བ་ནི། །དལ་བའི་གོམ་པར་འཇམ་པའི་ངག་ཕྱེད་དང་ལྡན་པ། །ཕྱག་བྱས་ནས་ནི་ཕོ་མོ་དེ་གཉིས་སེང་གེ་ཡིས། །འཇིག་རྟེན་རིག་པ་བདེ་བ་སྔོན་འགྲོས་སྨྲས་པར་གྱུར། །སྤྲེའུ་ཡི་ཕྲུ་གུ་དག་གི་ཀུན། །ཇི་ལྟར་བྱུང་བ་གོ་རིམས་ཀྱིས། །དེ་ནས་མཐའ་མར་དེ་དག་གི །བྱ་རྒོད་ཕྲོགས་པ་སྨྲས་པར་གྱུར། །དེ་ནས་རྒུད་སོང་སྙམ་ནས་ནི། །ཕྲུ་གུ་དག་དེའི་མྱ་ངན་གྱིས། །བྱ་རྒོད་ཀྱིས་བྲད་ཡན་ལག་རྣམས། །སྤྲེའུ་དག་གིས་རེག་པར་གྱུར། །སྤྱོད་པ་དང་ལྡན་རི་དགས་བདག །ལྡན་ཞིང་ལྡན་པས་འདི་སྨྲས་


DTG169_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ཁྱེད་ཀྱི་སྤྲེའུ་ཡི་བུ་བསྲུངས་ཏེ། །བདག་ཅག་ཀྱང་ནི་ཤིན་ཏུ་སྲུངས། །ཆོས་གཏམ་གང་འགའ་རྒྱས་བྱེད་ཅིང༌། །ཡོན་ཏན་མཉམ་པ་རྣམས་ཀྱིས་མཚན། །གྲགས་པའི་ཁ་བས་ཀུན་ནས་གཡོགས། །གངས་ཀྱི་རི་ནི་གཡོ་བ་མེད། །གང་རྣམས་ལུས་ངན་ཁྱེད་ཀྱི་ནི།། ཡོན་ཏན་གྲངས་མེད་འཇལ་མི་བྱེད། །གཞན་རྣམས་གཉའ་རལ་ཉིད་ཐོབ་ནས། །འདི་རྣམས་ཕྱི་རོལ་གནས་པར་རློམ། །རྒྱ་མཚོའི་ཆུ་ནི་མི་གཡོ་འདབ་ཆགས་རྣམས་ཀྱི་བདག་པོ་འབྱུང་ཞིང་འཁྲུག་པར་བྱེད། །ཆུ་གཏེར་ཚོགས་ཀྱིས་བཀབ་པའི་ཟླ་བའི་འོད་ནི་རབ་ཏུ་འགྲོ་བར་མི་བྱེད་དེ། །སླར་ཡང་ཁྱོད་ཀྱིས་སྡིག་པ་གཅོད་བྱེད་གནས་པ་ལ་ནི་དག་པའི་སེམས་གནས་པ། །གཞན་ཉིད་འགྲོ་བའི་ཕྱིར་ནི་རྡུལ་དང་མུན་པ་དག་གིས་ནུས་པ་མ་ཡིན་ནོ། །ཕྲུ་གུ་འདི་དག་བདག་ཅག་གི །བསྐྱངས་ནས་གང་ཞིག་དགེ་ཁྱོད་ཀྱིས། །ཐོབ་པ་ཤིན་ཏུ་ཆེན་པོ་དེས། །འདོད་པའི་འབྲས་བུ་ཐོབ་པར་ཤོག །དེ་བས་ཕྲུ་གུ་དག་འདི་ཉེར་བཟུང་ནས། །འབད་པར་ལྡན་པ་ཁྱོད་ཀྱིས་མངོན་པ་སྐྱངས་པ། །གཉེན་འདུན་མང་པོས་ཁྱབ་པའི་ཚང་ཚིང་ལྡན། །རང་གི་ཁྱིམ་ནི་ནགས་ཀྱི་ནང་དུ་འགྲོ། །ཕྲད་འདོད་དེ་དག་ལ་ནི་སོང་ཞིག་དེར་གནས་པ། །དམ་པ་དེ་ལ་གུས་པ་ཉིད་དུ་ཕྱག་བྱས་ཏེ། །ཞི་བའི་གནས་སུ་ཕྲུ་གུ་དག་གི་རྒྱབ་གནས་པ། །ནགས་གཞན་དུ་ནི་དལ་བུ་དལ་བུས་འགྲོ་འགྱུར་ཏེ། །ཕ་མས་འགྲོ་བ་ཞིམ་པའི་རྒྱབ་ཏུ་ལྷག་པར་ཞོན་པ་ནི། །ཕྲག་པའི་སྤུ་རྣམས་ཚོགས་ལ་ཤིན་ཏུ་སྦྱར་བ་དག །ཅུང་ཟད་མི་རྣམས་ཕྲད་འདོད་དེ་དག་བཟློག་ནས་ནི། །ཡང་ཡང་རི་དགས་དབང་པོ་ལ་ནི་ལྟ་བར་གྱུར། །བཅོལ་བ་དེ་ནི་བཅོལ་མ་ཀུན་གྱི་སྙིང་པོ་སྟེ། །སྙིང་པོ་ཤེས་རབ་སྤྱོད་ཡུལ་ཅན་དེས་གཏད་བྱས་ནས། །ཕྲག་པ་ལས་ཁུར་ས་ལ་གཞག་པར་བྱས་པ་ལྟར། །ངལ་བ་གཅད་པས་དགའ་བ་ཆེན་པོ་ཐོབ་པར་འགྱུར།། ཤིན་ཏུ་དགའ་བ་ཅུང་ཟད་གཞན། །སྲོག་ཆགས་བཅོལ་མ་བསྲུངས་ལས་མེད། །དེ་ཉིད་སླར་ནི་གཏད་པ་ལས། །མི་རྣམས་ལ་ནི་བདེ་གཞན་མེད། །དེ་ལྟར་ན་བཅོམ་ལྡན་འདས་དེས་དུད་འགྲོར་འཇུག་པར་གྱུར་པ་ན་ཡང་ཤིན་ཏུ་ཡུན་རིང་བར་སྲོག་ཆགས་བཅོལ་བ་མངོན་པར་བསྲུང་བར་


DTG169_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དེ། དེའི་གནས་སྐབས་ན་ཡང་ཤེས་རབ་ལ་ཀུན་ནས་འདྲིས་པར་མཛད་དོ་སྙམ་དུ་རྣམ་པར་བསམས་ཏེ། གང་ཞིག་ཆོས་ཀྱི་བཅོལ་མ་དེས། །ལེགས་པར་སྐྱོབ་ཅིང་གཏད་པ་དེ། །ཤིན་ཏུ་བདེ་བར་འདོད་པ་ཡི། །ཁྱོད་རྣམས་ཀྱིས་ནི་བསྐྱང་བར་གྱིས། །སེང་གེའི་སྐྱེས་པའི་རབས་ཏེ་སྐྱེས་རབས་གཉིས་པའོ།། །།ལྷ་དབང་ཉིད་ཀྱང་ཤིན་ཏུ་ལྕི་བ་ནི། །དཔག་མེད་གནས་ནི་སྟོབས་ལྡན་རིང་ཐོབ་ན། །སྙིང་རྗེས་རྣམ་པར་དག་པའི་ཡིད་ལྡན་རྣམས། །གཞན་ལ་ཕན་པའི་འབད་པ་འདོར་མི་མཛད། །འདི་ལྟར་རྗེས་སུ་ཐོས་ཏེ། ས་གསུམ་པ་ལ་ཕན་པ་རྒྱུན་མི་འཆད་པ་ཕྲད་པར་འདོད་པ་དང་འདྲ་བའི་བྱང་ཆུབ་ཀྱིས་སོ་སོར་སྐྱོང་བཞིན་པ་དང༌། སྡུག་པའི་བུ་ལྟར་མཉེས་གཤིན་པས་བརླན་པའི་སྙིང་རྗེའི་མས་བྱེས་ནས་རྣམ་པར་ལོག་པ་དང་འདྲ་བར་འཁྱུད་པའི་ཡིད་དང་ལྡན་པ་དང༌། གུས་པ་དང་བཅས་པར་ལྷག་པར་བྱུང་བའི་དཔལ་གྱིས་ཀུན་ནས་མནན་པ་དང༌། རབ་ཏུ་འདུད་པའི་ལྷའི་ཚོགས་ཀྱི་གཙུག་གི་ནོར་བུའི་འོད་ཟེར་རྣམས་ཀྱིས་ངེས་པར་ཀུན་ནས་སྣང་བར་བྱས་པའི་ཞབས་ཀྱི་པདྨོ་དང་ལྡན་པ། དགེ་བའི་རྩ་བ་ཉེ་བར་བསགས་པས་དུས་གཅིག་གི་ཚེ་ན་བྱང་ཆུབ་སེམས་དཔའ་ལྷ་རྣམས་ཀྱི་བདག་པོ་བྱུང་བར་གྱུར་ཏེ། འོད་ཟེར་སྣང་བས་ཀུན་ནས་ཞུགས་པའི་གཟུགས་དེས་ནི། །མཐོ་རིས་གནས་པ་རྣམས་ཀྱི་མདུན་ས་རྣམ་མཛེས་འགྱུར། །རྣམ་དག་སྐར་མའི་ཚོགས་ཀྱིས་བཀྲམ་པའི་ནམ་མཁའ་ནི། །མཚན་མོ་གཙང་བའི་འོད་དང་ལྡན་པའི་ཟླ་བ་ལྟར། །ང་རྒྱལ་འཛིན་པ་ཆེ་བའི་ཟིལ་གྱིས་གནོན་པ་ཡང༌། །ལྷ་མ་ཡིན་རྣམས་དེ་ཡི་ཟིལ་གནོན་བཟོད་མི་འགྱུར། །རབ་དྲག་གཤོག་པས་བརྒྱབ་ཅིང་འབྱེད་པའི་རྒྱ་མཚོ་ལ། །རབ་གྲོལ་འདབ་ཆགས་བདག་པོ་ལ་ནི་ལྟོ་འཕྱེ་ལྟར། །ཆེ་བའི་བདག་ཉིད་ལ་ནི་གནས་ཀྱི་ཁྱད་པར་འདོད། །དཔལ་ནི་རྟེན་བྱས་དེ་ལྟར་དེར་ནི་གུས་དང་བཅས། །རྣམ་པར་འབྱོར་པའི་ཕྱིར་ནི་མཐོ་རིས་སྐྱོད་བྱེད་པ། །བརྟན་པའི་བདག་ཉིད་ལ་ནི་གློག་ལྟར་གནས་པར་གྱུར། །བག་མེད་རྒྱུ་ཡང་ལྷ་རྣམས་བདག་པོ་ཉིད་དེར་ནི། །ལྷ་མ་ཡིན་ནི་འཇིགས་པར་བྱེད་པ་དེས་གནས་པ། །དུལ་བར་འདོད་ཅིང་ལམ་


DTG169_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཀུན་ནས་འཇིག་རྟེན་ནི། །མི་འཁྲུགས་པ་ཡི་བསམ་པ་དང་ལྡན་བལྟ་བར་མ་བྱས་སོ། །དེ་ནས་དུས་གཅིག་གི་ཚེ་ན་རིའི་ནགས་ཀྱི་ནང་འགའ་ཞིག་ལ་སྣ་ཚོགས་པའི་རི་དགས་ཀྱི་ཚོགས་ཀྱིས་ཁྱབ་པ་དང༌། དྲི་མ་མེད་པའི་ཆུའི་རྟེན་རྣམས་ལ་པདྨ་རྣམས་ཀྱི་དྲིས་དྲི་ཞིམ་པར་བྱས་པའི་འཇམ་པའི་རླུང་དང་ལྡན་པ་དང༌། སྐྱེད་མོས་ཚལ་རྣམས་ཀྱིས་དགའ་བར་གྱུར་པའི་མཐའ་དང་ལྡན་པ་དང༌། འདབ་ཆགས་ཀྱི་ཚོགས་དུ་མ་རྣམས་ཀྱི་ཤིང་རྣམས་ལྷག་པར་གནས་པ་དང༌། ཕན་ཚུན་མིན་པར་བརྣབ་སེམས་ལས་རྣམ་པར་བཟློག་པའི་རི་དགས་དང་སྦྲུལ་དང་ལྡན་པ་དང༌། ཉེ་བར་ཞི་བའི་གནས་དང་གཙང་པོ་དུ་མའི་ཆུས་ཀུན་ནས་སྦངས་བཞིན་པའི་ཤིང་ཨ་ཏི་མུ་ཀ་དང༌། མ་ལི་ཏི་དང༌། ཆུ་ཤིང་གེལ་པ་དང་ལྡན་པ་དང༌། ཐུབ་པའི་སྐྱེ་བོ་དུ་མ་རྣམས་ཀྱི་མེས་མཆོད་པའི་དུ་བ་རྣམ་པར་རྒྱས་པ་ཉིད་ཀྱི་སྤྲིན་དང་བཅས་པ་དང་འདྲ་བ་དཀའ་ཐུབ་ཀྱི་ནོར་ཅན་ལ་ལ་ཞིག་དཀའ་ཐུབ་ཀྱི་ནགས་ལ་ལྷག་པར་གནས་པར་གྱུར་ཏེ། ནགས་དང་ཉེ་བར་གནས་ནས་ནི། །ཀུན་ནས་རི་དགས་འདབ་ཆགས་རྣམས། །ལོ་མའི་ནགས་སུ་ཉེར་སོང་ནས། །སློབ་མ་ལྟར་ནི་ངལ་བསོ་གྱུར། །དྲང་སྲོང་ཆེན་པོ་དེ་སྙིང་རྗེས་བསམ་པ་བཟང་པོ་དང་ལྡན་པའི་གཉེན་འདུན་ལྟར་ཉི་མ་རེ་རེ་ཞིང་སྡིག་པ་ཟད་པར་འདོད་པ་དང་འདྲ་བའི་སྣ་ཚོགས་པའི་ཤིང་རྣམས་ཀྱི་ཤིན་ཏུ་དགའ་བའི་ནགས་སུ་འོངས་ཏེ། རྩྭ་དང་འོད་མའི་འདབ་མ་རྣམས་ཟ་ཞིང༌། །རི་མཐའ་རྣམས་ལ་ཉིན་མོ་གནས་ནས་ནི། །གཞོན་ནུ་བཙས་པའི་གླང་པོའི་ཚོགས་ཀྱི་ཡུལ། །མ་དྲན་པས་ནི་བདེ་བར་གནས་པར་གྱུར། །དེ་ནས་དེར་ནི་གླང་མོའི་ཕྲུག་པ་མ། །རབ་གཡོ་པདྨ་ལྟར་མཛེས་རྣ་བ་ཅན། །བརྩེ་ལྡན་དེ་ནི་རྙོག་མེད་བསམ་པ་ཅན། །ཐུབ་པས་བུ་བས་ལྷག་པའི་མཉེས་གཤིན་བྱས། །སྐྱེས་པ་དང་ནི་བུད་མེད་སྐྱེ་བོས་ཀྱང༌། །ཡུལ་འདུག་པ་ལ་དགའ་ཡི་དུད་འགྲོ་ལ། །ཡོན་ཏན་དང་བཅས་དེ་མེད་འགའ་ཞིག་ལ་འང༌། །མི་རྣམས་ལ་ནི་བར་མེད་མཉེས་གཤིན་འགྱུར། །ཉེ་བར་འོངས་ཏེ་ཕྲུ་གུ་དེས་ཀྱང་ནི། །རིམ་གྱིས་ཐུབ་བ་དེ་ཡི་ལག་ཏུ་གཏད། །འོད་མའི་འདབ་མ་འཇམ་པོ་གུས་པ་ཡིས། །པདྨའི་རྩ་བ་འཇམ་པོ་སླར་ཡང་བཟུང༌། །ཤིང་ལོའི་ཁང་པར་ཉེ་འཁོར་དབུས་གནས་པའི། །གཉིད་ཆུང་བས་ནི་


DTG169_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འབྲེལ་མིག་ལྡན་པ། །རི་དགས་རྭ་ནི་རིམ་བཞིན་ཉིད་དུ་དེས། །ཡིད་འོང་རྣམས་ནི་ཀུན་ནས་རེག་པར་གྱུར། །བསྐྱེད་པ་ཉེ་བར་འོངས་ཏེ་རྒྱབ་ཕྱོགས་ནས། །སྤྲིན་ནི་སར་པ་འབྱུང་བས་གར་བྱེད་པའི། །རྨ་བྱ་བསྐྱོད་ཅིང་སྔོ་བའི་མདོངས་ཅན་ནི། །སྒྲོ་དང་བཅས་པར་བསྐྱོད་པ་མཐོང་བར་འགྱུར། །དེ་ལྟར་དགའ་འགྱུར་ཕྲད་འདོད་དེ་ལ་ནི། །རི་དགས་འདབ་ཆགས་ཚོགས་ཀྱིས་ཡང་ཡང་དུ། །ཐུབ་པ་དེ་ནི་དགོད་ཅིང་འདི་ལྟར་ནི། །གཉིས་འཐུང་ཕྲུ་གུ་བསྐྱོད་དུད་དཔྲལ་འབུར་ཅན་ལ་སྨྲས། །འདི་ནི་ཁྱིམ་གྱི་དབུས་སུ་བརྒྱན་པ་ནི། །བདེ་བར་ཤིང་ལོའི་ཉེ་འཁོར་འདིར་ནི་གནས། །རི་དགས་འདབ་ཆགས་ཚོགས་ལྡན་སྐད་ཅིག་ཏུ། །ཅི་ཕྱིར་སྡིག་པ་མེད་པར་གཡོ་མེད་གནོད། །དུ་མའི་ཚོགས་རྣམས་བཅག་པས་སྒྲ་ཡིས་ལྡང་བ་སྟེ། །འདབ་མ་རྣམ་པར་གཡོ་བ་ནད་ལས་གནོད་བྱེད་འདི། །སྐད་ནི་བཀུག་པས་རྣམ་མཛད་ལག་པ་ནི། །ཐུབ་པས་ཁྱད་པར་ཤིང་དང་མར་ནག་ཐིགས་རྣམས་སྤངས། །ཆུ་ཤིང་རྩབ་ནས་འདོན་ཅིང༌། །ཤིང་ལོ་ཉེ་འཁོར་དུ་བཙུགས་པ། །རྣ་བའི་ཐ་མར་དེ་བཟུང་ནས། །ཐུབ་པ་དེས་ནི་ཕྱི་རོལ་ཁྲིད། །མཉེས་གཤིན་པས་ནི་ལག་པ་བརྐྱང༌། །སླར་ཡང་ཉེ་བ་རུ་ནི་ཡོངས། །བུ་ཁྱོད་ཇི་ལྟར་བསྐྱོད་པ་ཞེས། །དེས་ནི་དགོད་ཅིང་དགའ་བས་རེག །རི་དགས་ཕྲུག་བཅས་སྐད་ཅིག་རོལ། །དགའ་བས་རྩྭ་རྣམས་རྩད་འདོན་ཅིང༌། །ཁྲུས་ཕྱིར་པདྨོར་འགྲོ་བཞིན་པ། །དཀའ་ཐུབ་ནོར་ཅན་དེ་རྗེས་སོང༌། །རི་དགས་པགས་པ་ཕྲེང་བར་བཅས། །དེ་ཡིས་དཔུང་པར་བཀལ་ནས་ནི། །པདྨ་རྣམས་ཁྱབ་པདྨོ་ནི། །ཐུབ་པས་དལ་བུས་འཇུག་པར་གྱུར། །དེས་ནི་ཆུ་ཞིམ་འཐུངས་ནས་ནི། །སྐད་ཅིག་ཏུ་ནི་བཞིན་བཏུད་གྱུར། །དོགས་མཐར་ཁྲུས་བྱེད་དེ་ལ་ནི། །ཕྲུ་གུས་སླར་ནི་སྐྱོང་བར་གྱུར། །དེ་ནས་རིམ་གྱིས་ཤིང་ལོའི་ཁང་པར་འོངས་ནས་པདྨ་ཡི། །གླང་མོའི་ཕྲུ་གུས་དྲང་སྲོང་ཆེན་པོ་དེས་ནི་དེ་ལྡན་པ། །བསྲེག་ལུགས་མཐོང་ནས་མེ་ལྕེའི་རྩེ་མོ་བསྐྱོད་ཅིང་མེ་མཆོད་ནས། །དེ་ལ་རབ་བྱིན་ནས་ནི་རྒྱ་ཤུག་ཨི་གུ་དྷ་རྣམས་ཟོས། །དེ་ནས་དུས་གཅིག་གི་ཚེ་ན་གླང་མོ་དེས་ཕྲུ་གུ་རྗེས་སུ་འགྲོ་བཞིན་པས་རི་བོ་དང་ནགས་ཀྱི་ནང་རྣམས་ཀུན་ནས་བསྐོར་བར་བྱེད་ཅིང་དཔྱད་དཀའ་


DTG169_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྨིན་པའི་ནད་ཀྱིས་སྐྱེ་བ་གཞན་དུ་ཉེ་བར་ཁྲིད་པར་གྱུར་ཏོ། །ཐུབ་པ་དེས་ཀྱང་ཉི་མ་ནམ་མཁའ་ལྷག་པར་འཛེག་པ་ལ་དབང་བསྐུར་བར་བྱས་པའི་མེའི་བྱ་བ་དང་ལྡན་པ་དང༌། པདྨོའི་འདབ་མ་རྣམས་ཀྱིས་ཁ་སྦྱར་ལ་འབྲས་བུ་རྣམས་རྣམ་པར་གཞག་པ་ལ་ཁ་ཟས་རྣམས་འདོད་ཅིང་སླར་གླང་མོ་དེ་ཕྲུ་གུ་དེ་བཟུང་ནས་གང་དུ་འགྲོ་བར་འགྱུར་ཏེ། ཕྲུ་གུ་དེ་མེད་པས་བདག་གིས་འབྲས་བུ་དང་རྩྭ་ཟ་བ་སྔར་མ་བྱས་ཏེ། གསལ་བར་རང་གི་ཚོགས་སུ་ཉེ་བར་ཞུགས་ནས་དེ་ཡུན་རིང་པོར་སོང་བ་བྱུང་བ་གྱུར་སྙམ་དུ་རྣམ་པར་བསམས་ཏེ། དེ་བལྟ་བའི་ཕྱིར་ལངས་ནས་ཁ་ཟས་མ་ཟོས་པར་ཕྱིར་ཤིང་ལོའི་ཁང་པ་ནས་ཕྱིར་བྱུང་སྟེ་རི་དགས་ཀྱི་ཕྲུ་གུ་རྗེས་སུ་འབྲངས་བཞིན་པས། ཆུ་དང་བཅས་པའི་སྤྱིའུ་བླུགས་འཛིན་པ་ཀུན་ནས་འཁོར་ཞིང༌། སྣས་ཀུན་ནས་ལྷུང་བའི་ཤིང་གི་ཟེའུ་འབྲུས་ཁྱབ་པ། །རྐང་པར་རྣམ་པར་བཀོད་པས་རྩྭའི་མྱུ་གུ་ཀུན་ནས་ཆད་པ་འགའ་ཞིག་ཏུ་སེན་མོའི་རྩེ་མོ་ནས་ལྷུང་བས་མོན་ལུག་གི་དུམ་བུ་ཆད་པས་ཀུན་ནས་འདྲེས་ཤིང་སའི་ཚོགས་འབྱུང་བ་དང༌། གཞན་དུ་ཆུས་བཀུག་པའི་འོད་མའི་རྩེ་མོ་ཆད་པས་བར་ཆད་མེད་པའི་གླང་མོ་དེའི་རྐང་རྗེས་ཀྱི་རྗེས་སུ་འབྲངས་ནས་ཕྲད་པར་འདོད་པ་ཉིད་ཀྱིས་སྨྲས་པར་གྱུར་པ། ཕྲུ་གུ་རྗེས་སུ་འགྲོ་བ་མ། །དེ་ཡི་གོམ་པ་རྣམ་འདོད་མ། །ཀུན་ནས་འོད་མེད་རི་མོ་སྲབ། །ནོར་འཛིན་སྟེང་དུ་གནས་པ་ཡིན། །ཅུང་ཟད་བར་དུ་སོང་ནས་ཀུན་ནས་དཀྱིལ་འཁོར་དུ་བྱས་པའི་ལག་པ་དང་ལྡན་པ་དང༌། ཡུན་རིང་པོར་འཛུམས་པར་བྱས་པའི་མིག་དང་ལྡན་པ། སྲོག་རྣམ་པར་ཆད་པའི་སྡུག་བསྔལ་གྱི་དབང་གིས་རྐང་པ་རྣམ་པར་བཀོད་པས་སའི་དཀྱིལ་འཛད་པ་དང༌། ཅུང་ཟད་ལྟོ་བ་དམའ་བས་སའི་རྡུལ་འབྱུང་བ་ལ་ལུས་ཀུན་ནས་འོད་མེད་པ་དང་ལྡན་པ། སྐོམ་པའི་ཕྲུ་གུ་དེ་ནུ་མ་ནུ་བ་དག་གིས་ཀུན་ནས་རེག་བཞིན་པ་མཐོང་བར་གྱུར་ཏོ། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་མིན་པའི་དབང་དུ་སོང་བར་གྱུར་ཏེ། ཐུབ་དེས་ཨུཏྤལ་དམར་པོའི་སྡོང་བུ་ལྟར་འཇམ་པ། །མི་ཡི་འོ་མ་འཛིན་དག་ཀུན་ནས་རེག་བཞིན་པ། །གླང་པོའི་ཕྲུ་གུ་དེས་ནི་མྱ་ངན་གྱིས་མཐོང་ནས། །མཆི་མའི་ཆུ་ཡིས་མིག་ནི་འགགས་པ་བྱུང་བར་གྱུར། །མཆི་མས་


DTG169_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་ཁྱབ་པའི་མིག་ལྡན་དེ་མཐོང་ནས། །ཀུན་ནས་འོངས་བཞིན་རབ་ཏུ་སྐྱོ་བའི་རལ་པ་འཛིན། །ཡུན་རིང་མ་ཡི་ནུ་མ་འཐུང་བ་ལ་ཆགས་པ། །དཀའ་ཐུབ་ནོར་ཅན་ལ་ནི་ཕྲུ་གུས་བསུ་བར་གྱུར། །གླང་མོའི་ཕྲུ་གུ་དེ་ཡི་སྟེང་དུ་བཞག་ནས་ནི། །ལག་བ་དཀར་བའི་བར་དང་ལྡན་པའི་བགྲང་ཕྲེང་གིས། །དཔྲལ་འབོར་མཆིལ་མའི་ཆུས་ནི་རབ་ཏུ་སྤངས་ནས་ཀྱང༌། །དཀའ་ཐུབ་ནོར་ཅན་བརྩེ་ལྡན་ངོ་བོས་སྨྲེ་སྔགས་འདོན། །སྒོམ་པས་ཀུན་ནས་སྐམས་པའི་རྐན་ལྡན་ཁྱོད་ཀྱིས་ཀྱང༌། །ཡང་ནས་ཡང་དུ་མ་ཡི་ནུ་མ་རེག་བཞིན་པས། །དགྲ་ཡི་ཡིད་ཀྱང་ངེས་པར་རྣམ་པར་འགྱོད་པ་སྟེ། །དཀའ་ཐུབ་དང་ལྡན་བརླན་སེམས་ལྡན་པ་སྨོས་ཅི་དགོས། །མི་ཤེས་མ་ཡི་ནུ་མ་དོན་མེད་ཅི་ཕྱིར་རེག །ད་ནི་བུ་ཁྱོད་སྤྱིའུ་བླུགས་ཆུ་ནི་འཐུང་བར་བྱས། །དེ་ལྟར་འདི་ནི་སྨྲས་ནས་ཆུ་ནི་ཀུན་བཀག་ནས། །དེ་ནི་དེ་ཡི་ཆུས་ནི་རིམ་གྱིས་བཀང་བར་གྱུར། །གཡོན་ཅན་འཆི་བདག་ལ་ཡང་ཀུན་དུ་བཀའ་ཡིས་ནི། །ཁྱེད་ཀྱི་མ་འདི་སྲིད་པ་གཞན་དུ་སོང་བ་སྟེ། །དེ་བས་ཤོག་ཅིག་དཀའ་ཐུབ་ནགས་སུ་སླར་རྒྱུག་ཅིག །ད་ནི་ཡུན་རིང་ཁྱོད་ཀྱིས་བདག་ནི་ཀུན་ནས་བསྲུངས། །དེ་ནས་དཀའ་ཐུབ་ནགས་སུ་རིམ་གྱིས་དེ་འོངས་ནས། །ཤིང་ལོ་རྣམ་པར་འཕྱང་བ་ལག་པས་ཀུན་དམིགས་ཏེ། །མིག་གི་ཆུ་ཡི་ཐིགས་པ་རྣམས་ཀྱིས་བཞིན་སྦངས་པ། །དེ་ནི་ཕོངས་པས་སླར་ནི་འདི་སྐད་སྨྲས། །འཇམ་པའི་ཤིང་གི་འདབ་ཚིགས་གང་གི་སྣ་ཡི་རྩེ་མོ་ལས་ནི་ཁྱོད་ཀྱིས་བཀུག་པ་སྟེ། །ཆུ་ལྟར་བསིལ་བའི་ལན་ནི་མོང་བར་གང་གིས་འདི་ཡི་ཉི་མའི་འོད་ཟེར་ལ་ནི་སྦངས། །གང་གི་ཆུ་ནི་རྒྱས་པ་ཁྱོད་ཀྱིས་ནུ་མ་དག་ནི་མཉེས་གཤིན་པས་བླངས་འཐུངས་པ་སྟེ། །གནས་འདི་ལ་ནི་མ་དེ་མེད་པས་དི་རིང་བུ་ཁྱོད་ཇི་ལྟར་རོལ་བར་འགྱུར་བ་ཡིན། །དེ་ནས་འབར་བའི་སོལ་བའི་ཕུང་པོའི་དབུས་སུ་གནས་པ་གསེར་གྱི་སྣོད་དང་རྗེས་སུ་མཐུན་པའི་དཀྱིལ་འཁོར་དང་ལྡན་པ་དང༌། རི་རབ་ཀྱི་རྩེ་མོ་ལ་དམིགས་པའི་བརྒྱ་ཕྲག་བཅུའི་འོད་ཟེར་དང་ལྡན་པ་ཡོད་པ་ལ། ཕྲུ་གུ་དེ་འཇམ་པའི་རྩྭ་སར་པ་ཁམ་གཅིག་དང་ཆུ་ཐིགས་གཅིག་ཟོས་པ་དང་འཐུངས་ནས་དེ་ཉལ་བའི་ཕྱིར་རྩྭ་སྔོ་བསངས་དང་ཤིང་གི་ཡོ་མ་རྣམས་ཀྱིས་མལ་དུ་


DTG169_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲམ་ནས་ཡང་དང་ཡང་དུ་མཆི་མས་ཀུན་ནས་ཁྱབ་པའི་མིག་དང་ལྡན་པའི་ཐུབ་པ་དེས་སྨྲས་པ། མཚན་མོ་གང་གང་ཉལ་གྱུར་པ། །ཁྱོད་ཀྱི་སྟེང་དུ་རྣམ་བཞག་ནས། །མ་དེ་མེད་པར་ཅི་ལྟར་ནི། །དེ་རིང་སྐྲག་པས་ཁྱོད་འདིར་ཉལ། །ཕྲུ་གུ་དེ་ཉལ་དུ་བཅུག་ནས་མཚམས་བསྙེན་པ་དང་སྨྱུང་བར་གནས་པ་དང་མེའི་བྱ་བ་ཅན་གྱི་ཐུབ་པ་དེས་ཤིང་ལོས་བྱས་བའི་ཁང་པར་ཞུགས་ཏེ། ཅུང་ཟད་གཉིད་བསལ་བར་བྱས་ནས་མཚན་མོའི་བར་དུ་ཡང་དང་ཡང་དུ་མངོན་པར་བྱུང་ནས་མཉེས་གཤིན་པ་དང་བཅས་པར་བལྟ་ཞིང་གནས་སོ། །སྣ་ཚོགས་པའི་འདབ་ཆགས་ཀྱི་ཚོགས་གཉིད་སད་པས་ཁྱབ་པའི་ཐོ་རངས་ཀྱི་དུས་སུ་ཀུན་ནས་ལངས་ཏེ། རི་དགས་ཀྱི་པགས་པས་གཡོགས་པའི་རྩྭའི་མལ་ནས་སྔ་རོལ་ཉིད་དུ་ཤིང་ལོའི་ཁང་པའི་སྒོར་འོངས་ཤིང༌། རིམ་དང་རིམ་གྱིས་ཕྲེང་བས་བསྐོར་བའི་ལག་པས་དེ་ལ་ཀུན་ནས་རེག་ཅིང་དུ་བ་ལས་ལོག་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའི་ལྷའི་མིག་གིས་མཆེ་བ་གཉིས་པའི་ཕྲུ་གུ་དེ་ལ་ཤིན་ཏུ་མཉེས་གཤིན་པས་རྣམ་པར་འབྲེལ་པའི་ཞེན་པ་དྲག་པོ་ཅན་གྱི་དྲང་སྲོང་དེ་ལ་ཀུན་ཏུ་བལྟས་ནས་འདི་ལྟར་བསམས་པར་གྱུར་ཏེ། གཉེན་འདུན་མཉེས་གཤིན་ཡོངས་དོར་ནས། །ཐུབ་པ་འདི་ནི་ནགས་ན་གནས། །འདི་ཉིད་དེར་ཡང་ལྷག་པ་ཉིད། །མཆེ་གཉིས་ཕྲུ་གུ་མཉེས་གཤིན་པ། །དེ་བས་ན་རེ་ཞིག་བདག་འགྲོ་སྟེ་དྲང་སྲོང་འདི་སོ་སོར་རྟོག་པའི་སྟོབས་མ་ཐོབ་པ་གདུལ་བར་བྱའོ་སྙམ་དུ་རྣམ་པར་བསམས་ཏེ། ཡིད་དུ་འོང་བའི་རྒྱན་རྣམས་འོད་ཀྱིས་འབྱུང་བ་ཡི། །དབང་པོའི་མཚོན་ཆའི་ཚོགས་ནི་འབྲོ་ཞིང་སྦས་པ་ནི། །འཇིག་རྟེན་བྱ་བའི་འབད་པ་རྣམ་པར་མ་ཉམས་པ། །དེར་ནི་མྱུར་བར་ལྷ་ཡི་དབང་པོ་ཀུན་ནས་འོངས། །ཀུན་ནས་ཉེ་བར་འོངས་ནས་ཀྱང་ཐབས་དང་བཅས་བར་ཐུབ་པ་ནི་དགེ་བའི་ཕྱོགས་ཀུན་ནས་འགེགས་པར་བྱེད་པའི་མཉེས་གཤིན་པ་འདི་ནི་ཕྲུ་གུ་འདི་ལ་ས་བསལ་བར་བགྱི་སྙམ་དུ་རྣམ་པར་བསམས་ནས། བདག་ཉིད་ཆེན་པོ་དེས་གླང་པོ་ཆེའི་ཕྲུ་གུ་དེ་ཤི་བར་གྱུར་པ་དེ་ཡང་དང་ཡང་དུ་རྐང་པ་རྣམ་པར་དགོད་པར་བྱེད་པ། ཅུང་ཟད་མ་ཡིན་པར་ཡང་ཡང་སྡུག་བསྔལ་དང་བཅས་པར་ངོ་གདོང་བཏེག་པར་བྱས་


DTG169_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉལ་བར་གྱུར་པ་རྫུ་འཕྲུལ་གྱི་མཐུས་མི་སྣང་བར་སྟོན་ཅིང་གནས་སོ། །ཐུབ་པ་དེས་ཀྱང་མ་དཔྱད་པར་ལས་དེ་འདི་ཅི་ཡིན་ཞེས་བྱ་བ་དེ་དང་བྲལ་བར་དོགས་པས་ཡང་དག་པར་འོངས་ཏེ། བུ་ཁྱོད་ལ་ཡང་རྒྱུ་མཚན་མེད་པར་དགྲ་བོ་འཆི་བདག་གིས་ཅི་བརྡེགས་པ་ཉིད་དུ་གྱུར་ཏམ་ཞས་སྨྲས་ནས། མཆོག་ཏུ་མི་དགའ་བས་འོངས་ནས་ཤི་བ་དང་འདྲ་བར་བྱ་བ་དང་བྲལ་བ་དེ་མཐོང་སྟེ། ཡང་ནས་ཡང་དུ་འདི་ལྟར་སྨྲེ་སྔགས་འདོན་པར་བྱེད་པར་གྱུར་ཏེ། གང་གིས་པདྨའི་རྩ་བ་ཡང༌། །ཅི་ལྟར་ཡང་ནི་འདམ་ནས་འདོན། །འདི་དེ་དུས་ཀྱིས་ཁྱེར་བ་སྟེ། མཆེ་བ་མ་སྐྱེས་སྔོན་རོལ་དུ། །མེ་ཡི་ཁང་པའི་ནང་གནས་པ། །བདག་གི་བསྲེག་ལུགས་ཟ་མཆོད་ཅིང༌། །སྒོར་ནི་རྣ་བ་དག་བསྐྱོད་ཅིང༌། །སུ་ཞིག་མདུན་དུ་སྡོད་པར་འགྱུར། །ལྕེ་ཡི་སོར་མོས་སྲབ་པ་ཡིས། །རིམ་གྱིས་རབ་སྲབ་སྣ་མདུན་གྱི། །སུ་ཞིག་སྣ་ཡིས་བདག་ལག་ལས། །པདྨའི་རྩ་བ་སླར་འཛིན་འགྱུར། །གལ་ཏེ་ཁྱོད་ཀྱིས་མ་འཚོ་འགྱུར། །ཁྱོད་ནི་ཤི་བར་སོང་མཐོང་ནས། །རྐང་པས་སྣ་ཡི་རྩེ་མནན་ཏེ། །སྲོག་ནི་སྐད་ཅིག་གིས་གཏོང་འགྱུར། །མྱུར་དུ་འཇིག་རྟེན་ཕ་རོལ་སོང༌། །ཁྱོད་ཀྱི་མི་དེ་དོན་བྱས་པ། །གང་གིས་ཁྱོད་ནི་མ་མཐོང་བ། །ཤི་བདག་དབང་ཉིད་དེར་སོང་བ། །གལ་ཏེ་བདག་གིས་བྱེད་མི་འགྱུར། །མཉེས་གཤིན་ཁྱོད་ཀྱི་སྟེང་དུ་བུ། །སྡུག་བསྔལ་དུག་གིས་བརྒྱལ་བའི་མཐུ། །ཡིད་འདི་འབྱུང་བར་འགྱུར་བ་མིན། །དེ་རྣམས་བསྟན་པ་དེ་བཟུང་སྐྱེས། །དེ་རྣམས་ཐར་པའི་གནས་ན་གནས། །སྤྲུལ་དང་འདྲ་བར་སྐྲག་པ་ཡིས། །མཉེས་གཤིན་གང་རྣམས་ཀྱིས་རིང་བྱས། །བསྟན་པ་ཤིན་ཏུ་དགེ་བ་ཡི། །དམིགས་པར་འདོད་པ་བདག་གི་ནི། །སོ་སོའི་སྐྱེ་བོ་ཉིད་སྐྱོན་གྱིས། །སེམས་འདི་ཕྱི་ནས་འགྱོད་པར་འགྱུར། །ཉི་མ་ནམ་མཁའི་དབུས་གནས་ལ་ནི་དབང་བསྐུར་ཕྱིར། །འགྲོ་ཞིང་ཆུ་སྐྱེས་རྣམས་ཀྱི་སྟུག་པའི་མཚོ་རུ་ནི། །མ་ཡི་ནུ་མ་རབ་ཏུ་དོར་ནས་སུ་ཞིག་ནི། །སྣ་རྩེ་བསྐྱོད་ཅིང་སྣ་ལྡན་དི་རིང་བདག་རྗེས་འགྲོ་།ཡིད་འཕྲོག་བྱེད་པའི་གླང་ཆེན་ཕྲུ་གུ་ཉིད་ནི་མཐོ་བའི་ཤིང་རྣམས་གཅོག་བྱེད་ཅིང༌། །མཆེ་བ་དག་གིས་ཆུ་བོའི་འགྲམ་གྱིས་རྣམས་དང་ནི་ཀུ་ཤ་དང་བཅས་དུམ་དག་


DTG169_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །སྦྱོན་ཆུས་སྔོ་བའི་འགྲམ་པ་ཕུག་པ་ཁྱོད་ཀྱི་མཛེས་པའི་གདོང་ནི་བདག་གིས་མ་མཐང་བ། །རོལ་བས་སྒེག་པར་བྱེད་པའི་རྣ་བ་མཆོག་གི་རླུང་གིས་འཁོར་བའི་བུད་བ་ཅན་གྱི་གདོང༌། །རྣམ་པར་མ་ཆད་སྲབ་པའི་མཆི་མའི་ཐིགས་པ་རྣམས་ཀྱིས་བརླན་པར་བྱས་པའི་རྨ་ཅན་དང༌། །མིག་གིས་གཟུང་བྱ་ལྟར་ནི་བཞིན་གྱི་སྙིང་ལས་ཕྱི་རོལ་དུ་ནི་བྱེད་བཞིན་པ། །འོངས་ནས་ཐོས་པའི་སྐྱེ་གནས་ཅན་རྣམས་ལེགས་པའི་ཚིག་ལྡན་རྣམས་ཀྱང་རིང་པར་སྒྲ་བྱས་པ། །སྲབ་པའི་དགའ་བས་དགའ་བ་ལ་ནི་བརྟན་རྣམས་གཞན་དག་བརྟན་པར་བྱ་ཕྱིར་ནུས་པ་མིན། །དེ་ལྟར་ཕྲག་པ་དང་ནི་ཉེ་བར་རི་དགས་པ་གས་བ་ལྷུབ་ཞིང་རིང་བའི་ལུས་ལྡན་པ། །ས་ལ་གནས་ཤིང་གླང་པོ་ཆེ་ཡི་ཕྲུ་གུ་ལ་ནི་མིག་གཉིས་གཏད་བྱས་པ། །དུ་བར་བྱེད་ཅིང་མྱ་ངན་གྱིས་གདུངས་ཐུབ་པ་ལ་ནི་སྙིང་རྗེས་རྗེས་སུ་ཡང༌། །ཁྱིམ་ཀྱི་གནས་སུ་ལྗོན་ཤིང་མེ་ཏོག་ལ་ནི་འཁོར་བའི་བུང་བའི་སྐད་རྣམས་ཀྱིས། །དེ་ནས་ལྷའི་བདག་པོ་སྐད་ཅིག་དེ་ལས་ལུག་གི་ལྗོན་ཤིང་ལྟར་འཁྱོག་པའི་རལ་བུའི་ཁུར་བུ་ཅན། ཀུན་ནས་འབྲེལ་ཞིང་ཕྲག་པ་ལ་བཀལ་བའི་དབྱིག་པ་ལ་འཕྱང་བའི་ཆུ་དང་བཅས་པའི་བུམ་པ་དང་ལྡན་པ་དང༌། བྲང་གི་མཐིལ་པགས་པས་གཡོགས་པ་དང༌། ལག་ངར་གྱི་བར་ལ་པདྨའི་ཕྲེང་བས་བསྐོར་བ་དང༌། རྩྭ་ཀུ་ཤ་ཅུང་ཟད་བླངས་པ་དང༌། རྐང་པའི་བོལ་ན་རབ་ཏུ་འཕྱང་བའི་ཤིང་ལོའི་གོས་དང་ལྡན་པ་དང༌། དབང་པོ་ཉེ་བར་ཞི་བ། གཟུགས་དང་ལྡན་པ་དང་འདྲ་བར་ཚངས་པའི་དཔལ་འཛིན་ཅིང༌། དཀའ་ཐུབ་པའི་གཟུགས་སུ་མངོན་པར་སྤྲུལ་ཏེ་དྲང་སྲོང་དང་ཉེ་བར་འོངས་ནས་སྨྲས་པ། དྲང་སྲོང་ཆེན་པོ་རང་གི་སྐྱེ་བོ་རྣམས་ལ་མཉེས་གཤིན་པ་དམིགས་བཞིན་པའི་འདིའི་ཤི་བའི་སྡུག་བསྔལ་མི་བཟོད་བཞིན་དུ་འདི་ལྟར་སྨྲེ་སྔགས་འདོན་པའི་ཁྱེད་ཀྱི་གླང་པོ་ཆེའི་ཁྲུས་དང་རྗེས་སུ་མཐུན་པ་ཅི་ཞིག་སྒྲུབ་པར་བྱེད་དེ། ཡུལ་རྣམས་ལ་ནི་འདོད་པའི་ཤུན་པ་བསལ་བས་ཉེ་བར་སྦས་པ་འདི། །ལུས་འདི་གང་དུ་གཉེན་འདུན་རྣམས་དང་ཡང་དག་འབྲེལ་བའི་སྐྱོན་སྤངས་པ། །ཐུབ་པའི་སྐྱེ་བོ་དང་འགལ་གང་དུ་མཉེས་གཤིན་འབྲེལ་པས་བློ་ནི་ལོང་བ་ཡི། །ཁྱོད་ཀྱི་སྨྲེ་སྔགས་འདོན་འདི་བློ་ལྡན་རྣམས་ཀྱི་དགོད་བྱའི་དངོས་པོ་ཡིན། །གལ་ཏེ་དུ་བའི་སྡུག་བསྔལ་སྒྲ་འདོན་རྣམས་ཀྱི་མཆི་


DTG169_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདོན་རྣམས་ལ། །མྱུར་བ་ལྟར་ནི་མིག་རྣམས་མཉེས་གཤིན་འབྱུང་བ་འཛིན་པ་ཡི། །གཤིན་རྗེའི་ཡུལ་དུ་སོང་བའི་དགའ་བོ་རྣམས་ཀྱི་འོས་པར་འགྱུར་བ་ནི། །ས་ན་མ་ལུས་འདི་ལྟར་ཚེ་ཡི་བར་དུ་རབ་ཏུ་དུ་བར་འགྱུར། །དགེ་བའི་འབྲས་བུ་ཆུད་བ་ཉིད་ཕྱིར་ཚེ་དང་ཕུན་སུམ་ཚོགས་རྣམས་ཀྱི། །གནས་པ་འདི་ནི་སྲོག་ཆགས་རྣམས་ཀྱི་མྱུར་དུ་འཇིག་པར་ཉེ་བར་འགྲོ། །བསྲེག་ལུགས་འཛིན་པའི་གྲོགས་པོའི་ཤུགས་ཀྱིས་བསྐུལ་བ་ཆུང་བའི་འོད་ཅན་ནི། །སྲབ་ཅིང་སྔོ་བའི་དུམ་བུའི་མེ་ཡི་མེ་སྟག་རྣམས་ནི་ཆུ་ལ་ལྟར། །གཉེན་འདུན་རྣམས་ལ་མཉེས་གཤིན་གུས་མེད་བརྟན་པ་ཡང་ནི་རྩད་ནས་བཏོན་ནས་སེམས་སྟོབས་ཀྱིས། །རགས་པའི་ཀ་བ་ལྟར་ནི་མཐོ་བ་གསང་མེད་འཇིགས་པས་རབ་ཏུ་སྡུག་བསྔལ་བསྐྱེད་པ་ལྟར། །གལ་ཏེ་ཁྱེད་ནི་ནགས་སུ་འོངས་ཏེ་གླང་པོ་ཆེ་ལྟར་རང་དགའི་བདེ་བ་འདོད་པ་ཡིས། །ཅི་ཕྱིར་མཉེས་གཤིན་འདི་ནི་ཤིན་ཏུ་བརྟན་པར་སླར་ནི་ཞགས་པ་བདག་ཉིད་ལ་འཕན་བྱེད། །སྔོན་གྱི་བསྐལ་པར་དཀའ་ཐུབ་བཟང་བ་རྣམས་ཀྱིས་གཉིས་སྐྱེས་མདུན་སོང་རྩི་བས་ཀྱི་མཐའ་མ་ཅན། །སྟོང་ཕྲག་བརྒྱད་ཅུའི་དུས་ཀྱིས་བརྩིས་པའི་གྲངས་ནི་གང་ལ་ཚེ་ཡི་འབྱུང་བ་ཉིད་དུ་འགྱུར། །ཚེ་ནི་འགྲོ་བ་ཞེས་བྱར་ཤེས་ནས་ཡོ་བྱེད་རྣམས་ནི་དོར་ཏེ་དེས་ནི་ནགས་བསྟན་འགྱུར། །ཚེ་ནི་ཉུང་བ་ལ་ཡང་བློ་གྲོས་མེད་པ་རྣམས་ཀྱིས་ཕྲེད་པ་ད་ལྟ་ཇི་ལྟར་དོན་མི་བྱེད། །སྟོན་ཀར་ཀུན་ནས་ཟད་པའི་ཆུ་ཅན་ཆུ་འཛིན་པ། །གློག་གི་ལྗོན་ཤིང་ལྷན་ཅིག་སྐྱེས་པ་དོར་བར་བྱེད། །རྒྱུ་དང་མི་རྒྱུ་འགྲོ་བ་འདི་ལ་ངང་བཞིན་ལས། །ཕན་ཚུན་དུ་ནི་རྣམ་པར་བྲལ་བ་ཅི་མ་མཐོང༌། །དངོས་པོ་ཞེས་བྱ་དེ་དེ་རྣམས་ཀྱང་གསལ་བྱས་ནས། །ཡུད་ཙམ་ཆགས་པས་ལྷན་ཅིག་པ་ཡི་སྤྱོད་ཡུལ་ཡང༌། །མཉེས་གཤིན་པ་ཡི་སྐྱེ་བོ་ལ་ཡང་སྐད་ཅིག་གིས། །སྐྱེ་བོ་སེལ་བར་བྱེད་དེ་མར་མེ་སྣང་བ་ལྟར། །ཇི་ལྟར་གཞུ་དང་ལྡན་པས་མདའ་ནི་སྟེང་དུ་འཕངས། །རིང་དུ་སོང་ནས་ཀྱང་ནི་སླར་ནི་ལྷུང་བར་འགྱུར། །དེ་བཞིན་དུ་ནི་ལུས་ནི་ཡོངས་སུ་བསྐྱངས་བ་ཡང༌། །འབད་པ་དེ་དང་དེ་ཡིས་ལྷུང་བའི་མཐའ་ཅན་ཉིད། །བྱིས་པ་དང་ནི་གཞོན་ནུ་དར་བ་བརྒས་ལྡན་པ། །མི་གསལ་བ་དང་མན་ངག་ལ་ནི་མཁས་པའམ། །འདུག་


DTG169_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་ཉིད་འཆི་བདག་འདི་ནི་མི་ལྟོས་ཏེ། །བསྲེག་བྱ་ལ་བརྟེན་རབ་ཏུ་སོང་ཞིང་མེ་ནི་ལྟར། །ཚེ་འདི་འགྲོ་བའི་རང་བཞིན་མྱུར་དུ་རྟོགས་ནས་ནི། །ལོངས་སྤྱོད་རྣམས་ཀྱང་འགྲོ་བའི་རང་བཞིན་ཆུ་ཤུལ་ལྟར། །དེ་བས་མཁས་པས་ཞི་བའི་ཕྱིར་ནི་འབད་བྱ་སྟེ། །རྟག་ཏུ་ཆོས་ཀྱི་ལུས་ལ་སྐུད་པར་བྱ་བའི་ཕྱིར། །འཇིག་རྟེན་གཞན་དུ་འགྲོ་ཞིང་སྐྱེས་བུ་ཆོས་ལུས་ཅན། །གང་ཞིག་ལ་ནི་སྲིད་པའི་མཐའ་མ་རྗེས་སུ་འགྲོ་།མཁས་པ་རྣམས་ལ་དེ་ནི་གྲོགས་ལྡན་འདོད་པ་སྟེ། །གཞན་ནི་གྲོགས་དང་བཅས་ཡང་གྲོགས་ནི་མེད་པ་ཉིད། །རྟག་ཏུ་རྒས་དང་ན་བ་འཆི་བ་ཀུན་འབྱུང་བའི། །སྲིད་པ་གསུམ་ལ་འཚོ་བའི་ཡིད་ནི་སུ་ཞིག་འགྱུར། །གང་ཞིག་ཟད་ལ་རབ་ཏུ་འབར་བར་ཉལ་འདོད་པ། །དེ་ནི་སྲ་བརྟན་བག་མེད་རྣམས་སུ་ཀུན་ནས་ཞུགས། །དམ་པས་དོན་མིན་འཕེལ་བའི་ཕྱིར་ནི་བརྟན་བྱེད་པ། །མཉེས་གཤིན་རྒྱུ་མཚན་འགའ་ཞིག་ཏུ་ནི་རིགས་མིན་ཏེ། །སྔགས་ནི་མ་རྙེད་པར་ཡང་འཚོ་བ་འདོད་པ་ནི། །དབུགས་དབྱུང་དྲག་པོའི་སྤྲུལ་ཚང་ལག་པ་སུ་ཞིག་གཏོང༌། །སྐྱེ་བོ་སྲིད་པའི་རྩེ་མོ་ལས་ཀྱང་འཇོམས་པར་བརྩོན་པ་ནི། །སྒྲོན་མ་བཟུང་བ་ལྟར་ནི་བདག་གིས་རྣམ་མཐོང་སྟེ། །དེ་ལྟར་བག་མེད་པས་ནི་གཉེན་པོ་མ་བྱས་པའི། །རྨོངས་པ་རྣམས་ལ་མི་རྟག་པ་འདི་དགོད་པ་འདྲ། །ལུས་ཅན་རྣམས་ཀྱི་ཚེ་གནས་པ། །རིང་དུ་གནས་པ་མཐོང་བ་མིན། །ཆུ་ནི་ཤིན་ཏུ་འབབ་པ་ལ། །རྡུལ་གྱི་ཆར་པ་འཕངས་པ་ལྟར། །མཉེས་གཤིན་སྦུན་གྱིས་མི་ནུས་ཏེ། །འགའ་ཞིག་དུ་བརྟེན་གཅོད་ཕྱིར་གང༌། །རྨོངས་པ་དེས་ནི་ནམ་ཞིག་ན། །སྐྱེ་བོའི་ལྕགས་སྒྲོག་ཆེ་གཅོད་འགྱུར། །འདི་ནི་ཤེས་རབ་དགྲ་སྟ་ཡིས། །བློ་བྱས་རྣམས་ཀྱིས་གཅོད་པ་སྟེ། །དེ་བས་དམ་པས་མཁས་པ་རྣམས། །ཤེས་རབ་ཉེར་འཕེལ་འདོད་པས་བརྟེན། །གང་ཕྱིར་ཤིན་ཏུ་ཕྲ་རགས་སམ། །རིང་བ་དང་ནི་ཉེ་བའམ། །མི་རྟག་ཕྱིར་ནི་དེ་རང་ཉིད། །མཁས་པ་ཡིས་ནི་མི་བྱེད་དོ། །དེ་བས་གཟུགས་སོགས་ཚོགས་པ་ནི། །སྐད་ཅིག་འཇིགས་ལས་ཡིད་འབྱུང་བ། །འདོད་ཆགས་བྲལ་ཏེ་ཆགས་བྲལ་བ། །ཡོད་བཞིན་རྣམ་གྲོལ་རྟོག་པར་བྱེད། །བདག་ནི་རྣམ་གྲོལ་ཞེས་ཤེས་ནས། །ཡེ་ཤེས་མཐོང་བ་རྣམ་དག་པ། །བདག་ལ་སྐྱེ་བ་


DTG169_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཤེས་བྱ། །སྲིད་པ་ཡང་ནི་མཐོང་མི་འགྱུར། །ཇི་ལྟར་འདབ་མ་ལ་སོགས་མཛེས་པའི་ཚོགས་མེད་པར། །པདྨ་ཡིད་ནི་འཕྲོག་པར་ཡོད་པ་མ་ཡིན་ཏེ། །དེ་བཞིན་དུ་ནི་གཟུགས་ལ་སོགས་པའི་ཚོགས་ལས་ནི། །ཐ་དད་པར་ནི་མཁས་པས་རིག་བྱེད་མཐོང་མ་ཡིན། །དེ་ནས་ཐུབ་པ་དེས་འཁོར་བའི་རང་བཞིན་གསལ་བར་མཛད་པའི་བྱང་ཆུབ་སེམས་དཔའི་ཚིག་ལ་མཉན་ནས་སྡུག་བསྔལ་ཀུན་ནས་སེལ་བ་ལེགས་སོ་ལེགས་སོ་ཞེས་བྱ་བས་མངོན་པར་བསྟོད་ནས་སྨྲས་པར་གྱུར་པ། ཁྱོད་ཀྱི་ཁ་ཡི་ཟླ་བ་ལས། །འབྱུང་བའི་ངག་གི་ཟླ་ཚེས་འདི། ཐོབ་སྟེ་བདག་གི་མུན་པ་འདི། །མྱུར་དུ་འདས་པར་གྱུར་པ་ཡིན། །མཁས་པས་མན་ངག་སྟོན་པ་ལ། །བྱིས་པ་ཡང་ནི་བྱིས་མིན་འགྱུར། །ཉི་མ་ངེས་པར་འཆར་བ་ལ། །པདྨ་ཟུམ་པ་ཉིད་ནི་དོར། །བྱང་ཆུབ་སེམས་དཔས་སྨྲས་པ། །འདིར་མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ། །བདེ་དང་སྡུག་པ་བྱེད་ཕྱིར་བརྟེན་ནས་ཡོད་དང་མེད་པའི་ལས་དག་བརྟན་པར་ཤེས་ནས་ནི། །བློ་གྲོས་ལེགས་པ་གནས་པ་འབྱེད་པའི་རང་གི་དབང་པོ་རྣམས་ཀྱི་དབང་གི་ཁྲིད་བྱས་མིན། །དྲན་པ་མ་ཉམས་དབང་པོའི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ་དངོས་གྲུབ་མཆོག་ནི་ཐོབ་པ་སྟེ། །བླ་མའི་སྐྱེ་བོ་ལས་ནི་འདི་ལྟར་རྗེས་བསྟན་བླངས་ནས་སྐྱེ་བོས་ཐ་མར་གདུང་མི་བྱེད། །དྲང་སྲོང་ཆེན་པོ་ལེགས་སོ་ལེགས་སོ། །སྐད་ཅིག་ལས་ཡོངས་སུ་གཅོད་པར་བྱེད་པའི་ཁྱེད་ཀྱི་བློ་སྟེ་བདག་ནི་ཀུན་ནས་ངལ་བ་འབྲས་བུ་དང་བཅས་པ་སྟེ་ལྟོས་ཤིག་དང༌། ཉན་པ་པོ་གང་དོན་ནི་མ་ལུས་ཐོབ་པ་ཙམ་གྱིས་འཛིན་ཏེ་དེ་ནི་ཉན་དུ་གཞུག །གང་ཞིག་འཆང་པ་པོའི་ཚིག་ནི་ལན་གཉིས་སྨྲས་པ་འབྲས་བུ་བྱས་པ་དེར་ཡང་ཤེས། །གང་ཞིག་གསལ་བར་ལན་ནི་དུ་མར་ཡང་སྨྲས་ཤེས་པ་མིན་ཏེ་ལྡེར་སོའི་རྣམ་པ་ཅན། །དེ་ལ་ཀུན་དུ་ངལ་བ་དོན་མེད་མཁས་པ་ཉིད་ཀྱིས་མི་སྨྲའི་བརྟུལ་ཞུགས་མཛེས་པ་ཡིན། །བདག་ནི་ལྷ་ཡི་དབང་པོ་ཞེས་བྱ་སྟེ་བདག་གི་མཐུས་སླར་ཕྲུ་གུ་འདི་འཚོ་བར་གྱུར་ཅིག་ཅེས་བྱ་བ་བརྗོད་ནས། རྫུ་འཕྲུལ་གྱི་མཐུས་གླང་པོ་ཆེའི་ཕྲུ་གུ་དེ་བསླངས་ཏེ་གནས་པར་གྱུར་ཏོ། །ཐུབ་པ་དེས་ཀྱང་མཆོག་ཏུ་ངོ་མཚར་བར་ཀུན་ནས་སོང་བར་གྱུར། །གསལ་བའི་ཅོད་


DTG169_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བན་འོད་ཟེར་རྣམས་ཀྱིས་ཉི་མའི་སྣང་བ་སྐྱེས་བྱས་པ། །དྲི་མེད་མུ་ཏིག་ཧར་བུས་ནོར་བུའི་འོད་ཅན་མགྲིན་པ་མནན་པ་ནི། །སླར་ཡང་བྱང་ཆུབ་སེམས་དཔའ་ལྷ་ཡི་དབང་པོའི་གཟུགས་ནི་འབྱིན་བྱས་ཏེ། །ཐོང་གཤོལ་འཛིན་པའི་སྣམ་བུ་ལྟར་སྔོ་འཇམ་པ་བར་སྣང་བརྟན་པར་གྱུར། །ཐུབ་པ་དེས་ཀྱང་ཕྲུ་གུ་དེས་རྗེས་སུ་འབྲང་བཞིན་པ། ཡིད་རབ་ཏུ་དགའ་བས་སླར་དཀའ་ཐུབ་ཀྱི་ནགས་སུ་ཞུགས་པར་གྱུར་ཏེ། དེ་ནས་དུས་ཀྱི་རིམ་པས་གླང་པོ་ཕྲུ་གུ་ཉིད་དོར་ནས། །སྨྱོན་ཆུས་དྲི་ནི་བསྒོས་པ་ནགས་ཀྱི་མཐའ་དང་ཕྱོགས་ཀྱི་བར། །མཆེ་བ་འདེབས་པ་རྣམས་ཀྱིས་རིང་དུ་བྱས་པའི་གླང་པོ་གཞན། །རི་བོ་ཆེན་པོའི་ནང་དུ་ཚོགས་ཀྱི་བདག་པོ་བྱུང་བར་གྱུར། །གླང་པོ་དེས་ནི་དུས་གཅིག་ཚེ་ན་བསིལ་བའི་ཤིང་ལས་ནི། །བུད་མེད་འོ་འཛིན་འོ་ཅན་འབྲས་བུ་བསགས་པ་བླངས་ནས་ནི། །བཀག་ནས་ཐུབ་པ་ལ་ནི་ཆུ་གཏེར་ཆུ་ཡི་བརླན་པ་བྱིན། །ལྷན་ཅིག་བྱེད་པའི་ཡལ་ག་འབྲས་བུ་ཅན་རྣམས་དེ་ལ་བྱིན། །དམ་པ་བརྩེ་བ་དང་ལྡན་ཡོན་ཏན་བསྒྲུབ་པ་མཁས་པ་ལ། །དྲི་ཞིམ་བརླན་པ་ལྟར་ནི་རང་བཞིན་གྱིས་ནི་སྟོད་བྱེད་པ། །སྔར་ནི་ཕན་བྱེད་བདག་ཉིད་ཆེ་ལ་སུ་ཞིག་བྱ་བ་ཡི། །སྙིང་དང་བཅས་པའི་ཡིད་ལ་རྗེས་སུ་ཆགས་པ་རིང་པོར་མི་འགྱུར་རམ། །མོན་ལུག་རྣམ་པར་བཅག་ལྟར་དྲི་ཞིམ་འཛག་པའི་སྨོན་ཆུའི་ཕྲེང༌། །བུ་ཁྱོད་སྐྱེས་པ་ཆེན་པོ་འདི་ལྟར་སྨྲ་བཞིན་པར་གྱུར་ཏེ། །རི་བོའི་རྩིག་པ་ཕུག་པས་མཛད་པའི་ཕྱོགས་གཅིག་ལྡན་པ་ནི། །མཆེ་གཉིས་ཀུན་ད་ལྟར་དཀར་དེ་ལ་ཐུབ་པ་དེས་རེག་གྱུར། །སླར་ཡང་རྣ་བའི་ཏིང་ཏིང་ཤགས་ཀྱིས་བཟློག་པར་གྱུར་པ་ཡི། །འཁོར་བའི་བུང་བ་རྣམས་ཀྱིས་ཀུན་འཐུངས་སྙོན་ཆུའི་དྲི་ཞིམ་པ། །གླང་པོའི་དབང་པོ་གཞན་གྱི་མཆེ་བས་ལྷག་པའི་ཡན་ལག་མཆོག །གླང་པོ་ལ་ནི་སྨྲ་བ་རྣམས་ཀྱི་མཁས་པས་འདི་ལྟར་སྨྲས། །གླང་པོའི་དབང་པོས་སྨྱོན་ཆུ་དྲི་ཞིམ་འཐུང་པར་འདོད་པ་ཡི། །བུང་བ་རྣམས་ལ་རྣ་བ་རྣམ་པར་བརྡེགས་པས་མ་འགེགས་ཤིག །ཤིན་ཏུ་གུས་པ་མེད་པས་སྨད་པའི་གང་ཕྱིར་སྦྱིན་ཆེན་ཡང༌། །དོན་གཉེར་རྣམས་ལ་ཀུན་ནས་དགའ་བ་བྱེད་པར་མི་འགྱུར་རོ། །ཚོགས་ནི་བསྐྱང་ཕྱིར་འོང་མ་རྣམས་ཀྱིས་མུན་པ་ཅན་གྱི་ནགས་ལ་གལ་


DTG169_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རྟག་ཏུ་འདོད། །གནོད་པའི་རྩེ་དང་ལྕགས་ཀྱུ་ལས་ནི་འབྱུང་བ་གལ་ཏེ་སྡུག་བསྔལ་རྣམས་ནི་ཁྱོད་མི་འདོད། །ས་སྐྱོང་གིས་བཏང་དེ་བས་གླང་པོའི་བདག་ཁྱོད་གླང་མོ་རྣམས་ཀྱི་རྗེས་སུ་མ་འགྲོ་ཞིག །ཆགས་པས་སྡུག་བསྔལ་ཆེན་པོ་ལ་ནི་མི་མཁས་པས་ནི་སུ་ཞིག་ཅེས་བྱ་བཏང་མ་ཡིན། །དེ་རིང་ཁྱོད་ཀྱི་དཔྲལ་འབོར་སྤྲུགས་པས་རྣམ་པར་འབྲེལ་པའི་སྨྱོན་ཆུའི་གནས་ནི་བསྣོམས་བྱས་ཏེ། །མལ་ནི་རྩྭ་སྔོན་རྩེ་མོ་བཅག་པ་ཐ་མར་མཆེ་བ་གཉིས་ཀྱིས་བཅད་པ་མཐོང་ནས་ནི། །ཚོགས་ནི་སྐྱོང་བ་རྣམས་ཀྱིས་དོར་བ་མེ་ཏོག་ཟས་ཅན་ངེས་པར་ཁྱོད་ལ་ཕྲད་འདོད་དེ། །དེ་བས་ཁྱོད་ནི་སོང་ཤིག་ཐུང་བ་རྣམས་ཀྱིས་ཉེ་བར་གླུ་བླངས་གདོད་ཅན་བདག་སླར་མཐོང༌། །དེ་ནས་རིམ་གྱིས་མཆེ་བ་གཉིས་པའི་མཆོག་དེ་ཚོགས་ཀྱི་ནང་དུ་རྗེས་སུ་ཐོབ་པ་ལ། །ཐུབ་པ་དེས་ཤིང་ལོས་བྱས་པའི་ཁང་པར་ཞུགས་ཏེ། བསམ་གཏན་ལ་རྩེ་གཅིག་པ་བྱུང་བར་གྱུར་ཏོ། །དེ་ལྟར་ན་བཅོམ་ལྡན་འདས་དེས་སྐྱེ་གནས་ཐམས་ཅད་དུ་འཇུག་པར་གྱུར་པས་ནམ་ཡང་གཞན་གྱི་དོན་ལ་གཡེལ་བ་ཉིད་དུ་མ་གྱུར་ཏོ་སྙམ་དུ་རྣམ་པར་བསམས་ནས་དེའི་ཆོས་ལ་རྗེས་སུ་འཇུག་པ་རྣམས་ཀྱིས་གནས་པར་བྱ་ཞེས་བྱ་བའོ། །བརྒྱ་བྱིན་གྱི་སྐྱེས་པའི་རབས་ཏེ་སྐྱེས་རབས་གསུམ་པའོ།། །། ཡུལ་གྱི་འདམ་ལ་ནུབ་པའི་འཇིག་རྟེན་པ། །འདམ་བཞིན་དུ་ནི་བརྒལ་བར་དཀའ་བ་ལས། །ཤེས་རབ་ལས་བྱུང་ཐབས་ལྡན་བརྟན་པ་རྣམས། །བརྒལ་བའི་དོན་དུ་འབད་པར་བྱེད་པ་ཡིན། །འདི་ལྟར་རྗེས་སུ་ཐོས་ཏེ། ཐོས་པ་དང༌། དུལ་བ་དང༌། གཏོང་བ་ངང༌། ཡིད་གཞུངས་པ་དང༌། བཟོད་པའི་ཡོན་ཏན་གྱི་ནོར་བུ་རྣམས་ཀྱི་གཏེར་དང༌། མདུན་ས་དང་མདུན་ན་བློ་གྲོས་ཀྱི་བདག་ཉིད་ཆན་པོར་རབ་ཏུ་གྲགས་པ་དང༌། ལེགས་པར་སྤྱོད་པའི་སྟོན་ཀའི་དུས་ལྟར་དྲི་མ་མེད་པ་དང༌། རྒྱ་ཆེ་བའི་རིགས་ཀྱི་ནམ་མཁའ་ལ་ཟླ་བ་དང་འདྲ་བ་དང༌། ཟླ་བའི་དཀྱིལ་འཁོར་དང་རྗེས་སུ་མཐུན་པའི་བཞིན་གྱི་པདྨ་དང་ལྡན་པ་དང༌། པདྨའི་ལྟེ་བ་ལྟར་དཀར་བའི་ལུས་དང་ལྡན་པ་དང༌། གཟུགས་དང་ལྡན་པ་འདྲ་བའི་ཚུལ་གྱི་ཕུན་སུམ་ཚོགས་པས་ཀུན་ནས་གཙང་བའི་ཡིད་དང༌། ཅུང་ཟད་ཀྱང་དབང་པོའི་དགྲ་རྣམས་ཀྱིས་ཕམ་པར་མ་བྱས་པ་དང་སྐྱོན་རྣམས་ཀྱི་གཉེན་པོ་རྒྱལ་བ་དང་རང་


DTG169_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱོགས་ལྟར་ཡོན་ཏན་རྣམས་སྔོན་དུ་སོང་བ་དང༌། ཐེ་ཚོམ་མེད་པ་དང་ལུས་དང་འདྲ་བའི་ཆོས་དང་འདྲ་བ་དང༌། དལ་འབྱོར་ཡང་དག་པར་ཐོབ་པ་དང༌། སྐད་ཅིག་མར་ཡང་ཡུལ་གྱི་སྐྱོན་རྣམས་ཀྱིས་ཡིད་ལ་གླགས་མ་རྙེད་པ་ཀ་ཤི་ཀའི་རྒྱལ་པོའི་བློན་པོ་ཁྲ་ཅན་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་བྱུང་བར་གྱུར་ཏོ། །འདོད་པ་མེ་ཏོག་རྣམས་བཞིན་དུ། །འཛུམ་པ་རྣམས་ནི་འགའ་ཞིག་ཀྱང༌། །བདག་གི་སྐྱེད་མོས་ཚལ་བསྲུང་ལྟར། །སོ་སོར་འཛིན་འགྱུར་བློ་ཡང་ཕྲོགས། །ས་འཛིན་རྣམས་ཀྱི་རི་རབ་ལྟར་ནི་མཐོ་བའི་མདུན། །དཔག་བསམ་ཤིང་རྣམས་ལྟ་བུར་ཡོངས་འདུས་བརྟོལ་ནི། །དེ་ནི་ཀུན་དུ་མཁས་པ་རྣམས་ལས་འབྱུང་འགྱུར་ཏེ། །འདོད་དང་ལྡན་པ་རྣམས་ལ་ཉི་མ་ལྟར་ནི་ལྷག །ཇི་ལྟ་ཇི་ལྟར་བསྟན་བཅོས་རྣམ་དབེན་ལས་གསལ་བ། །སློབ་མ་རྣམས་ཀྱིས་འདི་ཡི་ཚིག་ལྕི་ཐོས་འགྱུར་བ། །དེ་ལྟ་དེ་ལྟར་འདི་རྣམས་ཀྱི་ནི་བློ་རིམ་གྱིས། །སྟོན་ཀའི་ཡོན་ཏན་གྱིས་ནི་ཆུ་ལྟར་དངས་པར་འགྱུར། །དེ་ལྟར་འདོད་པ་ཐམས་ཅད་ལ་མཁས་པའི་བློ་དང་ལྡན་ཡང་བདག་ཉིད་ཆེན་པོ་དེ་ལུགས་ཀྱི་བསྟན་བཅོས་རྣམས་སྨོད་པའི་སྐྱོན་རྣམས་ལས་ཤིན་ཏུ་ནུབ་པའི་ཡིད་ཅན་ཀ་ཤི་ཀའི་རྒྱལ་པོ་བཟློག་པར་ནུས་པ་མ་ཡིན་ཏེ། གནས་སྐབས་སྔོན་དུ་འགྲོ་བར་ཡང་འདི་ལ་དབེན་པའི་སར་སྐྱོན་རྣམས་ལས་རྣམ་པར་གཅོད་ཅིང་སྨྲས་པ། ལྷ་ལགས་ལུས་འཕགས་རྒྱལ་པོ་ལ་སོགས་པ་སྐྱོན་ལ་ལྟ་བ་གཉེན་པོ་རྒྱལ་པོ་གཞན་རྣམས་ཡོད་པ་ལྷའི་སྐྱོན་རྣམས་ཡོད་པ་རྣམས་ལ་རྩེ་གཅིག་པ་ཉིད་ནི་རིགས་པ་མ་ཡིན་ནོ། །ལྷས་གཟིགས་ཤིག་གང་ཞིག་འཐུངས་ཏེ་བླ་མ་ཡང་ཁྲོ་བར་བྱེད་དེ་རྒྱུ་མཚན་མེད་པར་སླར་ནི་དུ། །འཁྲུལ་པར་འགྲོ་སྟེ་མ་དཔྱད་པ་ཡང་བྱེད་པར་འགྱུར་བ་ནད་ཀྱི་གཞིར་ནི་འགྱུར་བ་སྟེ། །འཇིག་རྟེན་པ་ཡི་མདུན་དུ་ཡང་ནི་སྨད་གཡོགས་བསལ་བར་བྱེད་དེ་སྨྱོན་པ་བཞིན་དུ་བྱེད། །དེ་ནི་ངོ་ཚ་བྲལ་བྱེད་གཏི་མུག་སྐྱེད་པར་བྱེད་པ་སུ་ཞིག་ཅེས་བྱ་ཆུང་འཐུང་འགྱུར། །གང་ཞིག་བརྩེ་ཞིང་ཇི་ལྟ་བ་བཞིན་མི་སྨྲ་པ་སྟེ་ཁྲོས་པས་རེག་པར་འགྱུར། །གཉིད་ནི་མི་མྱོང་བདག་ནི་ཕམ་ཞེས་བྱ་བའི་ཉོན་མོངས་པས་ནི་བརྒྱལ་ཕྱིར་སླར་ཆགས་འགྱུར། །ཤིན་ཏུ་བཤད་གཅི་བཀག་པས་རྙེད་པར་སླ་བའི་


DTG169_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ནད་རྣམས་ཀྱིས་ནི་ལྷག་པར་གནས་འགྱུར་ཏེ། །ཆོ་ལོ་དེ་ནི་སྐྱེན་མང་ཚོགས་ཀྱིས་དྲི་བཅས་སྐྱེས་པ་སུ་ཞིག་ཅེས་བྱ་རྩེ་བར་འགྱུར། །སྦྲུལ་ལས་རྒུད་པ་དང་ཡང་དགྲ་བས་ཀྱང་ནི་སླར་འཇིགས་རྟ་ལས་ཀྱང་ནི་ལྷུང་བ་སྟེ། །བཀྲེས་སྐོམ་ངལ་བའི་སྡུག་བསྔལ་ཤིན་ཏུ་ཆེ་བ་ཉི་མའི་འོད་ཟེར་དྲག་པོ་བས་ཀྱང་ཆ། །བྱ་བ་རྣམས་ཀྱི་ཐ་མ་དམ་པའི་སྐྱེ་བོ་ལ་ནི་སྨད་པ་ཡང་དག་འགྲོ་བ་ལས་ལྷུང་བ། །དེ་ལྟར་སྐྱོན་དང་ལྡན་པའི་རི་དགས་ཤེར་བ་ཤེས་ནས་མཁས་པ་སུ་ཞིག་དེ་ལ་བརྟེན། །སྟོབས་ནི་ཉམས་པ་ཐོབ་པ་རྣམས་ལ་རྣམ་ཞུམ་པ། །སྡུག་བསྔལ་གྱི་རྒྱུ་མུན་པ་རྣམས་ཀྱི་རྒྱུ་མཚན་ཏེ། །འདོད་པའི་མེ་ཡི་བསྲེག་ལུགས་བདག་ཉིད་བསྲེག་པའི་ཕྱིར། །བུད་མེད་རྣམས་ལ་ཤིན་ཏུ་ཆགས་པ་མེ་ཡིས་གདུངས་པའོ། །མི་སྐྱོང་ཚིག་ནི་རྩུབ་པ་སྐྱེ་དགུ་རྣམས་ལ་ནི། །འཇིགས་པ་བྱེད་པ་གནས་ཀྱི་ཁྱད་པར་གྱིས་མི་བཟད། །ལྟོ་འཕྱེའི་དབུགས་ཀྱིས་རྣམ་པར་བྱུང་བ་བྱེད་པ་ཡི། །དུག་གི་མེ་ཡིས་འཕྲོག་པར་བྱེད་པའི་འོད་ཟེར་ལྟར། །ཕོངས་པ་དེ་ནི་ཞི་ཡང་བླ་ཡི་བསིལ་བའི་འོད་དབང་ཕྱུག །རགས་པ་མཚོན་པ་ཡང་མིན་ཏེ། །དྲག་པོའི་དཔྱ་ཅན་ལྟོ་འཕྱེ་བཞིན། །གང་གིས་སྨད་པ་ལུགས་མེད་པ། །དོན་སྨད་ཚུལ་ཤེས་རྣམས་ཀྱིས་ནི། །རིང་བ་ཉིད་དུ་སྤང་བྱ་སྟེ། །ས་སྐྱོང་རྣམས་ཀྱིས་དུག་བཞིན་དུ། །མ་དཔྱད་མིག་ཅན་དཔའ་བོ་དང༌། །ཤེས་རབ་ཀྱིས་རྒན་སྨོད་བྱེད་པ། །དབང་པོ་མ་རྒྱལ་ས་སྐྱོང་ལ། །ནམ་ཞིག་རྒུད་པ་བཞོན་མི་འགྱུར། །དེ་ལྟར་རྣམ་པར་རྒྱལ་བའི་སྐྱོན་འདི་རྣམས་ཤིན་ཏུ་རིང་པོ་ནས་ཐོབ་པ་ཡང་རྒྱལ་པོའི་དཔལ་ནི་ནུབ་པར་བྱེད་དོ། །དཔུང་པའི་སྟོབས་ཀྱིས་དབང་རྣམས་ཀྱིས་བདག་བྱས་ཀྱང༌། །ཤེས་རབ་རྒན་པ་རྣམས་ཀྱིས་ཚུལ་གྱིས་སྐྱོང་བཞིན་ཡང༌། །ས་ཡི་བདག་པོའི་དཔལ་འདི་རྣམ་འགྱུར་འགྲོ་བ་སྟེ། །མཉེས་གཤིན་དོར་བའི་ལུས་ཅན་རྣམས་ལ་འགོད་བྱེད་ལྟར། །དབང་པོའི་དགྲ་ནི་རྣམ་རྒྱལ་ཡོན་ཏན་དྲུག་པོ་མ་འདས་པ། །ཚུལ་གྱི་མིག་དང་ལྡན་པས་ཆེན་ཆུན་ཚོགས་ནི་ལྟ་བྱེད་པ། །རླུང་གིས་གདུངས་པའི་མེ་ལྕེ་རྣམས་ལྟར་གཡོ་བ་ཡང༌། །ནོར་ཅན་མ་ཡིན་བདག་པོས་དཔལ་ནི་ཉེ་བར་སྟེར་བར་བྱེད། །དེ་བས་ན་བདག་ཉིད་


DTG169_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྒྱལ་བས་ལྷ་ཡིས་རྟག་ཏུ་གནས་པར་བྱ་ཞེས་ཟེར་རོ། །དེ་ནས་རྒྱལ་པོ་དེའི་ཡུལ་རྣམས་ཀྱིས་དབང་པོ་འཕྲོག་པའི་ཕྱིར་སྙིང་སྟོབས་བས་ཡང་ངོ་བསྲུང་གི་ཕྱིར་སྨྲས་པ། གང་ཞིག་ཁྱེད་ཅག་ལྟ་བུ་བླ་མ་རྣམས་ཀྱིས་བདག་ལ་གདམས་ངག་བྱས་པ་དེ་ནི་བདག་གིས་འདའ་བར་འགྱུར་བ་མ་ཡིན་ཞེས་ཟེར་ཏེ། བྱང་ཆུབ་སེམས་དཔའ་རང་གི་ཁྱིམ་དུ་སོང་ནས་ཀྱང༌། །རྫ་རྔ་གླིང་བུའི་སྒྲ་ཡིས་ནང་གང་བ། །གླུ་བཅས་སྒྲ་ལྡན་སྒེག་དང་བཅས་པའི་གར་མཁན་ལྡན། །ས་བདག་དེས་ནི་མྱོས་པ་ཉིད་ཀྱིས་མིག་དམར་བ། །བཙུན་མོའི་འཁོར་ན་ཡང་དག་རྒྱུ་ནི་ཞུགས་པར་གྱུར། །དེ་ནས་སྒེག་བཅས་བཙུན་མོའི་ལག་གིས་གཏད་པ་ནི། །ཡིད་ནི་འཕྲོག་བྱེད་ཁུ་བྱུག་མིག་ལྟར་དམར་བ་ནི། །ཡིད་འབྱུང་མེ་ཡི་བུད་ཤིང་རྒུད་པ་རྣམས་ཀྱི་གཞི། །ལྟེ་བ་ཁ་ཕྱེའི་ཨུཏྤལ་གྱིས་བརྒྱན་ཆང་འཐུང་གྱུར། །དེ་ནས་རིམ་གྱིས་ཉི་མ་ནུབ་པར་ཉེར་སོང་ལ། །འདབ་ཆགས་རྣམས་ནི་རིམ་གྱིས་ཚད་རྣམས་སོང་བ་ལ། །ས་བདག་དེ་ཡི་མདུན་དུ་མར་མེ་འཛིན་པ་རྣམས། །གུས་པ་དང་བཅས་འོངས་ཏེ་མར་མེའི་སྣོད་རྣམས་སྦར། །དེ་ནས་སྲོད་དུས་རི་བོང་གིས་མཚན་རྩེ་ཡོད་པར། །སྐད་ཅིག་དེས་ནི་འདོད་པའི་རྟེན་ཅན་ཆང་འཐུངས་ཏེ། །རྒོད་པས་བསྐུམ་པའི་མཆུ་ལྡན་གར་མཁན་མོ་ཡི་གདོང༌། །སྒེག་པའི་མིག་ཅན་ལ་ནི་ལྟ་བ་བཅིངས་པར་གྱུར། །དེ་ལྟར་ཆང་ནི་ཡོངས་སུ་འཕེལ་བས་རྨོངས་པའི་བདག །གྲགས་ཤིང་ཡིད་ནི་འཕྲོག་པའི་གར་དང་གླུ་ཡི་སྒྲ། །ཇི་ལྟར་ཡང་ནི་མཚན་མོའི་ཐ་མ་ཤེས་འགྱུར་ཏེ། །མི་བདག་དེ་ནི་ཀུན་ནས་འོད་མེད་ཟླ་གསུམ་ལྡན། །དེ་ནས་དེར་རོལ་པའི་བློན་པོ་ཁ་ཅིག་ཁྲ་ཅན་གྱི་ཤེས་རབ་ཀྱི་མཆེ་བའི་བདག་ཉིད་མི་བཟོད་པར་གྱུར་པས་ཀ་ཤའི་རྒྱལ་པོ་ལ་འདི་སྐད་སྨྲས་པར་གྱུར་ཏེ། ལྷའི་སྟེང་དུ་ཆགས་པ་དང་བྲལ་བའི་སྙིང་དང་འདྲ་བ་ཁྲ་ཅན་མཐོང་སྟེ། ཅིའི་ཕྱིར་ཞེ་ན། བདག་ཅག་རྣམས་ཀྱིས་ཐོས་ཏེ་ཇི་ལྟར་འདི་ལུས་འཕགས་ཀྱི་རྒྱལ་པོ་ལ་བརྟེན་ནས་ལྷ་འཇིག་པ་ཉིད་ཀྱི་ཕྱིར་འབད་པར་བྱ་སྟེ། དེ་བས་ན་དེའི་སྟེང་དུ་ལྷས་ཡིད་ཆེས་པར་བྱ་བ་མ་ཡིན་ཞེས་ཟེར་རོ། །རྒྱལ་པོ་དེ་ཡང་རྨོངས་པའི་རང་བཞིན་གྱིས་མ་དཔྱད་པ་ཉིད་དུ་བྱང་ཆུབ་


DTG169_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་སྟེང་དུ་མཉེས་གཤིན་པ་ལ་གཡེལ་བར་ཀུན་ནས་སོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་ཀྱང་གཏམ་དེ་ཡིད་ཆེས་བ་རྣམས་ལ་ཀུན་ནས་ཉེ་བར་དམིགས་ཏེ། གྲོགས་པོ་སུ་ཞིག་གི་མདུན་དུ་འདི་ལྟར་སྨྲས་པར་གྱུར་ཏོ། །གདུག་པའི་བདག་ཉིད་རོལ་པའི་བློན་པོ་འདི་རྣམས་ཀྱིས་རྒྱལ་པོ་འདི་བདག་གི་སྟེང་དུ་ཁྲོས་སུ་བཅུག་པ་སྟེ། རྣམ་པ་ཐམས་ཅད་དུ་སྐྱེ་བོ་ངན་པ་རྣམས་ཀྱིས་སྐྱེ་བ་ནི་གཅིག་ཏུ་གཞན་རྣམས་ལ་གནོད་པ་ཉིད་ཀྱི་ཕྱིར་ཏེ། །འགྲོ་སྡང་དམ་མིན་སྐྱེ་དང་སྦྲུལ་དག་གི་ནང་ན། །བདག་སྟེང་གདེངས་ཅན་མཆོག་དེ་དམ་མིན་སྐྱེ་བོ་མིན། །ལྟོ་འཕྱེའི་གདེངས་ཀར་ནོར་བུ་ཆེན་པོ་ཡོད་པ་སྟེ། །སྐྱོན་རྣམས་མ་ལུས་འབྱུང་བྱེད་ཉིད་ནི་སྐྱོ་བ་ངན། །རང་བཞིན་གྱིས་ནི་སྐྱེས་པ་ཞེས་བྱ་བ་ཁ་བ་ཉིད། །མེ་ལ་བརྟེན་པའི་ནིམ་པའི་འདབ་མ་དོར་བ་སྟེ། །དམ་མིན་སྐྱེ་བོས་དམ་པའི་སྐྱེ་བོའི་སྤྱོད་བྱས་ཀྱང༌། །ནད་རྣམས་གདོན་བྱེད་ཚིག་ནི་དུག་གི་ཚ་བ་དོར་མི་བྱེད། །སྐྱེ་བོ་ལ་ནི་འབྱུང་བར་བྱེད་ཅིང་འཆི་བའི་འཇིགས་པ་བྱེད་པ་སྦྲུལ་གྱི་དུག །ཡན་ལག་ལ་གནས་སྨན་པ་ལ་ནི་དུག་ཞིའི་སྔགས་རྣམས་ཀྱིས་ནི་ཞི་བར་ནུས། །བཟང་མིན་སྐྱེ་བོའི་ཚིག་གི་དུག་ནི་ཆེན་པོ་རྣམས་གཅོད་གནོད་བྱ་མིན་པ་ནི། །སོ་སོར་འཛིན་དང་ཡིད་ལ་གདུངས་པ་སྲོག་དང་བྲལ་བའི་བར་དུ་འཛིན་པར་བྱེད། །སྐྱོན་ནི་མང་མཐོ་སྐད་ཅིག་གིས་འཇིག་ཀུན་ནས་སྐྲག་པ་བསྐྱེད་པ་ནི། །སྦྲུལ་རྣམས་ཀྱི་ནི་རྒྱུ་ནི་ཡིན་ཏེ་ས་ཡི་རྡུལ་གྱིས་ཉེ་བར་བསགས་པ་ནི། །རྒྱལ་སྲིད་ལས་བྱུང་ཆེན་པོ་ཉིད་ནི་གང་ཞིག་ཁྱིམ་དང་འདྲ་བར་ཀུན་ནས་སྤངས། །དེ་ལས་ལངས་པའི་ཆོག་ཤེས་མིན་པའི་རྒུད་པ་ཆུང་ཡང་དེ་ལ་རེག་མི་བྱེད། །གལ་ཏེ་རྒུད་བསྐྱེད་སྡུག་བསྔལ་གྱིས་ནི་བརྟེན་བྱ་མི་སྐྱོང་མངོན་ཕྱོགས་ཉིད་དུ་ཁྲིད། །ཤེས་རབ་དང་ནི་རིགས་སྟོབས་རྣམ་པར་བྲལ་བ་ཡང་ནི་སྐྱེས་པའི་དཔལ་མཐོང་འགྱུར། །གལ་ཏེ་རི་དགས་བདག་པོས་འབད་པ་མེད་པར་ལན་ནི་མང་པོ་གྲོགས་ཉིད་འགྲོ། །ཅེ་སྤྱང་གིས་ཀྱང་དེ་ལ་རྗེས་འགྲོ་མཆེ་བ་གཉིས་པའི་བདག་པོའི་ཤ་ཟ་འགྱུར། །དེ་པས་ན་བདག་ཅག་ལྟ་བུ་རྣམས་ལ་སའི་བདག་པོ་འདི་སྣོད་མ་ཡིན་ནོ། །ཞེས་སྨྲས་ནས་གཉེན་འདུན་དང་གྲོགས་པོའི་སྐྱེ་བོ་དང་ཡོ་བྱད་རྣམས་ཀུན་ནས་དོར་


DTG169_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཁྲི་སྙན་གྱི་པགས་པ་དང་ཤིང་གི་ཤུན་པ་དང༌། རིལ་བ་སྤྱི་བླུགས་འཛིན་ཅིང་རྟག་ཏུ་འབྲས་བུ་མོད་པ་བདུད་ཀྱི་ཡིད་ལ་རེ་བ་འབྲས་བུ་མེད་པར་བྱེད་པ། ཤིང་རྟ་དང་འདྲ་བར་ངེས་པ་ལ་གནས་ནས་དྲི་མ་མེད་པའི་ཆུ་དང་ལྡན་པའི་ཆུ་བོ་དང་འབྲེལ་པས་རླུང་བསིལ་བ་དང༌། དུ་མའི་རི་དགས་ཀྱི་ཚོགས་དང་འདབ་ཆགས་ཀྱི་ཚོགས་ཀྱིས་ཁྱབ་པ། དཀའ་ཐུབ་གྲུབ་པའི་ཐུབ་པ་རྣམས་ཀྱི་རྟེན་དང་ཤིན་ཏུ་དགའ་བར་གྱུར་པ་དང༌། ཤིན་ཏུ་ཤིང་རྣམས་མང་བ་ཉིད་ཀྱིས་ཉིན་མོར་བྱེད་པའི་ཉི་མའི་འོད་ཟེར་རྣམས་ཀྱིས་འཇུག་པ་མ་ཐོབ་པ་དང༌། ས་འཛིན་པའི་ཉེ་བར་བརྟེན་པ་འགའ་ཞིག་ལ་བརྟེན་ནས་དཀའ་ཐུབ་སྤྱད་པར་གྱུར་ཏེ། བསམ་གཏན་བཞི་རྣམས་ཐོབ་ནས་ནི། །རིམ་གྱིས་བསྒོམ་པ་རྣམས་ཀྱི་མཆོག །བདག་ཉིད་ཆེན་པོ་དཀའ་ཐུབ་ཆེ། །དེས་ནི་མངོན་ཤེས་ལྔ་ལ་གནས། །དེ་ནས་བློན་པོ་དེ་ནི་དཀའ་ཐུབ་སྤྱོད་བཞིན་པ། །རབ་ཏུ་ཞི་བ་མཆོག་ནི་རྣམ་པར་མཐོང་བཞིན་པ། །དམན་པའི་བུ་ལོན་ཅན་ལྟར་མཆོག་གི་བུ་ལོན་ཅན། །རིང་ནས་སྤངས་ཏེ་དགོས་པ་མེད་བཞིན་འགྲོ་བར་འགྱུར། །དེ་ནས་ཀ་ཤའི་རྒྱལ་པོས་དུས་གཅིག་གི་ཚེ་ན་བྲང་ལ་གཞུ་དམ་པར་བཞག་པས་གོ་ཆ་དང་ལྡན་པ་དང༌། དྲི་མ་མེད་པའི་རྒྱན་རྣམས་ཀྱི་ནོར་བུའི་འོད་ཟེར་གྱིས་དཀྲིགས་པ་གསེར་གཅད་པ་ལྟར་དག་ཅིང་ཡན་ལག་རྒྱས་པ། འཕྲོ་བར་བྱེད་པའི་རྟ་རྣམས་ཀྱི་ཚོགས་ཆས་ལས་སིལ་སིལ་གྱི་སྒྲ་འདབ་ཆགས་ཀྱི་ཚོགས་ཀུན་ནས་སྐྲག་པར་བྱེད་པའི་ཤིང་རྟའི་མཆོག་ལ་ཞོན་ནས་རི་དགས་ཤོར་བའི་ལྟད་མོས་སྙིང་འདྲེན་པར་གྱུར་པ། བྱང་ཆུབ་སེམས་དཔའ་དེ་དང་བཅས་པའི་ནགས་ལ་རྗེས་སུ་ཞུགས་པར་གྱུར་ཏེ། ཤིང་རྟའི་ཤུགས་ཀྱི་དབང་གིས་བསྐྱོད་པར་བྱེད་པའི་རྒྱན། །རྣམས་ཀྱི་འོད་ཀྱིས་འཚོ་བའི་ལག་པ་གཉིས་སྣང་བྱས། །ཤུགས་ནི་གསལ་བའི་རི་དགས་རྗེས་ཆོལ་མི་སྐྱོང་ནི། །མཚོན་ཆ་ལ་མཁས་ཤུགས་ལྡན་བཅས་པར་རབ་འགྲོ་འགྱུར། །དེས་ནི་ཤིན་ཏུ་རིང་བའི་རི་དགས་རྗེས་འབྲངས་ནས། །རི་དགས་ལྟར་ནི་རྒྱས་ཤིང་མཛེས་པས་བསྐྱོད་པའི་མིག །མིག་གི་མཐའ་མར་གཞུ་རྒྱུད་འཛིན་པ་མདའ་དང་བཅས། །མདའ་ཡི་རྟེན་ནི་མྱུར་དུ་མི་སྐྱོང་དེས་བྱས་འགྱུར། །དེ་ནས་རི་དགས་མོ་ཡི་གྲོགས་ལྟར་རིང་དུ་སོང་བ་ལ། །བསྐྱོད་པའི་རྨིག་པ་གཉིས་ཀྱིས་ནམ་མཁའ་


DTG169_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འཇལ་བར་བྱེད་པ་ལྟར། །ཤིང་རྟ་འདྲེན་པས་འཛིན་པ་རྟ་རྣམས་སྒྲ་སྒྲོགས་ཐག་པ་ཆད། །དེས་ན་གཞུ་རྒྱུད་མདའི་ལྟོང་རྣམས་བྲལ་མྱུར་དུ་ཁྱེར་བར་གྱུར། །དེ་ནས་བྱང་ཆུབ་སེམས་དཔས་ཀ་ཤའི་རྒྱལ་པོ་མཐོང་ནས་བདག་གི་སྤྱོད་ཡུལ་དུ་རྒྱལ་པོ་འདི་འོངས་པ་དེ་བས་ན། བདག་གིས་འདི་ངན་འགྲོའི་རྒྱུ་དམ་པ་མ་ཡིན་པའི་གྲོགས་པོ་མང་བ་བདེ་བ་ཆུང་དུ་མྱོང་བའི་རྒྱལ་པོ་ཉིད་འདི་ལས་གདོན་པར་བྱས་ཏེ། ལམ་བཟང་པོར་འཇུག་པར་འགྱུར་བ་ཞེས་བྱ་བ་རྣམ་པར་བསམས་ནས། སྐད་ཅིག་མ་ཉིད་ཀྱིས་རྫུ་འཕྲུལ་ཆེན་པོའི་མཐུས་མཆེ་བ་གཉིས་པའི་སྨྱོན་ཆུས་ཕྱོགས་རྣམས་ཀྱི་བར་དྲི་དང་ལྡན་པར་བྱས་བ་དང༌། རལ་གྲི་དང༌། མདུང་ཐུང་དང༌། ཅོང་ལོག་དང༌། གསོར་མདུང་གི་འཇིགས་པ་དང༌། རྒྱལ་མཚན་མཐོན་པོའི་རྩེ་མོ་རྣམས་ཀྱིས་མངོན་པར་གདུངས་པའི་ནགས་ཀྱི་ཤིང་ཡལ་ག་དང་ལྡན་པ་དང༌། ཆུའི་ཁུར་གྱིས་ལྕི་བའི་ཆུ་འཛིན་པ་ལྟར་བརྟེན་པའི་སྒྲ་ཅན་རྫ་རྔ་དང་ལྡན་པ་དང༌། ཀུན་ནས་གང་བར་གྱུར་པའི་ཆུ་སྐྱར་ལྟར་དཀར་བའི་དུང་རྣམས་ཀྱི་སྒྲས་རྣ་བ་འདོན་པར་བྱས་པ་དང༌། མངོན་དུ་ཕྱོགས་པར་འོངས་པའི་ཤིང་རྟའི་འཁོར་ལོ་རྣམས་ཀྱི་མཐའ་མས་དམའ་བར་བྱས་པའི་སའི་སྟེང་དང་ལྡན་པར་བྱས་པ་འདི་དང་འདི་ནས་མངོན་པར་འཇུག་པར་གྱིས་ཤིག །ད་ནི་གང་དུ་འགྲོ་ཞེས་བྱ་བས་འཐབ་མོའི་ཚོགས་ཀྱིས་སྒྲ་སྒྲོགས་པ་དང༌། ཀུན་ནས་གཞུ་བཀང་བ་དང༌། གོ་ཆ་གོན་ནས་ཀུན་ནས་དཀྲོལ་བ་དང༌། ཅ་ཅོའི་སྒྲ་འབྱུང་བས་རི་དགས་ཀྱི་ཚོགས་ཀུན་ནས་སྐྲག་པ་དང༌། རྒྱུག་ཅིང་འཐབ་མོ་ལ་བརྩོན་པ་ལུས་འཕགས་རྒྱལ་པོའི་དམག་ཚོགས་ཉེ་བར་སྟོན་ཅིང་གནས་ཏེ། རྡུལ་གྱི་མུན་པ་ཅན་གྱིས་བར་ནི་འདྲེས་བྱས་པ། །གླང་ཆེན་རྣམས་ཀྱི་སྣ་ཡི་ཆུ་ཐིགས་རྣམས་ཀྱིས་དགོད། །ས་སྐྱོང་རྣམས་ཀྱི་ཅོད་པན་རིན་ཆེན་དྲི་མེད་པའི། །འོད་ཟེར་གཡོ་བ་རྣམས་ཀྱིས་འགའ་ཞིག་སྒྲོན་བྱས་འདྲ། །གླང་ཆེན་རྣར་འཕྱང་དུང་རྣམས་ཀྱིས་ནི་མཛེས་གྱུར་ཏེ། །རྣམ་རྒྱས་ཀུ་མུ་ད་རྣམས་ལྟར་ནི་འགའ་ཞིག་ཏུ། །དེ་ནས་རིམ་གྱིས་རིང་པོ་ནས་ནི་དེ། །ལུས་འཕགས་རྒྱལ་པོའི་ཟླ་ལྡན་མིག་ནི་མཚན་མོ་འཕེལ། །དེ་ནས་ཤིང་རྟ་ལ་གནས་རྣ་བའི་མཐའ་མ་འབྲེལ། །གཞུ་རྒྱུད་མདའ་དང་བཅས་པ་ལ་ལས་བྱས་པར་གྱུར། །


DTG169_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་པའི་ལྟོ་འཕྱེ་ལྟོ་པའི་པགས་པའི་འོད་ལྡན་པ། །ལ་ལ་ཞིག་གིས་རལ་གྲི་ཤུབས་ནས་བཏོན་པར་གྱུར། །འཛག་པའི་སྨྱོན་ཆུའི་ཐིགས་པས་གོས་པའི་གདོང་ལྡན་པ། །གཡེར་ཀ་དང་བཅས་གླང་པོ་རྣམས་ཀྱིས་ཀུན་ནས་བསྒྲིབས། །དཔྲལ་འབུར་ལྕགས་ཀྱུས་བཏབ་པ་ལ་ནི་ལག་པས་གཞན། །ཤིན་ཏུ་གླང་པོ་ཆེ་ནི་ཀུན་ནས་ལངས་པར་བྱས། །རྒྱ་ཆེན་བྲང་གི་མཐིལ་ནས་གཞུ་ནི་བཟུང་བྱས་ཏེ། །རྔ་མ་དང་བཅས་རྒྱུག་པའི་རྟ་ལ་གནས་པ་ནི། །གཞན་གྱི་མདའ་འཛིན་ནས་ནི་སྒྲོ་ལྡན་རྣོ་བ་ནི། །སོར་མོ་རྣམས་ཀྱིས་རྟེན་ནི་སར་པ་བཏོན་པར་གྱུར། །དེ་ནས་མངོན་པར་ཕྱོགས་པར་གྱུར་པའི་དམག་དེ་མཐོང་ནས་ཀ་ཤིའི་རྒྱལ་པོ་ཀུན་ནས་སྐྲག་པའི་དབང་གིས་འདར་བ་ཡང་དག་པར་བྱུང་སྟེ། །ད་ནི་སུ་ལ་སྐྱབས་སུ་འགྲོ་ཞེས་ཟེར་བ་བདག་གིས་ཐོས་ཏེ། ཇི་ལྟར་བདག་ཉིད་ཆེན་པོ་ཁྲ་ཅན་དེ་དཀའ་ཐུབ་ཀྱི་ནགས་འདིར་ཞུགས་པ་དེ་ཉིད་བདག་ལ་དཀའ་ཐུབ་ཀྱི་སྟོབས་ཀྱིས་ལུས་འཕགས་རྒྱལ་པོའི་སྟོབས་འདི་ལས་སྲུང་བར་བྱེད་པར་འགྱུར་རོ་སྙམ་དུ་རྣམ་པར་བསམས་ནས། ཤིང་རྟ་འདྲེན་པ་ལ་སྨྲས་པ། ཤིང་རྟ་འདྲེན་པ་ཤིང་རྟ་འདྲེན། །དེ་ཡི་དཀའ་ཐུབ་ནགས་གང་དུ། །ཁྲ་ཅན་བདག་ཉིད་ཆེན་པོ་ཡི། །ལམ་ཤེས་པ་ཡི་ལམ་དེ་ན། །བདག་གི་ཤིང་རྟ་དྲང་བར་གྱིས། །དེ་ནས་འདྲེན་པས་དེ་ལྟར་བགྱི་ཞེས་སླར་མཉན་ནས། །ལྕག་གིས་ཀུན་ནས་བསྐུལ་བས་མྱུར་བར་འཕེལ་བ་ནི། །རབ་རྒྱས་སྣ་ལས་སྐྱེས་པའི་སྒྲ་ཅན་ཤུགས་ཀྱིས་ནི། །རྟ་རྣམས་ཐག་པ་རབ་ཏུ་བཀྲོལ་བ་བྱས་པར་འགྱུར། །དེ་ནས་མྱུར་བར་དཀའ་ཐུབ་ནགས་ནས་རྣམ་བྱུང་ནས། །པདྨའི་ཕྲེང་བས་བྱས་པའི་ལག་པས་བརྐྱང་བྱས་ཏེ། །དོགས་པ་རྣམ་པར་དོར་ནས་སྤྱིལ་བོར་ཞུགས་མཛོད་ཅེས། །དཀའ་ཐུབ་ནོར་ཅན་དེས་ནི་མི་སྐྱོང་དེ་ལ་སྨྲས། །དེ་ནས་ཤིང་རྟ་མཆོག་ལ་རིམ་གྱིས་བཅས་ནས་ནི། །ལག་པ་ཀུན་ནས་བཟུང་སྟེ་འཇིགས་པས་འཁྲུག་པ་ལ། །རི་དགས་དང་ནི་རྨ་བྱ་ཆུ་སྐྱར་བར་མེད་པ། །དཀའ་ཐུབ་ནགས་སུ་ཐུབ་པ་མཆོག་དེས་ཁྲིད་པར་གྱུར། །ས་ཡི་བདག་པོ་དེས་ཀྱང་སྤྱིལ་པོར་སོང་བ་ན། །ངལ་བས་ཀུན་ནས་ཁྱབ་པའི་ཡིད་རེ་བཅས། །ཤིང་རྟ་རྟ་དང་རྐང་ཐང་རྣམས་ཀྱིས་ཁྱབ་པ་ནི། །སྟོབས་ཀྱང་ཀུན་ནས་ཁྱབ་པའི་དབང་གིས་


DTG169_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མི་སྣང་གྱུར། །དེ་ནས་རྒྱལ་པོ་དེས་གསོང་པོ་ར་སྨྲ་བ་བྱས་ཤིང་སྤྱིལ་པོའི་གནས་དང་རྗེས་སུ་མཐུན་པའི་སྟན་འགའ་ཞིག་ལ་ཀུན་ནས་ཉེ་བར་ཞུགས་ཏེ། ཐམས་ཅད་དུ་བལྟ་བ་བཏང་བས་ལུས་འཕགས་རྒྱལ་པོའི་དམག་ཚོགས་དེ་མ་མཐོང་ཞིང་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཁྱོད་ཀྱི་དཀའ་ཐུབ་ནགས་སུ་བདག་ནི་ཞུགས་པ་ལ། །དགྲ་ཡི་དམག་དེ་མྱུར་བ་ཉིད་དུ་གང་དུ་སོང༌། །ཁྱད་པར་དུ་ནི་ཡང་བ་དཀར་པ་ཆུང་ཟད་པས། །ཆུ་གཏེར་རྣམས་ཀྱི་ཕྲེང་བ་རླུང་གིས་གདུངས་པ་ལྟར། །ཁྲ་ཅན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་རྣམ་པར་གདུལ་བའི་ཕྱིར་བདག་གིས་རྫུ་འཕྲུལ་གྱི་ཆེ་བའི་བདག་ཉིད་བསྟན་པར་བྱས་པ་སྟེ། འདི་ནི་ལུས་འཕགས་རྒྱལ་པོའི་དམག་ཚོགས་གང་ན་ཡོད་ཅེས་ཟེར་རོ། །གཞན་ཡང༌། གང་དུ་གཉེན་རྣམས་ལས་ཀྱང་འཇིགས། །དགྲ་འཇིགས་གཅིག་པུར་མ་ཟད་ཀྱི། །རྒྱལ་སྲིད་དེ་ནི་སྐྱོན་མང་བ། སེམས་བཅས་སུ་ཞིག་དོན་དུ་གཉེར། །འདི་ནི་གདོན་བྱ་གསད་བྱ་འདི། །དེ་ནི་རང་ཉིད་མིན་བླང་བྱ། །བསམ་པ་ཡང་འདི་དམྱལ་བའི་ཕྱིར། །ས་སྐྱོང་བྱ་འདི་སྨོས་ཅི་དགོས། །དེ་བས་རྒྱལ་སྲིད་བདེ་བ་ཆུང༌། །ཐ་མར་འཇིགས་པ་ཆེན་པོ་ཅན། །དོར་ནས་གཅིག་དུ་དགེ་བ་ནི། །རབ་བྱུང་ཉིད་ལ་ཁྱོད་བརྟན་མཛད། །བདག་ལ་ཆགས་པ་ཟིལ་གྱིས་ནོན། །དཀའ་ཐུབ་ནགས་དང་རྒྱབ་ཕྱོགས་པ། །སྲོག་ཆགས་རྣམས་ནི་དེ་ལྟ་བུའི་མི་དགེ་བའི་སྤྱོད་པ་བྱེད་དེ་གང་གིས་ངན་འགྲོ་བརྟེན་པར་འགྱུར་ཏེ་ལྷས་གཟིགས་ཤིག །བསྲེག་ལུགས་དུ་བའི་བླ་བྲེས་ནི། །སྲབ་པའི་སྲིན་དང་རྗེས་མཐུན་པ། །མེ་ཏོག་སྐྱེས་པའི་ཤིང་གི་ནང༌། །པདྨ་སྔོ་བའི་མཐའ་ལྡན་པ། །མཐའ་མེད་པ་ཡི་ས་སྐྱེས་ལྡན། །ས་སྐྱེས་མཐུག་པའི་གྲིབ་མ་ཡིས། །བསིལ་བར་བྱེད་པའི་ས་ཕྱོགས་ཅན། །བུང་བ་ལྷུང་བས་ཀུན་སྐྲག་པ། །ཀུན་ནས་འདར་བའི་ལྟ་བ་ཅན། །དཀའ་ཐུབ་ཅན་རྣམས་བུ་མོ་ཡིས། །མེ་ཏོག་བཏུས་པར་གྱུར་པ་ནི། །སྲུབ་བཞིན་པ་ཡི་གཙུབ་ཤིང་སྒྲས། །ཀུན་ནས་མེ་འབྱུང་མཚོན་བྱས་པ། །ཀུན་ནས་དཀའ་ཐུབ་མོ་རྣམས་ཀྱིས། །ཤིང་ལོའི་ཁང་སྒོ་བཅུག་བཞིན་པ། །ཞི་བ་ཤིང་ལོ་རྣམས་ཀྱི་གནས། །ཞི་མིན་སྐྱེ་བོ་དང་ནི་བྲལ། །གཉེན་འདུན་ཆགས་པས་དཀའ་ཐུབ་ནགས། །སྐྱེ་བོས་


DTG169_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བར་ནུས་པ་མིན། །ལེགས་པ་རྣམས་ཀྱི་བར་ཆད་འདི། །མཉེས་གཤིན་གལ་ཏེ་སྐྱེ་མི་འགྱུར། །མཛའ་བོ་རྣམས་ཆད་མྱ་ངན་མེ། །ལུས་ཅན་རྣམས་ཡིད་སྲེག་མི་འགྱུར། །བདག་ལ་ཆགས་པས་འཇིག་རྟེན་འདི། །བྱ་མིན་སྟོབས་ཀྱིས་བྱེད་དུ་བཅུག །ངན་འགྲོར་འགྲོ་བའི་རྒྱུ་ཉིད་ཕྱིར། །དགྲ་ལས་མཉེས་གཤིན་ཤིན་ཏུ་དཀའ། །བདག་ལ་ཆགས་པའི་རྨོངས་པ་ལས། །དེ་ལྟ་བུ་ནི་སུ་ཞིག་བྱེད། །གང་གིས་སྨད་སྨྲ་མངའ་རྣམས་ཀྱིས། །འབེན་ནི་སྐད་ཅིག་དེར་འགྲོ་འགྱུར། །གང་ཚེ་ཉིད་དུ་ཀུན་ནས་བསྙེན། །འཇིག་རྟེན་མཉེས་གཤིན་ཆེན་པོ་ཡིན།། འདོད་ཆགས་ཞེ་སྡང་གཏི་མུག་དགྲས། །དེ་ཚེ་སྤང་བར་ཉེ་བར་སོང༌། །མཉེས་གཤིན་ཆེན་པོ་རྣམས་མ་དཔྱད། །གཟི་བརྗིད་ལྡན་ཡང་སྐད་ཅིག་གིས། །སྐྱེ་བོ་ལ་འོངས་ཁོང་ནད་རྣམས། །མར་མེ་ལ་ནི་ཕྱེ་ལེབ་ལྟར། །ཡན་ལག་རྣམས་ལ་ཀུན་ནས་ཚད་དང་ཁོང་ན་ལྷག་པ་དབུགས་ནི་འབྱུང་དང་འཇིགས་པ་དང༌། །གཉེར་སེམས་དང་ནི་གཉིད་སད་པ་དང་ཉིན་མཚན་ལ་ཡང་ཤིན་ཏུ་མུན་ཅན་ཕྱོགས་རྣམས་དང༌། །མཆི་མ་དང་བཅས་མིག་དང་བརྟན་མིན་གཉིད་ནི་མཛའ་བོའི་སྐྱེ་བོ་རྣམས་ཆད་དུས་སུ་བརྟན། །མཉེས་གཤིན་སྦྲུལ་གྱིས་བཏབ་པས་རྨོངས་པའི་ཡིད་ཅན་རྣམས་ཀྱི་རྒུད་པ་འདི་རྣམས་འབྱུང་བ་ཡིན། །ལོངས་སྤྱོད་འདོད་པ་གླང་པོ་འཆིང་བ་ཆོག་ཤེས་རྣམ་པར་གཅོད་པར་བྱེད་པ་རྗེས་སོང་སྟེ། །འདོད་ཆགས་གླང་པོ་སྐྱོང་བས་བསྐུལ་བ་རྒྱགས་པའི་དབང་གིས་དམ་པ་མིན་པའི་ལམ་རྒྱུག་ཅིང༌། །མཉེས་གཤིན་དཀའ་བ་ཆུང་བ་ཉིད་ཀྱིས་བཅག་པར་མི་ནུས་པ་ནི་ཡིད་ཀྱི་གླང་པོ་ཆེ། །ཀུན་ནས་རྨོངས་ཤིང་སློང་མོ་པ་ཡི་སྡུག་བསྔལ་ཉོན་མོངས་ལྕགས་ཀྱུའི་རྨ་ནི་བཟོད་པར་བྱེད། །གཉེན་འདུན་མཉེས་གཤིན་པ་ནི་དགྲ་བོ་བཞིན་དང་ལག་འགྲོ་བཞིན་དང་དྲག་པའི་གླང་མོ་བཞིན་དང་མེ་བཞིན་དུ། །གང་གིས་རིང་ནས་ཡོངས་སུ་སྦངས་ནས་འགྲོ་བ་དེ་ལ་ལོང་ནད་རྣམས་ནི་ཀུན་ནས་འཇུད་མི་བྱེད། །གང་ཞིག་འདི་ལ་བཙས་པའི་སྡུག་བསྔལ་བསྐྱོད་པ་མི་མཁས་པ་ཡི་སྐྱེ་བོས་འཁྱུད་པར་བྱེད། །རྟག་ཏུ་སྨན་མིན་ཟ་ལྟར་མི་བཟད་རྣམ་བ་རྒོད་པ་རྣམས་ནི་དེ་ལ་ཉོན་མོངས་བྱེད། །གང་ཞིག་གཉེན་འདུན་འཆིང་བ་བཅད་ནས་སྲིད་པའི་འཇིགས་


DTG169_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅོད་ཕྱིར་ནགས་སུ་སོང་བ་ནི། །དེ་ནི་མཁས་པ་རྣམས་ཀུན་གྱི་ནི་ཉི་མ་བཞིན་དུ་འོད་ལྡན་རྣམས་ཀྱི་མདུན་སོང་བ། །དེ་ལ་སེམས་ནི་འབྱུང་བས་བྱས་པ་རྣོ་བའི་མདའ་ཡིས་བྱ་བའི་འབྲས་བུ་མེད་པའི་གཞུ། །སྐྱེས་པའི་འབྲས་བུ་བླ་ན་མེད་པ་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིང་ངེས་ནི་རྙེད། །དེ་ནས་རྒྱལ་པོ་དེ་རབ་ཏུ་འབྱུང་བ་ལ་ངེས་པར་བྱས་པས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། དྲི་མེད་རྒྱ་ཆེན་བློ་ཡི་གྲགས་པ་ཅན་ཁྱོད་ཀྱི། །འདི་ནི་རྫུ་འཕྲུལ་གྱི་སྟོབས་ཀུན་ནས་རྒྱ་ཆེ་བ། །མཐོང་ནས་བདག་གི་ཡིད་ཀྱང་མྱུར་བར་བྱེད་པ་སྟེ། །དཀའ་ཐུབ་ཀྱིས་ནི་དབང་བ་ཉིད་ཐོབ་པ་ཡི་ཕྱིར། །ཨེ་མ་རྫུ་འཕྲུལ་འདི་ནི་དཀའ་ཐུབ་ཀྱིས་མོས་ལ། །གལ་ཏེ་བློ་ལྡན་རྣམས་ཀྱི་བློ་ཡི་སྟོབས་ཀྱིས་ཀྱང༌། །དེ་ལྟར་སྐྱོན་ནི་མང་བ་དྲི་མ་ཅན་གྱི་ནི། །སྐད་ཅིག་གིས་འཇིགས་པ་ལ་རྒྱལ་པོ་ཉིད་ཀྱིས་ཅི། །དེ་ནས་རྒྱལ་པོ་དེས་རྟའི་ཁ་ལོ་བ་གདོང་མཆི་མ་དང་བཅས་པ་དེ་ལ་རྒྱན་རྣམས་བྱིན་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་རབ་ཏུ་བྱུང་བར་གྱུར་ཏོ། །ཤིང་རྟའི་ཁ་ལོ་བ་ཡིད་མི་དགའ་བ་དེས་ཀྱང་རྒྱལ་པོ་དེ་ལ་བསྐོར་བ་བྱས་ཏེ། དཀའ་ཐུབ་ཀྱི་ནགས་དེ་ནས་ཤིང་རྟ་མཆོག་བླངས་ནས་རྣམ་པར་བྱུང་བར་གྱུར་ཏེ། འཇམ་པའི་རྨིག་པ་གཉིས་ཀྱི་སྒྲ་ལྡན་རབ་ཏུ་འཕྲོ་བའི་མདུན་གྱི་རྔ་མ་ཅན། །རབ་ཏུ་སྲབ་པའི་དྲི་མ་མེད་པའི་ཁ་ཆུའི་རྒྱུན་གྱིས་མལ་གྱི་དབུས་སྦངས་པ། །མི་སྐྱོང་དང་ནི་རྣམ་པར་བྲལ་བས་སྡུག་བསྔལ་གྱིས་ནི་རྣམ་འཁྲུགས་རྟ་དེ་རྣམས། །ཤིན་ཏུ་ལྕི་བ་ལྟར་ནི་དཀའ་བས་ཤིང་རྟ་དེ་ན་དལ་ཞིང་རྒྱུ་བར་གྱུར། །རྒྱལ་པོའི་ཁབ་ཏུ་ཡང་རིམ་གྱིས་རྗེས་སུ་ཐོས་པ་འཁྲུགས་པ་དང་ལྡན་པའི་གྲོང་ཁྱེར་བའི་སྐྱེ་བོས་ཕྱིར་བྱུང་སྟེ། རྒྱལ་པོ་གང་ན་ཡོད་ཅེས་བྱ་བ་དྲིས་པར་གྱུར་བ་དང༌། ཁྲ་ཅན་དྲུང་ན་རྒྱལ་པོ་འདི། །རབ་ཏུ་བྱུང་ཞིང་ཉེ་བར་གནས། །མཆི་མའི་མིག་བཅས་ཁ་ལོ་བས། །འདི་ལྟར་བརྗོད་ཅིང་མྱ་ངན་བྱེད། །དེ་ནས་སྐྱེ་བོ་རྣམས་ཀྱིས་བརྒྱུད་པས་རྒྱལ་པོ་རབ་ཏུ་བྱུང་ངོ་ཞེས་བྱ་བ་ཐོས་ནས། རྒྱལ་པོའི་འཁོར་ཐམས་ཅད་དུ་ཀུན་ནས་འཁྲུགས་པ་ཉིད་དུ་སོང་བར་གྱུར་ཏོ། །དེ་ནས་ཀ་ཤིའི་རྒྱལ་པོའི་བཙུན་མོ་དེ་བདག་པོ་རབ་ཏུ་བྱུང་བ་ཐོས་པས་སེམས་མཆོག་ཏུ་སྨྲེ་སྔགས་འདོན་པར་གྱུར་ཏོ། །ཨེ་མ་དཔལ་གྱི་བརྩེ་མེད་ཉིད། །ཤིན་ཏུ་གཡོ་བའི་ལྷན་སྐྱེས་ཀྱང༌། །


DTG169_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ་གང་དུ་ཡང་སོང་བ། །དཀའ་ཐུབ་ནགས་སུ་དོར་ནས་སོང༌། །དཔལ་ལ་ཀླན་ཀ་བྱས་པས་ཅི། །བདག་གི་ཡིད་ལ་ཤིན་ཏུ་དྲག །གང་ཕྱིར་དེས་དོར་བདག་འཚོ་སྟེ། །གླང་པོ་ཆེས་ནི་གླང་མོ་བཞིན། །གཞོན་པ་ཤིན་ཏུ་འཇམ་པ་དང༌། །རབ་ཏུ་བདེ་བར་གནས་པ་དེས། །བྱ་དཀའ་རབ་བྱུང་ཉིད་ལ་ནི། །ཡིད་ནི་ཅི་ལྟར་དེས་ནི་བྱས། །ཟླ་ཚེས་བླ་བྲེས་ལྟར་དཀར་བ། །གོན་པའི་གོས་ནི་རབ་དོར་ནས། །ཇི་ལྟར་རང་བཞིན་གྱིས་རྩུབ་པའི། །ཤིང་ལོ་རྣམས་ནི་དེས་གོན་འགྱུར། །ལི་ཁྲི་དང་བཅས་སོར་མོ་ཅན། །གང་གི་ལག་པས་བདག་ལ་ནི། །ཐིག་ལེར་བྱས་པ་དེ་རིང་དེས། །ཇི་ལྟར་ཀུ་ཤ་རྣམས་འོང་གྱུར། །ནོར་བུ་དང་བཅས་གསེར་གྱི་སྣོད་ཀྱིས་ཕུལ་བ་ནི། །དྲི་ཞིམ་ཞིམ་པའི་ཆང་ནི་དགའ་བས་རབ་བཏུངས་བ། །དེས་ནི་ལག་པས་སམ་ནི་ཤིང་ལོ་སྦྱར་བས་སམ། །སྐོམ་པས་གདུངས་པ་ཆུ་ནི་ས་སྐྱོང་ཅི་ལྟར་འཐུང༌། །ས་སྐྱོང་ཅོད་པན་ནོར་བུའི་འོད་རྣམས་གང་ཞིག་རིང་རེག་པ། །གྲོགས་མོ་རྣམས་ཀྱིས་གུས་དང་བཅས་པའི་འདུད་པ་རྣམས་ཀྱི་ལྟར། །དེ་རྣམས་རྐང་པའི་སེན་མོའི་རིན་ཆེན་འོད་རྣམས་འཕྲོ་བྱེད་དེའི། །ནགས་ཀྱི་ས་ཡི་རྡུལ་རྣམས་ཀྱིས་ནི་ངེས་པར་སྔོ་བར་གྱུར། །ནལ་ཞིང་མེ་ཏོག་རྣམས་ནི་མངོན་དུ་འཛིན་པར་བྱེད་འགྱུར་བ། །ཐོ་རངས་དུས་སུ་རིམ་གྱིས་ལག་པས་ཡལ་ག་གཟུང་བྱས་ནས། །དོན་བྱས་ལྗོན་ཤིང་བུད་མེད་རྣམས་ནི་རླུང་གིས་འདར་བྱས་པ། །གང་རྣམས་དེ་ལ་ཟེའུ་འབྲུའི་སོར་མོ་རྣམས་ཀྱིས་ཡང་ཡང་རེག །དེ་ནས་བློན་པོ་རྣམས་ཅི་ལྟར་ཡང་བསྟན་པ་ཉིད་ལ་དམིགས་ནས་དུ་བའི་བཙུན་མོའི་འཁོར་དང་ལྷན་ཅིག་ཏུ་རྣམ་པར་བཟློག་ནས་རྒྱལ་པོ་དེའི་སྲས་ཆེ་བ་ལ་དབང་བསྐུར་བ་བྱས་པར་གྱུར་ཏེ། རྒྱལ་པོ་དེས་ཀྱང་དཀའ་ཐུབ་དྲག་པོ་སྤྱོད་ཅིང་བྱང་ཆུབ་སེམས་དཔའི་མན་ངག་གིས། །རིམ་གྱིས་བསམ་གཏན་རྣམས་རྙེད་ནས། །མཆོག་ཏུ་ཞི་བདེ་ཐོབ་འགྱུར་དེ། །ལེགས་ཕྱིར་དབང་པོ་ཡང་དག་བསྡམས། །དེ་ལྟར་མགོན་པོ་དེ་ཡིས་ནི། །བྱང་ཆུབ་སྤྱོད་པའི་རྗེས་འཇུག་པ། །ཞི་ཕྱིར་མང་པོ་གཏིང་རིང་བའི། །འདོད་པའི་འདམ་ལས་ཀུན་བཏོན་གྱུར། །དེ་ལྟར་མཆོད་བྱའི་ཐུབ་དེ་ལ། །གཞན་གྱི་དོན་ནི་སྟོན་མཛད་པའི། །ཁྱེད་ཅག་བརྟེན་ཞིང་གུས་ལྡན་པ། །ངེས་པར་ལེགས་ཕྱིར་འབྱུང་བར་ཤོག །ཁྲ་ཅན་གྱི་སྐྱེས་པའི་རབས་


DTG169_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྐྱེས་རབས་བཞི་བའོ།། །།ས་གསུམ་ཕན་མཛད་བདག་ཉིད་ཆེན་པོ་རྣམས། །ལྷ་ཡི་བདེ་བ་ཡང་ནི་རྣམ་པར་འདོར། །གཞན་གྱི་སྡུག་བསྔལ་ཤིན་ཏུ་ལྕི་བས་ནི། །བརྩེ་ལྡན་རྣམས་ཀྱི་སེམས་ནི་སྡུག་བསྔལ་བྱེད། འདི་ལྟར་རྗེས་སུ་ཐོས་ཏེ། ཕ་རོལ་ཏུ་ཕྱིན་པ་མ་ལུས་པ་རྟོགས་པས་བྱང་ཆུབ་དང་ཉེ་བར་རང་གི་འོད་ཀྱིས་ཡན་ལག་སྣང་བར་མཛད་པའི་བྱང་ཆུབ་སེམས་དཔས་དུས་གཅིག་གི་ཚེ་ན་དགའ་ལྡན་གྱི་གནས་སུ་འཁྲུངས་པར་གྱུར་ཏོ། །བདག་ཉིད་ཆེན་པོ་དེས་ཀྱང་དེ་ན་གནས་པའི་ལྷ་རྣམས་ལ་ཆོས་ལས་མ་འདས་པའི་གཏམ་གྱིས་ལམ་དམ་པ་མངོན་པར་གསལ་བར་མཛད་ནས། འདི་ལྟར་བསམས་པར་གྱུར་ཏེ། རྫོགས་ལྡན་གྱི་དུས་ན་འཇིག་རྟེན་པ་ཆོས་ལ་རྩེ་གཅིག་པ་བདེ་བར་ལམ་བཟང་པོ་ལ་འཇུག་པ་ཡིན་ཏེ། རྩོད་པའི་དུས་འདིར་ནི་རྒྱགས་པ་དང་ང་རྒྱལ་དང་ཆགས་པ་དང་ཞེ་སྡང་དང་གཏི་མུག་རྣམས་ཀྱི་དབང་དུ་གྱུར་པའི་སྲོག་ཆགས་རྣམས་བདེ་བའི་ཆོས་རྨོངས་པའི་བདག་ཉིད་རྣམས་ངན་འགྲོ་གཞན་གྱི་དབང་དུ་སོང་བ་སྟེ། དེ་བས་ན་བདག་གིས་བྱང་ཆུབ་རྟོགས་ནས་འཁོར་བ་ནས་གདོན་པར་རིགས་ཞེས་ཟེར་རོ། །ཡུལ་དབུས་ན་ཡང་དད་པ་རྣམ་པར་དག་པའི་ཡིད་ཅན་འཇིག་རྟེན་པ་ཡིན་ཏེ། གང་ཞིག་འདི་ཟས་གཙང་མ་ཞེས་བྱ་བ་གྲོང་ཁྱེར་སེར་སྐྱ་ན་མི་རྣམས་ཀྱི་བདག་པོ་ཡིན་པས་འདི་ནི་ཤིན་ཏུ་ཡང་དམ་པ་རྣམས་ཀྱི་སྤྱོད་པས་དྲང་སྲོང་ཆེན་པོ་རྣམས་པས་ཀྱང་ལྷག་པ་ཡིན་ཏེ། དེ་བས་ན་འདི་ཉིད་ཀྱི་བཙུན་མོའི་མཆོག་སྒྱུ་མ་ལྷ་མཛེས་ཀྱི་ཁོང་པར་སྐྱེ་བ་ཀུན་ནས་ལེན་པར་བྱེད་པར་འགྱུར་ཞེས་བྱ་བ་རྣམ་པར་བསམས་ནས། མཚན་མོ་ཉལ་བའི་རྨི་ལམ་དུ། །ཁ་རི་ལྟར་དཀར་ལྕི་ཞིང་མཆེ་བ་དྲུག་པའི་སྨྱོན་ཆུ་ཡི། །དྲི་ཡིས་བསྒོས་པའི་གདོང་ཅན་མཆེ་བ་གཉིས་པའི་གཟུགས་བྱས་ནས། །ས་ཡི་བདག་པོ་ཟས་གཙང་དག་གི་བཙུན་མོའི་ལྟོ་བར་ནི། །འགྲོ་བ་རྣམས་ཀྱི་སྡུག་བསྔལ་ཟད་ཕྱིར་དེ་ནི་ཞུགས་པར་གྱུར། །དེ་ནས་བཙུན་མོ་སྐྱུ་མ་ལྷ་མཛེས་ཆེན་མོས་རྒྱལ་པོ་ལ་རྨི་ལམ་ངེ་སྨྲ་ཞིང་གནས་ཏེ། །ལྷ་ལགས་དེ་རིང་བདག་ལ་རྨི་ལམ་དུ་སྟོན་ཀའི་ཆུ་འཛིན་ལྟར་དཀར་བ་མཆེ་བ་དྲུག་པ་གླང་པོ་ཆེའི་དབང་པོ་ལྟོ་བ་གཡས་པ་ཁ་ཕྱེ་ནས་ཁོང་པར་ཞུགས་སོ་ཞེས་ཟེར་རོ།།


DTG169_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་དེས་རྨི་ལམ་གྱི་འབྲས་བུ་ཤེས་པ་གཉིས་སྐྱེས་རྣམས་ཀྱི་མདུན་དུ་རྨི་ལམ་དེ་བརྗོད་ཅིང་གནས་སོ། །བྲམ་ཟེ་དེ་རྣམས་ཀྱིས་ཀྱང་དེ་ལ་ཞུས་པ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱི་སྲས་འཁོར་ལོས་སྒྱུར་བ་འབྱུང་བར་འགྱུར་ཞེས་སྨྲའོ། །རྒྱལ་པོ་དེ་ཡང་ཡིད་དགའ་བས་གཉིས་སྐྱེས་དེ་རྣམས་ལ་གུས་པ་མཛད་ནས་རྣམ་པར་བཏང་བར་གྱུར་ཏེ། བཙུན་མོ་བཙུན་མོའི་ནང་འཁོར་བཅས། །རྗེས་གནང་དེ་ནས་དུས་གཅིག་ཚེར། །ལུམ་པའི་ཚལ་དུ་སོང་བར་གྱུར། །མེ་ཏོག་ཁུར་ནི་འཛིན་པ་ཡི། །ཡལ་ག་ཀུན་ནས་འཛིན་གྱུར་པའི། །བཙུན་མོའི་ལྟོ་བ་མྱུར་ཕྱེ་ནས། །བྱང་ཆུབ་སེམས་དཔའ་རྣམས་འབྱུང་འགྱུར། །དེ་ནས་ལ་འཁྲུངས་པ་ཙམ་གྱིས་གསེར་གྱི་གཉའ་ཤིང་ལྟར་དཀར་ཏེ། །མིག་ནི་སྟོང་དང་ལྡན་པའི་ཀ་བས་རིམ་གྱིས་འཛིན་པར་གྱུར། །མེ་ཏོག་མན་དར་ཡི་ཚོགས་དང་ལྷན་ཅིག་དེ་ཡི་དབུ་ལ་ནི། །མཁའ་ལས་དྲི་མ་མེད་པའི་ཆུ་ཡི་རྒྱུན་དག་བབ་པར་གྱུར། །འགྲོ་བ་རྣམས་ཀྱི་མགོན་གཅིག་དེ་ནི་སྟོབས་བྱེད་ཀྱིས་བཞག་པ། །བརྟན་ཞིང་རིམ་གྱིས་ས་ནི་གོམ་པ་བདུན་ནི་དོར་བྱས་ནས། །ཤིན་ཏུ་ངོ་མཚར་བ་ཡི་ཚིག་འདི་ཞི་བར་གསུངས་པ་སྟེ། །བདག་ནི་སྐྱེ་བ་ཐ་མ་ཞེས་ཏེ་མུན་པ་རྣམས་མེད་ཕྱིར། །དེ་ནས་བཅོམ་པ་བསིལ་མིན་འོད་ཟེར་ལྟར་འབར་ཞི་བ་ཡི། །བདག་ཉིད་ཅན་དེའི་འོད་ནི་ནོར་ལྡན་མ་ནི་སྣང་བྱེད་ཅིང༌། །ཉི་ཟླ་དག་གིས་འབར་བའི་འོད་རྣམས་ཀྱིས་ནི་མི་ཕྱེད་པའི། །འཇིགས་པའི་མུན་པར་དམྱལ་བ་རྣམས་ལ་འཇིགས་པར་གྱུར། །བདག་ཉིད་ཆེན་པོ་ཆོས་ཀྱི་རྒྱལ་པོ་དེ་ཡང་འདི་ནི་དབང་བསྐུར་རོ་ཞེས་བྱ་བར་རབ་ཏུ་དགའ་བའི་ཡིད་དང་ལྡན་པའི་ལྷ་རྣམས་ཀྱིས་ནམ་མཁའི་དཀྱིལ་ལ་རྔ་རྣམས་བརྡུངས་པར་གྱུར་ཏོ། །བཙུན་མོས་ནི་ཁྱོགས་ལ་ཞོན་ནས་བྱང་ཆུབ་སེམས་དཔའ་བླངས་ཏེ་རང་གི་ཁྱིམ་དུ་སོང་བར་གྱུར་ཏོ། །དེ་ནས་ཤིན་ཏུ་ངོ་མཚར་བའི་ཡིད་དང་ལྡན་པའི་ཟས་གཙང་མས་བཙོན་ཐམས་ཅད་བཙོན་ར་ནས་གྲོལ་བར་མཛད་དེ། གྲོང་ཁྱེར་སེར་སྐྱ་ཀུན་ནས་མཐོང་བའི་རྒྱལ་མཚན་དང་བ་དན་རྣམས་ཀྱིས་སྣ་ཚོགས་པའི་ཚོང་ཁང་གི་ལམ་ཤིན་ཏུ་དྲི་ཞིམ་པའི་དྲིའི་ཆུས་སའི་སྟེང་དུ་ཆག་ཆག་བཏབ་པ་དང༌། །མེ་ཏོག་སར་པ་རྣམས་བཀྲམ་པས་ལམ་རྣམས་ཀྱི་བར་མཛེས་པ་བྱེད་དུ་བཅུག་གོ །འདྲེས་པའི་རི་དགས་ཀྱི་ནི་པགས་པས་


DTG169_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གཡོགས་པར་བྱས་པའི་ཕྲག་པའི་ཕྱོགས། །མེ་ཡི་འོད་ཅན་རལ་པ་རྣམས་ཀྱི་ཚོགས་ནི་ཀུན་ནས་འཛིན་བྱེད་ཅིང༌། །དཀར་མིན་མིན་པའི་ལས་རྣམས་ཀྱི་ནི་མངོན་སུམ་དཀར་མིན་ཞེས་བྱ་བ། །ནམ་མཁའ་ལས་བྱུང་སྐྱེ་བོ་རྣམས་ལས་ས་ཡི་བདག་པོས་ཐོས་པར་གྱུར། །དེ་ནས་རྒྱལ་པོ་དེ་མངོན་པར་བཞེངས་ཏེ་དྲང་སྲོང་ཆེན་པོ་དེ་བྱང་ཆུབ་སེམས་དཔའི་སྐྱེ་བ་ཤེས་པ་ལ་འཇུག་པར་བྱེད་པ་མངོན་པར་མཁྱེན་ཏེ་གསོང་པོར་སྨྲས་ནས། ཨརྒྷ་རབ་ཏུ་སྦྱིན་པ་ལ་སོགས་པ་བཀུར་སྟིས་རིམ་གྲོར་བྱས་ཏེ། གདན་ཡོངས་སུ་འཛིན་པར་བྱས་པ་འདི་ལ་བདེ་བ་དྲིས་ནས་མ་མའི་པང་པར་གནས་པའི་བྱང་ཆུབ་སེམས་དཔའ་སྟོན་ཞིང་གསུངས་པ། བཅོམ་ལྡན་འདས་རེ་ཞིག་བདག་གི་སྲས་འདི་ལ་ཅི་ཚེ་རིང་བར་འགྱུར་རམ་མི་འགྱུར་གཟིགས་ཤིག་ཅེས་སོ། །དེ་ནས་དཀར་མིན་གྱིས་བྱང་ཆུབ་སེམས་དཔའ་བླངས་ཏེ་མཐོང་ནས་ཀྱང་འདི་ལྟར་བསམས་པར་གྱུར་ཏེ། ཇི་ལྟར་མཚན་གསལ་རྣམས་ཀྱིས་འདི། །རྒྱན་དང་འདྲ་བར་བརྒྱན་བྱས་པས། །དེ་ལྟར་འགྲོ་བའི་སྡུག་བསྔལ་བ། །བསལ་ཆེད་སངས་རྒྱས་འབྱུང་བར་འགྱུར། །གང་ཚེ་སངས་རྒྱས་འདི་འབྱུང་བ། །དེ་ཚེ་བདག་ནི་ཤི་འགྲོ་འགྱུར། །འདི་ལས་ཆོས་གཏམ་ཐོས་གྱུར་པ། །གང་དག་ལུས་ཅན་དེ་དོན་བྱས། །དྲང་སྲོང་ཆེན་པོ་དག་པའི་སེམས། །འདི་ལྟར་སེམས་བར་བྱེད་པ་དེའི། །མིག་དག་མིག་རྫིའི་རྩེ་མོ་དུད། །དུ་བའི་མཆི་མ་བྱུང་བར་གྱུར། །དེ་ནས་ཟས་གཙང་མས་མཆི་མ་དང་ལྡན་པའི་མིག་ཅན་དཀར་མིན་ལ་གཟིགས་ནས་འཁྲུག་པ་དང་བཅས་པར་གསུངས་པ། ངེས་པར་འདི་ནི་ཚེ་ཐུང་བ་སྟེ་དེ་ནས་བཅོམ་ལྡན་འདས་མཆི་མ་དང་བཅས་པའི་མིག་ཅན་དུ་ཡང་དག་པར་གྱུར་པ། ཀྱི་ཧུད་མ་ཆེ་བ་ཉིད་སྲས་ཀྱི་པདྨ་བདག་གི་གཤིན་རྗེ་མཆེ་བ་གཉིས་པའི་བདག་པོས་རྩ་བ་ནས་འདོན་པར་གྱུར་ཞེས་སྨྲས་སོ། །དཀར་མིན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་མྱ་ངན་གྱིས་ཆོག་ཅིང་ཆོག་སྟེ། བདག་ནི་བདག་རང་ལ་རྗེས་སུ་མྱ་ངན་བགྱིད་དེ། །གང་གི་ཚེ་འདི་ནི་ཡུལ་རྣམས་དོར་ནས་རྒ་བ་དང་འཆི་བས་ཟོས་པའི་ལུས་ཅན་རྣམས་གཟིགས་ནས་ཡིད་སྐྱོ་ཞིང་དཀའ་ཐུབ་ཀྱི་ནགས་སུ་སོང་སྟེ། སངས་རྒྱས་འབྱུང་བར་འགྱུར་བ། དེའི་ཚེ་ན་བདག་ནི་ཤི་བ་ཉིད་དུ་ཉེ་བར་འགྲོ་བར་འགྱུར་ཞེས་པ་དེ་བས་ན་མྱ་ངན་གྱིས་བདག་མིག་འདི་


DTG169_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

མཆི་མ་དང་བཅས་པར་བྱས་སོ་ཞེས་སྨྲས་ནས། དྲང་སྲོང་ཆེན་བོ་དེ་སོང་བ་དང་དོན་གྲུབ་ཅེས་བྱ་བའི་མཚན་བྱང་ཆུབ་སེམས་དཔའ་ལ་བྱས་ཏེ། དུས་རིང་པོ་མ་ཡིན་པ་ཉིད་ཀྱིས་བླ་མ་རྣམས་ཀྱི་དྲུང་ནས་ཤེས་པ་ཐམས་ཅད་རྟོགས་ཤིང༌། རིགས་མཐུན་པ་ལས་གྲགས་འཛིན་མ་ཞེས་བྱ་བའི་བུད་མེད་བླངས་བར་གྱུར་ཏོ། །ཇི་ལྟར་འདི་རྒ་བ་དང་ན་བ་དང་འཆི་བའི་ནད་མི་ཤེས་པ་ཉིད་དུ་བདག་གི་སྲས་སུ་གྱུར་ཅིག་ཅེས་བྱ་བ་རྣམ་པར་བསམས་ནས། ཟས་གཙང་མའི་ཕོ་བྲང་གི་ནང་ཉིད་དུ་བཙུན་མོའི་འཁོར་གྱི་དབུས་སུ་འཇུག་པ་རྒྱུན་མི་འཆད་པའི་གར་དང་གླུ་ལྟ་བ་ཐོབ་པ་ལ་རྩེ་གཅིག་པ་བྱང་ཆུབ་སེམས་དཔའ་བྱེད་དུ་འཇུག་ཅིང་གནས་སོ། །དེས་ཀྱང་གྲགས་འཛིན་མ་ལ་གཞོན་ནུ་སྒྲ་གཅན་འཛིན་ཞེས་བྱ་བའི་སྲས་བསྐྱེད་པར་བྱས་ནས། དུས་གཅིག་གི་ཚེ་ན་གླུ་དང་ཉེ་བར་འབྲེལ་པ་བཙུན་མོའི་འཁོར་ལ་འོས་པའི་སྐྱེད་མོས་ཚལ་རྣམས་གནས་ནས། ཕྱི་རོལ་དུ་འབྱུང་བའི་ཕྱིར་བློ་བྱས་ཏེ་ཡབ་ཀྱིས་རྗེས་སུ་གནང་བའི་ཤིང་རྟ་མཆོག་ལ་ཞོན་ནས་མཛེས་པར་བྱས་པའི་སེར་སྐྱའི་ལམ་གཟིགས་ཤིང་ཀུན་ནས་གཤེགས་པར་གྱུར་ཏོ། །དངོས་སུ་ཡིད་འབྱུང་ལྟར་ནི་རྣ་བ་དང་ནི་མིག་ཕྱེ་བ། །མིག་ལ་མངོན་དགའ་ནང་འཁོར་ལས་ནི་དེ་ནས་དེ་ཐོས་ནས། །དེ་མཐོང་བ་ཡི་སླད་དུ་ཕྲད་འདོད་པ་ཡི་ཡིད་དང་ལྡན་པ་ཡི། །གྲོང་ཁྱེར་བུད་མེད་རྣམས་ཀྱི་བྱ་བ་སྣ་ཚོགས་འབྱུང་བར་འགྱུར། །དེ་ནས་ལ་ལ་ཞིག་རྒྱན་མ་རྫོགས་བར་རབ་ཏུ་རློན་པའི་ཐིག་ལེས་དཔྲལ་བའི་དབུས་སུ་མངོན་པར་བརྒྱན་པ་དང༌། རྣ་བ་ལས་ཨུཏྤ་ལ་ཀུན་ནས་འཕོ་བ་དང༌། མིག་གཅིག་མིག་སྨན་གྱིས་བསྐུས་ལ་ལངས་ཏེ། མིག་ཐུར་འཛིན་པའི་པདྨ་དང་རྗེས་སུ་འདྲ་བའི་ལག་པས་ཡན་ལག་མེད་དང་རྗེས་སུ་འདྲ་བའི་གཞོན་ནུ་འགྲོ་བ་འདི་ལ་ལྟོས་ཤིག་ཅེས་བྱ་བའི་གྲོགས་མོ་ལ་སྟོན་ཞིང་གནས་སོ། །ལ་ལ་ཞིག་ནི་སླར་ཨེ་མའོ་སྐལ་བ་དང་ལྡན་པ་གྲགས་འཛིན་མ་སྟེ། གང་ཞིག་འདིའི་ལྷན་ཅིག་སྤྱོད་མ་སྙམ་དུ་རྣམ་པར་བསམས་ནས་ཡུང་རིང་པོར་མིག་མི་གཡོ་ཞིང་འདི་མཐོང་བར་གྱུར་ཏེ། སླར་གཞན་དག་ཀྱང་ལག་པ་གཉིས་ཀྱིས་འཛིན་པའི་སྐར་ཁུང་གི་ཀ་བ་ཤིང་འཛིན་པ་དང་འདྲ་བར་མཛེས་བར་གྱུར་ཏོ། །ལ་ལ་ཞིག་འདི་ལྟར་རྒྱལ་པོའི་སྲས་མཐོང་བའི་ལྟད་མོས་ཤིན་ཏུ་མྱུར་བར་ཁྱེད་ཀྱིས་འགྲོ་སྟེ། ནུ་མའི་འགྲམ་ནས་ལྟུང་བཞིན་པའི་མུ་ཏིག་ཧར་ཕྱེད་མ་བཅིངས་པ་འདི་ཀུན་ནས་ཐོགས་ཤིག །ཨེ་མའོ་ཁྱོད་ནི་ཤིན་ཏུ་གཡོ་


DTG169_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བའོ་ཞེས་བརྗོད་ཅིང་བླ་མའི་སྐྱེ་བོ་འདི་ཁྲོས་པ་མཐོང་སྟེ་ཅིའི་ཕྱིར་ཁྱོད་ངོ་ཚ་མེད་པ་ཞེས་བྱ་བ་གཞན་དག་ལ་ཀླན་ཀ་བྱས་པའོ། །སླར་ལ་ལ་ཞིག་ལྕི་བའི་འོ་མ་འཛིན་པའི་ཕྱོགས་གཅིག་ཏུ་ཀུན་ནས་རེག་པའི་ཕྱེད་ཕྱེ་བའི་སྒོ་རྗེས་སུ་འཛིན་པར་གྱུར་པའོ། །ལ་ལ་ཞིག་ནི་ཁྱེད་གཅིག་པུ་ཉིད་ཀྱི་གཞོན་ནུ་མཐོང་བའི་ལྟད་མོ་ནི་མ་ཡིན་ཏེ། རེ་ཞིག་ནང་དུ་འགྲོ་ཆུག་ཤིག་དང་བདག་ཀྱང་རྒྱལ་པོའི་སྲས་མཐོང་བར་འདོད་པ་ལྟད་མོ་དང་ལྡན་པ་ཞེས་འདི་ལྟར་སྨྲས་པར་གྱུར་ཏེ། དེ་ལྟར་རྣམ་པར་སོང་བའི་ཕྱིར། །གཞོན་ནུ་མཐོང་འདོད་དེ་རྣམས་ཀྱི། །སྐེ་རགས་དང་ནི་རྐང་གདུབ་སྒྲ། །ཁྱིམ་རྣམས་ལས་ནི་རབ་ཏུ་རྒྱས། །དེ་ནས་མི་དབང་སྲས་ནི་ལམ་ལ་རིམ་གྱིས་གཤེགས་མཛད་ཅིང༌། །ལག་པ་རབ་འདར་དབྱིག་པ་མཛེས་པ་བྲལ་བ་དང༌། །གནས་གཙང་བས་ནི་ཀུན་ནས་སྤྲུལ་པ་ཡན་ལག་ཀུན་ནས་སྒུར། །ཤིན་ཏུ་དཀར་བའི་མཆོག་གིས་ཡན་ལག་རྒན་པ་རྣམས་མཐོང་གྱུར། །དེ་ནས་བྱང་ཆུབ་སེམས་དཔས་ཁ་ལོ་སྒྱུར་བ་ལ་དྲིས་པར་གྱུར་ཏེ། །རེ་ཞིག་ཁྱོད་ཀྱིས་སྨོས་ཤིག །སླར་འདི་ནི་གཞུ་བདུངས་བ་ལྟར་སྒུར་ཞིང་ཀུན་ནས་ཡན་ལག་སྟོབས་ཆུང་བ། །ཡོངས་སུ་སྨིན་པའི་ཀ་ཤིའི་མེ་ཏོག་ལྟར་མགོ་ལས་སྐྱེས་པ་དཀར་ཞིང༌། མགོ་རབ་ཏུ་འདར་བས་ཅི་ཡང་སྟོན་པ་འདྲ་བ་འདི་སུ་ཞིག་མཐོང་བ་ཡིན། ཁ་ལོ་སྒྱུར་བས་གསོལ་བ། །གཞོན་ནུ་ལགས་རྒས་པ་ཞེས་བྱ་བ་འཇིག་རྟེན་ཐམས་ཅད་ལ་ཁྱབ་པ། ལུས་དང་དབང་པོ་རྣམས་ལས་གསལ་བ་འཕྲོག་པར་བྱེད་པ། འདོད་པའི་གཏམ་དོར་བར་བྱེད་ཅིང་ཁྲོས་པ་ལྟར་གཞོན་ནུ་མ་རྣམས་ཀྱི་ལང་ཚོའི་ང་རྒྱལ་སེལ་བར་བྱེད་པ་གང་གིས་འདི་གནས་སྐབས་འདི་ལ་དྲངས་པར་གྱུར་པའོ་ཞེས་སོ། །དེ་ནས་བདག་ཉིད་ཆེན་བོ་དེས་སླར་གསུངས་པ། གལ་ཏེ་རྒས་པས་གཞོན་པ་ཉིད་འདི་འདི་ལྟར་འཇིག་པར་བྱེད་ན་རྣམ་པར་འགྱུར་བའི་ལུས་འདི་ལ་ཆགས་པ་སུ་ཞིག་ཅེས་སོ། །ཁ་ལོ་སྒྱུར་བས་གསོལ་པ། གཞོན་ནུ་ལགས་རྒས་པ་གཅིག་པུར་མ་ཟད་ཀྱི་ན་བ་ཡང་ཁམས་འཁྲུགས་པ་ལས་ཡང་དག་པར་བྱུང་བ་ལུས་ཅན་རྣམས་ཀྱི་དོན་མེད་བ་ཆེན་པོ་སྟེ། དེ་ལས་གཞན་ནི་ཤི་བ་ཞེས་བྱ་བ་ཐམས་ཅད་འཕྲོག་པ་ལ་མཁས་པ་ཤིན་ཏུ་དོན་མ་ཡིན་བ་སྟེ། གང་ཞིག་ཡོངས་སུ་བསམས་པར་གྱུར་བ་ཡང་ལུས་ཅན་རྣམས་ལ་སྡུག་བསྔལ་ཆེན་པོ་སྐྱེད་པར་བྱེད་པ་ཞེས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། འཆི་དང་ན་དང་རྒ་བའི་དགྲ་རྣམས་གསུམ་པོ་འདིས། །ཨེ་


DTG169_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགྲོ་བ་ཞག་རེར་རྗེས་སུ་བཅིངས་པ་སྟེ། །འཇིགས་པ་ཆེན་པོ་ཞེས་བྱ་མི་བཟད་ཡོད་པ་ལ། །ཅི་ལྟར་འདི་ནི་ཡུལ་རྣམས་ལ་ནི་རྩེ་གཅིག་པ། །དེ་ལྟར་ཁ་ལོ་བས་ནི་ཤིང་རྟ་མྱུར་དུ་བཟློག །ཁྱིམ་དུ་འགྲོ་ཕྱིར་སོང་ཤིག་སླར་ནི་འདིར་ཅི་འདུག །འཆི་དང་ན་དང་རྒ་བས་ཀུན་ནས་དོགས་པ་ཡིས། །བདག་ནི་སྐྱེད་མོས་ཚལ་ལ་དགའ་བ་འབྱུང་མི་འགྱུར། །དེ་ནས་རྒྱལ་པོས་བྱུང་བར་གྱུར་པའི་སྲས་དང་རྣམ་པར་བྲལ་བས་དོགས་པ་ཅན་གྱི་ཡིད་ཀུན་ནས་སྐྱོ་བའི་ཡིད་ཅན་བྱང་ཆུབ་སེམས་དཔའ་གསན་ནས་དཀར་པོ་མིན་པའི་ཚིག་དེ་རྗེས་སུ་དྲན་ཏེ། ཁ་ལོ་སྒྱུར་བ་ལ་བཙུན་མོའི་འཁོར་དུ་འོངས་བའི་སྐྱེད་མོས་ཚལ་ཉིད་དུ་གཞོན་ནུ་ཁྲིད་བར་གྱིས་ཤིག་ཅེས་བྱ་བའི་ཕྲིན་བཏང་བར་གྱུར་པ། ཁ་ལོ་སྒྱུར་བ་དེས་ཀྱང་མྱུར་བར་འདི་སྐྱེད་མོས་ཚལ་ཉིད་དུ་ཞུགས་ཏེ་གསོལ་པ། །ཚེ་དང་ལྡན་པས་བལྟ་བར་འོས་ཏེ་འདིར་ནི། །ཅུང་ཟད་ཅུང་ཟད་མེ་ཏོག་དགོད་པ་གསལ་བས་མཛེས་པ་དང་ནི་ལྡན་པ་ཡི། །དལ་བུ་དལ་བུས་མ་ལ་ཡ་ཡི་རླུང་ནི་རྒྱུ་བས་གར་ནི་བྱེད་བཅུག་པ། །སྐྱེད་མོས་ཚལ་གྱི་ལྗོན་ཤིང་བུ་མོ་འདི་རྣམས་ཀྱིས་ནི་འོད་མེད་སྣང་བ་སྟེ། །མཐའ་མ་རྣམས་ལ་འཁོར་བའི་བུང་བའི་ཚོགས་ཀྱིས་ཕྲེང་པའི་རྩེ་མོར་སྒྲ་སྒྲོགས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ཤིང་རྟ་ལས་བབས་ཏེ་རྒ་བ་དང་ན་བ་དང་འཆི་བ་ལ་བསམས་ནས་ཀུན་ནས་འཁྲུགས་པའི་བློ་གྲོས་དང་ལྡན་པ། །ཟུག་རྔུ་ནང་ན་ཡོད་པའི་མཆེ་བ་གཉིས་བའི་བདག་པོ་ལྟར་འདི་ལྟར་གསུངས་པར་གྱུར་ཏེ། བློ་ཆུང་རྣམས་ཀྱི་བརྟན་གཅོད་ཉམས་མི་དགའ་པའི་མཐའ་མ་ཅན། །ཞི་བའི་བདག་ཉིད་རྣམས་ཀྱིས་ཡོངས་སྤོངས་ལྟོ་འཕྱེ་རྣམས་ལྟར་དྲག །འགྲོ་བའི་ཆེན་ཆུང་གཞོན་པ་ལ་ཡང་འདོད་རྩེ་གཅིག་པ་ཡིས། །ཀུན་ནས་འཁྲུགས་པའི་ཡིད་ནི་ཡུལ་རྣམས་ཀྱིས་ནི་འཕྲོག་པ་ཡིན། །དེ་ནས་རྒྱལ་པོ་ངེས་གར་དང་གླུ་ལ་མཁས་ཤིང་གསལ་བའི་བུད་མེད་རྣམས་བྱང་ཆུབ་སེམས་དཔའི་ཐུགས་འགུགས་པའི་ཕྱིར་སྐྱེད་མོས་ཚལ་དེར་བཏང་བར་གྱུར་ཏེ། དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཅན་དུ་མངོན་པར་འོངས་ནས་རྒྱགས་པས་སྤོབས་པ་སྐྱེས་པ་དུས་ཀྱི་བྱ་བ་དེ་དང་དེ་རྣམས་འབྱུང་བར་བྱས་པར་གྱུར་ཏོ། །དེ་ནས་ལ་ལ་ཞིག་གིས་འདི་ལ་སྨྲས་པར་གྱུར་བ། །གཞོན་ནུ་གཟིགས་ཤིག་མ་ལ་ཡ་ཡི་རླུང་རྣམས་འདི་ནི་དྲི་ཞིམ་མེ་ཏོག་ཤིད་རྣམས་ཀུན་ནས་འདར་བྱེད་རྒྱུ་བ་སྟེ། བུང་བས་ཙཱུ་ཏའི་ཤིང་གི་སྙེ་མ་རབ་ཏུ་ཕྱེ་བར་གྱུར་པ་ལ་ནི་སྐོར་བར་བྱེད། །གཞུ་བདུངས་བ་ལ་བྱ་བ་རིང་པར་བདེ་བ་ཅི་ཕྱིར་འདི་


DTG169_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཁྱོད་ཀྱི་གནས་པ་སྟེ། །སྒྲ་ནི་རིང་བ་ཁུ་བྱུག་མེ་ཏོག་གཞུ་ཅན་ལ་ནི་བསྐུལ་བ་ཤེས་བྱ་བདག་གི་དོགས། །གཞན་ཡང་རང་གི་རྡུལ་གྱིས་ཡན་ལག་འཚེད་བྱས་པ། །གཞོན་ནུ་ལྷན་སྐྱེས་སྙེམ་བུ་མོ་ནི། །བུང་བ་མཆོག་གིས་འཁོར་བར་བྱས་པ་ནི། །སྐད་ཅིག་མ་ལྟར་སྲབ་པ་ཡོངས་སུ་དོར། །གཞན་དག་གིས་ཀྱང་སླར་འདི་ལ་གསོལ་པ། །བུང་བ་ལྗོན་ཤིང་བུད་མེད་སྐྱེ་བོ་ལོངས་སྤྱོད་པ། །མེ་ཏོག་རྡུལ་གྱིས་འོད་མེད་བྲལ་བ་དེ་མཐོང་ནས། །རླུང་གིས་ཀུན་ནས་འདར་བའི་གཞོན་ནུ་འདམ་སྐྱེས་ཀྱི། །པདྨོ་ཡང་དང་ཡང་དུ་སྡིགས་མཛུབ་འདྲ་བར་བྱེད། །ལ་ལ་ཞིག་གིས་ཀྱང་འདི་ལ་གསོལ་པ། །ཇི་སྲིད་བདག་གིས་ཁྱེད་ཕྱིར་མེ་ཏོག་རྣམས་བརྒྱུ་བ། །འདི་རྣམས་ཕྲ་བའི་མེ་ཏོག་རྡུལ་གྱིས་བར་རྣམས་མེད་པ་ནི། །བདག་གིས་མིག་ལ་གནོད་པ་ཞི་མིན་འགྲོ་བ་རང་ཡིད་གཉིས། །གཞོན་ནུ་རིང་པོ་ནས་ནི་དེ་སྲིད་འདི་ནི་རྣམ་པར་ཟློག །གཞན་དག་རྣམས་ཀྱིས་ཀྱང་དགོད་པ་དང་བཅས་པར་མངོན་དུ་གནས་ཤིང་འདི་ལ་གསོལ་པ། སྦྲང་བྱེད་ཀྱི་ནི་རྣམ་པར་འདར་བའི་ཟེའུ་འབྲུ་ཀུ་བ་ལ་ཡི་གཞུ་རྒྱུད་ཀྱིས་ནི་ཀུན་ནས་བཅིངས། །མེ་ཏོག་གིས་བྱས་གཞུ་ནི་དུང་ཆ་ག་ལྟ་བུར་དཀར་བའི་གྲིབ་མ་བྲང་ལ་རྣམ་བཀོད་ནས། །ཟ་བའི་ཕྱིར་ནི་བརྙེས་པར་བྱེད་པའི་བུད་མེད་རྣམས་ནི་ཁྱེད་ལ་ཀུན་ནས་བརྡེགས་པར་འདོད། །མིག་གཅིག་བཙུམ་པར་བྱས་པ་འདོད་པའི་ལྷ་ནི་ངེས་པར་མེ་ཏོག་གི་མདའ་དྲང་བོར་བྱེད། །བྱང་ཆུབ་སེམས་དཔས་སྨྲས་པ། སྲིང་མོ་རྣམས་དམ་པ་མ་ཡིན་པའི་སྨྲ་བ་འདི་རྣམས་ཀྱིས་ཆོག་ཅིང་ཆོག་སྟེ། བདག་གི་ཡིད་སྐྱོ་བའི་བསྲེག་བླུགས་ཟ་བ་ལ་ཆུའི་རྒྱུན་ལྟར་སྒེག་བའི་གཏམ་རྣམས་ཀྱིས་ཀུན་ནས་གླགས་ལྟར་རྙེད་པ་མ་ཡིན་ཏེ། སྲིང་མོ་རྣམས་ཞེས་དེ་དེ་ཡི། །ཚིག་ནི་ཤེས་ནས་བུད་མེད་རྣམས། །བཞིན་ནི་ཐུར་དུ་ལྟ་ཞིང་གནས། །ངོ་ཚས་རྣམ་པར་སྒེག་པ་དོར། །གཞོན་ནུ་མ་ཡི་ཚོགས་དེ་ངོ་མཚར་བར་གྱུར་ཤེས་ནས་ནི། །དག་པའི་བློ་ཅན་རྒྱལ་པོའི་སྲས་པོ་ཡིད་བྱུང་ཡང༌། །མེ་ཏོག་གིས་ནི་མདའ་རྣམས་ངེས་པར་དོང་པ་ལ་གཞག་ནས། །ངོ་ཚ་དང་བཅས་ཡིད་བྱུང་བས་ནི་གཞུ་ནི་ཕབ་པར་བྱས། །དེ་ནས་བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་གྱི་ནགས་དེ་ལ་དགའ་བ་མ་ཐོབ་པར་གྱུར་ཏེ། ཉི་མ་ནུབ་འདོད་པ་ལ་ཤིང་རྟ་ལ་ཞོན་ནས་བུད་མེད་དེ་རྣམས་ཀྱང་ཁྱིམ་དུ་སོང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སྒེག་པའི་གཏམ་ལ་བརྙས་པར་གྱུར་ཅིང་མལ་གྱི་དབུས་ན་རྣམ་པར་བཞུགས་ཏེ། རྒ་བ་དང༌། ན་བ་དང་འཆི་བ་རྣམས་ཉིད་ཡིད་ལ་བཞག་ནས་གཉེར་སེམས་ལ་རྩེ་གཅིག་པར་གྱུར་ཏོ། །དེ་ནས་གནས་གཙང་མ་བ་རྣམས་ཀྱིས་བདག་ཉིད་ཆེན་པོ་དེའི་ཡིད་སྐྱོ་བའི་ཕྱིར་མ་ལ་སྐྱོད་བར་བྱེད་


DTG169_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་ལ་འཕྲལ་ཁོ་ནར་གཉིད་པ་དང་མི་སྨྲ་བ་ཉིད་བྱས་པར་གྱུར་ཏོ། །དེར་ཡང་ལ་ལ་ཞིག་རྣམས་རྒྱུན་མི་འཆད་པའི་སྒྲ་དང་དབུགས་ཀྱི་དབང་གིས་སོ་གསལ་བ་དང༌། རྣམ་པར་འཛག་པའི་ཁ་ཆུའི་ཆ་ཡིས་ཐ་མ་བྱས་པའི་གདོང་རྣམས་འབྱུང་བར་གྱུར་ཏོ། །གཞན་དག་རྣམས་ལ་ནིས་འཇམ་པའི་སྟེང་དུ་ཀུན་ནས་གྲམ་པ་དང་རབ་ཏུ་ལྷོད་བའི་སྨད་གཡོགས་ལྟུང་བ་ཉིད་ཀྱིས་བརླ་རབ་ཏུ་གསལ་བ་དང༌། འོ་མ་འཛིན་པ་དག་གི་སྟེང་དུ་མུ་ཏིག་གི་ཧར་རྣམ་པར་འཁྲུགས་པར་གྱུར་པ་དང༌། རྣམ་པར་གཏོར་བ་མི་མཉམ་པའི་ལ་ག་ངར་གྱི་ལྗོན་ཤིང་དང་ལྡན་པ་ཤིང་རྣམས་དང་འདྲ་བའི་ལས་རྣམས་གནས་པར་གྱུར་ཏོ། །གཞན་དག་གིས་ཀྱང་རྫ་རྔ་ལ་རྣམ་བར་ཞུགས་པར་བྱས་པའི་ཉིས་འགྱུར་གྱི་དཔུང་པའི་རྟེན་ལ་རྣམ་པར་གཞག་པའི་གདོང་ཅན་སྟན་ལས་རྣམ་པར་ལྟུང་ཞིང་དེ་ལྟ་ཉིད་དུ་ཉལ་བར་གྱུར་ཏེ། ལ་ལ་ཞིག་གི་གཉིད་ཀྱིས་སོར་མོ་རྣམས་ཀྱི་འབད་པས་འཕྲོག་པའི་ལག་པ་ལས་མ་མཆུ་དང་རྣམ་པར་འབྲེལ་པའི་བུ་ག་དང་པོ་ཅན་དུ་བུད་མེད་ཀྱི་མིག་གི་འབྲས་བུ་ལྟར་སྔོ་བའི་གླིང་བུ་ལྷུང་བར་གྱུར་ཏོ། །མཆེ་བ་གཉིས་པ་རྣམས་ཀྱིས་རྣམ་པར་གནོན་པའི་པདྨོ་རྣམས་ལྟར་གནས་སྐབས་སྣ་ཚོགས་པའི་དེ་རྣམས་ཀྱི་གཟུགས་མཐོང་ནས་མར་མེ་རྣམས་ཀྱིས་དགོད་པ་དང་འདྲ་བ་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་གཞོན་དུ་མ་དེ་རྣམས་ལ་སྨད་པ་མཛད་ནས་མངོན་པར་བཞེངས་ཏེ། ཕྱི་རོལ་དུ་གཤེགས་ནས་ཀྱང་མོས་པ་བླངས་ཏེ་གསུངས་པ། སྲིད་པའི་རྒྱ་མཚོ་འདི་ནི་ཀུན་ནས་རྒལ་འདོད་ཡིད། །དཀའ་ཐུབ་ནགས་སུ་འགྲོ་ཕྱིར་བཙོན་པ་སྟེ། །དེ་ཕྱིར་བདག་གི་ངེས་པ་བསྒྲུབ་པར་བྱ་བའི་ཕྱིར། །ཤུགས་ཆེན་ངང་པ་བསྔགས་ལྡན་རྟ་དེ་ཁྲིད་ལ་ཤོག །མོས་པས་ཀྱང་གནས་གཙང་མ་པ་རྣམས་ཀྱིས་བསྐུལ་བཞིན་པ་རྒྱལ་པོའི་ཆད་པ་ལ་གུས་པ་མ་བྱས་པར་དེ་ལྟར་བགྱི་ཞེས་བྱ་བ་སླར་མཉན་ཏེ། མཆན་ཁུང་གཡོན་བར་རལ་གྲི་བཟུང་ནས། རྟའི་མཆོག་ངང་པ་བསྔགས་ལྡན་ཁྲིད་ནས་འོངས་སོ། །བྱང་ཆུབ་སེམས་དཔའ་ཞོན་པའི་རྟ་དེ་ལ་ཕྱིས་རྟ་ཁ་ཁྲིད་པའི་མོས་པ་དང་ལྷན་ཅིག་ཏུ་གནོད་སྦྱིན་རྣམས་ཀྱི་ལག་པའི་མཐིལ་དུ་རྨིག་པ་རྣམ་པར་གཞག་པ་ཐོ་རངས་ཀྱི་དུས་སུ་ནམ་མཁའ་ནས་དྲང་སྲོང་ཆེན་པོ་ཨ་ར་ལའི་སྦྱིལ་བོ་དང་ཉེ་བར་འཇུག་ཅིང་གནས་བ་འགྱུར་ཅེས་པའོ། །དེ་ནས་རྒྱན་རྣམས་གསལ་བའི་རིན་ཆེན་གཟི་བརྗིད་ཀྱིས། །གསལ་བ་དེས་ནི་སྐུ་ལ་ཕོག་པར་མཛད་ནས་ནི། །རླབས་དང་ལྡན་པ་ཁུ་བྱུག་མགྲིན་པ་ལྟར་ནག་པའི། །མགོ་སྐྱེས་རྣམས་ནི་རིམ་གྱིས་རལ་གྲིས་གཅད་པར་མཛད།།


DTG169_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དངས་པའི་ཆུ་ཡི་རྟེན་ནི་ཨུཏྤ་ལ་གསལ་བར་བྱས་པ་ལྟར། །རྒྱན་ནི་གསལ་བ་དེ་ནི་ཀུན་ནས་མཐོང་སྟེ་མོས་པ་ནི། །རབ་ཏུ་སྟོབས་ཅན་མྱ་ངན་བསྲེག་བླུགས་ཟ་བས་ཀུན་གདུངས་པ། །མུ་ཏིག་དང་མཚུངས་ཆུ་ཐིགས་རྣམས་ནི་བཏང་བར་གྱུར། །བྱང་ཆུབ་སེམས་དཔས་གསུངས་པ། ཆོས་ལ་མངོན་དུ་ཕྱོགས་པའམ་སྐྱེ་བོ་དཀའ་ཐུབ་ཀྱི་ནགས་སུ་མངོན་པར་འཇུག་པ་ལ་སྐྱེས་བུ་དམ་པས་སྡུག་བསྔལ་བྱ་བར་འོས་པ་མ་ཡིན་ཏེ། དེ་བས་ན་སོང་ཤིག་དང་བདག་གི་བླ་མའི་སྐྱེ་བ་ལ་འདི་སྐད་ཅེས་སྨྲོས་ཤིག །མི་བཟད་དཀའ་ཐུབ་ཀྱིས་བདག་ནི། །ལུས་འདི་ཡང་ནི་ཟད་འགྱུར་ཏེ། །བདག་གིས་གོ་འཕང་རྙེད་པའམ། །དེ་ཉིད་མཐོང་རྣམས་ཀྱིས་མཐོང་གང༌།། མོས་པས་ཀྱང་དེ་ལྟར་བགྱི་ཞེས་བྱང་ཆུབ་སེམས་དཔའ་ལ་མངོན་པར་ཕྱག་བཙལ་ནས་རྟ་དང་རྒྱན་རྣམས་བླངས་ཏེ། རིམ་གྱིས་གྲོང་ཁྱེར་དུ་འོངས་ནས། །བྱང་ཆུབ་སེམས་དཔའི་ལོ་རྒྱུས་དེ་མིའི་བདག་པོ་ལ་ཞུ་ཞིང་གནས་སོ། །ཟས་གཙང་མས་ཀྱང་དེའི་རྣམ་པར་ངེས་པ་གསན་ནས་བཙུན་མོའི་འཁོར་དང་ལྷན་ཅིག་ཏུ་རྣམ་པ་མང་པོས་སྨྲེ་སྔགས་འདོན་པར་གྱུར་ཏོ། །བྱང་ཆུབ་སེམས་དཔས་ཀྱང་རྔོན་པའི་གཟུགས་འཛིན་པར་བྱེད་པའི་ལྷའི་བུ་ལ་རང་གི་རི་བོང་ཅན་གྱི་འོད་ཟེར་རྣམས་ལྟར་མཛེས་པའི་ན་བཟའ་གཉིས་ཀྱིས་གོས་དམར་པོ་དག་ཉོས་ནས་མནབས་ཏེ། རིམ་གྱིས་རིམ་གྱིས་ཨ་ར་ལའི་སྤྱིལ་པོར་ཕྱིན་པར་གྱུར་ཏོ། །ཨ་ར་ལས་ནི་བྱང་ཆུབ་སེམས་དཔའ་འོངས་པ་མཐོང་སྟེ། ལེགས་པར་འོངས་སམ་ལེགས་པར་འོངས་སམ་ཞེས་བརྗོད་ནས་རང་གི་ཤིང་ལོའི་ཁང་པར་ཁྲིད་ནས་སའི་གདན་ལ་བཞུགས་སུ་བཅུག་ཅིང་བདེ་བར་སྔོན་དུ་འགྲོ་བས་སྨྲ་བ་བྱས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་དེ་ལ་དྲིས་པ། ཁྱེད་རྣམས་ཀྱི་ཆོས་ཅི་ལྟ་བུ། ཅི་ལྟར་ཡང་ནི་རྟོགས་འགྱུར་ཏེ། །དེ་ཉིད་མཐོང་འདོད་བདག་ལ་ནི། །དམ་པ་བདག་གིས་གསུངས་པར་འོས། །ཨ་ར་ལས་སྨྲས་པ། སྐལ་བ་ཆེན་པོ་མཉན་པར་འོས་ཞེས་ཟེར་རོ། །རང་བཞིན་དང་རྣམ་པར་འགྱུར་བདག་གི་སྐྱེ་བ་དང་རྒ་བ་དང་འཆི་བ་རྣམས་དེ་ཁོ་ན་ཉིད་ཅེས་བྱ་བ་བརྗོད་པ་སྟེ། རང་བཞིན་ཡང་འབྱུང་བ་ཆེན་པོ་ལྔ་དང༌། ང་རྒྱལ་དང་བསལ་བ་ཞེས་བྱ་བའོ། །རྣམ་པར་འགྱུར་བ་རྣམས་ནི་དབང་པོ་རྣམས་དང༌། དེའི་ཡུལ་རྣམས་དང༌། ལག་པ་དང༌། རྐང་པ་དང༌། ངག་དང༌། བཤང་སྒོ་དང་ཕོ་རྟགས་དང་ཡིད་ཅེས་པའི་ཞིང་འདི་རྣམས་རྣམ་པར་ཤེས་པ་ཞིང་ཤེས་བ་ཞེས་བྱ་བར་བརྗོད་པ་ཡིན་ཏེ། ཞིང་ཤེས་པ་ཡང་དེ་ཁོ་ན་ཉིད་ཤེས་པ་རྣམས་ཀྱིས་བདག་གསལ་བར་སྨྲ་བ་ཡིན་ནོ། །གང་ཞིག་སྐྱེ་བ་དང་


DTG169_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་དང་ཤི་བའི་ཆོས་ཀྱི་བདག་ཉིད་དེ་ནི་གསལ་བ་ཞེས་བྱ་བར་རྟོགས་པར་བྱའོ། །མི་གསལ་བ་ཉིད་ནི་དེ་ལས་བཟློག་པ་སྟེ་དེ་ལྟར་མི་ཤེས་པ་དང་ལས་དང་སྲེད་པ་ནི་འཁོར་བའི་རྒྱུར་རྣམ་པར་ཤེས་པར་བྱའོ། །གསུམ་བོ་ལ་གནས་པའི་ཤེད་བུ་ནི་སྙིང་སྟོབས་འདའ་བར་བྱེད་ནས་འཇུག་པ་མ་ཡིན་ཏེ། རྐྱེན་དང་བྲལ་བ་དང༌། ང་རྒྱལ་དང༌། ཐེ་ཚོམ་དང༌། རྣམ་པར་ཀུན་ནས་མཆོངས་པ་དང༌། ཁྱད་པར་མེད་པ་དང༌། ཐབས་མ་ཡིན་པ་དང༌། ཆགས་པ་དང༌། མངོན་པར་ལྷུང་བ་རྣམས་ཏེ། དེ་ལ་རྐྱེན་དང་བྲལ་བ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་འཇུག་པའོ། །བདག་ནི་མངོན་པར་སྨྲ་བ་དང༌། བདག་ནི་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་ང་རྒྱལ་ལོ། །གང་ཞིག་ཐེ་ཚོམ་མེད་པའི་དངོས་པོ་རྣམས་ཀྱང་འདག་པའི་རི་ལུ་ལྟར་གཅིག་པོའི་དངོས་པོས་མཐོང་བ་དེ་ནི་ཐེ་ཚོམ་ཞེས་བྱ་བར་ཤེས་པར་བྱའོ། །གང་ཞིག་བདག་དེ་རྣམས་ཉིད་འདི་ཡིད་དང་བློ་དང་ལས་རྣམས་སོ། །གང་ཞིག་ཚོགས་འདི་དེ་ནི་བདག་ཅེས་བྱ་བ་མངོན་པར་ཀུན་ནས་མཆོངས་པ་སྨྲ་བ་ཡིན་ནོ། །ཁྱད་པར་མེད་པ་ནི་སླར་རབ་ཏུ་སད་པ་དང་མ་སད་ཕ་དག་གི་རང་བཞིན་མེད་པ་རྣམས་ཀྱི་ཁྱད་པར་ཤེས་པ་ཉིད་དེ་དེ་ནི་ཁྱད་པར་མེད་པ་སྟེ་ཞེས་བྱ་བར་ཤེས་པར་བྱའོ། །སྭཱཧཱ་བྱེད་པ་དང༌། བཤད་བྱེད་པ་དང༌། བསང་གཏོར་མངོན་པར་བསང་གཏོར་ལ་སོགས་པ་རྣམས་ནི་ཐབས་མ་ཡིན་པ་ཞེས་བྱ་བར་ཤེས་པར་བྱའོ། །དངོས་པོ་གང་ལ་ཤེས་རབ་དང༌། ཡིད་དང་ངག་དང༌། བློ་དང་ལས་རྣམས་ཀྱིས་ཆགས་པ་ཉེ་བར་འགྲོ་བ་དེ་ནི་ཆགས་པ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །འདི་ནི་བདག་གི་ཡིན་ནོ། །འདིའི་བདག་ཅེས་བྱ་བ་གང་ཞིག་སྡུག་བསྔལ་རློམ་སེམས་པ་དེ་ནི་མངོན་པར་ལྷུང་བའོ། །སྲོག་ཆགས་རྣམས་ཀྱིས་འཁོར་བའི་ལེ་ལོ་ཞེས་བྱ་བའོ། །མུན་པ་དང་གཏི་མུག་དང་རྒ་བ་དང་འཆི་བ་དང་སྐྱེ་བ་རྣམས་ཏེ། གཏི་མུག་ཆེན་པོ་ནི་འདོད་པ་ཞེས་བྱ་བར་མིང་བཏགས་པའོ། །མུན་པ་ནི་ཁྲོ་བ་ཞེས་བྱ་བར་ཤེས་པར་གྱིས་ཤིག་སླར་ནི་སྡུག་བསྔལ་དམུས་ལོད་ཉིད་མུན་པར་བརྗོད་པ་ཡིན་ཏེ། མ་རིག་པ་འདི་ཚིགས་པ་ལྔ་དང་ལྡན་པས་རྨོངས་པ་བཅིངས་པ་ཡིད་ཅན་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཆེན་པོ་ལ་ཡང་ནས་ཡང་དུ་འཇུག་པ་ཡིན་ཏེ། དེར་ཡང་བདག་ནི་མཐོང་བ་པོ་དང༌། ཉན་པ་པོ་དང༌། ཤེས་པ་པོ་དང༌། འབྲས་བུ་དང་རྒྱུ་ཞེས་བྱ་བ་འདི་ལྟར་མ་ཤེས་ནས་འཁོར་བར་ཡོངས་སུ་འཁོར་བ་ཡིན་ཏེ། རྒྱུ་འདི་རྣམས་ཀྱི་ནི་སྐྱེ་བའི་རྒྱུན་གྱི་འཇུག་པ་མཐོང་བ་ཡིན་ཏེ་རྒྱུ་མེད་པས་སྐྱེ་བ་མེད་པ་ཞེས་བྱ་བའོ། །དེ་ལ་ཐར་པ་འདོད་པས་རབ་ཏུ་སད་པ་དང་རབ་ཏུ་མ་སད་པ་དག་དང༌། གསལ་བ་དང་མི་གསལ་


DTG169_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བ་དག་ཤེས་པར་བྱའོ། །བཞི་པོ་འདི་རྟོགས་ནས་ཞིང་ཤེས་པ་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ་མི་ཟད་པའི་གོ་འཕང་ཐོབ་པར་འགྱུར་ཞེས་བྱ་བ་སྟེ། ཐོག་མར་ཁྱིམ་གྱི་འཆིང་བ་ཁོང་ནད་ས་བོན་དོར་ནས་ནི། །རྟགས་ནི་བཟུང་ནས་ཐར་པའི་བདེ་བ་ཉེ་བར་འདོད་པ་ཡི། །ཆོག་ཤེས་དང་ནི་ལྡན་བ་བླ་མེད་གོ་འཕང་ཐོབ་འདོད་པ། །ཚུལ་ཁྲིམས་རྣམ་པར་དག་པ་ཉེར་བཟུང་ནགས་ནང་གནས་པར་དབེན། །ཕྱིས་ནི་ཆགས་པ་ཆགས་བྲལ་དག་ལས་རབ་ཏུ་བྱུང་བའི་འཇིགས་པ་དང་བདེ་བ་དག་ཤེས་ནས་དབང་པོའི་ཚོགས་ཐམས་ཅད་ཚར་བཅད་ནས་ཡིད་ཀྱིས་ཞི་བ་ལ་དམིགས་ཏེ། །དེ་ནས་འདོད་པ་རྣམས་དང༌། སྡང་བ་ལ་སོགས་པ་རྣམས་ལས་རྣམ་པར་དབེན་པ་རྣམ་པར་དབེན་པ་ལས་སྐྱེས་པའི་བསམ་གཏན་དང་པོ་རྟོག་པ་དང་བཅས་པ་ཐོབ་པ་ཡིན་ནོ། །དེས་ཀྱང་རྣམ་པ་འདི་ལྟ་བུའི་འདོད་པ་ལ་སྡོང་ཞིང་སྨོད་པའི་ཞི་བ་དང་ལྡན་པ་ཚངས་པའི་འཇིག་རྟེན་རྟོགས་པར་འགྱུར་རོ། །རྣམ་པར་རྟོག་པ་དེ་རྣམས་ཀྱང་ཡིད་ཀུན་ནས་འཁྲུགས་པར་བྱེད་པ་ཤེས་ནས་དེ་དང་རྣམ་པར་བྲལ་བའི་དགའ་བ་དང་བདེ་བའི་བདག་ཉིད་ཅན་བསམ་གཏན་གཉིས་པ་ཐོབ་པ་ཡིན་ནོ། །དགའ་བ་དེས་ཀྱང་ཡིད་འཕྲོག་པར་གྱུར་པ་འོད་གསལ་གྱི་ལྷ་རྣམས་སུ་སྐྱེ་བ་ཡིན་ཏེ། གང་ཞིག་སླར་དགའ་བའི་བདེ་བ་དེ་ལས་སེམས་འདོན་པར་བྱེད་པ་དེ་ནི་གསུམ་པ་བདེ་བ་དང་དགའ་བ་དང་རྣམ་པར་བྲལ་བའི་བསམ་གཏན་ཐོབ་པ་ཡིན་ནོ། །དེ་ཙམ་གྱི་བདེ་བ་ལ་ཡིད་ནུབ་པ་དེ་དགེ་རྒྱས་ཀྱི་ལྷ་རྣམས་སུ་སྐྱེ་བ་སོ་སོར་ཐོབ་པ་ཡིན་ནོ། །བདེ་བ་དེ་ལྟ་བུ་ཐོབ་ནས་གང་ཞིག་བཏང་སྙོམས་བྱེད་པ་དེ་ནི་བཞི་པ་བདེ་བ་དང་སྡུག་བསྔལ་རྣམ་པར་བྲལ་བའི་བསམ་གཏན་ཉེ་བར་ཐོབ་པ་ཡིན་ཏེ། དེ་ནི་ཚེ་རིང་བ་ཉིད་ཀྱིས་ཁ་ཅིག་ནི་གྲོལ་བ་ཉིད་ངེས་པར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདེ་བ་དང་སྡུག་བསྔལ་རྣམ་པར་གཅད་པའི་ཕྱིར་དང༌། སེམས་ལ་བྱ་བ་མེད་པའི་ཕྱིར་རོ། །བསམ་གཏན་འདིའི་འབྲས་བུ་ཆེ་བའི་ལྷ་རྣམས་སུ་ཐུན་མོང་གི་འབྲས་བུ་མཁས་པ་རྣམས་སྨྲ་བ་ཡིན་ཏེ། ཏིང་ངེ་འཛིན་དེ་ལས་ལངས་ནས་ལུས་ཅན་རྣམས་ཀྱི་སྐྱོན་རྣམས་མཐོང་སྟེ། ལུས་རྣམ་པར་བཟློག་པའི་ཕྱིར་ཡེ་ཤེས་རྟོགས་པར་འགྱུར་རོ། །བསམ་གཏན་དེ་ཡང་སྤངས་ནས་ཁྱད་པར་འདོད་པ་གཟུགས་ལ་ཤིན་ཏུ་འདོད་ཆགས་དང་བྲལ་བ་ཡིན་ཏེ། ལུས་འདི་ལ་སྡུག་བསྔལ་རྣམས་གང་ཞིག་ཡོད་པ་དེ་རྣམས་ནི་དང་པོར་བློས་ཀུན་ནས་ལྟ་བར་བྱེད་ཅིང་སྡུག་ཅིང་མཐུག་པའི་ཡང་རྫས་རྣམས་ལ་ཡང་


DTG169_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁར་ལྷག་པའི་མོས་པ་སྐྱེད་པར་བྱེད་དེ། ནམ་མཁའ་ལ་སོང་བའི་བདག་ཉིད་མངོན་པར་བསྡུས་ནས་ནམ་མཁའ་མཐའ་ཡས་པ་མཐོང་ཞིང་ཁྱད་པར་རྟོགས་པའི་ཕྱིར་དང་བདག་ཉིད་ལ་མཁས་པ་ཡིན་པའི་ཕྱིར་བདག་ཉིད་ལ་བསྡུས་ཏེ་ཅུང་ཟད་མེད་ཅེས་བྱ་བ་ནི་ཅི་ཡང་མེད་པ་ཞེས་བྱ་བའི་འདུ་ཤེས་སུ་ཉེ་བར་སོང་བ་ལུས་དང་བྲལ་བའི་གྲོལ་བ་ཞེས་བརྗོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་སེམས་པ་པོ་ཡོད་ན། །གྲོལ་བ་ག་ལས་འབྱུང་བར་འགྱུར། །དགེ་དང་མི་དགེའི་བྱ་བ་རྣམས། །དེ་ཡོད་ལ་ནི་འཇུག་པ་ཡིན། །ཇི་ལྟར་ཡང་ཆུ་དང་ས་རྣམ་པར་བྲལ་བས་ས་བོན་ནི་གང་གིས་ཀྱང་རབ་ཏུ་བཙུགས་པ་མཐོང་བ་མ་ཡིན་ཏེ། དེའི་རྐྱེན་ལས་རྣམ་པར་བཙུགས་པ་མཐོང་བ་ཡིན་ནོ། །དེ་བཞིན་དུ་བདག་ཀྱང་གཟུང་བར་བྱའོ། །ལས་དང་མི་ཤེས་པ་དང་སྲེད་པ་དོར་བས་ཐར་པ་གང་ཞིག་ངེས་པ་ཡིན་པ་དེ་ནི་བདག་པོ་ཡོད་བ་ལ་དེ་ཡོངས་སུ་དོར་བ་དམིགས་པར་འགྱུར་བ་མ་ཡིན་ཏེ། དེ་ཡོངས་སུ་མདོར་བ་ནི་ཐར་པ་ག་ལ་ཡོད། དེ་ལྟར་ང་རྒྱལ་ཡོངས་སུ་དོར་བ་ནི་བདག་ཡོད་པ་ག་ལ་འགྱུར། ང་རྒྱལ་ཡོད་པ་ལ་ཡང་སྐྱེ་བའི་རྒྱུན་མི་གནས་པ་ཉིད་ཡིན་ཏེ་ཞེས་བྱ་བར་གསུངས་ནས། སྦྱིལ་བོ་དེ་ལས་ཨ་ར་ལའི། །བློ་གྲོས་ཆེན་པོ་དེ་བྱུང་ནས། །དཀའ་ཐུབ་དཀའ་བ་དྲག་རྣམས་ཀྱིས། །ལུས་ནི་སྐམ་ཞིང་བཞུགས་པར་གྱུར། །དཀའ་ཐུབ་འདིས་ནི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བ་མ་ཡིན་སྙམ་དུ་དགོངས་ཏེ་ལངས་ནས། ཀུན་ནས་སྟོབས་ཆུང་བའི་ལུས་ཅན་བྱང་ཆུབ་སེམས་དཔས་ཆུ་བོ་ནཻ་རཱཉྫ་ན་ལ་ཁྲུས་མཛད་ནས། དགའ་མཛེས་ཀྱིས་ཕུལ་བའི་བསོད་སྙོམས་གསོལ་ནས་དུས་ཀྱི་ལྟོ་འཕྱེའི་རྒྱལ་པོས་མངོན་པར་བསྟོད་པ། དེ་ནི་རྩ་ཤའི་ཕྲེང་བས་རྒྱ་ཆེ་སྔོ་པའི་སྒྲོས། །ཀུན་ནས་དམར་སེར་ཡན་ལག་ཅན་གྱིས་སྐུ་ཁྱབ་པ། །མཚོ་སྐྱེས་རྣམས་ཀྱི་རབ་ཏུ་གཡོ་བའི་འདབ་མ་ཅན། །ཨུཏྤལ་སྔོན་པོའི་འདབ་མ་བསྲེས་པའི་ཕྲེང་བ་ལྟར། །དེ་ནས་གོམ་པ་དལ་གཤེགས་ནས། །བློ་ལྡན་གསེར་གྱི་རི་ལྟར་འོངས། །བྱང་ཆུབ་ཤིང་གི་འོག་ཏུ་ནི། །བྱང་ཆུབ་ཕྱིར་ནི་དེ་བཞུགས་གྱུར། །དེ་ནས་བུ་མོ་རྣམས་ལྷན་ཅིག །མེ་ཏོག་གི་གཞུ་བླངས་ནས་ནི། །དེ་ཡི་ཡིད་ནི་དཀྲུགས་པའི་ཕྱིར། །ཡིད་ཀྱི་སྐྱེ་གནས་ཀུན་ནས་འོངས། །ཤིཪྵའི་མེ་ཏོག་སར་པ་ནི། །དེ་ཡི་མདུན་དུ་སྒོམ་བྱེད་ཅིང༌། །འབྲས་བུ་ཀུན་གཡོ་ལྟ་བ་ནི། །ལ་ལ་ཞིག་གིས་ཅུང་ཟད་བཟུང༌། །གྲོགས་མོའི་རྣ་བར་གཞན་གྱིས་ནི། །དགོད་པ་སྔོན་འགྲོ་ཅི་ཡང་སྨྲས། །བློ་ལྡན་དེ་ལ་ལྟ་བ་ནི། །སྒེག་དང་བཅས་པར་གཏད་ཅིང་གནས། །གཞན་དག་མེ་ཏོག་


DTG169_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བ་ནི། །མིག་ནི་ངོ་ཚ་བར་བྱེད་ཅིང༌། །གོས་ནི་མཚན་མ་ལས་ལྷུང་བ། །སྐ་རགས་ལྷོད་པར་བཀག་པར་གྱུར། །ཟླ་བ་ལྟར་མཛེས་ལང་ཚོ་འདི་ནི་གང་དུ་སྟེ། །དཀའ་ཐུབ་འདི་ནི་གང་དུ་ཨེ་མ་འདི་ནི་འགལ། །ཡུལ་རྣམས་ཉམས་སུ་མྱོང་ནས་འདི་ལྟར་རིགས་པ་སྟེ། །ཡོངས་སུ་སྨིན་པ་ཁྱེད་ཀྱིས་འབྲས་བུ་ཐོབ་བའི་ཕྱིར།། ཕན་པར་འདོད་པ་ཉིད་ཀྱིས་ཁྱེད་ལ་སྨྲ་བ་སྟེ། །དུས་མིན་ཡོངས་སུ་ངལ་དུ་འཇུག་པ་ཅི་ཕྱིར་ལུས། །དེ་ལྟར་ལ་ལ་འདུད་པའི་ཡན་ལག་ཅན་ནི་སྨྲ་བ་སྟེ། །ཡན་ལག་མེད་པའི་སོ་སོར་གནོད་པ་ཆེ་དེ་ལ། །དེ་ལྟར་ལ་ལ་འདོད་པའི་ཡན་ལག་སྨྲས་པར་གྱུར། །ཁྱེད་ལ་ངན་འགྲོར་ཕྲད་འདོད་བུད་མེད་རྣམས་ལ་ནི། །བློ་ལྡན་ཁྱེད་ཀྱི་རྗེས་སུ་མཐུན་མིན་ཅི་ཕྱིར་འདི། །འདི་ལྟར་དེ་ལ་མངོན་པར་སྨྲས་གྱུར་ལ་ལ་ཞིག །པདྨའི་འདབ་མ་རྣམས་ནི་སེན་མོས་གཏུབས་བྱེད་ཅིང༌། །གང་གི་ཚེ་དེ་རྣམས་ལ་བྱང་ཆུབ་སེམས་དཔས་བརྙས་པ་དང་བཅས་པའི་ལྟ་བ་སྦྱིན་པར་མ་བྱས་པ་དེའི་ཚེ་བདུད་ཀྱི་བཀའ་བྱེད་རྣམ་པ་དུ་མར་འགྱུར་བའི་གདོད་ཅན་དེ་རྣམས་ལ་སྨྲས་པ། འཇིགས་སུ་བཅུག་ནས་འདི་བསླང་བར་གྱུར་ཅིག་ཅེས་བྱ་བའོ། །དེ་ནས་སེང་གེའི་གདོང་ལ་ནི། །ཧཱུཾ་བྱས་པས་ནི་ཡང་ཡང་དུ། །མེ་སྟག་འོད་ནི་འཕྲོ་བ་ཡི། །འབར་བའི་གདོང་ལས་གྲོལ་བར་གྱུར། །དེ་རྣམས་དེ་ཡི་བཀའ་བྱེད་གདོང་ལས་བྱུང༌། །ལྷུང་ཞིང་སྐད་ཅིག་གིས་གསུངས་ཏེ། །རབ་རྒྱས་མྱ་ངན་མེ་ཏོག་ཉིད། །བྱང་ཆུབ་སེམས་དཔའི་སྟེང་དུ་འཕངས། །མེ་ལྡན་འཁོར་ལོ་སུ་ཞིག་གིས། །རྣམ་རྒྱས་ཟེའུ་འབྲུའི་ཚོགས་ལྡན་པ། །ཨུཏྤལ་ཡི་མགོ་ཕྲེང་གྱུར། །སོ་བསྡམས་གཞན་དག་ཉིད་ཀྱིས་ནི། །གློག་བཞིན་ཁམ་པའི་སྨིན་མ་ཅན། །ཁ་བའི་རྩེ་མོ་སྟེང་དུ་འབེབས། །ཀུན་དའི་ཕུང་པོ་ཉིད་དུ་འགྱུར། །གཞན་དག་སེར་སྐྱའི་མིག་ཅན་ནི། །རལ་གྲི་དང་བཅས་དཔུང་བ་བཏེག །ལྕགས་ཀྱི་ཀ་བའི་གྲིབ་མ་འདྲ། །སྐད་ཅིག་མི་གཡོ་ཉིད་དུ་གྱུར། །དེ་ནས་བཅོམ་ལྡན་འདས་ནི་བྱང་ཆུབ་ཤིང་གི་འོག་ཏུ་བཞུགས་བྱས་ནས། །འཕྲོ་བའི་མིག་གི་མེ་ཅན་དཀའ་བཞིན་དུ་ནི་བྱེད་རྣམས་ཀྱི་ནི་ཚོགས། །དཀར་བ་མིན་པར་འགྲོ་བའི་གྲོགས་ཀྱིས་ཀུན་ནས་རབ་ཏུ་བསྐུལ་བཞིན་པ། །ནགས་ཀྱི་མེ་ནི་ཀུན་དུ་ཆུ་དང་ཉེ་ལས་བཞིན་དུ་ཞིག་པར་གྱུར། །མེ་ཏོག་རྒྱལ་མཚན་དང་ལྡན་པ་འཁོར་གྱི་སྐྱེ་བོ་དང་བཅས་པ་སོང་བ་ན། བཅོམ་ལྡན་འདས་དེ་བསམ་གཏན་བཞི་པ་ལས་བཞེངས་ཏེ་འདི་བསམས་པར་གྱུར་ཏེ། གལ་ཏེ་སྐྱེ་བ་སྔོན་ཡོད་ན། །ལས་རྣམས་ཀྱིས་ནི་འཇུག་པ་མིན།།


DTG169_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལས་བྱུང་བའི་སྐྱེ་བ་མེད། །ལས་མེད་ན་ཡང་ལུས་ཅན་གྱི། །གཟུགས་དང་སྐལ་བཟང་སྐལ་བ་སོགས། །དགེ་བ་ཅི་ལྟར་འདོད་ནི་འདོད། །འོན་ཏེ་སྔོན་དུ་ལས་ཡོད་ན། །མ་སྐྱེས་པ་ལས་ག་ལས་ཏེ། །མཁས་པས་འདི་ལྟར་འགལ་མཐོང་ནས། །འཁོར་བའི་ཐོག་མ་རྟོག་མི་བྱེད། །གལ་ཏེ་རྒྱུ་མེད་འགྲོ་ཡིན་ན། །སུ་ཞིག་ལས་དང་ཉིད་སྨྲ་འགྱུར། །རྒྱུ་མེད་པར་ནི་ཐར་པ་ཡང༌། །རྟག་ཏུ་གྲུབ་པ་ཉིད་དུ་འགྱུར། །རྒྱུ་མེད་པར་ནི་ལུས་ཀྱང་འདི། །བསྐྱེད་པ་ཉིད་དུ་འགྱུར་བ་མིན། །ལ་ལ་དབང་ཕྱུག་རྒྱུ་ཡིན་པ། །མི་མཁས་པ་རྣམས་སྨྲ་བར་བྱེད། །གལ་ཏེ་དབང་ཕྱུག་གཞན་གྱིས་བྱས། །འདིར་ནི་དབང་ཕྱུག་ཉིད་ག་ལས། །འོན་ཏེ་མ་སྤྲུལ་ཉིད་སྐྱེས་པ། །དེ་ལས་གཞན་ནི་ཅིས་མི་སྐྱེ། །དེ་ཕྱིར་དབང་ཕྱུག་སྨྲ་བ་འདི། །བདག་གི་སླད་དུ་དོན་མེད་ཉིད། །དེ་ལྟར་འཁོར་བའི་འཁོར་ལོ་འདི། །ཡང་དང་ཡང་དུ་འཁོར་བཞིན་པའི། །ནམ་ཡང་མཁས་པ་རྣམས་ཀྱིས་ནི། །ཐོག་མ་དམིགས་པར་འགྱུར་བ་མིན། །ནམ་མཁའི་ཁམས་འདི་ནི་རླུང་དང་མེ་དང་ཆུ་དང་ས་རྣམས་ཀྱིས་ཀུན་ནས་འབྲེལ་པ་ནི་ལུས་ཞེས་བརྗོད་པ་ཡིན་ནོ། །དེ་ཡང་རྣམ་པར་ཤེས་པའི་ཁམས་ལ་བརྟེན་ནས་འགྲོ་བ་དང་འོང་པ་ལ་སོགས་པའི་བྱ་བ་རྣམས་བྱེད་དོ་ཞེས་བྱ་བ་སྟེ། །དེ་ལྟར་གནས་པ་ལ་སྐྱེས་པ་ཉེ་བར་བཏགས་པར་བྱ་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་མངོན་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་དུ་མ་རྣམས་ཀྱིས་མི་ཤེས་པའི་རབ་རིབ་སེལ་བར་མཛད་དེ། །གྲོང་ཁྱེར་སེར་སྐྱར་བྱོན་ནས་ཟས་གཅང་མ་ལ་ལེགས་པའི་ལམ་གསལ་བར་མཛད་དེ། དེ་ལྟར་བཅོམ་ལྡན་འདས་དེ་འགྲོ་བ་མ་ལུས་པ་རྣམས་ཀྱི་སྡུག་བསྔལ་ཉེ་བར་ཞི་བར་བྱ་བའི་དོན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་ནུས་ཀྱང་ཤིན་ཏུ་རིང་པོར་འཁོར་བ་ན་ཀུན་ནས་འཁོར་བར་གྱུར་ཏོ་ཞེས་བྱ་བ་སྟེ། བློ་ཆེན་དེ་ནི་བྱང་ཆུབ་ཕྱིར། །ལག་ཏུ་གཏད་ལྟར་སྦྱིན་བྱས་ཏེ། །ཡུན་རིང་ཤེས་རབ་ཕ་རོལ་ཕྱིན། །དམ་པ་བདེ་བར་གནས་པ་ཡིན། །ཨེ་མ་གལ་ཏེ་ཆོས་ནི་མུན་པ་འཇོམས། །བདེ་གཤེགས་ཀྱིས་གསུངས་འདི་ནི་རྣམ་དཔྱོད་ནས། །དྲི་མས་ཁྱབ་པའི་ལྟ་བས་མཐོང་བའི་ཕྱིར། །སྐྱེ་བོ་འདི་ནི་གཞན་འདོད་རྟེན་མི་འགྱུར། །དེ་བཞིན་གཤེགས་པའི་དྲི་མེད་གསུང་ཡང་ཡོད་པ་ཞེས་བྱ་ལ། །རྨོངས་པ་ལམ་ངན་སོང་བའི་སྐྱེ་བོ་འདི་ནི་ཀུན་ནས་འཁོར། །རི་བོང་མཚན་པ་མངོན་གཤེར་ལ་ནི་གང་ཞིག་མི་ཟུམ་པ། །དམན་པའི་བློ་དེ་སོང་ཞིང་ཇི་ལྟར་ལྷུང་བར་འགྱུར་བ་མིན། །ཡང་དག་རྫོགས་བའི་


DTG169_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་འདོད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། །སེང་གེ་ཞབས་འབྲིང་པས་བྱས་འདི། །ཆོས་འདོད་རྣམས་ཀྱི་ཕྲེང་བ་བྱས་པ་འདི། །སྐྱེས་པའི་རབས་ཀྱི་ཕྲེང་བ་བྱས་པ་ཡི། །དགེ་བ་ཅུང་ཟད་གང་ཞིག་བདག་གིས་བསགས། །དེ་ཡིས་འགྲོ་བ་འདི་ནི་བདེ་གཤེགས་ཀྱི། །འདོད་པ་ལ་དམིགས་ཐར་པའི་ཕྱིར་གྱུར་ཅིག །རབ་འགྲོ་གཉའ་རལ་ཅན་བརྒྱ་བྱིན། །ཁྲ་ཅན་དོན་ཀུན་གྲུབ་ལྡན་པ། །ལྔ་ཡིས་ལྷག་པའི་སུམ་ཅུ་འདིར། །ཐུབ་པ་ཆེན་པོའི་བྱེས་རབས་རྣམས། །རིགས་པ་སྒྲ་ཡི་བསྟན་བཅོས་ཆ་ནི་རྣམ་པ་མང་པོ་ཤེས་ནས་སངས་རྒྱས་ཀྱིས་ཀྱང་གསུངས། །ཕྱི་མའི་སྙན་དང་ག་ས་མཁན་གྱི་ཟླ་བས་ས་ནི་སྙན་དངགས་འོད་རྣམས་ཀྱིས་ནི་རབ་གསལ་བྱས། །ཁ་ཆེར་ཉེ་བར་འཚེ་བའི་སྐྱོན་གྱིས་རྣམ་པར་གདུངས་པ་ཤེས་ནས་ཕྱི་རོལ་འགྲོ་འདོད་པས། །རི་དབང་ཁ་བ་ཅན་ལ་སེང་གེ་ཞབས་འབྲིང་ལས་ནི་སྲོག་རྣམས་དོར་ནས་མཐོ་རིས་སོང༌། །རྒྱལ་པོའི་སྲས་སློབ་དཔོན་སེང་གེ་ཞབས་འབྲིང་པས་མཛད་པའི་སྐྱེས་པའི་རབས་ཀྱི་ཕྲེང་བ་རྫོགས་སོ།། །། དགེ་སློང་དཔལ་ལྡན་བློ་གྲོས་འབྱུང་གནས་ཞེས་བྱ་མཁས་པ་ནི། །སེམས་ཅན་རྣམས་ལ་ཆོས་དང་ཟང་ཟིང་ཀུན་ནས་འགོད་མཛད་ཅིང༌། །ཚད་མ་དང་ནི་ལུང་དང་རྒྱུད་རྣམས་དུ་མ་ལ་འདྲིས་པས། །འགྲོ་བའི་མངའ་བདག་གི་ནི་སྤྱོད་པ་འདི་ལ་གཉིས་པོ་དག །གཞལ་དུ་མེད་ཅིང་དྲི་མ་མེད་པ་ཀུན་ནས་བསགས་ཏེ་དེ་ལས་འདི། །ཉོན་མོངས་ཤེས་བྱའི་སྒྲིབ་པའི་དྲི་མ་ཆོག་བཞིན་དུ་མྱུར་སྤངས་སྔོན་དུ་འགྲོ་བ་ནི། །དེ་དང་དེ་ཡི་སྐྱེས་རབས་ཡོངས་བཟུང་འགྲོ་བ་སྡུག་བསྔལ་རྒྱ་མཚོ་ལས་ནི་གདོན་བྱས་ཏེ། །མཐར་ཡང་ཐུབ་དབང་རྣམས་བཞིན་མཐའ་དག་བྱ་བྱས་སངས་རྒྱས་ཁམས་གསུམ་དུ་ནི་ཁྱེད་འབྱུང་ཤོག །ལྕང་ལོ་ཅན་གྱི་བུམ་པ་ཞེས་བྱ་མཁས་དང་ལྷན་ཅིག་འདི་ཉིད་དུ། །གང་ཞིག་ཚུལ་ཁྲིམས་འབྱུང་གནས་སྐད་གཉིས་པས་ནི་འདི་ལྟར་ཆོ་ག་བཞིན། །བདུད་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཤིན་ཏུ་རྣམ་དག་ཡངས་པ་ནི། །སྐྱེ་བོ་མ་ལུས་པ་ལ་ཕན་པའི་དོན་དུ་དེ་ཡིས་ཡང་དག་བསྒྱུར།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨ་ལཾ་ཀ་དེ་བའི་ཞབས་དང༌། བོད་ཀྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཚུལ་ཁྲིམས་འབྱུང་གནས་སྦས་པས་དཔལ་གྱི་སྒྱེའུ་རིའི་རྩ་ཆོས་སྐོར་དབེན་པའི་གཙུག་ལག་ཁང་དུ་བསྒྱུར་བའོ།། །།


no previousསེང་གེ་ཞབས་འབྲིང་པའི་སྐྱེས་པ་རབས་ཀྱི་ཕྲེང་བ་ཞེས་བྱ་བ། སེང་གེ་ཞབས་འབྲིང་པ།next