སྦྱིན་པའི་གཏམ།
ཀླུ་སྒྲུབ།
རྒྱ་གར་སྐད་དུ། དཱ་ན་པ་རི་ཀ་ཐཱ། བོད་སྐད་དུ། སྦྱིན་པའི་གཏམ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྦྱིན་པ་གཏེར་ཆེན་ཕྱི་བཞིན་འབྲངས་པ་ཡིན་ཏེ་ཆོམ་རྐུན་ལ་སོགས་དབྲོག་མི་ནུས། །སྦྱིན་པ་སེམས་ཀྱི་སེར་སྣ་དང་ནི་ཆགས་པའི་སྐྱོན་གྱི་རྡུལ་རྣམས་འཁྲུ་བར་བྱེད། །སྦྱིན་པ་འཁོར་བའི་ལམ་དང་ངལ་བསེལ་བ་ཡིན་ཏེ་བཞོན་པ་བདེ་བླག་ཅན། །སྦྱིན་པ་བདེ་དགུར་སྦྱོར་བ་དུ་མ་དག་གི་སྒོ་བཟང་གཏན་གྱི་མཛའ་བོ་མཆོག །འབྱོར་ཅིང་དག་པ་ཕུན་སུམ་ཚོགས་དང་ཀུན་དུ་བཀའ་ཉན་ཡོན་ཏན་རྣམས་དང་ནི། །སུམ་ཅུ་རྩ་གསུམ་ལྷ་ཡུལ་གྲོང་ཁྱེར་ལ་གནས་བྱད་གཟུགས་མཛེས་པའི་ཡོན་ཏན་རྣམས། །ཅི་དང་
ཅི་འདོད་དེ་དག་ཐམས་ཅད་སྦྱིན་པ་དག་གིས་ངེས་པར་ཐོབ་འགྱུར་ཏེ། །དེ་ལྟར་དོན་ནི་ཡོངས་སུ་བརྟགས་པར་གྱུར་ནས་སུ་དག་སྦྱིན་པ་སྦྱིན་མི་བྱེད། །སྦྱིན་པ་མེ་དང་ཆུ་དང་ཆོམ་རྐུན་འཇིགས་པའི་འཁྲུག་པ་རྣམས་ཀྱིས་བསྐྱོད་མི་ནུས། །སྦྱིན་པ་སྒྲིབ་པ་ཟད་བྱེད་སྲིད་པའི་འགྲོ་བ་ཕྱི་བཞིན་འབྲང་བའི་མཛའ་ཆེན་ཡིན། །སྦྱིན་པ་འགྲོ་བའི་རྒྱུན་གྱི་ཡུལ་རྣམས་ཀུན་དུ་སྲོག་ཆགས་རྣམས་ཀྱི་འཇུག་པ་ཡིན། །སྦྱིན་པ་ཚེ་རབས་བགྲང་བ་དག་ཏུ་ཕྱི་བཞིན་འབྲངས་ཏེ་བ་ཕྱིར་བེའུ་འབྲང་བ་བཞིན། །ནོར་རྣམས་ཀུན་གྱི་སྙིང་པོ་བླང་བ་དབང་ཕྱུག་རྣམས་ཀྱི་གཞི་ནི་སྦྱིན་པ་ཡིན་ཞེའོ། །བློ་ཅན་ལེགས་པར་འདོད་པ་ཡིས། །ལེགས་པར་བསྒྲིམས་ཏེ་སྦྱིན་པ་སྦྱིན། །འཁོར་པར་ཡོངས་སུ་འཁྱམ་པ་ན། །སྦྱིན་པ་མ་གཏོགས་གཉེན་མེད་དོ། །སྦྱིན་པ་འཇིག་རྟེན་རྒྱན་ཡིན་ཏེ། །སྦྱིན་པ་ངན་འགྲོ་ཟློག་པ་ཡིན། །སྦྱིན་པ་མཐོ་རིས་སྐས་ཡིན་ཏེ། །སྦྱིན་པ་ཞི་བྱེད་ཤིས་པ་ཡིན། །འཇིག་རྟེན་དག་ན་རྒྱལ་པོའི་མཆོག །དཔའ་བརྟུལ་དྲེགས་ཤིང་མཐུ་ཆེ་ལ། །རྒྱལ་སྲིད་རྒྱས་ལ་དབང་བྱེད་པ། །བདེ་འགྱུང་སྦྱིན་པ་བྱིན་ལས་བྱུང༌། །སུམ་ཅུ་རྩ་གསུམ་གནས་རྣམས་ན། །བརྒྱ་བྱིན་ལྷ་ཡི་དབང་བྱེད་པ། །དེ་ཡང་ཕྱིན་པའི་འབྲས་བུ་མཆོག །དམ་པ་ཡིན་ཞེས་མཁས་རྣམས་སྨྲ། །མཚན་མཆོག་སུམ་ཅུ་གཉིས་མདའ་བ། །དྲི་མེད་གཟི་བརྗིད་མཚུངས་མེད་པ། །འཁོར་བའི་རྒྱ་མཚོ་རྒལ་བ་ཡང༌། །སྦྱིན་པ་ལ་ནི་བརྟེན་ཏེ་འབྱུང༌། །ལྷ་ཡི་འཇིག་རྟེན་སྐས་ཀྱང་ཡིན། །ཐར་པའི་མཐར་གྱི་སྒོ་ཡང་ཡིན། །ངན་སོང་རྣམས་ལས་བཟློག་པ་ཡིན། །ཕུན་སུམ་ཚོགས་ཀུན་རྒྱུ་ཡང་ཡིན། །དེ་ཡི་ཕྱིར་ན་མི་རྣམས་ཀྱིས། །ལེགས་པར་བསྒྲིམས་ཏེ་སྦྱིན་པ་སྦྱིན། །ཆགས་དང་ཕྲག་དོག་ལ་སོགས་པ། །མེད་པར་བསོད་ནམས་བསགས་པར་གྱིས། །སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་སྐྱོབ་པ་མེད། །དགེ་འདུན་འདྲ་བའི་ཞིང་མེད་དེ། །དེའི་ཕྱིར་གསུམ་ལ་དབུལ་བར་གྱིས། །ཕྲད་པར་གྱུར་པའི་མཐའ་ནི་འབྲལ་བར་འགྱུར། །ཕུན་སུམ་ཚོགས་པའི་མཐའ་ནི་ངན་ཅིང་རྒུད། །ཚེ་འདི་གློག་ལྟར་འགྱུར་ཞིང་འཇིག་ལ་གཡོ། །དེ་ཡི་ཕྱིར་ན་བག་ཡོད་བརྟན་པོར་གྱིས། །
འཇིག་རྟེན་འདི་ཀུན་བདེ་བ་མངོན་པར་འདོད། །སྐྱེས་བུ་བདེ་ལ་ལོངས་སྤྱོད་མེད་པར་མིན། །ལོངས་སྤྱོད་སྦྱིན་ལས་བྱུང་བར་མཁྱེན་ནས་ནི། །ཐུབ་པས་དང་པོར་སྦྱིན་པའི་གཏམ་དག་མཛད། །སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་སྦྱིན་པའི་གཏམ་རྫོགས་སོ།། །།