Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་གྱ་བདུན་པ།


   
ཚུལ་གསུམ་པའི་རྟགས་ཤེས་ཀྱང་བརྗོད་པ་ལ་མི་མཁས་པའི་བྱིས་པ་ལ་བསྟན་པར་བྱ་བའི་ཕྱིར་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པའི་མཚན་ཉིད་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྐབས་སུ་བབ་ནས་བཤད་པ།  ཆོས་མཆོག།
   


 
no previousཚུལ་གསུམ་པའི་རྟགས་ཤེས་ཀྱང་བརྗོད་པ་ལ་མི་མཁས་པའི་བྱིས་པ་ལ་བསྟན་པར་བྱ་བའི་ཕྱིར་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པའི་མཚན་ཉིད་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྐབས་སུ་བབ་ནས་བཤད་པ། ཆོས་མཆོག།next

ཚུལ་གསུམ་པའི་རྟགས་ཤེས་ཀྱང་བརྗོད་པ་ལ་མི་མཁས་པའི་བྱིས་པ་ལ་བསྟན་པར་བྱ་བའི་ཕྱིར་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པའི་མཚན་ཉིད་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྐབས་སུ་བབ་ནས་བཤད་པ།
ཆོས་མཆོག།


DTG187_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གསུམ་པའི་རྟགས་ཤེས་ཀྱང་བརྗོད་པ་ལ་མི་མཁས་པའི་བྱིས་པ་ལ་བསྟན་པར་བྱ་བའི་ཕྱིར་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པའི་མཚན་ཉིད་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྐབས་སུ་བབ་ནས་བཤད་པ། གཞན་གྱི་ཆེད་ནི་གཞན་གྱི་དོན་ཏོ། །རང་གིས་ཏེ་བདག་ཉིད་ཀྱིས་གང་མཐོང་བའི་དོན་དེ་འདིས་གསལ་བར་བྱེད་པས་ན། གསལ་བྱེད་དེ། འཆད་པར་བྱེད་པའི་སྒྲའོ། །རྗོད་པར་བྱེད་པ་གང་ཡིན་པའོ་ཞེས་ནི་མི་བྱ་སྟེ། གང་གི་ཕྱིར་རྗོད་པར་བྱེད་པའི་སྒྲ་ཉིད་ནི་རྗེས་སུ་དཔག་པ་མ་ཡིན་ཏེ། གཅིག་རྟོགས་པར་བྱ་བ་ཡིན་པས་ན་ཚུལ་གཉི་ག་བརྗོད་པ་མ་ཡིན་པའི་ཕྱིར་རོ། །སྒྲ་གང་ཞིག་ཚུལ་གསུམ་སྟོན་པར་བྱེད་པ་དེ་ཉིད་ནི་རྗེས་སུ་དཔག་པ་ཡིན་ནོ། །གལ་ཏེ་རྟགས་དང་རྗེས་སུ་དཔག་པར་བྱ་བ་གཉི་ག་ཡང་རང་གིས་མཐོང་བའི་དོན་ཡིན་མོད་ཀྱི། དེ་ལྟ་ན་ཡང་རྗེས་སུ་དཔག་པར་བྱ་བའི་ཚིག་རྗེས་སུ་དཔག་པ་ཉིད་འགོག་པ་འཆད་པར་འགྱུར་བ་ལས་ན་རང་གིས་མཐོང་དོན་སྨོས་པ་ནི་དོན་གྱིས་ན་རྟགས་ལ་གནས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ནི།


DTG187_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གསུམ་རྟགས་ནི་གསལ་བྱེད་པའོ། །ཞེས་དེ་སྐད་དུ་བརྗོད་པར་བྱའི། རང་གིས་མཐོང་དོན་ཞེས་སྨོས་པ་ཇི་ལྟར་ཞེ་ན། ཇི་ལྟར་རང་ཉིད་ཅེས་སྨོས་ཏེ། ཇི་ལྟར་ཏེ་དོན་གྱི་ཚུལ་གང་གིས་ཚུལ་གསུམ་པ་སྟེ། ཚུལ་གསུམ་གང་ལ་ཡོད་པའི་རྟགས་དེ་ལས་རྟགས་ཅན་ལྐོག་ཏུ་གྱུར་པའི་དོན་ལ་བདག་ཉིད་ཤེས་པ་བསྐྱེད་པ་དེ་ཁོ་ན་ལྟར་ཏེ། དོན་གྱི་རིམ་པ་དེ་ཉིད་ཀྱིས་གཞན་ལ་སྟེ་རྒྱུད་གཞན་དག་ལ་རྟགས་ཅན་གྱི་དོན་གྱི་ཤེས་པ་གང་ཡིན་པ་དེ་བསྐྱེད་པར་འདོད་པས་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པ་སྟེ། གསལ་བར་བྱེད་པ་གང་ཡིན་པ་དེ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ། དེའི་ཕྱིར་རང་གིས་མཐོང་བའི་དོན་གསལ་བར་བྱེད་པ་ཡིན་ནོ་ཞེས་དེ་ལྟར་དེ་ཉིད་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པར་བཤད་དོ། །གང་གི་ཕྱིར་རྗེས་སུ་དཔག་པ་ནི་ཤེས་པ་ཡིན་པས་ཚིག་རྗེས་སུ་དཔག་པར་ཇི་ལྟར་འགྱུར་ཞེ་ན། བཤད་པ། རྒྱུ་ཚིག་ལ་འབྲས་བུ་ཤེས་པ་བཏགས་པ་སྟེ། སྒྲོ་བཏགས་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། ཚིག་ཀྱང་ཚུལ་གསུམ་པའི་རྟགས་དྲན་པར་བྱེད་པས་བརྒྱུད་ནས་ལྐོག་ཏུ་གྱུར་པའི་དོན་ཤེས་པའི་རྒྱུ་ཡིན་པའི་ཕྱིར་ཉེ་བར་


DTG187_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་ནས་རྗེས་སུ་དཔག་པར་བརྗོད་པ་ཡིན་ནོ། །དེས་ན་དོན་འདི་བསྟན་པ་ཡིན་ཏེ། ཇི་ལྟར་རྗེས་སུ་དཔག་པ་བསྟན་པར་བྱ་བ་ནི་རྒྱུ་ཚུལ་གསུམ་པའི་རྟགས་བསྟན་པར་བྱ་བ་ཡིན་པ་དེ་བཞིན་དུ་དེའི་ཚིག་ཀྱང་བསྟན་པར་བྱ་བ་ཡིན་ནོ། །གལ་ཏེ་དེ་ལྟ་ན་མཐོང་བ་གསལ་བར་བྱེད་པའོ་ཞེས་བྱ་བ་ཙམ་ཞིག་བྱ་བ་ཡིན་གྱི། རང་སྨོས་པས་རང་དོན་སྨོས་པ་ནི་དགོས་བ་མེད་དོ་ཞེ་ན། བཤད་པ། གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་མཚན་ཉིད་འདིར་རང་གིས་མཐོང་བ་དང་དོན་ཞེས་མཚོ་པ་ནའོ། །བཤད་པ་འདི་ནི་རང་གི་སྒྲ་དང་དོན་གྱི་སྒྲ་དག་ལ་སྤྱིར་ཉེ་བར་བཀོད་པ་ཡིན་ཏེ། གང་གི་ཕྱིར་འདི་དག་ཉིད་ལ་རྣམ་པར་བཅད་པ་འཆད་ཀྱི་མཐོང་བའི་སྒྲ་ལ་ནི་མ་ཡིན་ནོ། །རང་སྨོས་པ་ནི་གཞན་གྱིས་མཐོང་བ་གཅོད་དོ། །གལ་ཏེ་ཚད་མས་མཐོང་བ་ནི་དངོས་པོ་ཉིད་ཡིན་ལ། ཚད་མ་ཡང་ཐུན་མོང་ཡིན་པའི་ཕྱིར་གཞན་གྱིས་མཐོང་བར་ག་ལས་ཡིན་ཞེ་ན། བཤད་པ། ལུང་ལས་མཐོང་བ་གང་ཡིན་པ་དེ་ནི་གཞན་ཁོ་ནས་མཐོང་བ་ཡིན་གྱི་རང་གིས་ནི་མ་ཡིན་ནོ། །དེ་བཞིན་དུ་དོན་གྱི་སྒྲའི་རྣམ་པར་བཅད་པར་སྟོན་པ་ནི་དོན་མེད་པ་ལས་ཀྱང་གྲུབ་པ་མིན་ཞེས་བྱ་བ་ཡིན་ནོ། །འདི་སྙམ་དུ་ཇི་ལྟར་ན་ལོག་པར་རྟོགས་པ་མ་མཐོང་བར་རང་ཉེད་ཀྱིས་དོགས་པར་བྱས་ནས་དོགས་པ་བཅད་པའི་ཕྱིར་ཁྱད་པར་ཉེ་བར་འགོད་སྙམ་པ་ལ། ལོག་པར་རྟོགས་པ་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཁ་ཅིག་ན་རེ་ཞེས་སྨོས་སོ། །གཞན་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་བསམ་པ་ནི་འདི་ཡིན་ཏེ། སྒྲུབ་པར་བྱེད་པ་གྲུབ་པ་གང་ཡིན་པ་དེ་ནི་རྟོགས་པར་བྱ་བས་དོན་རྟོགས་པའི་རྒྱུ་མཚན་ཡིན་ནོ། །སྒྲུབ་པར་བྱེད་པ་དེས་རྒོལ་བ་ཉིད་དོན་རྟོགས་པར་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་ཕྱིར་རྒོལ་བ་རྟོགས་པར་བྱ་བ་ཡིན་ནོ། །དེས་ན་སྒྲུབ་པར་བྱེད་པ་སྒྲུབ་པ་གང་ཡིན་པ་དེ་ནི་ཕྱིར་རྒོལ་བ་རྟོགས་པ་ལ་ཉེ་བར་མཁོ་བ་ཡིན་གྱི་རྒོལ་བ་རྟོགས་པ་ལ་ནི་མ་ཡིན་ནོ། །དེས་ན་གལ་ཏེ་ཕྱིར་རྒོལ་བ་ཉིད་ལ་གྲུབ་བ་ཡིན་ན་དེ་ཙམ་གྱིས་དེ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པ་དེ་ལ་རྒོལ་བ་ལ་གྲུབ་པ་བརྟགས་པས་ཅི་ཞིག་བྱ་སྟེ། དེས་ན་གཞན་གྱིས་མཐོང་བ་སྒྲུབ་པར་བྱེད་པ་ཡིན་ནོ། །


DTG187_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་དཔེར་བརྗོད་པ་ནི། བློ་དང་བདེ་བ་ལ་སོགས་པ་ནི་ཆོས་ཅན་ནོ། །སེམས་པ་མེད་པའི་བསྒྲུབ་བྱ་སྟེ་བསྒྲུབ་པར་བྱ་བ་ནི་སེམས་པའི་དངོས་པོ་མེད་པ་ཉིད་ཡིན་ནོ། །སྐྱེ་བ་ཅན་ནམ་མི་རྟག་པ་ཡིན་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །གཟུགས་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་འདི་ནི་ཁྱབ་པའི་ཡུལ་ཉེ་བར་སྟོན་པའོ། །འདི་ལ་མེད་པར་སྐྱེ་བའི་སྐྱེ་བ་ཅན་ནམ་ཡོད་པ་གཏན་ནས་འཇིག་པའི་མི་རྟག་པ་ཉིད་གཏན་ཚིགས་སུ་ཉེ་བར་བླངས་པ་གང་ཡིན་པ་དེ་ནི་གྲངས་ཅན་རང་ཉིད་ལ་མ་གྲུབ་སྟེ། དེ་ནི་ཡོད་པ་ཁོ་ན་གསལ་བ་དང་མ་གསལ་བ་སྐྱེ་བ་དང་འཇིག་པར་སྨྲ་བའི་ཕྱིར་རོ། །གཞན་ལ་ནི་གྲུབ་པ་ཡིན་ཏེ། དེས་ན་གོ་བར་བྱེད་པ་ཡིན་ནོ་ཞེས་གཞན་གྱི་དེ་ལྟར་འདོད་པ་ནི་མི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། བཤད་པ། དངོས་པོའི་སྟོབས་ཀྱིས་འཇུག་པའི་རྗེས་སུ་དཔག་པའི་ཡུལ་རྟོགས་པར་བྱ་བའི་དོན་རྗེས་སུ་དཔག་པས་ཡུལ་དུ་བྱེད་པ་གང་ཡིན་པ་འམ། གང་ལས་རྗེས་སུ་དཔག་པས་འབྱུང་བ་སྟེ། ཚད་མས་མཐོང་བའི་ཚུལ་གསུམ་པའི་རྟགས་གང་ཡིན་པའོ། །ཚད་མས་མཐོང་བའི་ཚུལ་གསུམ་པ་དང༌། རྟོགས་པར་བྱ་བའི་དོན་དེ་ལ་ནི་ཚིག་གིས་བྱེད་པ་ཡོད་པ་མ་ཡིན་ནོ། །འདི་ནི་གདོན་མི་ཟ་བར་ཁས་བླངས་དགོས་ཏེ། ཚིག་ཚད་མ་ཡིན་ན་ནི་རྗེས་སུ་དཔག་པ་མི་འཇུག་པར་འགྱུར་ཏེ། དམ་བཅས་པའི་མཚན་ཉིད་ཅན་གྱི་ཚིག་ཙམ་གྱིས་བསྒྲུབ་བྱའི་མཚན་ཉིད་ཀྱི་དོན་གྲུབ་པས་གཏན་ཚིགས་ལ་སོགས་པ་སྟེ། སྩོགས་པ་སྨྲོས་པ་ནི་དཔེ་ལ་སོགས་པ་ཉེ་བར་གཟུང་པ་དོན་མེད་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་ཚིག་ཐམས་ཅད་ཚད་མ་ཡིན་ན་ནི་དེ་ལྟར་འགྱུར་བ་ཡིན་ན། འོན་ཀྱང་ཁྱད་པར་ཅན་གྱི་ཚིག་འགའ་ཁོ་ན་ཚད་མ་ཡིན་ནོ། །དེས་སྨྲས་པ་ནི། དེ་ལས་གཞན་དག་ལས་ཁྱད་པར་དུ་གྱུར་བས་ནི་ཚིག་ཉིད་ཁྱད་པར་ཡིན་ཏེ། དེ་ཚད་མ་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་གཞན་དག་དོགས་ན། བཤད་ཟིན་ཏོ་ཞེས་སྨོས་ཏེ། ཚིག་གིས་ཁྱད་པར་འདི་ལ་འགོག་པར་བྱེད་པ་གང་ཞིག་བརྗོད་པར་བྱ་བ་དེ་ནི་བཤད་ཟིན་ཏོ། །གང་དུ་བཤད་ཅི་ན། ལུང་གི་ཚད་མ་བསམ་པར་རོ། །དེར་ནི་མ་བྱས་པ་ཉིད་ཀྱི་མཚན་ཉིད་ཀྱིས་ཁྱད་པར་


DTG187_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་མ་ཡིན་ལ། དོན་སྐྱེས་བུས་མ་བྱས་པ་ཉིད་ཀྱི་མཚན་ཉིད་ཀྱང་ལུང་མ་ཡིན་ཞིང༌། ཡིད་ཆེས་པས་བྱས་པའི་མཚན་ཉིད་ཀྱང་དེས་པར་མི་ནུས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གཞན་ཡང་ཡོད་དམ་མེད་ཀྱང་རུང་སྟེ། ཁྱད་པར་འདི་དག་གིས་ཅི་བྱ། གལ་ཏེ་ལུང་དེའི་དོན་ཚད་མས་འཐད་པ་མ་ཡིན་བ་དེའི་ཚེ་ཁྱད་པར་ཡོད་ཀྱང་ཁྱད་པར་འགའ་ཞིག་ཡོད་པར་མི་འགྱུར་ཏེ། ཁྱད་པར་ཡོད་ཀྱང་མེད་པ་དང་འདྲ་བ་ཁོ་ནའོ། །མི་བསླུ་བ་ཡོད་ན་ནི་ཚད་མས་འཐད་པའི་དོན་ཅན་གྱི་ཚིག་དེས་གྲུབ་པ་གང་ཡིན་པ་དེས་ཕ་རོལ་འབའ་ཞིག་ལ་གྲུབ་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒོལ་བ་ལ་ཡང་གྲུབ་པ་ཉིད་དོ། །ཚད་མ་དང་ལྡན་པའི་ཚིག་དེ་ནི་རྒོལ་བ་དེས་ཀྱང་ཁས་བླངས་པ་ཡིན་ཏེ། དེས་ན་དེ་ནི་ཁྱད་པར་མེད་པ་ཡིན་ནོ། །ཡང་ན་ཚད་མས་མཐོང་བའི་དངོས་པོ་གང་ཡིན་པ་དེ་ལ་ཚིག་གིས་ཅི་བྱ་སྟེ། དེ་ནི་ཚད་མ་ཉིད་ཀྱིས་ཁས་བླང་བར་བྱ་བ་ཡིན་ནོ། །ཚད་མ་ཡང་གཉི་ག་ལ་ཁྱད་པར་མེད་དོ། །དེས་ན་ཕ་རོལ་ལ་གྲུབ་པ་གང་ཡིན་པ་དེ་ནི་རྒོལ་བ་ལ་ཡང་གྲུབ་པ་ཡིན་ནོ། །གང་གི་ཕྱིར་ཚིག་ཚད་མ་མ་ཡིན་པ་དེས་ན། ཁས་བླངས་ནས་ཏེ་ཚིག་ཁས་བླངས་ནས་བརྟག་པ་བྱེད་པ་ནི་མ་ཡིན་ཏེ། མ་བརྟགས་པ་ཚད་མས་མི་བསླུ་བ་དང་བྲལ་བ་ནི་ཁས་བླངས་པ་མེད་པའི་ཕྱིར་རོ། །འོན་ཀྱང་བརྟགས་པ་ཉིད་ལས་ཁས་བླང་བར་བྱ་བ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། གང་གི་ཕྱིར་བརྟགས་པ་ཉིད་ཁས་ལེན་པ་དེའི་ཕྱིར་གཞན་གྱིས་ཁས་བླངས་པ་ནི་བསྒྲུབ་པར་བྱ་བའི་དོན་འགའ་ཞིག་ཀྱང་གྲུབ་བ་སྟེ་གྲུབ་པ་ཉིད་མ་ཡིན་ནོ། །བརྟགས་ཤིང་ཚད་མས་དག་པ་ནི་གཉི་གས་ཁས་བླང་བར་འོས་པ་ཡིན་པའི་ཕྱིར་དང༌། མ་བརྟགས་པ་གཉི་གས་ཀྱང་ཁས་མ་བླངས་པའི་ཕྱིར་རོ། །འདི་སྙམ་དུ་རིགས་པས་འཇུག་པ་ནི་འདི་འདྲ་མ་ཡིན་མོད་ཀྱི། འོན་ཀྱང་བླུན་པོ་འགའ་ཞིག་མངོན་ཞེན་གྱིས་ལུང་ཁས་ལེན་པ་དེ་ལ་ལྟོས་ནས། ཁས་བླངས་པའི་སྒྲུབ་པར་བྱེད་པའི་རྒྱུ་མཚན་ཡོངས་སུ་རྟོགས་པ་ཡིན་ནོ་ཞེ་ན། བདེན་ཏེ། གལ་ཏེ་ཁས་བླངས་པར་ཡོད་པར་གྱུར་ན་ནི་ཁས་བླངས་པ་ལ་ཚད་མར་འགྱུར་བ་ཡིན་ན། རྟོགས་པའི་དུས་སུ་ནི་དེ་ཉིད་གདོན་མི་ཟ་བར་གཏང་བར་


DTG187_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལུང་དེ་ཞེས་སྨོས་ཏེ། དགག་པར་འདོད་པའི་ཆོས་ཀྱི་རྟེན་དུ་འགྱུར་བའི་ལུང་དེ་ལ་གནོད་པར་བྱ་བའི་ཕྱིར་ཏེ། དགག་པར་བྱ་བའི་ཕྱིར་གཞན་ལ་དམིགས་ནས་སྒྲུབ་པར་བྱེད་པ་བརྗོད་པའི་གཏན་ཚིགས་ཀྱི་ཕྱིར་དེའི་ཚེ་ཞེས་བྱ་བ་ནི་གང་གི་ཚེ་དེ་ལ་གནོད་པར་བྱེད་པའི་སྒྲུབ་བྱེད་བརྗོད་པ་དེའི་ཕྱིར་གནོད་མི་ཟ་བར་འདི་ཚད་མ་མ་ཡིན་ནོ། །ཚད་མ་མ་ཡིན་པ་དེ་བས་ན་ལུང་དེ་གྲུབ་པ་གང་ཡིན་པ་དེ་ནི་གྲུབ་པ་མ་ཡིན་ལ། རྒྱུ་དེའི་ཕྱིར་ཚད་མ་མ་ཡིན་པའི་ཕྱིར་ལུང་དེ་ལས་གྲུབ་པར་ཇི་ལྟར་འགྱུར། འདི་སྙམ་དུ་རྒོལ་བ་ལ་ནི་ལུང་དེ་ལས་མ་གྲུབ་ཀྱང༌། ཕྱིར་རྒོལ་བ་འགའ་ཞིག་དགག་པར་བྱ་བའི་ཆོས་ཀྱི་རྟེན་དུ་གྱུར་པའི་ལུང་དེ་དང་ལྡན་པའི་རྒོལ་བ་དེ་ལ་ནི་ལུང་དེས་གྲུབ་པ་ནི་གྲུབ་པ་ཁོ་ན་ཡིན་ནོ་ཞེ་ན། དོན་འདི་ཡིན་ཏེ། གལ་ཏེ་ཡང་ལུང་དེ་རྒོལ་བ་ལ་མ་གྲུབ་པ་དེ་ལྟ་ཡིན་ན་ཡང༌། དེ་གང་ལ་གྲུབ་པ་དེ་གལ་ཏེ་ཕྱིར་རྒོལ་བ་ཡིན་ན། དེའི་ཚེ་དེ་ལ་ལུང་ལས་གྲུབ་པར་བྱེད་པ་རྟོགས་པར་བྱེད་པའི་ཡན་ལག་ཉིད་ཡིན་པས་ན། དེ་ལྟ་བུའི་ལུང་རབ་ཏུ་གྲུབ་པའི་ཕྱིར་རྒོལ་བ་ལ་བརྟེན་ནས་དེའི་ལུང་གྲགས་པའི་སྒྲུབ་པར་བྱེད་པ་ཉེ་བར་འགོད་པ་ལ་ནི་འགའ་ཡང་མེད་པ་ཡིན་ནོ་ཞེས་དོགས་ན། གང་གི་ལུང་གང་ཡིན་ཞེས་སྨོས་སོ། །འདི་ལྟར་བསམས་པ་ཡིན་ཏེ། ཁས་བླངས་པའི་འབྲེལ་པ་མ་གཏོགས་པར་ནི་ལུང་འགའ་ཞིག་ཀྱང་སུ་དང་ཡང་འབྲེལ་པ་ཡོད་པ་མ་ཡིན་ནོ། །ཁས་བླངས་པ་ཡང་གལ་ཏེ་རྨོངས་པའི་ཕྱིར་སྔར་བྱས་ཟིན་པ་དེ་ལྟར་ན་ཡང་གང་གི་ཚེ་གཞན་དང་ལྷན་ཅིག་ཡོངས་སུ་བརྟག་པ་བྱེད་པ་འདོད་པར་གྱུར་པ་དེའི་ཚེ་ཉིད་ལུང་དེ་ལ་ཡིད་བརྟན་པ་མེད་པས་ཁས་བླངས་པ་བཏང་བ་ཡིན་ནོ། །དེས་ན་ཇི་ལྟར་ལུང་དེ་རྒོལ་བ་ལམ་གྲུབ་པ་བཞིན་དུ་ཕྱིར་རྒོལ་བ་ལ་ཡང་མ་གྲུབ་པ་ཡིན་ནོ། །གཞན་ཡང་གང་གི་ཚེ་ལུང་དེ་ལ་རབ་ཏུ་གྲགས་པའི་བདེ་བ་ལ་སོགས་པ་སེམས་གཞན་གྱིས་འགོག་པ་དེའི་ཚེ། ཚད་མས་གནོད་པ་ལུང་དེ་ཉིད་དུ་ཡང་ཇི་ལྟར་འགྱུར། འདི་སྐད་བརྗོད་པ་ཡིན་ཏེ། ཁས་བླངས་པའི་ལུང་གཞན་གྱིས་


DTG187_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སུན་འབྱིན་པ་བཟོད་པ་ཉིད་དེ་ཁས་བླངས་པ་བཏང་པ་ཡིན་ཏེ། ཐེ་ཚོམ་མེད་ན་ནི་ལུང་དེ་སུན་འབྱིན་པ་ལ་རང་གཏོད་བར་མི་འགྱུར་བའི་ཕྱིར་རོ། །གང་ལ་ཐེ་ཚོམ་ཡོད་པ་དེ་ནི་ཚད་མར་ཁས་བླངས་པ་བཏང་བ་ཡིན། དེས་ན་མངོན་ཞེན་ཆེ་བའི་ཕྱིར་གང་གིས་རྟོགས་པར་འདོད་པས་ཁས་བླངས་པ་མ་བཏང་བར་དེས་ཀྱང་སུན་འབྱིན་པ་ཉམས་པར་བཟོད་པས་ན་གཏང་བར་བྱ་བ་ཡིན་ནོ། །ཁས་བླངས་པ་མ་གཏོགས་པའི་ལུང་གིས་འབྲེལ་པ་དགག་པའི་ཕྱིར། བཤད་པ། རེང་བུ་ཞེས་བྱ་བ་ནི་ཡན་ལག་བཞིན་དུ་ལུང་གི་འབྲེལ་པ་དང་བྲལ་བའོ། །ཡོན་ཏན་དང་ཉེས་པ་དེ་དག་མ་མཐོང་ཞེས་བྱ་བ་འདིས་ནི་ཁས་ལེན་པའི་རྒྱུ་མེད་པ་བརྗོད་པ་ཡིན་ཏེ། །ཡོན་ཏན་དང༌། ཉེས་པ་མཐོང་བ་ཉིད་ཀྱིས་ལུང་འགའ་ཞིག་བླང་བ་དང་འགའ་ཞིག་སྤོང་བར་བྱ་བ་ཡིན་ནོ། །རྨོངས་པ་དེ་ནི་རང་ཉིད་ཀྱིས་མཐོང་བར་མི་ནུས་པས་གཞན་གྱིས་བསྟན་པར་བྱ་བ་ཡིན་ལ། གང་གི་ཚེ་གཞན་གྱིས་བསྟན་པ་བདག་ཉིད་ཁས་ལེན་པར་བྱེད་པ་དེའི་ཚེ་ཁོ་ན་རང་གི་འདོད་པས་བྱས་པའི་ཁས་བླངས་པ་འདོར་བ་ཡིན་ནོ། །དེ་ལྟ་བུའི་གདོན་འདི་སུས་བགོས་ཏེ་རྣམ་པར་ཕྱེ། སུས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་བཟད་པའི་གདོན་དང་འདྲ་བར་ཡང་དཀའ་བའི་ཕྱིར་ལུང་ཉིད་མི་བཟད་པའི་ཕྱིར་གདོན་ཡིན་ནོ། །ཀྱི་མའི་སྒྲ་ནི་རྗེས་སུ་བརྩེ་བ་སྟེ། གྲུབ་མཐའི་གདོན་མི་བཟད་པས་བཏབ་པའི་སྐྱེས་བུ་ནི་བརྩེ་བར་བྱ་བ་ཡིན་ཏེ། རིགས་པས་བསྒྲུབ་པར་མི་ནུས་པས་བསླུས་པ་ནི་སྐྱེས་བུའི་དོན་ལས་ཉམས་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་ལུང་དེ་ཉིད་ཀྱིས་བདེ་བ་ལ་སོགས་པ་སེམས་པ་ཅན་དུ་ལུང་དེ་ལས་བརྗོད་པ་གང་ཡིན་པ་དེ་དང་འགལ་བ་སེམས་པ་མེད་པ་ཁས་ལེན་པར་ཡང་ཇི་ལྟར་འགྱུར། འགལ་བ་ཅི་ཡོད་ཅེ་ན། བཤད་པ། འགལ་བའི་ཆོས་དེ་ཁས་བླངས་ན་སྟེ། འདིས་ནི་དུས་ཀྱི་ཁྱད་པར་བསྟན་ཏེ། གཞན་ཁས་བླངས་པའི་དུས་སུའོ། །འདིས་ནི་ཁས་བླངས་པ་དོར་བའི་དུས་གསུམ་བསྟན་པ་ཡིན་ནོ། །གལ་ཏེ་རྨོངས་པས་དེས་སྔར་ལུང་ཚད་མར་ཁས་བླངས་པ་དེ་ལྟ་ན་ཡང་ཡོངས་སུ་བརྟགས་


DTG187_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་པ་གཏང་བར་བྱ་བ་ཡིན་ནོ། །གལ་ཏེ་མངོན་ཞེན་དམ་པས་ན་དེའི་ཚེ་མ་བཏང་ཡང་སུན་འབྱིན་པ་ཐོས་པའི་དུས་སུ་ནི་ངེས་པར་བཏང་དགོས་ཏེ། ཚད་མས་གནོད་བ་ལུང་ཉིད་དུ་ཡང་ཇི་ལྟར་འགྱུར་ཞེས་ཇི་སྐད་བཤད་བ་བཞིན་ནོ། །གལ་ཏེ་དེའི་ཚེ་ཡང་མ་བཏང་ན་དེ་ལྟ་ན་ཡང་འགལ་བ་ཁས་བླང་བར་བྱ་བའི་དུས་སུ་ནི་ལུང་གདོན་མི་ཟ་བར་གཏང་བར་བྱ་བ་ཡིན་ཏེ། དེ་ཚད་མ་ཡིན་པ་མ་སྤངས་པར་ནི་དེ་དང་འགལ་བའི་དོན་ཁས་བླངས་པ་མེད་པའི་ཕྱིར་རོ། །དེས་ན་དུས་དེར་ལུང་སྤངས་པའི་ཡན་ལག་ཏུ་གྱུར་པ་ཡིན་ལ། བཏང་བའི་ཡན་ལག་ངེས་ཀྱང་རྟོགས་པར་མི་རུང་བའི་ཕྱིར་རོ། །གང་གི་ཕྱིར་གང་གི་ཚེ་ལུང་སྤངས་པའི་ཡན་ལག་ཏུ་འགྱུར་བ་དེ་ཉིད་ཀྱི་ཚེ་ཚད་མ་མ་ཡིན་ལ། ཚད་མ་མ་ཡིན་པས་ན་དེ་ལས་རྟོགས་པར་མི་འགྱུར་རོ། །ཇི་ལྟར་འགག་པ་ལ་ཕྱོགས་པའི་ས་བོན་ནི་མྱུ་གུ་སྐྱེད་བདེ་བཞིན་དུ། རྟགས་མ་གྲུབ་པར་གྱུར་པས་ནི་བསྒྲུབ་བྱ་རྟོགས་པར་ནི་མི་བྱེད་དོ། །གང་གི་ཕྱིར་རྟགས་ཀྱི་བསྒྲུབ་པར་བྱ་བའི་དོན་མེད་ན་མེད་པར་ངེས་པ་ཉིད་བསྒྲུབ་བྱ་རྟོགས་པར་བྱེད་པ་ཡིན་པ་དེས་ན། གང་གི་ཚེ་རྟགས་དེ་མེད་པར་ངེས་པ་དེ་ཉིད་ཀྱི་ཚེ་དེའི་རང་བཞིན་ངེས་བའི་ཤུགས་ཀྱིས་ཐོབ་བའི་བསྒྲུབ་བྱ་ངེས་པ་ལྡོག་པ་ཡིན་ནོ། །དེས་ན་ཁས་བླངས་པ་བྱས་ཀྱང་དཔྱད་པའི་དུས་སུ་ནི་གང་ལས་གྲུབ་པར་འགྱུར་བ་ལུང་ལས་ཚད་མ་ཉིད་ཡོད་པ་མ་ཡིན་ནོ། །གཞན་ཡང་གང་གི་ཕྱིར་རྒོལ་བ་དེས་ཁས་བླངས་པས་དེ་ལུང་དུ་འགྱུར་བ་ཡིན་ལ། ལུང་དེ་ལས་ཀྱང་སྒྲུབ་པར་བྱེད་པའི་ཆོས་རྣམ་པར་གནས་པ་ཡིན་ཞིང༌། དེ་ལས་ནི་དངོས་པོ་འཇོག་པ་ཡིན་པའི་ཕྱིར་དངོས་བོ་དེ་ལེགས་པར་གས་པ་ཡིན་ནོ་ཞེས་བཞད་གང་དུ་བྱེད་པའོ། །སྒྲུབ་པར་བྱེད་པ་ཁས་བླངས་པ་ལས་གྲུབ་པ་གང་ཡིན་པ་དེ་ནི་མེད་པ་དང་འདྲ་བ་ཡིན་ནོ་ཞེས་པ་སྟོན་པར་བྱེད་པའོ། །སྐྱེས་བུའི་འདོད་པས་ཞེས་བྱ་བ་ལ། གལ་ཏེ་ཁས་བླངས་པ་ལས་ལུང་དུ་འགྱུར་ཞིང༌། དེ་ལས་གྲུབ་པར་བྱེད་པའི་ཆོས་འགྲུབ་པ་དེའི་ཕྱིར་སྐྱེས་བུའི་འདོད་པས་གཏན་ཚིགས་སུ་འགྱུར་ཞིང༌། གང་གི་ཕྱིར་སྐྱེས་བུ་ལུང་ཁས་མི་ལེན་པ་དེའི་ཚེ་ནི་གཏན་ཚིགས་ལྟར་སྣང་བ་ཡིན་པའི་ཕྱིར།


DTG187_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུའི་འདོད་པའི་རྒྱུ་མཚན་གྱིས་གཏན་ཚིགས་དང་དེར་སྣང་བ་ཉིད་རྣམ་པར་འཇོག་པར་འགྱུར་རོ། །དེའི་ཕྱིར་ད་ནི་དངོས་པའི་གནས་ལུགས་ལ་གཏན་ཚིགས་དང་གཏན་ཚིགས་མ་ཡིན་པ་ཅི་ཡང་མེད་པར་འགྱུར་ཏེ། སྐྱེས་བུའི་འདོད་པ་ནི་གཞན་དུ་ཡང་སྲིད་པའི་ཕྱིར་རོ། །ཡང་ཞེས་བྱ་བ་ནི་ཉེས་པ་གཞན་ཡང་བསགས་པའོ། །འདི་སྙམ་དུ་སྐྱེས་བུའི་འདོད་པ་ནི་དངོས་པོ་ཇི་ལྟ་བ་བཞིན་དུ་ཡིན་ཏེ། དེས་ན་འདོད་པས་གཏན་ཚིགས་སམ་གཏན་ཚིགས་མ་ཡིན་པར་འགྱུར་བ་གང་ཡིན་པ་དེ་ནི་དངོས་པོ་ཉིད་ཡིན་ནོ་སྙམ་པ་ལ། བཤད་པ། འདོད་པ་དེ་ནི་དངོས་པོ་ལ་འཇུག་པར་ངེས་པ་གང་ཡིན་པ་དེ་མེད་པའི་ཕྱིར་རོ། །འདོད་པ་ནི་དངོས་པོ་ལ་འཇུག་བ་ངེས་པ་མ་ཡིན་ཏེ། འོན་ཀྱང་དངོས་པོ་ལ་མ་ལྟོས་པ་ཉིད་ཡིན་པས་དེའི་དབང་གིས་དངོས་བོ་རྣམ་པར་གནས་པར་མི་འགྱུར་རོ། །དེས་ན་གཞན་གྱིས་ཁས་བླངས་པ་ནི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དངོས་པོ་ལ་གཏན་ཚིགས་དང་དེར་སྣང་བ་དག་མེད་པར་འགྱུར་བ་ར་ཐལ་བའི་ཕྱིར་རོ། །གཞན་ཡང་དངོས་པོ་མེད་ཀྱང་རྟོགས་པས་སྤྲུལ་བ་སྒྲུབ་པར་བྱེད་པའི་དངོས་པོར་ཐལ་བའི་ཕྱིར་གཞན་གྱིས་ཁས་བླངས་པ་ནི་སྒྲུབ་པར་བྱེད་པ་མ་ཡིན་ཏེ་ཞེས་བསྟན་པའི་ཕྱིར། ཡོད་པའི་དོན་ནི་ཞེས་དོན་བཤད་པ་ཡིན་ནོ། །རྟོགས་པ་སྟེ་ངེས་པ་ལ་ལྟོས་ནས་སོ། །རྟགས་ནི་སྒྲོན་མ་བཞིན་དུ་རུང་བ་ཉིད་ཀྱིས་གོ་བར་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་ཡོད་པ་ཁོ་ན་བསྒྲུབ་པར་བྱ་བ་མེད་ན་ནི་མི་འབྱུང་བར་ངེས་པ་ཉིད་ན། དངོས་པོའི་སྒྲུབ་པར་བྱེད་པ་ཡིན་ནོ། །རྟོགས་པ་ཙམ་གྱིས་བྱས་པ་སྒྲུབ་པར་བྱེད་པ་ཡིན་པ་གང་ལས་གཞན་གྱིས་ཁས་བླངས་པ་ཙམ་གྱིས་སྒྲུབ་པར་བྱེད་པས་གྲུབ་པར་འགྱུར་བ། མེད་པ་རྟོགས་པ་ཙམ་གྱིས་གནས་པ་ནི་མ་ཡིན་ཏེ། རྟོགས་པ་ཙམ་གྱིས་བྱས་པ་དེ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ།། གལ་ཏེ་སྒྲུབ་པར་བྱེད་པ་ནི་དོན་རྟོགས་པའི་ཐབས་ཡིན་ལ། རྟོགས་པའི་ཐབས་ཀྱང་སྤང་བར་བྱ་བ་ཡིན་པའི་ཕྱིར་ཡོད་པའང་མེད་པའི་ཐབས་ཀྱིས་ཀྱང་བསྒྲུབ་བྱ་ཡོད་པའི་དོན་རྟོགས་པར་བྱ་བ་མ་ཡིན་ནམ། འདིར་ཡང་གལ་ཏེ་སྐྱེ་བ་དང་ལྡན་པ་འམ་མི་རྟག་པ་ཉིད་ནི་ཡོད་པ་མ་ཡིན་


DTG187_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། འོན་ཀྱང་དེ་ལས་རྟོགས་པར་བྱ་བ་གང་ཡིན་པ་དེ་ནི་ཡོད་པ་ཉིད་དོ་སྙམ་དུ་དོགས་ན། ཡོད་དོ་ཞེས་སྨོས་སོ། །བསམ་པ་ནི་འདི་ཡིན་ཏེ། ཡོད་ཀྱང་དངོས་པོ་མ་ཡིན་པ་རྟོགས་པས་སྒྲོ་བཏགས་པས་བྱས་པ་ནི་མེད་པ་གཏན་ཡོད་པ་མ་ཡིན་པའི་དོན་རྟོགས་པ་འཁྲུལ་པའི་རྒྱུ་འགའ་ཞིག་ལས་ཡོད་པར་ཞེན་པ་གང་ཡིན་པ་དེ་དང་ཁྱད་པར་ཡོད་པ་མ་ཡིན་ཏེ། དེ་ལས་བྱེ་བྲག་མེད་པ་ཡིན་ནོ། །འཁྲུལ་པའི་རྒྱུ་ལས་དེ་ལྟར་རྟོགས་པ་སྐྱེ་བ་གང་ཡིན་པ་དེའི་ཡུལ་ཇི་ལྟར་ཐེ་ཚོམ་ཡིན་པ་དེ་བཞིན་དུ། ཡོད་པའི་དོན་ལ་དངོས་པོ་མ་ཡིན་པ་བྱས་པ་ཡང་ཡུལ་ལ་ཐེ་ཚོམ་དུ་འགྱུར་བ་ཡིན་ནོ། །ཁྱད་པར་མེད་པ་འདི་ཉིད་བསྟན་པའི་ཕྱིར་བཤད་པ། ཚད་མ་མ་ཡིན་པའི་ཕྱིར་རོ། །དོན་མངོན་དུ་འཛིན་པ་མངོན་སུམ་ཚད་མ་ཡིན་པའམ། མེད་ན་མི་འབྱུང་བ་མཐོན་བ་སྔོན་དུ་འགྲོ་བ་ཅན་གྱིས་ཡོངས་སུ་རྟོགས་པ། རྗེས་སུ་དཔག་པ་ཚད་མ་ཡིན་གྱིས། ཤེས་པ་གང་ཞིག་མངོན་སུམ་མ་ཡིན་ལ། མེད་ན་མི་འབྱུང་བ་མཐོང་བ་སྔོན་དུ་འགྲོ་བ་ཅན་ཡང་མ་ཡིན་པ་དེ་ནི་ཚད་མ་མ་ཡིན་ཏེ། མེད་པ་འཁྲུལ་པས་བྱས་པའི་ཤེས་པ་དང་ཁྱད་པར་མེད་དོ། །གཞན་ཡང་ཇི་ལྟར་འབྲས་བུ་དང་རང་བཞིན་དང་མི་དམིགས་པའི་ཁྱད་པར་སྣང་བ་མི་དམིགས་པ་ལས་ལྐོག་ཏུ་གྱུར་པའི་དོན་དང་འབྲེལ་བའི་རྟོགས་པའི་ཡན་ལག་གཞན་ནི་མེད་དོ་ཞེས་ཁོ་བོ་ཅག་གིས་བཤད་ཟིན་ཏོ། །རྟགས་དེ་དངོས་པོའི་གནས་ལུགས་ལ་གྲུབ་པའི་མཚན་དེ་གྲུབ་པའི་རང་བཞིན་ཡིན་ན། གཞན་དུ་ཇི་ལྟར་བདག་ཉིད་ལ་མ་གྲུབ་པ་ཞེས་བྱ་བར་འགྱུར། གལ་ཏེ་གཞན་ནི་གཏན་ཚི་གས་གཞན་གྱིས་རྟོགས་པར་བྱ་བ་ཡིན་ནོ་སྙམ་ན། གཞན་གྱིས་ན་ཞེས་སྨོས་སོ། །གལ་ཏེ་དེ་རིགས་པ་ལ་མི་ལྟོས་པ་ཞིག་ཡིན་ན་དེ་ལ་གཏན་ཚིགས་བརྗོད་པས་ཅི་ཞིག་བྱ། འོན་ཏེ་གང་གི་ཕྱིར་ཁྱེད་ཚད་མ་ཉིད་ཀྱིས་རྟོགས་པར་བྱེད་འདོད་པས་ན། གཞན་ཡང་རིགས་པའི་རྗེས་སུ་འབྲང་བ་ཞིག་ཡིན་ན། དེ་བསྒྲུབ་པར་བྱ་བ་ལ་འཁྲུལ་པ་གཞན་གྱིས་ཇི་ལྟར་རྟོགས་པར་བྱེད། དེའི་ཕྱིར་གཞན་གྱིས་ཁས་བླངས་པ་ནི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། རྟགས་གསུམ་དུ་མ་འདུས་པའི་


DTG187_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །གལ་ཏེ་གཞན་གྱིས་ཁས་བླངས་པ་རྟགས་མ་ཡིན་ན། ཁྱོད་དང་སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཇི་ལྟར་གཞན་གྱིས་ཁས་བླངས་པའི་ཆོས་ཀྱིས་ཆོས་གཞན་ཐལ་བར་སྒྲུབ་པར་བྱེད་ཅེ་ན། གཞན་གྱིས་ཞེས་སྨོས་སོ། །ཐལ་བར་བསྒྲུབ་པ་ལ་ནི་ཁྱད་པར་བྱ་བའི་ཆོས་གཞན་གྱིས་འདོད་པར་མཐོང་ནས་མི་འདོད་ཀྱང་ཁྱད་པར་བྱེད་པའི་ཆོས་གྲུབ་པར་ཐལ་བར་བརྗོད་པ་ཡིན་ཏེ། ཁྱབ་པར་བྱ་བ་ནི་ཁྱབ་པར་བྱེད་པ་མེད་པར་མི་འབྱུང་པའི་ཕྱིར་རོ། །དཔེར་ན་སྤྱི་ལ་སོགས་པ་དུ་མ་ལ་ཡོད་པར་འདོད་པ་ན། མི་འདོད་ཀྱང་དུ་མ་ཉིད་དུ་ཐལ་བ་འམ། བདག་ལ་སོགས་པ་ཡོད་པ་ཉིད་ཡིན་ན་སྐད་ཅིག་མ་ཉིད་དུ་ཐལ་བ་བཞིན་ནོ། །ཆོས་ཅན་མ་གྲུབ་པའི་ཕྱིར་དུ་མ་ལ་ཡོད་པ་ལ་སོགས་པ་ཁྱབ་པར་བྱ་བའི་ཆོས་མ་གྲུབ་པ་དེས་ན་ཁྱབ་པར་བྱེད་པའི་ཆོས་སུ་ཐལ་བར་གལ་འགྱུར། ཚད་མ་མེད་པ་ནི་བརྗོད་པར་མི་འཐད་དོ་ཞེ་ན། དེའི་ཕྱིར་འདི་ཁྱབ་པར་བྱེད་པ་མེད་པའི་ཕྱིར་ཁྱབ་པར་བྱ་བ་མེད་པར་བརྗོད་པར་འདོད་པ་ཡིན་ནོ། །ཁྱབ་པར་བྱེད་པ་མེད་པ་དེ་ནི་སྤྱི་ལ་སོགས་པ་མེད་པ་ལ་ཡང་གྲུབ་པ་ཉིད་དོ། །དེའི་ཕྱིར་མངོན་པར་འདོད་པ་གོ་བར་བྱེད་པ་ཡིན་པའི་ཕྱིར་དེ་ཉིད་འདིར་རྩ་བའི་གཏན་ཚིགས་སུ་བརྗོད་པ་ཡིན་གྱི། གཞན་གྱི་སྤྱི་ལ་སོགས་པ་གྲུབ་པར་བྱ་བའི་ཕྱིར་ཉེ་བར་བཀོད་པ་གང་ཡིན་པ་དེ་ནི་རྩ་པའི་གཏན་ཚིགས་མ་ཡིན་ནོ་ཞེས་བྱ་བ་ནི་བ་སྡུས་པའི་དོན་ཏོ། །ཐལ་བར་འགྱུར་བ་གང་ཡིན་པ་དེ་ནི་ཞེས་འཆད་པར་འགྱུར་བ་དང་འབྲེལ་ཏོ། །ཐལ་བར་འགྱུར་བ་ཅི་འདྲ་བ་ཞིག་ཅེ་ན། དཔེར་ན་ཞེས་སྨོས་ཏེ། འདི་ཅི་ལྟ་བ་བཞིན་དུ་ཐལ་བར་འགྱུར་བ་གཞན་ཡང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཡུལ་ལ་སོགས་པའི་ཁྱད་པར་དང་འབྲེལ་པ་རྫས་གང་ལ་ཡོད་པ་སྟེ། ཡུལ་ལ་སོགས་པ་ངེས་པ་དང་འབྲེལ་བ་གཅིག་ལས་གཞན་པའི་རྫས་དེ་དང་ལྡན་པ་ནི་མ་ཡིན་ཏེ། འབྲེལ་བ་མ་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །ཡུལ་དང་དུས་དང་གནས་སྐབས་དེ་དག་ཉིད་གཞན་ལས་ཁྱད་པར་དུ་གྱུར་པས་ཁྱད་པར་ཏེ། དེ་དག་ཏུ་ངེས་པའི་རྫས་གཅིག་དང་ལྷན་ཅིག་ཏུ་སྤྱི་འདྲེས་པ་སྟེ། རྫས་ཡུལ་ལ་སོགས་པར་ངེས་པའི་


DTG187_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འདྲེས་པ་ཡང་ངེས་པ་ཡིན་ནོ། །འདྲེས་པ་དེས་རྣམ་པར་མ་བཅད་ཅིང་ཁྱད་པར་དུ་མ་བྱས་པའི་རང་བཞིན་གཞན་གང་ཡིན་པ་དེས་སྟོང་པ་སྟེ་དབེན་པ་འམ། ཡང་ན་དེ་སྟོང་ཞིང་མེད་པ་སྟེ་དེའི་ཕྱིར་རོ། །གཏན་ཚིགས་ཀྱི་དོན་ནི་ངེས་པའི་རང་བཞིན་གྱིས་གསལ་བ་དང་འབྲེལ་བའི་རང་བཞིན་ལས་རང་བཞིན་གཞན་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །རང་བཞིན་གཞན་གྱིས་སྟོང་པའི་ཕྱིར་གཞན་དང་མི་ལྡན་བ་གང་ཡིན་ཞེ་ན། གཅིག་པོ་ནི་ཞེས་བྱ་བ་སྨོས་སོ། །ཡུལ་གཞན་ལ་སོགས་པས་ཁྱད་པར་དུ་བྱས་པ་དང་འབྲེལ་བ་གཅིག་ནི་ཡུལ་གཞན་དང་འབྲེལ་པ་གཞན་དག་དང་ལྡན་པར་མི་འགྱུར་གྱི་དུ་མ་ནི་མ་ཡིན་ནོ། །དུ་མ་ལ་ཡོད་པ་གང་ཡིན་པ་སྟེ་འདིས་ནི་ཐལ་བར་འགྱུར་བའི་དོན་སྟོན་པར་བྱེད་དེ་དུ་མ་ལ་ཡོད་པར་འདོད་པའི་གཅིག་པོ་གང་ཡིན་པ་དེ་ལ་ཐལ་བ་འདིར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཅིག་པོ་རང་བཞིན་གྱིས་སྟོང་པ་ཡིན་མོད་གཞན་དང་མི་ལྡན་པར་གོ་ཇི་ལྟར་འགྱུར་ཞེ་ན། བཤད་པ། དེ་ལྟ་བུའི་ཞེས་བྱ་བ་ནི་གཅིག་གི་རང་བཞིན་ནོ། །རྫས་གང་དག་ལ་ཡུལ་ལ་སོགས་པ་ཐ་དད་པ་ཡོད་པ་དེ་དག་དང་ལྡན་པར་རོ། །ཡུལ་ཐ་དད་པ་དང་ལྡན་པ་ནི་དུ་མའི་བདག་ཉིད་ཅན་ཁྱབ་པ་ཡིན་ནོ། །དེ་ལ་གཅིག་ཉིད་ནི་ཁྱབ་པར་བྱེད་པ་དུ་མའི་དངོས་པོ་ཉིད་དང་འགལ་བའི་ཕྱིར། ཁྱབ་པར་བྱེད་པ་རྫས་དུ་མ་དང་ལྡན་པ་ཡང་འགལ་བ་དངོས་པོ་ལ་ཡོད་པ་ཡིན་ཏེ། ངེས་ན་འགལ་བའི་ཕྱིར་རོ་ཞེས་བཤད་དོ། །དེས་ན་འདིར་ཁྱབ་པར་བྱེད་པ་དུ་མ་ཉིད་མེད་བས་ཁྱབ་པར་བྱ་བ་དུ་མ་ལ་ཡོད་པ་ཉིད་མེད་པར་བརྗོད་པ་ཡིན་ནོ། །ཁྱབ་པ་གང་ལས་ཤེ་ན། བརྗོད་པ། ཡུལ་ལ་སོགས་པའི་ཁྱད་པར་གྱི་ཐ་དད་པའི་དུ་མ་ལ་ཡོད་པའི་ཡུལ་ལ་སོགས་པ་ཐ་དད་ན་ཡོད་པར་འགྱུར་བ་ཡིན་ནོ། ཡུལ་དུ་མ་ལ་ཡོད་པ་ནི་འགལ་བའི་ཆོས་དང་ལྡན་པའི་ཕྱིར་དུ་མ་ཉིད་ཡིན་ནོ། །འདི་ལྟར་གང་ཞིག་ཡོངས་སུ་གཅད་པ་ནི་གང་ཞིག་རྣམ་པར་གཅོད་པ་དེ་དག་ནི་རྣམ་པར་གཅད་པར་བྱ་བ་དངོས་པོར་ཡོད་ན་ཕན་ཚུན་ཐ་དད་པར་འགྱུར་བ་འམ། དེ་ལྟ་མ་ཡིན་ན་གཅིག་


DTG187_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཉིད་དུ་འགྱུར་གྱི། ཐ་དད་པར་འགྱུར་བ་ནི་མ་ཡིན་ཏེ། སྔོན་པོ་དང༌། སྔོན་པོ་མ་ཡིན་པ་བཞིན་དང༌། དངོས་པོ་དང་དངོས་པོ་མེད་པ་བཞིན་ནོ། །འགའ་ཞིག་ཡུལ་ལ་སོགས་པའི་ཁྱད་པར་ལ་བརྟེན་པར་ཡོངས་སུ་གཅོད་པ་ན་ཡང་དེ་ཡང་རང་བཞིན་ཉམས་པ་ཡུལ་དེ་ལ་མི་བརྟེན་པ་ཉིད་ཀྱི་རང་བཞིན་རྣམ་པར་གཅོད་པ་ཡིན་ནོ། །གང་ཞིག་ཡུལ་གང་མེད་པ་ལ་མི་འཁྲུལ་བར་གནས་པའི་རང་བཞིན་དེ་ནི་ཡུལ་དེས་མ་བྱས་པའི་ཕྱིར་ན་རང་བཞིན་ཉམས་པ་དང་ལྡན་པ་ཡིན་ཏེ། དེས་ན་དེ་ཡོངས་སུ་སྤངས་ནས་མངོན་པར་འདོད་པའི་ཡུལ་བརྟེན་པ་ཉིད་ཡོངས་སུ་གཅོད་པ་ཡིན་ནོ། །ཡུལ་གཅིག་གང་འབྲེལ་པའི་རང་བཞིན་ཡང་ཡུལ་གཞན་མེད་པ་ལ་མི་འཁྲུལ་བར་གནས་པ་ཡིན་ཏེ། དེའི་ཡུལ་ནི་ཡུལ་གཞན་སྤངས་ནས་གནས་པའི་ཕྱིར་རོ། །དེས་ན་ཡུལ་གཞན་དང་འབྲེལ་བ་ཉིད་ནི་དེ་ཡོངས་སུ་སྤངས་ནས་རྣམ་པར་གཅོད་པ་ཡིན་ནོ། །དེའི་ཕྱིར་དེའི་ཡུ་དང་གཞན་གྱི་ཡུལ་ཅན་དག་ནི་ཡུལ་དེ་ལ་བརྟེན་པ་དང་མི་བརྟེན་པ་ཉིད་ཀྱིས་འགལ་བ་ཡིན་ནོ། །དེའི་ཕྱིར་དེའི་ཡུལ་ཅན་ཉིད་མ་བཀག་པར། དེའི་ཡུལ་ཅན་ཡང་ཡིན་ལ་གཞན་གྱི་ཡུལ་ཅན་ཡང་ཡིན་ནོ་ཞེས་གཉི་ག་ལྟར་སྒྲུབ་པ་ཡིན་ནོ། །གཅིག་ཉིད་སྒྲུབ་པ་དང་འགག་བ་ནི་འགལ་བ་ཡིན་གྱི་དུ་མར་གྱུར་པ་དག་ནི་གཉི་ག་ལྟར་ཡང་སྒྲུབ་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་བསལ་བ་ཡིན་ཏེ། ཡུལ་གཅིག་ན་གནས་པ་ཉིད་ནི་ཡུལ་གཞན་ན་གནས་པ་ཡོངས་སུ་སྤངས་ནས་གནས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གནས་སྐབས་གཞན་དང་འབྲེལ་པ་ལ་ཡང་འགལ་བར་རྟོགས་པར་བྱའོ། །དུས་གཞན་དང་འབྲེལ་བ་ནི་དངོས་པོ་དང་དངོས་པོ་མེད་བ་དག་གིས་འགལ་བ་ཉིད་དོ། །ཡུལ་ལ་སོགས་པས་བྱས་པའི་འགལ་བ་སྟོན་པ་ན་ཡུལ་ལ་སོགས་པའི་ཁྱད་པར་སྨོས་པ་བྱས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་རང་བཞིན་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་པར་འགྱུར་རོ། །ཡུལ་ཐ་དད་པ་ལ་སོགས་པ་ལ་ཡོད་པ་ནི་འགལ་བའི་ཆོས་དང་ལྡན་པས་ཁྱབ་ལ། དེ་ཡང་དུ་མ་ཉིད་ཡིན་པའི་ཕྱིར་དུ་མའི་བདག་ཉིད་ཀྱིས་ཀྱང་ཁྱབ་པར་འགྱུར་རོ། །ཁྱབ་པར་བྱེད་པ་མི་དམིགས་པ་འདི་


DTG187_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གྲུབ་པ་ཡིན་པའི་ཕྱིར་ཐལ་བ་བཟློག་པའི་གཏན་ཚིགས་ནི་འདི་ཉིད་ལས་རྟོགས་པར་བྱ་བ་ཡིན་ཏེ། འགའ་ཞིག་ཡུལ་ལ་སོགས་པ་དུ་མ་ཡོད་པ་དེ་ནི་དུ་མ་ཉིད་ཡིན་ལ། སྤྱི་ཡང་དེ་ལྟ་ཡིན་པའི་ཕྱིར་དུ་མ་ཉིད་དུ་འགྱུར་ན་དུ་མ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཐལ་བ་ལས་བཟློག་པའོ། །དུ་མ་མེད་པ་ཙམ་ཉིད་ནི་སྤྱི་མེད་པ་ཡང་གྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་མེད་བས་དེ་ལ་མི་འཇུག་པའི་ཕྱིར་འདི་ལ་གཞི་གདོན་མི་ཟ་བ་ར་འདོད་བ་མ་ཡིན་ནོ་ཞེས་བཤད་དོ། །གཞན་གྱིས་ཀུན་བརྟགས་པས་ཐལ་བར་སྒྲུབ་པ་གང་ཡིན་པ་ནི་རང་རྒྱུད་དུ་བྱ་བ་མ་ཡིན་ཏེ། གཏན་ཚིགས་མ་གྲུབ་པའི་ཕྱིར་རོ། །འོན་ཀྱང་ཐལ་བ་བཟློག་པའི་མཐར་ཐུག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དོན་གྱིས་རྟོགས་པར་བྱ་བའི་ཐལ་བ་བཟློག་བ་ནི་དཔེར་བརྗོད་པར་བྱས་ལ། དངོས་སུ་དཔེར་བརྗོད་པར་བྱ་བའི་ཐལ་བར་འགྱུར་བ་ནི་རྟོགས་པར་བྱས་པ་ཡིན་ནོ། །ཐལ་བར་འགྱུར་བའི་དགོས་པ་བཤད་པ་ནི་ཐལ་བར་འགྱུར་བ་དེ་ནི་ཁྱབ་པར་བྱ་བའི་ཆོས་གཅིག་དུ་མ་ལ་འཇུག་པ་ཉིད་ཁས་བླངས་ན། ཁྱབ་པར་བྱེད་པ་གཞན་དུ་མ་ཉིད་ཁས་བླངས་པ་བསྟན་པའི་ཕྱིར་ཡིན་ཏེ། ཁྱབ་པར་བྱེད་པ་དེས་ཁས་མི་ལེན་ན་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ཆོས་གཉི་ག་ལྡོག་པར་འགྱུར་རོ་ཞེས་པ་ནི་བཟློག་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ཐལ་བར་འགྱུར་བའི་གཏན་ཚིགས་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དུ་མ་ལ་ཡོད་པའི་ཕྱིར་སྤྱིན་གཅིག་མ་ཡིན་ནོ་ཞེས་བྱ་བའི་རང་བཞིན་བཟློག་པ་ནི་སྒྲུབ་པར་བྱེད་པར་འགྱུར་གྱི་ལྡོག་པར་བྱེད་པ་ནི་མ་ཡིན་ནོ། །དེས་ན་ཆོས་གཅིག་ཁས་བླངས་ན་ཞེས་བྱ་བ་ལ་སོགས་པའི་གཞུང་འདི་ནི་དོན་མ་འབྲེལ་བར་འགྱུར་རོ། །འདི་ལ་ཐལ་བར་འགྱུར་བའི་དོན་ནི་སྒྲུབ་པ་ཡིན་ལ། བཟློག་པ་ནི་ལྡོག་པར་བརྗོད་པ་ཡིན་ནོ། །གང་དག་རང་བཞིན་གཞན་གྱིས་སྟོང་པ་ནི་གཅིག་ཉིད་མཚོན་པ་ཡིན་པར་བསམས་ནས་ཁྱབ་པར་བྱེད་པ་དང་འགལ་བ་དམིགས་པ་ཡིན་པར་བྱེད་པ་དེའི་ལྟར་ན་ཡང་གཞུང་འདིའི་དོན་ཤིན་ཏུ་མི་འགྲིག་གོ །དེའི་ལྟར་ན་ཡང་དུ་མ་ལ་ཡོད་པ་ཉིད་ཡིན་ན་ནི་གཅིག་ཉིད་མ་ཡིན་ནོ་ཞེས་གཅིག་དང་འགལ་པ་དུ་མས་ཁྱབ་པར་བྱ་བ་དུ་མ་ལ་ཡོད་པ་ཉིད་དམིགས་པ་ནི་ཐལ་བ་ལས་བཟློག་པ་ཡིན་ན། ད་


DTG187_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་གང་གིས་གཞུང་འདི་ལེགས་པར་འགྲིག་པར་འགྱུར་བ། བཤད་པ། ཁྱབ་པར་བྱ་བ་ཆོས་གཉི་ག་སྒྲུབ་པ་ལ་དགག་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཁྱབ་པར་བྱེད་པ་མི་དམིགས་པ་ཐལ་བ་ལས་བཟློག་པ་ནི་འདི་གཞུང་ལ་སྣང་བ་ཉིད་ཡིན་ནོ། །ཡང་ཇི་ལྟར་སྒྲུབ་པར་དང་དགག་པའི་ཆོས་དག་འཁྲུལ་པ་མེད་པ་ཡིན་ཞེ་ན། བཤད་པ། རྣམ་པར་དབྱེ་བ་ནི་ཐ་དད་པར་གནས་བ་སྟེ། ཁྱབ་པར་བྱེད་པ་གཅིག་ལས་ཁྱབ་པར་བྱ་བ་སོ་སོར་གནས་བཟོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དེ་ལྟ་ཡིན་ཞེ་ན། བཤད་པ། ཁྱབ་པར་བྱ་བ་དེ་ནི་ཁྱབ་པར་བྱེད་པའི་ཆོས་གཞན་དུ་འབྲེལ་བའི་ཕྱིར་རོ། །དངོས་སུ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་ཏེ། དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱིས་སོ། །གང་ཞིག་གང་ལ་ངོ་བོ་ཉིད་ཀྱིས་འབྲེལ་པ་ཞེས་བྱ་བ་དེ་ཇི་ལྟར་གཞན་དུ་གནས་པ་ཡིན། དེ་སྐད་བརྗོད་པས་ནི་འབྲེལ་བ་མ་གྲུབ་པས་ནི་ཐལ་བར་འགྱུར་བ་ནི་འཁྲུལ་པ་བཟློག་པ་ཡང་མི་འགྲུབ་པོ་ཞེས་བཤད་པར་འགྱུར་བ་ཡིན་ནོ། །ད་ནི་ཞེས་བྱ་བ་ནི་གལ་ཏེ་ཆོས་འདི་ཐལ་བར་སྒྲུབ་ནའོ། །འདིར་ཡང་སྤྱི་དུ་མ་ལ་ཡོད་བར་ཁས་ལེན་ན་དུ་མ་ཉིད་ཁས་བླངས་པའི་དོན་དུ་ཐལ་བར་སྒྲུབ་ན་དུ་མ་ཉིད་གཅིག་ལ་མི་སྲིད་པ་གང་ཡིན་པ་དེ་སྒྲུབ་པར་འགྱུར་བས་འདི་ཇི་ལྟར་འགྱུར་བ་ཡིན་ཞེས་གཞན་དག་དོགས་པ་ལ། བཤད་པ། གཅིག་ལ་དུ་མ་མི་སྲིད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གང་ཞིག་གཅིག་ལ་མི་སྲིད་པའི་དུ་མ་ཉིད་དེས་ཁྱབ་པ་ཡུལ་ལ་སོགས་པ་ཐ་དད་པའི་རྫས་ལ་ཡོད་པ་ཞེས་བྱ་བའི་ཆོས་དེ་ཡང་སྤྱི་ལ་སོགས་པ་གཅིག་པོ་དེ་ལ་མི་སྲིད་དེ། དེའི་ཕྱིར་ཁྱབ་པར་བྱ་བ་ཡུལ་དུ་མན་གནས་པ་དེ་ཁས་ལེན་ན་གཞན་དུ་མ་ཉིད་དེ་གདོན་མི་ཟ་བར་འགྱུར་བའི་ཕྱིར་བཟློག་པར་མི་ནུས་སོ། །གལ་ཏེ་ཡང་ཆོས་གཉིས་ལྡོག་པར་བསྟན་པའི་དོན་དུ་འདོད་པ་ཡིན་པ་དེ་ལྟར་ན་ཡང་ཐལ་བར་འགྱུར་བའི་གཏན་ཚིགས་མ་གྲུབ་པ་དང༌། དུ་མ་ཉིད་དུ་དམ་བཅས་པ་གང་ཡིན་པ་དེ་ལ་ཡང་ཁས་བླངས་པ་གཅིག་ཉིད་ཀྱིས་གནོད་པ་མ་ཡིན་ནམ། སོགས་པ་སྨོས་པས་ནི་མང་པོ་དག་ལ་རྣམ་པ་གཅིག་ཏུ་ཤེས་པ་མཐོང་བའི་ཕྱིར། གཅིག་ཉིད་རྗེས་སུ་


DTG187_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་པ་ཡིན་ཏེ། དེས་ན་རྗེས་སུ་དཔག་པ་གནོད་པ་དང༌། ཡན་ལག་ཅན་གྱི་རྫས་རགས་པ་ཉིད་ནི་མངོན་སུམ་དུ་གྲུབ་པ་ཡིན་ཏེ། དེས་ན་མངོན་སུམ་གྱི་གནོད་པ་གཟུང་ངོ༌། །ཅིའི་ཕྱིར་ཞེ་ན། རྒོལ་བ་དེ་རང་སྟེ་བདག་ཉིད་ཀྱིས་ཁས་བླངས་པ་གཞན་དུ་སྟེ། འགལ་བ་ཁས་ལེན་པར་གནས་པའི་ཕྱིར་རོ། །སངས་རྒྱས་པ་ནི་སྤྱི་མེད་པར་སྨྲ་བ་ལ་གནས་ཏེ། ཐལ་བའི་སྒྲུབ་པར་བྱེད་པ་བརྗོད་པས་དེའི་ཚེ་གཞི་མ་གྲུབ་པའི་ཕྱིར་གཏན་ཚིགས་དུ་མ་ལ་ཡོད་པ་ཞེས་བྱ་བ་མ་གྲུབ་པར་འགྱུར་རོ། །སྔར་ཐལ་བར་འགྱུར་བའི་གཏན་ཚིགས་གྲུབ་ན་དེའི་འོག་ཏུ་ཐལ་བ་ལས་བཟློག་པར་བྱ་བར་ནུས་ཀྱི་མ་གྲུབ་ན་ནི་མ་ཡིན་ནོ། །དེ་བཞིན་དུ་དུ་མ་ལ་ཡོད་པ་ཉིད་དུ་འཛིན་པ་ན་སྤྱིར་སྨྲ་བ་ལ་བརྟེན་པར་འགྱུར་བ་ཡིན་ནོ། །དེ་ལ་ཡང་སྤྱི་ནི་གཅིག་ཡིན་པས་ན་དུ་མ་ལ་ཡོད་པའི་ཕྱིར་དུ་མ་ཉིད་ཡིན་པར་དམ་བཅས་པ་ལ། གཅིག་ཉིད་དུ་ཁས་བླངས་པས་གནོད་པ་ཡིན་ནོ། །དེས་ན་དེ་ལྟར་ཁས་ལེན་པ་གཞན་དུ་གནས་པ་སྤྱི་མེད་པར་སྨྲ་བ་ལ་ནི་གཏན་ཚིགས་མ་གྲུབ་བ་ཡིན་ལ། གཅིག་ཉིད་དུ་སྨྲ་བས་གནོད་པ་ནི་ཁས་བླངས་པས་གནོད་པ་ཡིན་ནོ། །དེ་ལས་ཁས་བླངས་པ་གཞན་དུ་གནས་པ་རྣམ་པ་གཉིས་ཀ་ཡང་སྤངས་པའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་ཏེ། ལུང་གི་དོན་བརྟགས་པའི་དུས་ན་ལུང་འགའ་ཡང་ཁས་བླངས་པ་མེད་པའི་ཕྱིར་རོ། །ཡང་དག་པར་རྟོགས་པར་བྱེད་པ་འདི་བྱེ་བྲག་པའི་ལུང་བརྟགས་ཏེ་བོར་ནས་ཡང་དེ་བརྟགས་པ་ལ་གྲུབ་པར་བྱེད་པ་ནི་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་རོ། །ངེས་པར་མ་བརྟགས་པའི་ལུང་གཞན་ལ་ཡོངས་སུ་དག་པའི་དོན་ཡོད་པར་སྲིད་ཀྱང༌། གང་གིས་ཁས་བླངས་པ་གཞན་དུ་གནས་པར་འགྱུར་བ་སངས་རྒྱས་པའི་ལུང་ནི་རྟོག་པ་མ་ཡིན་ནོ། །གལ་ཏེ་འགལ་བ་ཁས་བླངས་པ་ལ་མི་གནས་ན། འོན་ཇི་ལྟར་སྨྲ་བ་དང་འགལ་བ་སྤྱི་དུ་མ་ཉིད་དུ་ཐལ་བ་སྒྲུབ་པར་བྱེད་ཅེ་ན། བཤད་པ། དུ་མ་ལ་ཡོད་པ་ཞེས་བྱ་བའི་དོན་གང་རྟོགས་པར་བྱེད་པའི་རྒོལ་བ་དེས་ནི་རྟོགས་པ་ཞེས་བྱ་པར་ཁྱབ་པར་བྱ་བའི་ཆོས་ཐོས་པ་ལས་གཞན་དུ་མི་འཐད་པའི་དངོས་པོའི་ཤུགས་ཀྱིས་ཚིག་ལ་ལྟོས་པ་མེད་པར་ཆོས་


DTG187_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཁྱབ་པར་བྱེད་པ་དུ་མ་ཉིད་ཅེས་བྱ་བ་མྱུར་བ་ཁོ་ནར་རྟོགས་པར་འགྱུར་ཏེ། དཔེར་ན་སྒྲོན་མའི་འོད་ཁས་བླངས་ན་དེ་ཉིད་ཀྱི་ཚེ་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར། མེ་ལྕེའི་རང་བཞིན་གྱི་རྒྱུ་སྒྲོན་མ་ཡང་ཁས་བླངས་པར་འགྱུར་བ་དེ་བཞིན་དུའོ། །དེའི་ཕྱིར་དེ་ནི་ཁྱབ་པར་བྱེད་པ་དང་ལྡན་པའི་ལུང་གི་དོན་གྱིས་རྟོགས་པ་ཡིན་གྱི། ཁས་བླངས་པ་གཞན་གྱིས་བཟློག་པ་ནི་མ་ཡིན་ནོ། །ཅི་ལྟར་དེ་རྟོགས་པ་ཉིད་ཡིན་ཏེ། གང་གི་ཕྱིར་འདིས་དོན་གང་རྟོགས་པ་དེ་ལས་གཞན་ཡང་རྟོགས་པ་ཡིན་པའི་ཕྱིར་རོ་ཞེ་ན་དེ་ནི་ཞེས་སྨོས་སོ། །གང་གི་ཕྱིར་དེ་ཉིད་དེའི་ཁས་ལེན་པའི་དུས་ཡིན་པ་དེའི་ཕྱིར་ཁས་ལེན་པའི་དུས་དེར་གཞན་དུ་མི་འཐད་པའི་རིགས་པའི་སྟོབས་ཀྱིས་གཅིག་ཁས་བླངས་ན་ཉེ་བར་གནས་པར་འགྱུར་བའི་དོན་ཅི་སྙེད་པ་དེ་མཐའ་དག་ཁས་བླང་པར་བྱའི་འགའ་ཞིག་ནི་མ་ཡིན་པ་འམ། གཅིག་དོར་ན་ཐམས་ཅད་ཀྱང་བཏང་བ་ཉིད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། ཁས་ལེན་པའི་དུས་སུ་རྟོགས་པ་དང་ལྡན་པས་རིགས་པས་ཡོངས་སུ་བརྟགས་ནས་ཁས་བླང་བར་བྱ་བ་ཡིན་གྱི། ཚིག་ཙམ་གྱིས་ནི་མ་ཡིན་ནོ། །ཁྱབ་པར་བྱ་བ་ནི་ཁྱབ་པར་བྱེད་པ་མེད་པར་མི་འགྱུར་བ་ཡིན་ཏེ། དེས་ན་འདི་ས་དེ་ཉིད་རིགས་པས་རྟོགས་ན་དེ་ལ་འཁྲུལ་པ་མེད་པ་ཅན་གཞན་ཡང་རྟོགས་པར་འགྱུར་བ་ཡིན་ནོ། །དེ་བས་ན་བསྟན་པའི་རྟོགས་པ་དེ་ཉིད་ནི། གཉིས་པ་རྟོགས་པ་དེ་འདྲ་བ་དེ་འཕེན་པར་བྱེད་པ་ཡིན་གྱི། དོན་བླ་ལྷག་རྟོགས་པ་ནི་མ་ཡིན་ནོ། །དེས་ན་ཁས་བླངས་པ་གཞན་དུ་ན་གནས་པ་ལས་མ་གྲུབ་པ་མ་ཡིན་ཏེ། སྤྱི་དེ་ཉིད་ཁས་བླངས་པ་ཡིན་པའི་ཕྱིར་རོ། །ཁས་བླངས་པས་གནོད་པ་ཡང་མ་ཡིན་ཏེ། ད་རུང་ཆོས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་གཞན་དུ་ཁས་བླངས་པ་མེད་པའི་ཕྱིར་མ་གྲུབ་པ་ལ་སོགས་པ་མ་ཡིན་ནོ། །གཞན་ཡང་ཁས་བླངས་པ་གཞན་དུ་གནས་ཀྱང་མ་གྲུབ་པ་ལ་སོགས་པར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆོས་གཉིས་འབྲེལ་པར་བརྗོད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དུ་མ་ལ་ཡོད་པ་ཉིད་དེ་ལྟ་ཡིན་ན་དུ་མ་ཉིད་འདི་ཡང་འགྱུར་བ་འམ་དུ་མ་ཉིད་མ་ཡིན་ན་ནི་གཉི་ག་ཡང་མི་


DTG187_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེས་དེ་ལྟར་ཆོས་ཉིད་མི་འཁྲུལ་བར་རབ་ཏུ་སྟོན་པ་ཡིན་ནོ། །དོན་ནི་འདི་ཡིན་ཏོ། གང་གིས་མ་གྲུབ་པའམ། ཁས་བླངས་པས་གནོད་པར་འགྱུར་བ་སྒྲུབ་པར་བྱེད་པེ་འམ། བསྒྲུབ་པར་བྱ་བའི་ཆོས་འགའ་ཡང་ངེས་བ་ཉིད་དུ་མི་བརྗོད་ཀྱི། འོན་ཀྱང་ཆོས་གཉི་ག་ཐེ་ཚོམ་དུ་བསྟན་པ་ཡིན་ཏེ། གལ་ཏེ་དེ་ལྟར་ཡིན་ན་ཞེས་བྱ་བ་ནི་ཐེ་ཚོམ་མེད་པའི་ཕྱིར་རོ། །སྔར་ཐལ་བའི་གཏན་ཚིགས་གྲུབ་པར་འདོད་པ་དགོས་སོ་ཞེས་གང་བརྗོད་པ་དེ་ཡང་མི་རིགས་ཏེ། ངེས་པ་དང་ལྡན་པ་ནི་གྲུབ་པར་འདོད་པར་བྱ་དགོས་ན། ཐལ་བའི་གཏན་ཚིགས་ནི་ངེས་པར་འདོད་པ་མ་ཡིན་གྱི། འོན་ཀྱང་འབྲེལ་བ་སྟོན་པ་ཙམ་དུ་ཟད་དོ། །དེ་ནི་ཐེ་ཚོམ་ཟ་བ་ལ་ཡང་ནུས་པ་ཡིན་ནོ། །འོན་ཀྱང་གང་གི་ཚེ་ཐལ་བར་འགྱུར་བའི་གཏན་ཚིགས་མ་གྲུབ་པར་སྐྱོན་དུ་འགྱུར་ཞེ་ན། བཤད་པ། ངེས་པ་ཉིད་དུ་ཞེས་བྱ་བ་ནི་མཐའ་གཅིག་གིས་དངོས་པོ་སྟེ། སྒྲུབ་པར་བྱེད་པ་འམ་བསྒྲུབ་པར་བྱ་བ་དག་དེར་ཡོངས་སུ་འཛི་ན་ནི་གཏན་ཚིགས་མ་གྲུབ་པ་ལ་སོགས་པའི་སྐྱོན་དུ་འགྱུར་རོ། །འོ་ན་ཇི་ལྟར་ཐལ་བ་ལས་བཟློག་པ་གཅིག་ཏུ་ངེས་པར་འཛིན་ཅེ་ན། བཤད་པ། གཏན་ཚིགས་ཡོད་ན་ནི་སྟེ་གྲུབ་ན་ནི་དེས་པར་ཡོངས་སུ་བཟུང་ན་ཡང་སྐྱོན་དུ་འགྱུར་བ་མ་ཡིན་ནོ། །དུ་མ་མེད་པ་ཉིད་ནི་སྤྱི་ལ་སོགས་པ་དངོས་པོ་མེད་པ་ལ་ཡང་གྲུབ་པ་ཡིན་ནོ། །བཟློག་པའི་གཏན་ཚིགས་གྲུབ་ན་སྐྱོན་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་ཐལ་བའི་གཏན་ཚིགས་ལ་ཡང་ཡིན་ནོ། །དཔེར་ན་རྟག་པར་སྨྲ་བ་རྣམས་ཀྱིས་ཁས་བླངས་པའི་ཡོད་པས་སྒྲ་མི་རྟག་པར་ཐལ་བར་གྲུབ་པ་བཞིན་ནོ། །གང་གི་ཕྱིར་ཁས་བླངས་པ་གཞན་དུ་གནས་ཀྱང་བཟློག་པ་དང་ཐལ་བ་འབའ་ཞིག་ལ་ངེས་པར་ཡོངས་སུ་བཟུང་བ་སྐྱོན་དུ་མི་འགྱུར་བ། ཇི་ལྟར་ན་གཅིག་ཉིད་ལ་སོགས་པ་ཁས་བླངས་པ་དང་འགལ་བ་སྒྲུབ་པར་ནུས་ཤེ་ན། བཤད་པ། རིགས་པས་འདོད་པ་ནི་གདོན་མི་ཟ་བར་ཡིན་ཏེ། དེ་མི་འཛིན་ན་ནི་གཟུང་བར་རུང་བ་གཞན་མེད་པའི་ཕྱིར་རོ། །ལུང་ཡང་རིགས་པས་འཐད་པས་ན་


DTG187_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བར་བྱ་བ་དེ་བཞིན་དུ་གཞན་ཡང་གཟུང་བར་བྱ་བ་ཉིད་དོ། །གལ་ཏེ་གང་དུ་ཁས་བླངས་པ་དང་མི་འགལ་བ་དེ་རིགས་པས་གཟུང་བར་བྱ་བ་ཡིན་གྱི། ཁས་བླངས་པ་དང་འགལ་བས་ནི་རིགས་པ་ལ་གནོད་པ་ཡིན་ནོ་ཞེ་ན། ཁས་བླངས་པས་ཞེས་སྨོས་ཏེ། ཕྱོགས་ཀྱི་མཚན་ཉིད་ཀྱི་སྐབས་སུ་བཤད་པར་བྱའོ། །གལ་ཏེ་གང་གིས་གཏན་ཚིགས་གྲུབ་པ་སྟེ་བཟུང་བར་རིགས་པ་མ་ཡིན་ནམ། ཇི་ལྟར་ན་མ་གྲུབ་པ་ཁས་བླངས་པ་ཙམ་གྱིས་དུ་མ་ལ་ཡོད་པ་ཉིད་ཀྱིས་དུ་མ་ཉིད་གདོན་མི་ཟ་བར་ཁས་བླངས་པར་བྱ་བར་བཤད་ཅེ་ན། གང་གི་དོན་གྱི་ཆོས་ཀྱིས་ཁས་ལེན་པ་ན་དེས་གདོན་མི་ཟ་བ་ཁོ་ན་གཞན་ཁས་བླངས་པ་དེ་ནི་རིགས་པ་ཁོ་ནས་བྱས་པ་ཡིན་ནོ། །ཇི་ལྟར་ཁྱབ་པར་བྱ་བ་མཐོང་ན་གཞན་དུ་མི་འཐད་པས་ཁྱབ་པར་བྱེད་པ་ཁས་བླངས་བར་བྱ་བ་དེ་བཞིན་དུ་ཚད་མ་མེད་པར་ཡོད་པ་ཉིད་དུ་ཁས་བླངས་པས་ཁྱབ་པར་བྱེད་པ་གདོན་མི་ཟ་བར་ཁས་བླངས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་གཏན་ཚིགས་གྲུབ་ན་ངེས་པར་མཐའ་གཅིག་ཏུ་འཛིན་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་པས། ངེས་པའི་ཡན་ལག་མ་ཡིན་པ་འབྲེལ་པ་བསྟན་པར་བྱས་པ་འམ། གཞན་གྱིས་ཅི་ཞིག་བྱ། རྒོལ་བ་ངེས་པར་ཡན་ལ་ག་ཉིད་སྨྲ་ན་ཚིག་ལ་རྣ་གཏད་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེ་ན། གཏན་ཚིགས་མེད་ཀྱང་ཞེས་སྨོས་ཏེ་རྩ་བ་ནི་རྩོམ་པར་འགྱུར་བ་དང་རྩོམ་པའི་རྒྱུ་མཚན་ཏེ། གང་གི་དོན་དུ་ཐལ་བར་བྱེད་པ་ནི་རྩ་བ་ཡིན་ནོ། །ཐལ་བ་བྱེད་པས་ནི་གདོན་མི་ཟ་བར་འགའ་ཞིག་ངེས་པར་བྱེད་འདོད་པ་ཡིན་ནོ། །ངེས་པའི་རྒྱུ་མཚན་ཡང་གཏན་ཚིགས་གྲུབ་པ་ཡིན་པའི་ཕྱིར་གང་ཞིག་དེར་གྲུབ་པའི་གཏན་ཚིགས་གང་ཡིན་པ་དེའི་ཕྱིར་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་སྒྲུབ་པར་བྱེད་པའི་བྱེ་བྲག་ཡིན་ནོ། །གང་ཞིག་དུ་མ་ལ་ཡོད་པ་དེ་ནི་དུ་མ་ཉིད་དོ་ཞེས་ཁྱབ་པར་རབ་ཏུ་སྟོན་པ་ཙམ་ཡིན་ཡང་གནོད་པར་བྱེད་པའི་ཚད་མ་འཕེན་པའི་ཕྱིར་སྒྲུབ་པར་བྱེད་པ་ཡིན་ནོ། །ཐལ་བར་འགྱུར་བའི་སྒོ་ནས་ཀྱང་གནོད་པར་བྱེད་པའི་ཚད་མ་ནི་འཕེན་པ་ཡིན་པ་དེས་ན་འདི་ནི་


DTG187_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་བྱེད་པའི་རྣམ་པ་གཞན་ཡིན་ནོ། །དེ་ལ་འདིར་རྩ་བའི་གཏན་ཚིགས་ཐལ་བ་ལས་བཟློག་པའོ། །ཁ་ཅིག་ཏུ་ནི་ཐལ་བ་འམ་ཐལ་བ་ལས་བཟློག་པའི་གཏན་ཚིགས་ཀྱང་རྩ་བར་མི་འགྱུར་ཏེ། མ་གྲུབ་པའི་ཕྱིར་རོ། །དཔེར་ན་ཁ་ཅིག་ན་རེ་གལ་ཏེ་སྤྱི་གཅིག་ཡིན་ན་གཅིག་ཡིན་པའི་ཕྱིར་དུ་མ་ལ་ཡོད་པར་མི་འགྱུར་བ་ཞིག་ན། དུ་མ་ལ་ཡོད་པ་ཡང་ཡིན་ཏེ། དེའི་ཕྱིར་གཅིག་མ་ཡིན་ནོ་ཞེས་བྱ་བ་འདི་ལ་ཐལ་བར་འགྱུར་བ་ཁྱབ་བར་བྱེད་པ་འགལ་བ་དམིགས་པ་དང༌། བཟློག་པ་འགལ་བས་ཁྱབ་པ་དམིགས་པ་གཉི་ག་མ་གྲུབ་པ་དང། དེ་བཞིན་དུ་གལ་ཏེ་སྤྱི་རང་བཞིན་གཞན་གྱིས་དབེན་པའི་རང་བཞིན་ཡིན་ན་ནི་ཡུལ་ལ་སོགས་བ་གཅིག་པུ་ཅན་གཅིག་པུ་ཞིག་དང་འབྲེལ་བར་འགྱུར་བ་ཞིག་ན། ཡུལ་ལ་སོགས་པ་ཐ་དད་པ་ཅན་དུ་མ་དང་འབྲེལ་བ་ཡིན་པ་དེའི་ཕྱིར་དུ་མའི་རང་བཞིན་ཡིན་ནོ་ཞེས་བྱ་བ་འདི་རང་བཞིན་གྱིས་གཏན་ཚིགས་གཉི་ག་མ་གྲུབ་པ་བཞིན་ནོ། །རྣམ་པ་དེ་ལྟ་བུའི་རིགས་ལ་ཐལ་བ་དང༌། དེ་ལས་བཟློག་པ་གཉི་གས་དུ་མ་ལ་ཡོད་པ་ཉིད་དུ་མ་ཉིད་ཀྱིས་ཁྱབ་པ་རབ་ཏུ་གྲུབ་པ་ཡིན་ནོ། །ཁྱབ་པ་གྲུབ་ན་ཁྱབ་པར་བྱེད་པ་མི་དམིགས་པ་ཞེས་བྱ་བ་རྩ་བའི་གཏན་ཚིགས་གཞན་འཇུག་པ་ཡིན་གྱི་ཐལ་བའི་གཏན་ཚིགས་སམ་བཟློག་པའི་གཏན་ཚིགས་མ་གྲུབ་པ་དག་གིས་གཏན་ཚིགས་གྲུབ་པ་ཁོ་ནས་འགྲུབ་པར་འགྱུར་བའི་དགོས་པ་ཁས་བླངས་པ་ལས་བཟློག་པ་སྒྲུབ་པར་བྱེད་པ་ནི་མ་ཡིན་ཏེ། གཏན་ཚིགས་ལ་ཚད་མ་མེད་པའི་ཕྱིར་རོ། །སྒྲུབ་པར་བྱེད་པའི་ཡན་ལག་མི་བརྗོད་པ་ཡང་མ་ཡིན་ཏེ། རྣམ་པ་འདིས་ཀྱང་རྩ་བའི་གཏན་ཚིགས་ཀྱི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་སྒྲུབ་བར་བྱེད་པའི་ཚད་མ་ནི་འཕེན་པའི་ཕྱིར་རོ། །གལ་ཏེ་གྲངས་ཅན་གྱི་སྦྱོར་བ་ནི་འདིར་ཡང་གཏན་ཚིགས་སྐྱེ་བ་ཅན་ནམ་མི་རྟག་པ་ཉིད་མ་གྲུབ་པའི་ཕྱིར་ཐལ་བ་བཟློག་པ་ཉིད་ཀྱིས་མི་རྟག་པ་དང་སྐྱེ་བ་དང་ལྡན་པ་དང་འགོག་པ་གྲངས་ཅན་གྱིས་འདོད་པ་ཡིན་ནོ་ཞེ་ན། དེ་ལྟར་བྱེད་བ་ནི་སུ་ཡང་མེད་དོ། །བདེ་བ་ལ་སོགས་པ་ནི་གྲངས་ཅན་གྱིས་ནི་སེམས་པ་ཅན་དུ་མི་འདོད་ལ།


DTG187_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་པ་ནི་སྐྱེ་བ་ཅན་དང་མི་རྟག་པར་འདོད་པ་ཡིན་ན། དེ་ལྟར་བྱེད་པ་དེ་སུ་ཡིན། འདོད་ཀྱང་དེ་ལྟར་བྱེད་བར་ནུས་པ་ཉིད་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ། ཐལ་བ་དང་བཟློག་པའི་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་དག་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཐལ་བའི་གཏན་ཚིགས་དགག་པ་ལ་གོ་བར་བྱེད་པ་མི་འདོད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། རྩ་བའི་གཏན་ཚིགས་ཀྱི་ཁྱབ་པ་སྒྲུབ་པར་བྱེད་བ་ནི་འདོད་པ་ཁོ་ན་ཡིན་པས་དེ་ལ་གོ་བར་བྱེད་པ་མ་ཡིན་པར་བརྗོད་བ་ཡིན་ནོ། །གོ་བར་བྱེད་པ་མ་ཡིན་པ་ཉིད་གང་ལས་ཤེ་ན། སེམས་པ་ཅན་དང་སྐྱེ་བ་ཅན་དང་མི་རྟག་པ་དེ་གཉིས་འགལ་བ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་སེམས་པ་ཅན་དང་དེ་འགལ་བ་ཡིན་ན། དེ་ལྟན་ནི་དེ་དག་སེམས་བ་མེད་པས་ཁྱབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །འོ་ན་འགལ་བ་ཅིའི་ཕྱིར་མ་གྲུབ་ཅེ་ན། བཤད་པ། ཅིག་ཤོས་ཉེ་བ་ལས་སྔར་རྒྱུ་མ་ཚང་བ་མེད་པ་གང་ལ་ཡོད་པ་དེ་རྒྱུན་རྗེས་སུ་འབྲེལ་པར་འབྱུང་བ་ལས་བལྟར་རུང་བའི་མེ་གཅིག་ཡོད་པས་མེད་པའི་ཕྱིར་འགལ་བར་འགྱུར་བ་འམ། ཕན་ཚུན་སྤངས་པ་སྟེ་རྣམ་པར་གཅད་པས་གནས་པ་མཚན་ཉིད་དེའི་རང་བཞིན་གང་ཡིན་པ་དེའི་ངོ་བོས་འགལ་བར་གྲུབ་པ་ཡིན་ཏེ། འགལ་བ་འདི་དག་ནི་ལེའུ་གཉིས་པར་རྒྱས་པར་བཤད་ཟིན་ཏོ། །གཏན་ཚིགས་གཉིས་དང་སེམས་པ་ཡོད་པ་ལ་ནི་འགལ་བ་འདི་རྣམ་པ་གཉི་ག་ཡང་གྲུབ་པ་མ་ཡིན་ཏེ། དེའི་ཕྱིར་ཐལ་བ་དང་བཟློག་པའི་གཏན་ཚིགས་དག་གོ་བར་བྱེད་པ་མ་ཡིན་ནོ། །འོ་ན་ཁྱེད་ཇི་ལྟར་གོ་བར་བྱེད་པ་ཡིན་ཞེ་ན། གཅིག་ལ་ནི་ཞེས་སྨོས་སོ། །ཇི་སྐད་བཤད་པའི་འདྲེས་པས་རྣམ་པར་མ་བཅད་པ་དེས་སྟོང་པ་ཉིད་ཀྱི་ཕྱིར་ཡུལ་ལ་སོགས་པ་ཐ་དད་པ་ཅན་གྱི་རྫས་གང་ཡིན་པ་དེ་དག་དང་ལྡན་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་བཞིན་གཞན་དེ་མེད་པ་དང་དེ་ཡོད་པ་ནི་ཕན་ཚུན་རྣམ་པར་བཅད་པས་གནས་པའི་རང་བཞིན་དེ་འགལ་བའི་ཕྱིར་རོ། །ཡུལ་ལ་སོགས་པ་དུ་མ་ཅན་དང་ལྡན་པ་ནི་སྔ་མ་བཞིན་དུ་དུ་མ་ཉིད་


DTG187_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཁྱབ་པ་ཡིན་ཏེ། གཅིག་ཉིད་ནི་དུ་མ་མེད་པ་ཡིན་ལ་དུ་མ་ཉིད་ཀྱང་དུ་མ་ལ་ཡོད་པ་ལ་གནས་པ་ཁོ་ནའི་ཕྱིར་ཐལ་བའི་གཏན་ཚིགས་གོ་བར་བྱེད་པ་ཡིན་ནོ། །དེ་གོ་བར་བྱེད་པ་ཉིད་ཡིན་པ་ན་ཡང་བཟློག་པའི་གཏན་ཚིགས་ཀྱང་གོ་བར་བྱེད་པ་ཉིད་དུ་བརྗོད་པར་འགྱུར་བས་ཡང་མ་བཤད་དོ། །ཐལ་བར་འགྱུར་བའི་དོན་འདི་ཉིད་སྔོན་གྱི་སློབ་དཔོན་གྱིས་ཐལ་བར་འགྱུར་བ་རྣམས་ལ་ཡོད་པར་སྟོན་པར་བྱེད་དོ། །འདིས་ཡན་ལག་ཅན་འགོག་པར་བྱེད་པས་ན་དགག་པ་ནི་གཞུང་ངོ༌། །དེ་ལ་སོགས་པ་སྤྱིའི་འགོག་པ་ལ་སོགས་པའི་གཞུང་གང་དག་ཡིན་པ་དེ་དག་སྟེ། དེ་རྣམས་སུའོ། །རྣམ་པ་དེ་ལྟ་བུ་ཞེས་བྱ་བ་གཅིག་དུ་མ་ལ་ཡོད་པའོ། །ཅི་སྟེ་ཁས་ལེན་ན་ནི་བསྟན་བཅོས་ཀྱིས་གནོད་པའི་ཕྱིར་རོ། །ཁས་མི་ལེན་ན་ནི་གཞི་མེད་པའི་ཕྱིར་གང་གི་ཚེ་འགོག་ཅེ་ན། གྲུབ་པའི་མཐའ་ཁས་ལེན་པའི་རྒྱུ་མཚན་དཔྱད་པའི་སྐབས་སུ་བབ་པའི་ཚེ། ཁས་ལེན་པའི་དུས་སུ་འགོག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་མ་ཡིན་ཏེ་དེ་མེད་པར་འགྱུར་ན་ཁས་བླངས་ནས་རྣམ་པར་དཔྱོད་པར་འགྱུར་ཏེ། བསྟན་བཅོས་ལས་གྲུབ་པའི་ཡན་ལག་ཅན་འཛིན་པའི་ཕྱིར་རོ།། དེ་ཡང་མི་འཐད་པའི་ཕྱིར་དེ་ཡོད་པ་ན་དགག་པ་ཡིན་ནོ། །གལ་ཏེ་དེ་ཁས་ལེན་པའི་དུས་སུ་དེར་བཤད་པའི་དོན་བཟུང་བ་ཡིན་གྱི། དེའི་དོན་དགག་པ་ནི་མ་ཡིན་ནོ་ཞེ་ན། བཤད་པ། གང་གི་ཕྱིར་དུ་མ་ལ་ཡོད་པ་ཉིད་ཁས་བླངས་པ་ནི་གཅིག་ཉིད་བཏང་བ་མེད་ན་མེད་པ་ཡིན་པ་དེའི་ཕྱིར་ཆོས་གཉི་ག་ཡོད་པ་འགོག་པ་ཡིན་ནོ། །དགག་པ་འདི་འདྲ་བ་དེའི་ཁས་བླངས་པའི་སྒོ་ཁོ་ན་ནས་ཡིན་པ་དེས་ན་ཁས་བླངས་པའི་དུས་སུ་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཅིག་ཁས་བླངས་པ་འམ། གཞན་བཏང་བ་ཉིད་བསྟན་བཅོས་མེད་པར་ག་ལ་འགྱུར་ཞེ་ན། བཤད་པ། གཅིག་ཉིད་དང་དུ་མ་ལ་ཡོད་པ་ནི་འགལ་བའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། ཆོས་འདི་གཉིས་མི་མཐུན་པར་ནི་དངོས་པོ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །བསྟན་བཅོས་ཁས་ལེན་པའི་དུས་སུ་ནི་གཅིག་ཁས་ལེན་པ་དང་གཞན་བཏང་བ་


DTG187_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་རྗེས་སུ་རྟོགས་པར་བྱེད་པ་ཡིན་གྱི། དེ་དག་བསྟན་བཅོས་ལས་གྲགས་བ་ནི་མ་ཡིན་ནོ། །རང་གི་སྒྲའི་རྣམ་པར་གཅད་བར་བྱ་བ་བཤད་ནས། དོན་གྱི་སྒྲའི་རྣམ་པར་གཅད་པར་བྱ་བ་བཤད་པའི་ཕྱིར་དོན་མེད་པ་ཞེས་སྨོས་སོ། །ཅི་འདྲ་བ་ཞིག་ཅེ་ན། རྟོགས་པས་སྒྲོ་བཏགས་པའོ། །ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ནི་དེ་དག་གི་སྤྱིའི་ཕྱོགས་གཅིག་གོ །ཡང་ཇི་ལྟར་ཕྱོགས་དང་མཐུན་ཕྱོགས་ཀྱི་ཁོངས་སུ་འདུས་བ་རྟོགས་པས་སྒྲ་བརྟགས་པ་ཡིན་ཞེ་ན། འདིར་ཞེས་སྨོས་སོ། །གང་གི་ཕྱིར་མི་རྟག་པ་ཉིད་སྒྲུབ་པ་ལ་སྒྲ་དང་བུམ་པ་དག་གམ། རྟག་པ་སྒྲུབ་པ་ལ་སྒྲ་དང་ནམ་མཁའ་དག་གིས་གང་ཡང་རུང་བའི་ཡན་ལག་གི་ཉེ་བ་གང་ཡིན་པ་དེ་ནི་དངོས་པོ་ལ་ཡོད་པ་མ་ཡིན་ནོ། །འོ་ན་ཅི་འདྲ་བ་ཞིག་ཅེ་ན། སྨྲ་བ་པོའི་བརྗོད་པར་འདོད་པས་བྱས་པ་ཡིན་ཏེ་ཞེས་སྨོས་སོ། །ཅིའི་ཕྱིར་ཞེ་ན། བརྗོད་པར་འདོད་པས་དེ་མེད་ན་བརྗོད་པར་འདོད་པ་ཉེ་བ་ཉིད་དང་ཅིག་ཤོས་ཉེ་བ་མ་ཡིན་པའི་ཉེ་བ་དང་བསྐལ་པ་ཉིད་མེད་པའི་ཕྱིར་རོ། །རེ་ཞིག་ཇི་སྲིད་དུ་མི་རྟག་པ་སྒྲུབ་པར་འདོད་པ་དེ་སྲིད་དུ་བུམ་པ་ནི་སྒྲ་དང་ཉེ་བ་ཡིན་ཏེ། སྤྱི་གཅིག་གི་ཡན་ལག་ཡིན་པའི་ཕྱིར་རོ། ནམ་མཁའ་ནི་བསྐལ་པ་ཡིན་ཏེ། ཅི་དེ་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ། །གང་གི་ཚེ་མི་འདོད་པ་དེའི་ཚེ་ནི་ཉེ་བ་དང་བསྐལ་པ་དེ་དག་ལྡོག་བར་འགྱུར་རོ། །འདི་སྙམ་དུ། དངོས་པོའི་རང་བཞིན་ཡང་ལྡོག་པའི་ཆོས་ཡིན་ནོ་སྙམ་ན། བཤད་པ། ཉེ་བ་དང་བསྐལ་པ་དག་དངོས་པོའི་རང་བཞིན་ཡིན་ན་ནི་ཕྱི་ནས་བརྟགས་པའི་ཡུལ་གཞན་བརྗོད་པར་འདོད་པར་འགྱུར་བས་བུམ་པ་ནི་བསྐལ་པར་འགྱུར་ལ། ནམ་མཁའ་ནི་ཉེ་བར་འགྱུར་བ་དེ་འདྲ་བའི་གཞན་དུ་འགྱུར་བ་མི་རིགས་པའི་ཕྱིར་རོ། །དོན་འདི་ཡིན་ཏེ། དངོས་པོའི་རང་བཞིན་ལྡོག་པ་ཡིན་དུ་ཟིན་ཀྱང་བརྗོད་པར་འདོད་པ་ཙམ་གྱིས་ནི་དེ་ལྡོག་པར་མི་འཐད་དེ། དངོས་པོ་རྣམས་ཀྱི་རང་བཞིན་ནི་བརྗོད་པར་འདོད་པ་དང་འབྲེལ་བ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་གང་གི་ཚེ་གཉིས་དུས་གཅིག་ཏུ་ཕན་ཚུན་འགལ་བའི་རྟག་པ་དང༌། མི་རྟག་པ་ཉིད་


DTG187_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་འདོད་པ་དེའི་ཚེ་བུམ་པ་དེ་ཉིད་ཉེ་བ་དང་བསྐལ་བར་འགྱུར་ལ། ནམ་མཁའ་ཡང་འགྱུར་བ་ཡིན་ལ། དངོས་པོ་གཅིག་ལ་ཅིག་ཅར་ཡོན་ཏན་འགལ་བ་ཉེ་བ་དང་མི་ཉེ་བ་དག་བསྡུ་བ་མི་འཐད་དེ། དེའི་ཕྱིར་ཉེ་བ་དང་བསྐལ་བ་ནི་བརྗོད་པར་འདོད་པས་བྱས་པ་ཡིན་ནོ། །གང་གི་ཚེ་རྣམ་པ་འདི་ལྟ་བུའི་སྒྲུབ་པར་བྱེད་པའི་ངག་ནི་བྱེད་པ་པོའི་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་ཡིན་པ་དེའི་ཕྱིར་དངོས་པོའི་རང་བཞིན་ལ་རག་ལས་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ནི་དེ་ལྟར་འདོད་པ་ཙམ་གྱི་རྗེས་སུ་བྱེད་པས་མི་འཇུག་པའི་ཕྱིར་ཏེ་མི་གནས་པའི་ཕྱིར་རོ། །དངོས་པོའི་འདོད་པས་མི་འཇུག་པ་ནི་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། དེ་ལྟར་མ་ཡིན་ན་ནི་སུ་ཡང་དབུལ་པོར་མི་འགྱུར་རོ། །དེའི་ཕྱིར་འདོད་པས་སྦྱར་བའི་ཕྱོགས་དང་མཐུན་པའི་ཕྱོགས་ཉིད་ལ་སོགས་པ་དེ་ལས་ནི་ཕྱི་རོལ་གྱི་དངོས་པོ་དེས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོའི་རང་བཞིན་དག་ཉེ་བ་དང་བསྐལ་པར་མ་གྲུབ་པའི་ཕྱིར་རོ། །གྲུབ་ན་ནི་དངོས་པོ་གྲུབ་པར་འགྱུར་རོ། །དཔེར་ན་ཞེས་བྱ་བ་ལ། གོང་བུའི་ཁྱད་པར་འགའ་ཞིག་ཏུ་རྭ་ཅན་ཉིད་ལ་འཁྲུལ་པ་མེད་པ་ཅི་འདྲ་བ་དེ་འདྲ་བའི་རང་བཞིན་གྱི་ཆོས་མཐུན་པ་མཐོང་ནས་སོ། །གོང་བུ་འདི་ནི་ཞེས་བྱ་བ་ནི་ཆོས་ཅན་ནོ། །རྭ་ཅན་ཡིན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །བ་ལང་དང་བ་མེ་ན་གང་ཡང་རུང་བ་ཞིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ལ་ཆོས་མཚུངས་པ་ཅན་གྱི་ཁྱད་པར་བ་ལང་དང་བ་མེན་གྱི་ཕྱོགས་གཅིག་ཉིད་ནི་དངོས་པོ་ཡིན་པར་མངོན་སུམ་ཉིད་དུ་གྲུབ་པ་ཡིན་ཏེ། དེས་ན་རྭ་ཅན་ཉིད་གྲུབ་པ་ཁོ་ནའོ། །ཅི་སྟེ་ཡང་ཞེས་བྱ་བ་ལ། རྗོད་པར་འདོད་པ་བརྗོད་པར་འདོད་པས་ཡུལ་དུ་བྱས་པ་ཉིད་ནི་གྲུབ་པ་ཡིན་ཏེ། གང་ཡང་རུང་བ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འདི་གཉིས་ཀྱི་བྱེ་བྲག་གོ །བརྗོད་པར་འདོད་པ་ལ་གནས་པའི་རང་བཞིན་ནི་བརྗོད་པར་འདོད་པ་ཙམ་ཞིག་ཡོད་པ་ལས་གྲུབ་པོ། །དངོས་པོ་ལ་གྲུབ་པའི་གཏན་ཚིགས་ལ་ནི་


DTG187_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་འདོད་པ་ལ་གནས་པར་གྲུབ་བས་ཐ་མི་དད་པར་ལྷག་པར་ཞེ་ན་པའི་སྒོ་ནས་ཕྱི་རོལ་གྱི་དངོས་པོ་གྲུབ་པ་ཡིན་ན། འདིར་ནི་མ་ཡིན་ནོ། །དེ་བཤད་པ་ནི། དོན་གྱིས་སྟོང་པ་ཞེས་བྱ་བ་ཡིན་ནོ། །གཏན་ཚིགས་དེ་ལས་ཕྱི་རོལ་གྱི་དོན་གྲུབ་པ་ནི་མ་ཡིན་ནོ། །དངོས་པོ་ཇི་ལྟ་བ་བཞིན་བརྗོད་པར་འདོད་པ་མ་ཡིན་ནམ། དེ་ཇི་ལྟར་མ་གྲུབ་པ་ཡིན་ནོ་ཞེ་ན། དངོས་པོ་ལ་འཇུག་པར་ངེས་པ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་སྨོས་སོ། །དེ་ལྟར་ནི་བལྟ་བར་ནུས་པ་མ་ཡིན་ཏེ། མཐོང་བར་ནུས་པ་མ་ཡིན་ནོ། །མངོན་སུམ་དང་འགལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་གང་ཞེ་ན། གང་ལ་དེའི་བརྗོད་པར་འདོད་པ་ཡོད་པ་དེར་དངོས་པོ་ཡོད་པ་ཡིན་ནོ་ཞེས་བྱ་བ་འདིའོ། །ནུས་པ་མ་ཡིན་པས་ན་འདོད་པ་ལ་དངོས་པོ་ཡོད་པས་ཁྱབ་པ་མ་གྲུབ་པའི་ཕྱིར་འདོད་པ་དངོས་པོ་ལ་འཁྲུལ་བར་འགྱུར་རོ། །བརྗོད་པར་འདོད་པ་ཉིད་བསལ་བ་འདིས་ནི་ངས་ཁས་བླངས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དང༌། ལུང་ལས་མཐོང་བ་དག་གཏན་ཚིགས་མ་ཡིན་པར་བཤད་པ་ཡིན་ནོ། །འདོད་པས་བྱས་བ་བསལ་མོད། ལུང་ལས་གྲུབ་པ་གོ་ཅི་ལྟར་ཞེ་ན། ཚིག་ནི་ཞེས་སྨོས་ཏེ། ཚིག་གི་བདག་ཉིད་ཀྱི་ལུང་ནི་འདོད་པ་ལ་རག་ལས་པ་ཡིན་ལ། འདོད་པ་ཡང་དངོས་པོ་དང་འབྲེལ་པ་མ་ཡིན་པའི་ཕྱིར་བསལ་བ་ཡིན་ནོ། །རྟོགས་པ་ཞེས་བྱ་བ་རྟོགས་པས་སྒྲོ་བཏགས་པའི་ཆོས་དང་ལུང་དེ་དག་ནི་དེ་དག་ཉིད་ཀྱི་བྱེད་པ་པོའི་འདོད་པ་ཙམ་དང་རྗེས་སུ་འབྲེལ་པ་ཡིན་པ་དང༌། དངོས་པོ་འང་འདོད་པ་མེད་པར་གཞན་དུ་ཡོད་པར་འགྱུར་བ་དེའི་ཕྱིར་རྟོགས་པ་དང་ལུང་དེས་བྱས་པ་ནི་ཕྱི་རོལ་ལ་འཁྲུལ་པ་ཡིན་ནོ། །གལ་ཏེ་བསྒྲུབ་པར་བྱ་བ་ཡང་རང་གིས་མཐོང་བ་ཡིན་ལ། སྒྲུབ་པར་བྱེད་པ་ཡང་ཡིན་པ་མ་ཡིན་ནམ། དེ་ཇི་ལྟར་རང་གིས་མཐོང་བའི་སྒྲས་སྒྲུབ་པར་བྱེད་པ་འབའ་ཞིག་གཟུང་བ་ཡིན་ཞེ་ན། བཤད་པ། དོན་གྱིས་ནི་ཚུལ་གསུམ་པའི་རྟགས་བརྗོད་པ་སྒྲུབ་པར་བྱེད་པ་ཡིན་ལ། ཕྱོགས་ཀྱི་ཚིགས་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །རང་གིས་མཐོང་བ་གསལ་བར་བྱེད་པ་


DTG187_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དཔག་པ་ཡིན་ནོ་ཞེས་བརྗོད་ལ། རྗེས་སུ་དཔག་པ་ཡང་ཚུལ་གསུམ་སྟོན་པར་བྱེད་པ་ཡིན་གྱི། བསྒྲུབ་པར་བྱ་བ་བརྗོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་གྱི་ཤུགས་ཡིན་ནོ། །ཕྱོགས་བརྗོད་པ་ཇི་ལྟར་སྒྲུབ་པར་བྱེད་པ་མ་ཡིན་ཞེ་ན། འདི་ལྟར་ཕྱོགས་དང་གཏན་ཚིགས་བརྗོད་པ་དག་དོན་ལ་དངོས་སུ་ནུས་བ་མེད་དེ། དོན་གྱིས་དོན་རྟོགས་པའི་རྒྱུའི་ཕྱིར་རོ། །དེ་ན་དེ་དག་རང་ཉིད་ལས་ཏེ། རང་གི་ངོ་བོ་ལས་ནི་སྒྲུབ་པར་བྱེད་པ་ཉིད་དུ་རྣམ་པར་གནས་པ་ཡོད་པ་མ་ཡིན་ནོ། །དོན་གྱིས་དོན་རྟོགས་པ་ཉིད་བཤད་པ་ནི་དོན་ཉིད་ཀྱིས་ཡིན་གྱི། བརྗོད་པས་ནི་མ་ཡིན་ཏེ། འབྲེལ་པས་ངེས་པ་མི་འཁྲུལ་བ་དེ་མེད་པའི་ཕྱིར་རོ། །དེས་ན་བརྗོད་པ་ནི་རང་ཉིད་དེ་རང་གི་ངོ་བོ་ཉིད་ཀྱིས་དོན་སྒྲུབ་པར་བྱེད་པའི་ཕྱིར་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གཞན་ཡང་གལ་ཏེ་འདི་སྒྲུབ་པར་བྱེད་པ་ཡིན་ན་ནི་དེའི་ཕྱིར་དེ་ལས་ངེས་པར་འགྱུར་བ་ཡིན་ན། ཕྱོགས་ཀྱི་ཚིག་ལས་ནི་བསྒྲུབ་པར་བྱ་བའི་དོན་ལ་ཐེ་ཚོམ་ཟབ་མཐོང་གིས་ངེས་པ་ནི་མ་ཡིན་ནོ། །ནའི་སྒྲས་ནི་སྒྲུབ་པར་བྱེད་པ་མེ་ཡིན་པ་ཕྱོགས་ཀྱི་ཚིག་གཏན་ཚིགས་ཀྱི་ཚིག་ལས་ཁྱབ་པར་བྱ་བ་ཡོད་པ་ཡིན་ཞེས་བྱ་བ་ཡིན་ནོ། །བསྒྲུབ་པར་བྱ་བ་བརྗོད་པའི་ཕྱིར་བརྒྱུད་པས་ཀྱང་རྟོགས་པར་བྱེད་པའི་ནུས་པ་མེད་དེ། དེའི་ཕྱིར་ན་ཕྱོགས་ཀྱི་ཚིག་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གཏན་ཚིགས་བརྗོད་པས་ནི་ནུས་པ་སྟོན་པར་བྱེད་པ་ཡིན་པས་དྲན་པའི་རྒྱུ་ཡིན་ཏེ། དེས་ན་རྗེས་སུ་དཔག་པར་འགྱུར་རོ། །འདི་ཉིད་རྣམ་པར་དགྲོལ་བའི་ཕྱིར་བརྒྱུད་པས་ཀྱང་ཞེས་སྨོས་ཏེ། ཐེ་ཚོམ་དུ་གྱུར་པའི་བསྒྲུབ་པར་བྱ་བ་ཉིད་བརྗོད་པའི་ཕྱིར་རོ། །གལ་ཏེ་དེ་ཙམ་གྱིས་ངེས་ན་ནི་གཏན་ཚིགས་མེད་ཀྱང་འགྱུར་ཏེ། གཏན་ཚིགས་ཀྱི་ཚིག་ཡོད་ཀྱང་དེ་ཉིད་བརྗོད་པའི་ཕྱིར་རོ། །གཏན་ཚིགས་ཀྱི་ཚིགས་ནི་མི་འཁྲུལ་བའི་ཕྱིར། ནུས་པ་བསྒྲུབ་པར་བྱ་བའི་ལས་གཞན་དུ་འགྱུར་བ་རྗོད་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་ཉེ་བར་བརྟགས་ནས་སྒྲུབ་པར་བྱེད་པ་ཡིན་ནོ། །སྒྲབ་པར་བྱེད་པ་དྲན་པའི་རྒྱུ་ཡིན་པའི་ཕྱིར་ཚིག་ལ་སྒྲུབ་པར་བྱེད་པ་ཉིད་དུ་གདགས་སོ། །གལ་ཏེ་དངོས་སུ་སྒྲུབ་པར་


DTG187_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་མ་ཡིན་ཡང་དེ་དྲན་པའི་རྒྱུ་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པ་ཉིད་ཡིན་ན། ཕྱོགས་ཀྱི་ཚིག་དེ་ལས་གཏན་ཚིགས་ཀྱི་ཚིག་འཇུག་པའི་ཕྱིར་དེ་ཡང་ནུས་པ་དྲན་པའི་རྒྱུ་ཉིད་ཀྱིས་ནུས་པའི་སྒྲུབ་པར་བྱེད་པ་ཉིད་དོ་ཞེ་ན། རེ་ཞིག་སྔར་གྱི་རྟོགས་པ་པོ་ཅི་སྒྲ་བརྟག་པ་ཡིན་ནམ་འོན་ཏེ་མ་ཡིན་ཞེས་ཐེ་ཚོམ་ཟའོ། །ཐེ་ཚོམ་ལས་ནི་ཤེས་པར་འདོད་པར་འགྱུར་ལ། ཤེས་པར་འདོད་པ་དེ་ལས་ནི་གཏན་ཚིགས་ཀྱི་སྦྱོར་བའི་སྐབས་མངོན་པར་འདོད་པའི་བདག་ཉིད་ཅན་འཇུག་ཅིང༌། དེ་ལས་ནི་གཏན་ཚིགས་ཀྱི་ཚིག་ཡིན་ཏེ། དེའི་ཕྱིར་ཐེ་ཚོམ་དང་ཤེས་པར་འདོད་པ་དང༌། སྐབས་དེ་དག་ཀྱང་རྗེས་སུ་དཔག་པར་ཐལ་བར་འགྱུར་རོ། །དེ་དག་ལས་ཀྱང་གཏན་ཚིགས་ཀྱི་ཚིག་འཇུག་པའི་ཕྱིར་རོ། །ཅི་སྟེ་གཅིག་གིས་རབ་ཏུ་སྦྱར་བའི་ཚིག་ཉིད་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་གང་གི་ཚེ་རྒོལ་བ་དེ་ཉིད་སྒྲ་རྟག་པའོ་ཞེས་ཚིག་འགའ་ཞིག་སྨྲས་པ་ན། རྒོལ་བས་རབ་ཏུ་སྦྱར་བ་དེ་ལས་ཟུར་ན་འདུག་བ་འགའ་ཞིག་ཐེ་ཚོམ་དུ་གྱུར་པ་ན། རྒོལ་བ་དེ་ཉིད་ཕན་པར་འདོད་པས་དེ་བཟློག་པའི་ཕྱིར་གཉེན་པོར་མི་རྟག་པ་ཉིད་ཀྱི་གཏན་ཚིགས་ཀྱི་ཚིག་འགོད་པར་སྲིད་པ་ཡིན་ཏེ། དེའི་ཕྱིར་མི་མཐུན་པའི་ཚིག་དེ་ཡང་གཏན་ཚིགས་ཀྱི་ཚིག་དེ་དང་ལྷན་ཅིག་སྐྱེས་བུ་གཅིག་ལ་བརྟེན་པ་སྒྲུབ་པར་བྱེད་པར་འགྱུར་རོ། །གང་གི་ཕྱིར་ཧ་ཅང་ཐལ་བར་འགྱུར་བ་དེའི་ཕྱིར་རོ། །ནང་གི་ཡན་ལག་ནི་བར་མ་ཆོད་པའི་ཕྱིར་རོ། །ཚུལ་གསུམ་པའི་རྟགས་དེ་ལ་དྲན་པ་འཇོག་པར་བྱེད་པ་ཉིད་ནི་ནང་གི་ཡན་ལག་གི་གཏན་ཚིགས་ཉིད་ཀྱི་ཚིག་ལ་གནས་པ་ཡིན་ནོ། །དོན་ནི་འདི་ཡིན་ཏེ། དོན་ནི་ཤེས་པས་གོ་བར་བྱེད་པ་ཡིན་གྱི། སྒྲོན་མ་བཞིན་དུ་རུང་བ་ཙམ་གྱིས་ནི་མ་ཡིན་ནོ། །དེས་ན་ཚིག་གང་གིས་དེ་སེམས་ལ་འཇུག་པར་བྱེད་པ་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གཏན་ཚིགས་ཀྱི་བྱེད་པའི་ཡུལ་མ་བསྟན་ན་གཏན་ཚིགས་ཀྱི་བྱེད་པ་མི་སྲིད་པས་ཕྱོགས་ཀྱི་ཚིག་ནི་དེ་སྟོན་པ་ཉིད་ཀྱིས་ནུས་པ་ཡིན་གྱི། ནུས་པ་དྲན་པར་བྱེད་པས་ནི་མ་ཡིན་ནོ་ཞེ་ན། འདི་ལ་ཞེས་སྨོས་ཏེ། འདི་ལྟར་གོ་བར་བྱ་བ་མེད་ན་གཏན་


DTG187_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་གོ་བར་བྱེད་པ་མ་ཡིན་པ་དེ་བཞིན་དུ་རྟོགས་པར་བྱ་བ་ཐེ་ཚོམ་མི་ཟ་བ་ན་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེ་ཚོམ་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ་ཞེས་གང་བརྗོད་པ་དེ་ནི་འདི་ལ་ཡང་མཚུངས་པ་ཡིན་ནོ། །ཅི་སྟེ་གཅིག་གིས་རབ་ཏུ་སྦྱར་བའི་གཏན་ཚིགས་ཉིད་རྗེས་སུ་དཔག་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཡང་ཡུལ་སྟོན་པར་བྱེད་པ་མེད་ཀྱང་དོན་གྱི་ཡུལ་གོ་བར་འགྱུར་རོ། །གང་ཅུང་ཟད་ཅེས་བྱ་བ་ལ་སོགས་པ་ཁྱབ་པའི་ཚིག་གིས་བྱས་པ་མི་རྟག་པ་ལ་ངེས་པར་བསྟན་ནས་སྒྲ་ཡང་བྱས་པ་ཡིན་ནོ་ཞེས་ཕྱོགས་ཀྱི་ཆོས་བརྗོད་པས་སྒྲ་ལ་བསྟན་པའི་ཕྱིར་འདི་ཉིད་དེར་ནུས་པ་ཡིན་ནོ། །དེའི་ཕྱིར་གདོན་མི་ཟ་བར་བསྟན་བར་བྱ་བ་མ་ཡིན་ནོ། །ཕྱོགས་མེད་ཀྱང་གོ་བར་བྱེད་པ་ན་གོ་བར་བྱེད་པ་ཉིད་ཡིན་པ་དེས་ན་ཕྱོགས་ནི་མ་བརྗོད་ཀྱང་འགྲུབ་པ་ལ་གེགས་མེད་པའི་ཕྱིར་ཚུལ་གསུམ་པོ་འདི་དག་ཉིད་མ་བརྗོད་ན་གྲུབ་པ་ལ་གེགས་སུ་འགྱུར་བས་དེ་དག་ཉིད་ལས་གང་ཡང་རུང་བ་ཞིག་མ་བརྗོད་ན་སྒྲུབ་པ་མ་ཚང་བའི་སྐྱོན་དུ་འགྱུར་རོ། །དེ་བསྟན་བ་མེད་ན་མེད་པ་ནི་མི་འཁྲུལ་བ་ཉིད་དེ། དེ་མ་ཡིན་པའི་ཕྱིར་རོ། །དེ་མེད་ཀྱང་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་བརྗོད་པར་མི་བྱའོ་ཞེ་ན། བརྗོད་པར་བྱ་བ་ཡིན་ཏེ། སྒྲུབ་པར་བྱེད་པའི་ཡན་ལག་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །འོན་ཀྱང་བསྒྲུབ་པར་བྱ་བའི་རང་བཞིན་ལ་ཕྱི་ན་ཅི་ལོག་ཏུ་བསྒྲུབ་པར་བྱ་བ་མ་ཡིན་པ་དང༌། བསྒྲུབ་པར་བྱ་བའི་རང་བཞིན་ནམ་མཁའི་ཡོན་ཏན་ལ་སོགས་པ་ལ་ཕྱིན་ཅི་ལོག་ཏུ་བསྒྲུབ་པར་བྱ་བ་ཉིད་དུ་སྟེ། ཕྱིན་ཅི་ལོག་དེ་དང་ལྡན་པའི་ལོག་པར་རྟོགས་པ་མཐོང་བའི་ཕྱིར་དེ་བཟློག་པའི་ཕྱིར་རོ། །ངོ་བོ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་སྟེ། བསྒྲུབ་པར་བྱ་བའི་རང་གི་ངོ་བོ་ཉིད་དོ། །དེ་ན་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་གང་ཡིན་པའོ། །བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ཡིན་ཡང་གང་གི་ཚེ་སྒྲུབ་པར་བྱེད་པ་ཉིད་དུ་བརྗོད་པ་དེའི་ཚེ་ཡང་ཕྱོགས་མ་ཡིན་པོ་ཉིད་དོ་ཞེས་བྱ་བ་ནི་ཁོ་ནའི་སྒྲ་ལས་སོ། །རང་ཉིད་ཅེས་བྱ་བ་ནི་བདག་ཉིད་འདོད་པའོ། །མ་བསལ་བ་ཉིད་མངོན་སུམ་ལ་སོགས་པའོ། །ཕྱོགས་ཀྱི་མཚན་ཉིད་འདིར་ངོ་བོ་


DTG187_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚིག་ཕྲད་དང་འདོད་པ་དང་རང་ཉིད་དེ། རང་ཉིད་ངོ་བོའི་ཚིག་གི་དོན་རྣམས་ཉེ་བར་བཟུང་བ་ན། ངོ་བོ་དང་ཚིག་ཕྲད་དང་འདོད་པ་དང་རང་ཉིད་ཅེས་བྱ་བའི་ངག་ཏུ་འགྱུར་རོ། །འདི་དག་ཉིད་ཚིག་ཡིན་ཏེ། ངོ་བོ་དང་ཚིག་ཕྲད་དང་འདོད་པ་དང་རང་ཉིད་ཀྱི་ཚིག་འདི་བཞིས་མ་གྲུབ་པ་དང༌། སྒྲུབ་པར་བྱེད་པ་མ་ཡིན་པ་དང་དོན་གྱིས་བརྗོད་པ་དང་རྒོལ་བའི་འདོད་པ་གཟུང་བར་རིག་པར་བྱའོ། །གཟུང་བ་དེས་ནའོ། །མཉན་པར་བྱ་བ་ཞེས་བྱ་བ་ནི་མཉན་པར་རུང་བ་ཉིད་མངོན་སུམ་གྱིས་གྲུབ་པ་བསལ་བ་ཡིན་ནོ་ཞེས་འབྲེལ་ཏོ། །རང་གི་ངོ་བོ་སྨོས་པས་ནི་མ་གྲུབ་པ་གཟུང་བ་ཡིན་པའི་ཕྱིར་གྲུབ་པ་བསལ་བ་ཡིན་ནོ། །ཁོ་ནའི་སྒྲས་མ་གྲུབ་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་གང་ཡིན་པ་དེ་བསལ་བ། དེ་གང་ཞེ་ན། མ་གྲུབ་པའི་གཏན་ཚིགས་དང་དཔེ་དག་གོ །དཔེར་ན། སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བ་ལ། མངོན་བར་གསལ་བར་སྨྲ་བ་ལ་གཏན་ཚིགས་མ་གྲུབ་པ་དང༌། གྲངས་ཅན་བ་ལ་དཔེ་ཡང་མ་གྲུབ་པ་བཞིན་ནོ། །འདོད་པ་སྨོས་པས་ནི་མི་འདོད་པ་བསལ་ཏེ། བསྒྲུབ་པ་ཉིད་དུ་འདོད་པའི་སྐབས་ཀྱི་རྟེན་མ་ཡིན་པ་བསལ་བ་ཡིན་ནོ། །བསྟན་བཅོས་ལ་བརྟེན་ནས་ནི་རྩོད་པར་བྱ་བ་མ་ཡིན་མོད་ཀྱི། བསྟན་བཅོས་ཁས་བླངས་ཀྱང་ནམ་མཁའི་ཡོན་ཏན་ལ་སོགས་པ་མེད་ན་མི་འབྱུང་བ་མ་ཡིན་པ་བསྒྲུབ་བར་བྱ་བ་དང་མ་འབྲེལ་པ་བསྟན་བཅོས་ལས་མཐོང་བ་ནི་རྒོལ་བའི་ཁས་བླངས་པ་ཡིན་པ་བསལ་བ་ཡིན་ནོ། །གལ་ཏེ་བསྒྲུབ་པར་བྱ་བ་དོན་གྱིས་བརྗོད་པ་ཡིན་ཡང་སྒྲས་མ་ཟིན་པའི་ཕྱིར་ཇི་ལྟར་མ་ཐོས་ན་རྒོལ་བས་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ཡིན་ཞེ་ན། སྐབས་ཀྱིས་ཏེ། སྒྲུབ་པར་བྱེད་པ་འགོད་པའི་རྟེན་ཉིད་ཀྱི་སྐབས་སུ་བབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅི་འདྲ་བ་ཞིག་ཅེ་ན། མིག་ལ་སོགས་པ་འདུས་པ་རྣམས་སྤྱིར་གཞན་གྱི་དོན་ཡིན་པར་གྲུབ་པ་ན། བདག་ཉིད་གཞན་ཡིན་པའི་ཕྱིར་གཞན་གྱི་དོན་ནི་བདག་གི་དོན་ཉིད་དོ། །བདག་གི་དོན་དེ་ནི་མ་སྨྲས་སུ་ཟིན་ཀྱང་དེའི་དོན་ནི་སྒྲུབ་པར་བྱེད་པ་བཀོད་པའི་ཕྱིར་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པས་ཁྱབ་པའི་སྐབས་སུ་བབ་པའི་བསྒྲུབ་


DTG187_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་ནི་དེ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་ཕྱིར་འདོད་པ་སྨོས་སོ། །སྐབས་ཀྱི་རྟེན་དུ་གྱུར་པའི་བསྒྲུབ་པར་བྱ་བའི་ཆོས་འདི་ཉིད་ནི་ལྟོས་པ་ལས་ཆོས་དང་ཆོས་ཅན་གྱི་ཁྱད་པར་ཡིན་ནོ། །དངོས་པོ་ལས་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་འབྲེལ་པ་ཡོད་པ་ནི་མ་ཡིན་གྱི། འོན་ཀྱང་སྒྲའི་ཡུལ་ཉིད་དོ། །དེས་ན་མ་ཟིན་པའི་དོན་ཉིད་ནི་འགལ་བ་ཡང་ཁྱད་པར་མ་ཡིན་ནོ། །གང་གི་ཚེ་སྒྲས་ཆོས་ཀྱི་ཡུལ་དུ་ཉེ་བར་འགོད་པ་དེའི་ཚེ་ནི་ཆོས་ཀྱི་ཁྱད་པར་ཡིན་ལ། གང་གི་ཚེ་ཆོས་ཅན་གྱི་ཡུལ་དུ་འགོད་པ་དེའི་ཚེ་ནི་ཆོས་ཅན་གྱི་ཁྱད་པར་ཡིན་པའི་ཕྱིར་སྒྲས་ཉེ་བར་བཀོད་པ་ལ་ལྟོས་ཏེ་གཉི་གའི་ཁྱད་པར་དུ་འགྱུར་བ་ཡིན་ནོ། །འདི་ནི་ཞེས་བྱ་བ་ནི་མིག་ལ་སོགས་པའི་ཆོས་ཅན་དག་གོ །གཞན་གྱི་དོན་ཡིན་ནོ་ཞེས་བྱ་བ་ནི་ཆོས་སོ། །འདུས་པ་མ་ཡིན་པའི་ཡུལ་ཅན་ཞེས་བྱ་ནི་ཆོས་ཀྱི་ཁྱད་པར་ཏེ། ཆོས་དང་གཞི་མཐུན་པ་ཡིན་པའི་ཕྱིར་རོ། །འདི་ལ་མིག་ལ་སོགས་པ་རྒྱུན་བརྒྱུད་མར་འབྱུང་བ་དེ་དག་ནི་གཞན་གྱི་དོན་ཡིན་ནོ། །འདུས་པ་ཉིད་ཀྱང་དུས་ཀྱི་ཁྱད་པར་ལ་མི་ལྟོས་པ་ཡིན་ཏེ། དེས་ན་རིམ་གྱིས་སམ་ཅིག་ཅར་གྱིས་འདུས་པ་གང་ཡིན་པ་དེ་ནི་འདིར་འདུས་པའི་རང་བཞིན་ཡིན་ནོ། །རྣམ་པར་ཤེས་པ་ཡང་རིམ་གྱིས་དུ་མའི་རང་བཞིན་ཡིན་ཏེ། དེས་ན་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་ནི་བདག་གི་ཡུལ་ཅན་ཁོ་ན་ཡིན་ནོ། །འདི་དག་ནི་འདུས་པ་མ་ཡིན་པའི་དོན་འདུས་པ་མ་ཡིན་པའི་ཆེད་དོ། །ངག་འདི་ལ་ནི་འདུས་པ་མ་ཡིན་པ་ཉིད་ཆོས་ཅན་མིག་ལ་སོགས་པའི་ཁྱད་པར་དུ་ཉེ་བར་བཟུང་བ་ཡིན་ནོ། །དེ་ལྟར་སྒྲས་ཉེ་བར་གཞག་པ་ལས་ཆོས་དང་ཆོས་ཅན་གྱི་ཁྱད་པར་རྣམ་པར་གཞག་པ་ཙམ་ཞིག་ཐ་དད་པར་ཟད་ཀྱི་དོན་ནི་གཅིག་ཁོ་ནའོ། །བསྒྲུབ་པར་བྱ་བ་ཉིད་དུ་འདོད་བས་ཁྱབ་པར་ཆོས་དང་ཆོས་ཅན་གྱི་ཁྱད་བར་དུ་སློབ་དཔོན་བཞེད་པ་ཡིན་ནོ་ཞེས་བྱ་བ་ག་ལས་ཤེ་ན། སྐབས་སུ་བབ་པའི་བསྒྲུབ་བྱ་འདི་ལས་དོན་གཞན་ཡིན་ན་འབྲེལ་བ་གང་གིས་མ་སྨྲས་པའི་ཁྱད་པར་སྨྲས་པའི་བསྒྲུབ་བྱའི་ཆོས་ཀྱིས་འཕེན་པར་འགྱུར་བའི་སྟེ། བསྒྲུབ་


DTG187_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཉིད་དུ་བྱེད་པར་འགྱུར་བ་དེ་དག་ལ་འབྲེལ་པ་ཅི་ཞིག་ཡོད་པ་དེ་དག་མེད་དོ། །ཆོས་ཅན་གྱིས་དེ་འཕེན་པ་ནི་མ་ཡིན་ཏེ། དེ་ལ་རབ་ཏུ་མ་གྲུབ་པའི་ཕྱིར་རོ། །སྒྲུབ་པར་བྱེད་པས་ཀྱང་མ་ཡིན་ཏེ། དེའི་དོན་དུ་མ་ཡིན་པའི་ཕྱིར་རོ། །ལྷག་མར་གྱུར་པས་སྨྲས་པའི་བསྒྲུབ་བྱའི་ཆོས་ཀྱི་སྐབས་སུ་བབ་པ་མ་ཡིན་པའི་ཆོས་བསྒྲུབ་བྱར་བྱེད་གྲང་ན། དེ་ཡང་འབྲེལ་བ་མེད་པའི་ཕྱིར་འཕེན་པར་བྱེད་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །སྐབས་སུ་བབ་པ་མ་ཡིན་པའི་ཁྱད་པར་ཐམས་ཅད་བསྒྲུབ་བྱ་ཉིད་དུ་ཐལ་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །འགྱུར་མོད་ཅེ་ན་དེ་ལྟར་ཡིན་དང་སྟེ། སྐབས་སུ་གཏོགས་བ་མ་ཡིན་པའི་ཆོས་ཐམས་ཅད་བསྒྲུབ་བྱ་ཉིད་ཡིན་དང༌། །གདོན་མི་ཟ་བར་ཆོས་འགའ་ཞིག་བཟློག་པས་ཁྱབ་པའི་ཕྱིར་གཏན་ཚིགས་ཐམས་ཅད་འགལ་བར་འགྱུར་ལ། དཔེ་ཐམས་ཅད་ཀྱང་བསྒྲུབ་པར་བྱ་བས་སྟོང་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མཐར་མཐོང་བ་མེད་པ་དེ་སྙེད་ནི་ཆོས་ཅན་འགར་ཡང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །འགའ་ཞིག་བཟློག་པས་ཁྱབ་པ་དང༌། འགའ་ཞིག་ཏུ་ཡང་བསྒྲུབ་བྱ་རྗེས་སུ་འགྲོ་བ་མེད་པ་ཡིན་ནོ། །འདིར་ནི་བསྒྲུབ་བྱས་སྟོང་པས་གཏན་ཚིགས་རྗེས་སུ་འགྲོ་བ་ཐེ་ཚོམ་ཟ་བའི་ཕྱིར་མ་ངེས་པ་ཡིན་ནོ། །གཏན་ཚིགས་དང་དཔེའི་སྐྱོན་ཡོད་པ་ཡིན་པ་དེའི་ཕྱིར་གང་ལས་ཀྱང་བསྒྲུབ་བྱ་གང་ཡང་རྟོགས་པར་མི་འགྱུར་རོ། །སྨྲས་པའི་ཆོས་ཉིད་རྗེས་སུ་འགྲོ་བ་མེད་པ་ཡིན་ན་སྐྱོན་འདིར་འགྱུར་གྱི། ཆོས་གཞན་རྗེས་སུ་འགྲོ་བ་མེད་པ་ལ་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་མ་ཡིན་ཏེ། བསྒྲུབ་བར་བྱ་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །བསྒྲུབ་བར་བྱ་བའི་དོན་འགའ་ཞིག་པོ་གང་ཡིན་པ་དེ་མ་ཚང་བས་དཔེ་བསྒྲུབ་པར་བྱ་བས་སྟོང་པ་དང༌། དེ་ལས་བཟློག་པ་བསྒྲུབ་པའི་ཕྱིར་གཏན་ཚིགས་འགལ་བ་ཡིན་ན། སྨྲས་པ་དང་མ་སྨྲས་པ་ཡང་བསྒྲུབ་བྱ་ཉིད་དུ་མཚུངས་པས་ན་སྐྱོན་དུ་འགྱུར་བ་ཉིད་དོ། །གཞན་ཡང་གལ་ཏེ་སྨྲས་པ་ཉིད་ལ་བརྟེན་ནས་འགལ་བར་འགྱུར་བ་ཡིན་ན། འདོད་པ་ལ་གནོད་པར་བྱེད་པ་ཡང་འགལ་བ་ཉིད་


DTG187_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འགལ་བ་ཉིད་དེ་ནི་བསྒྲུབ་པར་བྱ་བ་ལས་བཟློག་པ་ཉིད་ལ་འཇུག་པས་ན་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་དེ་ལས་བཟློག་པ་བསྒྲུབ་པའི་མཚན་ཉིད་དེ། རང་བཞིན་ཡིན་པ་དེའི་ཕྱིར་འདོད་པ་ལ་གནོད་པར་བྱེད་པ་འགལ་བ་ཉིད་དུ་མི་འགྱུར་རོ། །འདོད་པ་ཡང་ཡིན་ཏེ། དེའི་ཕྱིར་མ་བརྗོད་པ་རྗེས་སུ་འགྲོ་བ་མེད་པ་ལ་ཡང་འགལ་བ་ཉིད་ལ་སོགས་པའི་སྐྱོན་དུ་འགྱུར་བ་ཡིན་ནོ། །སྐྱོན་གཉིས་པོ་དེའི་ཕྱིར་ན། སྐབས་ཀྱི་རྟེན་དུ་གྱུར་པ་འདོད་པའི་ཆོས་ནི་ཆོས་དང༌། ཆོས་ཅན་གྱི་ཁྱད་པར་ཡིན་ནོ། །དེས་ནི་དེ་ལ་ནི་རྗེས་སུ་འགྲོ་བ་མེད་པའི་སྐྱོན་འདོད་པ་ཡིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་ཇི་སྐད་དུ་གཞན་གྱི་དོན་ཞེས་བྱ་བ་འདིར་གལ་ཏེ་ཕ་རོལ་པོ་བདག་གཞན་གྱི་སྒྲས་བརྗོད་པར་འདོད་ན་བདག་དེ་ནི་མ་གྲུབ་པའོ་ཞེས་བཤད་པ་ཡིན་ནོ། །མ་གྲུབ་པ་ཡང་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ཡིན་པའི་ཕྱིར་དེ་ལྟར་དཔེའི་ཆོས་ཅན་ལ་རྗེས་སུ་འགྲོ་བ་མེད་པར་བརྗོད་པ་ཡིན་ནོ། །དེས་ན་ཐམས་ཅད་བསྒྲུབ་བྱས་སྟོང་པ་ནི་མ་ཡིན་ནོ། །འགལ་བའི་ཆོས་ཀྱང་སྐབས་སུ་བབ་པའི་འདོད་པ་དེ་ཉིད་ལ་གནོད་པ་བྱས་པ་ཡིན་པའི་ཕྱིར་གཏན་ཚིགས་ཐམས་ཅད་འགལ་བར་འགྱུར་བ་མ་ཡིན་ནོ། །སྐབས་སུ་བབ་པ་མ་ཡིན་པའི་ཁྱད་པར་བསྒྲུབ་པར་བྱ་བ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། མ་བརྗོད་པའི་ཕྱིར་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་སྐབས་སུ་བབ་པ་ཡང་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེ་ན། གང་ལ་བདག་མེད་པ་སྨྲ་བ་དང་འགལ་བ་བདག་ཡོད་པར་སྨྲ་བ་རྒྱུ་མཚན་དུ་བྱས་ནས་ཡོད་པར་དམ་བཅས་པ་གྲུབ་པར་བྱ་བའི་ཕྱིར་རོ། །སྒྲུབ་པར་བྱེད་པ་བཀོད་པ་སྒྲུབ་པར་བྱེད་པ་བཀོད་པའི་རྟེན་དུ་འགྱུར་བ་དེ་གལ་ཏེ་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེ་ན། འགའ་ཡང་བསྒྲུབ་པར་བྱ་བར་མི་འགྱུར་རོ། །དེ་ལྟ་ཡིན་ན་ཞེས་སྨྲས་པ་ཙམ་ཞིག་བསྒྲུབ་བྱ་ཡིན་ན་ཕྱིན་ཅི་ལོག་ཏུ་གྲུབ་པའམ། སྒྲུབ་པར་བྱེད་པ་དོན་མེད་པར་འགྱུར་རོ། །ཕྱིན་ཅི་ལོག་ཏུ་གྲུབ་པ་བཤད་པ། མིང་གི་སྒྲ་ནི་མིང་ཅན་དང་འབྲེལ་བའི་སྔོན་རོལ་ནས་དོན་དང་ལྡན་པ་ཉིད་ནི་བསྒྲུབ་པར་


DTG187_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའོ། །རྣམ་པར་དབྱེ་བ་དང་ལྡན་པར་མཐོང་བའི་ཕྱིར་རོ་ཞེས་པ་ནི་གཏན་ཚིགས་སོ། །དཔེ་ནི་ཕྱི་རོལ་གྱི་དོན་རྣམས་དབྱེ་བའི་མཐའ་ཅན་གྱི་སྒྲ་ཡིན་ནོ། །འདི་ལ་བྱེ་བྲག་ཏུ་བཤད་པར་སྨྲ་བ་དག་ནི་དཔེར་ན་འགྲོ་བའི་ཕྱིར་བ་ལང་ཞེས་རིགས་ཀྱི་སྒྲ་བྱ་བའི་རྒྱུ་མཚན་ཡིན་པ་དེ་བཞིན་དུ་མིང་གི་སྒྲ་ཡང་ལྷ་རྣམས་ཀྱིས་བྱིན་པས་ལྷས་བྱིན་ནོ་ཞེས་འཆད་དོ། །བྱེ་བྲག་ཏུ་བཤད་བ་མ་ཡིན་པར་སྨྲ་བ་དག་ནི་མིང་གིས་སྒྲ་མིང་ཅན་དང་འབྲེལ་བའི་སྔོན་རོལ་དུ་རང་གི་ངོ་བོ་ཙམ་གྱིས་མཐར་ཐུག་པར་འདོད་དོ། །དེ་ལ་ཕ་རོལ་ནི་ཕྱི་རོལ་གྱི་དོན་གྲུབ་ཀྱི་རང་གི་ངོ་བོ་ཙམ་ནི་མ་ཡིན་ནོ།། དོན་ཙམ་ཞིག་སྨྲས་ཀྱི་བྱེ་བྲག་ནི་མ་སྨྲས་ཏེ། དེས་ནི་སྒྲའི་ངོ་བོ་རང་གི་ངོ་བོ་ཙམ་གྱིས་དོན་དང་ལྡན་པར་མི་འགྱུར་ལ། རྣམ་པར་དབྱེ་བ་མཐོང་བས་དོན་དང་ལྡན་པ་ཡང་ཡིན་པ་དེའི་ཕྱིར་ན་ཕྱི་རོལ་གྱི་དོན་ཉིད་ཀྱིས་དོན་དང་ལྡན་པར་བྱེ་བྲག་ཏུ་བཤད་པ་ཡིན་པར་སྨྲ་བ་མི་འདོད་པ་འགྲུབ་པར་འགྱུར་རོ། །སྨྲས་པ་ཙམ་བསྒྲུབ་པར་བྱ་བ་ཡིན་ན་འབྲས་བུ་མེད་པར་འགྱུར་བས་བསྟན་པའི་ཕྱིར་བཤད་པ། འདུས་པ་ཉིད་ཀྱི་ཕྱིར་གཞན་གྱི་དོན་གྲུབ་ཀྱང་བདག་གིས་དོན་མི་རྟོགས་སོ། །གཞན་གྱི་དོན་ཙམ་ཁྱད་པར་མེད་པ་ཁྱད་པར་དང་བྲལ་བའི་རང་བཞིན་གྱི་དོན་ཉེ་བར་བཟུང་བ་ན་བདག་གི་དོན་གྱིས་རྟོགས་པ་མ་ཡིན་པ་བཞིན་ནོ། །གལ་ཏེ་བདག་གི་དོན་མ་ཡིན་ན་ཇི་ལྟར་གཞན་གྱི་དོན་དུ་འགྱུར་ཞེ་ན། དེ་དག་འདུས་པ་གཞན་རྣམ་པར་ཤེས་པའི་དོན་བྱེད་པར་ནི་ཁས་བླངས་པའི་ཕྱིར་རོ། །བདག་གི་དོན་གྱི་མཚན་ཉིད་ཀྱིས་གཞན་གྱི་དོན་ལས་ཐ་དད་པར་འགྱུར་བའི་གཞན་གྱི་དོན་ནི་འདོད་པ་ཡིན་པའི་ཕྱིར། རྒོལ་བ་ལ་ཕྱིན་ཅི་ལོག་ཏུ་གྲུབ་པ་ནི་མེད་ཀྱི། འོན་ཀྱང་སྒྲུབ་པར་བྱེད་པ་འབྲས་བུ་མེད་པ་ཡིན་ནོ། །མི་འདོད་པ་དང་སྒྲུབ་པར་བྱེད་པ་འབྲས་བུ་མེད་པའི་ཕྱིར་ན་སྐབས་སུ་བབ་པ་ཡིན་བསམ་སྨྲས་ཀྱང་འདོད་པས་ཁྱབ་བའི་ཆོས་ནི་བསྒྲུབ་པར་བྱ་བ་ཡིན་ལ། དེ་མ་ཚང་བ་ལ་སོགས་པ་གང་དག་ཡིན་པ་དང༌། དེ་ཕྱིན་ཅི་ལོག་ཏུ་གྲུབ་པ་ལ་སོགས་པ་ཡང་དཔེ་ལ་སོགས་པའི་ཉེས་པ་ཡིན་ན། །དེ་མ་ཚང་བ་ནི་དཔེའི་སྐྱོན་ཡིན་ལ།


DTG187_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ནི་འགལ་བ་སྟེ། གཏན་ཚིགས་ཀྱི་སྐྱོན་ཡིན་ནོ། །འདོད་པ་བསྒྲུབ་པར་བྱ་བ་ཡིན་པའི་རྒྱུ་མཚན་གྱིས་རྗེས་སུ་འགྲོ་བ་མེད་པའི་ཉེས་པར་འགྱུར་བ་བསྟན་པ་འདིས་ནི་གཉིས་པ་དང་བཅས་པ་སྒྲུབ་པ་ལ་ཚུ་རོལ་མཛེས་པ་བས་གཏན་ཚིགས་ཀྱི་སྦྱོར་བ་བྱས་པ་གང་ཡིན་པ་དེ་རྣམས་ལ་ཡང་རྗེས་སུ་འགྲོ་བ་མེད་པར་བཤད་པ་ཡིན་ནོ། །དེ་རྣམས་ལ་སྦྱོར་བ་གཅིག་བསྟན་པའི་ཕྱིར་བཤད་པ། མངོན་པར་གསལ་བ་སྟེ་གསལ་བའི་རང་བཞིན་དུ་རྣམ་པར་གནས་པའི་སེམས་ཅན་གྱི་ལུས་གང་ཡིན་པ་དེའི་མཚན་ཉིད་དེ་རང་བཞིན་གང་ལ་ཡོད་པའི་སྐྱེས་བུའོ། །དེ་དང་བུམ་པ་དེ་དག་ལས་གང་ཡང་རུང་བས་གཉིས་པ་དང་བཅས་པ་སྟེ་ཟླ་བོ་དང་བཅས་པའོ། །བུམ་པ་ནི་གང་ཡང་རུང་བས་གཉིས་པ་དང་བཅས་པར་བསྒྲུབ་པར་བྱ་བ་ཡིན་ནོ། །ཨུཏྤལ་མ་ཡིན་པ་སྟེ། ཨུཏྤལ་ལས་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཏོ། །དངོས་པོ་མེད་པ་ནམ་མཁའ་ལ་སོགས་པ་གང་ལས་བུམ་པ་དང་སྐྱེས་བུ་གང་ཡང་རུང་བའི་གཉིས་པ་དང་བཅས་པ་ལྡོག་པ་དེ་ཉིད་ལས་དངོས་པོའི་རང་བཞིན་ཨུཏྤལ་མ་ཡིན་པ་ཉིད་ཀྱང་ལོག་པ་ཡིན་ལ། རྩིག་པ་ལ་ནི་གཉི་ག་ཡང་ཡོད་པའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དང་གྲུབ་པ་ཡིན་ལ། ཨུཏྤལ་མ་ཡིན་པ་ཉིད་ཕྱོགས་ཀྱི་ཆོས་ཡིན་ནོ། །སྤྱིར་གཉིས་པ་དང་བཅས་པས་ནི་ཁྱབ་པ་ཡིན་ཏེ། དེས་ན་རྗེས་སུ་འགྲོ་བ་མེད་པའི་ཉེས་པ་མེད་ཅིང་བུམ་བ་ཉིད་ནི་བུམ་པ་ཉིད་པ་དང་བཅས་པ་ཡིན་པའི་ཕྱིར་ཤུགས་ཀྱིས་དེ་ལྟ་བུར་གྱུར་པའི་སྐྱེས་བུར་འགྱུར་བ་ཡིན་ནོ་ཞེས་བྱ་བ་དེ་ལ། འདིར་རྩིག་པ་ནི་གང་གི་ཕྱིར་དེ་ལྟ་བུར་གྱུར་པ་ཞེས་བྱ་བ་འདོད་པ་མངོན་པར་བསལ་བའི་སེམས་པ་ཅན་གྱིས་གཉིས་པ་དང་བཅས་པ་སྟེ། དོན་གཞན་དང་ལྡན་པར་མ་གྲུབ་པ་དེའི་ཕྱིར་རྗེས་སུ་འགྲོ་བ་མེད་པའི་སྐྱོན་དུ་འགྱུར་བ་བཞིན་ནོ། །འོན་ཏེ་སྤྱིར་སྤྱི་དང་ལྡན་པའི་གཉིས་པ་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི། སྐྱེས་བུར་གྲུབ་པའི་གཉིས་པ་དང་བཅས་པ་ཞེས་ཁྱད་པར་འཕེན་པ་ཡིན་ནོ་ཞེ་ན། ཁྱད་བར་མི་འཕེན་


DTG187_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྒྲུབ་པར་བྱེད་པའི་འབྲས་བུ་ཅུང་ཟད་ཀྱང་མེད་པར་འགྱུར་ཏེ། གང་གི་ཕྱིར་འགའ་ཞིག་གིས་གཉིས་པ་དང་བཅས་པར་ནི་གྲུབ་པའི་ཕྱིར་རོ། །ཡང་ན་ནི་མི་འདོད་པར་འགྱུར་རོ་ཞེས་བྱ་བ་ནི་དཔེ་ལ་བུམ་པ་འབའ་ཞིག་གིས་གཉིས་པ་དང་བཅས་པར་གྲུབ་པ་ཅི་འདྲ་བ་དེ་འདྲ་བར་བུམ་པ་འབའ་ཞིག་གིས་གཉིས་པ་དང་བཅས་པར་ནི་འགལ་བའི་ཕྱིར་མི་འདོད་པར་འགྱུར་བ་ཡིན་ནོ། །ཁྱད་པར་མི་འཕེན་ན་སྐྱོན་གཞན་ཡང་བསྟན་པའི་ཕྱིར་གལ་ཏེ་ཞེས་སྨོས་ཏེ། སྐྱེས་བུའི་ཁྱད་པར་ཅན་གྱི་གཉིས་པ་དང་བཅས་པ་དེ་གཏན་ཚིགས་ཀྱི་ཡུལ་དུ་བྱས་པ་མ་ཡིན་ཏེ། བྱེད་པའི་གཞིར་མ་བྱས་པ་མ་ཡིན་ན་ཇི་ལྟར་གཏན་ཚིགས་དེས་དེ་འགྲུབ་པར་འགྱུར་ཏེ། གཏན་ཚིགས་འདི་ནི་དེའི་དོན་དུ་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་གཏན་ཚིགས་འདི་ལས་བསྒྲུབ་བྱ་དེ་འགྲུབ་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་ཡིན་ན། འོ་ན་ཇི་ལྟར་འགྲུབ་པ་དེ་ཡུལ་མ་ཡིན། གང་ལས་གྲུབ་པ་དེ་ཉིད་ནི་གཏན་ཚིགས་དེའི་ཡུལ་ཡིན་ནོ། །ཡུལ་ཡིན་དུ་ཆུག་མོད་ཅེ་ན། ཡུལ་ཡིན་ནོ་ཞེ་ན་ནི་རང་ལ་བརྟེན་པ་ཞེས་བྱ་བ་དག་ཉིད་དང་འབྲེལ་བ་ལས་གྱུར་པའི་ཉེས་པའི་རྣམ་པ་ཉེས་པའི་བྱེ་བྲག་ཇི་ལྟར་བདག་གིར་མི་བྱེད། སྒྲུབ་པར་བྱེད་པའི་སྐྱོན་ལ་ལ་ནི་རང་ལ་བརྟེན་པ་ཡིན་ཏེ། དཔེར་ན་ཕྱོགས་ཀྱི་ཆོས་ལ་བརྟེན་པ་ལྟ་བུའོ། །ལ་ལ་ནི་བསྒྲུབ་པར་བྱ་བ་ལ་ནི་ལྟོས་པ་ཡིན་ཏེ། དཔེར་ན་རྗེས་སུ་འགྲོ་བ་མེད་པ་ལ་སོགས་པའོ། །བདག་ཉིད་ལ་བརྟེན་པ་དེ་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་ཉེ་བར་སྡུད་པ་ཡིན་ནོ། །དེ་ནི་འདིར་ཤུགས་ཀྱིས་བསྒྲུབ་པར་བྱ་བ་ཡིན་གྱི་སྒྲས་ཉེ་བར་ཟིན་པ་ནི་མ་ཡིན་ཏེ། སྒྲས་ཟིན་པ་ནི་སྤྱི་ཡིན་པའི་ཕྱིར་རོ། །སུན་འབྱིན་པ་ཉེ་བར་འགོད་པ་ནི་གང་ཞིག་སྒྲས་ཟིན་པའི་དོན་དེའི་ཡུལ་ཅན་ཡིན་ལ་ཁྱད་པར་ནི་དོན་གྱིས་གྲུབ་པ་ཡིན་པ་དེས་ན་སུན་དབྱུང་བར་བྱ་བ་མ་ཡིན་ནོ་ཞེ་ན། བཤད་པ། རྒོལ་བ་དེས་དེ་ལ་བརྟེན་པ་ཞེས་བྱ་བ་སྐྱེས་བུར་གྱུར་བའི་གཉིས་པ་ལ་བརྟེན་པའི་གྲུབ་པ་ངེས་པ་ནི་གྲུབ་པར་བྱེད་པ་ལས་རྙེད་པ་ཞེས་བྱ་བ་ཐོབ་པར་འགྱུར་ཞིང་ཕྱིར་རྒོལ་བ་གཞན་སུན་


DTG187_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་བ་ནི་མི་འཐོབ་པ་སྟེ། སྒྲས་ཟིན་པའི་དོན་དེས་སུན་དབྱུང་བར་བྱ་བ་ཡིན་གྱི། དེ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རིགས་ཅན་ནི་གསལ་བར་རྒྱལ་པོའི་གྲངས་རིགས་པའི་བརྟག་པ་དང་བྲལ་བར་ནན་གྱིས་རྣམ་པར་འཇོག་པ་ཡིན་ན། འདི་ནི་རིགས་པའི་གྲངས་ཡིན་ནོ། །འདིར་སྒྲུབ་པར་བྱེད་པས་གྲུབ་པར་བྱེད་པར་འདོད་པའི་དོན་དེ་ཉིད་སུན་འབྱིན་པར་བྱེད་པས་གྲུབ་པ་བཟློག་པར་བྱ་བ་ཡིན་ཏེ། དེས་ན་སྒྲུབ་པར་བྱེད་པ་དང་འབྲེལ་བའི་ཡུལ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་སུན་འབྱིན་པ་དང་འབྲེལ་པ་དེ་གྲུབ་པའི་གེགས་ཀྱི་ཡུལ་ཡིན་ནོ་ཞེས་བཤད་པ་ནི། དེས་ན་གོ་བར་བྱེད་པ་ཉིད་ཀྱི་ནུས་པས་ཡུལ་དུ་བྱས་པའོ། །ཅིའི་ཕྱིར་ཞེ་ན། གྲུབ་པ་འཕེན་པའི་ཕྱིར་རོ། །དོན་གང་ཞིག་གི་གྲུབ་པ་སྒྲུབ་པར་བྱེད་པ་གང་གིས་འཕེན་པའི་དོན་གྱི་རྣམ་པ་སྟེ། དོན་གྱི་བྱེ་བྲག་དང་དོན་གྱི་དབྱེ་བ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་སྒྲུབ་པར་བྱེད་པ་དེའི་སུན་འབྱིན་པའི་ནུས་པས་ཁྱབ་པ་ཡིན་ནོ། །དོན་གྱི་རྣམ་པ་དེའི་གྲུབ་པའི་གེགས་ཡིན་པའི་ཕྱིར་དོན་དེ་ཐམས་ཅད་ཁྱབ་པ་ཡིན་ཏེ། དེའི་ཕྱིར་སྒྲས་ཟིན་པའི་དོན་འབའ་ཞིག་ནི་དེས་སུན་དབྱུང་བར་བྱ་བ་མ་ཡིན་གྱི། འོན་ཀྱང་དོན་ཇི་སྙེད་ཤུགས་ཀྱིས་གྲུབ་པས་སྒྲུབ་པར་བྱེད་པས་བསྒྲུབ་པར་བྱ་བ་དེ་ཐམས་ཅད་སུན་དབྱུང་བར་བྱ་བ་ཡིན་ནོ། །དེས་ན་ཁྱད་པར་འཕེན་ན་རྗེས་སུ་འགྲོ་བ་མེད་པའི་སྐྱོན་ཡིན་ནོ། །སྨྲས་པ་ཙམ་ཞིག་སྒྲུབ་ན་སྒྲུབ་པ་ཉིད་ཡིན་ལ། དཔེ་ལ་མཐོང་བའི་བུམ་པས་གཉིས་པ་དང་བཅས་པར་སྒྲུབ་ན་ནི་འདོད་པར་ཐལ་བ་ཡིན་ནོ། །གཞན་ཡང་སྤྱིར་སྒྲུབ་ན་གྲུབ་པ་ལ་སྒྲུབ་པོ་ཞེས་ནི་བཤད་པ་ཡིན་མོད་ཀྱི་ཡུལ་འདིར་ནི་སྤྱིར་ཡང་བསྒྲུབ་པར་བྱ་བར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། རྣམ་པ་དེ་ལྟ་བུ་མངོན་པར་གསལ་བའི་སེམས་པ་ཅན་བུམ་པ་ལས་དོན་གཞན་གྱི་ངོ་བོ་གཞན་ཉིད་དུ་ཁས་མི་ལེན་ན་སྤྱིར་ཡང་གཉིས་པ་ཉིད་མི་འགྲུབ་པོ། །གལ་ཏེ་ལུས་དོན་གཞན་མ་ཡིན་མོད། དེ་ལྟ་ན་ཡང་ཇི་ལྟར་སྤྱི་བསྒྲུབ་བྱར་མི་འགྱུར་ཞེ་ན། གང་ཡང་རུང་བའི་དོན་གཞན་གྱི་ངོ་བོ་མེད་པའི་ཕྱིར་རོ། །མདོར་བཞག་པའི་


DTG187_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་འདི་ཉིད་རྣམ་པར་དགྲོལ་བའི་ཕྱིར་བཤད་པ། གཉི་ག་དེ་ལྟ་བུའི་དངོས་པོ་སྟེ་དོན་གཞན་གྱི་དངོས་པོར་སྲིད་པ་ཡིན་ན། གང་ཡང་རུང་བའི་སྒྲ་དོན་འབྲེལ་བར་འགྱུར་བ་ཡིན་ནོ། །གང་ཡང་རུང་བ་ནི་སྒྲ་ནི་གཅིག་ཏུ་མ་དེས་བར་གཉི་ག་བརྗོད་པ་ཡིན་པས་ལུས་གཉིས་པ་མ་ཡིན་ན་ནི་ནུས་པ་མ་ཡིན་ནོ། །དཔེར་ན་ཞེས་བྱ་བ་ལ་སོགས་པ་ལ། ལྷ་སྦྱིན་དང་མཆོད་སྦྱིན་གཉི་ག་ལ་ཡང་ཟ་བའི་བསྒྲུབ་པ་སྲིད་ན་ནི་གཅིག་ཏུ་མ་ངེས་པར་བརྗོད་པ་དེའི་ཕྱིར་གང་ཡང་རུང་བ་བརྗོད་པ་དོན་དང་འབྲེལ་བར་འགྱུར་གྱི། རྒྱུ་མཚན་འགའ་ཞིག་ལས་གཅིག་ཟ་བར་མི་སྲིད་པའམ། གང་ཡང་རུང་བ་གཅིག་ཟ་བ་ལ་སྨྲ་བ་པོའི་འདོད་པ་མེད་ན་ནི་མ་ཡིན་ནོ། །དེའི་ཕྱིར་འདིས་ནི་རྗེས་སུ་འགྲོ་བའི་དུས་ན་ཕྱིར་རྒོལ་བ་ལས་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཉིད་མ་གྲུབ་པ་ཡིན་ཏེ། དེས་ན་རྗེས་སུ་འགྲོ་བ་མེད་པའི་ཕྱིར་སྤྱི་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ད་ནི་རྒོལ་བ་བསྒྲུབ་བར་བྱ་བའི་ཆོས་ཅན་ལ་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཉིད་དུ་མི་འདོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། གཏན་ཚིགས་འདི་ལས་ཀྱང་གང་ཡང་རུང་བའི་དོན་གཞན་གྱི་ངོ་བོ་མི་འཐད་དོ། །གང་ལས་ཤེ་ན་བུམ་པ་རང་ཉིད་ཀྱིས་ཏེ་བདག་ཉིད་ཀྱི་དོན་གཞན་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཁས་ལེན་ན་ནི་འགལ་ལོ་ཞེས་བཤད་པ་ནི་འགལ་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་ཁས་མ་བླངས་ཤེ་ན་བུམ་པ་ལས་བུམ་པ་དོན་གཞན་མ་ཡིན་ནོ། །དེའི་ཕྱིར་ལུས་ཉིད་དོན་གཞན་དུ་གྱུར་པ་ཡིན་ནོ་ཞེས་གཉིས་པ་ཉིད་ཀྱི་དག་གི་དོན་དུ་ངེས་པར་རྣམ་པར་གནས་པ་ཡིན་ནོ། །དེས་ན་གང་གི་ཕྱིར་སྤྱི་བསྒྲུབ་པར་བྱ་བར་འགྱུར་གྱི་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཉིད་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དེས་ན་སྤྱི་བརྗོད་པ་ཅན་གང་ཡང་རུང་བ་སྨོས་པ་ནི་དོན་མེད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གང་ཡང་རུང་བས་གཉིས་པ་ཉིད་དུ་ཁས་ལེན་ཅིང་དེའི་དོན་གང་ཡང་རུང་བ་སྨོས་པ་ཡིན་ན་འགལ་བར་འགྱུར་རོ་ཞེས་བཤད་པ་ནི་ཚུ་རོལ་མཛེས་


DTG187_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྒྲུབ་པར་བྱ་བའི་ཚིག་འདི་འགལ་བར་ཏེ་གནོད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བཤད་པ། བུམ་པ་བདག་ཉིད་ཀྱི་རང་གི་ངོ་བོས་ནི་ཟླར་འགལ་བའི་དེའི་ངོ་བོ་བུམ་པ་ཉིད་དང་དོན་གཞན་དུ་གྱུར་པ་དེ་དག་ནི་འགལ་བ་ཡིན་ནོ། །གལ་ཏེ་བུམ་པ་དེ་ཉིད་ལ་བུམ་པ་དེ་ཉིད་གཉིས་པ་ཡིན་ན་དེའི་ཚེ་བུམ་པ་ཡང་ཡིན་ལ་གཞན་ཡང་ཡིན་པར་འགྱུར་ན་དེ་ནི་བདག་ཉིད་གཅིག་ལ་འགལ་བ་ཡིན་ནོ། །ཇི་ལྟར་དག་འདི་ལས་འགལ་བའི་དོན་འདི་རྟོགས་པར་འགྱུར་ཏེ། གང་གི་ཕྱིར་ཤུགས་ཀྱི་ལུས་ཉིད་ཀྱིས་བུམ་པ་གཉིས་པ་དང་བཅས་པ་ཡིན་པའི་ཕྱིར་རོ་ཞེ་ན། བཤད་པ། གལ་ཏེ་འདི་ལུས་ཉིད་ཀྱི་དོན་གཞན་ཉིད་དུ་བརྗོད་པར་འདོད་ནའོ། །དེ་སྐད་དུ་ཞེས་བྱ་བ་ནི་དོན་གཞན་དུའོ། །གང་ཡང་རུང་བའི་སྒྲས་ནི་ལུས་ཉིད་ཡིན་པར་མི་འགྱུར་ཏེ། འོན་ཀྱང་བུམ་པ་ཡང་དེར་ཞེས་བྱ་བ་དོན་གཞན་གྱི་ངོ་བོར་དེས་འདོད་པར་འགྱུར་ཏེ། དེའི་ཕྱིར་འགལ་བ་ཡིན་ནོ། །འདིའི་ཕྱིར་ཡང་ཞེས་བྱ་བ་ནི་གཏན་ཚིགས་གཞན་གྱིས་ཀྱང་གཉིས་པ་ཉིད་སྤྱི་ལ་བརྟེན་པ་མ་ཡིན་ནོ། །སྔར་ནི་བུམ་པ་དང་སྐྱེས་བུ་ཚོགས་པ་དཔེ་དང་བསྒྲུབ་པར་བྱ་བའི་ཆོས་ཅན་ལས་དོན་གཞན་མ་ཡིན་པ་དེའི་ཕྱིར་སྤྱི་བསྒྲུབ་བྱར་མེད་པར་བཤད་པ་ཡིན་ལ། ད་ལྟ་ནི་བུམ་པའམ་སྐྱེས་བུ་སོ་སོར་ཡང་གཉིས་པ་མ་ཡིན་པ་དེ་ན་སྤྱི་ལ་བརྟེན་པ་མ་ཡིན་ཏེ། གསལ་བ་ཐམས་ཅད་ཡོད་པར་མི་སྲིད་ན་དེའི་སྤྱི་མི་འཐད་པའི་ཕྱིར་རོ། །འདི་ལ་བུམ་པར་གྱུར་པ་དང་སྐྱེས་བུར་གྱུར་པ་གཉིས་ཉིད་ཀྱི་ཁྱད་པར་མེད་པའི་ཕྱིར་གཉིས་པ་ཉིད་ཀྱི་སྤྱི་མི་འཐད་པ་ཡིན་ནོ། །འདི་ལ་དཔེ་ནི་དཔེར་ན་བྲམ་ཟེ་ལ་སོགས་པ་ཉིད་མ་ཡིན་པ་བྲམ་ཟེ་ལ་སོགས་པའི་རིགས་གཞི་མེད་པའི་གསལ་བ་འབའ་ཞིག་བའི་རིགས་ཉིད་མེད་པ་དང་རྟོག་པའི་ཤེས་བཞེས་བྱ་བ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་ལ་དབང་པོ་ལ་བརྟེན་པ་ཉིད་མེད་པ་བཞིན་ནོ། །ཇི་ལྟར་ཞེ་ན། འདི་ལྟར་རྣམ་པར་རྟོག་པའི་ཤེས་པ་དེ་མིག་ལ་བརྟེན་བ་ནི་མ་ཡིན་ཏེ། དེའི་ཞེས་བྱ་བ་མིག་གི་ཤེས་པ་བཞིན་དུ་དེའི་དོན་རྟོགས་པ་མེད་པའི་ཕྱིར་རོ། །མིག་ལ་བརྟེན་པའི་ཤེས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་གཟུགས་སོ་སོར་


DTG187_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཡིན་ན། རྣམ་པར་རྟོག་པ་གཟུང་བ་ནི་གཟུགས་མ་ཡིན་ཏེ། དེ་ནི་རྣམ་བ་གཞན་དུ་མིག་གི་རྣམ་པར་ཤེས་པས་འཛིན་པའི་ཕྱིར་རོ། །འདིའི་ཕྱིར་ཡང་དེ་མིག་གིས་གཟུང་བར་བྱ་བ་མ་ཡིན་ཏེ། མིག་དེ་འགྱུར་བའི་རྗེས་སུ་མི་བྱེད་བའི་ཕྱིར་རོ། །གང་ཞིག་གང་ལ་བརྟེན་པ་ཞེས་བྱ་བ་དེ་ནི་འགྱུར་བའི་རྗེས་སུ་བྱེད་པ་ཡིན་ཏེ། དཔེར་ན་མཐོང་བའི་མིག་གི་རྣམ་པར་ཤེས་བ་བཞིན་ནོ། །རྣམ་པར་རྟོག་པའི་ཤེས་པ་འདི་ནི་དེ་ལྟ་མ་ཡིན་ནོ། །གཞན་ཡང་གང་ཞིག་གང་གི་འབྲས་བུ་ཡིན་པ་དེ་དེ་ལ་བརྟེན་པར་བརྗོད་པ་ཡིན་ནོ། །རྣམ་པར་རྟོག་པའི་ཤེས་པ་ནི་མིག་གི་འབྲས་བུ་མ་ཡིན་ཏེ། རྣམ་པར་རྟོག་པའི་ཤེས་པ་ནི་མིག་དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་གཏན་ཚིགས་གསུམ་པོ་འདི་ཉིད་ཀྱིས་ན་རྣམ་པར་རྟོག་པའི་ཤེས་པ་དེ་རྣ་བ་ལ་སོགས་པ་ལ་བརྟེན་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དབང་པོ་ལ་བརྟེན་པ་མ་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བའི་སྒྲ་ནི་རིམ་པ་བཞིན་དུ་ཡིན་ཏེ། དེ་བཞིན་དུ་དེ་ལྟ་ནི་མ་ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །ལུས་དང་བུམ་པ་དེ་གཉིས་གཅིག་དང་དེ་ལྟར་ཞེས་བྱ་བ་དངོས་པོ་གཞན་ཉིད་དུ་ཁས་ལེན་པ་ཡིན་ནམ། བུམ་པ་དང་ལུས་དག་ལུས་གང་ཡང་རུང་བའི་དོན་གཞན་དུ་གྱུར་པ་ཞེས་དེ་ལྟར་སྤྱིར་ཏེ། སྤྱི་དང་ལྡན་པའི་དོན་གཞན་གྱི་ངོ་བོ་བསྒྲུབ་བྱར་འགྱུར་བ་ཡིན་ནོ། །དེ་ལྟར་ཞེས་པ་ནི་དོན་གཞན་གྱི་ངོ་བོའོ། །ལུས་དེ་ལྟ་བུ་ནི་དཔེ་ལ་རྗེས་སུ་འགྲོ་བ་མེད་པར་དོགས་པས་རང་ཉིད་ཀྱིས་ཁས་མ་བླངས་པ་དང༌། བུམ་པ་ཡང་བུམ་པ་ལས་ཐ་དད་པའི་དོན་གྱི་ངོ་བོར་འགལ་བའི་ཕྱིར་ཁས་མ་བླངས་པ་ཡིན་ནོ། །དེའི་ཕྱིར་སྤྱི་དང་ལྡན་པའི་བསྒྲུབ་བྱ་ཡང་མི་སྲིད་དོ། །མི་སྲིད་པ་དེ་ཉིད་དཔེའི་སྒོ་ནས་གསལ་བར་བྱ་བའི་ཕྱིར་བཤད་པ། འཇིག་རྟེན་འདི་ལྟ་བུའི་ངག་གི་དོན་སྲིད་པ་ཡོད་དམ་ཞེས་བྱ་བ་ཡིན་ཏེ། མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞིག་ཅེ་ན། ལྷ་སྦྱིན་དང་མཆོད་སྦྱིན་དག་ལས་ཞེས་བྱ་བ་ལ་སོགས་པར་བརྗོད་པའོ། །འདི་ལ་ལྷ་སྤྱིན་དུ་རྟོགས་པའི་ཟན་སྦྱིན་པར་བྱ་བ་ནི་ཟན་སྤྱིན་པར་བྱ་བའི་ཁྱད་པར་ཡིན་ཏེ། དེ་བཞིན་དུ་མཆོད་སྦྱིན་དུ་


DTG187_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ཡང་ཡིན་ནོ། །ཟན་སྦྱིན་པར་བྱ་བ་འདི་ཉིད་སྤྱིར་གྱུར་པ་གང་ཡང་རུང་བའི་སྒྲའི་དོན་གྱི་ཡུལ་ཡང་མི་སྲིད་པ་ཉིད་དོ། །འདི་སྙམ་དུ་དོན་འདི་ནི་མི་འགལ་ཏེ། གང་གི་ཕྱིར་ལྷ་སྦྱིན་ལ་མ་ཡིན་ཞིང་མཆོད་སྦྱིན་ལ་མ་ཡིན་ནོ་ཞེས་བྱ་བའི་ཚིག་འདི་ནི་སྒྲུབ་པ་ཙམ་ཟློག་པར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་ངེས་པ་ཟློག་པའི་དོན་དུ་ཡིན་ནོ། །ངེས་པ་དེ་ཉིད་བསྟན་པའི་ཕྱིར་བཤད་པ། ལྷ་སྦྱིན་འབའ་ཞིག་ལ་མ་ཡིན་ནོ་ཞེས་དེ་ལྟར་ངེས་པར་བཟློག་པར་བྱ་བ་ཡིན་ནོ། །བསམ་པ་ནི་འདི་ཡིན་ཏེ། སྒྲུབ་བ་དང་དགག་པ་དག་གཅིག་ལ་འགལ་བའི་ཕྱིར་རོ། །གང་ཡང་རུང་བའི་ཡུལ་ལ་ཟན་སྦྱིན་པར་བསྒྲུབ་པ་ན་དགག་པ་ནི་ངེས་པའི་ཡུལ་ཅན་ཉིད་ཡིན་ནོ་ཞེ་ན། མ་ཡིན་ཏེ། གང་ཡང་རུང་བ་སྨོས་པ་ཉིད་ཀྱིས་ངེས་པར་ཐལ་བ་མེད་པའི་ཕྱིར་རོ། །ངེས་པར་ཐལ་ན་ནི་དེའི་བཟློག་པའི་ཕྱིར་བརྗོད་པ་ཡིན་ན། རྣམ་པར་བརྟག་པའི་དོན་ཅན་གང་ཡང་རུང་བའི་སྒྲ་བཀོད་པ་ཉིད་ཀྱིས་ཐལ་བ་མེད་པ་ཡིན་ནོ། །གང་གི་ཕྱིར་གང་ཡང་རུང་བའི་སྒྲ་ཉེ་བར་བཟུང་ན་ངེས་པར་ཐལ་བ་མེད་པ་དེའི་ཕྱིར་གཉི་ག་ཡོངས་སུ་འཛིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཅིག་ཡོངས་སུ་འཛན་པ་ན་གང་ཡང་རུང་བ་སྨོས་པ་འདི་དོན་འཐད་པར་འགྱུར་རོ། །གང་གི་ཚེ་ཞེ་ན། གཅིག་ཡོངས་སུ་བཟུང་བ་མི་འགལ་བ་ཡིན་པར་འགྱུར་ནའོ། །འགལ་ན་ནི་དོན་མི་འཐད་པ་ཁོ་ནའོ། །མི་འགལ་ན་དོན་འཐད་པ་ཉིད་བཤད་པ་ནི། དཔེར་ན་ཞེས་བྱ་བ་ཡིན་ནོ། །གཅིག་ཟ་ཡང་གང་ཡང་རུང་བ་ཟའོ་ཞེས་བརྗོད་པ་ལ་ནི་གང་ཡང་རུང་བ་སྨོས་པར་ནུས་པ་ཡིན་ནོ། །གལ་ཏེ་སྐབས་སུ་བབ་པ་གཉིས་ལས་གཅིག་ལ་མི་སྲིད་ན་གཉི་གའི་ཡུལ་ཅན་གང་ཡང་རུང་བའི་སྒྲ་མི་འཐད་པ་མ་ཡིན་ནམ་ཞེ་ན། བཤད་པ། གང་ཡང་རུང་བའི་སྒྲ་འདིའི་ཡུལ་ནི་རྣམ་པར་བརྟག་པ་ཡིན་པའི་ཕྱིར་རོ། །གང་ཡང་རུང་བ་ལ་ཟན་སྦྱིན་པར་སྒྲུབ་པས་ནི་རྣམ་བར་བརྟག་པའི་དོན་གོ་བར་འགྱུར་གྱི་ངེས་པ་ནི་མ་ཡིན་ནོ། །དེས་ན་གཅིག་མི་སྲིད་ཀྱང་སྒྲུབ་པ་དེའི་ཡུལ་ནི་གཉིས་པ་ཡིན་པར་འཛིན་ཏོ། །གང་ཡང་རུང་བ་སྒྲ་ཉེ་བར་བཀོད་པ་ན་གང་ལ་དེ་མི་སྲིད་པ་དེ་ཉིད་དུ་སྒྲུབ་པར་བྱེད་པའི་དོན་ནི་མ་ཡིན་གྱི།


DTG187_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་དེ་ཉིད་གཅིག་ལ་བསྒྲུབ་པ་ཡིན་ཏེ། ངེས་ན་གང་ལ་སྲིད་པ་དེ་ཉིད་གཟུང་བ་ཡིན་ནོ། །དེ་བཞིན་དུ་དོན་ལ་ཡང་གང་སྲིད་པ་དེ་ཁོ་ན་གཟུང་བར་བྱ་བ་ཡིན་ནོ་ཞས་སྦྱར་བར་བྱ་བའི་ཕྱིར་བཤད་པ། གཉིས་པ་དང་བཅས་པའི་སྦྱོར་བ་དེ་ལ་བུམ་པ་ཁོ་ནའམ། ལུས་ཁོ་ནས་ཞེས་ངེས་པར་ནི་མི་འདོད་དེ། །དེས་ན་གང་ཡང་རུང་བའི་སྒྲ་སྦྱར་བ་ནི་གང་སྲིད་པ་དེ་ཁོན་གཟུང་བར་བྱའོ་ཞེས་བྱ་བར་གྱུར་ན། སྔར་བཤད་པའི་ཚུལ་གྱི་གཅིག་ཀྱང་སྲིད་པ་མ་ཡིན་ཏེ། དེས་ན་གང་ཡང་རུང་བའི་སྒྲ་ལ་ནུས་པ་མེད་པས་དེ་ལ་ལྟོས་པ་གཉིས་པ་དང་བཅས་པ་ཉིད་ཀྱི་སྤྱི་ཡང་བསྒྲུབ་པར་བྱ་བ་མ་ཡིན་པར་འགྱུར་རོ། །གང་ཡང་རུང་བ་སྨོས་པ་ཡང་གང་གི་ཚེ་སྒྲུབ་པའི་ཡུལ་སྲིད་པར་བསྟན་པའི་ཕྱིར་ཡིན་ཏེ། ལྷ་སྦྱིན་དང་མཆོད་སྦྱིན་གང་ཡང་རུང་བ་ལ་ཟན་སྦྱིན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ཟན་སྦྱིན་པ་སྒྲུབ་པའི་ཡུལ་གང་ཡང་རུང་བ་སྲིད་དོ་ཞེས་བྱ་བའི་དོན་ཡིན་པ་དེའི་ཚེ་ནི། གཅིག་ཟན་ཟ་བར་སྲིད་ཀྱང་གང་ཡང་རུང་བའི་སྒྲ་ནུས་པ་ཡིན་ནོ། །གཉི་ག་ལ་ཟ་བ་གྲུབ་པར་སྲིད་པ་ལ་ནི། ངེས་པ་མེད་པར་ཟ་བ་སྒྲུབ་པ་ན། གང་ཡང་རུང་བའི་སྒྲ་གཟན་ཟ་བར་བསྒྲུབ་པའི་ཡུལ་མ་ངེས་པར་བསྟན་པ་ལ་འཇུག་པ་ཡིན་པས། དེའི་ཚེ་ནི་གཉི་ག་ལ་ཟན་ཟ་བའི་སྒྲུབ་པ་སྲིད་པ་ན་ནུས་པར་འགྱུར་རོ། །རྣམ་པར་དབྱེ་བ་འདི་ནི་འཇིག་རྟེན་པའི་སྦྱོར་བ་ལ་དོན་དང་སྐབས་ལ་སོགས་པ་ལས་ཤེས་པར་བྱ་བ་ཡིན་ནོ། །འདིར་ནི་གཉིས་པ་དང་བཅས་པའི་སྦྱོར་བ་ལ། རྩིག་པ་ནི་བུམ་པས་གཉིས་པ་དང་བཅས་པ་ཡིན་ལ། བསྒྲུབ་པར་བྱ་བའི་ཆོས་བུམ་པ་ནི་ལུས་ཀྱི་ཡིན་པར་རྒོལ་བ་འདོད་པ་ཡིན་ཏེ། དེས་ན་གཉི་ག་ཡང་དོན་གཞན་དུ་གྱུར་པར་ཁས་བླང་ངོ༌། །དོན་གཞན་ཉིད་དེ་ནི་ངེས་པ་མེད་པར་གང་ཡང་རུང་བ་ཞིག་ཡིན་པར་རྟོགས་པར་བྱ་བ་ཡིན་ཏེ། དཔེའི་ཆོས་ཅན་ལ་ནི་བུམ་པ་ཡིན་ལ། བསྒྲུབ་བྱའི་ཆོས་ཅན་ལ་ནི་ལུས་ཡིན་ནོ། །དེའི་ཕྱིར་གཉི་ག་སྲིད་པ་ལས་ངེས་པ་མེད་པར་གཉིས་པ་ཉིད་བསྒྲུབ་པ་ལ་ནི་སྐྱོན་སྔར་བརྗོད་ཟིན་པ་ཡིན་ནོ། །དེ་ལྟ་ནི་མི་འདོད་ཀྱང་གང་ཡང་རུང་བའི་སྒྲ་བསྒྲུབ་པའི་ཡུལ་སྲིད་པར་སྟོན་པའི་དོན་ཡིན་པར་


DTG187_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་བླངས་ནས་བུམ་པའམ་ལུས་ཀྱང་རུང་སྟེ། གཉིས་པ་ནི་མི་སྲིད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟ་ན་ཡང་ཁྱད་པར་དུ་འཕགས་པ་ནི་འདི་བརྗོད་པ་ཡིན་ཏེ། ཁྱོད་ཀྱིས་ནི་གཉི་ག་དོན་གཞན་དུ་འདོད་བར་བྱ་བ་ཡིན་ན། གཉི་ག་མི་སྲིད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཅིག་ཀྱང་སྲིད་པ་མ་ཡིན་ཏེ། གང་གི་ཕྱིར་གང་ཡང་རུང་བ་སྨོས་པ་ནི་སྲིད་པ་སྟོན་པ་ལ་གྲགས་པའི་དོན་ཡིན་པར་འགའ་ཞིག་ཏུ་མཐོང་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ཉིད་སྒྲུབ་བ་མི་འཐད་པའི་ཡང་ཕྱིར་སྤྱི་ལ་བརྟེན་པ་མ་ཡིན་ནོ། །དོན་གཉིས་དངོས་པོ་གཅིག་ལ་འབྲེལ་བ་ཉིད་དུ་སྒྲུབ་པ་དེ་ནི། འདི་ཡིན་ནམ་ཡང་ན་དེ་ཡིན་ཞེས་རྣམ་པར་བརྟག་པ་དང༌། འདི་ཡང་ཡིན་ལ་འདི་ཡང་ཡིན་ནོ་ཞེས་བསྡུ་བར་འགྱུར་གྲང་ན། འདི་གཉི་ག་མི་འཐད་པ་ཡིན་ན་ནི། མི་ཤེས་པ་ཤེས་པར་བྱེད་པའི་སྒྲུབ་པར་མ་འབྲེལ་པར་འགྱུར་རོ། །ལུས་སམ་ཡང་ན་བུམ་པ་གཉིས་པ་ཉིད་ནི་མ་ཡིན་ལ། ལུས་དང་བུམ་པ་གཉིས་པ་ཉིད་ཀྱང་མ་ཡིན་ཏེ། ལུས་རྗེས་སུ་འགྲོ་བ་མེད་པ་དང༌། བུམ་པ་བུམ་པ་ལས་དོན་གཞན་དུ་གྱུར་པ་ཉིད་ཀྱང་འགལ་བའི་ཕྱིར་རོ། །སྒྲུབ་པའི་རྣམ་པ་གཞན་ཡང་ཡོད་པ་ཡིན་ཏེ། དེའི་ཕྱིར་ཚིག་གི་ཚུལ་ཏེ། ངག་ནི་བརྗོད་པར་བྱ་བས་སྲོག་ཏུ་གྱུར་པ་བརྗོད་པར་བྱ་བས་སྟོང་པ་ཉིད་ཡིན་ནོ། །དེའི་ཕྱིར་སྤྱི་བསྒྲུབ་པར་བྱ་བ་མ་ཡིན་ནོ། །སྒྲུབ་པ་མི་སྲིད་པའི་ཕྱིར་སྤྱི་ལ་བརྟེན་པ་བཀག་པ་འདིས་ནིའོ། །སྒྲ་ཞེས་བྱ་བའི་ཆོས་ཅན་ནི་ཕྱོགས་དང་མཐུན་པའི་ཕྱོགས་མ་ཡིན་ལ། ཕྱོགས་སམ་ཡང་ན་མཐུན་པའི་ཕྱོགས་སུ་གྱུར་པ་ཡང་མ་ཡིན་ཏེ། དེས་ན་སྒྲ་གཅིག་པོ་ནི་བསྡུ་བ་དང་རྣམ་པར་བརྟག་པའི་སྒོ་ནས་ཕྱོགས་དང་མཐུན་པའི་ཕྱོགས་སུ་བསྒྲུབ་པ་མ་ཡིན་པས་སྒྲ་ལ་དེ་དག་གང་ཡང་རུང་བ་ཉིད་བསལ་བ་ཡིན་ནོ། །གཉི་གང་ཡང་ཞེས་བྱ་བ་ནི་ཕྱོགས་དང་མཐུན་པའི་ཕྱོགས་སུའོ། །སྲིད་པ་མི་འགལ་ན་ཞེས་བྱ་བ་ནི་ཆོས་ཅན་གཅིག་ལའོ། །དེ་ལྟར་ཞེས་བྱ་བ་ནི་གཉིས་ལས་གང་ཡང་རུང་བ་ཉིད་དུའོ། །དེ་ལྟར་འགྱུར་གྱི་ཞེས་བྱ་བ་ནི་གྲུབ་པར་འགྱུར་གྱིའོ། །དེ་ལྟ་མ་ཡིན་ཏེ། སྲིད་པ་


DTG187_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་ན་ནི་གང་ཡང་རུང་བ་ཉིད་དེ་སྒྲ་ལ་མ་གྲུབ་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཕྱོགས་ཁོན་ཡིན་གྱི་གང་ཡང་རུང་བ་ནི་མ་ཡིན་ནོ། །ཕྱོགས་ཡིན་ན་ཇི་ལྟར་གང་ཡང་རུང་བ་མ་ཡིན་ཞེ་ན། རྣམ་པར་བརྟག་པར་དང་གཅིག་ཏུ་སོ་སོར་ངེས་པ་འགལ་བའི་ཕྱིར་རོ།། གང་གི་ཕྱིར་ངེས་པ་ནི་གཉིས་པ་མེད་བ་ཡིན་པའི་ཕྱིར་དང༌། རྣམ་པར་བརྟག་པ་ནི་གཉིས་པ་ཡོད་པ་ཡིན་པའི་ཕྱིར་དང༌། གཅིག་ལ་ཡོད་པ་དང་མེད་པ་གཉི་གར་འགལ་བའི་ཕྱིར་རྣམ་པར་བརྟག་པ་དང་ངེས་པ་ནི་འགལ་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་སྒྲུབ་པ་མི་སྲིད་པའི་ཕྱིར་དང༌། འགལ་བའི་ཕྱིར་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཉིད་བསལ་བས་སྒྲ་ལ་མ་གྲུབ་པར་ཞར་ལ་བསྟན་ནས། དཀྱུས་མའི་གཉིས་པ་དང་བཅས་པ་བསལ་བའི་ཕྱིར་བཤད་པ། དོན་རྣམས་ལ་སྤྱིར་ཁྱད་པར་མེད་པའི་རང་བཞིན་དུ་སྒྲས་ཤེས་པར་བྱས་ཀྱང༌། ཤུགས་ཀྱི་ཁྱད་པར་སྒྲའི་དོན་དུ་གནས་པའི་གཏན་ཚིགས་ཀྱི་ཕྱིར་ཡང༌། ལུས་ཉིད་རྟོགས་པར་འགྱུར་གྱི་བུམ་པ་ནི་མ་ཡིན་ནོ། །བུམ་པ་ནི་བུམ་པ་ཉིད་ལས་དོན་གཞན་གྱི་ངོ་བོར་མི་འཐད་པའི་ཕྱིར་རོ། །ལུས་ཉིད་དོན་གཞན་དུ་གྱུར་པར་བསྒྲུབ་པར་བྱ་བ་ཡིན་པར་དམ་བཅས་པའི་ཚིག་ལས་ངེས་པར་འགྱུར་གྱི། བུམ་པ་ནི་མ་ཡིན་པའི་ཞེས་བྱ་བ་ནི་ཤུགས་ཡིན་ནོ། །དོན་འདི་ཡིན་ཏེ། སྤྱི་ལ་བརྟེན་པ་ན་མི་འཐད་པ་དང༌། འདོད་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་སྒྲའི་དོན་ཉིད་ཀྱང་མ་ཡིན་ནོ་ཞེས་བྱའོ། །འདི་ལྟར་ཤུགས་ལ་སོགས་པ་དག་ནི་སྒྲའི་ནུས་པ་སད་པའི་རྒྱུར་འདོད་པ་ཡིན་གྱི། སྒྲའི་དོན་རྣམ་པར་འཇོག་པར་བྱེད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྤྱིའི་སྒྲ་རྣམས་ཀྱི་ཁྱད་པར་རྣམ་པར་འཇོག་པའི་རྒྱུ་ནི་མ་ཡིན་གྱི་ཞེས་སོ། །ཁྱད་པར་རྣམ་པར་གནས་པ་ཉིད་དཔེའི་སྒོ་ནས་བཤད་པ་ནི་འགའ་ཞིག་ཅེས་བྱ་བ་ཡིན་ནོ། །འགའ་ཞིག་གི་སྒྲ་འདི་ནི་སྤྱིའི་མིང་ཡིན་པས་སྤྱིར་བརྗོད་པར་གྱུར་པ་ན། ཤིང་ལ་སོགས་པ་ཡང་བརྗོད་པར་དོགས་པར་འགྱུར་བ་ཡིན་ན་གཞི་མཐུན་བ་འོངས་པའི་སྒྲ་སྦྱར་བའི་ཕྱིར་འོང་


DTG187_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བྱ་བའི་ནུས་བ་དང་ལྡན་པ་ལ་འཇུག་པར་རྟོགས་ཀྱི། འོང་བ་མེད་པའི་རི་འམ་ཤིང་ལ་ནི་མ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་ཁྱད་པར་གྱི་སྒྲས་ཟིན་ན་སྤྱིའི་སྒྲའི་དོན་བྱེ་བྲག་ལ་འཇུག་པ་ཡིན་ཏེ། དཔེར་ན་ཛ་མེད་ཨག་ནེའི་བུར་མ་ཞེས་བྱ་བ་ལྟ་བུ་ཡིན་ཏེ། ར་མའི་སྒྲ་སྤྱིའི་དོན་ཙམ་ཛ་མད་ཨག་ནེའི་བུའི་སྒྲའི་དང་སྦྲེལ་བས་ན་ཁྱད་པར་ལ་འཇུག་པར་འགྱུར་བ་ཡིན་ནོ་སྙམ་པ་ལ། ཁྱད་པར་གྱི་སྒྲ་ཉེ་བར་བྱས་བ་ཞེས་སྨོས་སོ། །གང་གི་ཕྱིར་ཛ་མད་ཨག་ནེའི་བུ་དང་འདྲ་བའི་ཁྱད་པར་གྱི་སྒྲ་ཉེ་བར་བྱས་བ་ཉིད་གཅིག་པུ་ནི། སྤྱི་རྗོད་པར་བྱེད་པའི་སྒྲ་རྣམས་ཀྱི་ཁྱད་པར་རྣམ་པར་འཇོག་པ་རྗོད་པར་བྱེད་པ་ཉིད་ཀྱི་རྒྱུ་མ་ཡིན་ནོ། །འོ་ན་རྒྱུ་གཞན་གང་ཡིན་ཞེ་ན། འོན་ཀྱང་ཞེས་སྨོས་སོ། །སྐབས་ནི་སྒྲ་མེད་པའི་རྩོམ་པ་ཙམ་ཉིད་དེ། དཔེར་ན་རི་དགས་ཤོར་བའི་སྐབས་དང༌། ཟས་ཟ་བའི་སྐབས་ན། སེན་དྷ་བའི་སྒྲ་ཚའི་ཁྱད་བར་དང༌། རྟའི་ཁྱད་པར་ལ་འཇུག་པའི་རྒྱུ་ཡིན་པ་བཞིན་ནོ། །ཤུགས་ནི་སྒྲའི་དོན་ལ་བརྟེན་པ་སྟེ། དཔེར་ན་འོངས་པའི་སྒྲའི་ཤུགས་ཀྱིས་འགའ་ཞིག་གི་སྒྲ་ཁྱད་པར་ལ་འཇུག་པ་བཞིན་ནོ། །སོགས་པ་སྨོས་པ་ནི་བེའུ་དང་བཅས་པའི་དྲུས་མ་ཞེས་ལྡན་པ་དང༌། བེའུ་མེད་པའི་དུས་མ་ཞེས་བྲལ་བ་སྟེ། དེ་ལྟ་བུ་ལ་སོགས་པ་གཟུང་ངོ༌། །དེའི་ཕྱིར་ཤུགས་ཀྱིས་ཀྱང་སྒྲ་ཁྱད་པར་ལ་འཇུག་པ་ཡིན་ནོ། །དེའི་ཕྱིར་འདིར་ཁྱད་པར་ལུས་སུ་གྱུར་པའི་གཉིས་པ་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི་སྤྱི་ནི་མ་ཡིན་ནོ། །དེ་ལྟར་གཉིས་པ་དང་བཅས་པའི་སྦྱོར་བ་བཀག་ནས། མཇུག་བསྡུ་བའི་ཕྱིར་བཤད་པ། དེའི་ཕྱིར་གང་ཡང་རུང་བའི་སྤྱི་ཁྱད་པར་ལ་བརྟེན་པས་དོན་གཞན་དུ་གྱུར་པ་ནི་མ་ཡིན་ཏེ། ལུས་སམ་བུམ་པ་གཉིས་དོན་གཞན་དུ་གྱུར་པ་མི་འཐད་པའི་ཕྱིར་རོ། །དཔེ་ནི་བུམ་པ་དོན་གཞན་ཡིན་ལ། བསྒྲུབ་བྱའི་ཆོས་ཅན་ལ་ནི་ལུས་ཡིན་ཏེ། དེས་ན་དོན་གཞན་ནི་ཁྱད་པར་ཁོ་ན་ཡིན་གྱི་སྤྱི་ནི་མ་ཡིན་ནོ། །ཁྱད་པར་ཅན་དེ་ནི་ཆོས་ཅན་གཉི་ག་ཁྱབ་བའི་དོན་གཞན་དུ་མི་འཐད་དོ་ཞེས་བཤད་པ་ནི་དོན་གཞན་དུ་གྱུར་པ་འགའ་ཞིག་ཅེས་བྱ་བ་ཡིན་ནོ། །གཅིག་ཀྱང་ཞེས་བྱ་བ་བུམ་པ་དེ་ནི་བུམ་པ་ལས་


DTG187_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཞན་གྱི་ངོ་བོར་འགལ་བའི་ཕྱིར་དང༌། ལུས་ཀྱང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་དོན་གཞན་གྱི་ངོ་བོར་ཁས་མ་བླངས་པ་ཡིན་ནོ། །ད་ནི་མངོན་པར་འདོད་བའི་སྦྱོར་བ་དང༌། གཉིས་པ་དང་བཅས་པའི་སྦྱོར་བ་མཚུངས་པར་བསྒྲུབ་པའི་ཕྱིར་སྨྲས་པ། སྒྲ་དང་བུམ་པའི་ཁྱད་པར་གྱིས་རྟོག་པ་ན་གཉིས་པ་དང་བཅས་པའི་སྦྱོར་བ་ལ་བརྗོད་པ་གང་ཡིན་པ་དེ་ཐམས་ཅད་ནི་མི་རྟག་པ་ལ་ཡང་མཚུངས་སོ། །འདི་ལྟར་གང་ཡང་རུང་བ་ཞིག་གི་གཉིས་པ་དང་བཅས་པར་བསྒྲུབ་ན་སྒྲུབ་པར་བྱེད་པ་དོན་མེད་པའི་ཕྱིར་ལུས་དོན་གཞན་དུ་གྱུར་པ་བསྒྲུབ་བྱ་ཡིན་གྱི་བུམ་པ་ནི་མ་ཡིན་ནོ། །དེའི་ཕྱིར་ལུས་དང་བུམ་པའི་ཁྱད་པར་གྱིས་གཉིས་པ་ཉིད་ཀྱི་སྤྱི་བསྒྲུབ་པར་བྱ་བ་ཡིན་པར་དེ་བསལ་བ་ཡིན་ལ། ལུས་སུ་གྱུར་པའི་གཉིས་པ་ཉིད་དེ་ཡང་རྗེས་སུ་འགྲོ་བ་མེད་པ་ཡིན་ནོ། །དེ་བཞིན་དུ་བུམ་པས་གཉིས་པ་ཉིད་དུ་བསྒྲུབ་པར་བྱ་བ་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །ལུས་ཀྱིས་ནི་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འདི་ལ་ཡང་སྤྱི་བསྒྲུབ་པར་བྱ་བ་ཡིན་ན་ནི་སྒྲུབ་པར་བྱེད་པ་འབྲས་བུ་མེད་པའི་ཕྱིར་སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་མ་ཡིན་ན། དེ་ལ་ནི་རྗེས་སུ་འགྲོ་བ་མེད་དོ། །དེ་བཞིན་དུ་སྒྲ་ལ་བརྟེན་པ་ཡང་བསྒྲུབ་པར་བྱ་བ་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །བུམ་པ་ལ་བརྟེན་པ་ཡང་མ་ཡིན་ཏེ། སྒྲ་ལ་འགལ་བའི་ཕྱིར་རོ་ཞེས་ཐམས་ཅད་མཚུངས་སོ་ཞེ་ན། ལན་གདབ་པའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་སོ། །ཅིའི་ཕྱིར་ཞེ་ན། གྲུབ་པ་སྟེ་ཤེས་པས་ནའོ། །དེ་ཞེས་བྱ་བ་མི་རྟག་པ་དང་ལྡན་པར་གྲུབ་པའི་ཕྱིར་ཏེ། རྟོག་བའི་ཕྱིར་ཏེ། དོན་ནི་འདི་ཡིན་ཏེ། རེ་ཞིག་དངོས་པོ་མི་གནས་པའི་མི་རྟག་པ་ཉིད་ནི་གྲུབ་པ་ཡིན་ནོ། །བུམ་པ་དང་སྒྲའི་ཁྱད་པར་ནི་སྒྲས་ཟིན་པ་མ་ཡིན་ལ། རྒོལ་བ་འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་སྤྱི་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ཡིན་པས། དེ་ལ་ནི་སྒྲ་དང་བུམ་པའི་ཁྱད་པར་གྱི་རྟོག་པ་དང་སྐྱོན་འགོད་པ་མི་འཐད་དོ། །ལུས་དང་བུམ་པས་ཁྱད་པར་དུ་གྱུར་པའི་གཉིས་དང་བཅས་པ་ཉིད་བསྒྲུབ་པར་བྱ་བ་ཡིན་པར་ནི་སྒྲས་ཟིན་པ་ཡིན་ཏེ། དེས་ན་


DTG187_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་བུམ་པའི་ཁྱད་པར་གྱིས་རྟོག་པ་དང་སྐྱོན་ཉེ་བར་འགོད་པ་ཡིན་ནོ། །གལ་ཏེ་མི་རྟག་པ་ཉིད་བཞིན་དུ་གཉིས་པ་དང་བཅས་པ་ཉིད་ཁྱད་པར་མེད་པ་ཉེ་བར་འགོད་པ་ཡིན་ན་ནི་ཁྱད་པར་ལ་བརྟེན་པའི་སྐྱོན་གྱིས་བརྩད་པར་མི་བྱ་བར་འགྱུར་རོ། །དེ་ལྟ་ན་ཡང་གཉིས་པ་ཉིད་ནི་ལུས་དང་བུམ་པ་དག་ལ་ཐུན་མོང་དུ་ཉེ་བར་བཀོད་པ་མ་ཡིན་ནམ། གལ་ཏེ་ཁྱོད་དུ་བུམ་པ་ཉིད་དུ་ངེས་པ་དང༌། ལུས་ཉིད་དུ་རྟོག་པ་ཡིན་ན་ནི་ཁོ་བོས་ཀྱང་མི་རྟག་པ་ཉིད་ཁྱད་པར་ལ་ངེས་པར་རྟག་པ་ཡིན་ནོ་ཞེ་ན། དེ་ཡང་མི་མཚུངས་ཏེ། དེ་ལ་གཉིས་པ་དང་བཅས་པ་ཉིད་ལུས་དང་བུམ་པའི་ཐུན་མོང་བར་ཇི་ལྟར་འགྱུར་བ་ཡིན་ཞེ་ན། གལ་ཏེ་ལུས་སམ་བུམ་པ་སྲིད་པ་ཡིན་ནའོ། །གང་གི་ཚེ་ལུས་དང་བུམ་པ་སྲིད་པ་མ་ཡིན་པ་དེའི་ཚེ་ཇི་ལྟར་ཐུན་མོང་དུ་འགྱུར། དེས་ན་གཉིས་པ་ཉིད་ཀྱི་ཁྱད་པར་མི་སྲིད་པས་ན་སྤྱི་ཉིད་མ་གྲུབ་པར་བསྟན་པར་བྱ་བ་ཡིན་ནོ། །འདིར་ནི་དེ་ལྟར་མི་རྟག་པ་ཉིད་ཀྱི་ཁྱད་པར་མི་སྲིད་པས་མི་རྟག་པ་ཉིད་ཀྱི་སྤྱི་མ་གྲུབ་པར་བསྟན་པར་ནུས་པ་མ་ཡིན་ཏེ། གང་བྱས་པ་དེ་ཐམས་ཅད་མི་རྟག་པའོ་ཞེས་ཁྱབ་པ་སྒྲུབ་པ་མི་རྟག་པ་ཉིད་བསལ་བ་ཐམས་ཅད་ཀྱི་མཐའ་ཐུག་པར་སྟོན་པར་བྱེད་པས། ཁྱད་པར་མི་སྲིད་པ་བཀག་པའི་ཕྱིར་རོ། །གལ་ཏེ་ཁྱད་པར་ཡོངས་སུ་གཟུང་ན་ནི་དེ་མི་སྲིད་པར་བསྟན་པས། སྤྱི་ཉིད་མ་གྲུབ་པར་བསྟན་པར་ནུས་པ་ཡིན་ལ། སྒྲ་མེད་པར་ཡང་ཁྱད་པར་གཟུང་བར་འགྱུར་ན། དེ་ལྟར་ནི་མ་ཡིན་ནོ། །དེའི་ཕྱིར་མི་རྟག་པ་ཉིད་ཀྱི་ཁྱད་པར་ནི་སྒྲས་ཟིན་པ་མ་ཡིན་ལ། རྒོལ་བས་འདོད་པ་ཡང་མ་ཡིན་ཞིང་དེ་ཡོངས་སུ་གཟུང་བས་མི་རྟག་པ་ཉིད་ཁྱད་པར་མེད་པར་མ་གྲུབ་པར་བྱེད་ནུས་པ་ཡང་མ་ཡིན་པའི་ཕྱིར་ཁྱད་པར་མེད་པ་མི་རྟག་པ་ཉིད་གྲུབ་པ་ཡིན་ལ། དེ་གྲུབ་པས་སྒྲ་དེ་དང་ལྡན་པར་བསྒྲུབ་པར་བྱ་བ་ཡིན་ནོ། རྗེས་སུ་འགྲོ་བ་མེད་པའི་སྐྱོན་ཡང་མེད་དོ། །དམ་བཅས་པའི་སྦྱོར་བ་མེད་པའི་ཕྱིར་རོ། །གྲུབ་པ་ལ་སྒྲུབ་པ་ཉིད་ཀྱང་མ་ཡིན་ཏེ། མ་འབྲེལ་པ་རྣམ་པར་བཅས་པར་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་ཇི་ལྟར་མི་རྟག་པ་ཉིད་ཁྱད་པར་མེད་པར་གྲུབ་པ་དེ་བཞིན་དུ་གཉིས་པ་


DTG187_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཙམ་གྲུབ་པ་ཉིད་མ་ཡིན་ནམ་ཞེ་ན། དེ་བཞིན་དུ་ཞེས་སྨོས་ཏེ། ཇི་ལྟར་མི་རྟག་པ་ཉིད་གྲུབ་བ་མ་ཡིན་པ་དེ་བཞིན་དུ། གལ་ཏེ་ལུས་དང་བུམ་པ་དག་ལས་འགའ་ཞིག་དོན་གཞན་དུ་གྱུར་པར་ཁས་ལེན་པ་ཡིན་ན་ནི། སྤྱི་དང་ལྡན་པའི་དོན་གཞན་ཉིད་བསྒྲུབ་བྱར་འགྱུར་བ་ཡིན་ན་གཉི་ག་ལ་ཡང་དོན་གཞན་ཉིད་མེད་པའི་ཕྱིར་སྤྱི་བསྒྲུབ་བྱ་མ་ཡིན་ནོ། །གཉིས་པ་ཉིད་ནི་ཁྱད་པར་མ་བཟུང་བ་གཉི་གའི་ཐུན་མོང་ཡིན་ན། རྟེན་མེད་པར་ནི་གཉིས་བ་ཉིད་ཙམ་དུ་འགྱུར་བ་མ་ཡིན་ཏེ། དེ་ནི་གཅིག་ལ་ཡང་མ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །འདོད་པ་བསྒྲུབ་བྱ་ཉིད་དུ་བརྗོད་པ་འདིས་ནི་ཆོས་དང་ཆོས་ཅན་དག་གི་ཁྱད་པར་དུ་བྱས་པའི་ཆོས་དང་ཆོས་ཅན་དག་སྟེ། ཆོས་ཅན་གྱིས་ཁྱད་པར་དུ་བྱས་པའི་ཆོས་བྱས་པའི་གཏན་ཚིགས་ཀྱིས་འགོག་པར་སྣང་བ་བསལ་བ་ཡིན་ནོ། །ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་འགོག་པ་དཔེར་བརྗོད་པ་ནི། དཔེར་ན་སྒྲ་མི་རྟག་པའི་སྒྲ་དང་ལྡན་པ་མ་ཡིན་པའམ་ཞེས་བྱ་བའོ། །སྒྲ་གང་ལ་མི་རྟག་པའི་སྒྲ་ཡོད་པ་དེ་ནི་མི་རྟག་པའི་སྒྲ་དང་ལྡན་པ་སྟེ། མི་རྟག་པའི་སྒྲ་གཞན་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་འདྲ་བ་མ་ཡིན་ནོ་ཞེས་བྱ་བར་བསྒྲུབ་པར་བྱ་བའོ། །ཆོས་ཅན་གྱིས་ཁྱད་པར་དུ་བྱས་པའི་ཆོས་འགོག་པ་སྟོན་པ་ནི། སྒྲའི་མི་རྟག་པ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །སྒྲ་གཞན་གྱི་མི་རྟག་པ་གང་ཡིན་པ་དེ་ནི་སྒྲ་གཞན་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་བསྒྲུབ་པར་བྱ་བའོ། །གཏན་ཚིགས་བྱས་པའི་ཕྱིར་ཏེ། བུམ་པ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །འདི་ཇི་ལྟར་གོ་བར་བྱེད་པ་ཡིན་ཞེ་ན། བརྗོད་པ། ཐམས་ཅད་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་རོ། །བྱས་པའམ་ཡོད་པ་གང་ཡིན་པ་དེ་ནི་རང་བཞིན་གཞན་གྱིས་དེ་དང་ལྡན་པ་མ་ཡིན་པ་མེད་པའི་ཕྱིར་བྱས་པ་ཉིད་དམ་ཡོད་པ་ཉིད་ཀྱིས་སྒྲ་གཞན་མི་རྟག་པའི་སྒྲ་དང་ལྡན་པ་དང༌། སྒྲ་གཞན་གྱི་མི་རྟག་པ་དང་ལྡན་པ་འགོག་པར་ནུས་ཀྱང༌། སྒྲ་གཞན་དང་ལྡན་པ་ཉིད་དམ། དེའི་མི་རྟག་པ་དང་ལྡན་པ་ཉིད་ནི་བསྒྲུབ་བྱར་འདོད་པ་མ་ཡིན་ནོ། །དེས་ན་དེ་འགོག་པའི་གཏན་ཚིགས་འགལ་བ་ཡིན་ནོ་ཞེས་སྨྲ་བས་བྱས་པ་ཉིད་ཀྱི་གཏན་ཚིགས་སྤོང་བ་གང་


DTG187_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་བསལ་བ་ཡིན་ནོ། །བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་བྱས་བས་འགལ་བ་ཡིན་ན། འདི་ནི་བསྒྲུབ་བྱ་མ་ཡིན་པས་བསལ་བ་ཡིན་ནོ། །དེ་བཀག་ན་མི་རྟག་པ་ཉིད་གཤའ་མ་ཡང་བཀག་པར་འགྱུར་བ་མ་ཡིན་ནམ་ཞེ་ན། བཀག་པ་མ་ཡིན་ཏེ། སྒྲ་ཞེས་བྱ་བའི་ཆོས་ཅན་ལ་སྤྱི་འབའ་ཞིག་བཀག་པར་འགྱུར་གྱི། ཆོས་ཙམ་ནི་མ་ཡིན་ནོ། །ཆོས་ཙམ་མ་བཀག་ན་ཆོས་ཅན་ལ་སྤྱི་དེ་འགོག་པ་འགལ་བ་མེད་དེ། དེའི་ཕྱིར་དེ་སྐད་དུ་སྨྲ་བ་དེས་བསལ་བ་ཡིན་ནོ། །སྤྱི་བཀག་ན་ཆོས་ཙམ་བཀག་པར་ཇི་ལྟར་འགྱུར་ཞེ་ན། སྒྲ་མི་རྟག་པ་ཡིན་གྱིས་ཞེས་སྨོས་ཏེ། གང་གི་ཕྱིར་སྒྲ་མི་རྟག་པ་ཉིད་ཀྱི་ཁྱད་པར་དང་ལྡན་པ་ཡིན་ནོ། །མི་རྟག་པའི་སྒྲ་དང་ལྡན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མི་རྟག་བའི་སྒྲ་གཞན་དང་འབྲེལ་བ་མ་ཡིན་པ་སྟེ། དེས་ན་ཆོས་ཅན་གཞན་དང་འབྲེལ་པ་བཀག་ཀྱང་མི་རྟག་པའི་ཁྱད་པར་ཅན་གྱི་སྒྲ་བཀག་པ་མ་ཡིན་ནོ། །རྒོལ་བ་སྒྲ་མི་རྟག་པར་སྒྲུབ་པར་འདོད་པ་ཡིན་ཡང་སྒྲ་མི་རྟག་པའི་སྒྲ་དང་ལྡན་པར་ནི་བསྒྲུབ་བར་མི་འདོད་དོ་ཞེས་སྟོན་པར་བྱེད་པ་ནི། དེ་ལྟར་གྱུར་པ་སྟེ། མི་རྟག་པའི་སྒྲ་གཞན་དང་འབྲེལ་བར་འདོད་ན་ནི་སྒྲ་མི་རྟག་པར་འདོད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བཤད་པ། སྒྲ་གཞིར་གྱུར་པ་ལ་མི་རྟག་པའི་སྒྲ་གཞན་དང་འབྲེལ་བ་ཉིད་དུ་བསྒྲུབ་པའི་རྒྱུའི་ཕྱིར་རོ། །སྒྲ་མི་རྟག་པ་ཙམ་དུ་མི་སྒྲུབ་བས་སྒྲ་མི་རྟག་པར་མི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། སྒྲ་མི་རྟག་པའི་སྒྲ་དང་ལྡན་པ་ཞེས་སྨོས་ཏེ། གལ་ཏེ་གཏན་ཚིགས་གོ་བར་བྱེད་ནུས་པ་ཡིན་ན། སྒྲ་མི་རྟག་པའི་སྒྲ་གཞན་དང་ལྡན་པར་གྲུབ་པར་འགྱུར་རོ། །གང་གི་ཕྱིར་འདོད་པའི་ཆོས་ཙམ་གང་ཡིན་པ་དེའི་སྤྱི་བཀག་ཀྱང་མི་ལྡོག་པ་དང༌། གང་བཀག་པས་འདོད་པ་ལ་གནོད་བར་འགྱུར་བ་མི་རྟག་པའི་སྒྲ་གཞན་དང་ལྡན་པ་དེ་ཡང་འདོད་པ་མ་ཡིན་པའི་གཏན་ཚིགས་དེའི་ཕྱིར་འདོད་པ་ལ་གནོད་པ་འགའ་ཡང་མེད་དོ། །དེ་བཞིན་དུ་སྒྲ་མི་རྟག་པ་དང་ལྡན་པ་ཞེས་ཆོས་ཅན་གྱི་ཁྱད་པར་གྱི་འགོག་པ་ལ་ཡང་འདོད་པ་ལ་གནོད་པ་མེད་པར་སྤྱར་བར་བྱའོ། །དེའི་ཕྱིར་ཞེས་བྱ་བ་གང་གི་ཕྱིར་སྒྲའི་


DTG187_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མི་རྟག་བར་བསྒྲུབ་པར་བྱ་བ་ཡིན་གྱི་སྒྲ་གཞན་དང་འབྲེལ་བ་ཉིད་ནི་མ་ཡིན་པ་དང༌། སྒྲ་གཞན་དང་འབྲེལ་བ་ཉིད་བཀག་ཀྱང་སྒྲའི་རང་བཞིན་དུ་གྱུར་པའི་མི་རྟག་པ་ཉིད་ལྡོག་པ་མ་ཡིན་པ་དེའི་ཕྱིར། ཆོས་འབའ་ཞིག་ཁོན་ཆོས་ཅན་ལ་སྒྲུབ་བར་བྱེད་པས་བསྒྲུབ་པའམ། འགལ་བས་ཕྱིན་ཅི་ལོག་ཏུ་བྱ་བ་ཡིན་ནོ། །བསྒྲུབ་པར་བྱ་བ་ནི་སྤྱི་ཡིན་ལ། ཕྱིན་ཅི་ལོག་ཏུ་བྱ་བ་ཡང་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ཉིད་མ་ཡིན་ནམ། དེ་ཇི་ལྟར་ཆོས་འབའ་ཞིག་དེ་ལྟར་འགྱུར་ཞེ་ན། དེ་ལྟར་ན་ཞེས་སྨོས་ཏེ། རྣམ་པ་དེའི་སྒོ་ནས་མི་ལྡན་པ་རྣམ་པར་བཅད་པ་བསྒྲུབ་བའི་ཕྱིར་འདོད་བ་སྤྱིའི་གྲུབ་པ་བྱས་པར་འགྱུར་བའམ། སྐབས་སུ་བབ་པའི་ཆོས་མ་འབྲེལ་བ་རྣམ་པར་བཅད་བ་དགག་པའི་ཕྱིར་གནོད་པ་བྱས་པར་འགྱུར་བ་ཡིན་ནོ། །ཆོས་ཅན་གྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་བྱེད་བ་ལ་སོགས་པའི་འགལ་བས་མཐོང་བའི་ཕྱིར་ན། ཕྱིན་ཅི་ལོག་ཏུ་བྱེད་པ་ཉིད་ནི་འགལ་བ་མ་ཡིན་ནོ་ཞེ་ན། འགལ་བ་ནི་ཐམས་ཅད་དུ་ཞེས་སྨོས་སོ། །གང་གི་ཕྱིར་ཆོས་ཅན་གྱི་ཁྱད་པར་གྱི་འགལ་བ་ལ་སོགས་བ་ཐམས་ཅད་དུ། འདོད་པ་ནི་སྤྱི་དེ་ཕྱིན་ཅི་ལོག་ཏུ་བྱེད་པ་ཁོ་ནའི་ཕྱིར་ཏེ། འགོག་པའི་ཕྱིར་འགལ་བ་ཡིན་ཏེ། དེའི་ཕྱིར་ན་སྤྱི་ཕྱིན་ཅི་ལོག་ཏུ་བྱེད་པ་ཁོ་ན་འགལ་བ་ཡིན་ནོ། །འོ་ན་ཇི་ལྟར་ཆོས་ཅན་གྱི་ཁྱད་པར་ལ་སོགས་པའི་འགལ་བར་འགྱུར་ཞེ་ན། བཤད་པ། སྤྱི་ཕྱིན་ཅི་ལོག་པ་དེ་ནི་རེས་འགའ་ཆོས་ཀྱི་སྒོ་ནས་ཏེ། ཆོས་བཟློག་པའི་སྒོ་ནས་བྱེད་པ་དེའི་ཚེ་ཆོས་ཀྱི་རང་གི་ངོ་བོ་དང་འགལ་བ་ཞེས་བརྗོད་དོ། །དེའི་ཚེ་ཡང་དེ་སྤྱི་བཟློག་པ་ནི་ཡོད་པ་ཁོ་ནའོ། །གང་གི་ཚེ་ཆོས་ཅན་བཟློག་པའི་སྒོ་ནས་སྤྱི་ཟློག་བར་བྱེད་པ་དེའི་ཚེ་ནི་ཆོས་ཅན་གྱི་རང་གི་ངོ་བོ་དང་འགལ་བ་ཡིན་ནོ། །སྐབས་སུ་བབ་པའི་འདོད་པ་ཉིད་ཕྱིན་ཅི་ལོག་ཏུ་བྱེད་བ་ན། སྒྲ་ཉེ་བར་བཀོད་པའི་རང་གི་ཆོས་ཅན་གྱི་ཁྱད་པར་དང་འགལ་བ་ཞེས་བརྗོད་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་ཆོས་སམ་ཆོས་ཅན་བཀག་པས་སྤྱི་བཟློག་པར་འགྱུར་བ་དེས་འགལ་བར་ཐ་སྙད་དུ་བྱེད་དོ། །ཆོས་ཀྱི་རང་གི་ངོ་བོ་དང་འགལ་བ་ནི་དཔེར་ན་སྒྲ་རྟག་སྟེ། བྱས་པའི་ཕྱིར་ནམ་མཁའ་བཞིན་ནོ་ཞེས་བྱ་བ་


DTG187_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བྱས་པ་ཉིད་ཅེས་བྱ་བ་ལྟ་བུའོ། །ཆོས་ཅན་གྱི་རང་གི་ངོ་བོ་དང་འབྲེལ་བ་ནི་དཔེར་ན་ནམ་མཁའ་ཡོད་པར་སྨྲ་བའི་ནམ་མཁའ་ནི་རྟག་པ་ཡིན་ཏེ་མ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ལ། རི་བོང་གི་རྭ་ལ་སོགས་པ་མེད་པ་ལ་མཐོང་བ་འདིས་ནི་ཆོས་ཅན་ནམ་མཁའ་ཡང་མེད་པར་སྒྲུབ་པར་བྱེད་པ་ཡིན་ནོ། །འདི་དག་ནི་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་པ་ཡིན་ནོ་ཞེས་བྱ་བ་དང༌། འདུས་པ་མ་ཡིན་པའི་དོན་དག་ནི་གཞན་གྱི་དོན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི། ཆོས་དང་ཆོས་ཅན་གྱི་ཁྱད་པར་དང་འགལ་བའོ། །གལ་ཏེ་རྒོལ་བས་འདོད་པའི་ཆོས་གང་ཡིན་པ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ན། འོ་ན་ཇི་ལྟར་རང་ཉིད་སྨོས་ཤེ་ན། རང་ཉིད་ཀྱི་སྒྲ་ནི་ཞེས་སྨོས་སོ། །ནིའི་སྒྲ་ནི་ཡང་གི་སྒྲའི་དོན་ལ་ཡིན་ཏེ། འདོད་པ་སྨོས་པ་ཡིན་ཡང་རང་ཉིད་ཀྱི་སྒྲ་ལ་བསྟན་པར་བྱ་བའི་ཁྱད་པར་ཡོད་དོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་དེ་ཉིད་བཤད་པ་ནི། ཆོས་ཅན་གཅིག་ལ་ཞེས་བྱ་བ་ཡིན་ནོ། །ཆོས་དུ་མ་ནི་མི་རྟག་པ་ཉིད་དང༌། བྱས་པ་ཉིད་དང༌། ནམ་མཁའི་ཡོན་ཏན་ལ་སོགས་པའོ། །རང་ཉིད་ཀྱི་སྒྲའི་དོན་ནི་བདག་ཉིད་ཅེས་བྱ་བ་ཡིན་ཏེ། བསྟན་བཅོས་བྱེད་པས་འདོད་པའི་ཆོས་གང་ཇི་སྙེད་པ་དེ་ཐམས་ཅད་ནི་བསྒྲུབ་བྱ་མ་ཡིན་གྱི། འོན་ཀྱང་རང་ཉིད་ཁོ་ནའིའོ། །བསྟན་བཅོས་ཁས་བླངས་སུ་ཟིན་ཀྱང་ཞེས་བྱ་བ་ནི་རྩོད་པའི་དུས་སུ་ནི་བསྟན་བཅོས་ཁས་བླངས་པར་བྱ་བ་མ་ཡིན་པ་ཁོ་ན་ཡིན་ལ། ཁས་བླངས་པར་གྱུར་ཀྱང་བདག་ཉིད་འདོད་པ་གང་ཡིན་པ་དེ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཤེས་པར་བྱ་བའི་ཕྱིར་རང་ཉིད་ཀྱི་སྒྲ་བྱས་པ་ཡིན་ནོ། །འདོད་པའི་སྒྲ་ཡོད་པ་དེར་རྒོལ་བར་འདོད་པ་ལས་གཞན་པ་གང་ཡིན་པའི་འདོད་པ་ཐམས་ཅད་བཟློག་ཏུ་ཟིན་ཀྱང་རང་གིས་མཛད་པའི་འགྲེལ་པར་རང་ཉིད་ཀྱི་སྒྲས་དོགས་པའི་གནས་སྲིད་བ་ཟློག་པར་བྱེད་པ་ཡིན་པར་བཤད་དོ། །མདོ་མཛད་པས་ཀྱང་དོན་འདི་ཉིད་དམ་བཅས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འབྲེལ་བའི་གཞུང་སྟོན་པ་ནི་རང་ཉིད་ཅེས་བྱ་བ་ནི་སྟེ། རང་ཉིད་ཀྱི་སྒྲས་ནི་ཁས་བླངས་པ་སྟོན་


DTG187_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའོ་ཞེས་བྱ་བར་འབྲེལ་ཏོ། །ཅིའི་ཕྱིར་དོགས་པ་སྲིད་ཅེ་ན། བཤད་པ། བསྟན་བཅོས་ཁས་བླངས་པའི་ཕྱིར་རོ། །དེ་ལ་མཐོང་བ་ནི་བསྟན་བཅོས་ལ་མཐོང་བ་སྟེ། བསྟན་བཅོས་བྱེད་པས་ཆོས་གང་འདོད་པ་དེ་ཁས་བླངས་པ་ཡང་ཡིན་པར་འགྱུར་ཏེ། དེས་ན་ཇི་ལྟར་ཆོས་གཅིག་བསྒྲུབ་པར་བྱ་བ་ཡིན་པ་དེ་བཞིན་དུ་གཞན་ཡང་ཡིན་ནོ་ཞེས་དོགས་པ་སྲིད་པར་འགྱུར་རོ། །དེས་ན་གལ་ཏེ་ལོག་པར་རྟོགས་པར་འགྱུར་ཀྱང་དོགས་པ་སྲིད་པས་རང་ཉིད་སྨོས་པ་ཡིན་ནོ། །ལོག་པར་རྟོགས་པ་ཡང་མཐོང་བ་ཉིད་དེ་དེས་ན་དེ་བཟློག་པའི་ཕྱིར་ཡང་རང་ཉིད་སྨོས་པ་ཡིན་ནོ། །ཁ་ཅིག་ན་རེ་བསྟན་བཅོས་ལས་མཐོང་ན་ནི་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ནི་མ་ཡིན་ཏེ། འདི་ནི་གྲུབ་པ་ཁོ་ན་སྟེ། འདི་ལྟ་སྟེ་བསྟན་བཅོས་ལས་མཐོང་བ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །བསྟན་བཅོས་ལས་མཐོང་བ་དེ་ལ་གནོད་ན་ཡང་སྟེ། བསྟན་བཅོས་ཀྱི་དོན་ཐམས་ཅད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །བྱས་པ་ཉིད་ཀྱིས་ནམ་མཁའི་ཡོན་ཏན་ཉིད་ལ་གནོད་ན་གཏན་ཚིགས་འགལ་བ་དང་དམ་བཅའ་བ་རྗེས་སུ་དཔག་པས་བསལ་བའི་སྐྱོན་ཡིན་ནོ་ཞེས་ཟེར་རོ། །བསྟན་བཅོས་ལས་མཐོང་བ་ཐམས་ཅད་བསྒྲུབ་པར་བྱ་བ་ཡིན་པར་སྨྲ་བ་དེ་དག་གི་ཕྱིར་ན་བྱས་པ་ཉིད་ཀྱི་རྟགས་ཀྱི་དྲི་ཞེས་བྱ་བའི་ཆོས་ཅན་ལས་སའི་ཡོན་ཏན་བཟློག་པའི་ཕྱིར་བྱས་པ་ཉིད་ཀྱི་གཏན་ཚིགས་འགལ་བར་འགྱུར་རོ། །བྱས་པས་ནི་སའི་ཡོན་ཏན་ཉིད་བཟློག་པར་ནུས་པ་ཡིན་ཏེ། གང་གི་ཕྱིར་ཡོན་ཏན་དང་ཡོན་ཏན་ཅན་གྱི་དངོས་པོ་ནི་བརྟེན་པའི་ངོ་བོ་ཡིན་ནོ། །སྐད་ཅིག་མའི་དོན་ལ་ནི་རྟེན་འགའ་ཡང་ཡོད་པ་མ་ཡིན་ཏེ། མ་གྲུབ་པ་ནི་མེད་པའི་ཕྱིར་དང༌། གྲུབ་པ་ནི་ཐམས་ཅད་ལ་ལྟོས་པ་མེད་པའི་ཕྱིར་རོ། །དེས་ན་བྱས་པས་མི་རྟག་པ་བསྒྲུབ་པ་ན་ཡོན་ཏན་ཉིད་དང༌། རྟེན་ཐམས་ཅད་སེལ་བ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ན་སྒྲ་ལ་ནམ་ཡང་ནམ་མཁའི་ཡོན་ཏན་བཟློག་པ་ཡིན་ནོ། །ཡོད་པའམ་བྱས་པ་གང་ཡིན་པ་དེ་ནི་ནམ་མཁའི་ཡོན་ཏན་དང་སའི་ཡོན་ཏན་མ་ཡིན་ཏེ། བུམ་པ་བཞིན་ནོ། །བུམ་པ་ནི་རྫས་ཡིན་


DTG187_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཡོན་ཏན་ནི་མ་ཡིན་ནོ། །སྒྲའམ་དྲིའམ་ཡོད་པའམ་བྱས་པ་ཡིན་ནོ། །སྒྲ་ལ་བརྟེན་པ་ནམ་མཁའི་ཡོན་ཏན་ཉིད་དང༌། དྲི་ལ་བརྟེན་པའི་སའི་ཡོན་ཏན་ཉིད་བསྟན་བཅོས་ལས་མཐོང་བར་ནི་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དེས་ན་གལ་ཏེ་སྒྲ་ལ། ནམ་མཁའི་ཡོན་ཏན་ཉིད་བཟློག་པའི་ཕྱིར་འགལ་པ་ཡིན་ན། དྲི་ལ་སའི་ཡོན་ཏན་བཟློག་པས་འགལ་བར་ཅི་སྟེ་མི་འདོད། སའི་ཡོན་ཏན་ཉིད་ནི་སྐབས་མ་ཡིན་པའི་ཕྱིར་ཏེ། སྐབས་སུ་བབ་པ་མ་ཡིན་པའི་ཕྱིར་ལ། སྐབས་སུ་བབ་པ་ལ་གནོད་པས་ནི་གཏན་ཚིགས་འགལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། སྐབས་མ་ཡིན་པའི་ཕྱིར་བསྒྲུབ་བྱར་མ་གྱུར་པ་སའི་ཡོན་ཏན་ཉིད་ལ་གནོད་ཀྱང་གཏན་ཚིགས་འགལ་བ་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་ནི་རིགས་མོད་ཀྱི། འོན་ཀྱང་སྐབས་མ་ཡིན་པ་དེ་ནི་གཞན་ནམ་མཁའི་ཡོན་ཏན་ཉིད་ལ་ཡང་མཚུངས་སོ། །དེས་ན་སྐབས་སུ་བབ་པ་མ་ཡིན་པ་ནམ་མཁའི་ཡོན་ཏན་དེ་ལ་གནོད་པའི་ཕྱིར་གཏན་ཚིགས་འགལ་བར་མི་འགྱུར་རོ། །མི་མཚུངས་ཏེ་ནམ་མཁའི་ཡོན་ཏན་ཉིད་ཀྱི་ཡུལ་འདིར་ཆོས་ཅན་སྒྲ་ཞེས་བྱ་བར་གང་ཡིན་དེའི་སྐབས་ཡིན་པའི་ཕྱིར་རོ། །ཆོས་གང་གི་ཆོས་ཅན་དཀྱུས་མ་སྐབས་སུ་བབ་པ་མ་ཡིན་པ་དེ་ནི་སྐབས་སུ་བབ་པ་ཉིད་ཡིན་ཏེ། རྟེན་སྐབས་སུ་བབ་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་བསྒྲུབ་པར་བྱ་བ་ཡིན་ཞིང་དེ་ལོག་པར་སྒྲུབ་པའི་གཏན་ཚིགས་འགལ་བ་ཡང་ཡིན་ནོ། །སའི་ཡོན་ཏན་ཉིད་ནི་སྐབས་སུ་བབ་པའི་ཆོས་ཅན་གྱི་ཆོས་མ་ཡིན་པའི་ཕྱིར་བསྒྲུབ་བྱར་མི་འགྱུར་ཏེ། དེས་ན་དེས་ཟློག་པར་བྱེད་པས་འགལ་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་ནི་མཚུངས་པ་ཉིད་དོ། །ཆོས་ཅན་སྐབས་སུ་བབ་པ་དང་མ་བབ་པ་དག་གིས་ནི་ཁྱད་པར་དུ་གྱུར་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཆོས་ཅན་སྐབས་སུ་བབ་པ་ཡིན་ཡང་མི་རྟག་པ་ཉིད་སྒྲུབ་པ་ན། གང་ལ་དངོས་པོ་ལ་འབྲེལ་པ་ཡོད་པ་དེ་ནི་མ་སྨོས་ཀྱང་བསྒྲུབ་བྱ་ཉིད་དུ་འགྱུར་བ་ཡིན་ཏེ། དཔེར་ན་བདག་མེད་པ་ལ་སོགས་པ་ལྟ་བུའོ། །ནམ་མཁའི་ཡོན་ཏན་ཉིད་ལ་ནི་དེ་ལྟར་དངོས་པོ་ལ་འབྲེལ་པ་ཡོད་པ་མ་


DTG187_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། དེ་མེད་པའི་རྒྱུའི་ཕྱིར་རོ། །འོན་ཀྱང་འདི་དག་ནི་བསྟན་བཅོས་ཁས་བླངས་པའི་རྒྱུ་ལོ་ནས་བསྒྲུབ་པར་བྱ་བ་ཉིད་དུ་འབྲེལ་པ་ན་བསྟན་བཅོས་ཁས་བླངས་པ་དེ་ནི་སའི་ཡོན་ཏན་ལ་སོགས་པ་ཐམས་ཅད་ལ་ཡང་མཚུངས་པ་ཡིན་ཏེ། དེའི་ཕྱིར་ནམ་མཁའི་ཡོན་ཏན་ཉིད་དང་སའི་ཡོན་ཏན་འདི་གཉིས་ལ་ལུང་གི་སྒོ་ནས་འོངས་པའི་བསྒྲུབ་པར་བྱ་བ་ཉིད་དུ་བྱེ་བྲག་མེད་དོ། །དེའི་ཕྱིར་ཧ་ཅང་ཐལ་བར་འགྱུར་བ་ཉིད་དོ། །ཧ་ཅང་ཐལ་བར་འགྱུར་བས་ན་ནམ་མཁའི་ཡོན་ཏན་བཟློག་པ་ལས་ཀྱང་འགལ་བར་ཁས་མི་བླང་ངོ༌། །འདི་སྙམ་དུ་བསྟན་བཅོས་ཁས་བླངས་པའི་ཕྱིར་བསྒྲུབ་བྱར་འགྱུར་བ་ནི་མ་ཡིན་གྱི། འོ་ན་ཀྱང་རྒོལ་བས་འདོད་པ་ཡིན་པའི་ཕྱིར་རོ། །རྒོལ་བ་སྐབས་སུ་བབ་པའི་ཆོས་ཅན་ལ་ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ཡོད་པ་ཡིན་ཏེ། དེས་ན་ཁོ་ན་ལ་བསྒྲུབ་པར་བྱ་བ་ཉིད་ཡོད་པ་ཡིན་ནོ། །ཆོས་ཅན་གཞན་ལ་བརྟེན་པ་བསྒྲུབ་པར་བྱ་བ་ཉིད་དུ་མི་འདོད་པའི་ཕྱིར་འདི་ལ་ཡང་བསྒྲུབ་བར་འདོད་པ་མ་གྲུབ་པར་འགྱུར་བ་ནི་མ་ཡིན་ནོ་ཞེ་ན། འོ་ན་ཏེ་ཕ་རོལ་པོ་སྐབས་སུ་བབ་པའི་ཆོས་ཅན་ལ་བརྟེན་པའི་ཆོས་རྣམས་རྒོལ་བས་ཀྱང་འདོད་པར་སྒྲུབ་པར་བྱེད་པ་དེའི་ཚེ། བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་བ་ཡིན་ན། སྒྲུབ་པར་བྱེད་པ་ནི་ཡོད་པ་མ་ཡིན་ནོ། །ཇི་ལྟར་མེད་དེ་གང་གི་ཕྱིར་ཆོས་ཅན་དེའི་ཁྱད་པར་ནམ་མཁའི་ཡོན་ཏན་ཞེས་བྱ་བ་གང་ཡིན་པ་དེ་ཡང་བསྒྲུབ་པར་བྱ་བར་འདོད་པ་ཡིན་ཏེ། བསྒྲུབ་བྱའི་ཆོས་དང་ཆོས་ཅན་གྱི་སྤྱིའི་ཕྱོགས་གཅིག་ཏུ་གྱུར་པ་ཡང་དེ་ཡིན་ལ། དེ་ལས་གཞན་ལ་ཁྱད་པར་དུ་གྱུར་བས་ཁྱད་པར་ཡང་ཡིན་པའོ། །གཏན་ཚིགས་དེའི་ཕྱིར་ཏེ། བསྒྲུབ་པར་བྱ་བའི་ཆོས་བཞིན་ནོ་ཞེས་བྱ་བའི་གཏན་ཚིགས་འདི་ཡོད་པ་མ་ཡིན་ནམ་ཞེ་ན། དགག་པའི་ཕྱིར་སྤྱིའི་ཕྱོགས་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྱིའི་ཕྱོགས་གཅིག་ཏུ་གྱུར་པའི་ཁྱད་པར་ཡིན་པ་ཞེས་བྱ་བའི་གཏན་ཚིགས་ཙམ་གྱིས་ནི་སྐབས་མ་ཡིན་པ་སྐབས་དང་བྲལ་བ་རྒོལ་བས་བསྒྲུབ་བྱ་ཉིད་དུ་འདོད་པར་མི་འགྱུར་རོ། །ཅིའི་ཕྱིར་དེ་ལྟར་མི་


DTG187_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེ་ན། བཤད་པ། དོན་དེ་ནམ་མཁའི་ཡོན་ཏན་ཉིད་ནི་སྤྱིའི་ཕྱོགས་གཅིག་ཏུ་གྱུར་པ་ཉིད་དེའི་ངོ་བོ་མི་འདོར་བའི་རྒྱུའི་ཕྱིར་འདོད་པ་ལྡོག་པ་མེད་པར་ཐལ་བར་འགྱུར་ཞིང་སྒྲུབ་པར་བྱེད་པ་འགོད་པ་ཡང་རྒྱུ་མ་ཚང་བ་མེད་པ་ཅན་སྨྲ་ཤེས་པའི་འདོད་པ་ཙམ་ལ་རག་ལས་ནས་འཇུག་པ་ཡིན་པས་དེ་ཡང་ལྡོག་པ་མེད་པར་འགྱུར་ན། འདོད་པ་དང་འཇུག་པ་དག་ནི་འདོད་པ་ཡང་མ་ཡིན་ནོ། །འདོད་པ་མེད་པར་ཇི་ལྟར་ངེས་ཤེ་ན། རང་གི་རྒྱུད་ལ་ནི་སྣང་བ་མི་དམིགས་པའི་ལས་ཡིན་ལ་རྒྱུད་གཞན་ལ་ནི་རྗེས་སུ་དཔག་པ་ལས་སོ། །འདོད་པ་ཙམ་དང་འབྲེལ་པ་འཇུག་པ་ནི་འདོད་པ་ཡོད་ན་གདོན་མི་ཟ་བར་འགྱུར་བ་ཡིན་ན། དེ་མེད་པའི་ཕྱིར་འདོད་པ་མེད་པར་རྟོགས་སོ། །དེའི་ཕྱིར་སྐབས་ལ་མ་ལྟོས་པར་ནི་འདོད་པ་ཡོད་པར་ནི་མ་ཡིན་ནོ། །གང་གི་ཕྱིར་སྤྱིའི་ཕྱོགས་གཅིག་ཏུ་གྱུར་པའི་ཕྱིར་ནི་བསྒྲུབ་བྱར་འདོད་པ་འཇུག་པ་མ་ཡིན་པ་དེའི་ཕྱིར་སྐབས་འགའ་ཞིག་ལས་ཏེ། གང་གི་ཚེ་སྒྲ་མི་རྟག་པ་ལས་ཕ་རོལ་ཐེ་ཚོམ་དུ་འགྱུར་བའམ། ཡོངས་སུ་ཤེས་པ་རྟོགས་པར་འདོད་པས་སྒྲ་མི་རྟག་པ་ཉིད་ལ་དེ་བརྒལ་ཞིང་བརྟག་པ་མེད་པ་དེའི་ཚེ་བསྒྲུབ་བྱར་འདོད་པར་འགྱུར་བ་ཡིན་ཏེ། དེའི་ཕྱིར་ཤེས་པར་འདོད་པ་རྗེས་སུ་དཔག་པའི་འདྲི་བ་ལ་སོགས་པའི་ངག་ནི་སྐབས་ཡིན་པས་དེ་ནི་སྐབས་དེ་ལས་འགྱུར་བ་དང༌། སྐབས་དེ་ཉིད་ཀྱིས་རྒོལ་བ་ལ་གཞན་དག་གིས་ཤེས་པར་བྱ་བ་ཡིན་ནོ། །གལ་ཏེ་སྐབས་ཞེས་བྱས་འདོད་པའི་རྒྱུ་མ་ཡིན་ནམ་དེའི་རྒྱུ་ནུས་པ་ཐོགས་པ་མེད་པ་ནི་མ་ཡིན་ཏེ། གང་གི་ཕྱིར་སྐབས་ཡོད་ཀྱང་ཡུལ་དང་དུས་ཁ་ཅིག་ཏུ་རྒོལ་བ་ལ་སྐབས་དེའི་རྒྱུ་མཚན་ཅན་གྱི་འདོད་པ་གང་ཡིན་པ་དེ་ཉིད་མེད་པ་ཡིན་ལ། ཡུལ་དང་དུས་གཞན་དག་ཏུ་ནི་མཐོང་བ་ཡིན་ནོ། །དེའི་ཕྱིར་སྐབས་འབའ་ཞིག་ལ་ནི་ནུས་པ་ཡོད་པ་མ་ཡིན་ཏེ། དེས་ན་རྒྱུ་གཞན་ལ་ལྟོས་པ་དང་བཅས་པའི་རྒྱུས་ཇི་ལྟར་འབྲས་བུ་རྗེས་སུ་དཔོག་ཅེ་ན། བདེན་ཏེ། དེ་ལྟར་རྗེས་སུ་དཔོག་པ་ནི་མ་ཡིན་ནོ། །འོན་ཀྱང་ཚིག་གི་བདག་ཉིད་སྒྲུབ་པར་བྱེད་པ་ཉེ་བར་བཀོད་པ་ལས་འདོད་པ་བསྒྲུབ་པར་བྱ་བ་ཡིན་ཏེ། སྒྲུབ་


DTG187_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ཉེ་བར་བཀོད་པའི་ཕྱིར་ན་འདི་འགའ་ཞིག་སྒྲུབ་པར་འདོད་པ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་འདོད་པ་ནི་འབྲས་བུ་ལས་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །སྐབས་ཀྱིས་ནི་འབྲས་བུ་དེ་ལས་ཤེས་པའི་འདོད་པའི་ཡུལ་ཡོངས་སུ་གཅད་པར་བྱ་བ་ཡིན་ཏེ། ཡུལ་དེ་ལ་ནི་འདིར་རྩོད་པ་ཡོད་པས་སྐབས་དེ་ཉིད་ཀྱིས་རྟོགས་པར་བྱ་བ་ཡིན་ནོ། །དཔེར་ན་གྲང་ཅན་གྱིས་བདག་བསྒྲུབ་པའི་སྐབས་སུ་སྒྲུབ་པར་བྱེད་པ་འགོད་པ་ན་བདག་གི་དོན་ཉིད་བསྒྲུབ་པར་བྱ་བ་ཡིན་ན་ཞེས་དེའི་ཡུལ་ཅན་གྱི་འདོད་པ་རྟོགས་པ་བཞིན་ནོ། །བཟློག་པའི་ཤེས་པ་རིག་པས་གསལ་བར་འགྱུར་བ་གང་ལ་ཡོད་པ་སྐབས་དང་བྲལ་བའི་འདོད་པ་དེའོ། །འདོད་པ་ནི་རང་རིག་པའི་མངོན་སུམ་མ་ཡིན་ནོ། །དེ་ནས་གཞན་ཉམས་སུ་མྱོང་བ་ཉིད་དུ་ངེས་པར་རང་རིག་པས་རྟོགས་པར་བྱ་བ་དེ་མེད་པར་ངེས་པའི་ཕྱིར་ན། ཉམས་སུ་མྱོང་བས་མེད་པར་ངེས་པ་ནི་བཟློག་པ་ཉམས་སུ་མྱོང་བས་དགག་པ་འཇུག་པ་ཡིན་ནོ། །འཐད་པ་མེད་པའི་ཕྱིར་ནན་གྱིས་ཡོད་དོ་ཞེས་བསྒྲུབ་པ་ནི་མངོན་སུམ་དང་འགལ་བར་ཤེས་པ་ཡིན་ནོ། །འདི་ཉིད་ཚིགས་སུ་བཅད་པ་དག་གིས་བསྟན་པའི་ཕྱིར་བཤད་པ། སྒྲ་རྟག་པར་ཁས་ལེན་པ་ལ་སོགས་པའི་གནས་སྐབས་འགས་འདོད་པ་སྐྱེ་བ་ཡིན་ལ། དེ་ཡུལ་ཁྱད་པར་ཅན་འདོད་པ་ཡིན་པར་རྣམ་པར་གཞག་པ་ཡང་འབྲས་བུར་གྱུར་པ་སྒྲུབ་པར་བྱེད་པ་ཉེ་བར་འགོད་པ་དང་ལྷན་ཅིག་པའི་གནས་སྐབས་དེ་དག་ཉིད་ཀྱིས་ཡིན་ནོ། །གལ་ཏེ་གང་ལ་འདོད་པའི་སྐབས་ཉིད་མེད་བཞིན་དུ་དེ་ལ་ནན་གྱིས་ཁྱོད་འདི་འདོད་པ་བཞིན་ནོ་ཞེས་ཐ་སྙད་བྱེད་པ་དེའི་ཚེ་རིགས་པ་དང་མི་རིགས་པའི་དཔྱོད་པ་དང་བྲལ་ཞིང་འཐད་པས་གནོད་པ་འདི་ནི་དབང་ཕྱུག་གི་སྤྱོད་པ་བཞིན་དུ་འགྱུར་རོ། །ཡུལ་ཡོངས་སུ་གཅོད་པའི་རྒྱུ་གནས་སྐབས་དང་ལྷན་ཅིག་པའི་སྒྲུབ་པར་བྱེད་པ་ཉེ་བར་འགོད་པ་ནི་འབྲས་བུའི་རྟགས་སོ། །དེ་དང་བྲལ་བ་སྐབས་དང་མི་ལྡན་པ་འདོད་པར་བརྗོད་པ་དེ་ནི་མངོན་སུམ་གྱིས་བྱས་པའི་འཁྲུལ་པས་ནི་གནོད་པར་འགྱུར་ཏེ། མངོན་སུམ་གྱིས་གྲུབ་པ་མེད་པས་དེ་ལ་གནོད་པའི་ཕྱིར་རོ། །དེ་ན་སྤྱིའི་ཕྱོགས་གཅིག་ཉིད་ཀྱིས་སྐབས་སུ་མ་བབ་པའི་ཆོས་རྒོལ་བས་བསྒྲུབ་བྱ་ཉིད་དུ་འདོད་པ་ཡིན་


DTG187_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེས་བསྒྲུབ་པར་ནུས་པ་མ་ཡིན་ཏེ། དེས་ན་དྲི་ལས་སའི་ཡོན་ཏན་བཟློག་པས་ཀྱང་འགལ་བར་འགྱུར་རོ། །འདི་སྙམ་དུ་གལ་ཏེ་ནམ་མཁའི་ཡོན་ཏན་ཉིད་སྐབས་སུ་བབ་པ་མ་ཡིན་པ་དེ་ལྟ་ན་ཡང་དེ་ལ་གནོད་ན་བསྒྲུབ་བྱ་ལ་གནོད་པར་འགྱུར་བས་བསྒྲུབ་པར་བྱ་བ་གྲུབ་པ་ནི་དེ་གྲུབ་པ་དང་ལྷན་ཅིག་པ་ཡིན་ཏེ། དེས་ན་བསྒྲུབ་བྱ་ཡིན་ནོ་སྙམ་ན། མེད་ན་མི་འབྱུང་མིན་དོན་ལ། །ཞེས་སྨོས་ཏེ། ཉན་པའི་ཤེས་པས་ཡོངས་སུ་བཅད་པའི་ཆོས་ཅན་སྒྲ་དང་བསྒྲུབ་པར་བྱ་བའི་ཆོས་འཇིག་པ་ནི་ནམ་མཁའི་ཡོན་ཏན་ཉིད་དང་འབྲེལ་བ་མ་ཡིན་ཏེ། དེས་ན་མེད་ན་མི་འབྱུང་བ་མ་ཡིན་བ་ནམ་མཁའི་ཡོན་ཏན་ཉིད་དེ་ལ་གནོད་ཀྱང༌། གཞན་མི་རྟག་པ་ཉིད་ལ་ཅི་ཞིག་གནོད་ན་གང་མི་འགྲུབ་པར་འགྱུར། གང་ཡང་མེད་ན་མི་འབྱུང་བའི་ཆོས་དཔེར་ན་སྐད་ཅིག་མ་ཉིད་ལ་བདག་མེད་པ་ལྟ་བུ་སྟེ། བདག་རྟག་པ་མ་ཡིན་པར་གྱུར་ན་སྐད་ཅིག་མ་ཉིད་དངོས་པོ་ཐམས་ཅད་ལ་གནས་པར་མི་འགྲུབ་པའི་ཕྱིར་བདག་མེད་པ་མ་གྲུབ་ན་སྐད་ཅིག་མ་ཉིད་མི་འགྲུབ་པོ། །ནམ་མཁའི་ཡོན་ཏན་ཉིད་ནི་དེ་ལྟར་མེད་ན་མི་འབྱུང་བ་མ་ཡིན་ནོ། །འདི་སྙམ་དུ་ལུང་གིས་མི་གནོད་པའི་གཏན་ཚིགས་ནི་བསྒྲུབ་བྱ་གོ་བར་ཕྱེད་པ་ཡིན་ན་འདིར་ནི་ལུང་གིས་གནོད་པས་སྐྱོན་ཅན་དུ་གྱུར་པའི་གཏན་ཚིགས་ཀྱིས་མི་རྟག་པ་ཉིད་ཀྱང་གོ་བར་མི་བྱེད་པས་མ་རྟོགས་པ་ཉིད་དེའི་གནོད་པ་ཡིན་ནོ་ཞེ་ན། བཤད་ཅེས་སྨོས་སོ། །ཅི་ཞིག་བཤད་ཅེ་ན། རྗེས་དཔག་རང་གི་སྤྱོད་ཡུལ་ལ། །ལུང་ལ་ལྟོས་པ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པའི་ཡུལ་ལ་ནི་ཚིག་ཚད་མ་མ་ཡིན་ནོ་ཞེས་བྱ་བ་དེར་བཤད་དོ། །ཚུལ་གསུམ་པ་ཚད་མས་གྲུབ་པའི་ཕྱིར་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྟགས་རང་གི་ཡུལ་ལ་འཇུག་པ་ཡིན་གྱི། ལུང་ལ་ནི་གཞན་འགའ་ཡང་དོན་དུ་གཉེར་བ་མེད་དོ། །དེའི་ཕྱིར་ལུང་ལ་མི་ལྟོས་པའི་ཕྱིར་ན་ལུང་དང་འགལ་བ་ཡང་དེས་གྲུབ་པ་གང་ཡིན་པ་དེ་ནི་ལེགས་པར་གྲུབ་པ་ཡིན་ཏེ། དེ་ལ་གནོད་པ་ནི་མ་ཡིན་ནོ། །ཞེ་ནའི་སྒྲ་ཚིག་ལེའུ་བྱས་པ་འོག་མ་ལ་བརྗོད་པ་ཡིན་ཡང་འདིར་བལྟ་བར་བྱ་སྟེ། གལ་ཏེ་དེའི་བསྟན་བཅོས་ལ་ལྟོས་པ་མེད་པ་ཡིན་ན་


DTG187_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྩོད་པ་དོར་བར་འགྱུར་རོ་ཞེ་ན། འགྱུར་བ་མིན་ཏེ། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའི་དུས་དེའི་ཚེ་ཁས་བླངས་པ་མེད་པའི་ཕྱིར་རོ། །ཁས་བླངས་པ་ཡོད་ན་དོར་བར་འགྱུར་བ་ཡིན་ན། དེའི་ཚེ་ནི་བསྟན་བཅོས་ཁས་བླངས་པ་ཉིད་མེད་དོ། །གང་གི་དོན་དུ་རང་ཉིད་སྨོས་པ་བསྟན་བཅོས་ཁས་བླངས་པ་ཡིན་ཡང་རྩོད་པ་འདོད་པ་ཡོད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། དེའི་ཚེ་ཞེས་བྱ་བ་རྗེས་སུ་དཔག་པའི་དུས་སུ་ཡོད་ཀྱང་བསྟན་བཅོས་ཁས་ལེན་པ་དེ་འདོར་བའི་རྒྱུ་ནི་མ་ཡིན་ནོ། །ཇི་ལྟར་གནོད་པར་བྱས་ལ་གཏོང་བར་མི་འགྱུར་ཞེ་ན། འདི་ནི་ཁས་ལེན་པའི་ཐབས་ཡིན་པས་ཞེས་སྨོས་སོ། །ཐབས་ཞེས་བྱ་བ་ནི་གང་གི་ཕྱིར་བསྟན་བཅོས་ཁས་ལེན་པའི་ཐབས་ནི་འདི་ཁོ་ན་སྟེ། འདི་ལྟ་སྟེ་དེ་ལས་བཤད་པ་ཡོངས་སུ་རྟོགས་པ་ཞེས་བྱ་བ་གང་ཡིན་པའོ། །དེའི་ཕྱིར་དེའི་ཚེ་ཡོད་ཀྱང་མེད་པ་དང་འདྲ་བའི་ཁས་ལེན་པ་ནི་གཏོང་བའི་ཡན་ལག་མ་ཡིན་ཏེ། མེད་པའི་ཕྱིར་གཏོང་བ་མེད་དོ། །གང་གི་ཚེ་བྱེ་བྲག་པ་རང་གི་ལུང་ལས་བཤད་པའི་རྗེས་སུ་དཔག་པར་བྱ་བའི་དོན་གཞན་དང་ལྷན་ཅིག་རྗེས་སུ་དཔག་པ་ལ་རྣམ་པར་དཔྱོད་པར་རྩོམ་པ་དེ་ཉིད་ཀྱི་ཚེ་ཁས་བླངས་པ་བྱས་སུ་ཟིན་ཀྱང༌། གལ་ཏེ་གཞན་གྱིས་གྲུབ་པའི་མཐའ་ལས་བཤད་པའི་དོན་རྣམ་པ་འགའ་ཞིག་ལྟར་གསལ་བ་དེའི་ཚེ་འདི་ནི་ལུང་མ་ཡིན་ནོ་ཞེས་བརྗོད་པས། ཡིད་གཉིས་སུ་གྱུར་པ་ནི་རྗེས་སུ་དཔག་པའི་དུས་སུ་ཁས་ལེན་པ་ཡོད་ཀྱང་ཁས་ལེན་པའི་རྒྱུའི་གནས་སྐབས་ཐོབ་པར་གྱུར་པས་ན། ཁས་བླངས་པ་དོར་བ་དང་འདྲ་བར་འཇུག་པ་ཡིན་ནོ། །དེའི་ཕྱིར་དེའི་ཚེ་ཡོད་པའི་ཁས་ལེན་པ་ནི་སྔ་མ་མེད་པ་བྱ་དགོས་པ་ཅན་དུ་མཐོང་བའི་ཕྱིར་དོར་བའི་ཡུལ་མ་ཡིན་ནོ། །གལ་ཏེ་དཔྱོད་པའི་དུས་ན་གྲུབ་པའི་མཐའ་མེད་ན། འོ་ན་ནམ་གྱི་ཚེ་བསྟན་བཅོས་ཀྱིས་གནོད་པར་འགྱུར་ཞེ་ན། དེ་ལྟར་ཞེས་སྨོས་ཏེ། བསྟན་བཅོས་ལ་མ་ལྟོས་པར་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ཡུལ་གཉིས་རྣམ་པར་དག་ཅིང་གཏན་ལ་ཕེབས་ནའོ། །བསྟན་བཅོས་ཀྱི་བརྗོད་པར་བྱ་བའི་ཡུལ་གྱི་རང་བཞིན་ཡང་རྣམ་པ་གསུམ་སྟེ། མངོན་སུམ་དུ་གྱུར་པ་གཟུགས་ལ་སོགས་པ་དང༌། རྗེས་སུ་དཔག་


DTG187_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་སྐད་ཅིག་མ་ཉིད་ལ་སོགས་པ་དང༌། དབང་པོ་ལས་འདས་པ་མཐོ་རིས་ལ་སོགས་པའོ། །དེ་ལ་མངོན་སུམ་དུ་གྱུར་པ་དང་རྗེས་སུ་དཔག་པར་བྱ་བའི་ཡུལ་གཏན་ལ་ཕེབས་ན་དེ་ནི་བསྟན་བཅོས་ཡོངས་སུ་འཛིན་པར་འདོད་པའི་སྟེ། ཡོངས་སུ་འཛིན་པ་དུས་ཡིན་ནོ། །འདོད་པ་ཞེས་བྱ་བ་ནི་འདི་སྐད་དུ་སྟོན་པ་ཡིན་ཏེ། ལུས་གཉིས་ཡོངས་སུ་དག་ཀྱང་དབང་པོ་ལས་འདས་པ་ལ་སེམས་དགོས་པ་མེད་པར་མི་འགྱུར་བའི་ཕྱིར་གདོན་མི་ཟ་བར་གཟུང་བ་ནི་མ་ཡིན་ཏེ། གལ་ཏེ་མི་འཇུག་ན་སྡུག་བསྔལ་བར་གནས་པར་འགྱུར་ན་དེས་ཡུལ་གཉིས་ངེས་ན་བསྟན་བཅོས་གཟུང་བར་བྱ་བ་ཡིན་པས་ཡུལ་གཉིས་རྣམ་པར་དག་པ་མཐར་ཕྱིན་པའི་དུས་དེའི་ཚེ། བསྟན་བཅོས་ནི་གནོད་པར་འགྱུར་བ་ཡིན་གྱི་སྔར་ནི་མ་ཡིན་ནོ། །གལ་ཏེ་ཡུལ་གཉིས་རྣམ་པར་དག་ཏུ་ཆུག་པ་དེ་ལྟ་ན་ཡང་ཇི་ལྟར་བསྟན་བཅོས་ཁས་ལེན་པའམ། ཇི་ལྟར་དེ་གནོད་པར་འགྱུར་ཞེ་ན། དེས་གྲུབ་པ་དོན་ལ་ཞེས་སྨོས་ཏེ། དེས་ཞེས་བྱ་བ་བསྟན་བཅོས་ཀྱི་གྲུབ་པའི་དོན་ལ་བསྟན་བཅོས་ལས་གྲུབ་པའི་དོན་དང་འགལ་བར་སེམས་པ་གང་ཡིན་པ་དེ་ནི་མི་རུང་བའི་ཕྱིར་རོ། །གང་གི་ཕྱིར་རྟེན་མེད་པས་དབང་པོ་ལས་འདས་པའི་དོན་ལ་སེམས་པ་མི་འཐད་པ་དེའི་ཕྱིར། གནས་གསུམ་པ་དབང་པོ་ལས་འདས་པར་འཕོ་བ་ན། བསྟན་བཅོས་ལེན་པ་རིགས་ལྡན་ཡིན་ཏེ། གདོན་མི་ཟ་བར་བྱ་བ་ཡིན་ཏེ། བསྟན་བཅོས་ཁས་མ་བླངས་ན་ནི་དཔྱོད་པའི་གཞི་མེད་པའི་ཕྱིར་རོ། །བསྟན་བཅོས་ཁས་བླངས་ན་ཡང་དེ་དང་འགལ་བའི་དོན་ཁས་མི་བླང་སྟེ། དེ་ཁས་ལེན་ན་བསྟན་བཅོས་ཀྱིས་གནོད་པར་འགྱུར་རོ། །དཔེར་ན་བསྟན་བཅོས་ལས་རབ་ཏུ་གྲགས་པའི་ཆོས་ཁས་བླངས་ནས་དེ་དང་འགལ་བ་བདེ་བ་མ་ཡིན་པ་རབ་ཏུ་སྟེར་བ་ཉིད་སྨྲ་ན་བསྟན་བཅོས་ཀྱིས་གནོད་པ་བཞིན་ནོ། །བསྟན་བཅོས་ཡོངས་སུ་ལེན་པ་དེར་ཡང་དཔེར་ན་སྐད་ཅིག་མ་ཉིད་དང་བདག་མེད་པ་འབྲེལ་པ་ལྟར་བསྒྲུབ་བྱའི་ཆོས་དང༌། མེད་ན་མི་འབྱུང་བའི་ཆོས་གང་ཡིན་པ་སྟེ། འབྲེལ་པའི་ཆོས་དེ་ལ་གནོད་པ་གང་ཡིན་པ་དེ་ཉིད་སྤོང་བར་བྱ་བ་ཡིན་ཏེ། དེ་ལ་


DTG187_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པར་བྱེད་པ་ནི་དངོས་པོ་ནི་བསྒྲུབ་བྱའི་ཆོས་ལ་ཡང་གནོད་པར་བྱེད་པ་ཡིན་པས་འགལ་བར་འགྱུར་རོ། །ཆོས་གཞན་དག་ལས་ནི་མིན་ཏེ། ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །ལུང་ལ་བསྟན་པ་ཡིན་ཡང་བསྟན་བཅོས་ལས་མཐོང་བ་ཐམས་ཅད་ཀྱིས་ཁྱབ་པར་ནི་རྟགས་འགའ་ཡང་དཔེ་ལ་བསྟན་པར་ནུས་པ་མ་ཡིན་ཏེ། དེའི་ཕྱིར་རྗེས་སུ་དཔག་པ་འཇུག་པའི་དུས་ན་བསྟན་བཅོས་ཁས་ལེན་པ་ཡོད་ཀྱང་མེད་པ་དང་འདྲ་བས་ཡོངས་སུ་འདོར་བའི་ཡན་ལག་མ་ཡིན་ལ། གནོད་པར་བྱེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །ཇི་ལྟར་གནོད་པར་བྱེད་པ་མ་ཡིན་ཏེ་མིག་པས་ཀྱང་ཆོས་ཡིད་ཆེས་པའི་གནས་སུ་གྱུར་པ་ལུང་གིས་གནོད་ན་གཏན་ཚིགས་མ་ཡིན་ནོ་ཞེས་ངེས་པར་བསམས་ནས་བསྟན་བཅོས་དང་འགལ་བ་མེད་པའི་གཏན་ཚིགས་སུ་ཉེ་བར་བླང་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེ་ན། བཤད་པ། ལུགས་ཏེ་རྣམ་པར་གཞག་པ་འདི་གང་གིས་བྱ། ཅི་འདྲ་བ་ཞིག་ཅེ་ན། མངོན་སུམ་དང་རྗེས་སུ་དཔག་པ་དང༌། དབང་པོ་ལས་འདས་པའི་དཔྱོད་པ་ཀུན་བསྟན་བཅོས་ལ་ལྟོས་པར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །དེ་འདྲ་བ་ནི་གང་གིས་ཀྱང་བྱ་བར་ནུས་པ་མ་ཡིན་ཏེ། དེ་ལྟར་ཡིན་ནོ་ཞེ་ན། ད་ནི་ཕྱུགས་རྫི་ལ་སོགས་པ་གྲུབ་མཐའ་མེད་རྣམས་ཀྱིས། དུ་བས་མེ་འཛིན་པར་མི་འགྱུར་རོ། །འཛིན་པ་ཡང་ཡིན་ཏེ། དེའི་ཕྱིར་གྲུབ་པའི་མཐའ་ནི་རྗེ་སུ་དཔག་པ་ལ་གྲོགས་བྱེད་པ་མ་ཡིན་ནོ། །རྗེས་སུ་དཔག་པ་ལུང་ལ་མི་ལྟོས་པར་གདོན་མི་ཟ་བར་ཁས་བླངས་པར་བྱ་དགོས་ཏེ། དེ་ལྟ་མ་ཡིན་ན་གལ་ཏེ་དཔེ་ལ་བསྟན་བཅོས་ལས་མཐོང་བའི་དོན་ཀུན་སྒྲུབ་པར་བྱེད་པ་གཅིག་ལ་ཁྱད་པར་བྱེད་པ་ཡིན་པར་ཉེ་བར་བསྟན་པ་དེ་ལྟ་ན་སྒྲུབ་པར་འགྱུར་རོ་ཞེ་ན། འདི་ནི་འཇིག་རྟེན་ལས་འདས་པའི་ལུགས་ཤིག་གོ །འཇིག་རྟེན་ལ་སྒྲུབ་པར་བྱེད་པ་ཅུང་ཟད་ཡོད་པ་ཁོ་ན་སྟེ། དེ་ལྟ་ན་ནི་སྒྲུབ་པར་བྱེད་པ་འགའ་ཡང་མེད་པར་འགྱུར་ཏེ། གང་ཞིག་བསྟན་བཅོས་ལས་མཐོང་བ་གཅིག་ཙམ་ཡང་ཕྱིན་ཅི་ལོག་ཏུ་སྒྲུབ་པར་མི་བྱེད་པའི་ཆོས་དེ་ནི་འགའ་ཡང་མེད་དོ། །བསྟན་བཅོས་ལས་མཐོང་བ་དང་འགལ་བས་ཁྱབ་པ་གང་ཡིན་པའི་ཕྱིར་གཏན་ཚིགས་འགའ་ཡང་


DTG187_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འགྱུར་རོ། །གཞན་ཡང་ལུང་དང་ལྡན་པ་བསྒྲུབ་པར་བྱ་བའི་ཆོས་དང་འབྲེལ་མེད་ཆོས་ནི་མ་གྲུབ་བས་བསྒྲུབ་བར་བྱ་བའི་ཆོས་མ་གྲུབ་བར་ནི་ཇི་ལྟར་འགྱུར། འབྲེལ་བ་མ་གྲུབ་ན་ནི་མ་གྲུབ་བ་ཞེས་བྱ་བར་འགྱུར་རོ། །མངོན་པར་འདོད་པའི་ཆོས་དེ་གྲུབ་པ་ཡིན་ན་ལུང་ལ་གནོད་པར་བྱེད་པ་ཡིན་ཡང་གཏན་ཚིགས་སྐྱོན་ལྡན་ཇི་ལྟར་སྟེ། ཅིའི་ཕྱིར་ཡིན། དེ་ནི་ཆོས་གཅིག་བོ་དེ་ཉིད་སྒྲུབ་བར་བྱེད་པའི་ཕྱིར་ཉེ་བར་བཀོད་པ་ཡིན་པས། གལ་ཏེ་དེ་གྲུབ་ན་གཞན་མ་གྲུབ་ཀྱང་སྐྱོན་དང་ལྡན་པ་མ་ཡིན་པ་ཁོ་ནའོ། །དེའི་ཕྱིར་ཐམས་ཅད་དུ་རྗེས་སུ་དཔག་བ་ལུང་ལ་བརྟེན་བ་ཡིན་ན་ཕྱུགས་རྫི་ལ་སོགས་པས་འཁྲུལ་བ་དང༌། གལ་ཏེ་དཔེ་ལ་ཞེས་བྱ་བའི་ཡུལ་འདིས་ཀྱང་མི་ནུས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །འདི་སྙམ་དུ་བསྟན་བཅོས་པ་ཐམས་ཅད་དཔེ་ལ་བསྟན་པར་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་བསྒྲུབ་བར་བྱ་བའི་ཆོས་ཅན་ལ་ཆོས་ཇི་སྙེད་བསྟན་བཅོས་ལས་མཐོང་བ་དེ་དག་གིས་གཏན་ཚིགས་ལ་ཁྱབ་པར་ནི་དཔེའི་ཆོས་ཅན་ལ་བསྟན་པར་བྱ་བ་ཡིན་ནོ། །བསྟན་བཅོས་ལས་མཐོང་བ་ཐམས་ཅད་ཀྱིས་མ་ཡིན་པ་དེས་ན་འགའ་ཞིག་སྒྲུབ་པར་བྱེད་པར་འགྱུར་བའི་ཕྱིར་འཇིག་རྟེན་ལས་འདས་པའི་ལུགས་ཀྱང་མ་ཡིན་ནོ། །ལུང་ཤེས་པ་ན་ལུང་ལ་གནོད་པའི་གཏན་ཚིགས་ལས་འགའ་ཡང་རྟོགས་པར་མི་འགྱུར་ཏེ། གང་གིས་མིག་ཏུ་གྱུར་པའི་ལུང་ལ་གནོད་པར་བྱེད་པ་དེ་ནི་དཔེའི་སྤང་བྱར་གྱུར་པ་ན་ཇི་ལྟར་རྟོགས་པར་བྱེད་པའི་ཡན་ལག་ཏུ་འགྱུར། ལུང་མི་ཤེས་པ་དག་གོ་ཅི་སྟེ་དུ་བ་ལ་སོགས་པ་ལས་མེ་ལ་སོགས་པ་རྟོགས་པར་མི་འགྱུར་ཞེ་ན། གལ་ཏེ་འཇིག་རྟེན་ཡང་བསྒྲུབ་བྱའི་ཆོས་ཅན་གྱི་ཆོས་ཀྱིས་ཁྱབ་པའི་གཏན་ཚིགས་གོ་བར་བྱེད་པར་འགྱུར་གྱི། གཞན་དུ་མ་ཡིན་པ་དེ་ལྟ་ན་ལུང་ཤེས་པའི་ལུང་ལས་གྲུབ་པ་ཡང་དེ་ཁོ་ན་ལྟར་མཛེས་པ་ཡིན་ན། དེ་ལྟར་ཡང་མ་ཡིན་ཏེ། འདི་ལྟར་ཆོས་ཅན་ཆོས་ནི་མ་ལུས་པས། །དཔེ་ལ་ཡོད་པའི་གཏན་ཚིགས་ལ་བསྟན་བ་མེད་པ་ཁོ་ནར་ནི་སྟེ། །དེ་དག་གིས་གཏན་ཚིགས་ལ་ཁྱབ་པར་མ་བསྟན་པ་ཁོ་ནར་ལུང་མི་ཤེས་པའི་འགྲོ་བ་ཚིག་ལས་སེམས་དང་ལྡན་པ་ཉིད་དང་དུ་བ་ལ་སོགས་པ་ལས་མེ་ལ་སོགས་པ་


DTG187_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དཔོག་པ་ཡིན་ནོ། །དེའི་ཕྱིར་དཔེ་ལ་བསྒྲུབ་བྱ་འབའ་ཞིག་གིས་ཁྱབ་པར་བསྟན་པའི་གཏན་ཚིགས་ནི་ལུང་ཤེས་པ་ལ་ཡང་གོ་བར་བྱེད་པ་ཡིན་ལ། སྐྱེ་བོ་གཞན་ལ་ཡང་དེ་ཁྱད་པར་ཡོད་པ་ནི་མ་ཡིན་ནོ། །གོ་བར་བྱེད་པའི་གཏན་ཚིགས་ལུང་ཤེས་པ་ལ་ནི་རྣམ་པ་གཞན་དུ་གྱུར་ལ་ལུང་མི་ཤེས་པ་ལ་ཡང་རྣམ་པ་གཞན་དུ་འགྱུར་བ་ནི་མ་ཡིན་ཏེ། འོན་ཀྱང་དེའི་བདག་ཉིད་དང་དེ་ལས་བྱུང་བདག་གིས་གོ་བར་བྱེད་པ་ནི་གཉི་ག་ལ་ཡང་ཁྱད་པར་མེད་དོ། །འདིའི་ཕྱིར་ཡང་ཁྱད་པར་མེད་པ་ཡིན་ཏེ། འདི་ལྟར་རང་བཞིན་འབྲེལ་པའི་རྒྱུ་མཚན་ཅན་མེད་ན་མི་འབྱུང་བའི་མཚན་ཉིད་མི་འཁྲུལ་བས་ན། ཁྱབ་པར་བྱེད་པ་ངོ་བོ་དང༌། རྒྱུ་དག་སྒྲུབ་པར་བྱེད་པའི་དོན་ཁྱབ་པར་བྱ་བ་རང་བཞིན་དང་འབྲས་བུ་ཞེས་བྱ་བ་གོ་བར་བྱེད་པ་ཡིན་པར་ནི་འགའི་སྨྲ་བ་ལ་གནོད་ཀྱང༌། དེའི་བདག་ཉིད་དང་དེའི་འབྲས་བུའི་ངོ་བོ་ཉིད་ལས་ལྡོག་པར་མི་འགྱུར་རོ། །གལ་ཏེ་ལུང་ལ་གནོད་པས་རང་གི་ངོ་བོ་ལས་ལྡོག་པར་འགྱུར་ན་ནི། ལུང་ཤེས་བའམ་གཞན་ལ་གཏན་ཚིགས་མ་ཡིན་པར་འགྱུར་རོ། །འདི་སྙམ་དུ་གལ་ཏེ་ངོ་བོ་ཉིད་ལས་ལྡོག་པར་མི་འགྱུར་བ་དེ་ལྟ་ན་ཡང་ལུང་ལ་གནོད་ན་གཏན་ཚིགས་ཀྱིས་ལུང་ཤེས་པ་རྟོགས་པར་བྱེད་མི་ནུས་སོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་བཤད་པ། གཏན་ཚིགས་དེ་ནི་མེད་ན་མི་འབྱུང་བ་མི་འཁྲུལ་བ་ཉིད་ཡིན་པར་རྟོགས་པ་དག་གོ །གང་དང་ཞེ་ན། འདོད་པ་སྟེ་འདོད་ཅིང་ཤེས་པར་འདོད་པ་དང་ངོ༌། །གཏན་ཚིགས་དེས་རྟོགས་པ་ཡིན་ན་བསྒྲུབ་པར་བྱ་བ་ཇི་ལྟར་རྟོགས་པར་འགྱུར་བ་མ་ཡིན། རུང་བ་ཙམ་གྱིས་ནི་སྒྲོན་མ་བཞིན་དུ་གཏན་ཚིགས་རྗེས་སུ་དཔག་པར་བྱ་བ་གོ་བར་བྱེད་པ་མ་ཡིན་གྱི། འོན་ཀྱང་རྗེས་སུ་དཔག་པར་བྱ་བའི་དོན་དང་མེད་ན་མི་འབྱུང་བ་ཉིད་དུ་ངེས་པས་སོ། །མེད་ན་མི་འབྱུང་བ་ངེས་པ་ལས་གཞན་པ་མེ་རྟོགས་པར་བྱེད་པའི་བྱ་བ་ནི་ཡོད་པ་མ་ཡིན་ནོ། །དུ་བ་དེ་ནི་རང་བཞིན་འབྲེལ་བས་མེ་མེད་ན་མི་འགྱུར་བ་ཉིད་དུ་གྲུབ་བར་འགྱུར་བདེ་ཙམ་གྱིས་མེ་རྟོགས་པ་ཉིད་ཡིན་པ་དེ་བཞིན་དུ་ལུང་ཤེས་པ་ཡང་རང་བཞིན་འབྲེལ་བའི་རྟགས་རྟོགས་བ་ཉིད་ནི་བསྒྲུབ་བྱ་རྟོགས་པ་ཡིན་ཏེ། དེས་ན་ལུང་ལ་གནོད་པའི་གཏན་ཚིགས་ཀྱིས་ལུང་ཤེས་པ་བསྒྲུབ་བྱ་


DTG187_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་མི་འགྱུར་རོ་ཞེས་ཅི་སྟེ་བརྗོད། འདི་སྙམ་དུ་ལུང་ཤེས་པ་དེས་མངོན་པར་འདོད་པའི་ཕྱོགས་གཏན་ཚིགས་དེས་བསལ་བ་ཡིན་པ་དེའི་ཕྱིར། དོན་གང་དང་ཡང་མེད་ན་མི་འབྱུང་བ་མཐོང་བ་མེད་ལ། འཁྲུལ་པ་མཐོང་བའི་ཕྱིར་ལུང་ཤེས་བ་གཏན་ཚིགས་ཁས་ལེན་པར་ཡང་མི་བྱེད་དོ་སྙམ་དུ་དོགས་པ་དགག་པའི་ཕྱིར་བཤད་པ། གལ་ཏེ་བསྟན་བཅོས་ལ་ལར་དངོས་པོ་འགའ་ཞིག་རིགས་པ་མ་ཡིན་པ་དེས་ན་གཏན་ཚིགས་དེས་དགག་བར་བྱ་བ་ཡིན་པ་དེ་ཙམ་གྱིས་རིགས་པ་སྨྲ་བའི་གཏན་ཚིགས་གཞན་པ་དག་ཀྱང་ཅི་སྟེ་ཁྱོད་ཀྱིས་དགག་པར་བྱ་བར་འགྱུར། དབང་ཕྱུག་ལ་མི་རིགས་པ་སྨྲས་པ་གཅིག་གང་གིས་བཟློག་པ་དེ་ལ་དབང་ཕྱུག་ཁྲོས་ན་རིགས་པ་སྨྲ་བ་བརྒྱ་ཡང་ཟློག་པར་བྱེད་པ་གང་ཡིན་པ་འདི་ནི་རྒྱལ་རིགས་ཀྱི་ལུགས་ཡིན་ནོ། །ལུང་ལ་གནོད་པར་བྱེད་པ་སྤོང་བའི་ལུང་ཤེས་པ་ལ་ནི་འགའ་སྒྲུབ་པར་བྱེད་པར་མི་འགྱུར་རོ། །གང་གི་ཕྱིར་ལུང་ལས་མཐོང་བ་གཅིག་ཕྱིན་ཅི་ལོག་པས་ཁྱབ་པས་ཀྱང་གལ་ཏེ་སྒྲུབ་བྱེད་དེ་ལུང་ལ་གནོད་པ་བྱེད་པར་འགྱུར་བས་དེའི་ལུང་ལ་གནོད་པར་མི་འགྱུར་བར་བྱ་བའི་ཕྱིར་ཐམས་ཅད་ཀྱིས་ཁྱབ་པར་བསྟན་དགོས་ན། དེ་ལྟར་ནི་བྱ་བར་མི་ནུས་སོ་ཞེས་བཤད་པ་ནི། ལུང་ལས་མཐོང་བའི་དོན་རྣམས་ཐམས་ཅད་མཚུངས་བྱས་ནས་ཏེ། དཔེ་ལ་ཡོད་པ་ལ་ཉེ་བར་བསྟན་ནས་རྟགས་སུ་བྱ་བར་ནི་མི་ནུས་ཏེ། བསྟན་བཅོས་ལ་མཐོང་བའི་ཆོས་ཐམས་ཅད་ཀྱིས་ཁྱབ་པ་ནི་འགའ་ཡང་མེད་པའི་ཕྱིར་རོ། །དེས་ན་གཏན་ཚིགས་ཀུན་ལ་ལུང་ཤེས་པའི་བསྒྲུབ་བྱ་དང་སྒྲུབ་བྱེད་བཞག་པ་ཉམས་པར་འགྱུར་རོ། དེས་ན་ལུང་ལ་གནོད་ཀྱང་ལུང་ལ་གནས་པ་དང་མི་གནས་པའི་གཏན་ཚིགས་ཡིན་ཏེ། དེའི་ཕྱིར་ལུང་ལ་ལྟོས་པ་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་གཏན་ཚིགས་ལུང་ལ་ལྟོས་པ་མེད་པར་ནུས་པ་ཡིན་པར་དེའི་ཕྱིར་སྐབས་སུ་བབ་པ་ཉིད་བསྒྲུབ་བྱ་ཡིན་པ་དང༌། བསྒྲུབ་པར་བྱ་བ་དེ་ལ་གནོད་པར་བྱེད་པ་ཡང་འགལ་བ་ཡིན་གྱི། བསྒྲུབ་བར་བྱ་བ་མ་ཡིན་པ་ལ་གནོད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གནོད་བྱ་གནོད་བྱེད་མ་ཡིན་བ་མི་རྟག་པ་དང་ནམ་མཁའི་ཡོན་ཏན་མ་ཡིན་པ་ཉིད་དག་སྒྲུབ་པར་བྱེད་པ་གཅིག །


DTG187_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲུབ་པ་ནི་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མ་ཡིན་པའི་ཕྱིར་འགལ་བ་མེད་པ་ཡིན་ནོ། །འགལ་བ་མེད་ཀྱང་གལ་ཏེ་བསྟན་བཅོས་ལ་གནོད་པས་འགལ་བར་ཁས་ལེན་ནའོ། །ཡུལ་ལ་གཞན་ཞེས་བྱ་བའི་དོན་གཉིས་ཏེ། གཏན་ཚིགས་གཞན་གྱི་ཡུལ་ལ་གཏན་ཚིགས་གཞན་གྱིས་ལུང་ལ་གནོད་པར་བྱས་པ་དང༌། དྲི་ལ་སོགས་པ་ཆོས་ཅན་ཡུལ་གཞན་ལ་བསྟན་བཅོས་ལ་གནོད་པར་བྱས་བ་གང་ཡིན་པ་སྟེ། དེ་ལྟར་གྱུར་པ་ན་ཡང་བསྟན་བཅོས་ལ་གནོད་པར་ཁྱད་པར་མེད་པའི་ཕྱིར་གཏན་ཚིགས་འགལ་བར་འགྱུར་རོ། །བརྩལ་མ་ཐག་ཏུ་བྱུང་བ་ལ་སོགས་པའི་གཏན་ཚིགས་གཞན་གྱི་སྒྲ་ཞེས་བྱ་བའི་ཆོས་ཅན་དེ་ཉིད་ལ། ནམ་མཁའི་ཡོན་ཏན་ལ་སོགས་པ་གནོད་པར་བྱས་ན་ཡང་གཞན་གྱིས་བྱས་པའི་གནོད་པ་བཟོད་པའི་ཕྱིར་ཇི་ལྟར་རང་གིས་གནོད་པར་བྱས་བ་དེ་བཞིན་དུ། མི་རྟག་པ་ཉིད་ཀྱི་དོན་དུ་བཀོད་པའི་བྱས་པ་འགལ་བར་འགྱུར་ལ། དེ་བཞིན་དུ་སྐབས་སུ་བབ་པའི་ཆོས་ཅན་ལ་བསྟན་བཅོས་གནོད་པར་བྱས་པ་དེ་བཞིན་དུ། སྐབས་མ་ཡིན་པའི་དྲི་ལ་སོགས་པའི་ཆོས་ཅན་ལ་སའི་ཡོན་ཏན་ཉིད་ལ་སོགས་པའི་ཆོས་གནོད་པར་བྱས་པས་འགལ་བར་འགྱུར་རོ། །མཇུག་བསྡུ་བའི་སྒོ་ནས་གཏན་ཚིགས་གཞན་གྱིས་བསྟན་བཅོས་བཀག་པ་བྱས་ནས་ཡང་འགལ་བར་འགྱུར་རོ་ཞེས་བྱ་བ་འདི་ཁྱད་པར་དུ་འཕགས་པར་བསྟན་པ་ཡིན་ཏེ། དེས་ན་ཟློས་པར་འགྱུར་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་དེས་དེ་ཉིད་ལ་གནོད་ན་ཞེས་སྨོས་སོ། །ཉིད་ཀྱི་སྒྲ་ནི་གཉི་ག་དང་འབྲེལ་ཏོ། །གཏན་ཚིགས་དེ་ཉིད་ཀྱིས་གནོད་པར་བྱས་ན་གཏན་ཚིགས་འགལ་བར་འགྱུར་གྱི། གཏན་ཚིགས་གཞན་གྱིས་གནོད་པ་བྱས་པས་ནི་དེ་འགལ་བ་མ་ཡིན་ལ། དེ་བཞིན་དུ་སྐབས་སུ་བབ་པའི་ཆོས་ཅན་དེ་ཉིད་ལ་བཀག་ན་གཏན་ཚིགས་འགལ་བར་འགྱུར་གྱི། ཆོས་ཅན་གཞན་ལ་ནི་མ་ཡིན་ཏེ། དྲི་ལ་སོགས་པའི་ཆོས་ཅན་གཞན་དེ་བསྒྲུབ་པར་བྱ་བ་མ་ཡིན་ན། དེའི་ཆོས་ཀྱང་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་དང༌། བསྒྲུབ་པར་བྱ་བ་མ་ཡིན་པ་ལ་གནོད་ཀྱང་འགལ་བ་མ་ཡིན་པའི་ཞེ་ན། གཏན་ཚིགས་ཐམས་ཞེ་ན། གཏན་ཚིགས་ཐམས་


DTG187_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་སྐྱོན་དང་ཡོན་ཏན་གང་ཡིན་པ་དེ་དག་ནི་རང་གི་བསྒྲུབ་བྱ་ལ་ལྟོས་ནས་བསམ་པར་བྱ་བ་ཡིན་པའི་ཕྱིར་རོ། །རང་གི་བསྒྲུབ་བྱ་སྒྲུབ་བར་བྱེད་པ་ཉིད་ཀྱིས་ནི་གཏན་ཚིགས་ཡོན་ཏན་ཅན་ཡིན་ལ། དེ་སེལ་ན་ནི་སྐྱོན་ཅན་ཡིན་ནོ། །སྒྲུབ་པར་བྱེད་བ་དེ་རང་གི་བསྒྲུབ་པར་བྱ་བ་འགོག་པ་མ་ཡིན་ཡང་བསྟན་བཅོས་ལ་གནོད་པའི་ཕྱིར་འགལ་བར་ཁས་ལེན་པ་ཡིན་ན། བསྟན་བཅོས་ལ་གནོད་པ་དེ་ནི་གཏན་ཚིགས་གཞན་གྱིས་བྱས་པར་གྱུར་ན་ཡང་བྱས་པ་ཉིད་དེ་ལ་ཡོད་པའི་ཕྱིར་འགལ་བར་འགྱུར་རོ། །ཅིག་ཤེས་བྱིས་སྨྲས་པ། གཏན་ཚིགས་གཞན་གྱིས་བསྟན་བཅོས་ལ་གནོད་པ་བྱས་ན་ཡང་དམ་བཅའ་བའི་སྐྱོན་དུ་འགྱུར་བ་ཁོ་ནའོ། །གཏན་ཚིགས་ཀྱི་སྐྱོན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་མདོར་བསྡུས་བ་ནི་འདི་ཡིན་ཏེ། དམ་བཅའ་བ་ནི་གལ་ཏེ་གཏན་ཚིགས་དེ་ཉིད་དམ་དེ་ལས་གཞན་གྱིས་བསལ་བ་ཡིན་ཡང་རུང་སྟེ། དེ་རྗེས་སུ་དཔག་པས་གནོད་པ་ཡིན་ནོ། །གནོད་པར་བྱེད་པའི་འགལ་བ་ཅི་ཡང་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་མི་རིགས་སོ་ཞེ་ན། བཤད་པ། དམ་བཅའ་བའི་སྐྱོན་ཡིན་གྱི་གཏན་ཚིགས་ཀྱི་སྐྱོན་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར་མོད། འོན་ཀྱང་ཇི་ལྟར་སྐབས་སུ་བབ་པའི་ཆོས་ཅན་དེ་ཉིད་ལ་གཏན་ཚིགས་གཞན་གྱིས་ནམ་མཁའི་ཡོན་ཏན་ཉིད་བཟློག་ན་དམ་བཅའ་བའི་སྐྱོན་ཡིན་པ་དེ་བཞིན་དུ་དྲིལ་ལ་སའི་ཡོན་ཏན་ཉིད་གཏན་ཚིགས་གཞན་གྱིས་བཟློག་ན་ཡང་སྒྲ་མི་རྟག་པ་རབ་ཏུ་སྒྲུབ་པའི་ཕྱིར་ཉེ་བར་བཀོད་པའི་དམ་བཅའ་བའི་སྐྱོན་དུ་འགྱུར་ཏེ། གཉི་ག་ལྟར་ཡང་བསྟན་བཅོས་བཀག་པའི་ཕྱིར་རོ། །གནོད་པར་བྱས་པའི་ཆོས་དང་ལྡན་པའི་ཆོས་ཅན་གྱི་བརྗོད་པའི་ཕྱིར། སྐབས་སུ་བབ་པའི་ཆོས་ཅན་འདི་ཉིད་ལ་བསྟན་བཅོས་གནོད་ན་དམ་བཅས་པའི་སྐྱོན་དུ་འགྱུར་གྱི། དྲི་ལ་སོགས་པ་སྐབས་མ་ཡིན་པ་གཞན་ལ་གཏན་ཚིགས་གཞན་གྱིས་སའི་ཡོན་ཏན་ཉིད་གནོད་པས་ནི་མ་ཡིན་ནོ། །གང་གི་ཕྱིར་སྐབས་ཀྱིས་ཆོས་ཅན་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཕྱིར་དེའི་ཆོས་ཇི་སྙེད་པ་དེ་ཐམས་ཅད་ཀྱང་བསྒྲུབ་བྱ་མ་ཡིན་ལ། བསྒྲུབ་པར་བྱ་བའི་ཆོས་གང་ཡིན་པ་དེ་ཉིད་ཀྱང་དམ་བཅའ་བ་ལ་གནོད་པར་བྱེད་པར་


DTG187_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དང་རྗེས་སུ་དཔག་བས་གནོད་པར་བྱ་བ་ཡིན་ནོ། །སྐབས་མ་ཡིན་པའི་ཆོས་ཅན་ནི་བསྒྲུབ་བར་བྱ་བ་མ་ཡིན་པས་དེའི་ཆོས་ཀྱང་བསྒྲུབ་བྱ་མ་ཡིན་ཏེ། དེས་ན་དམ་བཅའ་བ་གནོད་པར་བྱེད་པས་དེ་གནོད་བར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་ཆོས་ཅན་གཞན་ལ་བརྟེན་པའི་ཆོས་ནི་གཏན་ཚིགས་གཞན་གྱིས་བཀག་པ་ཡིན་ཡང་དམ་བཅའ་བའི་སྐྱོན་མ་ཡིན་ནོ་ཞེས་དོགས་ན། བཤད་བ། གནོད་པར་བྱ་བའི་དོན་གང་ལ་ཡོད་པའི་བསྟན་བཅོས་དེ་ཁས་བླངས་པས་ན། སྐབས་མ་ཡིན་པ་གཞན་དུ་ཡང་དམ་བཅའ་བའི་སྐྱོན་དུ་འགྱུར་རོ། །འདི་ལྟར་ཆོས་ཅན་སྐབས་ཡིན་པ་ཙམ་གྱིས་ནི་དེའི་ཆོས་ཐམས་ཅད་བསྒྲུབ་བྱ་མ་ཡིན་ཏེ། འོན་ཀྱང་སྐབས་སུ་བབ་པ་གང་ཡིན་པ་ཉིད་དོ། །བསྟན་བཅོས་ཁས་བླངས་པ་སྐབས་མ་ཡིན་པ་ཡང་བསྒྲུབ་བྱར་འགྲོ་བ་ཡིན་ན་ནི། བསྟན་བཅོས་ཁས་བླངས་པ་དེ་ནི་གཞན་དུ་ཡང་ཁྱད་པར་མེད་པའི་ཕྱིར་བསྒྲུབ་བྱར་འགྱུར་རོ། །དེས་ན་ཇི་ལྟར་སྒྲ་ལ་ནམ་མཁའི་ཡོན་ཏན་གཏན་ཚིགས་གཞན་གྱིས་བསལ་ན་བསྟན་བཅོས་ལ་གནོད་པའི་ཕྱིར་དམ་བཅའ་བ་ལ་གནོད་བ་དེ་བཞིན་དུ། དྲི་ལ་སའི་ཡོན་ཏན་བསལ་ན་ཡང་བསྟན་བཅོས་ལ་གནོད་པའི་ཕྱིར་ཅི་སྟེ། དམ་བཅའ་བ་ལ་གནོད་པ་ཡིན་ཏེ། ཁས་བླངས་པའི་བསྟན་བཅོས་ཀྱི་དོན་བཀག་པར་ཁྱད་པར་མེད་པའི་ཕྱིར་རོ། །གང་གི་ཕྱིར་སྐབས་མ་ཡིན་བའི་ཆོས་ཅན་ལ་བསྟན་བཅོས་བཀག་པས་ཀྱང་དམ་བཅའ་བའི་སྐྱོན་དུ་ཐལ་བ་དེས་ན་འདི་ནི་དེ་དམ་བཅའ་བའི་སྐྱོན་གྱི་མཚན་ཉིད་དུ་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བ་སྟེ། ཧ་ཅད་ཁྱབ་ཆེས་པའི་ཕྱིར་རོ།། བསྟན་བཅོས་ལ་མཐོང་བ་བསྒྲུབ་པར་བྱ་བ་ཉིད་ཡིན་ན་ཉེས་པ་གཞན་ཡང་བསགས་པའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལུང་ལས་མཐོང་བ་མ་གྲུབ་པའི་གཏན་ཚིགས་བརྗོད་པ་ཡང་དམ་བཅའ་བར་འགྱུར་ཏེ། དམ་བཅའ་བའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །དཔེར་ན་སྒྲ་མི་རྟག་སྟེ། །ལྡན་པ་དང་རྣམ་པར་དབྱེ་བ་ལས་སྐྱེས་པའི་ཕྱིར་ཞེས་བྱ་བ་ལ་སྒྲུབ་པར་བྱེད་པ་ལྡན་པ་དང༌། རྣམ་པར་དབྱེ་བ་ལས་སྐྱེས་པ་མ་གྲུབ་པས། དེ་བརྗོད་པ་ཡང་དམ་བཅའ་བར་འགྱུར་རོ། །ཁོ་ན་ཞེས་ཚིག་ཕྲད་བརྗོད་བས་ན་སྒྲུབ་བྱེད་དུ་འདོད་པ་སྤངས་པའི་ཕྱིར་སྐྱོན་


DTG187_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མེད་དོ་ཞེ་ན། ཐེ་ཚོམ་ཟ་བ་རྒོལ་བས་བསྒྲུབ་བྱར་འདོད་པ་ནི་བསྒྲུབ་བྱར་རིགས་པ་ཡིན་ནོ། །བསྟན་བཅོས་ལས་མཐོང་བའི་དོན་ཡང་གཞན་ལ་མ་གྲུབ་བ་དང༌། བསྟན་བཅོས་ཁས་བླངས་བས་རྒོལ་བས་བསྒྲུབ་བྱར་ཡང་འདོད་པ་ཡིན་པ་དེས་ན་གང་གིས་ཟློག་པར་བྱེད་པ་འགའི་ཚིག་ཀྱང་གཞན་དུ་འགྱུར་བར་མི་ནུས་ཏེ། དེའི་ཕྱིར་ཚིག་ཕྲད་པ་སྨོས་པ་ནི་དོན་མེད་པར་འགྱུར་ཏེ། རིགས་པས་ཚིག་ལ་གནོད་པའི་ཕྱིར་རོ། །བསྟན་བཅོས་ལས་མཐོང་བ་བསྒྲུབ་བྱ་ཡིན་ན་རང་གི་སྒྲ་ཡང་དོན་མེད་པར་འགྱུར་ཏེ། ཕྱོགས་ཀྱི་མཚན་ཉིད་ལས་ཕྱི་རོལ་དུ་གྱུར་པའི་བརྗོད་པར་བྱ་བ་ཅན་ཡིན་པའི་ཕྱིར་རོ། །འདི་ནི་བརྗོད་པར་བྱ་བ་ནི་ཕྱོགས་ཀྱི་ངོ་བོ་མ་ཡིན་ཏེ། འོན་ཀྱང་བླ་ལྷག་པ་ཡིན་ནོ། །དེས་ན་དགོས་པ་མེད་བར་འགྱུར་རོ། །དོན་མེད་པ་ནི་མ་ཡིན་ཏེ། འོན་ཀྱང་བསྟན་བཅོས་མང་པོ་དག་ལ་རྒོལ་བ་འདོད་པས་འཇུག་བའི་དོན་དུ་ཡིན་ཏེ། རྩོད་པའི་དུས་སུ་ཁས་བླངས་པའི་བསྟན་བཅོས་ཀྱང་དོར་ནས་འདོད་པས་གཞན་བླང་བར་བྱའོ་ཞེས་བསྟན་བའི་དོན་དུ་རང་གི་སྒྲ་སྨོས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དགག་པའི་ཕྱིར་བཤད་པ། གང་གིས་དེའི་ཞེས་བྱ་བ་འདོད་པས་འཇུག་པའི་དོན་དུ་འབད་པར་བྱེད་པ་མི་འདོད་བཞིན་དུ་འཇུག་པའི་དོགས་པ་གང་ལས་ཡིན། དོགས་པ་མེད་པར་ནི་རྣམ་པར་བཅད་པ་ལྷུར་བྱེད་པའི་མཚན་ཉིད་ཅན་གྱི་ངག་ཡོད་པ་མ་ཡིན་ནོ། །འདི་འདྲ་བའི་དོགས་པའི་ས་བོན་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར་ལུང་གི་ཡུལ་ཡོངས་སུ་བྱང་བར་བྱེད་པའི་ཚད་མ་ཉིད་རྟོགས་པ་དང་ལྡན་པའི་འཇུག་པར་བྱེད་པ་ཡིན་ལ། གནོད་པར་བྱེད་པ་ཡང་ལྡོག་པར་བྱེད་པ་ཡིན་ནོ། །དེས་ན་གལ་ཏེ་ཡུལ་ཡོངས་སུ་སྦྱོང་བའི་ཚད་མས་མ་བཟློག་ན་དེ་སུས་ཀྱང་ཚིག་གིས་བཟློག་པར་མི་ནུས་ལ། ཚད་མས་བཟློག་ཅིང་བགག་ན་ཡང་ཚིག་གིས་འཇུག་པར་བྱེད་མི་ནུས་ཏེ། ཚིག་ནི་འཇུག་པར་བྱེད་བ་དང་ལྡོག་པར་བྱེད་པ་ཉིད་དུ་མི་རིགས་པའི་ཕྱིར་རང་གི་སྒྲ་ནི་དོན་མེད་དོ། །འདི་སྙམ་དུ་རང་གི་རང་ཉིད་བདག་ཉིད་ཀྱིས་སྒྲུབ་པ་གང་ཡིན་པ་དེ་ཆོས་ཅན་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཉམས་སུ་མྱོང་བ་ནི་དོན་གྱི་ངོ་བོ་ལ་རག་ལས་པ་ཡིན་ཏེ། དེས་ན་ཉམས་སུ་མྱོང་བས་གྲུབ་པ་ནི་རང་གིས་གྲུབ་པ་ཡིན་ནོ།།


DTG187_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ནི་དོན་གྱི་ངོ་བོ་ལ་རག་ལས་པ་མ་ཡིན་ཏེ། དེས་ན་དེས་གྲུབ་པ་ནི་རང་གིས་གྲུབ་པ་མ་ཡིན་ནོ། །རང་གིས་གྲུབ་པའི་ཆོས་ཅན་ལ་འདོད་པའི་ཆོས་གང་ཡིན་པ་དེ་བསྒྲུབ་བྱ་ཡིན་ནོ་ཞེས་བྱ་བའི་དོན་འདི་བསྟན་པའི་ཕྱིར་རང་ཉིད་ཀྱི་སྒྲ་ཡིན་ནོ་ཞེས་གང་སྨྲས་པ་ནི། རང་ཉིད་ཀྱི་སྒྲས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གྲུབ་མཐའི་མཚན་ཉིད་ཀྱིས་ཤེས་པར་བྱས་པའི་ཁྱད་པར་གྱི་ཆོས་ཅན་ནམ་མཁའི་ཡོན་ཏན་དང་ལྡན་པ་དང་རྣམ་པར་དབྱེ་བ་ལས་སྐྱེས་པའི་སྒྲ་ཞེས་བྱ་བ་ལྟ་བུའི་ཆོས་ཅན་དེ་ཡོངས་སུ་སྤངས་ནས་རང་ཉིད་ཀྱིས་རབ་ཏུ་གྲུབ་བ་གཟུང་བར་བྱའོ་ཞེས་རབ་ཏུ་གྲགས་པའི་ཆོས་ཅན་ཡོངས་སུ་གཟུང་བའི་ཕྱིར་རོ་ཞེས་གཞན་དག་སྨྲའོ། །བཤད་པ། དེ་ལ་ཡང་རང་ཉིད་ཀྱི་སྒྲ་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་རྣམ་པར་དཔྱོད་པའི་སྐབས་ཉིད་ཀྱིས་གཞི་ཆོས་ཅན་རབ་ཏུ་གྲགས་པ་ཉམས་སུ་མྱོང་བས་གྲུབ་པ་ཡིན་པར་གྲུབ་པ་ཤེས་པ་ཡིན་པ་དེའི་ཕྱིར་དགོས་པ་འདི་ནི་འཐད་པ་ཡིན་ནོ། །ཆོས་ཅན་ནི་རྣམ་པར་དཔྱོད་པའི་རྟེན་ཡིན་ན་གྲུབ་པའི་མཐའ་ལས་གྲགས་པ་ནི་དཔྱོད་པའི་རྟེན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་གིས་འདོད་པས་ཞེས་སྨོས་ཏེ། རང་གིས་འདོད་པས་བརྟགས་པའི་ཁྱད་བར་གང་དག་ལ་ཡོད་པའོ། །གཞན་ཡང་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། དོན་དགོས་པ་ལ་གཙོར་ཏེ་ལྷུར་ཉེ་བར་སྦྱོར་བ་གང་དག་ཡིན་པ་དེ་ལྟར་མ་ཡིན་པ་ནི་དོན་ལ་གཙོར་ཉེ་བར་སྦྱོར་བ་མེད་པ་སྟེ། དེ་དག་ལའོ། །འདི་སྐད་བརྗོད་པ་ཡིན་ཏེ། སྐྱེས་བུའི་དོན་ལ་ཉེ་བར་སྦྱོར་བའི་དོན་གང་ཡིན་པ་དེ་དག་ལ་རྟོག་པ་དང་ལྡན་པ་རྣམ་པར་དཔྱོད་པར་བྱེད་པ་ཡིན་ལ་དོན་བྱ་བ་ལ་ཉེ་བར་སྦྱོར་བ་ཡང་ཉམས་སུ་མྱོང་བས་གྲུབ་པའི་སྒྲ་ལ་སོགས་པ་ཉིད་ཡིན་གྱི། རང་གིས་འདོད་པས་བརྟགས་པའི་ཁྱད་པར་དག་ནི་མ་ཡིན་ནོ། །དེས་ན་དེ་དག་ལ་མི་རྟག་པ་ཉིད་ལ་སོགས་པའི་ཆོས་ཅན་རྣམ་པར་གཞག་པ་བྱེད་པ་ནི། འགའ་ཡང་གང་གིས་ཀྱང་བཟློག་པར་བྱ་བ་མ་ཡིན་ནོ། །གལ་ཏེ་དོན་བྱེད་པ་གང་ཡིན་པ་དེ་ཉིད་ཁྱད་པར་ཅན་དུ་གྲུབ་བའི་མཐའ་བརྟགས་བ་མ་ཡིན་ནམ། དེ་ཅི་ལྟར་རྣམ་པར་དཔྱད་པར་བྱ་བ་མ་ཡིན་ཞེ་ན། དེ་ལྟར་ཞེས་སྨོས་སོ། །གང་གི་ཕྱིར་ཆོས་ཅན་གང་ཞིག་རང་གི་འདོད་བས་ཉེ་བར་བཀོད་པའི་རྒོལ་བ་དང་ཕྱིར་རྒོལ་བ་


DTG187_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གཉི་ག་ལ་ངོ་བོ་མཚུངས་པར་ཉམས་སུ་མྱོང་བར་མ་གྲུབ་པ་གང་ཡོད་པ་ནི་ཁྱད་པར་གྱི་རྟེན་གང་ལ་ཡོད་པའི་ཐ་སྙད་འགལ་བའི་ཆོས་ཁས་ལེན་པའི་མཚན་ཉིད་ཅན་དེའི་རྟེན་མ་ཡིན་པའི་ཕྱིར་རོ། །འདི་སྐད་བརྗོད་བ་ཡིན་ཏེ། གལ་ཏེ་རྟག་བ་མ་ཡིན་པའི་ངོ་བོ་མཚུངས་བ་ཅུང་ཟད་ཅིག་ཉམས་སུ་མྱོང་བས་གྲུབ་པར་འདོད་ན་ནི། དེ་ལ་དོན་འདི་ནི་རྟག་བའམ་མི་རྟག་པ་ཡིན་ནོ་ཞེས་ཁྱད་པར་གྱི་རྟེན་ཅན་གྱི་ཐ་སྙད་དུ་འགྱུར་བ་ཡིན་ན། གང་གི་ཚེ་རྣ་བས་རྟོགས་པར་བྱ་བའི་ངོ་བོ་ལ་ཡང་གཞན་གྱིས་ཉམས་སུ་མྱོང་བ་ལས་འདས་ནས་རྣམ་པ་གཞན་དུ་བརྟགས་པ་དེའི་ཚེ། གཞན་གྱིས་བརྟགས་པ་དེ་ཉིད་མ་གྲུབ་པའི་ཕྱིར་རྟག་པ་ཉིད་ལ་སོགས་པའི་ཁྱད་པར་བསམ་བར་ག་ལ་འགྱུར། དེའི་དོན་ནི་འདི་ཡིན་ཏེ། གཉི་ག་ལ་དོན་བྱེད་པ་བཟོད་པར་གྲུབ་པར་རྣམ་པར་དཔྱད་པར་བྱ་བ་ཡིན་གྱི། གཞན་ནི་མ་ཡིན་ནོ། །ལུང་ལས་གྲུབ་པ་ནི་དེ་ལྟ་མ་ཡིན་ནོ། །འོན་ཏེ་རང་ཉིད་ཀྱི་སྒྲས་ནི་རབ་ཏུ་གྲགས་པའི་ཆོས་ཅན་ཉེ་བར་སྟོན་པ་ཡིན་ལ། རབ་ཏུ་གྲགས་པ་དེ་ཉེ་བར་བསྟན་པའི་སྒོ་ནས་ཀྱང་གཞུག་ལུགས་ཀྱིས་གྲུབ་པའི་ཆོས་ཅན་རྣམ་པར་དཔྱོད་པ་ནི་མ་ཡིན་ཏེ། དེ་ནི་དཔྱོད་པའི་སྐབས་ཉིད་ཀྱིས་རྣམ་པར་དཔྱད་པ་གྲུབ་པའི་ཕྱིར་རོ། །འོན་ཀྱང་གྲུབ་བའི་ཆོས་ཅན་དེ་ཉིད་བསྒྲུབ་པར་བྱ་བ་མ་ཡིན་པར་བརྗོད་པ་ཡིན་ཏེ། རང་ཉིད་ཀྱིས་གྲུབ་པའི་ཆོས་ཅན་ནི་བསྒྲུབ་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ་ཞེ་ན། དེ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རང་གི་ངོ་བོ་ཁོ་ནར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་ཉིད་ཀྱི་ཕྱོགས་གཅིག་པོ་འདི་ཉིད་ཀྱིས་གྲུབ་པ་བསྒྲུབ་པར་བྱ་བ་མ་ཡིན་པར་རྟོགས་པར་ཤེས་པའི་ཕྱིར་རོ། །ཅིའི་ཕྱིར་རྟོགས་ཤེ་ན། གྲུབ་པ་དང་ཞེས་སྨོས་ཏེ། གང་གི་ཕྱིར་གྲུབ་པ་དང་སྒྲུབ་པར་བྱེད་པ་དེ་དག་གི་ངོ་བོར་བསྟན་པ་ཕྱོགས་ཡིན་པར་དོགས་པ་ཡོད་ན་བསྒྲུབ་པར་བྱ་བ་ཁོ་ནར་བསྟན་པ་ཞེས་བྱ་བའི་ངག་འདི་གྲུབ་པ་དང་སྒྲུབ་བྱེད་དག་བསྒྲུབ་པར་བྱ་བ་ཉིད་ཡིན་པ་སེལ་བས་འབྲས་བུ་དང་བཅས་པར་འགྱུར་རོ། །དེས་ན་གྲུབ་བའི་ཆོས་ཅན་བསྒྲུབ་བྱ་ཉིད་ཡིན་པ་ནི་འདི་ཁོ་ན་ཉིད་ཀྱིས་བསལ་བ་ན་གྲུབ་པ་བསྒྲུབ་བྱར་ཐལ་བ་མེད་པས་དེ་བཟློག་པའི་ཕྱིར་རང་ཉིད་སྨོས་པ་འདི་དོན་མེད་དོ། །དགོས་པ་གཞན་


DTG187_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ་ནི་རང་ཉིད་ཀྱི་སྒྲས་རང་ཉིད་གྲུབ་པའི་ཆོས་ཅན་ཡོངས་སུ་གཟུང་བར་མ་བརྗོད་ན་རྒོལ་བ་འགའ་ཞིག་ཆོས་ཅན་ཉིད་བསྒྲུབ་བྱར་བྱེད་པར་འགྱུར་རོ། །དེས་ན་རབ་ཏུ་གྲགས་པ་ཉེ་བར་བསྟན་པས་རབ་ཏུ་གྲུབ་པའི་ཆོས་ཅན་གང་ཡིན་པ་དེ་བསྒྲུབ་བྱ་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་བརྗོད་པ་ནི་མ་ཡིན་ཏེ། འོན་ཀྱང་ཆོས་ཅན་གང་ཡིན་པ་ནི་རབ་ཏུ་གྲུབ་པ་ཁོ་ན་ཡིན་གྱི་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ་ཞེས་དོགས་པ་ལ་མ་ཡིན་ཏེ་ཞེས་འགོག་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཡིན་པ་ཉིད་ཀྱིས་བརྗོད་པར་བྱ་བའམ། དགོས་པའི་དོན་གང་ཡིན་བ་རྟོགས་པའི་དོན་རྒྱུའི་ཕྱིར་རོ། །གལ་ཏེ་རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཡིན་དུ་ཆུག་མོད། དེ་ཙམ་གྱིས་ཆོས་ཅན་བསྒྲུབ་བྱ་མ་ཡིན་པར་ཅི་ལྟར་འགྱུར་ཞེ་ན། ཆོས་ཅན་ཞེས་སྨོས་སོ། །རང་གི་མཚན་ཉིད་བསྒྲུབ་བྱར་འགྱུར་ན་ཞེས་བྱ་བ་རང་གི་མཚན་ཉིད་ཁོ་ན་བསྒྲུབ་བྱར་འགྱུར་བ་མ་ཡིན་ནམ། ཅི་སྐད་དུ་ཚད་མ་གཉི་ག་དངོས་པོའི་ཡུལ་ཅན་ཞེས་བརྗོད་པ་ཡིན་ནོ་ཞེ་ན། བདེན་མོད་ཀྱི། འོན་ཀྱང་རྗེས་སུ་དཔག་པའི་ཡུལ་ནི། འདི་ནི་གཞན་དུ་མཐོང་བ་ཅི་འདྲ་བ་བུད་ཤིང་རྣམ་པར་འགྱུར་བའི་རྒྱུ་དྲོ་བའི་རེག་པའི་ཁྱད་པར་འགའ་ཞིག་ཡིན་ནོ་ཞེས་རྗེས་སུ་འགྲོ་བའི་ངོ་བོ་ཉིད་དཔེ་དང་ཐུན་མོང་དུ་རྟོགས་པས་ཁྱབ་པ་རབ་ཏུ་སྟོན་པའི་ཡུལ་དུ་གྱུར་པའི་ཆོས་ཅན་དག་ལ་མཐོང་བའི་རང་གི་མཚན་ཉིད་ཡིན་ནོ། །དེའི་སོ་སོར་ངེས་པའི་ཁྱད་པར་རྒྱུད་གཞན་ལས་ལོག་ཅིང་རང་གི་རྒྱུད་ལ་གནས་པ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པའི་དུས་སུ་མི་རྟོགས་པ་དེས་ན་སྤྱིར་བཤད་པར་ཡིན་ནོ། །ནམ་ཡང་མཐོང་བ་མེད་པའི་ཆོས་ཅན་བསྒྲུབ་བྱ་ཡིན་ན་ནི། དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་སོ་སོར་ངེས་པའི་ཕྱིར་རང་གི་མཚན་ཉིད་བསྒྲུབ་བྱར་འགྱུར་ལ། རང་གི་མཚན་ཉིད་དེ་ཡང་རྗེས་སུ་འགྲོ་བ་མེད་པ་ལ་རྟགས་མེད་པའི་ཕྱིར་སྤངས་ཟིན་ཏོ། །དེའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་འདིར་དེ་སྐད་ཅེས་བྱ་བ་ཆོས་ཅན་བསྒྲུབ་བྱ་ཉིད་བཟློག་པའི་དོན་ཅན་རང་ཉིད་ཀྱི་སྒྲ་མ་བརྗོད་ཀྱང་འདོད་པའི་ཕྱོགས་ལ་འགལ་བ་ཅུང་ཟད་ཀྱང་མེད་དེ། ངེས་པའི་ཁྱད་བར་ཕྱོགས་སུ་ཐལ་བ་ནི་རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཉིད་ཀྱིས་སྤངས་པའི་ཕྱིར་རོ། །འོན་ཏེ་རྣམ་པ་གཞན་གྱིས་ཆོས་ཅན་


DTG187_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱ་ཉིད་ཡིན་པ་མ་སྤངས་པ་དེ་ལྟ་ན་ཡང་དེ་སྤངས་པའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་ལ་རང་ཉིད་ཀྱི་སྒྲ་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་གང་ཞིག་ཕྱོགས་ཀྱི་མཚན་ཉིད་ཀྱིས་སྤང་བར་བྱ་བ། ཆོས་ཅན་བསྒྲུབ་བྱ་ཉིད་དུ་བྱས་པས་ཕྱོགས་ཀྱི་སྐྱོན་དུ་འགྱུར་བ་ནི་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་བཤད་པ། ཅི་སྟེ་འགའ་ཞིག་གིས་ཆོས་ཅན་ཉིད་བསྒྲུབ་བྱར་བྱས་ན་བསྒྲུབ་བྱར་བྱས་པ་དེ་ལས་ཅིར་འགྱུར། ཅིག་ཤོས་ཀྱིས་སྨྲས་པ། ཆོས་ཅན་དེ་ནི་བསྒྲུབ་བྱར་བྱ་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། གཏན་ཚིགས་ནི་ཁྱད་པར་གཞན་ན་མེད་པའི་ཆོས་ཅན་དང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་འདི་ནི་གཏན་ཚིགས་དང་དཔེ་དག་གིས་ཞེས་བྱ་བ་ལ། གཏན་ཚིགས་རྗེས་སུ་འགྲོ་བ་མེད་པ་དང་དཔེ་བསྒྲུབ་བྱས་སྟོང་པའི་སྐྱོན་ཡིན་ནོ། །གང་གི་ཕྱིར་དམ་བཅའ་བའི་མཚན་ཉིད་ཀྱིས་ཡན་ལག་ལས་གཞན་དུ་གྱུར་བའི་ཡན་ལག་ཕྱི་མ་ལ་ལྟོས་པ་ཡིན་པ་དེའི་ཕྱིར་ཡན་ལག་ཕྱི་མའི་སྐྱོན་ཡིན་གྱི་ཕྱོགས་ཀྱི་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་སྐྱོན་འདིས་ཀྱང་དམ་བཅའ་བའི་དོན་གྲུབ་པའི་གེགས་བྱེད་པས་དམ་བཅའ་བའི་སྐྱོན་ཡིན་པར་བརྗོད་ན། དེའི་ཚེ་གཏན་ཚིགས་དང་དཔེའི་སྐྱོན་ཐམས་ཅད་ཕྱོགས་ཉིད་ཀྱི་སྐྱོན་ཡིན་པར་འགྱུར་ཏེ། གང་གི་ཕྱིར་ཐམས་ཅད་དུ་ཕྱོགས་ཉིད་ལ་གནོད་པའི་ཕྱིར་རོ། །ཐམས་ཅད་ཕྱོགས་ཀྱི་སྐྱོན་དུ་འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཡན་ལག་ཕྱི་མ་ལ་མི་ལྟོས་པར་དེ་ཙམ་སྟེ་ཕྱོགས་ཙམ་དང་རྗེས་སུ་འབྲེལ་བ་གང་ཡིན་པ་དེ་ཁོ་ན་ཕྱོགས་ཀྱི་སྐྱོན་ཡིན་ཏེ། དཔེར་ན་སྒྲ་མཉན་པར་བྱ་བ་མ་ཡིན་ནོ་ཞེའམ་བུམ་པ་རྟག་པའོ་ཞེས་བརྗོད་པ་ཙམ་ན་མངོན་སུམ་དང་རྗེས་སུ་དཔག་པ་དང་འགལ་བར་ཐལ་བ་བཞིན་ནོ། །གཞན་གྱིས་རྟོགས་པའི་ཕྱིར་དང་འཐད་པ་མ་ཡིན་པའི་ཕྱིར་ན་རང་ཉིད་ཀྱི་སྒྲའི་དོན་འདི་ནི་མ་ཡིན་ཏེ། རང་ཉིད་ཀྱི་སྒྲ་ནི་ལོག་པར་རྟོགས་པ་བསལ་བའི་དོན་ཁོ་ནར་ཡིན་ནོ། །དོན་འདི་ཉིད་བཤད་པ་ནི། རྒྱུ་ལ་སོགས་པའི་མཚན་ཉིད་ཀྱིས་བསལ་བྱ་རྣམ་པར་གཅད་པར་བྱ་བ་ལ་ལྟོས་པ་མེད་པར་འདོད་པའི་ཡུལ་མ་ཁྱབ་པ་དང༌། ལྡོག་པ་མི་འདོད་པའི་ཡུལ་ལ་ཧ་ཅང་ཁྱབ་ཆེས་པ་དག་སྤང་བའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་བརྗོད་པ་ཡིན་ནོ། །ཚིག་


DTG187_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་མ་ཁྱབ་པ་དང་ལྡོག་པ་སྤོང་བ་དེ་བཤད་པ་ནི། བདག་ཉིད་དང༌། ཚིག་ཕྲད་དང༌། ངོ་བོ་ཞེས་བྱ་བ་དེ་དག་སྟེ། མ་བསལ་བ་དང་བཅས་པ་དེ་རྣམས་ནི་ལྡོག་པ་སྟེ། ཧ་ཅང་ཁྱབ་ཆེས་བསལ་བར་བྱེད་པ་ཡིན་ནོ། །གྲུབ་པ་དང་མ་གྲུབ་ཀྱང་སྒྲུབ་བྱེད་ཉིད་དུ་ཉེ་བར་བཀོད་པ་དང༌། བསྟན་བཅོས་ལ་མཐོང་བ་དང༌། བསལ་བ་མངོན་པར་འདོད་པ་མ་ཡིན་པ་དག་ཕྱོགས་ཉིད་དུ་ཐལ་བར་མ་གྱུར་ཅིག་ཅེས་ཚིག་འདི་རྣམས་ཉེ་བར་བཀོད་པ་བྱས་སོ། །འདོད་པའི་སྒྲ་ནི་མ་ཁྱབ་པ་སེལ་བར་བྱེད་པ་ཡིན་ནོ། །འདོད་པ་སྨོས་པས་ནི་དོན་དེ་མ་བརྗོད་དུ་ཟིན་ཀྱང་སྐབས་ཀྱི་རྟེན་དུ་གྱུར་པའི་ཆོས་ནི་བསྒྲུབ་པ་ཡིན་ནོ་ཞེས་ཅི་ནས་ཀྱང་ཤེས་པར་བྱ་བའི་ཕྱིར་རོ། །གཞན་དག་ནི་སྨྲས་པ་ཙམ་བསྒྲུབ་བྱར་འདོད་པས་མ་ཁྱབ་པ་ལ་གནོད་པ་ཡིན་ནོ། །གལ་ཏེ་ཚིག་འདི་དག་མ་ཁྱབ་པ་དང་ཁྱབ་ཆེས་བ་ལས་གནོད་པར་བྱེད་པ་ཡིན་ན་སློབ་དཔོན་གྱིས་ཕྱོགས་ཀྱི་མཚན་ཉིད་དུ། གང་ཞིག་མངོན་པར་བཞེད་ཅེ་ན། བཤད་པ། བསྒྲུབ་བྱར་ཁས་བླངས་ཞེས་བྱ་བ་འདི་ནི་ཕྱོགས་ཀྱི་མཚན་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རིགས་པའི་སྒོ་ལས་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ནི་ཕྱོགས་ཡིན་ནོ་ཞེས་ཕྱོགས་ཀྱི་མཚན་ཉིད་བཤད་དོ། །འདིར་ཡང་འདོད་པ་དང་རང་གི་ངོ་བོའི་སྒྲ་དག་གི་དོན་འཐོབ་པའི་ཕྱིར་འདི་ཉིད་འདོད་པ་ཡིན་གྱི། མཚན་ཉིད་འདི་ནི་སློབ་དཔོན་ཆོས་ཀྱི་གྲགས་པའི་ཡིན་ནོ་ཞེས་དེ་ལྟར་ནི་བཤད་པར་མི་བྱའོ། །གང་གི་ཕྱིར་ཚིག་དག་མ་ཁྱབ་པ་དང་ཁྱབ་ཆེས་པ་གཅད་པའི་ཕྱིར་ཡིན་ན་དེའི་མཚན་ཉིད་དུ་འདོད་པ་གང་ཡིན་ཞེས་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་ཀྱིས་དྲི་བར་འགྱུར་བ་ཁོ་ནའོ། །ཡང་ཅི་ལྟར་ན་འདི་དོན་དམ་པའི་མཚན་ཉིད་དུ་འགྱུར་ཞེ་ན། གང་གི་ཕྱིར་བཟློག་པར་བྱ་བ་དེ་རྣམས་ལ་ནི་ཕྱོགས་ཉིད་མེད་དོ། །ཅི་ལྟར་ཕྱོགས་ཉིད་མེད་ཅེ་ན། བསལ་བའི་ཡུལ་ལ་ནི་བསྒྲུབ་བྱར་ཁས་ལེན་པ་གནོད་པའི་ཕྱིར་དང༌། ལྷག་མ་གྲུབ་པ་དང༌། མ་གྲུབ་ཀྱང་སྒྲུབ་བྱེད་ཉིད་དུ་བརྗོད་པ་དང༌། སྨྲས་པ་ཙམ་དང༌། རང་ཉིད་འདོད་པ་མ་ཡིན་པ་ལ་ནི་མཚན་ཉིད་འཇུག་པ་མེད་པའི་ཕྱིར་ཕྱོགས་ཉིད་མེད་དོ། །དེས་ན་བསྒྲུབ་པར་བྱ་བ་ཉིད་དུ་ཁས་བླངས་པ་ནི་དེ་ཁོ་ནའི་མཚན་ཉིད་ཡིན་ནོ། །མ་ཁྱབ་བ་དང་ཁྱབ་ཆེས་པ་ཟློག་པར་


DTG187_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་འདི་དག་གིས་ཀྱང་བསྒྲུབ་པར་བྱ་བར་ཁས་བླངས་པ་ཕྱོགས་ཡིན་ནོ་ཞེས་དོན་གྱིས་རྣམ་པར་གཞག་པར་འགྱུར་བ་དེས་ན་དོན་དེ་ལྟར་འགྱུར་བ་ཡིན་གྱི་ངག་བཞིན་ནི་དགོས་པར་མི་བྱའོ། །གལ་ཏེ་མ་ཁྱབ་པ་དང་ཁྱབ་ཆེས་པ་སྤང་བའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་ཡིན་ན་ནི་འདོད་པ་སྨོས་པ་ཉིད་ཀྱིས་མི་འདོད་པ་ཐམས་ཅད་བཟློག་པར་གྲུབ་པས་རང་ཉིད་ཀྱི་སྒྲ་དོན་མེད་དོ་ཞེ་ན། བཤད་པ། ལོག་པར་རྟོགས་པ་མཐོང་བའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་འདིར་ནི་སློབ་དཔོན་གྱི་བདག་ཉིད་ཀྱི་སྒྲ་མཛད་པ་ཡིན་ནོ། །བསྟན་བཅོས་ལས་མཐོང་བའི་ཆོས་མི་འདོད་པ་ཡང་བསྟན་བཅོས་ཁས་བླངས་པའི་ཕྱིར་འདོད་པ་ཉིད་ཡིན་ལ། འདོད་པའི་ཕྱིར་ན་བསྒྲུབ་བྱ་ཡིན་ནོ་ཞེས་ཁ་ཅིག་གིས་རྟོགས་པས་ལོག་པར་རྟོགས་པ་ཡིན་ནོ། །འོ་ན་ཏེ་གང་ཞིག་ཉེ་བར་བསྟན་པས་ལོག་པར་རྟོགས་པ་བསལ་བར་འགྱུར་བ་རང་ཉིད་སྨོས་པ་མཛད་པ་ན་ཅི་ཞིག་སྟོན་པར་བྱེད་པ་ཡིན་ཞེ་ན། འདོད་བ་ལ་གནོད་པ་མེད་པར་སྟོན་པར་བྱེད་པ་ཡིན་ཏེ། བསྟན་བཅོས་ལས་མཐོང་བ་དེ་ནི། ཅི་ལྟར་མི་རྟག་པ་ལས་བདག་མེད་པ་ལྟར་གཉུག་མའི་བསྒྲུབ་བྱ་དང་མེད་ན་མི་འབྱུང་བ་མ་ཡིན་ལ། གང་ཞིག་བཀག་པས་གཉུག་མའི་བསྒྲུབ་བྱ་ལ་གནོད་པར་འགྱུར་བ་དེ་ལ་ལྟོས་ནས་གཏན་ཚིགས་ནུས་པ་ཡང་མ་ཡིན་ནོ། །འོ་ན་ཏེ་ལུང་ལས་མཐོང་བ་ལོགས་ཤིག་ཉིད་དུ་བསྒྲུབ་བྱ་ཡིན་པར་འདོད་ན། དེ་བསྒྲུབ་བྱ་མ་ཡིན་པ་ཉིད་དུ་སྟོན་པ་ཡིན་ཏེ། བསྟན་བཅོས་ཁས་བླངས་པའམ། ཆོས་ཅན་སྐབས་སུ་བབ་པ་ཡིན་པ་ཙམ་གྱིས་ནི་རྩོད་པའི་གཞི་མ་ཡིན་པ་བསྒྲུབ་བྱར་འགྱུར་བ་མ་ཡིན་ནོ། །བསྟན་བཅོས་ཁས་བླངས་པའི་ཕྱིར་དེ་ལྟ་བུ་ཡང་བསྒྲུབ་བྱར་འདོད་པ་ཉིད་ཡིན་པ་དེ་ལྟན་ནི་ཐུག་པ་མེད་པར་སྟོན་པ་ཡིན་ནོ། །ཅི་ལྟར་བསྟན་བཅོས་ཁས་བླངས་པའི་ཕྱིར་བསྟན་བཅོས་ལས་མཐོང་བ་བསྒྲུབ་བྱར་འགྱུར་ན། གང་ཞིག་ནམ་མཁའི་ཡོན་ཏན་བཞིན་དུ་ཕྱིན་ཅི་ལོག་ཏུ་འགའ་ཡང་སྒྲུབ་པར་མི་བྱེད་པའི་ཆོས་དེ་ནི་མེད་པས་ཐམས་ཅད་འགལ་བར་འགྱུར་བའི་ཕྱིར་གཏན་ཚིགས་འགའ་ཡང་མེད་པར་འགྱུར་རོ། །དེ་ལྟར་ན་རང་ཉིད་ཀྱི་སྒྲས་འདོད་པ་ལ་གནོད་པ་མེད་པ་དང༌། ནམ་མཁའི་ཡོན་ཏན་ཉིད་བསྒྲུབ་བྱ་མ་ཡིན་པ་དང༌། བསྒྲུབ་པར་བྱ་བ་ཉིད་ཡིན་ན་


DTG187_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཐུག་པ་མེད་པར་འགྱུར་ན་ཡང་སྟོན་པས་ལོག་པར་རྟོགས་པ་བསལ་བ་ཡིན་ནོ། །གལ་ཏེ་རང་ཉིད་དང་འདོད་པའི་སྒྲ་དག་གིས་གཏན་ཚིགས་མ་གྲུབ་པ་བརྗོད་པ་སྤངས་པ་མ་ཡིན་ནམ། གཏན་ཚིགས་མ་གྲུབ་པ་ནི་རྒོལ་བ་བདག་ཉིད་བསྒྲུབ་བྱ་ཉིད་དུ་འདོད་པ་མ་ཡིན་པའི་ཕྱིར་ངེས་པར་གཟུང་བའི་དོན་མེད་དོ་ཞེ་ན། དེ་རྗེས་སུ་བརྗོད་ནས་ལན་གདབ་པའི་ཕྱིར་འདིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཡང་ཕྱོགས་ཀྱི་མཚན་ཉིད་འདིར་རང་ཉིད་འདོད་པའི་སྒྲ་དག་གིས་བརྗོད་པར་བྱ་བ་ངེས་པར་གཟུང་བའི་དོན་ཁོ་ནའི་སྒྲ་ངེས་པ་དེ་ལྟ་ན་ཡང་བྱེད་པ་དང་ལྡན་པའི་མིང་ཅན་ཏེ། བྱ་བ་ལ་སོགས་པའི་རྐྱེན་གྱི་མཐའ་བསྟན་པར་བྱ་བའི་སྒྲ་གང་ལ་ཡོད་པ་དེ་དང་འདོད་པའི་སྒྲ་འབྲེལ་བའི་རྒྱུའི་ཕྱིར་སྟོན་པར་འགྱུར་བའི་དོན་ལ་ཡང་ཕྱོགས་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བར་གཟིགས་ནས་སློབ་དཔོན་གྱིས་ངེས་པར་གཟུང་བ་བཤད་པ་ཡིན་ནོ། །འདི་ལྟར་བསྟན་པར་འོས་པ་བྱུང་བ་དང་འབྱུང་བར་འགྱུར་བ་དང་ད་ལྟར་བའི་དོན་དག་ལ་བསྟན་པར་བྱ་བ་ཞེས་བརྗོད་པ་ཡིན་ནོ། །བསྟན་པར་བྱ་བའི་སྒྲའི་དོན་ཀྱང་གཙོ་བོ་ཡིན་ལ་རང་ཉིད་དང་འདོད་པའི་སྒྲའི་དོན་ནི་དེའི་ཁྱད་པར་ཡིན་པ་དེས་ན་རང་ཉིད་དང་འདོད་པའི་སྒྲའི་དོན་ཀྱང་འབྱུང་བར་འགྱུར་བའི་དུས་ཀྱི་དོན་གྱིས་ཡུལ་ཅན་དུ་འགྱུར་རོ། །དེས་ན་ངག་གི་དོན་ནི་རང་གི་ངོ་བོར་བསྟན་པར་བྱ་བ་རང་ཉིད་ཀྱིས་འདོད་པ་གང་ཡིན་པ་དེ་བརྗོད་པ་ནི་ཕྱོགས་ཡིན་ནོ་ཞེས་བྱ་བའི་དོན་འདིར་འགྱུར་ལ། དེ་ལས་ཀྱང་མ་གྲུབ་པའི་གཏན་ཚིགས་བརྗོད་པ་དང་མ་གྲུབ་པའི་དཔེ་བརྗོད་པ་ཡང་དམ་བཅའ་བར་འགྱུར་རོ། །གཏན་ཚིགས་དང་དཔེ་མ་གྲུབ་པ་དེ་དག་ནི་རྒོལ་བ་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པར་བྱ་བར་འདོད་པ་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པ་ཉིད་དུ་ཉེ་བར་བཀོད་པའི་དུས་ན་ཡང་ཕྱོགས་ཉིད་ཡིན་པར་ཐལ་ལོ། །གལ་ཏེ་བློའི་དོན་དག་ལས་ནི་ཀའི་རྐྱེན་ད་ལྟར་བ་ལ་བརྗོད་པའི་ཕྱིར་འདོད་པ་བརྗོད་པ་མ་ཡིན་ནམ། གཏན་ཚིགས་སམ་དཔེ་མ་གྲུབ་པ་ལ་ནི་རྒོལ་བ་བསྒྲུབ་བྱ་ཉིད་དུ་ད་ལྟར་འདོད་པ་མེད་དོ། །སྒྲུབ་བྱེད་ཉིད་དུ་བརྗོད་པའི་ཕྱིར་རོ། །དེས་ན་སྟོན་པར་འགྱུར་བ་ཕྱོགས་ཉིད་དུ་ཅི་ལྟར་ཐལ་བར་འགྱུར་ཞེ་ན། བཤད་པ། ད་ལྟར་མ་ཡིན་ཡང་ཕྱོགས་ཀྱི་མཚན་ཉིད་འདིར་ནི་འདོད་པའི་སྐད་ཀྱི་བྱིངས་


DTG187_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཨི་ཤུ་ལ་ནིཥྛའི་རྐྱེན་ཡན་ལག་མ་ཡིན་ཏེ། སྟོན་པར་འགྱུར་བ་ཕྱོགས་ཉིད་ཡིན་པ་འགོག་པར་བྱེད་པའི་རྒྱུ་མཚན་མ་ཡིན་ནོ། །འདི་ལྟར་བསྟན་པར་བྱ་བའི་སྒྲས་ཟིན་པའི་དོན་གང་ཡིན་པ་དེ་ཉིད་བསྟན་པར་བྱ་བ་གང་ཞིག་འདོད་པ་དེ་ནི་ཕྱོགས་ཡིན་ནོ་ཞེས་འདོད་པའི་སྒྲའི་དོན་གྱི་ཁྱད་པར་དུ་བྱས་པ་ཡིན་ལ། བསྟན་པར་བྱ་བར་འགྱུར་བ་ཡང་བསྟན་པར་བྱ་བ་ཡིན་ནོ། །དེས་ན་དེ་ཡང་ཕྱོགས་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ནིཥྛ་ནི་ཡན་ལག་མ་ཡིན་ནོ། །ཁོ་ནའི་སྒྲ་ཡོད་ན་ནི་གང་ཞིག་རང་གི་ངོ་བོ་ཁོ་ནར་བསྟན་པར་བྱ་བའི་རང་ཉིད་འདོད་པ་དེ་ཡིན་ནོ་ཞེས་བྱ་བ་འདིར་འགྱུར་རོ། །མ་གྲུབ་པའི་གཏན་ཚིགས་དང་དཔེ་དག་ནི་བསྒྲུབ་པར་བྱ་བ་ཁོ་ནར་བསྟན་པར་བྱ་བར་འདོད་པ་མ་ཡིན་ཏེ། དེའི་ཚེ་གཏན་ཚིགས་ཉིད་དུ་བསྟན་པར་བྱ་བར་འདོད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་གཏན་ཚིགས་ལ་སོགས་པ་བསྒྲུབ་པར་བྱ་བ་ཁོ་ནར་བསྟན་པར་བྱ་བར་འདོད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི། འོན་ཀྱང་གང་ལས་བསྟན་པར་བྱ་བར་འགྱུར་བའི་ཡུལ་ངེས་པར་གཟུང་བར་འགྱུར་བ་དུས་གཅིག་ནི་གྲུབ་པ་དང་བསྒྲུབ་བར་བྱ་བ་ཉིད་དུ་སྟོན་པ་སྲིད་པ་མ་ཡིན་ནོ། །དེས་ན་དེས་པར་གཟུང་བ་ནི་རིམ་གྱིས་ཀྱང་གྲུབ་པ་དང་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་སེལ་བར་བྱེད་པ་ཡིན་ནོ་ཞེས་འཐད་པ་ཡིན་ནོ། །གང་དག་གང་གི་ཚེ་འདོད་པར་འགྱུར་བ་དེའི་ཚེ་བསྟན་པར་བྱ་བར་འགྱུར་བ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ་ཞེས་ཟེར་བ་དེ་དག་གི་ལྟར་ན་ནི་ངེས་པར་གཟུང་བར་བྱས་ཀྱང༌། གང་གི་ཚེ་རང་གི་ངོ་བོ་ཁོ་ནར་འདོད་པར་འགྱུར་བ་དེའི་ཚེ་བསྟན་པར་བྱ་བར་འགྱུར་བ་གང་ཡིན་པ་དེ་ཕྱོགས་ཡིན་ལ། དེའི་ཚིག་ནི་དམ་བཅའ་བ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །གང་གི་ཚེ་འདི་མ་གྲུབ་པ་ཉིད་རྗོད་པར་འགྱུར་བ་དེའི་ཚེ་བསྒྲུབ་པར་བྱའོ་ཞེས་ཅིག་ཅར་ཉིད་སྒྲུབ་པར་བྱེད་པ་དང༌། བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་བར་འདོད་པར་མཐོང་བ་དེ་ཟློག་པའི་ཕྱིར་ངེས་པར་གཟུང་བར་འགྱུར་བས་འདི་ནི་སྤང་བར་བྱ་བ་ཡིན་ནོ། །འོ་ན་རིགས་པའི་སྒོར་ཡང་ཁོ་ནའི་སྒྲ་བྱ་དགོས་ཏེ། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ནི་ཕྱོགས་ཡིན་ནོ་ཞེས་བྱ་བ་འདིར་ཡང་བྱེད་པ་དང་ལྷན་ཅིག་པའི་མཐའ་ཅན་བསྒྲུབ་བྱའི་སྒྲ་ཡོད་པའི་ཕྱིར་རོ་ཞེ་ན། བཤད་པ། འདོད་


DTG187_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིག་ལ་ནིཥྛ་ཡན་ལག་ཉིད་ཡིན་ནོ། །འདི་ལ་ནི་ནིཥྛའི་མཐའ་ཅན་གྱི་ཚིག་དང་འབྲེལ་པའི་ཕྱིར་འདོད་པའི་སྒྲའི་དོན་འབྱུང་བར་འགྱུར་བའི་ཡུལ་ཅན་དུ་དོགས་པར་འགྱུར་བ་འབྱུང་བར་འགྱུར་བའི་དོན་དུ་སྲིད་པ་ཁྱད་པར་ཅན་གྱི་སྒྲ་གཞན་ཡོད་པ་མ་ཡིན་ནོ། །བསྒྲུབ་པར་བྱ་བ་ཉིད་དུ་ཞེས་བྱ་བ་འདི་ནི་ཁྱད་པར་གྱི་ཚིག་ཉིད་ཡིན་ནོ། །དེའི་ཕྱིར་ནིཥྛའི་རྐྱེན་དེས་གཏན་ཚིགས་དང་དཔེ་མ་གྲུབ་པ་འགོག་པར་བྱེད་དོ། །དཔེར་ན་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བ་ལ། བྱས་པ་ཉིད་དཔྱོད་པ་ལ་མ་གྲུབ་ཀྱང༌། དེའི་ཚེ་རྒོལ་བ་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་མ་ཡིན་པ་དང༌། གྲངས་ཅན་ལ་དཔེ་མ་གྲུབ་ཀྱང་བསྒྲུབ་བྱ་ཉིད་དུ་འདོད་པ་མ་ཡིན་པའི་ཕྱིར་དེ་དག་བརྗོད་པ་ཕྱོགས་མ་ཡིན་པ་བཞིན་ནོ། །རྒོལ་བ་བདག་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་འདོད་པའི་སྒྲས་བསལ་བར་བྱ་བ་གཞན་དག་ཀྱང་སྟོན་པའོ། །མི་འདོད་པ་དང་འདྲེས་པ་ནི་བསྒྲུབ་བྱ་མ་ཡིན་ནོ། །འདོད་པ་འབའ་ཞིག་པ་ཉིད་བསྒྲུབ་བྱ་ཡིན་གྱི་མི་འདོད་པ་དང་འདྲེས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལ་གནོད་ན་ཡང་གཏན་ཚིགས་འགལ་བའི་སྐྱོན་དུ་མི་འགྱུར་ཞིང༌། ཕྱོགས་ལ་བསྟན་བཅོས་ཀྱིས་གནོད་པའི་སྐྱོན་དུ་འགྱུར་བ་མེད་དོ་ཞེས་བྱ་བའི་དོན་འདི་བརྗོད་པ་ཡིན་ནོ། ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ་ལས་མ་འདས་པར་ཅི་ལྟར་བསྒྲུབ་པར་བྱ་བ་ཡིན་པ་བཀག་པ་མེད་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ཉིད་བཀག་ན་སྐྱོན་ཡིན་གྱི་གཞན་དང་འདྲེས་པ་བཀག་པས་ནི་མ་ཡིན་ཏེ། འདྲེས་པ་བཀག་ཀྱང་སྐབས་སུ་བབ་པ་ལ་གནོད་པ་མེད་པའི་ཕྱིར་རོ།། མི་འདོད་པ་དང་འདྲེས་པའི་དཔེར་བརྗོད་པ་ནི། མི་འདོད་པ་ནམ་མཁའི་ཡོན་ཏན་ཉིད་དང་ལྷན་ཅིག་དོན་གཅིག་ལ་འདུ་བ་ཉིད་གང་ཡིན་པ་དེ་གང་ལ་ཡོད་པའི་མི་རྟག་པ་ཉིད་དེ་ནི་མི་འདོད་པ་དང་འདུས་པ་ཡིན་ཏེ། དེ་མེད་པ་ཡང་སྒྲུབ་པར་བྱེད་པ་བཞིན་ཏེ། བརྟེན་པའི་རང་བཞིན་གྱི་ཡོན་ཏན་ནི་འགའ་ཡང་མེད་པའི་ཕྱིར་རོ་ཞེས་མང་དུ་བཤད་ཟིན་ཏོ། །གང་ཞིག་རང་ཉིད་ཀྱི་སྒྲའི་ཞར་ལ་རྗེས་སུ་དཔག་པའི་དུས་སུ་མེད་ན་མི་འབྱུང་བ་མ་ཡིན་པའི་ཕྱིར་བསྟན་བཅོས་ལ་བརྟེན་པར་བྱ་བ་མ་ཡིན་པར་བཤད་པ་འདི་ཉིད་ཀྱིས་སྐབས་སུ་རྟོགས་པ་མ་ཡིན་པ་ཕྱོགས་སུ་སྟོན་པར་བྱེད་པ་བསལ་བ་


DTG187_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །སྐབས་སུ་རྟོགས་པ་མ་ཡིན་པ་བཤད་པ་ནི། དཔེར་ན་སྒྲ་མི་རྟག་པའམ་རྟག་པ་ཡིན་ཞེས་ཉམས་སུ་མྱོང་བ་ཙམ་གྱིས་གྲུབ་པའི་སྒྲ་ལ་འཇིག་རྟེན་ན་གྲགས་པའི་བསྟན་པའམ་འཇིག་པ་ཤེས་པར་འདོད་པ་ཡིན་ལ། ཤེས་པར་འདོད་པ་ཡང་སྐབས་ཡིན་ནོ། །མི་རྟག་པ་འབའ་ཞིག་པོའི་སྐབས་དེར་སྒྲ་ལས་ཐ་དད་པར་ཉན་པའི་དབང་པོས་གཟུང་བར་བྱ་བ་སྒྲ་ཉིད་ཅེས་བྱ་བའི་སྤྱི་དེ་དང་ལྡན་པ་གཅིག་ལ་འདུ་བ་དེ་གང་ལ་ཡོད་པའི་མི་རྟག་པ་ཉིད་དེ་དང་སྒྲ་ལྡན་པ་ཡིན་ནོ་ཞེས་ཁྱད་པར་དང་བཅས་པའི་སྤྱི་རྟག་པ་ཉིད་དེ་དང་འདྲ་བའི་སྐབས་མ་ཡིན་པ་ལྟ་བུའོ། །གལ་ཏེ་དེ་འདྲ་བའི་མི་རྟག་པ་ཉིད་བྱེ་བྲག་པའི་འདོད་པ་མ་ཡིན་ནམ། དེ་ཅི་ལྟར་སྐབས་མ་ཡིན་པ་ཕྱོགས་སུ་བྱས་པ་ཡིན་ཞེ་ན། བསྟན་བཅོས་ལ་བརྟེན་པའམ་ཞེས་སྨོས་ཏེ། གང་གི་ཕྱིར་བསྟན་བཅོས་ལས་གྲགས་པའི་ཆོས་ལ་སོགས་པ་ཆོས་ཅན་དུ་ཡོངས་སུ་གཟུང་བའི་ཕྱིར། གཉི་ག་ཡང་བསྟན་བཅོས་ལ་བརྟེན་པ་ཡིན་པའམ། ཕྱིར་རྒོལ་བ་བསྟན་བཅོས་ལས་གྲགས་པ་མི་རྟག་པ་ཉིད་དེ་རྟོགས་པ་དོན་དུ་གཉེར་བ་ཡིན་ན་ནི། བསྟན་བཅོས་ལས་རབ་ཏུ་གྲགས་པའི་དོན་དེ་ཕྱོགས་སུ་བྱེད་པར་རིགས་པར་འགྱུར་རོ། །ཕྱིར་རྒོལ་བ་དེ་རྟོགས་པ་དོན་དུ་གཉེར་བ་ནི་ཁྱེད་ཀྱི་མི་རྟག་པ་ཉིད་ཅི་འདྲ་བ་ཞིག་ཡིན་ཞེས་འདྲི་བ་ལས་ཤེས་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་བསྟན་བཅོས་ལ་བརྟེན་པའམ། དེ་རྟོགས་པ་དོན་དུ་གཉེར་བ་ཉིད་མ་ཡིན་ན། བསྟན་བཅོས་ཀྱི་དོན་ཡོངས་སུ་འཛིན་པ་མ་འབྲེལ་བའི་དོན་བརྗོད་པ་ནི་སྐབས་སུ་མ་ཁོ་བ་མེད་པའི་ཕྱིར་རྣ་གཏང་པར་མི་བྱ་བར་འགྱུར་རོ། །དེའི་ཕྱིར་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་བསྟན་བཅོས་ལས་རབ་ཏུ་གྲགས་པའི་ཆོས་ཅན་ལ་མི་བརྟེན་པའི་ཕྱིར་བསྟན་བཅོས་ལ་མི་བརྟེན་པར་འཇིག་རྟེན་ལ་རབ་ཏུ་གྲགས་པའི་མི་རྟག་པ་ཉིད་ལ་སོགས་པ་འགའ་ཞིག་ཡོངས་སུ་རྟོག་པ་ན་སྐབས་མ་ཡིན་པ་རབ་ཏུ་མ་གྲགས་པ་ཉིད་ཕྱོགས་སུ་བྱེད་པའི་གོ་སྐབས་ནི་ཡོད་པ་མ་ཡིན་ནོ། །འདི་སྐད་དུ་བརྗོད་པ་ཡིན་ཏེ། རྒོལ་བ་དོན་དུ་གཉེར་བའི་འདོད་པ་གང་ཡིན་པ་དེ་ཉིད་སྐབས་སུ་འགྱུར་བ་ནི་མ་ཡིན་ནོ། །གཞན་གྱིས་རྣ་བླགས་པར་འོས་པ་མ་ཡིན་པས་བསྒྲུབ་བྱ་མ་ཡིན་པའི་ཕྱིར་དང༌། སྒྲུབ་པར་བྱེད་པའི་སྐབས་སེམས་


DTG187_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པའི་ཕྱིར་རོ། །ཕྱིར་རྒོལ་བས་ཤེས་པར་འདོད་པ་གང་ཡིན་པ་དེ་ནི་སྐབས་ཡིན་ཏེ། རྣ་གཏད་བར་བྱ་བ་ཉིད་ཀྱིས་བསྒྲུབ་བྱ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གཉི་ག་བསྟན་བཅོས་ལ་བརྟེན་པ་ཡིན་ན། བསྟན་བཅོས་ཀྱི་དོན་སྐབས་སུ་བབ་པར་འགྱུར་བ་ཡིན་གྱི། རྒོལ་བ་འབའ་ཞིག་བརྟེན་བས་ནི་མ་ཡིན་ནོ། །ད་ནི་ཕ་རོལ་པོ་དག་ཕྱིར་རྒོལ་བ་སྤྱི་རྟོགས་པ་དོན་དུ་གཉར་ན་ཁྱད་པར་རྟོགས་པ་དོན་དུ་གཉེར་བ་ཉིད་དུ་བསྟན་པའི་ཕྱིར། གལ་ཏེ་ཁྱད་པར་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་ཁྱད་པར་གྱིས་སྤྱི་འཕེན་པར་བྱེད་པ་དེའི་ཕྱིར་ཁྱད་པར་དེ་གྲུབ་ན་འདོད་པའི་སྤྱི་ཉིད་དུ་འགྲུབ་པར་འགྱུར་བ་ཡིན་ལ། ཁྱད་པར་གྲུབ་པས་སྤྱི་གྲུབ་ན་ཡང་སྤྱིར་མི་རྟག་པ་ཉིད་ཙམ་ཤེས་པར་འདོད་པ་ནི་མི་འདོད་པ་དང་འདྲེས་པའི་ཁྱད་པར་ཡང་ཤེས་པར་འདོད་པར་འགྱུར་རོ་ཞེས་དོགས་ན་བཤད་པ་མ་ཡིན་ཏེ། རྟོགས་པ་པོའི་འདོད་པ་དོན་དུ་གཉེར་བ་ཉིད་ནི་སྐབས་སུ་བབ་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དཀྱུས་མ་ཉིད་ཡིན་པའི་ཕྱིར་རོ། །རྟོགས་པ་པོའི་འདོད་པ་ནི་ཅི་སྒྲ་རྟག་གམ་འོན་ཏེ་མི་རྟག་ཅེས་བྱ་བ་སྐབས་ཀྱི་ངག་ལས་རྗེས་སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་རོ། །སྐབས་ཡིན་པར་གཟུང་གི་ཁྱད་པར་གྱིས་ཡུལ་ཅན་གྱི་སྒྲ་ནི་མེད་པའི་ཕྱིར། ཅི་ལྟར་རྟོགས་པ་པོའི་འདོད་པ་སྐབས་མ་ཡིན་པའི་ཁྱད་པར་གྱིས་ཡུལ་ཅན་དུ་རྣམ་པ་འགའ་ཞིག་ལྟར་བརྟག་པར་བྱ་བ་ཡིན། གང་གི་ཕྱིར་སྐབས་མ་ཡིན་རྒོལ་བ་འདོད་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་རྟོགས་པ་པོའི་འདོད་པའི་སྐབས་ཀྱིས་རྒོལ་བའི་བསྒྲུབ་བྱའི་ཆོས་སུ་འདོད་པ་དེ་རྟོགས་པ་ཡིན་ནོ་ཞེས། གནས་སྐབས་འགའ་ཡིས་འདོད་འགྱུར་དང༌། །དེ་ནི་དེ་ཡིས་རྟོགས་བྱའང་ཡིན། །ཞེས་བྱ་བ་ལ་སོགས་ཁོ་བོ་ཅག་གིས་བརྗོད་དོ། །གལ་ཏེ་སྐབས་མ་ཡིན་པ་ཡང་རྟོགས་པ་པོའི་འདོད་པ་ཡིན་ན་ནི་རྟོགས་པ་པོའི་འདོད་པ་བསྒྲུབ་བྱ་ཡིན་པའི་ཕྱིར་སྐབས་འགའ་ཞིག་གིས་རྒོལ་བའི་བསྒྲུབ་བྱ་ཆོས་སུ་འདོད་པ་རྟོགས་པར་མི་འཐད་དོ་ཞེས་བྱ་བར་བསམས་པ་ཡིན་ནོ། །གལ་ཏེ་ཡང་སྐབས་མ་ཡིན་པའི་ཕྱིར་ཁྱད་པར་འདོད་པར་སྐབས་སུ་བབ་པའི་ཚིག་མི་རྟོགས་པ་དེ་ལྟར་ན་ཡང་དངོས་པོ་ལས་ངེས་པ་ཡིན་ནོ། །སྤྱི་ནི་དོན་བྱེད་པ་ན་ཁྱད་པར་གྱི་


DTG187_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་པ་བཞིན་ནོ། །དཔེར་ན་ཤིང་ཉིད་ཤིང་ཤ་པ་ལ་སོགས་པའི་མཐར་ཐུག་པ་བཞིན་ནོ། །དེས་ན་སྤྱི་དོན་དུ་གཉེར་ན་ཁྱད་པར་དོན་དུ་གཉེར་བ་ཉིད་ཡིན་ནོ་ཞེ་ན། སྤྱི་དོན་དུ་གཉེར་བ་ནི་ཞེས་སྨོས་ཏེ། སྤྱི་དོན་དུ་གཉེར་བ་ནི་སོ་སོར་ངེས་པ་ཉིད་དུ་གྱུར་པའི་ཁྱད་པར་དེས་དོན་དུ་གཉེར་བར་གདོན་མི་ཟ་བར་འགྱུར་བ་མ་ཡིན་ནོ། །འདི་ལྟར་སྤྱི་དོན་དུ་གཉེར་བ་ཉིད་ནི་ཁྱད་པར་མེད་པ་དོན་དུ་གཉེར་བ་ཡིན་ལ། ཁྱད་པར་དོན་དུ་གཉེར་བ་ཉིད་ནི་དེ་དང་འགལ་བ་ཡིན་ནོ། །ཤིང་ཙམ་དོན་དུ་གཉེར་བ་ཉིད་ནི་ཤིང་ཤ་པ་དོན་དུ་གཉེར་བ་ཉིད་མ་ཡིན་ཏེ། འོན་ཀྱང་ངེས་པ་མེད་པ་ཁོ་ན་དོན་དུ་གཉེར་བ་ཡིན་ནོ། །མ་ངེས་པའི་བསྒྲུབ་པར་བྱ་བ་བྱེད་པ་དོན་དུ་གཉེར་བའི་ཕྱིར་དེ་ནི་ངེས་པའི་ཡུལ་དོན་དུ་གཉེར་བར་འགལ་བ་ཡིན་ལ། སྤྱི་དོན་དུ་གཉེར་བ་མ་ཡིན་ཏེ། དེ་གཉིས་ནི་འགལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །རྟོགས་པ་པོ་འདོད་པ་སྐབས་ཡིན་པའི་ཕྱིར་འབའ་ཞིག་ཏུ་ནི་མ་ཟད་ཀྱི་ཁྱད་པར་གཞན་ལས་རྩོད་པ་མེད་པའི་ཡང་ཕྱིར་རོ། །གང་གི་ཕྱིར་སྤྱི་ནི་དུ་མའི་ཡུལ་ཅན་ཡིན་པས་དེ་ལ་ཡང་ཁྱད་པར་འགའ་ཞིག་ལ་རྟོགས་པ་པོ་རྩོད་པ་མེད་པ་ཡང་སྲིད་པར་དེའི་ཕྱིར་སྤྱི་རྟོགས་པ་དོན་དུ་གཉེར་བར་འགྱུར་བ་མ་ཡིན་ཏེ། དེ་གྲུབ་པ་སྲིད་པའི་ཕྱིར་རོ། །གཞན་ཡང་གྲུབ་པའི་དོན་གྱིས་འགའ་ཞིག་དོན་དུ་གཉེར་བར་འགྱུར་བ་ཡིན་ནོ། །འདི་འདྲ་བའི་ཁྱད་པར་ནི་བསྟན་བཅོས་ལས་གྲུབ་པ་ཡིན་ན་བསྟན་བཅོས་ཀྱི་སྒོ་ནས་ནི་རྩོད་པ་མ་ཡིན་ཏེ། རྩོད་པའི་དུས་དེའི་ཚེ་བསྟན་བཅོས་དེ་འབྲེལ་བ་མ་ཡིན་པའི་ཕྱིར་རོ། །ཡོངས་སུ་བརྟགས་ནས་ཁས་ལེན་པའི་ཕྱིར་དང༌། ཚད་མ་གཉིས་ཀྱི་ཡུལ་སྤྱོད་པ་ལ་ལྟོས་པར་བྱ་བ་མ་ཡིན་པའི་ཕྱིར་བསྟན་བཅོས་ནི་རྩོད་པའི་དུས་སུ་མེད་ན་མེད་པ་མ་ཡིན་ནོ། །དེས་ན་བསྟན་བཅོས་ལས་གྲུབ་པ་ནི་མ་གྲུབ་པ་ཁོ་ན་ཡིན་ནོ། །འོ་ན་ནི་འཇིག་རྟེན་ན་གྲགས་པ་ཡིན་པར་འགྱུར་རོ་ཞེ་ན། བཤད་པ། རྣམ་པ་དེ་ལྟ་བུ་བསྟན་བཅོས་ལས་གྲུབ་པའི་ཆོས་ནི། དངོས་པོ་འགར་ཡང་གང་ཞིག་གཞུང་ལུགས་ལ་མི་གནས་པ་དེ་ལ་རྗེས་སུ་འགྲོ་བ་ཡིན་པར་གྲུབ་པ་མ་ཡིན་ན་གང་ལས་དེ་འགྲུབ་པ་ཡིན། དེའི་ཕྱིར་སྐབས་སུ་མ་བབ་པའི་ཁྱད་པར་ནི་རྟོགས་པ་པོ་འདོད་པ་མེད་པའི་ཕྱིར་


DTG187_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དང། རྩོད་པ་མི་སྲིད་པའི་ཕྱིར་དང༌། མ་གྲུབ་པའི་ཕྱིར་གལ་ཏེ་ཁྱད་པར་གྲུབ་ན་སྤྱི་འགྲུབ་པ་ཡིན་པ་དེ་ལྟ་ན་ཡང༌། སྤྱི་རྟོགས་པ་དོན་དུ་གཉེར་བ་ཉིད་ཀྱིས་ནི་ཁྱད་པར་རྟོགས་པ་དོན་དུ་གཉེར་བར་འགྱུར་བ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ད་ནི་ཁྱད་པར་དེ་ཉིད་བསྒྲུབ་དཀའོ་ཞེས་བཤད་པ་ནི་མི་འཁྲུལ་པ་ཅན་གྱི་གཏན་ཚིགས་ཀྱང་ཡོད་པ་མ་ཡིན་ཏེ། ཁྱབ་པ་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་རོ། །སྐད་ཅིག་མ་ཉིད་ལ་ནི་མི་འཁྲུལ་པ་ཅན་ཡོད་དེ་གནོད་པར་བྱེད་པ་ཡོད་པའི་ཕྱིར་རོ། །མི་འཁྲུལ་པ་ཅན་གྱི་གཏན་ཚིགས་ཡོད་པ་མ་ཡིན་ནམ། འདི་ལྟར་བུམ་པ་ནི་བུམ་པ་དང༌། ཐ་དད་པ་དབང་པོས་གཟུང་བར་བྱ་བའི་སྤྱི་དང་དོན་གཅིག་ལ་འདུ་བ་ཅན་གྱི་མི་རྟག་པ་ཉིད་དང་ལྡན་པའི་སྒྲ་དག་ལས་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཡིན་ཏེ་བྱས་པའི་ཕྱིར་ཀ་བ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །དཔེ་ལ་ནི་སྤྱི་རྗེས་སུ་འགྲོ་བ་ཡིན་ལ། བསྒྲུབ་བྱའི་ཆོས་ཅན་ལ་ནི་བུམ་པ་ལས་བུམ་པ་དོན་གཞན་མ་ཡིན་པའི་ཕྱིར་དེ་ལྟ་བུའི་སྒྲ་གྲུབ་པོ་ཞེ་ན། གཉིས་པ་དང་བཅས་པའི་སྦྱོར་བ་དག་ཀྱང་ཞེས་སྨོས་ཏེ། གཉིས་པ་དང་བཅས་པའི་སྤྱོར་བ་གཅིག་བསལ་ན། རྣམ་པ་དེ་ལྟ་བུ་ཐམས་ཅད་བསལ་བར་འགྱུར་བས་མང་པོའི་ཚིག་བྱས་སོ། །དེའི་ཕྱིར་དེ་ལྟར་བསྟན་བཅོས་ལ་མི་བརྟེན་པས་ནི་དེ་འདྲ་བ་སྐབས་སུ་བབ་པ་མ་ཡིན་པའི་ཁྱད་པར་སྤྱི་གྲུབ་པའི་ཡན་ལག་མ་ཡིན་པའི་ཕྱིར་སྐབས་སུ་མ་ཡིན་པ་ཉིད་དུ་བཤད་པ་ཡིན་ནོ། །ད་ནི་བསྟན་བཅོས་ལ་བརྟེན་པ་ཉིད་ཡིན་ཡང་སྐབས་མ་ཡིན་པ་ཁོ་ནའོ་ཞེས་བཤད་པ་ནི། བསྟན་བཅོས་ལ་བརྟེན་ཀྱང་སྐབས་སུ་བབ་པའི་ཆོས་ལས་འདའ་ན་ཧ་ཅང་ཐལ་བ་ནི། དེར་ཡང་བསྒྲུབ་བྱའི་ཆོས་དང་ནི། །མེད་ན་མི་འབྱུང་ལ་གནོད་ཉིད། །ཅེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་སྤྱི་ཤེས་པར་འདོད་པ་ཡིན་གྱི་ཁྱད་པར་ཤེས་པར་འདོད་པ་མ་ཡིན་པ་དེའི་ཕྱིར་སྐབས་སུ་རྟོགས་པ་ཅི་རྟག་པ་ཡིན་ནམ་ཞེས་བྱ་བ་ལ་སོགས་པའི་ངག་ལ་གནས་པ་རྟོགས་པ་པོ་འདོད་པ་ཁྱད་པར་མེད་པའི་ཆོས་ཙམ་སྟེ། ཁྱད་པར་མེད་པའི་ཕྱིར་ཆོས་ཙམ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་བསྒྲུབ་པར་བྱ་བ་དང༌། དེ་ཉིད་ནི་རྣ་གཏད་པར་འོས་པ་ཡིན་ནོ། །དེ་ལྟ་མ་


DTG187_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། སྐབས་སུ་བབ་པ་མ་ཡིན་པ་བསྒྲུབ་བྱར་ཁས་ལེན་པར་བྱེད་ན་ནི་དོན་གཞན་ཁས་བླངས་པའི་ཕྱིར་རྒོལ་བ་ཚར་བཅད་པར་འགྱུར་རོ། །རྟོག་པ་པོ་དོན་དུ་གཉེར་བ་ནི་བསྒྲུབ་བྱ་ཡིན་ཏེ། སྒྲུབ་པར་བྱེད་པ་འགོད་པ་ནི་གཞན་གྱི་དོན་ཡིན་པའི་ཕྱིར་རོ། །དེ་གཏོང་ན་ནི་དོན་གཞན་དུ་འགྲོ་བས་རྒོལ་བ་ཆད་པས་བཅད་པ་ཡིན་ལ། སྐབས་ཀྱི་སྐྱོན་མི་བརྗོད་པའི་ཕྱིར་ན་ཕྱིར་རྒོལ་བ་ཡང་ཆད་པས་བཅད་པ་ཡིན་ནོ། །མ་བསལ་བའི་སྒྲའི་དོན་བཤད་པའི་ཕྱིར་སློབ་དཔོན་བཞེད་པའི་བསྒྲུབ་བྱ་ཉིད་དུ་ཁས་བླངས་པ་ཕྱོགས་ཀྱི་མཚན་ཉིད་དུ་བཟུང་ནས་བཤད་པ། བཤད་མ་ཐག་པའི་བསྒྲུབ་པར་བྱ་བར་ཁས་བླངས་པ་དེ་ཡང་མ་བསལ་བ་བསྟན་པར་བྱ་བ་ཡིན་ནོ། །གང་གིས་ཤེ་ན། མངོན་སུམ་གྱི་དོན་དང་རྗེས་སུ་དཔག་པ་དང༌། ཡིད་ཆེས་པ་དག་དང་སྟེ། ཡིད་ཆེས་པའི་སྒྲ་ནི་དེའི་ཚིག་ལ་འཇུག་གོ་གྲགས་པ་སྟེ། གྲགས་པའི་དོན་གྱིས་གང་ལ་གྲགས་པ་བརྗོད་པ་ཡིན་ཏེ། ཡུལ་དོན་གྱིས་ཡུལ་ཅན་ཤེས་པར་བསྟན་པའི་ཕྱིར་ཏེ། དེ་དག་གིས་མ་བསལ་བའོ། །ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་པར་བརྗོད་པ་མ་ཡིན་ནམ། ཅི་ལྟར་དེ་ལྟར་བསྟན་པར་བྱ་བ་ཡིན་ཞེ་ན། གལ་ཏེ་བསྟན་པར་བྱ་བ་ཡིན་དུ་ཆུག་ན་ཞེས་སྨོས་ཏེ། གཞན་གྱིས་དེ་ལྟར་ཁས་བླངས་པ་ཉིད་ཀྱིས་བསྟན་པར་བྱ་བ་ཡིན་གྱི། ངེད་ཀྱི་ལྟར་ན་ནི་བསྟན་པར་མི་བྱ་བ་ཉིད་དོ། །འདིས་ནི་མཚན་ཉིད་ཀྱི་མདོའི་བསྟན་པར་བྱ་བའི་སྒྲ་ཡང་གཞན་གྱི་ངོར་ཡིན་པར་བཤད་པ་ཡིན་ནོ། །གང་དག་གི་ལྟར་ན་ཕྱོགས་བསྟན་པར་བྱ་བ་ཡིན་པ་དེའི་ལྟར་ན་འདི་ལྟ་བུ་ཉིད་བསྟན་པར་བྱ་བ་ཡིན་ནོ། །ཡིད་ཆེས་པ་དག་དང་ཞེས་བྱ་བ་ནི་རང་གི་བདག་ཉིད་དང་གཞན་ཡིད་ཆེས་བའོ། །འདིར་ཡང་ཡིད་ཆེས་པའི་སྒྲ་ནི་ཡིད་ཆེས་པའི་ཚིག་ལ་བྱ་ལ། གྲགས་པའི་སྒྲ་ཡང་གང་ལ་གྲགས་པ་ལ་བྱའོ། །གཏན་ཚིགས་ལ་ལྟོས་པ་ནི་གཏན་ཚིགས་ཀྱི་བྱེད་པའི་ཡུལ་དུ་གྱུར་པའོ། །ཚད་མ་ཐམས་ཅད་དོན་གྱི་སྒོ་ནས་དོན་གཞན་ལ་གནོད་པར་བྱེད་པ་ཡིན་གྱི་རང་གི་ངོ་བོས་ནི་མ་ཡིན་པ་མ་ཡིན་ན་མ་ཤེས་པ་ནི་ཕྱི་རོལ་གྱི་དོན་དང་འགལ་བ་མ་ཡིན་གྱི་འོན་ཀྱང་དེས་བསྒྲུབ་པའི་དོན་གཞན་ཏེ་དེས་ན་ཅི་སྟེ་མདོ་ན་སུམ་ལ་དོན་སྨོས་


DTG187_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཤེ་ན། བཤད་པ། མངོན་སུམ་ལ་མངོན་སུམ་ཁྱད་པར་དུ་བྱ་བའི་ཕྱིར་དོན་སྨོས་པ་གང་ཡིན་པ་དེ་ནི། ཁ་ཅིག་དོན་མི་བདེན་པ་ཅན་ཡིན་པའི་ཕྱིར་མི་བདེན་པའི་དོན་ཅན་དེ་སྤངས་པ་རྒྱུར་བྱས་ནས་ཚད་མའི་ཡུལ་གྱི་དངོས་པོ་བཟུང་བའི་ཕྱིར་རོ། །དབང་པོ་ལ་བརྟེན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མངོན་སུམ་ཡིན་ལ། ད་ནི་ཕྱིན་ཅི་མ་ལོག་པའི་དོན་ཅན་ཡང་ཡིན་ནོ། །དེ་ལ་ཕྱིན་ཅི་ལོག་གི་དོན་ཅན་སྒྲ་ལ་སོགས་པའི་ཤེས་པ་ནི་གནོད་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དོན་སྨོས་པ་བྱས་སོ། །གལ་ཏེ་མངོན་སུམ་ཚད་མར་བཤད་པ་མ་ཡིན་ནམ། དེ་ཅི་ལྟར་ཚད་མ་ཡིན་པ་མངོན་སུམ་དུ་འགྱུར་ཞེ་ན། བདེན་མོད་ཀྱི། འོ་ན་ཀྱང་འདིར་ཚད་མ་མ་ཡིན་པ་ཡིད་ཆེས་པའི་ཚིག་དང༌། གྲགས་པ་ཡང་གནོད་པར་བྱེད་པར་བརྗོད་ལ། མངོན་སུམ་གྱི་སྒྲ་ཡང་བཤད་པས་ཐུན་མོང་དུ་འགྱུར་བ་ཡིན་ཏེ། དེས་ན་མངོན་སུམ་ལྟར་སྣང་བ་ཚད་མ་མ་ཡིན་ཡང་གནོད་པར་བྱེད་པར་རྟོགས་པར་འགྱུར་བས་དོན་སྨོས་པ་ཡིན་ནོ། །དེ་ལྟ་ན་ཡང་དེའི་ཕྱིར་ཡང་དོན་སྨོས་པ་ཡིན་ནོ་ཞེས་དོན་སྨོས་པའི་དགོས་པ་གཞན་ཉིད་འཆད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི། འོ་ན་ཀྱང་གཞན་དག་གིས་དོན་སྨོས་པའི་དགོས་པ་འདི་ལྟར་བཤད་པ། དེ་ཡང་འཐད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འདི་བཀོད་པ་ཡིན་ཏེ། དཔེར་ན་མེད་པ་ལ་མེད་པ་ཉིད་དོ་ཞེས་ཚུལ་གསུམ་པ་གཞན་དག་གིས་ངེས་པར་བྱ་བའི་མཚན་ཉིད་ཀྱི་དགོས་པ་ཅན་ཡིན་པར་བཤད་པ། ཉེ་བར་བཀོད་ནས་སུན་ཕྱུང་བ་དེ་བཞིན་ནོ། །ཡང་ཅིའི་ཕྱིར་བསལ་བ་ཕྱོགས་མ་ཡིན། གལ་ཏེ་དེས་མ་ཁྱབ་པའི་ཕྱིར་གཏན་ཚིགས་ཀྱིས་དེ་བསྒྲུབ་པར་ནུས་པ་མ་ཡིན་ནོ་ཞེ་ན། འོ་ན་ནི་འདི་གཏན་ཚིགས་ཀྱི་སྐྱོན་ཡིན་གྱི། དམ་བཅས་པའི་སྐྱོན་མ་ཡིན་ནོ། །དེས་ན་འདི་ནི་དེའི་མཚན་ཉིད་ཁོ་ནས་བཟློག་པར་བྱ་བ་ཡིན་གྱི། ཕྱོགས་ཀྱི་མཚན་ཉིད་ཀྱིས་མ་ཡིན་གྱི། རྒྱུ་སོགས་མཚན་ཉིད་བསལ་བྱ་ལ། །ལྟོས་པ་མེད་པར་ཞེས་བྱ་བ་ལ་སོགས་པ་ཅི་སྐད་བརྗོད་པ་བཞིན་ནོ་ཞེས་དེ་ལྟར་དོགས་ན། བཤད་པ། གང་གི་ཕྱིར་གཏན་ཚིགས་ཐེ་ཚོམ་ཟ་བའི་དོན་ལ་བརྗོད་པ་དེའི་ཕྱིར་བསལ་བ་ཆད་མས་བཟློག་པ་ནི་གཏན་ཚིགས་ཀྱི་རྟེན་མ་ཡིན་ལ། གཏན་


DTG187_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་ཀྱི་རྟེན་མ་ཡིན་པ་གང་ཡིན་པ་དེ་ཡང་ཕྱོགས་མ་ཡིན་ཏེ། ཕྱོགས་ཀྱི་གཏན་ཚིགས་ཀྱི་བྱེད་པའི་ཡུལ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་གཏན་ཚིགས་ཀྱི་རྟེན་མ་ཡིན་པར་འགྱུར་ལ། བསལ་བ་ལ་ཅིའི་ཕྱིར་གཏན་ཚིགས་མ་བརྗོད་ཅེ་ན། བཤད་པ། བསལ་བ་ནི་ཟླ་བོའི་ཚད་མའི་རྟེན་མ་ཡིན་ནོ། །ཅིའི་ཕྱིར་རྟེན་མ་ཡིན་ཞེ་ན། ཟླ་བོའི་ཚད་མས་བསྒྲུབ་པར་བྱ་བ་ལས་བཟློག་པ་འགལ་བ་ལ་ཚད་མ་ཞུགས་པའི་ཕྱིར་རོ། །གང་གི་ཕྱིར་འགལ་བ་ལ་ཚད་མ་ཞུགས་པ་ཅན་དེ་ནི་བསལ་པ་ཡིན་ཏེ། མཉན་བྱ་མ་ཡིན་པ་ཉིད་བཞིན་ནོ། །གལ་ཏེ་བཟློག་པ་ལ་ཚད་མ་ཞུགས་ཀྱང་འགལ་བ་འཁྲུལ་པ་མེད་པ་ཅན་གྱི་གཏན་ཚིགས་ཀྱི་རྟེན་ཡིན་པར་མཐོང་བ་མ་ཡིན་ནམ་ཞེ་ན། བཤད་པ། གསལ་བ་ནི་ཚད་མ་དག་གིས་བཟློག་པ་ཡིན་ཏེ། གཞན་ནི་མ་ཡིན་ནོ། །འགལ་བ་འཁྲུལ་པ་མེད་པ་ཅན་ནི་ཚད་མ་ཡིན་པའི་ཕྱིར་གཅིག་ལ་འཇུག་པ་འགལ་བ་མེད་པའི་ཕྱིར། ཅིའི་ཕྱིར་བཟློག་པ་ལ་ཚད་མ་ཞུགས་ན། ཟླ་བའི་ཚད་མའི་རྟེན་མ་ཡིན་ཞེ་ན། འགལ་བའི་ཆོས་དང་ལྡན་པ་ཡང་དག་པའི་ཤེས་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དངོས་པོ་གཅིག་ནི་འགལ་བ་དུ་མའི་རང་བཞིན་དུ་འགྱུར་བ་མ་ཡིན་ཏེ། དངོས་པོ་ཐ་དད་པ་ནི་རང་བཞིན་ཐ་དད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །གཏན་ཚིགས་སྦྱོར་བ་ཡང་དག་པའི་ཤེས་པ་བསྐྱེད་པའི་ཕྱིར་ཡིན་པ་ན། བསལ་བ་ལ་ནི་གཏན་ཚིགས་བརྗོད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ནི་གཏན་ཚིགས་ཀྱིས་དེ་སྒྲུབ་པར་བྱེད་མི་ནུས་པའི་ཕྱིར་གཏན་ཚིགས་ཀྱི་སྐྱོན་ཡིན་གྱི། ཕྱོགས་ཀྱི་སྐྱོན་ནི་མ་ཡིན་ནོ་ཞེ་ན། བཤད་པ། གཏན་ཚིགས་ཀྱི་ཡུལ་རབ་ཏུ་བསྟན་པའི་ཕྱིར་ཕྱོགས་བརྗོད་པ་ཡིན་ནོ། །དེས་ན་ཕྱོགས་ནི་གཏན་ཚིགས་ཀྱིས་བྱེད་པའི་ཡུལ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་བསལ་བ་དེ་ནི་ཕྱོགས་མ་ཡིན་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། ཡུལ་བསལ་བ་ནི་ཡུལ་ཅན་གཏན་ཚིགས་མི་སྲིད་པའི་ཕྱིར་རོ། །གཏན་ཚིགས་ཀྱི་བྱེད་པའི་ཡུལ་བྱེད་པ་མེད་པའི་ཡུལ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཅིར་འགྱུར་ཞེ་ན། དེའི་ཕྱིར་གཏན་ཚིགས་ཀྱིས་དེ་བསྒྲུབ་པར་མི་ནུས་པས་དེ་སྐྱོན་ཅན་དུ་འགྱུར་གྱི། ཕྱོགས་ནི་


DTG187_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ་ཞེས་གང་བརྗོད་པ་དེ་མེད་དོ། །གལ་ཏེ་གཏན་ཚིགས་ཀྱིས་ཡུལ་ལས་ཕྱོགས་གཞན་ཡིན་པར་གྱུར་ན་ནི། །གཏན་ཚིགས་ཀྱི་བྱེད་པ་ལ་མི་ལྟོས་པ་ཁོ་ནས་ཕྱོགས་ཀྱི་སྐྱོན་ཉིད་དུ་འགྱུར་ཞིང༌། དེའི་ཕྱིར་བསྒྲུབ་པར་མི་ནུས་ན་གཏན་ཚིགས་སྐྱོན་ཅན་དུ་འགྱུར་གྱི། ཕྱོགས་ནི་མ་ཡིན་པར་འགྱུར་བ་ཞིག་ན། དེ་ལྟ་ན་ནི་གཏན་ཚིགས་ཀྱི་བྱེད་པའི་ཡུལ་ཉིད་ཕྱོགས་ཡིན་ཏེ། དེས་ན་གཏན་ཚིགས་ཀྱིས་བསྒྲུབ་པར་ནུས་པ་ནི་གཏན་ཚིགས་ཀྱི་བྱེད་པའི་ཡུལ་ཡིན་པས་ཕྱོགས་ཡིན་ལ། མི་ནུས་པ་ནི་ཡུལ་མ་ཡིན་པས་ཕྱོགས་མ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ཀྱིས་བསྒྲུབ་པར་མི་ནུས་པ་ནི་དེ་ཙམ་ལས་གྱུར་པ་ཡིན་པའི་ཕྱིར་ཕྱོགས་ཀྱི་སྐྱོན་ཡིན་ནོ། །འདི་ལྟར་དམ་བཅའ་བའི་སྐྱོན་ནི་བརྗོད་པར་བྱ་བ་ཡིན་ཏེ། ཁྱབ་པ་རབ་ཏུ་སྟོན་པའི་དུས་ན་ཉེ་བར་གནས་པ་དེ་ཐམས་ཅད་ནི་གཏན་ཚིགས་ཀྱི་སྐྱོན་ལས་མི་འདའོ་ཞེས་བཤད་པ་ཡིན་ནོ། །དམ་བཅའི་སྦྱོར་བར་ཁས་བླངས་ནས། དེ་ལས་གྱུར་པ་ནི་ཕྱོགས་ཀྱི་སྐྱོན་ཡིན་ལ། ཡན་ལག་ཕྱི་མ་ལ་ལྟོས་པ་ནི་གཏན་ཚིགས་ཀྱི་སྐྱོན་ཡིན་པར་བརྗོད་དོ། །བསལ་བའི་དོན་དོན་ནི་མཉན་བྱ་མ་ཡིན་པ་ལ་སོགས་པ་བཞིན་དུ་མཐོང་བ་ཉིད་ན་སྒྲུབ་པར་མི་རུང་བ་ཉིད་དུ་མཐོང་བ་ཡིན་པའི་ཕྱིར། དེ་ལས་གྲུབ་པ་ཡིན་གྱི། ཡན་ལག་ཕྱི་མ་ལ་ལྟོས་པ་ནི་མ་ཡིན་ནོ། །གལ་ཏེ་བཟློག་པ་ལས་ཟླ་བོའི་ཚད་མ་ཞུགས་པའི་ཕྱིར་གཏན་ཚིགས་ཀྱི་ཡུལ་མ་ཡིན་ན། གང་གི་ཕྱིར་དེ་ཁོ་ན་ལ་གཏན་ཚིགས་བརྗོད་པར་འགྱུར་བ་ཅི་ལྟར་ཐེ་ཚོམ་གྱི་ཡུལ་ཉིད་གཏན་ཚིགས་ཀྱི་བྱེད་པའི་ཡུལ་ཡིན། ཐེ་ཚོམ་གྱི་ཡུལ་བཞིན་དུ་གྲུབ་པ་ལ་ཡང་བཟློག་པ་ལ་ཟླ་བོའི་ཚད་མ་མེད་པ་ཡིན་ཏ། དེས་ན་གྲུབ་པ་ཡང་གཏན་ཚིགས་ཀྱི་ཡུལ་དུ་འགྱུར་རོ་ཞེ་ན། བཤད་པ། བསལ་བ་གཏན་ཚིགས་ཀྱི་བྱེད་པའི་ཡུལ་མ་ཡིན་པ་དེའི་ཕྱིར་ཐེ་ཚོམ་གྱི་ཡུལ་ནི་གཏན་ཚིགས་ཀྱི་བྱེད་པའི་ཡུལ་ཡིན་ཏེ། གང་ལས་གྲུབ་པ་ཡང་གཏན་ཚིགས་ཀྱི་བྱེད་པའི་ཡུལ་དུ་འགྱུར་བ་བཟློག་པ་ལ་ཟླ་བོའི་ཚད་མ་མི་འཇུག་པའི་ཕྱིར་ནི་མ་ཡིན་ནོ། །དེས་ན་ཇི་ལྟར་ཟླ་བོའི་ཚད་མ་ཡོད་ན་གཏན་ཚིགས་དོན་མེད་པ་དེ་བཞིན་དུ། སྔར་ཚད་མ་ཞུགས་པ་ལ་ཡང་གཏན་ཚིགས་དོན་མེད་པ་ཡིན་ནོ། །དེས་ན་གཏན་ཚིགས་དོན་མེད་པའི་ཕྱིར་རོ། །རབ་ཏུ་སྦྱར་བའི་བྱེད་པའི་ཡུལ་མ་ཡིན་པ་ཉིད་དུ་


DTG187_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་དང་བསལ་བ་མཚུངས་པ་ཡིན་ནོ། །དེའི་ཕྱིར་དོན་མེད་པས་བྱས་པས་བསལ་བ་གཏན་ཚིགས་ཀྱི་ཡུལ་མ་ཡིན་པས་གྲུབ་པ་དང་ཐུན་མོང་མ་ཡིན་པའི་ཕྱིར་ཐེ་ཚོམ་ཉིད་གཏན་ཚིགས་ཀྱི་བྱེད་པའི་ཡུལ་ཡིན་ལ་དེས་ན་ཕྱོགས་ཡིན་ནོ། །གྲུབ་པ་ནི་དེ་ཙམ་ལ་བརྟེན་ནས་འགྱུར་བ་ཅན་ཡིན་པའི་ཕྱིར་ཕྱོགས་ལྟར་སྣང་བ་ཡིན་ཏེ། བསལ་བ་བཞིན་ནོ། །གང་དག་བསལ་བ་ཕྱོགས་མ་ཡིན་ནོ་ཞེས་བྱ་བ་ནི་ཅི་ཚིག་ཙམ་ཡིན་ནམ། འོ་ན་ཏེ་རིགས་པས་ཐོབ་པ་ཡིན་ཞེས་ཉེ་བར་བཀོད་ནས། གཞུང་རྟོགས་པར་བྱེད་པ་དེ་དག་གི་ལྟར་ན། འགལ་བ་དག་ནི་གཅིག་ལ་ཡང་དག་པའི་ཤེས་པར་མི་རུང་བའི་ཕྱིར་ཕྱོགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཙམ་ཞིག་བརྗོད་པར་བྱ་བར་འགྱུར་བས། ཐེ་ཚོམ་གྱི་ཡུལ་ལ་རྟགས་བརྗོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་འདི་དང་འབྲེལ་བ་ཅུང་ཞིག་ཀྱང་འབྲེལ་བ་དཀའ་བར་འགྱུར་རོ། །དེའི་ཕྱིར་གཏན་ཚིགས་ཀྱི་ཡུལ་ནི་ཕྱོགས་ཡིན་ལ། བསལ་བ་ནི་ཡུལ་མ་ཡིན་པའི་ཕྱིར། དེ་ཙམ་ལ་འགྱུར་བའི་ཕྱོགས་ཀྱི་སྐྱོན་ཡིན་ནོ་ཞེས་བྱ་བ་འདི་ཁོ་ན་ལྟར་ཡིན་ནོ། །གལ་ཏེ་ཚད་མ་དག་ཉིད་ཀྱིས་བསལ་བ་ཕྱོགས་མ་ཡིན་ན་ཇི་ལྟར་རྣམ་པ་བཞིར་བཤད་ཅེ་ན། བཤད་པ། རྗེས་སུ་དཔག་པའི་དབྱེ་བ་ཡིན་ཏེ། དབྱེ་བ་རྒྱུར་བྱས་ནས་མངོན་སུམ་དང་རྗེས་སུ་དཔག་པས་གནོད་པ་དེ་ནི་རྣམ་པ་བཞིར་བརྗོད་དོ། །རྗེས་སུ་དཔག་པ་རྣམ་པ་གསུམ་དུ་ཕྱེ་བས་ན་ཞེས་བྱ་བས་ནི། དངོས་པོ་པའི་རྗེས་སུ་དཔག་པ་གཅིག་དང༌། བརྟགས་པའི་འབྲས་བུ་དང་རང་བཞིན་ལ་བརྟེན་ནས་ཁས་བླངས་པའི་དབྱེ་བ་རྣམ་པ་གཉིས་ཀྱིས་སོ།། ཅི་ལྟར་དངོས་པོ་གནོད་པར་བྱེད་པ་དེ་བཞིན་དུ་ཁས་བླངས་པ་གཞན་ལ་གནོད་པར་བྱེད་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པ་ལའོ། །ཁས་བླངས་ཞེས་བྱ་བ་ནི་ཡུལ་ཅན་ཁས་བླངས་པས་ཁས་བླངས་པའི་བསྟན་བཅོས་མཚོན་པའོ། །ཁས་བླངས་པའི་བསྟན་བཅོས་ནི་འབྲས་རྟགས་ཏེ། དོན་གྱི་འབྲས་བུར་གྱུར་པའི་རྟགས་ཡིན་ནོ། །འགྲོ་བ་ལ་གྲགས་པ་འགྲོ་བའི་ལུགས་རྣམ་པར་གཞག་པ་ནི་རང་བཞིན་རྟགས་ཏེ། རང་བཞིན་གྱི་མིང་ཅན་དོན་རྟོགས་པར་བྱེད་པའི་ཡན་ལག་ཡིན་ནོ། །རྣམ་པར་འགྲེལ་བར་བཤད་པ་ནི་ཡིད་ཆེས་


DTG187_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིག་ནི་འབྲས་བུའི་མཚན་ཉིད་ཅན་གྱི་རྟགས་ཡིན་ལ། གྲགས་པ་ནི་རང་བཞིན་གྱི་མཚན་ཉིད་ཅན་གྱི་རྟགས་ཡིན་ནོ། །གྲགས་པ་ཞེས་བྱ་བ་རྣམས་པར་རྟོག་པ་ལ་གནས་པ་ཉིད་ནི་དོན་གྱི་རང་བཞིན་ཡིན་ནོ་ཞེས་གཏན་ལ་ཕེབས་པར་འགྱུར་རོ། །གང་གི་ཚེ་ཚིག་འབྲས་བུའི་རྟགས་སུ་འགྱུར་བ་ཡིད་ཆེས་པ་དེ་གང་ཡིན་ཞེ་ན། བདག་གམ་གཞན་ནི་ཡིད་ཆེས་པ་ཡིན་ནོ། །ཅི་ལྟ་བུའི་ཁྱད་པར་ཅན་ཞིག་ཅེ་ན། གང་ལ་དོན་ཅི་ལྟ་བ་བཞིན་ཏེ་ཅི་ལྟར་གནས་པ་བདེན་པའི་དོན་མཐོང་བ་ཡོད་པ་དེའི་སྒོ་ནས་ངག་འཇུག་པ་སྟེ། དོན་ཇི་ལྟ་བ་བཞིན་མཐོང་བས་འཇུག་པ་དེ་འདྲ་བའི་ངག་གང་ལ་ཡོད་པའོ། །དེ་ལྟར་འདོད་པ་སྟེ། མངོན་པར་འདོད་པ་ནི་ཡིད་ཆེས་པ་ཡིན་ཏེ། བདག་གམ་གཞན་ཡང་རུང་ཕྱིན་ཅི་མ་ལོག་པར་སྨྲ་བ་ནི་ཡིད་ཆེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར་དེའི་ཚིག་ནི་དེ་ལྟ་བུའི་དོན་གྱི་དངོས་པོ་ཕྱིན་ཅི་མ་ལོག་པ་ཉིད་མེད་ན་མི་འཇུག་པ་དེའི་ཕྱིར་དོན་དེའི་འབྲས་བུར་འདོད་པ་ཡིན་ནོ། །ཡིད་ཆེས་པའི་ཚིག་གི་མཚན་ཉིད་རང་གི་འབྲས་བུས་ཡང་དག་པར་བསྟན་པའི་དོན་དེ་ཡང༌། རང་ལས་ཕྱིན་ཅི་ལོག་ཏུ་རང་གི་ངོ་བོ་དང་འགལ་བར་ཁས་བླངས་པའི་གེགས་བྱེད་དེ་ཞེས་བྱ་བ་ལ་འདིར་གེགས་བྱེད་པ་ཉིད་དུ་གནས་པར་འགྱུར་བའི་ཕྱོགས་ཡིན་ཏེ། ད་ལྟར་ནི་རེ་ཞིག་གནོད་པ་ཞེས་བྱ་བའི་དོན་འདོད་པ་ཡིན་ནོ། །བསྟན་བཅོས་ཞེས་བྱ་བ་ནི་ཡིད་ཆེས་པའི་ཚིག་སྟེ། དོན་གྱི་འབྲས་བུའི་མཚན་ཉིད་དུ་མཚུངས་པས་ནའོ། །བསྡུས་ཏེ་ཞེས་བྱ་བ་ནི་བསྲེགས་ནས་གནོད་པར་བྱེད་པ་གཅིག་ཏུ་སློབ་དཔོན་གྱིས་བརྗོད་དོ། །གལ་ཏེ་དོན་གྱི་འབྲས་བུ་ཉིད་དུ་གཉི་ག་མཚུངས་ཀྱང་གཞན་དག་གིས་འདི་གཉིས་ཐ་དད་པར་བརྗོད་པ་མ་ཡིན་ནམ། ཅིའི་ཕྱིར་སློབ་དཔོན་གྱིས་གནོད་པ་གཅིག་ཏུ་བརྗོད་ཅེ་ན། སྐབས་ཀྱི་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་མངོན་པར་འབྲེལ་ཏེ། འབྲས་བུ་ཉིད་དུ་ཁྱད་པར་མེད་པ་ལ་བརྟེན་ནས་ཡིད་ཆེས་པའི་ཚིག་འདི་རང་གི་ཚིག་དང་ལྷན་ཅིག་ཏུ་ཐ་དད་པར་བརྗོད་པ་མཛད་པ་གང་ཡིན་པ་དེ་ནི་མཚུངས་པར་བསྟན་པའི་ཕྱིར་ཏེ། །འདྲ་བ་འགའ་ཞིག་རྟོགས་པར་བྱ་བའི་དོན་དུ་ཡིན་ནོ། །འདྲ་བ་དེ་ཡང་གང་ཞེ་ན། ཅི་ལྟར་ཞེས་སྨོས་སོ། །བདག་ཉིད་ཚད་མ་མ་ཡིན་ཞེས་བྱ་བ་ནི།


DTG187_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ངའི་ཚིག་ནི་བརྗོད་པར་བྱ་བའི་དོན་མེད་ན་མི་འབྱུང་བ་ཉིད་ཡིན་ནོ་ཞེས་གཞན་ལ་ཁས་ལེན་པ་དེ་ལྟ་ན་སྨྲས་པ་ལ་ཚིག་བརྗོད་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ཏེ་དགོས་པ་མེད་པའི་ཕྱིར་རོ། །ངའི་ཚིག་ལས་དོན་འདི་རྟོགས་པར་གྱིས་ཤིག་ཅེས་གཞན་ལ་སྨྲ་བ་ཡིན་ནོ། །བདག་ཉིད་ཀྱི་ཚིག་རྟོགས་པར་བྱ་བའི་དོན་དང་ལྡན་པར་སྟོན་པས་ནི་ཚིག་དོན་གྱི་འབྲས་བུར་བསྟན་པ་ཡིན་ཏེ། གལ་ཏེ་བརྗོད་པར་བྱ་བའི་དོན་ལ་མི་འཁྲུལ་པ་དེ་ལྟ་ན། དེ་རྟོགས་པར་བྱ་བའི་དོན་དང་ལྡན་པར་འགྱུར་བ་ཡིན་ནོ། །ཚིག་དོན་གྱི་འབྲས་བུར་ཡང་ཇི་ལྟར་འགྱུར་ཞེ་ན། གལ་ཏེ་དོན་མེད་ན་མི་འབྱུང་བ་ཅན་གྱི་མཐོང་བས་སྦྱར་བ་ཡིན་ནའོ། །དེའི་ཕྱིར་སྨྲ་པོ་ཚིག་བརྗོད་པའི་ཤུགས་ཉིད་ཀྱིས་ཚིག་དོན་མེད་ན་མི་འབྱུང་བ་དང༌། བདག་ཉིད་ཀྱང་དོན་ཅི་ལྟ་བཞིན་མཐོང་བར་སྟོན་པར་བྱེད་དོ། །གལ་ཏེ་བདག་ཉིད་བདེན་པ་མཐོང་བ་མ་ཡིན་པ་དང་ཚིག་ཀྱང་མི་བདེན་པའི་དོན་ཅན་དུ་གཞན་ལ་སྟོན་པར་འདོད་ན་ནི། ཚིག་བརྗོད་པ་ཉིད་དུ་མི་འགྱུར་ཏེ། ཚིག་གི་དགོས་པ་དོན་རྟོགས་པའི་རང་བཞིན་མི་འདོད་པའི་ཕྱིར་རོ། །དེས་ན་འདིར་བདག་ཉིད་ཚད་མ་མ་ཡིན་ན་ཞེས་བྱ་བ་ནི་ཚིག་ཚད་མ་མ་ཡིན་པར་བརྗོད་པར་བལྟ་སྟེ། ཚིག་ཚད་མ་ཡིན་པ་ནི་བདག་ཉིད་ཚད་མ་ཡིན་པའི་རྒྱུ་མཚན་ཅན་ཡིན་པས་དེ་མེད་ན་དེ་ཡང་མེད་པའི་ཕྱིར་རོ། །དེ་བཞིན་དུ་བསྟན་བཅོས་ལ་མ་བརྟེན་པར་ཏེ། ཚད་མར་ཁས་བླངས་པར་དེས་གྲགས་པའི་ཆོས་ཅན་ལ་དཔྱོད་པ་མི་འཇུག་གོ་ཞེས་བྱ་བ་འདི་ནི་གང་རྟོགས་པར་བྱ་བའི་དོན་དུ་ལྷན་ཅིག་ཏུ་བརྗོད་པར་མཛད་པའི་འདྲ་བ་ཡིན་ནོ། །ཅི་ཞིག་བརྗོད་པར་བྱ་བའི་ཕྱིར་འདྲ་བ་རྟོགས་པར་འདོད་ཅེ་ན། སྐབས་ཀྱི་ཆོས་ཅན་ཁྱད་པར་དཔྱོད་པའི་རྟེན་ཉིད་ལ་བསྟན་བཅོས་གནོད་པར་བྱེད་པ་ཡིན་ཏེ། ཁྱད་པར་དཔྱོད་པ་གང་དུ་ཆོས་ཅན་བསྟན་བཅོས་ལ་རག་ལས་བ་དེར་བསྟན་བཅོས་རྟེན་ཉིད་དང༌། བརྟེན་པར་ཡང་གནོད་པར་བྱེད་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་བརྗོད་པའི་དོན་དུ་མཚུངས་པར་བསྟན་པར་འདོད་པ་ཡིན་ཏེ། ཚིག་ཀྱང་བརྗོད་པའི་སྐབས་རྟེན་ཡིན་པའི་ཕྱིར་གནོད་པར་བྱེད་པ་ཡིན་ཏེ། གང་གི་ཕྱིར་གནོད་པ་འདི་གཉིས་སྐབས་ཀྱི་རྟེན་ཅན་དུ་མཚུངས་པར་བསྟན་པའི་ཕྱིར་ཐ་དད་


DTG187_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་བཤད་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་རང་གི་ཚིག་དང་འགལ་བ་དང་ལུང་དང་འགལ་བ་གཅིག་ཏུ་བྱས་པ་འདི་ལ་དཔེར་བརྗོད་པ་ཡང་འདྲ་བ་ཐ་མི་དད་པར་བསྟན་ཏོ། །གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་བྱ་བ་ནི། གཞལ་བྱའི་དོན་ཅན་དོན་དང་ལྡན་པའི་ཚད་མ་དག་མེད་པའོ། །དེ་དག་གི་རྟོགས་པའི་དོན་གང་ཡིན་པ་དེ་མེད་དོ་ཞེས་དོན་འགོག་པ་ཡིན་གྱི། རང་གི་ངོ་བོ་ཙམ་ནི་མ་ཡིན་ཏེ། དེ་ནི་ཉམས་སུ་མྱོང་བའི་ཕྱིར་རོ། །ཅི་ལྟར་དཔེ་བརྗོད་པ་འདི། གཉི་ག་ལ་ཡང་འདྲ་བ་ཡིན་ཞེ་ན། ཚད་མ་རྣམས་མེད་ན་ཞེས་སྨོས་སོ། །ཚད་མ་མེད་དོ་ཞེས་སྨྲ་བས་ནི་ཚིག་བརྗོད་བྱའི་དོན་དང་མ་འབྲེལ་པར་བརྗོད་པ་ཡིན་ཏེ། བརྗོད་པར་བྱ་བའི་དོན་མེད་ན་མི་འབྱུང་བ་ཉིད་ཡིན་ན་ནི་ཚིག་ཉིད་ཚད་མར་འགྱུར་རོ། །ཚིག་བརྗོད་བྱའི་དོན་དང་བྲལ་བར་བསྟན་ན་ནི་དེ་བརྗོད་པ་འབྲས་བུ་མེད་པར་འགྱུར་རོ། །དེ་བཞིན་དུ་བསྟན་བཅོས་ཀྱང་དོན་མེད་ན་མི་འབྱུང་བ་མ་ཡིན་པར་འགྱུར་ན་འདོད་པ་ཡང་ཡིན་ཏེ། དེས་ན་འདི་གཉིས་མི་རུང་བའི་ཕྱིར་འདི་དག་གིས་དམ་བཅས་པའི་དོན་ལ་གནོད་པར་འདྲ་བ་ཡིན་ནོ། །གལ་ཏེ་ཆོས་ཅན་ཚད་མ་ལུང་གིས་གཞག་པ་མ་ཡིན་པ་མ་ཡིན་ནམ། ཅི་ལྟར་འདིར་བསྟན་བཅོས་ཀྱིས་གནོད་པ་ཡིན་ཞེ་ན། བཤད་པ། རང་གི་ཚིག་དང་འགལ་བ་ལ་གསལ་བའི་དཔེར་བརྗོད་པ་ཡིན་ཏེ། ཚིག་བརྗོད་པའི་ཤུགས་ཀྱིས་འོངས་པའི་ཚད་མ་དེ་ཚད་མ་མ་ཡིན་པ་ལ་གནོད་པའི་ཕྱིར་རོ། །ལུང་ལ་ནི་འདི་འགལ་བའི་དཔེར་བརྗོད་པའི་ཕྱོགས་ཙམ་ཞིག་ཡིན་ནོ། །འདིར་གདོན་མི་ཟ་བར་ཁས་བླངས་བར་བྱ་བའི་ཚིག་གི་ཚད་མ་ནི་དམ་བཅའ་བའི་དོན་འགལ་བར་བྱེད་པ་ཡིན་ཏེ། དེས་ན་ཕྱོགས་འདིས་གང་དུ་གདོན་མི་ཟ་བར་བསྟན་བཅོས་ཚད་མར་ཁས་བླངས་པ་དེ་ནི་བསྟན་བཅོས་ཀྱི་དཔེར་བརྗོད་པ་ཡིན་པར་རྟོགས་པར་བྱའོ། །དེ་བཤད་པ་ནི་ལུང་དང་འགལ་བ་འདི་ལས་བསལ་བར་བྱ་སྟེ། ཚད་མ་ཡིན་པའི་ཕྱིར་བསྟན་བཅོས་གདོན་མི་ཟ་བ་ཁོ་ནར་ཁས་བླང་བར་བྱ་བ་ཡིན་ནོ། །འཕོས་ནས་ཞེས་བྱ་བའི་དོན་ཏེ། རིང་དུ་སོང་ཡང་འཇིག་རྟེན་ཕ་རོལ་ཡིན་པས་དེར་བ་དེ་བ་སྟེར་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདིར་བསྟན་བཅོས་ཀྱིས་གནོད་པ་ཡིན་ནོ། །ཅི་ལྟར་ཞེ་ན། ཆོས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྟན་


DTG187_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་དེ་ལ་གནོད་ན་བདེ་བ་སྟེར་བར་བྱེད་པ་ཉིད་དང༌། བདེ་བ་མ་ཡིན་པ་ཉིད་ཀྱིས་མཚན་ཉིད་ཀྱི་ཁྱད་པར་ལ་དཔྱོད་པ་འཇུག་པ་ཡོད་པ་མ་ཡིན་ཏེ། རྟེན་དུ་གྱུར་པ་གཞི་མེད་པ་སྟེ་ལྡོག་པའི་ཕྱིར་རོ། །སྤྱི་ཡོད་ན་ཁྱད་པར་སེམས་པ་ཡིན་ན་སྤྱི་ཉིད་ལྡོག་པའི་ཕྱིར་ཡུལ་གང་ལ་ཁྱད་པར་བསམ་གཏན་མེད་པའི་རི་བོང་གི་རྭ་ལ་སོགས་པར་སེམས་པ་ནི་མ་ཡིན་ནོ། །གལ་ཏེ་བསྟན་བཅོས་ལ་གནོད་དུ་ཆུག་མོད། དེ་ལྟ་ན་ཡང་གཞི་མེད་པར་ཅི་ལྟར་འགྱུར་ཞེ་ན། ཆོས་ཅན་ཡོད་པ་ཉིད་དུ་རྣམ་པར་གཞག་པ་དེ་ལ་བརྟེན་པའི་ཕྱིར་ཏེ་འུང་ལ་བརྟེན་པའི་ཕྱིར་རོ། །སྤྱིའི་ངོ་བོ་ཆོས་ཅན་ནི། བསྟན་བཅོས་ཀྱི་རྣམ་པར་གཞག་པ་ཡིན་པས། བསྟན་བཅོས་དེ་ལ་གནོད་པར་བྱ་བ་ན་ཆོས་ཅན་མེད་པའི་ཕྱིར་ཁྱད་པར་སེམས་པ་བཟློག་པར་འགྱུར་རོ། །དེའི་ཕྱིར་རྣམ་པ་དེ་ལྟ་བུའི་ཡུལ་ཞེས་བྱ་བ་དཔྱོད་པའི་རྟེན་བསྟན་བཅོས་ལས་གྲུབ་པ་ལ་ནི་གདོན་མི་ཟ་བར་བསྟན་བཅོས་ཚད་མར་འགྱུར་དགོས་སོ། །གལ་ཏེ་བསྟན་བཅོས་ལས་གྲུབ་པའི་ཆོས་ཅན་ལ། བསྟན་བཅོས་ལས་འགལ་བ་སྨྲ་ན་བསྟན་བཅོས་ཀྱིས་གནོད་ན། ད་ནི་ཇི་ལྟར་འཇུག་དོགས་དག་ཏུ་ཁྲུས་བྱེད་པ་དང༌། དེ་ལ་སོགས་པ་གཡང་སར་མཆོད་པ་ལ་སོགས་པ་གང་ཡིན་པ་དེ་ཆོས་མ་ཡིན་པར་དག་པར་བྱེད་པ་མ་ཡིན་ནོ་ཞེས་དེ་སྐད་སྨྲ་བ་ཁས་བླངས་པས་གནོད་པ་མ་ཡིན། ཆོས་ཅན་ཆོས་མ་ཡིན་པ་ནི་བསྟན་བཅོས་ལས་གྲུབ་པ་ཡིན་ནོ། །དེ་ལ་ཆོས་ཅན་ཁས་ལེན་པས་ནི་བསྟན་བཅོས་ཚད་མར་བྱས་པ་ཡིན་ལ། དེ་ཚད་མར་བྱས་ན་ཡང་ཆོས་མ་ཡིན་པ་ཁྲུས་ལ་སོགས་པས་དག་པར་བྱེད་པ་ཡིན་པས་ཁས་བླངས་པ་ན་དེ་ཡང་འགོག་པ་ཞེས་བྱ་བ་ནི་ཁས་བླངས་པས་གནོད་པ་ཡིན་ནོ་ཞེ་ན། ཆོས་མ་ཡིན་པ་ཁྲུས་ལ་སོགས་པས་བཟློག་པར་བྱ་བ་ནི་བཀག་པར་གྱུར་དུ་ཟིན་ཀྱང་སྐྱོན་མེད་དོ། །ཅི་ལྟར་ཞེ་ན། མ་མཐོང་བ་ཆོས་དང་ཆོས་མ་ཡིན་ཞེས་བྱ་བར་རྟོགས་པར་བྱེད་པའི་རྒྱུ་མཚན་གྱི་བསྟན་བཅོས་ཐམས་ཅད་ཁྲུས་ཀྱི་ཆོས་མ་ཡིན་པ་སྦྱོང་བར་བྱེད་དོ་ཞེས་དེ་སྐད་མི་བརྗོད་པའི་ཕྱིར་རོ། །གལ་ཏེ་བསྟན་བཅོས་ཐམས་ཅད་ནི་དེ་སྐད་མི་བརྗོད་ཀྱི་འོན་ཀྱང་འགའ་ཞིག་ཡིན་པ་དེ་ལྟ་ན་ཡང་ཆོས་ཅན་བསྟན་བཅོས་ལས་གྲུབ་པ་ཡིན་པ་དེས་ན་ཅི་ལྟར་སྐྱོན་མེད་ཅེ་ན། བཤད་པ།


DTG187_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཁས་ལེན་པའི་རྟེན་ཁས་བླངས་པའི་བསྟན་བཅོས་ཟློག་པར་བྱེད་པ་ལ་གནོད་པར་འགྱུར་ལ། ཆོས་ཅན་ཆོས་མ་ཡིན་པ་རྣམ་པར་འཇོག་པས་ཀྱང་གང་རྣམ་པར་གཞག་པའི་བསྟན་བཅོས་དེ་དེས་ཁས་བླངས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཆོས་མ་ཡིན་པ་ཉེ་བར་སྟོན་པའི་བསྟན་བཅོས་ཐམས་ཅད་དུ་ནི་ཁྲུས་ལ་སོགས་པས་དག་པར་བྱེད་པ་ཡང་མི་སྨྲའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་རང་གི་བསྟན་བཅོས་ཀྱིས་རྣམ་པར་འཇོག་པ་ན་སངས་རྒྱས་པའི་ཆོས་ཅན་རྟེན་ཁས་བླངས་པའི་བསྟན་བཅོས་ལ་མི་གནོད་པའི་ཕྱིར་རོ། །ཁས་མ་བླངས་པ་ལ་གནོད་པ་སྐྱོན་མ་ཡིན་ནོ།། དེ་ནི་བསྟན་བཅོས་དེས་ཁས་བླངས་པ་ཆོས་ཅན་ཡིན་ཡང་འགལ་བ་མེད་དོ་ཞེས་བསྟན་པའི་ཕྱིར་བཤད་པ། བསྟན་བཅོས་དེའིའོ། །ཅི་ལྟ་བུའི་ཁྱད་པར་ཅན་ཞིག་ཅེ་ན། ཁྲུས་ཀྱིས་དག་པར་སྨྲ་བ་ཡིན་པས་ན་དེར་སྨྲའོ། །རང་གི་ཚིག་ནི་བསྟན་བཅོས་ཀྱི་ཕྱོགས་གཅིག་སྟེ། དེ་ཉིད་ཀྱི་ཁྲུས་ཀྱིས་དག་པར་བྱ་བའི་དོན་དེ་ལ་གནོད་པའི་ཕྱིར་དེ་བཀག་པ་ལ་སྐྱོན་མེད་དོ་ཞེས་འབྲེལ་ཏོ། །འདི་སྐད་བརྗོད་པ་ཡིན་ཏེ། བསྟན་བཅོས་ཚད་མར་བྱས་ནས་དེ་དང་འགལ་བ་བརྗོད་པ་གང་ཡིན་པའི་ཚིག་དེ་ལ་བསྟན་བཅོས་ཀྱིས་གནོད་པ་ཡིན་ན། འདིར་ནི་བསྟན་བཅོས་ཉིད་དོན་འགལ་བ་བརྗོད་ཀྱི་སྐྱེས་བུ་ནི་མ་ཡིན་པའི་ཕྱིར་གང་ལ་བསྟན་བཅོས་ཀྱིས་གནོད་ཅེས་བྱ་བ་མ་ཡིན་ནོ། །གང་གིས་ཁྲུས་ལས་དག་པ་ལ་གནོད་པར་བྱེད་པའི་ཚིག་དེ་གང་ཡིན་ཞེ་ན། བཤད་པ། ཆོས་མ་ཡིན་པ་གང་ལ་ཆགས་པ་ལ་སོགས་པ་སྟེ། ཞེ་སྡང་ལ་སོགས་པའི་རྩ་བ་རྒྱུ་མཚན་ཡོད་པ་ཞེས་བྱ་བ་དེ་ལྟར་ནི་བསྟན་བཅོས་ཐམས་ཅད་ལས་རྣམ་པར་གཞག་པ་ཡིན་ནོ། །གང་ལ་ཁྲུས་ཀྱིས་དག་པ་བརྗོད་པ་དེའི་བར་དུ་ཡང་འདི་རྣམ་པར་གཞག་པ་ཡིན་ཏེ། འདི་བསྟན་བཅོས་ཀྱི་དོན་ཡིན་ནོ། །ཐམས་ཅད་ལས་ཆོས་མ་ཡིན་པ་དེ་ནི་ཆགས་པ་ལ་སོགས་པའི་རྩ་བ་ཅན་ཡིན་ནོ་ཞེས་དེ་སྐད་དངོས་སུ་བརྗོད་པ་མེད་པ་མ་ཡིན་ནམ། དེ་ཅི་ལྟར་འདི་ལྟར་རྣམ་པར་གཞག་པ་ཡིན་ཞེ་ན། གང་གིས་ཁྲུས་ལས་དག་པར་བཤད་པའི་བསྟན་བཅོས་དེ་ཉིད་ཀྱིས་མ་ཆགས་པ་རྣམས་དང༌། སྣང་བ་མེད་པ་རྣམས་དང༌། མ་རྨོངས་པ་རྣམས་དང༌། སྡིག་པར་མི་འདོད་པའི་ཕྱིར། ཤུགས་ཀྱིས་


DTG187_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་ལ་སོགས་པ་སྡིག་པའི་རྒྱུར་བརྗོད་པར་འགྱུར་གྱི། དངོས་སུ་ནི་མ་ཡིན་ནོ། །རྣམ་བར་གཞག་བ་དེས་ནི་ཁྲུས་ལ་སོགས་པས་སྡིག་བ་དག་བར་སྨྲ་བ་འགོག་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། རྒྱུ་མ་ཟད་ན་དེ་ལས་བྱུང་བའི་འབྲས་བུ་མི་ལྡོག་པའི་ཕྱིར་རོ། །གལ་ཏེ་ཁྲུས་ལ་སོགས་པས་ཆགས་པ་ལ་སོགས་པའི་རང་བཞིན་གྱི་རྒྱུ་ལ་གནོད་པར་བྱེད་པ་ཡིན་ན་ནི་དེའི་འབྲས་བུ་སྡིག་པ་ཡང་དག་བར་བྱེད་བར་འགྱུར་བ་ཞིག་ན། རྒྱུ་ལ་གནོད་བར་བྱེད་བ་ནི་མ་ཡིན་ཏེ། ཁྲུས་ལ་སོགས་བ་བྱས་ཀྱང་ཉམས་སུ་མྱོང་བའི་ཆགས་བ་ལ་སོགས་པ་མི་ལྡོག་བའི་ཕྱིར་རོ། དཔེ་བཤད་པ་ནི་མངར་བ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བད་ཀན་དང་ཡོན་ཏན་མཚུངས་པའི་མངར་བ་ལ་སོགས་བ་ནི་བད་ཀན་གྱིས་སྐྱེད་པའི་ནད་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་དེ་དག་ཉིད་ཀྱིས་ཞི་བར་བྱེད་བ་མ་ཡིན་པ་དེ་བཞིན་དུ་འདི་ལ་ཡང་ཡིན་ནོ། །དེའི་ཕྱིར་ན་ཁྲུས་ཀྱིས་དག་པར་བརྗོད་པ་ནི་དོན་གྱི་ཆོས་མ་ཡིན་པ་ཆགས་པ་ལ་སོགས་པའི་རྩ་བ་ཅན་དུ་བརྗོད་བས་གནོད་པ་ཡིན་ནོ། །དེའི་ཕྱིར་བསྟན་བཅོས་ཉིད་རང་གི་དོན་འགལ་བ་བརྗོད་པ་ཡིན་གྱི་སྐྱེས་བུ་ནི་མ་ཡིན་ནོ། །གང་གི་ཕྱིར་བསྟན་བཅོས་ལས་རབ་ཏུ་གྲགས་བའི་ཆོས་ཅན་གཟུང་བ་ལ། སྐྱེས་བུས་བསྟན་བཅོས་དང་འགལ་བ་བརྗོད་པར་བྱ་བ་མ་ཡིན་པ་དང༌། འདི་ལྟ་བུ་འགལ་བརྗོད་པར་བྱེད་པ་ལ་བསྟན་བཅོས་གནོད་པར་བྱེད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་ལུང་གི་མཐོང་བ་རབ་ཏུ་གྲགས་པའི་དོན་དབང་བོ་ལས་འདས་པ་དག་ལ་ནི་འགལ་བ་སྟེ། ཚིག་ཅན་ཚུལ་གནོད་པ་བརྗོད་པ་སྟོན་པ་དེ་ནི་ཕལ་ཆེར་ཏེ། ལྷག་པར་སེམས་པ་གང་ཡིན་པའོ། །ཚིག་ཕན་ཚུན་འགལ་བ་བསྟན་པས་ནི་དོན་བརྗོད་པ་ཡིན་ཏེ། བསྟན་བཅོས་ལས་ཅི་ལྟར་བརྗོད་པ་དེ་དེ་ལྟར་མ་ཡིན་ནོ་ཞེས་ནི་མི་སྨྲའོ། །འོན་ཀྱང་བསྟན་བཅོས་འདི་ཉིད་སྨྲའི་ཞེས་བྱ་བ་ཡིན་པའི་ཕྱིར། ཅི་ལྟར་སྐྱེས་བུ་ལ་བསྟན་བཅོས་ཀྱིས་གནོད་པ་ཡིན། ཡང་ཅིའི་ཕྱིར་དེ་ལྟར་སེམས་པར་བྱེད་ཅེ་ན། བསྟན་བཅོས་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །མཐོང་བ་མངོན་སུམ་དང་རྗེས་སུ་དཔག་པ་ཞེས་བྱ་བའི་ཡུལ་ལོ། །རྗེས་སུ་དཔག་བར་བྱ་བ་ཡང་མེད་བཞིན་དུ་རེས་འགའ་མཐོང་བའམ།


DTG187_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མིག་བཞིན་དུ་རྟེན་མཐོང་བའི་ཕྱིར་མཐོང་བར་བརྗོད་དེ། མིག་རྗེས་སུ་དཔག་བ་ལ་ནི་ཆོས་ཅན་མཐོང་བ་ཡིན་ནོ། །དངོས་བོའི་སྟོབས་ཏེ་ཚད་མའི་སྟོབས་ཀྱིས་ཞུགས་པའི་ཚང་མར་མ་གནོད་པ་དང༌། མི་མཐོང་བའི་ཡུལ་ཤིན་ཏུ་དབང་པོ་ལས་འདས་པ་དག་ལ་རང་གི་ཚིག་གིས་མ་གནོད་པའི་བསྟན་བཅོས་དེ་གཟུང་བར་བྱ་བ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་དོན་ཏོ་ཞེས་བྱ་བའི་དོན་ནི་ཚིག་གི་ལྷག་མ་སྟེ། དོན་འདི་རྟོགས་པར་བྱ་བའི་ཕྱིར་སེམས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཚིག་གོ །གལ་ཏེ་བསྟན་བཅོས་ལས་གྲགས་པའི་ཆོས་ཅན་ལ། བསྟན་བཅོས་དང་འགལ་བ་བརྗོད་ན་བསྟན་བཅོས་ཀྱིས་གནོད་ན། འོ་ན་བསྟན་བཅོས་ལས་རབ་ཏུ་གྲགས་པ་མ་ཡིན་པའི་ཆོས་ཅན་ལ། བསྟན་བཅོས་དང་འགལ་བ་བརྗོད་པ་ལ་སྐྱོན་ཅི་འདྲ་བ་ཞིག་ཅེ་ན། ཅི་ཡང་མེད་དེ་བསྟན་བཅོས་ཁས་མ་བླངས་པའི་ཕྱིར་རོ། །འོན་བསྟན་བཅོས་ཁས་བླངས་པ་དེ་ལ་ཅི་ལྟར་ཞེ་ན། དེ་ལ་མི་བརྟེན་པ་བསྟན་བཅོས་ལ་མི་བརྟེན་པའི་དངོས་པོ་ལ་ནི། བསྟན་བཅོས་དང་ལྡན་པ་དེས་འགལ་བའི་ཆོས་བརྗོད་ཀྱང་བསྟན་བཅོས་ཀྱིས་གནོད་པ་མ་ཡིན་ནོ། །འོན་ཅིར་འགྱུར་ཞེ་ན། གེགས་བྱེད་པར་འགྱུར་རོ། །འདི་ལྟར་དམ་བཅས་པའི་བསྟན་བཅོས་དེ་ཡང་དེའི་རང་གི་ཚིག་ཉིད་ཡིན་ལ། འདི་ཡང་རང་གི་ཚིག་ཡིན་པའི་ཕྱིར་དེ་དག་ནི་གེགས་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྟན་བཅོས་དང་ཚིག་གཉི་ག་སྟོབས་ཏེ་སྤུངས་མཚུངས་པ་དེའི་ཕྱིར་རོ། །དཔེ་བཤད་པ། དཔེར་ན་རང་གི་ཚིག་གེགས་བྱེད་པ་ཡིན་གྱི། གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོ་ནི་མ་ཡིན་པ་བཞིན་ནོ། །དེའི་ཚེ་ཞེས་བྱ་བ་ནི་ཉམས་སུ་མྱོང་བས་གྲུབ་བའི་ཆོས་ཅན་འཛིན་བའི་དུས་ན། སྨྲ་བ་པོ་དེའི་རང་གི་ཚིག་དང་འགལ་བ་ཡིན་གྱི་བསྟན་བཅོས་ཀྱིས་གནོད་པ་ནི་མ་ཡིན་ནོ། །བསྟན་བཅོས་ནི་ཁས་བླངས་པའི་ཕྱིར་རང་གི་ཚིག་དང་འདྲའོ། །གང་དུ་ཆོས་ཅན་བསྟན་བཅོས་ལས་རབ་ཏུ་གྲུབ་པ་དེར་ནི་གདོན་མི་ཟ་བར་བསྟན་བཅོས་ཉིད་ཚད་མར་བྱ་བ་ཡིན་ཏེ། དེས་ན་བསྟན་བཅོས་གནོད་པར་བྱེད་བ་ཡིན་ནོ། །འོ་ན་གང་གི་ཚེ་བྱེ་བྲག་བ་སྒྲ་ནམ་མཁའི་ཡོན་ཏན་མ་ཡིན་ནོ་ཞེས་བརྗོད་པ་དེའི་ཚེ་འདིའི་བསྟན་བཅོས་ལས་རབ་ཏུ་གྲགས་པའི་ནམ་མཁའི་ཡོན་


DTG187_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཉིད་རང་ཉིད་ཀྱིས་བརྗོད་པའི་ནམ་མཁའི་ཡོན་ཏན་མ་ཡིན་པ་ཉིད་ཀྱི་གེགས་བྱེད་པར་འགྱུར་རོ། །བྱས་པའི་གཏན་ཚིགས་ཀྱིས་གྲུབ་པའི་ནམ་མཁའི་ཡོན་ཏན་མ་ཡིན་བ་ཉིད་བསྟན་བཅོས་ལས་རབ་ཏུ་གྲགས་བས་ཅི་ལྟར་གེགས་བྱེད་པར་འགྱུར་ཞེ་ན། དེ་དག་ལས་གང་ལ་ཚད་མ་ཡོད་པ་ཞེས་སྨོས་སོ། །ཚད་མ་མེད་པའི་དམ་བཅས་པ་ཙམ་དག་ནི་ཕན་ཚུན་གེགས་བྱེད་པར་བརྗོད་དོ། །གལ་ཏེ་གཅིག་ལ་ཡང་ཚད་མ་ཡོད་ན་ནི་དེ་ཉིད་ནི་གནོད་པར་བྱེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ཞེས་བྱ་བ་ནི་གལ་ཏེ་ཚད་མ་མེད་པ་དག་གེགས་མ་ཡིན་པ་དང༌། ཚད་མ་ཅན་ཚད་མ་མེད་པ་ལ་གནོད་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་བསྟན་བཅོས་ཉིད་གནོད་པར་བྱེད་འདོད་ན། དེའི་ཚེ་རང་གི་ཚིག་ཚད་མ་མེད་པ་དང༌། རྗེས་སུ་དཔག་པ་དང་ལྡན་བ་དོན་ཅི་ལྟ་བ་བཞིན་ཏེ། དངོས་པོ་ལས་མ་འདས་པར་འཇུག་པའི་རང་གི་ཚིག་ཚད་མ་དང་ལྡན་བ་གང་ཡིན་པ་དེ་ལ་རིགས་པ་མེད་པའི་དམ་བཅའ་བ་ལུང་གི་ངོ་བོས་ཅི་ལྟར་གནོད་པར་འགྱུར་ཏེ། མི་འགྱུར་བ་ཉིད་དོ། །རིགས་པ་མེད་པ་ཞེས་བྱ་བ་ཅི་ལྟར་བརྗོད་དེ་གང་གི་ཕྱིར་ལུང་ཡང་ཚད་མ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། ལུང་རྣམས་ཚད་མ་ཡིན་པ་ཡང་བཀག་ཟིན་ཏོ་ཞེས་སྨོས་ཏེ། ལེའུ་གཉིས་པར་ལུང་རྣམས་རང་བཞིན་མ་བྱས་པ་དང༌། དོན་སྐྱེས་བུས་མ་བྱས་པ་དང༌། ཡིད་ཆེས་པའི་ཚིག་ཉིད་ཀྱིས་ཚད་མ་ཡིན་པ་བཀག་ཟིན་ཏོ། །གང་གི་ཕྱིར་བསྟན་བཅོས་ལས་མི་བརྟེན་པའི་དངོས་པོ་ལ་ལུང་དང་འགལ་བ་བརྗོད་པ་ལ་ལུང་གིས་གནོད་པ་མེད་པ་དེའི་ཕྱིར་ལུང་ཚད་མར་ཁས་བླངས་ནས་དཔྱོད་པ་གང་དག་ཡིན་པ་སྟེ། དཔེར་ན་ཆོས་ལ་སོགས་པ་ལྟ་བུར་གང་དག་གིས་ཆོས་ཅན་བསྟན་བཅོས་ལས་རབ་ཏུ་གྲགས་པའི་དཔྱོད་བ་དེ་དག་ལ་བསྟན་བཅོས་ཀྱིས་གནོད་པའི་སྐྱོན་འདིར་འགྱུར་གྱི་གཞན་དུ་ཆོས་ཅན་བསྟན་བཅོས་ལས་རབ་ཏུ་གྲགས་པ་མ་ཡིན་པའི་དཔྱོད་པ་ལ་ནི་མ་ཡིན་ནོ། །གང་གི་ཕྱིར་དཔྱོད་བ་གང་དུ་བསྟན་བཅོས་ལ་གདོན་མི་ཟ་བར་བརྟེན་དགོས་པ་དེ་ཁོ་ན་བསྟན་བཅོས་གནོད་པར་བྱེད་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་ཡང་ཁས་བླངས་པ་སྟེ་བསྟན་བཅོས་རྗེས་སུ་དཔག་པ་ལས་ལོགས་ཤིག་ཏུ་བྱས་སོ། །ཅིའི་དོན་དུ་ཞེ་ན། ཡུལ་གྱི་


DTG187_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་སྟེ་ཐ་དད་པ་ཉིད་དོ། །རྗེས་སུ་དཔག་པ་དང་བསྟན་བཅོས་ཀྱི་གནོད་པ་ནི་ཡུལ་ཐ་དད་པ་ཡིན་ཏེ། རྗེས་སུ་དཔག་པ་ནི་ཐམས་ཅད་དུ་གནོད་པར་བྱེད་པ་ཡིན་ལ། བསྟན་བཅོས་ལ་བརྟེན་པའི་ཆོས་ཅན་ལ་གནོད་པར་བྱེད་པ་ཡིན་པས། ཡུལ་གྱི་དབྱེ་བ་འདི་བསྟན་པའི་ཕྱིར་ལོགས་ཤིག་ཏུ་བྱས་སོ། །ལོགས་ཤིག་ཏུ་མ་བྱས་ན་ནི་ཇི་ལྟར་རྗེས་སུ་དཔག་པའི་ཡུལ་ཐམས་ཅད་ལ་གནོད་པར་བྱེད་པ་དེ་བཞིན་དུ་བསྟན་བཅོས་ཀྱང་ཡིན་པར་དོགས་པར་འགྱུར་རོ། །ཅི་ལྟར་ཕྱི་རོལ་དུ་གྱུར་པ་མ་ཡིན་ཏེ། གང་གི་ཕྱིར་རྗེས་སུ་དཔག་པ་ནི་ཚད་མ་ཡིན་ལ། ལུང་ནི་མ་ཡིན་ནོ་ཞེ་ན། གནོད་པར་བྱེད་པར་ཁས་བླངས་པས་སོ། །གང་གི་ཕྱིར་ལུང་ནི་གནོད་བྱེད་དུ་ཁས་བླངས་པ་ཡིན་ལ། གནོད་པར་བྱེད་པ་ཡང་ཚད་མ་ཡིན་ནོ། །ཚད་མ་ཡང་མངོན་སུམ་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཡིན་ཏེ། དེས་ན་གནོད་པར་བྱེད་པ་ཉིད་དུ་ཁས་བླངས་པའི་ཕྱིར་བསྟན་བཅོས་རྗེས་སུ་དཔག་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཡུལ་གྱི་དབྱེ་བ་བསྟན་པའི་ཕྱིར་མ་ཡིན་ན་ནི། འདི་རྗེས་སུ་དཔག་པའི་དབྱེ་བ་བསྟན་པའི་ཕྱིར་ཡིན་པར་འགྱུར་ལ། དེ་ལྟ་ན་ཡང་འབྲས་བུ་དང་རང་བཞིན་དང་མི་དམིགས་པའི་རབ་ཏུ་དབྱེ་བ་གཞན་ཡང་བརྗོད་པར་བྱས་པས་ཧ་ཅང་ཐལ་བར་འགྱུར་རོ། །ཅི་སྟེ་དབྱེ་བ་གཞན་ཡོད་ཀྱང་མ་བརྗོད་ན། བསྟན་བཅོས་ལོགས་ཤིན་ཏུ་བྱས་པ་དོན་མེད་པར་འགྱུར་རོ། །འདི་ལྟར་བསྟན་བཅོས་ནི་འབྲས་བུའི་གཏན་ཚིགས་ཡིན་ནོ་ཞེས་བརྗོད་ཟིན་ཏོ། །གལ་ཏེ་ལོགས་སུ་བྱས་པ་གདོན་མི་ཟ་བར་རྒྱུ་མཚན་ལྟོས་པ་ཡིན་ནའོ། །རང་གི་ཚིག་བསྟན་བཅོས་ལས་ལོགས་ཤིག་ཏུ་བྱས་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། ཚིག་ཙམ་བརྗོད་བ་སྟེ་གང་ཞིག་ཚད་མ་དང་བྲལ་བའི་ཚིག་ཙམ་བརྗོད་པ་གང་ཡིན་པ་དེའོ། །དེ་ལ་གེགས་བྱེད་པ་ཡིན་གྱི་གནོད་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་རྒྱུ་མཚན་ཡིན་ཏེ། འདི་རྟོགས་པར་བྱ་བའི་ཕྱིར་ལོགས་ཤིག་ཏུ་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཚད་མ་མ་ཡིན་པའི་ཚིག་གེགས་བྱེད་པ་ཡིན་གྱི་གནོད་པར་བྱེད་པ་མ་ཡིན་ན་ནི། གང་གི་ཕྱིར་ཚད་མ་མ་ཡིན་པ་ཉིད་ནི་བསྟན་བཅོས་ལ་ཡང་མཚུངས་པ་ཡིན་པ་དེའི་ཕྱིར་བསྟན་བཅོས་དང་འགལ་བ་དེར་ཡང་གགས་


DTG187_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་འགྱུར་གྱི། གནོད་པར་བྱེད་པ་ཉིད་ནི་མ་ཡིན་ནོ་ཞེ་ན། བཟློག་པའི་ཕྱིར་གཞི་ཡོད་པ་ལ་ཞེས་སྨོས་སོ། །ཁྱད་པར་ཅན་གྱི་ཆོས་དག་གི་གཞི་ཆོས་ཅན་གཅིག་ཡོད་ན་ཕན་ཚུན་གེགས་སུ་འགྱུར་བ་ཡིན་ཏེ། ཆོས་ལ་བརྟེན་པ་ཞེས་གང་འཆད་པར་འགྱུར་བ་ཡིན་ནོ། །དཔེར་བརྗོད་པ་ནི་ཉམས་སུ་མྱོང་བས་གྲུབ་པའི་ཆོས་ཅན་ཚིག་གཅིག་ལ་བརྗོད་པའི་གནས་སྐབས་ལ་བརྟེན་པའི་ཚིག་ཚད་མ་ཉིད་དང༌། རྗེས་སུ་དཔག་པ་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་བརྗོད་པར་བྱ་བ་ཚད་མ་མ་ཡིན་པ་ཉིད་དོ། །ཚད་མ་ཅན་མ་ཡིན་པ་འདི་གཉིས་ཀྱི་ཕན་ཚུན་གེགས་བྱེད་པ་ཉིད་ཆོས་ལ་བརྟེན་པ་ཡིན་པའམ། མངོན་སུམ་གྱིས་གྲུབ་པའི་བུད་མེད་ལ་བུ་སྐྱེད་པ་དང༌། ཅིག་ཤོས་ཀྱིས་ཆོས་དེ་དག་གི་ཕན་ཚུན་གེགས་བྱེད་པ་ཆོས་ལ་བརྟེན་པ་ཡིན་བ་བཞིན་ནོ། །ཆོས་ཅན་གྲུབ་པ་ཆོས་གང་རུང་ཅིག་ཡོད་པར་འགྱུར་དགོས་པ་དང༌། འགལ་བ་གཉིས་གཅིག་ལ་ལྡན་པ་ཡང་མ་ཡིན་པའི་ཕྱིར་ན་འདོད་པ་གཅིག་གིས་གཉིས་བགེགས་བྱེད་པ་ཡིན་ཏེ། དེས་ན་གེགས་བྱེད་པ་ནི་ཆོས་ལ་བརྟེན་པ་ཡིན་ནོ། །དཔྱོད་པ་གང་དུ་ཆོས་ཅན་ཉིད་མ་གྲུབ་བ་དེར་ནི་གང་ལ་སྟེ། གཞི་གང་ཞིག་ཏུ་ཁས་བླངས་པའི་ཆོས་གང་ཞིག་ཆོས་གཞན་གང་གིས་གེགས་བྱ་སྟེ། གེགས་བྱེད་བདག་གི་གཞི་མེད་པར་འགྱུར་ན་གེགས་བྱེད་པའི་སྐབས་ཉིད་མེད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ཆོས་ཅན་མ་གྲུབ་ན་གེགས་བྱེད་པ་མེད་པ་དེས་ན་གེགས་བྱེད་པའི་རྟེན་ཆོས་ཁས་ལེན་པས་ནི་ཆོས་ཅན་རྣམ་པར་འཇོག་པར་བྱེད་པ་ཡོད་པ་ཉིད་དུ་ཁས་བླངས་པ་ཡིན་ལ། དེ་རྣམ་པར་འཇོག་པའི་ཕྱིར་ཡང་བསྟན་བཅོས་ཚད་མར་བྱེད་པ་ཡིན་ནོ། །དེ་ལས་བཤད་བའི་ཆོས་ཀྱི་མཚན་ཉིད་ཀྱི་དོན་ཡོད་པར་ཁས་ལེན་པས་ནི། བསྟན་བཅོས་བརྗོད་པར་བྱ་བའི་དོན་མེད་ན་མི་འབྱུང་བའི་དོན་གྱིས་འབྲས་བུར་ཁས་བླངས་པ་ཡིན་ཏེ། དེས་ན་ཚད་མ་ཡིན་པའི་ཕྱིར་དེ་ནི་བདེན་པ་སྒྲུབ་བར་བྱེད་པ་མ་ཡིན་པ་ལ་གནོད་པར་བྱེད་པ་ཡིན་ནོ། །དེ་ནི་བསྟན་བཅོས་རང་གི་ཚིག་དང་མཚུངས་པར་བྱ་བའི་ཕྱིར་སྐབས་རྩོམ་པར་བྱེད་པ་ནི་བསྟན་བཅོས་ཚད་མ་མ་ཡིན་ན་ནི་ཞེས་བྱ་བའོ། །བསྟན་བཅོས་ཚད་མ་ཅན་མ་ཡིན་ཏེ། ཚད་མ་


DTG187_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མ་ཡིན་ན་ཅི་ལྟར་ཆོས་ཅན་ཡོད་པར་རྟོགས་པར་འགྱུར་ཞེ་ན། ཚད་མར་དོན་མེད་ན་མི་འབྱུང་བ་ཉིད་དུ་ཁས་བླངས་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ནི་རང་གི་ཁས་བླངས་བ་ཉིད་ཆོས་ཅན་ཡོད་པར་རྣམ་པར་འཇོག་པར་བྱེད་པ་ཡིན་གྱི་བསྟན་བཅོས་ནི་མ་ཡིན་ནོ། །ཅི་ལྟར་ཞེ་ན། ཚད་མར་བྱེད་པ་སྟེ། གང་གི་ཕྱིར་བསྟན་བཅོས་ཚད་མར་ཁས་ལེན་བར་བྱེད་བ་དེའི་ཕྱིར་དེ་ཉིད་ཆོས་ཅན་རྣམ་བར་འཇོག་བར་བྱེད་པ་ཡིན་ལ། །ཆོས་གཞན་ཡང་ཚད་མར་བྱེད་པ་ཉིད་ཀྱིས་འཇོག་པར་བྱེད་ཅིང༌། ཡང་དུས་ཕྱིས་དེ་ཉིད་ཟློག་བར་བྱེད་དོ། །དེའི་ཕྱིར་རང་གི་ཚིག་དང་འགལ་བ་ལས་ཐ་མི་དད་དོ། །ཅི་ལྟར་རང་གི་ཚིག་དང་འགལ་བ་ཁས་བླངས་པའི་ཚད་མས་བྱས་པ་དེ་བཞིན་དུ་བསྟན་བཅོས་དང་འགལ་བ་ཡང་ཡིན་པས་ཐ་མི་དད་དོ། །དེས་ན་ཇི་ལྟར་རང་གི་ཚིག་དང་འགལ་ན་གེགས་བྱེད་པ་དེ་བཞིན་དུ་བསྟན་བཅོས་དང་འགལ་ན་ཡང་ཡིན་ཏེ། སྟོབས་མཚུངས་པ་དག་གནོད་པ་ནི་མ་ཡིན་ནོ། །གལ་ཏེ་གཉི་ག་གེགས་བྱེད་པ་ཡིན་གྱི་གནོད་པར་བྱེད་པ་མ་ཡིན་ན། ད་འདི་དག་ལ་དབྱེ་བ་ཅི་ཡོད་དེ། གཉི་ག་ཡང་གེགས་བྱེད་པ་ཡིན་བས་ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། འདི་དག་ལ་ཁྱད་པར་ཡོད་པར་སུ་ཞིག་སྨྲ། གལ་ཏེ་ཁྱད་པར་མེད་ན་ཅི་ལྟར་བསྟན་བཅོས་ལས་རང་གི་ཚིག་ལོགས་སུ་བྱས་ཤེ་ན། ངག་གི་དབྱེ་བས་དེ་ལྟར་ལོགས་ཤིག་ཏུ་བརྗོད་པར་འགྱུར་རོ། །ངག་ཐ་དད་པ་དག་ལ་ནི་བསྟན་བཅོས་དང་འགལ་བ་ཡིན་ལ། ངག་གཅིག་ལ་ནི་རང་གི་ཚིག་དང་འགལ་བ་ཡིན་ནོ་ཞེས་གང་སྨྲས་པ་ནི། གང་གི་ཚེ་ངག་སྔ་མས་གཞག་པའི་དོན་ངག་ཕྱི་མའི་དོན་གྱིས་ཟློག་པར་བྱེད་པ་དེའི་ཚེ་ནི་ཁས་བླངས་པ་དང་འགལ་བ་ཡིན་ཏེ། འདི་སྐད་ཅེས་ངའི་མ་གང་ཡིན་པ་དེ་ནི་མོ་གཤམ་ཡིན་ནོ་ཞེས་བརྗོད་པ་ནི་སྔར་གྱི་མཚན་ཉིད་ཀྱིས་ངག་ཕྱིས་ཀྱི་མཚན་གཞིའི་ངག་གིས་ཉམས་པར་བྱས་པ་ཡིན་ནོ། །རྣམ་པ་འདི་ལྟ་བུ་ནི་ཁས་བླངས་པ་དང་འགལ་བ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་ཀྱང་སྔར་ཁས་བླངས་པ་དང་ཞེས་སྔར་གྱི་སྒྲ་གསུངས་སོ། །ངག་གིས་དབྱེ་བ་མེད་ཀྱང་བརྗོད་པའི་ངག་དེ་ཉིད་ཀྱིས་རང་གི་དོན་སེལ་བར་ནི་རང་གི་ཚིག་དང་འགལ་བ་ཡིན་ཏེ། དཔེར་ན་རྗེས་སུ་དཔག་པ་ཚད་མ་མ་ཡིན་


DTG187_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེས་བྱ་བ་བཞིན་ནོ། །ངག་དེ་བརྗོད་པ་ན་ཤུགས་ཀྱིས་རང་གི་དོན་ལ་མི་འཁྲུལ་བར་བསྟན་བ་ཡིན་ལ། དེ་འདྲ་བ་ཡང་སྨྲ་བ་བོའི་ང་རྒྱལ་གྱིས་རྗེས་སུ་དཔག་པའི་ཚད་མ་ཡིན་ནོ། །དེས་ན་བརྗོད་བའི་ཤུགས་ཀྱིས་འོངས་པའི་ཚད་མ་ཉིད་དུ་ཁས་བླངས་པས་ནི་རང་གི་བརྗོད་བྱ་ཚད་མ་མ་ཡིན་པ་འགལ་བར་བྱེད་དོ། །ཚིག་བརྗོད་བར་འདོད་བའི་འབྲས་བུ་ཡིན་བའི་ཕྱིར་དངོས་པོ་ཚད་མ་མ་ཡིན་ནམ། ཅི་ལྟར་དེ་གེགས་བྱེད་བ་ཡིན་ཞེ་ན། བདེན་ཏེ། འོན་ཀྱང་བརྗོད་པའི་ཤུགས་ཀྱིས་འོངས་པ་འདིའི་ཚད་མ་ནི་འདོད་པའི་ཡུལ་ཅན་ནི་མ་ཡིན་ཏེ། འོན་ཀྱང་ཕྱི་རོལ་གྱི་དོན་གྱི་ཡུལ་ཅན་ཡིན་ནོ། །འདི་ལྟར་བསམ་བ་ལ་ཚད་མ་མ་ཡིན་ཡང་སྤྱིའི་དོན་རྟོགས་བར་བྱ་བའི་ཕྱིར་ངག་བརྗོད་ལ། སྤྱིའི་དོན་ལ་ཚད་མར་བསྟན་པར་མི་འདོད་ན་ནི་སྨྲ་བར་མི་འགྱུར་རོ། །བརྗོད་པའི་ཤུགས་ཀྱིས་འོངས་པ་གང་ཡིན་པ་ཉིད་ནི་འདོད་པ་ཡིན་ལ། གཞན་ནི་བཀག་པའི་ཕྱིར་འདོད་པ་མ་ཡིན་ནོ། །བརྗོད་པའི་དུས་ན་འདོད་པ་གང་ཡིན་པ་དེས་བརྗོད་པར་བྱ་བའི་གེགས་བྱས་ན་རང་གི་ཚིག་དང་འགལ་བར་འགྱུར་བ་ཡིན་ཏེ། འདོད་བ་གཅིག་དང་འདོད་བ་གཞན་འགལ་བ་ཡིན་པའི་ཕྱིར་རོ། །དེའི་ཚིག་རང་གི་ཚིག་དང་འགལ་བ་ནི་གེགས་སུ་འགྱུར་བ་ཁོ་ན་ཡིན་གྱི། ཕྱི་རོལ་གྱི་ཡུལ་ཅན་གྱི་ཚད་མར་འདོད་བས་གནོད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདག་གམ་གཞན་ཡང་རུང་དོན་ཇི་ལྟ་བ་བཞིན་མཐོང་བས་དག་འཇུག་བ་ནི་ཡིད་ཆེས་པས་ཡིན་ལ། དེའི་ཚིག་ནི་དོན་གྱི་འབྲས་བུ་ཡིན་ནོ་ཞེས་ཁས་བླངས་པར་རབ་ཏུ་གྲགས་པ་ཕྱི་རོལ་གྱི་འབྲས་བུ་ཉིད་དུ་བརྗོད་དོ། །བསམ་པའི་འབྲས་བུ་ཉིད་ནི་ཚིག་ཐམས་ཅད་ལ་ཡོད་པས་ཁྱད་པར་དོན་མེད་པར་འགྱུར་རོ། །གེགས་བྱེད་པ་ནི་ཡང་ཅིར་འགྱུར་ཞེས་བྱ་བ་ནི། ཚིག་དོན་ལ་ངེས་བ་ཉིད་ཡིན་ན་ནི་རང་གི་དོན་གྱིས་དོན་གཞན་གྱི་གེགས་བྱེད་པར་འགྱུར་ན། ཚད་མ་མ་ཡིན་བ་ནི་དོན་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཏེ་ཚད་མ་མ་ཡིན་བ་ཉིད་ཀྱི་ཕྱིར་སྟོབས་མཚུངས་བ་ཡིན་ལ། སྟོབས་མཚུངས་བས་གེགས་བྱེད་བ་ཡིན་ནོ། །འགལ་བདག་གཅིག་ལ་མི་སྲིད་པའི་ཕྱིར་དང༌། རྣམ་བ་གཉི་གས་སྟོང་བ་ཡང་མི་


DTG187_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བའི་ཕྱིར། ཚད་མ་མ་ཡིན་པ་གཉི་གའི་དོན་ལ་ཐེ་ཚོམ་ཟ་བ་ཡིན་ལ། ཐེ་ཚོམ་ཟ་བའི་ཕྱིར་ནི་ཕན་ཚུན་གེགས་སུ་འགྱུར་བ་ཡིན་ནོ། །ཚད་མ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ག་ལས་ཤེ་ན། བཤད་པ། གང་གི་ཕྱིར་གལ་ཏེ་ངག་གཉིས་པོ་དེ་ལ་གཅིག་ཚད་མ་ཡིན་ན་དེ་གཉི་ག་གྲུབ་པ་ཁོ་ནར་འགྱུར་གྱི། གང་གིས་ཀྱང་གང་ལ་གེགས་བྱེད་པར་ནི་མི་འགྱུར་བ་དེའི་ཕྱིར་ནི་ཚད་མ་མ་ཡིན་པ་ཉིད་དོ། །གང་དུ་གཉི་ག་ཡོད་མེད་ཐེ་ཚོམ་ཟ་བ་དེར་གེགས་སུ་འགྱུར་བ་ཡིན་ཏེ། དེ་ནི་ཐེ་ཚོམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །འདིར་ནི་གཉི་ག་ཡོད་པ་དང་མེད་པར་ངེས་པ་ཡིན་ཏེ། །དེས་ན་གེགས་མ་ཡིན་ནོ། །གང་ལས་གེགས་མ་ཡིན་པར་འགྱུར་བ་གཉི་ག་གྲུབ་པ་ཉིད་ག་ལས་ཤེ་ན། བཤད་པ། ཚད་མའི་ཚིག་གིས་ཚད་མ་མ་ཡིན་པ་ལ་གནོད་པའི་ཕྱིར་རོ། །གང་དུ་གང་ཞིག་གནོད་པར་བྱས་པ་དང་གྲུབ་པ་གང་ཡིན་པ་གཉི་ག་ཡང་དེ་ལ་ཡོད་པ་དང་མེད་པར་ངེས་པའི་ཕྱིར་གང་ལས་གེགས་སུ་འགྱུར། གལ་ཏེ་ཚད་མས་ཚད་མ་མ་ཡིན་པ་ལ་གནོད་ན། །འོ་ན་ནི་བསྟན་བཅོས་གེགས་བྱེད་པར་མི་འགྱུར་ཏེ། འོན་ཀྱང་གནོད་པར་བྱེད་པ་ཉིད་དོ། །འདི་ལྟར་རྒོལ་བ་དེས་ཁས་བླངས་པའི་ཕྱིར་བསྟན་བཅོས་ཀྱིས་གྲུབ་པ་དང༌། ཉམས་སུ་མྱོང་བས་གྲུབ་པའི་དངོས་པོ་ཐམས་ཅད་ལ་བསྟན་བཅོས་ཚད་མ་ཡིན་ཏེ། དེ་ཉིད་ཀྱིས་ན་དེ་ནི་ཐམས་ཅད་དུ་གནོད་པ་ཡིན་ནོ། །དངོས་པོའི་སྟོབས་ཀྱིས་ཞུགས་པའི་མཚན་མ་ཡང་ཚད་མའོ་ཞེས་བྱ་བར་ཤེས་པས་གནོད་པ་བྱེད་པ་ཡིན་ལ། བསྟན་བཅོས་ཀྱང་ཚད་མར་ཁས་བླངས་པ་ཡིན་པས་ཅི་ལྟར་གནོད་པར་བྱེད་པ་མ་ཡིན་ཞེ་ན། ཁས་བླངས་པར་ཁྱད་པར་མེད་ཀྱང་ཅི་ལྟར་ཚིག་གཅིག་ནི་ཚད་མ་དང་ཚད་མ་མ་ཡིན་པའི་ཕྱིར་གནོད་པར་བྱེད་པ་ཡང་ཡིན་ལ་གཞན་ནི་ཚད་མ་མ་ཡིན། ཁས་བླངས་བས་བྱས་པ་ཚད་མ་ཉིད་ཡིན་ན་གཉི་ག་ཡང་ཁས་བླངས་པར་ཁྱད་པར་མེད་པས་ཚད་མར་ཁྱད་པར་མེད་པའི་ཕྱིར་གཉི་ག་ལ་ཡང་གནོད་པར་བྱེད་བ་ཉིད་དོ། །ཡུལ་གཅིག་ལ་ནི་གཉི་ག་གནོད་པར་བྱེད་པར་མི་འཐད་དེ། གནོད་པར་བྱེད་པ་ནི་ཡོད་པ་ཡིན་ལ། གནོད་པར་བྱ་བ་ནི་མེད་པ་ཡིན་ན། གཅིག་ནི་ཅིག་ཅར་ཡོད་པ་དང་མེད་པར་


DTG187_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་ཡིན་ནོ། །དེས་ན་གེགས་བྱེད་པ་ཉིད་དུ་འཐད་དོ། །གཞན་ཡང་ཁས་བླངས་པས་གནོད་པ་བྱེད་པ་ཉིད་དུ་སྨྲ་བ་ན། བསྟན་བཅོས་འདིའི་ཚད་མ་ཉིད་སྐྱེས་བུའི་འདོད་པས་བྱས་པ་ནི་ཡོངས་སུ་རྫོགས་པ་ཡིན་ཏེ། སྔར་ཁྱོད་མི་འདོད་ཀྱང་ད་ལྟར་འདོད་པས་རྫོགས་པའི་ཕྱིར་རོ། །གལ་ཏེ་བསྟན་བཅོས་དང་རང་གི་ཚིག་ལ་ཐེ་ཚོམ་གྱི་འབྲས་བུ་ཅན་གེགས་བྱེད་པ་ཡོད་པ་དེ་ལྟར་ན་ཡང་དམ་བཅའ་བའི་སྐྱོན་ནི་མ་ཡིན་ནོ་ཞེས་སྟོན་པ་ནི་གལ་ཏེ་ཞེས་བྱ་བ་ཡིན་ནོ། །རང་གི་ཚིག་དང་བསྟན་བཅོས་ངང་འགལ་བ་གང་ཡིན་པ་དེ་དག་ཡོད་དོ་ཞེ་ན་ཡང། གགས་བྱེད་པའི་སྐྱོན་དུ་འགྱུར་ན་འགྱུར་ལ་རག་སྟེ། དེ་ལྟ་ན་ཡང་ཅི་ལྟར་ཕྱོགས་ཀྱི་སྐྱོན་ཡིན་ཏེ་མ་ཡིན་པ་ཉིད་དོ། །ཅི་ལྟར་ཞེ་ན། གང་གི་ཕྱིར་གེགས་བྱེད་པ་དེ་ལས་ནི་བསྒྲུབ་པར་བྱ་བ་ལ་ཐེ་ཚོམ་དུ་འགྱུར་བ་ཁོ་ནར་ཟད་ཀྱི་སེལ་བར་འགྱུར་བ་ནི་མ་ཡིན་ནོ། །ཐེ་ཚོམ་དེ་ནི་ཁ་ན་མ་ཐོ་བ་བསལ་བ་མེད་པར་བསྟན་པ་ལ་ཡང་ཡོད་པའི་ཕྱིར་མཚུངས་པ་ཡིན་པ་དེའི་ཕྱིར་ཕྱོགས་ཀྱི་སྐྱོན་མ་ཡིན་ནོ། །ཐེ་ཚོམ་ནི་ཕྱོགས་ཀྱི་ཡོན་ཏན་ཡིན་གྱི་སྐྱོན་ནི་མ་ཡིན་ཏེ། ཐེ་ཚོམ་ཟ་བའི་ཡུལ་ལ་གཏན་ཚིགས་ཀྱི་བྱེད་པ་འཇུག་པའི་ཕྱིར་རོ་ཞེ་ན། གགས་བྱེད་པ་ཐེ་ཚོམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར་ཕྱོགས་ཀྱི་སྐྱོན་དུ་སྨྲ། སྨྲ་བ་པོ་དེའི་ཚིག་ལས་ངེས་པར་མི་སྐྱེད་པའི་རྒྱུའི་ཕྱིར་ཚིག་དེ་སྐྱོན་ཆགས་པ་ནི་མ་ཡིན་ནོ། །གལ་ཏེ་ཚིག་གང་ལས་དེའི་དོན་ལ་ངེས་པ་མི་སྐྱེད་པས་ཚིག་དེ་སྐྱོན་ཅན་དུ་འགྱུར་བ་ནི། ཐེ་ཚོམ་ཟ་བས་ཕྱོགས་མ་ཡིན་པར་འགྱུར་བ་ཡིན་ན། དེ་ལྟར་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ལྟར་ཚིག་སྐྱོན་ཅན་དུ་འགྱུར་ཞེ་ན། བསྒྲུབ་བྱ་འམ་གཞན་ཡང་རུང་སྟེ། དངོས་པོ་གང་ཞིག་དམ་བཅའ་བ་ལ་སོགས་པ་སྒྲུབ་པར་བྱེད་པའི་ངག་གི་ཆ་ཅུང་ཟད་པ་དེ་དག་ལས་ཆ་ཅི་ཅམ་དང་ཚད་ཅི་ཙམ་ཞིག་བསྒྲུབ་བྱ་སྟེ། ཡན་ལག་གཞན་གྱིས་བརྗོད་པར་བྱ་བའི་དོན་དང་འབྲེལ་བར་རུང་བར་བསྟན་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །ཚིག་དེ་ཙམ་གྱིས་དོན་དེ་བསྒྲུབ་པར་མི་ནུས་པའི་ཕྱིར་སྨྲ་བ་པོའི་ཚིག་གི་སྐྱོན་ཡིན་ནོ། །དམ་བཅའ་བའི་ཚིག་གིས་དོན་ཅི་ལྟ་བུ་ཞིག་བསྒྲུབ་པར་བྱ་བ་ཡིན་པ་དང༌། ཅི་ལྟར་ནམ་བསྒྲུབས་པར་འགྱུར་ཏེ་


DTG187_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གཉེ་ག་བསྟེན་པའི་ཕྱིར། དམ་བཅའ་བའི་ཚིག་གིས་ནི་ཞེས་སྨོས་སོ། །རང་གི་བསམ་པ་ནི་ཡུལ་ཅན་བསམས་བས་ཡུལ་དོན་བསྟན་པའི་ཕྱིར་རང་གི་བསམས་པའི་དོན་ཏོ། །དམ་བཅའ་བའི་ཚིག་གིས་ནི་དེ་སྲིད་པར་བསྟན་པར་བྱ་བ་ཡིན་ན། བསྟན་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་དམ་བཅའ་བའི་དོན་དེ་ནི་ཅི་ལྟར་ཚད་མས་གནོད་པར་འགྱུར་ན་མི་འཐད་པ་དེ་བཞིན་དུ་ཆོས་ཅན་གཅིག་ལ་འགལ་བ་ཉེ་བར་སྡུད་ན་ཡང་སྲིད་པ་མ་ཡིན་ནོ། །ཆོས་ཅན་ལ་ནི་ཕན་ཚུན་འགལ་བའི་དོན་གཉིས་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་དམ་བཅའ་བའི་ཚིག་གིས་མི་སྲིད་པའི་དོན་གྱིས་སྒྲུབ་པར་བྱེད་པའི་ཕྱིར་ན་ཚིག་སྐྱོན་ཆགས་པ་ཡིན་ནོ། །གལ་ཏེ་སྨྲ་བ་བོའི་སྐྱོན་ཡིན་པ་དེ་ལྟ་ན་ཡང་དོན་གྱི་དངོས་པོ་བདེ་བ་སྟེར་བར་མི་བྱེད་པ་ཉིད་ནི་དེ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། དེས་ན་དེ་ནི་བསྒྲུབ་བྱ་ཉིད་དུ་ནི་འགལ་ལོ་ཞེ་ན། བཤད་པ། གཞན་གྱི་དོན་གྱིས་རྗེས་སུ་དཔག་པ་ནི་ཚིག་གི་སྐྱོན་ཡོན་གཙོར་བྱེད་པ་ཡིན་བ་སྟེ། སྐབས་སུ་བྱས་ནས་བརྟག་པར་བྱ་བ་ཡིན་པས་ནི་སྒྲའི་བརྗོད་པར་བྱ་བའི་དོན་ལ་ལྟོས་ནས་སྒྲའི་སྐྱོན་ཡོན་བརྗོད་པ་ཡིན་གྱི། དོན་གྱིས་ནི་མ་ཡིན་ཏེ། བརྗོད་པར་བྱ་བ་མ་ཡིན་པ་དོན་དེ་ཙམ་གྱི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་དོན་སྐྱོན་མེད་ཀྱང་ཕྱིན་ཅི་ལོག་ཏུ་བརྗོད་པར་བྱ་བའི་ངོ་བོས་སྐྱོན་ཅན་ཡིན་པའི་ཕྱིར་དེ་ཡང་སྐྱོན་ཅན་དུ་འགྱུར་གྱི། དངོས་པོའི་གནས་ལུགས་ལ་སྐྱོན་མེད་པས་སྐྱོན་མེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཚིག་གི་སྐྱོན་ཡིན་གྱི་དབང་དུ་བྱས་ཤེ་ན། དོན་གྱི་ཕྱིན་ཅི་ལོག་བརྗོད་པས་སྨྲ་བ་པོ་ལ་ཀླན་ཀར་འགྱུར་བའི་ཕྱིར་ཏེ་སྐྱོན་དུ་འགྱུར་བའི་ཕྱིར་རོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་ནི་སྐྱེས་བུའི་སྤོབས་པ་རྟོགས་པ་ཡིན་གྱི། དངོས་པོ་ཙམ་ནི་མ་ཡིན་པས་སྐྱོན་ཅན་བརྗོད་ན། སྐྱེས་བུ་ལ་ཀླན་ཀར་འགྱུར་རོ། །དེ་ལྟ་ན་ཡང་རྗེས་སུ་དཔག་པ་ཚད་མ་མ་ཡིན་ནོ་ཞེས་བྱ་བྱ་བ་དང༌། དེ་བཞིན་དུ་ཆོས་ནི་འཕོས་ནས་བདེ་བ་སྟེར་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་ཆོས་གཅིག་གི་དོན་དེས་བརྗོད་པ་མ་ཡིན་ནམ། དེ་ཅི་ལྟར་མི་སྲིད་པའི་དོན་བརྗོད་པ་ཡིན་ཞེ་ན། ཤུགས་ཀྱིས་ཏེ་ཚིག་རྗོད་པར་བྱེད་པ་ན། བརྗོད་པའི་ཤུགས་ཉིད་ཀྱིས་དེ་དོན་མེད་ན་མི་འབྱུང་བའི་


DTG187_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་མང་དུ་བཤད་ཟིན་ཏོ། །དེ་བཞིན་དུ་ཆོས་བདེ་བ་སྟེར་བར་བྱེད་པ་མ་ཡིན་ནོ་ཞེས་ཆོས་ཅན་དུ་བྱེད་པས་བསྟན་བཅོས་ཚད་མར་འདོད་པ་ཡིན་ཏེ། དེས་ན་ཆོས་ཀྱི་སྒྲའི་ཤུགས་ཀྱིས་དེ་ལ་བདེ་བ་སྟེར་བར་བྱེད་བ་ཉིད་ཀྱང་བརྗོད་པ་ཡིན་ནོ། །དེས་ན་ཐེ་ཚོམ་ཟ་བས་ཚིག་སྐྱོན་ཅན་དུ་འགྱུར་བ་ནི་མ་ཡིན་གྱི། འོན་ཀྱང་གཅིག་ལ་བསྒྲུབ་བར་མི་ནུས་པ་འགལ་བའི་ཆོས་གཉིས་དང་ལྡན་པ་བརྗོད་པ་ལས་ཡིན་ནོ། །དེས་ན་དམ་བཅའ་བའི་དོན་འདི་ནི་སྨྲ་བ་བོའི་སྐྱོན་གྱིས་སྐྱོན་ཅན་དུ་གྱུར་པ་ཡིན་ནོ། །གལ་ཏེ་གེགས་ཙམ་ཞིག་བྱེད་པའི་ཕྱིར་རང་གི་ཚིག་དང་ཁས་བླངས་པ་དང་འགལ་བ་དག་ལ་བྱེ་བྲག་ཅི་ཡང་མེད་ན། འོ་ན་སྔར་ཁས་བླངས་པའི་ལུང་དེ་དང་འགལ་བའི་ཡུལ་ལ་བྱེ་བྲག་ཅི་ཡང་མེད་པར་འགྱུར་ལ། ཡུལ་ལ་བྱེ་བྲག་མེད་པའི་ཕྱིར་ལོགས་ཤིག་ཏུ་བྱེད་པར་མི་རིགས་སོ་ཞེས་བྱ་བ་ནི་སྐྱོན་ཡིན་ནོ། །ཁ་ཅིག་ཡུལ་གྱི་བྱེ་བྲག་འཆད་པ་ནི་གང་གི་ཕྱིར་གཞུང་ལུགས་འགའ་ཞིག་ལ་མ་བརྟེན་པར་ཆོས་ཅན་གང་ལ་དཔྱོད་པ་མི་འཇུག་པའི་གཞུང་ལུགས་དེ་ནི་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར། དེར་བརྟེན་བར་བྱ་བ་ཁོ་ན་ཡིན་པ་དེས་ན་གཞུང་ལུགས་འདིའི་གགས་བྱེད་པའི་ཡུལ་ནི་ཆོས་ཅན་དེ་ཉིད་ཡིན་ལ། རང་གི་ཚིག་དང་འགལ་བ་བརྗོད་པ་ནི་ཐམས་ཅད་དུ་སྲིད་པའོ། །ཚིག་གི་དོན་བྱེད་ན་མི་འབྱུང་བས་བྱས་པའི་ཚད་མར་འདོད་པ་གང་ཡིན་པ་ནི་ཚིག་བརྗོད་པའི་སྐབས་ཉིད་ལས་འོངས་པ་ཡིན་པས་དེས་གནོད་པའི་བརྗོད་པར་བྱ་བའི་དོན་ནི་ཐམས་ཅད་དུ་ཡིན་ནོ་ཞེའོ། །ཁས་བླངས་པ་དང་འགལ་བ་འདི་ལ་ཡང་གཞན་གཞུང་ལུགས་ལ་གདོན་མི་ཟ་བར་བརྟེན་པ་གང་ཡིན་པ་དེ་ནི་འགའ་ཡང་མེད་དེ། གང་གི་ཕྱིར་རྒོལ་བ་དེ་ཉིད་ཀྱི་དོན་དེ་གཞན་གཞུང་ལུགས་བྱེད་བའི་ཁ་ནས་རང་ཉིད་ཀྱིས་རྣམ་པར་བཞག་ནས་ཡང་དག་གཞན་གྱིས་འགོག་པར་བྱེད་པ་དེའི་ཕྱིར་ན་ཡུལ་གྱི་དབྱེ་བ་སྔ་མ་ཉིད་ཡིན་ཏེ། གང་གི་ཚེ་ངག་སྔ་མས་ཁས་བླངས་པ་ཕྱི་མས་འགལ་བར་བྱེད་པའི་ཚེ་ནི་ཁས་བླངས་པ་དང་འགལ་བ་ཡིན་ལ། ངག་གཅིག་ཉིད་ལ་ནི་རང་གི་ཚིག་དང་འགལ་བ་ཡིན་ནོ། །ཁས་བླངས་པ་འབྲས་བུའི་རྟགས་བཤད་ནས།


DTG187_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་བཤད་པའི་ཕྱིར་གྲགས་པ་ཡང་ཞེས་སྨོས་སོ། །གྲགས་པ་ནི་ཐ་སྙད་ཀྱི་ཡུལ་ཅན་གྱི་རྟོགས་བ་སྟེ། རྣམ་པར་རྟོག་པའི་ཤེས་པ་གཏིང་ཚུགས་པ་ཡིན་ལ། དེ་ནི་རང་དང་འགལ་བའི་དོན་ལ་གནོད་པར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ཅེས་བྱ་བ་གང་ཡིན་པ་དེ་ནི་བརྗོད་པར་བྱ་བའི་དོན་རྣམས་ལ་དགག་པར་མི་ནུས་པའི་ཕྱིར་རོ། །དེ་ཉིད་གང་ལས་ཤེ་ན། གང་གི་ཕྱིར་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ནི་སྐྱེས་བུའི་འདོད་པ་ཙམ་དང་རྗེས་སུ་འབྲེལ་བ་ཡིན་ཏེ། དེའི་ཕྱིར་རོ། །གལ་ཏེ་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་དགག་པར་མི་ནུས་པ་ཡིན་ན། འདོད་པའི་སྒྲས་བརྗོད་པར་བྱ་བ་དེ་ཉིད་གནོད་པར་བྱེད་པར་འགྱུར་གྱི་གྲགས་པའི་གོ་ཅི་ལྟར་གནོད་པར་བྱེད་པ་ཡིན་ཞེ་ན། བཤད་པ། ཐ་སྙད་དུ་བྱས་པའི་ཐ་སྙད་ནི་རྟོག་པ་སྟེ་རྣམ་པར་རྟོག་པའི་ཡུལ་ཉིད་དོ། །གྲགས་པའི་རང་བཞིན་རྣམ་པར་རྟོག་པའི་ཡུལ་གྱི་ཐ་སྙད་དེ་ལས་སྐྱེས་པའི་ཆོས་འདོད་པའི་སྒྲས་བརྗོད་པར་བྱ་བའི་མཚན་ཉིད་ཀྱི་ཆོས་དེ་ནི་གྲགས་པ་ལས་སྐྱེས་པའི་ཕྱིར་གྲགས་པའི་སྒྲས་བརྗོད་དེ། གྲགས་པ་ཙམ་གྱིས་གྲུབ་པའི་དོན་གང་ཡིན་པ་དེ་འདིར་གནོད་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ཆོས་དེ་ཉིད་ནི་གྲགས་པ་ལས་གྲུབ་པ་ཡིན་པའི་ཕྱིར། ལ་ལར་རབ་ཏུ་གྲུབ་པའི་སྒྲས་བརྗོད་དེ། གྲུབ་པས་མ་བསལ་བ་ཞེས་བྱ་བ་ལྟ་བུའོ། །ཅི་སྟེ་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ཅི་ལྟར་ན་དོན་ཐམས་ཅད་ལ་དགག་པར་མི་ནུས་ཤེ་ན། འདོད་པ་ཙམ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། གང་གི་ཕྱིར་ཐམས་ཅད་ནི་བྱས་པ་དང་མ་བྱས་པ་བརྡར་བཏགས་པ་དང་མ་བཏགས་པའི་སྒྲ་རྣམས་ཀྱི་བརྗོད་པར་བྱ་བ་ནུས་པ་ཡིན་ནོ། །ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཤེས་པ་ལ་སྣང་བའི་ངོ་བོས་ཡིན་གྱི་དངོས་བོས་གཟུང་བ་ནི་མ་ཡིན་ནོ། །དངོས་པོ་ལ་མི་ལྟོས་པའི་འདོད་པ་ནི་འདོད་པ་ཙམ་སྟེ། སྒྲ་རྣམས་ནི་རྣམ་པར་རྟོག་པ་ལ་སྣང་བའི་ངོ་བོ་ཉིད་ཀྱི་དོན་ལ་འདོད་པ་ཙམ་དེས་འཇུག་པའི་ཕྱིར་རོ། །དེས་ན་དངོས་པོ་རྣམས་ནི་རྣམ་པར་རྟོག་པ་ལ་གནས་པའི་རང་བཞིན་གྱི་མཐར་ཐུག་པའི་སྒྲར་རུང་བ་ཡིན་ནོ། །བྱུང་བ་སྒྲ་ལ་བརྡར་བྱས་


DTG187_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཔེར་ན་ཟླ་བའི་སྒྲ་ལ་ཟླ་བ་ལྟ་བུ་དང༌། འབྱུང་བར་འགྱུར་བ་སྒྲ་ལ་བརྡར་མ་བྱས་པ་དཔེར་ན་ཟླ་བའི་སྒྲ་ལ་བུམ་པ་ལ་སོགས་པ་ལྟ་བུའོ། །སྒྲར་རུང་བ་ཉིད་དེས་སོ། །དོན་ཙམ་དང་རྗེས་སུ་འབྲེལ་བ་ཞེས་བྱ་བ་ལ། འདོད་པས་སྤྲུལ་བའི་རུང་བ་ཉིད་ཅི་ལྟར་དོན་ཙམ་དང་རྗེས་སུ་འབྲེལ་པ་ཡིན་ཞེ་ན། བརྗོད་པ་ཕྱི་རོལ་གྱི་དོན་ནི་དོན་ཙམ་མ་ཡིན་ཏེ། འོན་ཀྱང་རྣམ་པར་རྟོག་པའི་ཡུལ་གྱི་དོན་ཡིན་ནོ། །སྒྲར་རུང་བ་དེ་ནི་བརྗོད་པར་བྱ་བ་ཡིན་གྱི་ཕྱི་རོལ་ནི་མ་ཡིན་ནོ། །དེས་ན་རུང་བ་ཉིད་དེ་འདོད་པས་སྤྲུལ་བ་ཡིན་ཡང་རྣམ་བར་རྟོགས་ལ་གནས་པའི་དོན་ཙམ་དང་རྗེས་སུ་འབྲེལ་བ་ཡིན་ནོ། །དེས་ན་རུང་བ་ཉིད་དེ་འགོག་པ་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་མ་ཡིན་པའི་མཚན་ཉིད་ཀྱི་དོན་ནམ་དོན་དེ་ཉིད་སྨྲ་བ་པོའི་སྐྱེས་བུ་ལ་གནོད་པ་ཡིན་ནོ། །དེ་ལ་ཚད་མའི་དོན་ནི་འདི་ཡིན་ཏེ། རྣམ་པར་རྟོག་པའི་ཤེས་པའི་ཡུལ་གྱི་དོན་གང་ཡིན་པ་དེ་ནི་བརྡར་བྱས་པའི་སྒྲས་བརྗོད་པར་ནུས་པ་ཡིན་ཏེ། དཔེར་ན་རྣམ་པར་རྟོག་པའི་ཡུལ་ཡལ་ག་ལ་སོགས་པ་དང་ལྡན་པའི་དོན་ལ་ཤིང་གི་སྒྲས་བརྗོད་པར་ནུས་པ་ཡིན་ནོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་རྣམ་པར་རྟོག་པའི་ཡུལ་ཡིན་པའི་ཕྱིར་སྒྲ་ཐམས་ཅད་ཀྱིས་བརྗོད་པར་ནུས་པ་ཡིན་ནོ། །དངོས་པོ་ལ་སྒྲ་དོན་གྱི་འབྲེལ་པ་ཡོད་ན་སྒྲས་བརྗོད་པར་མི་ནུས་པར་འགྱུར་བ་ཡིན་ན་དེ་ཡང་བཀག་ཟིན་ཏོ། །ལྷག་མ་ཤེས་པའི་བདག་ཉིད་ལ་གནས་པའི་དོན་གང་ཞིག་སྒྲ་དང་འབྲེལ་བར་མི་ནུས་ཤེ་ན། གང་ཞིག་སྒྲའི་རྣམ་པ་དང་ལྷན་ཅིག་ཤེས་པ་གཅིག་ལ་མི་འདྲེའོ། །རྣམ་པར་རྟོག་པའི་ཤེས་པ་ནི་དོན་མ་ངེས་པ་ཡིན་པའི་ཕྱིར་དེ་ལ་གནས་པའི་དོན་བརྗོད་པའི་རྣམ་པ་དང་འདྲེར་རུང་བ་ཉིད་དོ། །དེའི་ཕྱིར་བརྗོད་པར་མི་ནུས་པ་ཉིད་ནི། བརྗོད་པའི་རྣམ་པ་དང་འདྲེར་མི་རུང་བས་ཁྱབ་ལ། བརྗོད་པའི་རྣམ་པ་དང་འདྲེར་རུང་བ་ཉིད་ནི་ཁྱབ་པར་བྱེད་པ་ངང་འགལ་བ་ཡིན་ནོ། །དེས་ཀྱང་རྣམ་པར་རྟོག་པའི་ཤེས་པའི་ཡུལ་ཉིད་ལ་ཁྱབ་པ་ཡིན་ཏེ། དེའི་ཕྱིར་དེ་ལྟར་རྣམ་པར་རྟོག་པའི་ཤེས་པའི་ཡུལ་ཉིད་ནི་དེའི་ཁྱབ་པར་བྱེད་པ་དང་འགལ་བས་ཁྱབ་པའི་ཕྱིར་དེ་དང་ཡང་འགལ་བ་ཡིན་ནོ། །དེས་ན་དེ་དང་འགལ་བ་ནུས་པ་ཉིད་ཀྱིས་ཁྱབ་


DTG187_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་སོ། །དེའི་ཕྱིར་རྣམ་པར་རྟོག་པའི་ཤེས་པའི་ཡུལ་གྱི་དོན་ཉིད་འགྲོ་བའི་ལུགས་དང༌། གྲགས་པ་ཐ་སྙད་དུ་བརྗོད་པ་ཡིན་ལ། དེ་ཡང་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །གྲགས་བ་དེས་བསྒྲུབ་པ་གང་ཡིན་པ་ཐ་སྙད་དེ་ལས་སྐྱེས་པ་འདོད་པའི་སྒྲའི་བརྗོད་པར་བྱ་བ་ཉིད་ཅེས་བྱ་བ་ནི་འགལ་ཟླ་འདོད་པའི་སྒྲའི་བརྗོད་པར་བྱ་བ་མ་ཡིན་པ་ལ་གནོད་པར་བྱེད་པ་ཡིན་ནོ། །ཐམས་ཅད་རྣམ་པར་རྟོག་པའི་གཟུང་བའི་མཚན་ཉིད་གྲགས་པ་ལས་སྒྲ་ཐམས་ཅད་ཀྱིས་བརྗོད་བར་བྱ་བར་སློབ་དཔོན་བཞེད་པ་ཡིན་ནོ་ཞེས་འཆད་པ་ནི། དེ་རུང་བའི་སྟོབས་ཀྱིས་ཞེས་བྱ་བ་ཡིན་ཏེ། དོན་ཙམ་དང་རྗེས་སུ་འབྲེལ་བ་སྒྲར་རུང་བ་ཉིད་དེའི་སྟོབས་ཀྱིས་ཏེ། གང་གི་ཕྱིར་འདོད་པས་སྦྱར་བའི་དོན་ཙམ་དང་རྗེས་སུ་འབྲེལ་བ་ཡིན་པ་དེས་ན་ཞེས་བྱ་བའི་དོན་ཏོ། །སྒྲ་མཐའ་དག་ནི་དེ་ཉིད་ལ་འབྲེལ་བ་ཡིན་ཏེ། རྗོད་པར་བྱེད་པའི་ངོ་བོར་སྦྱར་ཞིང་བཀོད་པ་ཡིན་ནོ། །དོན་འགའ་ཞིག་ལ་སྒྲ་འགའ་ཞིག་ཁོ་ན་འབྲེལ་བར་མཐོང་བ་མ་ཡིན་ནམ་དེ་ཅི་ལྟར་ཐམས་ཅད་འབྲེལ་པ་ཡིན་ཞེས་བརྗོད་ཅེ་ན། དངོས་སུ་ན་ཞེས་སྨོས་ཏེ། འཇིག་རྟེན་ན་མ་བྱས་ཀྱང་ཚོགས་བ་ཚང་བས་ཐོགས་པ་མེད་པ་ལ། དངོས་སུ་ན་བྱས་པ་ཡིན་ནོ་ཞེས་བརྗོད་པས་འདིར་ཡང་དངོས་པོ་དང་སྒྲ་རྣམ་པར་རྟོག་པ་ལ་གནས་པ་ནི་རུང་བ་ཡིན་པའི་ཕྱིར་སྦྱོར་བའི་ཚོགས་པ་ཚང་བ་ན་དངོས་སུ་ན་སྟེ། རང་བཞིན་ཉིད་དུ་ན་མ་གྲུབ་པར་བརྗོད་པ་ཡིན་ནོ། །གང་གི་ཕྱིར་དངོས་སུ་ན་སྒྲ་ཐམས་ཅད་དེ་ལ་འབྲེལ་པ་ཡིན་པ་དེའི་ཕྱིར་དེ་ལ་སྒྲ་ཐམས་ཅད་ཀྱི་བརྗོད་བྱ་ཉིད་དུ་གྲགས་པ་མེད་ཀྱང༌། ཐམས་ཅད་ཐམས་ཅད་ལ་དོགས་པ་ཡིན་པས་ན། སློབ་དཔོན་ཕྱོགས་ཀྱི་གླང་པོས་དེ་ཁོ་ན་ཉིད་དུ་ན་དེ་གྲུབ་པར་བཤད་དེ། གང་ལ་ཞེས་བྱ་བ་ལ་སོགས་པས་སོ། །ཡང་གི་སྒྲ་ནི་དེ་ཡང་ཕྱོགས་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །བསྒྲུབ་པར་བྱ་བ་བསྟན་པ་གང་ལ་གཏན་ཚིགས་ཐམས་ཅད་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་པར་འགྱུར་ལ། སྒྲ་ལས་བྱུང་བའི་གྲགས་པས་དོན་བསལ་བ་དེ་ནི་ཕྱོགས་མ་ཡིན་ནོ། །སྒྲ་ལས་བྱུང་བ་ནི་འདོད་པའི་སྒྲས་བརྗོད་པར་བྱ་བའི་མཚན་ཉིད་ཀྱི་དོན་ཏེ། སྒྲ་ཉིད་ཀྱིས་འགའ་ཞིག་ཏུ་


DTG187_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྱུར་ཀྱང་འདོད་པ་ཙམ་དང་རྗེས་སུ་འབྲེལ་བའི་ཕྱིར་རབ་ཏུ་གྲུབ་པ་ཡིན་ནོ། །འདི་ཉིད་འདིར་སྒྲ་ཐམས་ཅད་ཀྱིས་བརྗོད་པར་བྱ་བའི་ཁུངས་ཡིན་གྱི་ལྷག་མ་ནི་ཞར་ལ་བརྗོད་པ་ཡིན་ནོ། །གང་གི་ཕྱིར་འདོད་པའི་སྒྲ་བརྗོད་པར་བྱ་བ་ཉིད་ཐམས་ཅད་ལ་གྲུབ་བར་བཞེད་པ་དེ་ཉིད་ཀྱི་ཕྱིར་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ཀྱིས་གནོད་པའི་གཏན་ཚིགས་ནི་ཐུན་མོང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ལ་ཡང་ཟླ་བ་མ་ཡིན་པར་མ་གྲུབ་པའི་ཕྱིར་རོ། །གང་ལ་ཡོད་པ་ཉིད་ཟླ་བ་མ་ཡིན་པ་དང་རྗེས་སུ་འགྲོ་བར་འགྱུར་བ་མ་ཡིན་པའི་དོན་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེས་ན་མཐུན་པའི་ཕྱོགས་ལ་འཇུག་པ་མེད་པས་ཐུན་མོང་མ་ཡིན་པ་ཡིན་གྱི་མ་ངེས་པ་ཉིད་ནི་མ་ཡིན་ནོ། །འདི་ལྟར་རྣམ་པར་རྟོག་པ་ལ་གནས་པའི་ཡོད་པ་ཉིད་ནི་འགལ་བ་ཡིན་ཏེ། ཡོད་པ་ཐམས་ཅད་ཟླ་བ་ཡིན་པའི་ཕྱིར་རོ། །ཅི་སྟེ་གང་ཞིག་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བས་བསལ་བ་དེ་ཡང་ཕྱོགས་མ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ལས་ཅིའི་ཕྱིར་ན་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་པ་ཞེས་དེ་སྐད་བརྗོད་ཅེ་ན། གཞུང་འདིའི་དགོས་པ་བཤད་པའི་ཕྱིར། དེ་སྐད་དུ་བརྗོད་པ་ནི་དེ་དགག་པར་མི་ནུས་པ་ཉིད་དམ་ཞེས་སྨོས་སོ། །སྒྲ་ལས་བྱུང་བའི་གྲགས་པའི་ཆོས་ནི་རྗེས་སུ་དཔག་པ་མེད་པའི་ཕྱིར་དགག་པར་མི་ནུས་སོ་ཞེས་སྒྲ་ལས་བྱུང་བའི་གྲགས་པ་དེ་དང་དེ་འདྲ་བར་བསྟན་པའི་ཕྱིར་དེ་ལྟར་དེ་ལྟ་བུའི་གཞུང་བརྗོད་པ་ཡིན་ནོ། །དགོས་པ་གཞན་བཤད་པ་ནི། ཟླ་བོའི་ཚད་མ་མེད་པས་ངེས་པར་བསྟན་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །འདི་ལ་ཁ་ཅིག་ན་རེ་ཟླ་བོའི་ཚད་མ་མེད་པས་ཟླ་བ་ཉིད་ངེས་པར་བཤད་པ་ཡིན་ནོ་ཞེས་ཟེར་རོ། །འདི་ལ་དཔྱད་པར་བྱ་སྟེ། གལ་ཏེ་ཟླ་བོའི་ཚད་མ་མེད་པས་ཟླ་བ་ཉིད་ངེས་པ་ཡིན་ན། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ་ཞེས་བྱ་བའི་གཞུང་འདིས་འཆད་པར་འགྱུར་བ་ཚད་མ་ངེས་པར་བརྗོད་པའི་ཕྱིར་དོན་གྱིས་གོ་བས་འགལ་བ་མི་འཁྲུལ་པ་ཅན་མེད་པར་སྟོན་པ་ཡིན་ནོ་ཞེས་བྱ་བ་ད་ལྟ་བུར་འགལ་བ་འཁྲུལ་པ་མེད་པ་ཅན་མེད་པར་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདིར་འགྱུར་རོ། །དེ་ལྟ་ན་ནི་གང་ལ་རྗེས་སུ་


DTG187_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་པ་མེད་ལ་ཞེས་བྱ་བས་དེ་ལྟར་འགལ་བ་མི་འཁྲུལ་པ་མེད་པ་བསྟན་པ་མ་ཡིན་གྱི། འོན་ཀྱང་དངོས་སུ་བརྗོད་པ་ཉིད་དོ། །བསྟན་པའི་དོན་ནི་ཤུགས་ཀྱིས་སྨྲས་བ་ལ་བརྗོད་དོ། །ཅི་སྟེ་ཟླ་བ་ཉིད་དུ་རྗེས་སུ་དཔོག་པ་ལ་འགལ་བ་འཁྲུལ་པ་མེད་པ་ཅན་མེད་པར་དངོས་སུ་བརྗོད་པ་ཡིན་ལ། དེས་ནི་རྗེས་སུ་དཔག་པ་གཞན་ལ་འགལ་བ་འཁྲུལ་པ་མེད་པ་ཅན་མེད་པར་བསྟན་པ་ཡིན་ནོ་ཞེས་བྱ་བར་བསམས་པ་ཡིན་ན། དེ་ལྟ་ན་ནི་འོ་ན་ཟླ་བོའི་ཚད་མ་མེད་པས་ངེས་པ་ཉིད་དུ་རྗེས་སུ་དཔག་པ་གཞན་ལ་སྦྱར་བར་བྱ་བ་ཡིན་གྱི། ཟླ་བ་ཉིད་དུ་རྗེས་སུ་དཔོག་པ་ལ་ནི་མ་ཡིན་ཏེ། གང་གི་ཕྱིར་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་པ་ཞེས་བྱ་བ་འདིའི་དོན་ནི་གཉི་གར་ཡང་བརྗོད་པའི་ཕྱིར་ན་ཕྱོགས་འདི་སྐབས་སུ་བབ་པ་ཡིན་ནོ། །ཅི་སྟེ་ཡང་འདི་དང་འཆད་པར་འགྱུར་བ་ཡང་སྒྲ་ལས་བྱུང་བའི་གྲགས་པ་ཞེས་བྱ་བ་འདི་ཉིད་ཀྱིས་བརྗོད་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་ཡིན་ན། དེ་ལ་ཡང་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ་ཞེས་བྱ་བའི་གཞུང་འདི་ཉིད་ཀྱི་སྒྲས་བརྗོད་པར་བྱ་བ་ཉིད་རྗེས་སུ་དཔོག་པ་ལ་འགལ་བ་མི་འཁྲུལ་པ་ཅན་མེད་པར་བརྗོད་པས། དཔེར་ན་སྒྲས་བརྗོད་པར་བྱ་བ་ཉིད་རྗེས་སུ་དཔོག་པའི་གཉེན་པོ་མེད་ན་འགྱུར་བ་དེ་བཞིན་དུ། རྗེས་སུ་དཔག་པ་གཞན་ཡང་ཡིན་ནོ་ཞེས་རྗེས་སུ་དཔག་པ་གཞན་ལ་ཡང་བསྟན་པའི་ཕྱིར་སྒྲ་ལས་བྱུང་བའི་གྲགས་པ་སྨོས་པས་བྱས་པ་ཅི་ཞིག་ཡོད། དེ་ཉིད་ཀྱི་ཕྱིར་ཚད་མས་ངེས་པར་བརྗོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་བས་འཆད་པར་འགྱུར་བ་ནི་སྒྲ་ལས་བྱུང་བའི་གྲགས་པ་དང་ཞེས་བྱ་བ་འདིས་བརྗོད་པ་ཡིན་ལ། ཟླ་བོའི་ཚད་མ་མེད་པས་ངེས་པ་ནི་གང་ལ་རྗེས་སུ་དཔག་པ་མེད་པ་ཞེས་བྱ་བ་འདིས་བཤད་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་འཆད་པར་འགྱུར་བ་ནི་ཟླ་བོའི་ཚད་མ་མེད་པས་ངེས་པར་བརྗོད་པ་ཞེས་བྱ་བའི་གཞུང་འདི་ཉིད་ཀྱིས་སྤྲོས་པ་ཡིན་པར་སྣང་བའི་ཕྱིར་རོ། །གཞན་ཡང་གང་ལ་རྗེས་སུ་དཔག་པ་མེད་བ་ཞེས་བྱ་བ་འདི་ཉིད་ཀྱི་སྒྲས་བརྗོད་པར་བྱ་བ་རྗེས་སུ་དཔག་པ་ལ། འགལ་བ་མི་འཁྲུལ་པ་ཅན་མེད་པར་སྨྲས་པ་ན་རྗེས་སུ་དཔག་པ་གཞན་ལ་མེད་པ་ཡང་བསྟན་པ་ཁོ་ན་ཡིན་


DTG187_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྒྲ་ལས་བྱུང་བའི་གྲགས་པ་སྨོས་པས་སྒྲས་བརྗོད་པར་བྱ་བ་རྗེས་སུ་དཔོག་པའམ། གཞན་ལ་འགལ་བ་མི་འཁྲུལ་པ་ཅན་མེད་པར་བསྟན་པར་བྱ་བ་ནི་ཡོད་པ་མ་ཡིན་ནོ། །ཕྱོགས་འདི་གསུམ་ཅར་ལ་ཡང་མཇུག་སྡུད་པའི་གཞུང༌། དེའི་ཕྱིར་དེ་ལྟར་ཚད་མ་དག་གནོད་པར་བྱེད་པར་བརྗོད་པ་ན་དེ་ལས་ངེས་པར་བརྗོད་པ་ཡིན་ནོ་ཞེས་བྱ་བ་འདི་ཅི་ལྟར་གྲགས། གང་ལ་ཚད་མ་གནོད་པར་བྱེད་པ་ཡིན་པར་བརྗོད་ཅེ་ན། ཁ་ཅིག་ན་རེ་སྒྲ་མཉན་པར་བྱ་བ་མ་ཡིན་པ་དང༌། སྒྲ་རྟག་པ་ཞེས་བྱ་བ་འདི་ལའོ་ཞེའོ། །དེ་ནི་མ་ཡིན་ཏེ། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་སྐབས་ཡིན་པའི་ཕྱིར་རོ། །གཞན་དག་ནི་སྒྲ་ལས་བྱུང་བའི་གྲགས་པས་བསལ་བ་ཞེས་སྒྲ་ལས་བྱུང་བའི་གྲགས་པ་གནོད་པར་བྱེད་པར་བརྗོད་པས་མངོན་སུམ་དང་རྗེས་སུ་དཔག་པ་ལ་ཡང་བརྗོད་པར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །གལ་ཏེ་དེ་ལྟ་ཡིན་ན་འདི་དང་ཆད་མས་ངེས་པར་བརྗོད་པའི་ཕྱིར་ཞེས་བྱ་བ་འདིར་ཡང་དོན་འདི་ཉིད་ཡིན་སྒྲ་ལས་བྱུང་བའི་གྲགས་པ་གནོད་པར་བྱེད་པར་བརྗོད་པས་ཚད་མ་ངེས་པར་བརྗོད་པ་ཡིན་ལ། ངེས་པའི་ཕྱིར་ཟླ་བོའི་ཚད་མ་མེད་པ་ཡིན་ནོ། །དེ་ལྟར་ཡིན་དང་ཕྱོགས་ལྟར་སྣང་བ་ལ་མངོན་སུམ་དང་རྗེས་སུ་དཔག་པ་གནོད་པར་བྱེད་པ་བརྗོད་པས་ཀྱང་ངེས་པར་བརྗོད་པ་ཡིན་ཏེ། དེས་ན་འདི་ལ་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད་ཅེ་ན། གང་ཞིག་འདིས་ངེས་པར་ཟླ་བོའི་ཚད་མ་མེད་པར་བསྟན་པར་འགྱུར་གྱི། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་མ་ཡིན་ཏེ། དེའི་ཕྱིར་འདི་ནི་གྱི་ནའོ། །འདི་ལ་དོན་ནི་འདི་ཡིན་ཏེ། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་པ་ཞེས་བྱ་བ་དེ་སྐད་དུ་བརྗོད་པའི་གཞུང་ནི་ཟླ་བོའི་ཚད་མ་མེད་པས་ཚད་མས་ངེས་པར་བསྟན་པའི་ཕྱིར་རོ། །འདིས་ནི་རྗེས་སུ་དཔག་པ་ཡོངས་སུ་སྤངས་ནས་སྒྲ་ལས་བྱུང་བའི་གྲགས་བ་གནོད་པར་བྱེད་པར་བརྗོད་པས་ན། གལ་ཏེ་རྗེས་སུ་དཔག་པ་ཡིན་ན་སྒྲ་ལས་བྱུང་བའི་གྲགས་པའི་གནོད་པར་བྱེད་པར་འགྱུར་རོ་ཞེས་བརྗོད་པར་འགྱུར་རོ། །གནོད་པར་བྱེད་པ་སྒྲ་ལས་བྱུང་བའི་གྲགས་པའི་ཡང་གནོད་པར་བྱེད་པར་བརྗོད་པའི་ཕྱིར་རྗེས་སུ་དཔག་པ་ངེས་པར་བྱེད་པ་ཡིན་


DTG187_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨྲས་པར་འགྱུར་གྱི། གནོད་པར་བྱེད་པ་ཙམ་དུ་བརྗོད་པས་ནི་མ་ཡིན་ནོ། །ཡིད་ཆེས་པའི་ཚིག་ཀྱང་གནོད་པར་བྱེད་པ་ཙམ་དུ་བརྗོད་ཀྱང༌། དེ་ངེས་པར་བྱེད་པ་ཉིད་ནི་མ་ཡིན་ཏེ། དེ་ནི་ཐེ་ཚོམ་གྱི་འབྲས་བུ་ཅན་གེགས་བྱེད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྗེས་སུ་དཔག་བ་ཕྱོགས་ལྟར་སྣང་བ་ལ་གནོད་པ་བྱེད་པར་བརྗོད་ཀྱང་ངེས་པར་བྱེད་པ་མ་ཡིན་པར་དོགས་པར་འགྱུར་རོ། །འདི་ནི་སྒྲ་ལས་བྱུང་བའི་གྲགས་པ་དང༌། དེ་དང་འདྲ་བ་ཡིད་ཆེས་པའི་ཚིགས་ལ་སོགས་པ་གནོད་པར་བྱེད་པའི་ཡང་གནོད་པར་བྱེད་པར་བརྗོད་པའི་ཕྱིར་ངེས་པར་བྱེད་པ་ཉིད་དུ་བརྗོད་པར་འགྱུར་བ་ཡིན་ནོ། །དེ་ལྟ་ཡིན་དང་ཚད་མར་ཁྱད་པར་མེད་པས་མངོན་སུམ་ཡང་གནོད་པར་བྱེད་པ་ཡིན་པ་དེས་ན་ངེས་པར་བྱེད་པར་བརྗོད་པ་ཡིན་ནོ། །འོན་ཀྱང་རུང་བ་ཉིད་དགག་པ་ལ་བྱེད་པ་མེད་པའི་ཕྱིར་མངོན་སུམ་དོགས་པར་མ་བྱས་པ་ཡིན་གྱི་སྤངས་བ་ནི་མ་ཡིན་ནོ། །ཟླ་བོའི་ཚད་མ་ཡོད་ན་ནི་ངེས་པ་སྲིད་པ་མ་ཡིན་ནོ་ཞེས་དེ་ལྟར་དོན་གྱི་ཤུགས་ཀྱིས་རྗེས་སུ་དཔག་པ་སྒྲ་ལས་བྱུང་བའི་གྲགས་པའི་གནོད་པར་བྱེད་པར་སྟོན་པས་ནི། ཟླ་བོའི་ཚད་མ་མེད་པས་ཚད་མས་ངེས་པར་བརྗོད་པར་བལྟ་བར་བྱའོ། །དེ་ལྟ་ཡིན་དང་གཞུང་གི་ཚོགས་ཕྱི་མ་རྣམས་འཐད་པར་འགྱུར་རོ། །འོ་ན་རྣམ་འགྲེལ་ལས། གྲགས་པ་རྗེས་དཔོག་ཕྱིར་དེ་ལྟར། །རྗེས་སུ་དཔག་པས་གྲུབ་པ་ལ། །འགལ་བ་འཁྲུལ་པ་མེད་པ་ཅན། །མེད་པར་སྟོན་པར་བྱེད་པ་ཡིན། །ཞེས་བཤད་པ་ཅི་ལྟར་ཞེ་ན། འདི་ལ་ཡང་དོན་འདི་ཉིད་ཡིན་ནོ། །གང་གི་ཕྱིར་གྲགས་པ་ཡང་རྗེས་སུ་དཔག་པ་ཡིན་པ་དེའི་ཕྱིར་ན། དེ་ལྟར་ཞེས་བྱ་བ་རྗེས་སུ་དཔག་པ་གྲགས་པའི་གནོད་བར་བྱས་པར་དོགས་པར་བྱས་པས་ནི་འགལ་བ་མི་འཁྲུལ་པ་ཅན་མེད་པར་བཤད་པ་ཡིན་ནོ། །འགྲེལ་པ་ནི་སློབ་དཔོན་གྱི་དགོངས་པ་ལས་འདས་པར་རྣམ་པར་ངེས་པའི་གཞུང་འདི་ཉིད་ལས་རྟོགས་པ་ཡིན་ནོ། །འགྲེལ་པ་སློབ་དཔོན་དང་མི་མཐུན་པ་ནི་ལེའུ་གཉིས་པར་བསྟན་པ་ཡིན་ནོ། །རེ་ཞིག་དགག་པར་མི་ནུས་པ་ཉིད་བསྟན་པའི་ཕྱིར་དེ་ཞེས་སྨོས་ཏེ། རུང་བ་ཉིད་འགོག་པ་ནི་རྗེས་སུ་དཔག་པ་ལས་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མངོན་སུམ་གྱིས་ནི་


DTG187_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་ཉིད་འགོག་པ་མི་ངེས་པའི་རྒྱུའི་ཕྱིར་རོ། །བུམ་བ་ལ་སོགས་པ་མངོན་སུམ་གྱིས་རྟོགས་བར་བྱ་བ་ནི། ས་ཕྱོགས་འབའ་ཞིག་ངེས་པའི་ཤུགས་ཀྱིས་མེད་བར་ངེས་པར་མི་དམིགས་པས་ཐ་སྙད་དུ་བྱ་བ་ཡིན་ནོ། །སྒྲར་རུང་བ་ཉིད་ནི་རྣམ་པར་རྟོག་པ་ལ་སྣང་བའི་རང་བཞིན་དུ་རྣམ་པར་གནས་པ་ཡིན་གྱི། དབང་པོས་རྟོགས་པར་བྱ་བ་ནི་མ་ཡིན་ནོ། །དེས་ན་མངོན་སུམ་མ་ཡིན་པ་སྒྲའི་རུང་བ་ཉིད་འགོག་པ་ནི་མངོན་སུམ་མ་ཡིན་ཏེ། འོན་ཀྱང་རྗེས་སུ་དཔག་པ་ལས་ཡིན་ནོ། །གཏན་ཚིགས་ཐུན་མོང་མ་ཡིན་པའི་ཕྱིར་ན་དེ་ཡང་མི་སྲིད་པས་ན་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ནི་དགག་པར་མི་ནུས་སོ། །ཡོད་པ་གཅིག་པུ་ཐུན་མོང་མ་ཡིན་པར་བཤད་པ་མ་ཡིན་ནམ། གཏན་ཚིགས་ཐམས་ཅད་ནི་མ་ཡིན་ནོ་ཞེ་ན། བཤད་པ། བསྒྲུབ་པར་བྱ་བ་གང་ལ་ཡོད་པ་ཉིད་རྗེས་སུ་འགྲོ་བ་མེད་པའི་བསྒྲུབ་པར་བྱ་བ་དེ་ལ་གཏན་ཚིགས་ཐམས་ཅད་ཐུན་མོང་མ་ཡིན་པ་ཉིད་ཡིན་ནོ། །ཡོད་པ་ཉིད་དེ་ཐམས་ཅད་ཁྱབ་པ་ཡིན་ཡང་བསྒྲུབ་བྱ་དང་རྗེས་སུ་འགྲོ་བ་མེད་པ་དེས་ན་གཞན་གཏན་ཚིགས་གང་ཞིག་བསྒྲུབ་བྱ་དང་རྗེས་སུ་འགྲོ་བར་འགྱུར་ཞེས་བྱ་བ་འདི་ནི་ཡོད་པའི་ཕྱིར་ཞེས་གཏན་ཚིགས་དཔེར་བརྗོད་པའི་འབྲས་བུ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཅི་ལྟར་སྒྲ་མ་ཉན་པར་བྱ་བ་མ་ཡིན་ནོ། །བུམ་པ་རྟག་པའོ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་རི་བོང་ཅན་ཟླ་བ་མ་ཡིན་ནོ་ཞེས་གཏན་ཚིགས་མེད་པ་ཁོ་ནར་ཕྱོགས་ལྟར་སྣང་བ་ཉིད་དཔེར་བརྗོད་པར་འགྱུར་རོ། །དེའི་ཕྱིར་ཐམས་ཅད་ཐུན་མོང་མ་ཡིན་པར་འདོད་པ་ཡིན་ནོ། །དེ་ལྟར་ན་གནོད་པར་བྱེད་པ་མེད་པའི་ཕྱིར་དགག་པར་མི་ནུས་པ་ཉིད་དུ་བཤད་པ་ཡིན་ནོ། །ཅི་ལྟར་གནོད་པར་བྱེད་པ་ཡོད་ན་འདི་ལ་འདི་མེད་དོ་ཞེས་རང་བཞིན་འགོག་པ་དེ་བཞིན་དུ་སྒྲུབ་པར་བྱེད་པ་མེད་ན་འདི་ལ་མ་གྲུབ་པའོ་ཞེས་གྲུབ་པ་འགོག་པར་བྱེད་དོ། །དེའི་ཕྱིར་སྒྲ་རབ་ཏུ་གྲགས་པའི་ཚིག་གིས་སློབ་དཔོན་སྒྲུབ་པར་བྱེད་པ་ཡོད་པའི་ཕྱིར་ཡང་དགག་པར་མི་ནུས་པ་ཉིད་དུ་གསུངས་པ་ཡིན་ནོ་ཞེས་སྟོན་པ་ནི་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྒྲ་ལས་འོངས་པའི་སྒྲུབ་པ་ནི་སྒྲ་ལས་བྱུང་བ་ཡིན་ཏེ། དེ་ནི་སྒྲ་ལས་བྱུང་བའི་ཕྱིར་ན་ཐམས་ཅད་ལ་གྲུབ་པ་ཡིན་ནོ་ཞེས་བྱ་བའི་བཤད་པ་ནི། སྒྲས་གྲུབ་


DTG187_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ནི་མ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །མ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བས་ནི་རབ་ཏུ་གྲུབ་བ་ཉིད་བརྗོད་དོ། །སྒྲས་གྲུབ་བ་དག་ཅེས་བྱ་བ་ནི་སྒྲ་ལས་བྱུང་བ་དག་གོ །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བརྡ་ལས་བརྗོད་པར་བྱེད་པ་ཡིན་པའི་ཕྱིར་ན་བརྡ་ལ་བརྟེན་པ་ཡིན་ལ། བརྡ་ཡང་དངོས་པོ་ལ་མི་ལྟོས་པའི་ཕྱིར་འདོད་པ་ཙམ་ལ་རག་ལས་པ་ཡིན་ནོ། །དེས་ན་དེའི་ཕྱིར་མ་གྲུབ་པ་མ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། སྒྲས་བརྗོད་པར་བྱ་བ་ཉིད་ཀྱི་མཚན་ཉིད་ཀྱི་ཆོས་ནི་འདོད་པ་ལ་རག་ལས་པའི་བརྡར་བྱས་པ་ཡིན་པས་ན། འདོད་པས་བྱས་པའི་རང་བཞིན་གྱི་མཐར་ཐུག་པའི་ཕྱིར་ཐ་སྙད་དུ་མ་བྱས་ཀྱང་ཐམས་ཅད་ལ་རབ་ཏུ་གྲུབ་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་གང་ཞིག་རྣམ་པར་རྟོག་པ་ལ་གནས་པ་དེ་ནི་འདོད་པ་ལ་རག་ལས་པའི་བརྡའི་རྒྱུ་མཚན་ཅན་གྱི་སྒྲས་བརྗོད་པར་ནུས་པ་མ་ཡིན་ནོ་ཞེས་སྒྲུབ་པར་བྱེད་པའི་ཚད་མ་བསྟན་པའི་ཕྱིར་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་སྒྲ་ལས་བྱུང་བའི་གྲགས་པ་དང་ཞེས་བཤད་དོ། །གལ་ཏེ་སྒྲུབ་པར་བྱེད་པ་སྟོན་པར་མི་འདོད་ན་ནི། སྒྲས་བརྗོད་པར་བྱ་བ་ཉིད་དང་ཞེས་དེ་སྐད་བརྗོད་པར་མི་འགྱུར་རོ། །སྒྲུབ་པར་བྱེད་པ་བསྟན་པས་ནི་དགག་པར་མི་ནུས་པར་བརྗོད་པ་ཡིན་ནོ། །ད་ནི་ཟླ་བོའི་ཚད་མ་མེད་པས་ངེས་པར་བསྟན་པ་ཞེས་བྱ་བ་དེ་བཤད་པའི་ཕྱིར་བཤད་པ། སྔར་བཤད་པའི་ཚུལ་གྱིས་ཚད་མས་ངེས་པར་བརྗོད་པའི་ཕྱིར་རྗེས་སུ་དཔག་པའི་ཡུལ་ཚད་མས་གྲུབ་པའི་ཚུལ་གསུམ་པ་ལ་འགལ་བ་མི་འཁྲུལ་པ་ཅན་མེད་པར་སྟོན་པ་ཡིན་ནོ། །དོན་གྱིས་གོ་བས་ཞེས་བྱ་བ་ནི་ཤུགས་ཀྱིས་སོ། །གལ་ཏེ་ངེས་པ་ཡང་ཡིན་ལ་འགལ་བ་མི་འཁྲུལ་པ་ཅན་ཡང་ཡིན་པར་འགྱུར་བ་མ་ཡིན་ནམ། རྗེས་སུ་དཔག་པས་ངེས་པར་བརྗོད་པའི་ཕྱིར་འགལ་བ་མི་འཁྲུལ་པ་ཅན་མེད་དོ་ཞེས་བྱ་བ་འདི་གང་ལས་ཤེ་ན། བཤད་པ། གེགས་ཡོད་པར་དོགས་པ་གང་དག་ཡིན་པ་རྣམས་ནིའོ། །ཟླ་བོའི་ཚད་མ་སྲིད་ན་ནི་དེས་བསྒྲུབ་པ་འགལ་བའི་དོན་གྱི་རྗེས་སུ་དཔག་པས་གྲུབ་པ་ཐམས་ཅད་ལ་གེགས་བྱེད་བར་དོགས་པར་འགྱུར་ལ། གེགས་ཡོད་པར་དོགས་པ་རྣམས་ལ་ཡང་ཐེ་ཚོམ་ཟ་ལ། ཐེ་ཚོམ་ཟ་བས་མི་འགྲུབ་པོ། །མི་འགྲུབ་པའི་ཕྱིར་ན་མི་ངེས་པའི་ཕྱིར་རོ། །དེས་


DTG187_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྟེ། གཏན་ཚིགས་དེའི་ཕྱིར་ཚད་མས་ངེས་བར་བརྗོད་པའི་ཕྱིར་འགལ་བ་མི་འཁྲུལ་པ་ཅན་མེད་པ་ཡིན་ནོ། །རྗེས་སུ་དཔག་པ་ནི་རྣམ་པ་གཉིས་ཏེ། གཉེན་པོ་དང་བཅས་པ་དང༌། ཅིག་ཤོས་མ་ཡིན་ནམ། དེ་ལ་གཉེན་པོ་མེད་པའི་རྗེས་སུ་དཔག་པ་གང་ཡིན་པ་དེ་ལས་ངེས་པར་འབྱུང་བ་ཡིན་ན། དེ་ཅི་ལྟར་ན་ཚད་མས་ངེས་པར་བརྗོད་པའི་ཕྱིར་འགལ་བ་མི་འཁྲུལ་པ་ཅན་མེད་ཅེས་བརྗོད་ཅེ་ན། སྨྲས་པ། མཚན་ཉིད་དང་ལྡན་པའི་རྗེས་སུ་དཔག་པ་གཅིག་ལ་གཉེན་པོ་འགལ་བ་མི་འཁྲུལ་པ་ཅན་སྲིད་པ་ཡིན་ན་ཐམས་ཅད་མཁྱེན་པ་མ་ཡིན་པའི་སྐྱེས་བུ་ཙམ་གྱིས་རྗེས་སུ་དཔག་པ་གཞན་ལ་འགལ་པ་མི་འཁྲུལ་པ་ཅན་དེ་མེད་བ་གང་ཡིན་པ་དེ་མི་ངེས་པའི་ཕྱིར་རོ། །དེས་ན་སྟེ། གཏན་ཚིགས་དེའི་ཕྱིར་ཚད་མས་ངེས་པར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གང་ལ་ཟླ་བོའི་ཚད་མ་ཡོད་པ་དེ་སྣང་བ་ཉིད་མ་ཡིན་ནམ། གཞན་ནམ་ངལ་དུས་གཞན་དུ་སྣང་བར་འགྱུར་བ་གང་ཡིན་པ་དེ་ད་ལྟ་ཉིད་ཅི་སྟེ་མི་སྣང༌། མི་སྣང་བའི་ཕྱིར་འོ་ན་འགལ་བ་འཁྲུལ་པ་ཅན་མེད་པ་ཡིན་ནོ་ཞེས་བྱ་བ་ཟློས་བའི་ཕྱིར་ཡུན་རིང་པོར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་མཐོང་བའི་དོན་གང་དག་ཡིན་པ་དེ་རྣམས་ལ་ཡང་ཕྱིས་དུས་གཞན་དུ་མ་མཐོང་བ་དེ་ལ་སྣང་བ་སྐྱེ་བ་ཡིན་ལ། སྐྱེས་བུ་ཡང་སོ་སོར་ཤེས་རབ་ཀྱི་ཁྱད་པར་དང་ལྡན་པ་མཐོང་བ་ཡིན་ཏེ། དེའི་ཕྱིར་ད་ལྟར་ང་ལས་མི་སྣང་བ་གང་ཡིན་པ་དེ་ནི་མེད་པ་ཉིད་དོ་ཞེས་དེ་ལྟར་བརྗོད་པར་མི་ནུས་སོ། །དེའི་ཕྱིར་གཉེན་པོ་མེད་བའི་རྗེས་སུ་དཔག་པ་ངེས་པ་མ་ཡིན་ནོ། །དེའི་ཕྱིར་ན་ཆད་མར་ངེས་བར་བརྗོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གནས་སོ། །རྗེས་སུ་དཔག་པས་ངེས་པར་བརྗོད་པས། རྗེས་སུ་དཔག་བའི་ཡུལ་ལ་དགའ་བ་མི་འཁྲུལ་པ་ཅན་མེད་པར་བསྟན་པ་འདིས་ནི་མངོན་སུམ་ལས་ཀྱང་ངེས་པར་བརྗོད་པའི་ཕྱིར་རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་མི་འཁྲུལ་པ་ཅན་མེད་བར་བསྟན་པ་འདིས་ནི་མངོན་སུམ་ལས་མངོན་སུམ་དང་རྗེས་སུ་དཔག་པ་དག་ངེས་པའི་རྒྱུ་ཡིན་པ་ཉིད་ཀྱིས་རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་མི་འཁྲུལ་བ་ཅན་མེད་པར་སྟོན་པར་བྱེད་པར་བཤད་པ་ཡིན་ནོ། །ཅི་ལྟར་མངོན་སུམ་ལས་ངེས་


DTG187_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྗོད་པས་རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་མི་འཁྲུལ་པ་ཅན་མེད་པར་བརྗོད་བར་འགྱུར་ཏེ། མངོན་སུམ་ཉིད་གཉེན་པོ་མེད་པར་བརྗོད་པ་འབའ་ཞིག་ཏུ་ཟད་དོ་ཞེ་ན། གཉི་ག་ཡང་ཞེས་སྨོས་སོ། །མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཚད་མར་ཁྱད་པར་མེད་པའི་ཕྱིར་རོ། །ཚད་མར་ཁྱད་པར་མེད་ན་གལ་ཏེ་རྗེས་སུ་དཔག་པ་ལ་གཉེན་པོ་ཡོད་ན་མངོན་སུམ་ལ་ཡང་ཡོད་པར་འགྱུར་ཞེས་གང་བཤད་པ་ནི། ཚད་མའི་མཚན་ཉིད་ནི་དོན་མེད་ན་མི་འབྱུང་བ་ཡིན་ཏེ། ཚད་མ་རྣམས་ཀྱི་ནི་མི་སླུ་བ་ནི་དེ་ལས་ཡིན་བའི་ཕྱིར་རོ། །དེ་དང་ལྡན་པའི་རྗེས་སུ་དཔག་པ་གཅིག་ལ་གཉེན་པོ་ཡོད་པའི་ཕྱིར་མངོན་སུམ་ཡང་དེ་ལྟར་འགྱུར་ཏེ། གཉེན་པོ་དང་བཅས་པར་འགྱུར་རོ། །དེའི་ཕྱིར་ངེས་པར་བྱེད་པ་ཉིད་དུ་མི་འགྱུར་རོ། །འདི་སྙམ་དུ་གཉི་ག་ལ་ཚད་མའི་མཚན་ཉིད་ཁྱད་པར་མེད་ཀྱང་གང་གིས་གཉེན་པོ་མེད་པའི་ཕྱིར་དེ་ངེས་པར་བྱེད་པ་ཉིད་དུ་འགྱུར་བའི་ཁྱད་པར་གཞན་ཡོད་དོ་ཞེ་ན། གང་ཞིག་ཅེས་སྨོས་སོ། །ཚད་མའི་མཚན་ཉིད་ལས་ཐ་དད་པའི་ཁྱད་པར་གང་ཡིན་པ་དེ་ནི་ངེས་པར་ཞེས་བྱ་བ་མཐའ་གཅིག་ཏུ་སྒྲུབ་པར་བྱེད་པ་ཉིད་རྣམ་པར་འཇོག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས་སྨོས་ཏེ། གཅིག་ཏུ་ངེས་པར་བསྒྲུབ་པའི་ཁྱད་པར་དེ་ལས་རྗེས་སུ་དཔག་པར་ཕྱི་རོལ་དུ་གྱུར་པའི་ཕྱིར་ཏེ། ངེས་པའི་རྒྱུ་མཚན་གྱི་ཁྱད་བར་གྱིས་སྟོང་པའི་ཕྱིར་ཚད་མ་མ་ཡིན་པར་འགྱུར་རོ། །གང་གི་ཕྱིར་གཅིག་ཏུ་ངེས་པ་སྒྲུབ་པར་བྱེད་པ་ཁྱད་པར་ཚད་མའི་མཚན་ཉིད་དེ་ལས་ཐ་དད་པ་གཞན་མེད་པ་དེའི་ཕྱིར་རྗེས་སུ་དཔག་པའི་ཡུལ་ལ་གཉེན་པོ་སྲིད་ན་མངོན་སུམ་ལ་ཡང་དེ་བཟློག་པར་དཀའོ། །དེ་ནས་མངོན་སུམ་ངེས་པའི་རྒྱུ་ཡིན་པའི་ཕྱིར་ཡང་རྗེས་སུ་དཔག་པའི་ཡུལ་འགལ་བ་མི་འཁྲུལ་པ་ཅན་མེད་པར་རྟོགས་སོ། །བརྗོད་པར་འདོད་བའི་གྲངས་གཅིག་པ་ཅན་ནི་གཅིག་པུ་གཉིས་སུ་མེད་པ་ཉིད་དེ། དེས་ན་གཏན་ཚིགས་ནི་གཉེན་པོ་མེད་པ་ཡིན་ནོ་ཞེས་གང་སྨྲས་བ་ནི། འགྲན་ཟླའི་གཏན་ཚིགས་མ་བསྟན་པ་གང་ཡིན་པའི་གཏན་ཚིགས་དེ་ཙམ་མ་ཡིན་ཏེ། དེའི་ཕྱིར་ལ་ལར་འགལ་བ་མི་འཁྲུལ་པ་ཅན་སྲིད་པ་ཡིན་ན། ཁྱད་པར་མེད་པའི་ཕྱིར་རྗེས་སུ་


DTG187_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་པ་ཐམས་ཅད་ལ་དོགས་ལ། དེ་ལྟ་ཡིན་དང་ཚད་མར་ཁྱད་པར་མེད་པའི་ཕྱིར་མངོན་སུམ་ལ་ཡང་འགྱུར་རོ་ཞེས་བྱ་བའི་ཉེས་པ་མེད་དོ། །བརྗོད་པར་འདོད་པའི་གྲངས་གཅིག་པ་ནི་རྗེས་སུ་དཔག་པའི་རྟགས་ཡིན་ལ། ཚུལ་གསུམ་ཙམ་དང་ལྡན་པ་ནི་འགལ་བ་མི་འཁྲུལ་པ་ཅན་ཡིན་ཏེ། དེས་ན་ཁྱད་པར་ཡོད་པའི་ཕྱིར་ཐམས་ཅད་དུ་འགལ་ཟླ་དོགས་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཏེ། ཅི་གཉེན་པོ་མེད་པ་ཡིན་ནམ། འོན་ཏེ་གཉེན་པོ་མ་མཐོང་བ་ཡིན། གཉི་ག་ལྟར་ན་ཡང་མཚན་ཉིད་དེ་ངེས་དགོས་སོ། །དེ་ལ་དང་པོ་ནི་ངེས་པར་མི་ནུས་སོ་ཞེས་གང་བཤད་པ་ནི། འདི་འདྲ་བའི་དོན་ངེས་པའི་ཡུལ་ལ་སྲིད་པ་ཡོད་དམ་ཞེས་བྱ་རོག་གི་དྲི་བ་སྦྱར་བ་ནི་མེད་དོ་ཞེས་བརྗོད་པ་ཡིན་ནོ། །གང་ལ་ངེས་པ་མེད་པ་དེ་ཅི་འདྲ་བ་ཞིག་ཅེ་ན། རྗེས་སུ་དཔག་པ་འདི་ལ་འགྲན་ཟླ་མེད་དོ་ཞེས་དེ་འདྲ་བའོ། །ཅིའི་ཕྱིར་འདི་ལ་ངེས་པ་མེད་ཅེ་ན། རྟགས་གང་ལ་ཚུལ་གསུམ་པ་ཞེས་བྱ་བའི་མཚན་ཉིད་ཁྱད་པར་མེད་པ་དེ་ལ་མཐོང་བའི་གཉེན་པོ་ནི་ཚུལ་གསུམ་པ་གཞན་ལ་མེད་པ་གང་ཡིན་པ་དེ་ངེས་པར་བྱེད་མི་ནུས་བའི་ཕྱིར་རོ་ཞེས་ལེའུ་གཉིས་བར་བཤད་ཟིན་ཏོ། །དེའི་ཕྱིར་གཉེན་པོར་མེད་པ་ཉིད་ནི་མ་ངེས་སོ། །འོན་ཏེ་བརྗོད་པར་འདོད་པའི་གྲངས་གཅིག་པ་ཉིད་གཉེན་པོ་མ་མཐོང་བ་ཡིན་ན། དེ་ཡང་གལ་ཏེ་མཚན་ཉིད་དེས་ནུས་པ་ཡིན་ཡང་རིགས་པ་མ་ཡིན་ནོ་ཞེས་གང་བཤད་པ་ནི། སྐྱེས་བུའི་སྤོབས་པ་ཞེས་བྱ་པ་ཡིན་ནོ། །ཅི་སྲིད་སྐྱེས་བུ་ལ་གཉེན་པོ་མི་སྣང་བ་དེ་སྲིད་དུ་ཚད་མ་ཡིན་ལ། གཉེན་པོ་མཐོང་ན་ནི་ཚད་མ་མ་ཡིན་ནོ་ཞེས་མཚན་ཉིད་བྱ་བར་མི་ནུས་སོ། །དེ་ལྟ་ན་ནི་སྐྱེས་བུའི་སྤོབས་པའི་དབང་གིས་ཚད་མའི་མཚན་ཉིད་བརྗོད་པར་འགྱུར་ན། སྐྱེས་བུའི་སྤོབས་པའི་དབང་གིས་ཚད་མའི་མཚན་ཉིད་བརྗོད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོ་གནས་པས་ཡིན་ནོ། །དངོས་པོའི་རང་བཞིན་གང་ཡིན་པ་དེ་ཚད་མའི་མཚན་ཉིད་དུ་བརྗོད་ཀྱི། སྤོབས་པ་ལ་སྣང་བའི་རང་བཞིན་མ་ཡིན་ནོ། །དངོས་པོ་ལ་གནས་པའི་གཉེན་པོ་མེད་པའི་ཚད་མ་དེ་ཡང་


DTG187_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཞེས་བྱ་བ་ཚུལ་གསུམ་དང་ལྡན་པ་ལ་ཡང་གཉེན་པོ་མཐོང་བའི་ཕྱིར་ངེས་པར་ནུས་པ་མ་ཡིན་ནོ། །དེས་ན་ཞེས་བྱ་བ་རྒྱུ་དེའི་ཕྱིར་ཐེ་ཚོམ་ཟ་བ་དེ་ནི་ཞེས་བྱ་བ་གཏན་ཚིགས་ཀྱི་མཚན་ཉིད་བརྗོད་བར་འདོད་པའི་གྲངས་གཅིག་བ་གང་ལ་ཡོད་བ་སྟེ། གཏན་ཚིགས་དེ་ནི་གཏན་ཚིགས་ཀྱི་ཐ་སྙད་དུ་མི་རུང་སྟེ། དཔེར་ན་ཕྱོགས་ཀྱི་ཆོས་ལ་སོགས་པའི་ཚུལ་དག་ལ་ཐེ་ཚོམ་ཟ་བའི་གཏན་ཚིགས་ལ། གཏན་ཚིགས་ཞེས་ཐ་སྙད་གདགས་བར་མི་ནུས་པ་བཞིན་ནོ། །རྟགས་ནི་རང་གི་བསྒྲུབ་བར་བྱ་བ་ལ་མི་འཁྲུལ་པ་ངེས་པར་རྟོགས་པར་བྱེད་པ་ཡིན་གྱི། སྒྲོན་མ་བཞིན་དུ་རུང་བ་ཙམ་གྱིས་ནི་མ་ཡིན་ནོ། །མི་འཁྲུལ་བར་ངེས་པ་ཡང་མཚན་ཉིད་ངེས་པ་ཁོ་ན་ཡིན་ནོ། །མཚན་ཉིད་དེ་དག་ལ་གཅིག་མ་ངེས་ན་ཡང་རྟགས་དེ་མི་འཁྲུལ་བར་མ་ངེས་པས་གོ་བར་བྱེད་པ་ཐ་སྙད་མི་བྱའོ། །གཏན་ཚིགས་ཀྱི་མཚན་ཉིད་ཚུལ་གསུམ་བརྗོད་པ་ན་དེར་ཤེས་པ་ཡང་གཟུང་བ་ཉིད་དེ། གང་གི་ཕྱིར་ཤེས་པར་བྱེད་པའི་དབང་དུ་བྱས་པའི་ཕྱིར་རོ། །བརྗོད་པ་གང་ཞིག་གཉི་ག་ལ་ངེས་པ་ཞེས་བརྗོད་པས་ནི་ཤེས་པ་གཟུང་བ་ཡིན་ནོ། །དེའི་ཕྱིར་ཡང་མཚན་ཉིད་ལ་ཐེ་ཚོམ་ཟ་བ་ནི་གཏན་ཚིགས་ཀྱི་ཐ་སྙད་དུ་མི་རུང་ངོ༌། །ཁོ་བོ་ཅག་འབའ་ཞིག་ཏུ་ནི་མ་ཟད་ཀྱི། སློབ་དཔོན་ཡང་ཐ་སྙད་དུ་མི་རུང་བར་བཞེད་པ་ཡིན་ནོ། །དེས་ན་ངས་པར་མི་ནུས་པ་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཉིད་ནི་སློབ་དཔོན་ཡང་མཚན་ཉིད་དུ་བཞེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཡིན་ནོ། །གལ་ཏེ་ངེས་པར་མི་ནུས་ན་ཁྱེད་ཀྱིས་རྗེས་སུ་དཔག་པ་ལ་ཡང་གཉེན་པོ་མེད་པར་ཇི་ལྟར་ངེས་ཤེ་ན། བཤད་པ། ཁོ་བོ་ཅག་གིས་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་རྗེས་སུ་དཔག་པའི་ཡུལ་ཉིད་ལ་དེ་ཉིད་ཀྱི་མཚན་ཉིད་དང་ལྡན་པའི་ཟླ་བོ་གང་ཡིན་པ་དེ་མི་སྲིད་པའི་ཕྱིར་རྗེས་སུ་དཔག་པ་ལ་འགལ་བ་མི་འཁྲུལ་པ་ཅན་མེད་དོ། འདི་ལྟར་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་འགའ་ཞིག་འགའ་ཞིག་ལ་མི་འཁྲུལ་པ་ཅན་ཡིན་ཏེ། དེ་ལྟ་མ་ཡིན་ན་མི་འཁྲུལ་བར་མི་རིགས་པའི་ཕྱིར་རོ། །དོན་གཅིག་ལ་ནི་ཕན་ཚུན་འགལ་བའི་རང་བཞིན་གཉིས་ཡོད་པ་མ་ཡིན་ནོ། །དེས་ན་ཆོས་ཅན་གཅིག་ལ་ཕན་


DTG187_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་འགལ་བའི་རང་བཞིན་ལ་མི་འཁྲུལ་བའི་ཆོས་གཉིས་ཤིན་ཏུ་སྲིད་པ་མ་ཡིན་ནོ། །དེས་ན་ཚད་མས་གྲུབ་པའི་རྗེས་སུ་དཔག་པ་ལ་ཚད་མ་ཅན་མ་ཡིན་པའི་འགལ་བ་མི་འཁྲུལ་བ་ཅན་མི་སྲིད་དོ། །མ་གྲུབ་པ་ལ་སོགས་པ་ནི་ཚད་མས་སྲིད་པ་ཡིན་ནོ། །བརྗོད་པར་འདོད་པའི་གྲངས་གཅིག་པ་ཉིད་སློབ་དཔོན་གྱིས་བཤད་པ་མ་ཡིན་ནམ། དེ་ཅི་ལྟར་བརྗོད་པར་འདོད་བའི་གྲངས་གཅིག་པ་ཉིད་ངེས་པར་མི་ནུས་པའི་ཕྱིར་མི་འདོད་ཅེ་ན། བཤད་པ། བདེན་ཏེ། རྗེས་སུ་དཔག་པའི་ཡུལ་འདི་ལ་མི་འདོད་པ་ཉིད་དོ། །འོ་ན་འདིའི་ཡུལ་གང་ཞེ་ན། འདིའི་ཡུལ་ནི་ཞེས་སྨོས་སོ། །དཀྱུས་མ་ཉིད་མཇུག་བསྡུ་བའི་ཕྱིར་བཤད་པ། གང་གི་ཕྱིར་འགལ་བ་མི་འཁྲུལ་པ་ཅན་མེད་པར་གང་ལས་ཀྱང་ངེས་པ་མ་ཡིན་པ་དེའི་ཕྱིར་དེ་ལྟར་ཞེས་བྱ་བ་བཤད་མ་ཐག་བའི་ཚུལ་གྱིས་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་དག་བརྗོད་པ་ན། དེ་ལས་ཏེ་ཚད་མ་དག་གིས་ངེས་པར་བརྗོད་པ་ཡིན་ནོ། །ངེས་པའི་དོན་ནི་གཞན་གྱིས་གནོད་པར་བྱེད་པ་ཡིན་ནོ། དོན་དེའི་ངེས་བར་བྱེད་པ་ཡང་གནོད་པར་བྱེད་བར་བརྗོད་པ་ཡིན་ནོ། །དེའི་ཕྱིར་ཚད་མ་དག་གནོད་པར་བྱེད་པར་བརྗོད་པ་ན། གནོད་པར་བྱེད་པའི་རྒྱུ་མཚན་ངེས་པ་ཉིད་བརྗོད་པ་ཡིན་ནོ། །འདི་ལ་གནོད་པར་བརྗོད་པའི་ཚུལ་ནི་སྔར་བརྗོད་པ་ཡིན་ནོ། །ངེས་པར་བརྗོད་པ་དེས་ན་གཉེན་པོ་དང་ལྷན་ཅིག་འཇུག་པ་གང་ཡིན་པ་དེ་སྲིད་པ་སེལ་བར་བྱེད་དེ། གཉེན་པོ་དང་བཅས་པ་ནི་ངེས་པའི་རྒྱུ་མ་ཡིན་ནོ། །གཉེན་པོ་མེད་པ་དེའི་ཕྱིར་རྗེས་སུ་དཔག་པའི་ཡུལ་ལ་གཉེན་པོ་མེད་པར་སྟོན་པ་ཡིན་ནོ། །འགལ་བ་མི་འཁྲུལ་པ་ཅན་མི་སྲིད་པར་ཅི་ལྟར་འགྱུར་ཞེ་ན། གླ་ཏེ་མཐོང་བ་དང་མ་མཐོང་བ་དག་གིས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མ་ཡིན་གྱི། འོན་ཀྱང་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་ཡིན་ནོ། །འགལ་བ་མི་འཁྲུལ་པ་ཅན་མི་སྲིད་པས་ན། སློབ་དཔོན་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་ནི། དེའི་བདག་ཉིད་དང་དེ་ལས་བྱུང་བའི་རྒྱུ་མཚན་ཅན་ཡིན་པར་བཞེད་པ་ཡིན་ནོ་ཞེས་བྱ་བ་ཡང་དོན་གྱིས་བརྗོད་པར་འགྱུར་རོ། །དེ་ལྟར་གང་ལ་ཐུན་མོང་མ་ཡིན་པའི་རྗེས་སུ་དཔག་པ་མེད་ལ་


DTG187_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་གཞུང་འདིའི་དོན་བཤད་ནས། གཞན་དུ་བཤད་པར་བྱ་བའི་ཕྱིར་ཡང་ན་ཞེས་སྨོས་སོ། །གང་དུ་ཕ་རོལ་གྱིས་འགལ་བའི་དོན་དམ་བཅས་བ་ན་གཏན་ཚིགས་ཐམས་ཅད་ཐུན་མོང་མ་ཡིན་པའི་ཕྱིར་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཟློག་པར་བྱེད་པ་ཅིག་ཤོས་ལ་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་རྗེས་སུ་དཔག་པ་མེད་པ་ན། ཚད་མ་མེད་པར་དེ་ཅི་ལྟར་ཟློག་པར་བྱེད་ཅེ་ན། བཤད་པ། སྒྲ་ལས་བྱུང་བའི་གྲགས་པས་བསལ་བ་ཡིན་གྱི་རྗེས་སུ་དཔག་བས་ནི་མ་ཡིན་ནོ། །དེ་ལྟར་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ་ཞེས་བྱ་བའི་གཞུང་འདིས། འཇིག་རྟེན་གྱི་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་དུ་བརྗོད་པ་ལ་རྗེས་སུ་དཔག་པ་མེད་པར་བཤད་པ་ཡིན་ནོ། །འདོད་པའི་སྒྲས་བརྗོད་པར་བྱ་བ་ལ་རྗེས་སུ་དཔག་པ་མེད་པས་ཅིར་འགྱུར་ཞེ་ན། རྗེས་སུ་དཔག་པ་མེད་པར་བརྗོད་པ་འདིས་ནི་རྗེས་སུ་དཔག་པས་རྟོགས་པར་བྱ་བའི་དོན་གཞན་ཡིན་ལ། གྲགས་པས་རྟོགས་པར་བྱ་བའི་ཡུལ་ཡང་གཞན་ཡིན་ནོ། །དེ་སྐད་བརྗོད་པས་ཀྱང་ཅི་ཞིག་བྱ་ཞེ་ན། བཤད་པ། དེ་སྐད་བརྗོད་པ་དེས་ན་དངོས་པོ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་རྗེས་སུ་དཔག་པ་གང་ཡིན་པ་དེ་ལས་གྲགས་པ་ཡུལ་ཐ་དད་པ་ཅན་ཉིད་ཡིན་པའི་ཕྱིར་དངོས་པོའི་དབང་གིས་འཇུག་པ་མ་ཡིན་ནོ་ཞེས་ཤུགས་ཀྱིས་བརྗོད་པ་ཡིན་ནོ། །རྗེས་སུ་དཔག་པ་ནི་དངོས་པོ་ལ་འཇུག་པའི་ཕྱིར་དང༌། གྲགས་པའི་རྟགས་ནི་སྒྲོ་བཏགས་ཀྱི་རང་བཞིན་གྱི་དོན་ལ་འཇུག་པའི་ཕྱིར་དངོས་པོ་ལ་མི་ལྟོས་པ་ཡིན་ནོ། །ཅི་ལྟར་ན་རྗེས་སུ་དཔག་པ་མེད་ཅེ་ན། རི་བོང་ཅན་ཟླ་བར་མི་འདོད་པ་དེས་ཞེས་སྨོས་སོ། །གང་གི་ཕྱིར་རི་བོད་ཅན་ཟླ་བ་སྟེ་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་དུ་ཤིན་ཏུ་གྲགས་པ་ཡང་བསྙོན་པ་ནི་གྲགས་པ་འགའ་ལ་ཡང་མི་བསྙོན་པ་མ་ཡིན་ནོ། །འདི་ལྟར་རི་བོང་ཅན་ཟླ་བའི་སྒྲས་བརྗོད་པར་བྱ་བ་དངོས་པོ་མ་ཡིན་པ་སྤོང་བ་ནི་ཁྱད་པར་མེད་པའི་ཕྱིར་དངོས་པོ་པ་སྒྲས་བརྗོད་པར་བྱ་བ་གཞན་གྱི་གྲགས་པ་ཐམས་ཅད་སྤོང་བ་ཡིན་ནོ། །དེས་ན་དངོས་པོ་པའི་གྲགས་པ་ཐམས་ཅད་སྤོང་བ་ལ་དངོས་པོ་པའི་ཟླ་བའི་སྒྲས་བརྗོད་པར་བྱ་བ་དང་ལྡན་པའི་ཆོས་གང་དུ་ཡང་སྒྲུབ་པ་མེད་དོ། །


DTG187_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་དངོས་པོ་པའི་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་ལ་རྗེས་སུ་དཔག་པ་དཔེ་མེད་པ་ཡིན་ནོ། །དེས་ན་རྟགས་ཐུན་མོང་མ་ཡིན་པར་བཤད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གྲགས་པས་གྲུབ་བཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་འགའ་ཞིག་ལ་བསྙེན་པ་དེ་ལ་ཡང་ཟླ་བ་གཉིས་པ་མེད་པའི་ཕྱིར་རྟགས་ཐུན་མོང་མ་ཡིན་པ་ཉིད་མ་ཡིན་ནམ། དེ་ཅི་ལྟར་ན་གྲགས་པ་ཐམས་ཅད་དངོས་བོ་བ་ཡིན་པ་སྤོང་བ་ལ་རྟགས་ཐམས་ཅད་ཐུན་མོང་མ་ཡིན་བ་ཡིན་ནོ་ཞེས་བརྗོད་ཅེ་ན་གང་གི་ཕྱིར་ཞེས་སྨོས་ཏེ། གལ་ཏེ་རི་བོང་ཅན་ཟླ་བ་མ་ཡིན་ནོ་ཞེས་བྱ་བའི་དཔེར་བརྗོད་པ་གཅིག་པོ་འདི་ལ་ལྟོས་ན། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་པ་ཞེས་བྱ་བ་འདི་བརྗོད་པ་ཡིན་ན་ནི། གྲགས་བས་གྲུབ་པ་ལ་ཡང་ཟླ་བའི་སྒྲས་བརྗོད་པར་བྱ་བ་གྲུབ་པར་བྱེད་པའི་གཏན་ཚིགས་ཐུན་མོང་མ་ཡིན་པར་འགྱུར་བ་ཞིག་ན། གང་གི་ཕྱིར་ངག་འདིའི་ཡུལ་དཔེར་བརྗོད་པ་འདི་གཅིག་པུ་ནི་མ་ཡིན་ཏེ། འདི་ནི་མཚན་ཉིད་ཀྱི་ཚིག་ཡིན་པའི་ཕྱིར་རོ། །ཇི་སྙེད་སྒྲའི་བརྗོད་པར་བྱ་བ་སྤོང་པ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ཐམས་ཅད་ལ་གཏན་ཚིགས་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་པར་བསྟན་པར་བྱ་བ་ཡིན་ནོ། །ཤིང་ཤ་པ་ཤིང་མ་ཡིན་ནོ་ཞེས་དམ་བཅའ་བ་ལ་གནོད་པར་བྱེད་པའི་རྗེས་སུ་དཔག་པ་ཐུན་མོང་མ་ཡིན་པ་མ་ཡིན་ཏེ། ཤིང་ཤ་པ་ལས་གཞན་སེང་ལྡེང་ལ་སོགས་པ་ལ་ཤིང་གི་སྒྲས་བརྗོད་པར་བྱ་བ་ཉིད་ཡོད་པའི་ཕྱིར་རོ། །དཔེར་ན་བརྗོད་པ་གཞན་ལ་གཏན་ཚིགས་ཐུན་མོང་མ་ཡིན་པར་མི་འགྱུར་བ་འབའ་ཞིག་ཏུ་ནི་མ་ཟད་ཀྱི། སྐབས་སུ་བབ་པ་ཟླ་བའི་སྒྲས་བརྗོད་པར་བྱ་བ་འདིར་རྗེས་སུ་དཔག་པ་ཐུན་མོང་མ་ཡིན་པ་ཉིད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་དྲིའི་བསྟན་བཅོས་ནས་ག་པུར་དང་ཁམས་བརྗོད་པ་ནས་དངུལ་དང༌། གཞན་ནས་གཞན་དག་ལ་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་མཐོང་བའི་ཕྱིར་རོ། །རི་བོང་ཅན་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཡིན་དུ་ཚུག་ཀྱང༌། བརྡ་ལས་འཇུག་པ་སྒྲ་དོན་གྱི་འབྲེལ་པ་བརྡ་ལས་བྱུང་བ་ཁས་ལེན་པའི་རྟོགས་པ་བོ་དེ་ལ་ནི་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ཀྱི་གོ་བར་བྱེད་པའི་ཐུན་མོང་མ་ཡིན་པ་ཉིད་


DTG187_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དོ། བརྡ་ལས་འཇུག་པ་ལ་ནི་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་དམ་གཞན་ཡང་རུང་སྟེ། བརྡ་ལ་རག་ལས་པ་ནི་རྣམ་པར་རྟོག་པ་ལ་གནས་པའི་རང་བཞིན་ལ་ཁྱད་པར་མེད་བ་ཡིན་ནོ། །དེས་ན་གཏན་ཚིགས་ཐུན་མོང་བར་ཤེས་པར་ནུས་བ་ཡིན་ཏེ། གང་ཞིག་རྣམ་པར་རྟོག་པ་ལ་གནས་པ་དེ་ནི་འདོད་པའི་སྒྲས་བརྗོད་པར་ནུས་པ་ཡིན་ཏེ། དཔེར་ན་བུམ་པ་བུམ་པའི་སྒྲས་བརྗོད་པར་ནུས་པ་བཞིན་ནོ། །རི་བོང་ཅན་ཡང་རྣམ་པར་རྟོགས་པ་ལ་གནས་པ་ཡིན་ནོ། །ཁྱབ་བའི་སྔོན་རོལ་དུ་བསྟན་ཟིན་པ་ཡིན་པས་ན། རྣམ་པར་རྟོགས་པ་ལ་གནས་བ་ཉིད་ནི་བརྡ་ལ་འཇུག་པ་ལ་ཐུན་མོང་མ་ཡིན་ནོ། །བརྡ་ལ་འཇུག་པ་ཡང་སྒྲ་འགའ་ཞིག་གིས་འགའ་ཞིག་བརྗོད་པར་བྱ་བར་འདོད་ཀྱི། ཐམས་ཅད་ཐམས་ཅད་ཀྱིས་ནི་མ་ཡིན་པ་མ་ཡིན་ནམ། དེས་ན་ཅི་ལྟར་འཚེད་པ་པོའི་སྒྲས་བརྗོད་བར་མི་འདོད་པ་དེ་བཞིན་དུ་ཟླ་བའི་སྒྲས་ཀྱང་ཡིན་པས། དེ་ཅི་ལྟར་ཐུན་མོང་མ་ཡིན་པ་ཉིད་མེད་ཅེ་ན། བཤད་པ། གལ་ཏེ་རྟོགས་པ་པོ་དེ་ལ་འཚེད་པ་པོའི་སྒྲས་བརྗོད་པར་བྱ་བ་ཉིད་དེ། འགའ་ཞིག་ཁོ་ན་ལ་གྲུབ་ཀྱི་ཐམས་ཅད་དུ་མ་ཡིན་ན། འགའ་ཞིག་ཏུ་གྲུབ་པ་དེ་དངོས་པོའི་དབང་གིས་ཡིན་ཏེ། བརྡའི་དབང་གིས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གྲགས་པས་གྲུབ་པ་ཡིན་ན་ནི་ཁྱད་པར་མེད་པའི་ཕྱིར། རི་བོང་ཅན་ལ་ཡང་སྒྲའི་བརྗོད་པར་བྱ་བ་ཉིད་དེ་བཟློག་པར་མི་ནུས་པའི་ཕྱིར་རོ། །འོན་ཏེ་དངོས་པོ་ལ་ལྟོས་པའི་བརྗོད་པར་བྱ་བ་ཉིད་གང་ཡིན་པ་དེའི་རི་བོང་ཅན་ལ་བཟློག་པར་བྱ་བ་ཉིད་དོ་ཞེ་ན། རི་བོང་ཅན་ལ་ཡང་དེ་བཟློག་ཏུ་མེད་པ་ཉིད་དོ། །ཅི་ལྟར་ཞེན། དངོས་པོ་ལ་རྒྱུ་མཚན་ཡོད་ན་གྲུབ་པར་འགྱུར་རོ། །རྒྱུ་མཚན་ཡོད་ན་གྲུབ་པ་དེའི་ཕྱིར་བཟློག་ཏུ་མེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་གསལ་བར་བྱེད་པའི་ཕྱིར་རི་བོད་ཅན་གསལ་བྱེད་ཀྱི་སྒྲས་བརྗོད་པར་བྱ་བ་ཡིན་པ་བཞིན་ནོ། །རྒྱུ་མཚན་གྱི་དངོས་པོ་དེ་མེད་ན་ནི་དངོས་པོ་ལ་ལྟོས་པ་ཅན་བཟློག་ཀྱང་སྐྱོན་མེད་དེ་དཔེར་ན་འཚེད་པར་བྱེད་པའི་སྒྲས་བརྗོད་པར་བྱ་བ་བཞིན་ནོ་ཞེས་དེ་ལྟར་ན་རྒྱུ་མཚན་དང་ལྡན་པའི་བརྗོད་པར་བྱ་བ་ཉིད་ནི་འགའ་ཞིག་ཏུ་གྲུབ་ཀྱང་གཞན་ལ་དགག་པར་ནུས་པ་ཡིན་གྱི། བརྡ་ལས་བྱུང་བ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་


DTG187_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་གང་གི་ཕྱིར་རྒྱུ་མཚན་ཅན་གྱིས་བརྗོད་པར་བྱ་བ་ཉིད་ཡུལ་ངེས་བ་ཡིན་གྱི། བརྡ་ལས་བྱུང་བས་བརྗོད་པར་བྱ་བ་མ་ཡིན་པ་དེའི་ཕྱིར་དངོས་པོ་ལ་མི་ལྟོས་པའི་ཕྱིར་དངོས་པོ་ལ་ངེས་པ་མ་ཡིན་པའི་བརྡ་གང་དག་ལ་ཡོད་པའི་སྒྲ་དེ་དག་ལས་བྱུང་བའི་ཆོས་བརྗོད་པར་བྱ་བའི་མཚན་ཉིད་གང་ཡིན་པ་དེ་དག་གིས་ཆོས་ཅན་ཉིད་དུ་རུང་བ་ཡིན་ཏེ། འདོད་པ་ལ་གེགས་བྱེད་པ་ཟློག་པར་བྱེད་པ་མེད་པའི་ཕྱིར་རོ། །རུང་བ་ཉིད་འདོད་པ་ལ་ལྟོས་པའི་ཕྱིར་ནི་ཐམས་ཅད་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་ཡིན་ལ། རྒྱུ་མཚན་ལས་ནི་འགའ་ཞིག་འགའ་ཞིག་གིས་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་བརྡའི་རྗེས་སུ་འབྲང་བ་ལ་གོ་བར་བྱེད་པ་ཐུན་མོང་མ་ཡིན་པ་འགའ་ཡང་མེད་དོ་ཞེས་བཤད་པར་འགྱུར་རོ། །དེའི་ཕྱིར་དཔེར་རྗོད་པ་གཞན་དང༌། སྐབས་ཀྱིས་དཔེར་བརྗོད་པ་བརྡའི་རྗེས་སུ་འབྲང་བ་ལ་ཐུན་མོང་མ་ཡིན་པར་མི་འཐད་པའི་ཕྱིར། དངོས་པོ་པའི་གྲགས་པ་མཐའ་དག་སྤོང་བ་ལ་རྗེས་སུ་དཔག་པ་ཐུན་མོང་མ་ཡིན་པ་ཡིན་ནོ། །གལ་ཏེ་བརྟགས་པའི་རང་བཞིན་གྱིས་བརྗོད་པར་བྱ་བ་འགོག་པ་ལ། སྒྲ་ལས་བྱུང་བའི་གྲགས་པའི་ཆོས་གནོད་པར་བྱེད་པ་ཡིན་ན། དངོས་པོའི་རང་བཞིན་གྱིས་བརྗོད་པར་བྱ་བ་བསྒྲུབ་པའི་རྗེས་སུ་དཔག་པ་མེད་པར་བཤད་པ་འདིས་ཅི་བྱ་ཞེ་ན། འདིས་ནི་ཞེས་སྨོས་ཏེ། གང་གི་ཚེ་རྗེས་སུ་དཔག་པ་མེད་པའི་ཕྱིར་འདོད་པའི་བརྗོད་བྱ་ཉིད་དངོས་པོ་མ་ཡིན་པ་དེའི་ཚེ་སྒྲ་རྣམས་ནི་བརྡའི་རྗེས་སུ་བྱེད་པ་ཡིན་ནོ། །དེས་ན་བརྡ་འདོད་པ་ལ་རག་ལས་པ་ཡིན་པའི་ཕྱིར་ན་དོན་ལ་ངེས་པ་མེད་དོ་ཞེས་བརྗོད་པ་ཡིན་ནོ། །དངོས་པོ་ལ་བརྗོད་བྱ་མེད་པའི་ཕྱིར་ཡང་བརྡ་དང་ལྡན་པའི་དོན་གྱི་ཡུལ་ལ་ལྟོས་ཏེ་སྒྲ་རྣམས་ཀྱི་རྗོད་པར་བྱེད་པ་ཉིད་གང་ཡིན་པ་དེ་འགོག་པའི་རྒྱུ་མཚན་གྱིས་འགལ་བ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །གང་དག་བརྡ་དང་ལྡན་པ་ཉིད་ཀྱི་སྒྲའི་བརྗོད་བྱ་ཐམས་ཅད་སྤོང་བ་དེ་ལ་རྗེས་སུ་དཔག་པ་ཐུན་མོང་མ་ཡིན་པར་བརྗོད་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ལ་འདི་སྐད་དྲི་བར་བྱ་སྟེ། ཡུལ་གཞན་ནས་འོངས་པ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་པར་བྱ་བ་མ་རྟོགས་པའི་


DTG187_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྤོང་བར་འདོད་པ་གང་ཡིན་པ་དེ་ལ་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བར་འགྱུར་ན། ཐ་སྙད་ཤེས་པ་གོ་ཐ་སྙད་དུ་གྱུར་པའི་གྲགས་པ་ཐམས་ཅད་ཅི་ལྟར་སྤོང༌། གང་ཞིག་བརྡ་མ་གྲུབ་པ་ལ་སྒྲ་ལས་བྱུང་བའི་གྲགས་པས་གནོད་པར་ཡང་ཅི་ལྟར་འགྱུར། དེའི་ཕྱིར་འདི་ནི་གྱི་ནའོ། །འདི་ལ་གཞན་གྱིས་གཞུང་གཞན་དག་ཀྱང་ཤིན་ཏུ་འགྲིག་པར་མ་བཤད་པར་འགྱུར་རོ། །དེའི་ཕྱིར་མཁས་བ་རྣམས་ཚད་མ་ཡིན་ནོ། །བཤད་ཟིན་པའི་དོན་ཉིད་བསྡུ་བའི་ཕྱིར་བཤད་པ། དེས་ན་ཞེས་བྱ་བ་ནི་གང་གི་ཕྱིར་བརྡ་དང་ལྡན་པའི་དོན་ངེས་པར་འགལ་བ་དེས་ན་ཞེས་བྱ་བའི་ཐ་ཚིག་གོ །གང་ལ་རྒྱུ་མཚན་ཏེ་དགོས་པ་ཡོད་པ་དེ་ནི་རྒྱུ་མཚན་གྱི་སྒྲའོ། །དེའི་བརྗོད་པར་བྱ་བའི་དོན་ནམ་ཡང་ན་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བའི་དོན་དམ་པ་ཉིད་འགོག་པ་ལ་གནོད་པ་མེད་པ་སྟེ་གྲགས་པས་སེལ་བར་མི་ནུས་པར་བརྗོད་པ་ཡིན་ནོ། །གང་གི་ཕྱིར་བརྡ་ལས་བྱུང་བའི་གྲགས་པས་གནོད་པ་ཡིན་པ་དེའི་ཕྱིར། ཡུལ་གྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར་གྲགས་པ་རྗེས་སུ་དཔག་པ་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་ཡང་ཐ་དད་དུ་བྱས་པ་ཡིན་ནོ། །གྲགས་པའི་ཡུལ་ནི་བརྡ་ལས་བྱུང་བའི་དོན་ཡིན་ལ། རྗེས་སུ་དཔག་པའི་ཡུལ་ནི་དངོས་པོ་ཡིན་ནོ་ཞེས་བྱ་བ་འདི་ནི་ཡུལ་གྱི་དབྱེ་བའོ། །ཅི་ལྟར་ཕྱི་རོལ་དུ་གྱུར་པ་མ་ཡིན་ཞེ་ན། སྔ་མ་བཞིན་ཞེས་བྱ་བ་སྨོས་ཏེ་ཅི་ལྟར་སྔར་ཡིད་ཆེས་པའི་ཚིག་གནོད་པར་བྱེད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རྗེས་སུ་དཔག་པ་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་པ་དེ་བཞིན་དུ། གྲགས་པ་གནོད་པར་བྱེད་པར་ཡང་འདོད་ལ། མངོན་སུམ་ཡང་མ་ཡིན་པ་དེའི་ཕྱིར་རྗེས་སུ་དཔག་པ་ཉིད་ཡིན་ཏེ། ཚད་མ་མ་ཡིན་པ་གནོད་པར་བྱེད་བར་མི་འཐད་པའི་ཕྱིར་རོ། །དེ་ལྟར་འགྲོ་ལ་གྲགས་པ་རང་བཞིན་རྟགས་ཞེས་བྱ་བ་དེ་བཤད་ནས། མངོན་སུམ་གྱི་གནོད་པ་སྨྲས་པ། མངོན་སུམ་དང་འགལ་བར་རབ་ཏུ་གྲགས་པའི་ཡུལ་ཡང་སྒྲ་གང་ལ་རང་བཞིན་སྣ་ཚོགས་ཏེ། རྣམ་པར་རྟོག་པའི་ཤེས་པས་བྱས་པ་ལྡོག་པ་ལ་ལྟོས་པའི་ཆོས་དུ་མ་ཡོད་པའི་སྒྲ་དེའི་རང་བཞིན་དེ་དག་ལས། རང་བཞིན་གང་ཞིག་ཉན་པའི་ཤེས་པ་ལ་གཉིས་སུ་མེད་པར་


DTG187_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གཉིས་ཀྱིས་སྟོང་པའོ། །གང་གིས་གཅིག་ནི་སྤྱི་ཡིན་ལ་གཞན་ནི་བསལ་བ་ཡིན་པར་བརྟགས་ནས་སྤྱིའི་རང་བཞིན་བཀག་ན་ཡང་མངོན་སུམ་གྱིས་གནོད་བར་དོགས་པ། དེ་ལ་རང་བཞིན་གཉིས་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། གསལ་བ་དེ་ལ་འབྲེལ་བ་ཅན་གཞན་དེ་ཉིད་མེད་པས་སོ། །ཅིའི་ཕྱིར་ཞེ་ན། འདྲེས་པ་སྟེ་འདྲེན་མར་སྣང་བ་གང་ལ་ཡོད་པའི་བློ་དེ་མཐོང་བ་མེད་པའི་ཕྱིར་རོ། །བལྟར་རུང་བའི་ཡོད་པ་ཉིད་ནི་དེར་སྣང་བའི་ཤེས་པ་ལས་ཡིན་ལ། དུ་མ་ཉིད་ཀྱང་སྣང་བ་དུ་མ་ལས་ཡིན་ནོ། །དེའི་ཕྱིར་ན་འདི་བལྟ་བར་རུང་བ་མི་དམིགས་པ་ལས་གཞན་ཡོད་པ་ཉིད་དམ་དུ་མ་ཉིད་ཡིན་པ་གསལ་བར་རིག་པར་བྱའོ། །གང་ཡང་གཉིས་སུ་མེད་པ་དེ་ཉིད་སྤོང་བའི་རྒྱུ་མཚན་གྱིས་འགལ་བ་ཡིན་གྱི། གཞན་བཀག་པའི་རྒྱུ་མཚན་གྱིས་འགལ་བ་ཡིན་ནོ། །དཔེར་ན་ཞེས་བྱ་བ་ནི་དཔེར་བརྗོད་དོ། །མཉན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ། མཉན་པར་བྱ་བའི་སྒྲས་ནི་ཉན་པས་གཟུང་བའི་རང་བཞིན་དུ་རྣམ་པར་གནས་པ་གཉིས་མེད་པ་སྤོང་བ་ཡིན་ནོ། །དེའི་ཕྱིར་ཡང་ཞེས་བྱ་བ་ནི་འབྲེལ་བ་ཅན་ཐམས་ཅད་དང་བྲལ་བའི་རང་བཞིན་ཉན་པས་གཟུང་བ་ཉིད་སྤོང་བ་ལ་མངོན་སུམ་གྱིས་གནོད་པ་ཡིན་ནོ་ཞེས་བྱ་བ་འདིའི་དོན་དུ་འདིར་མཚན་ཉིད་ཀྱི་མདོར་མངོན་སུམ་དོན་དང་ཞེས་དོན་གྱི་སྒྲ་སྨོས་སོ། །ཡང་ཅི་ལྟར་ན་རང་བཞིན་དེ་ཉིད་ལ་དོན་གྱི་སྒྲས་བརྗོད་ཅེ་ན། བཤད་པ། དབང་པོའི་ཤེས་པས་གཟུང་བར་བྱ་བ་གཉིས་སུ་མེད་པའི་རང་བཞིན་གང་ཡིན་པ་དེ་ཉིད་སྒྲ་དེ་ལས་དོན་ཏེ་དོན་དམ་པ་ཡིན་ལ། རང་བཞིན་ལྷག་མ་ནི་ལྡོག་བའི་རྒྱུ་མཚན་ཅན་རྟོགས་པའི་ཤེས་པས་བཀོད་པ་སྤྱི་ཡིན་ནོ། །གང་གི་ཕྱིར་དེ་ནི་དངོས་པོ་མེད་པ་དེའི་ཕྱིར་ན་དབང་པོས་གཟུང་བ་མ་ཡིན་ནོ། །སྤྱིའི་རང་བཞིན་རྣམས་དབང་པོའི་གཟུང་བ་མ་ཡིན་བ་དེས་ན་དེ་དག་མངོན་སུམ་མ་ཡིན་བར་གྲུབ་བའི་རྒྱུའི་ཕྱིར་སྤང་བར་བྱས་ན་ཡང་གནོད་པ་མེད་དོ་ཞེས་བྱ་བའི་དངོས་པོ་འདི་སློབ་དཔོན་གྱིས་མཉན་བྱའི་སྒྲས་བསྟན་པ་ཡིན་ནོ། །འདི་ལྟར་སྒྲ་མེད་དོ་ཞེས་དེ་སྐད་སྨྲས་པ་ལ་ཡང་མངོན་སུམ་དང་འགལ་བ་ནི་ཡོད་མོད་ཀྱི། འོན་ཀྱང་སྒྲའི་ཡུལ་


DTG187_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པ་ལ་ནི་ལམ་དུ་མ་ཡོད་དེ། སྐད་ཅིག་མ་ཉིད་དམ་ཁྱབ་པ་ཉིད་དམ་རྟག་བ་ཉིད་དུ་སྒྲ་ཡོད་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་མཉན་བྱའི་སྒྲ་མེད་ན་ཐམས་ཅད་འགོག་པ་ལ་མངོན་སུམ་གྱིས་གནོད་བར་དོགས་པར་འགྱུར་རོ། །མཉན་བྱའི་སྒྲས་ནི་ཉན་པའི་གཟུང་བ་གང་ཡིན་པའི་རང་བཞིན་དེ་ཉིད་འགོག་པ་མངོན་སུམ་གྱིས་གནོད་ཀྱི་སྤྱིའི་ཆོས་འགོག་པ་ལ་ནི་མ་ཡིན་ནོ་ཞེས་བསྟན་བར་འགྱུར་རོ། །གལ་ཏེ་མཉན་བྱའི་སྒྲ་ཡང་སྤྱི་བརྗོད་པ་མ་ཡིན་ནམ། དེ་ཅི་ལྟར་འདིས་དབང་པོའི་སྤྱོད་ཡུལ་བརྗོད་བར་འགྱུར་ཞེ་ན། བཤད་པ། རྣམ་ཀུན་ཏེ་རྣམ་པ་ཐམས་ཅད་ཀྱི་སྒྲའི་ཐུན་མོང་མ་ཡིན་པའི་རང་བཞིན་དེ་བརྗོད་བར་བྱ་བའི་དངོས་པོ་མ་ཡིན་པ་དེའི་ཕྱིར་མཉན་བྱའི་སྒྲས་བརྗོད་དོ། །སྒྲའི་སྒྲ་འབའ་ཞིག་ནི་ཐམས་ཅད་ལ་དོགས་པར་འགྱུར་རོ། །མཉན་བྱའི་སྒྲ་ལྷག་པས་ནི་ཤུགས་ཀྱིས་ཁྱད་པར་རྟོགས་པར་འགྱུར་བ་ཡིན་གྱི། དེ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟར་ན་སྒྲ་རང་གི་མཚན་ཉིད་ཅེས་བྱ་བ་ལ་སོགས་པའི་ཁྱད་པར་གྱིས་ཅི་སྟེ་མ་བརྗོད་ཅེས་དོགས་པ་ལ། མཉན་བྱའི་སྒྲའི་དོགས་པ་བཤད་པ། སྒྲ་རང་གི་མཚན་ཉིད་གང་ཡིན་པ་དེ་གྲུབ་པ་ནི་ཉན་པའི་ཤེས་པ་དེ་ལ་བརྟན་ནས་ཡིན་ཏེ། གྲུབ་པའི་རྒྱུ་དེས་ན་དེའི་ཞེས་བྱ་བ་ཉན་པའི་ཚད་མའི་སྟོབས་ཀྱིས་གནོད་པའི་རྒྱུའི་ཕྱིར་མཉན་བྱའི་སྒྲས་དབང་པོའི་ཡུལ་བཤད་དོ། །རབ་ཏུ་གྲུབ་པའི་དོན་གནོད་པར་བྱེད་པ་ཡིན་ལ་སྒྲ་ཡང་ཉན་པ་ལ་གྲུབ་པ་ཡིན་ཏེ། དེའི་ཕྱིར་སྒྲ་གྲུབ་པའི་རྒྱུ་རབ་ཏུ་བསྟན་པའི་སྒོ་ནས་གནོད་པར་བྱེད་པའི་ཚད་མ་སྟོན་པས་མཉན་བྱའི་སྒྲ་སྨོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་དེ་ལ་བརྟེན་ནས་གྲུབ་པས་ན། དེའི་སྟོབས་ཀྱིས་གནོད་པའི་ཕྱིར་ཞེས་བྱ་བ་འདི་ནི་གཏན་ཚིགས་གཉིས་ཡིན་ཏེ་གང་གི་ཕྱིར་དོན་འདི་ཉན་པའི་སྟོབས་ཀྱིས་གྲུབ་པ་ཡིན་པའི་ཕྱིར་དང༌། གང་གི་ཕྱིར་ཉན་པའི་སྟོབས་ཀྱིས་འགལ་བ་ལ་གནོད་པ་ཡང་ཡིན་པ་དེའི་ཕྱིར་མཉན་བྱའི་སྒྲས་བརྗོད་བ་ཡིན་ནོ་ཞེས་ཟེར་རོ། །དམ་བཅས་པའི་དོན་རྗེས་སུ་དཔག་པ་དང་འགལ་བ་ལ་ཡང་དཔེར་བརྗོད་པ་ནི་བུམ་པ་རྟག་པའོ་ཞེས་བྱ་བའོ། །ཡང་ཅི་ལྟར་


DTG187_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པའི་བུམ་པ་མཐོང་བ་ཡང་རྟག་པར་རློམ་ཞེ་ན། བརྡེགས་པ་བཟོད་པར་མཐོང་བ་དག་ལའོ། །གལ་ཏེ་འདི་ལྡོག་པའི་ཆོས་ཅན་ཡིན་ན་བརྡེགས་ན་ལྡོག་པར་འགྱུར་བ་ཞིག་ན་ལྡོག་པར་ཡང་མ་ཡིན་ཏེ། དེས་ན་བུམ་པ་གནས་པ་ཡིན་ཞེས་འཁྲུལ་པས་བུམ་པ་རྟག་པའོ་ཞེས་བྱ་བ་དེ་ལྟར་འགྱུར་རོ། །རྟག་པ་དེ་ཡང་ཅི་ལྟར་སྔར་མཐོང་བའི་བུམ་པ་ཕྱིས་ཞིག་པ་ན་མེད་པ་དེ་བཞིན་དུ། སྐྱེ་བ་དང་ལྡན་པ་དང་སྩོགས་པ་སྨོས་པས་བྱས་པ་དང་ཡོད་པའི་ཕྱིར་ཐམས་ཅད་མེད་བར་འགྱུར་རོ། །དཔེ་ཡང་དགག་པའི་ཕྱིར། གྲངས་ཅན་གྱིས་སྨྲས་པ། གལ་ཏེ་མི་རྟག་པའི་བུམ་པ་ནི་འགའ་ཡང་མེད་དེ། ཞིག་པ་དང་མ་ཞིག་པའི་བུམ་པ་གང་ཡིན་པ་དེ་ཐམས་ཅད་ནི་རྟག་པ་ཡིན་ནོ། །མི་རྟག་པ་ཉིད་ནི་རྗེས་སུ་འགྲོ་བ་མེད་པར་ལྡོག་པ་ཡིན་ན། རྗེས་སུ་འགྲོ་བ་མེད་པར་ལྡོག་པ་ནི་འགའ་ཡང་མེད་དོ། །དེས་ན་མི་རྟག་པ་ཞེས་བྱ་བ་ནི་འགའ་ཡང་མེད་དོ། །འོ་ན་བུམ་པ་འགགས་པ་ལ་ཇི་ལྟར་ཞེ་ན་དེར་ཡང་དམིགས་པར་བྱ་བའི་བསྐལ་པ་སྟེ་ཆོད་པ་ཡིན་པ་དེའི་ཕྱིར་ཡིན་གྱི། མི་རྟག་པ་ནི་མ་ཡིན་ནོ། །བལྟར་རུང་བའི་གནས་སྐབས་བཏང་ནས། བལྟར་མི་རུང་པའི་གནས་སྐབས་ལེན་པ་ཡིན་གྱི། ཞིག་བའི་བུམ་པ་གཏན་ནས་ལོག་པ་ནི་མ་ཡིན་ནོ་ཞེ་ན། དེའི་གནས་སྐབས་མ་ཡིན་པ་ནི་ཞེས་སྨོས་ཏེ། སྔར་གྱི་བལྟར་རུང་བ་དང་དོན་བྱ་བ་སྦྱོར་བར་རུང་བའི་གནས་སྐབས་གང་ལ་ཡོད་པ་དེ་ཉིད་ཀྱི་དངོས་པོ་ཡིན་ལ། དེ་མ་ཡིན་པ་ནི་དེའི་གནས་སྐབས་མ་ཡིན་པའོ། །གལ་ཏེ་དེའི་གནས་སྐབས་མ་ཡིན་པ་ནི་གནས་སྐབས་གཞན་ཡིན་གྱི། བུམ་པ་ནི་གནས་པ་ཉིད་དོ་ཞེ་ན། དེའི་གནས་སྐབས་ནི་དེ་ཉིད་ཡིན་ནོ། །བུམ་པའི་གནས་པ་ཅི་འདྲ་བ་དང་ལྡན་པའི་གནས་སྐབས་འབྲས་བུ་ལ་ཉེ་བར་སྦྱོར་བ་དེ་ཉིད་བུམ་པ་ཡིན་ཏེ། གནས་སྐབས་ཅན་མཐོང་བ་མེད་པ་དོན་བྱེད་པ་ལ་ཉེ་བར་སྦྱོར་བ་མེད་པ་གཞན་གྱིས་ཅི་ཞིག་བྱ། དེའི་གནས་སྐབས་དེ་ལོག་ལ་མ་ལོག་པ་ཞེས་བྱ་བ་གཞན་ཅི་ཞིག་ཡོད། དེས་ན་དེའི་གནས་སྐབས་མ་ཡིན་པ་ཉིད་མི་རྟག་པ་ཡིན་ནོ། །དེ་ནི་བུམ་པ་ཞིག་པ་ལ་ཡོད་པས་ན། ཞིག་པའི་ཕྱིར་རམ་བསྐལ་པའི་


DTG187_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེས་བྱ་བའི་ཡུ་བུ་ཅག་གི་འབྲས་བུ་དེའི་གནས་སྐབས་མ་ཡིན་པ་ལ་ཁྱད་པར་མེད་བ་དེས་ན་རྒྱུ་མཚན་ཡང་ཁྱད་པར་མེད་བར་འགྱུར་བ་དེའི་ཕྱིར་ཞིག་བ་དང་བསྐལ་པའི་སྒྲ་ལ་མངོན་པར་ཞེན་བ་མ་ཡིན་ནོ། །དེས་ན་དེ་ལྟར་དེའི་གནས་སྐབས་བུམ་པ་ཡིན་པས་ན་བསྐལ་པའི་སྒྲས་ཞིག་པ་ཉིད་བརྗོད་པ་ཡིན་ནོ། །དམིགས་པར་བྱ་བ་དབུས་ཀྱི་བུམ་པའི་རང་བཞིན་བུམ་པ་དེ་ཉིད་ཡང་སྔ་མ་དང་ཕྱི་མའི་གནས་སྐབས་ཀྱི་རང་བཞིན་གང་ལ་ཡོད་པ་དེའི་ངོ་བོར་མ་དམིགས་ཀྱང་སྔ་མ་དང་ཕྱི་མའི་གནས་སྐབས་ན་ཡོད་དོ་ཞེས་སྨྲ་བ་ནི་ཚིག་གི་དོན་རྣམས་ཀྱི་རྣམ་པར་གཞག་པ་ཐ་དད་པ་ལ་གནོད་དོ། །རང་བཞིན་གང་ཞིག་རང་བཞིན་གཞན་གང་ལ་མ་དམིགས་པ་དེ་དེ་ལ་མེད་པའི་ཕྱིར་རང་བཞིན་ཐ་དད་པ་ཡིན་ན། ཁྱོད་ཀྱིས་ནི་ཐམས་ཅད་ཉིད་ཀྱི་བདག་ཉིད་དུ་སྨྲས་པས་གང་ཞིག་གང་ན་མ་དམིགས་པ་དེ་ཡང་དེ་ལ་ཡོད་པ་ཡིན་ནོ། །དེས་ན་ཚིག་གི་དོན་རྣམ་པར་གཞག་པ་ལ་གནོད་པ་མ་ཡིན་ནོ། །འདི་སྙམ་དུ་ངེད་ཅག་ནི་ཐ་དད་པའི་རྣམ་པར་གཞག་པ་མི་འདོད་པ་ཉིད་དོ་སྙམ་ན། བཤད་པ། དེ་ལྟར་ཡིན་ན་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་དང་སེམས་པ་ཡོད་པ་དག་ཐ་དད་པར་རྣམ་པར་འཇོག་པ་ལ་གནོད་པ་ཡོད་དེ། ཕན་ཚུན་རང་བཞིན་ཐ་དད་པར་རྣམ་པར་གཞག་པར་མི་རུང་བའི་ཕྱིར་རོ། །ཅི་ལྟར་མི་རུང་ཞེ་ན། དེ་ལ་ཡང་ཞེས་སྨོས་ཏེ། སྙིང་སྟོབས་དང་རྡུལ་དང་མུན་པ་དང༌། སེམས་པ་ཡོད་པ་དེ་ལ་ཡང་མི་དམིགས་པ་ལས་མ་གཏོགས་པའི་ཐ་དད་པར་རྣམ་པར་གཞག་པའི་རྟེན་གཞན་ནི་བརྟག་པར་མི་ནུས་སོ། གྲངས་ཅན་ཡང་ཆུ་དོན་དུ་གཉེར་བ་མེ་ལ་རྗེས་སུ་རྒྱུག་པ་ནི་མ་ཡིན་པས་ན་འཇིག་རྟེན་པའི་ཐ་སྙད་པའི་ཐ་སྙད་འདོད་པ་ཡིན་ནོ། །དེའི་ཕྱིར་དམིགས་པའི་རང་བཞིན་གྱི་ཞོ་ལ་སོགས་པའི་འབྲས་བུ་འདི་ནི་འོ་མ་ལ་སོགས་པའི་རྒྱུ་དག་ལ་མ་དམིགས་པ་ནི་མེད་ལ། འོ་མ་ཡང་ཞོ་ལ་སོགས་པ་དེ་ལ་མེད་དོ་ཞེས་བྱ་བའི་མེད་པའི་ཐ་སྙད་འདི་ནི་རིགས་པ་ཡིན་ཏེ། ཚད་མས་རྟོགས་པ་ཡིན་ནོ། །གང་ཞིག་གང་གི་ངོ་བོར་མ་དམིགས་པ་དེ་ནི་དེའི་རང་བཞིན་མ་ཡིན་ཏེ། དཔེར་ན་བདེ་བ་སྡུག་བསྔལ་གྱི་ངོ་བོར་མ་དམིགས་པ་ན་དེའི་རང་བཞིན་མ་ཡིན་པ་བཞིན་


DTG187_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། དེ་བཞིན་དུ་འོ་མ་ཡང་ཞོའི་རང་བཞིན་དུ་མ་དམིགས་ཏེ་དེས་ན་དེའི་རང་བཞིན་མ་ཡིན་ནོ། །དེ་འདྲ་བ་བལྟར་རུང་བའི་ཡོད་བ་ཉིད་ནི་དམིགས་པས་ཁྱབ་པ་ཡིན་ཏེ། དམིགས་པའི་རྒྱུ་མཚན་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །དམིགས་བ་མེད་པའི་ཕྱིར་ནི་ཁྱད་པར་བྱ་བ་ཡང་ལྡོག་པ་ཡིན་ནོ། །ཅིག་ཤོས་ཀྱི་རང་བཞིན་དམིགས་པ་ནི་དེའི་རང་བཞིན་མ་དམིགས་པ་ཡིན་ནོ། །དེའི་ཕྱིར་དམིགས་པར་བྱ་བ་མ་དམིགས་པ་འདི་ལྟ་བུའི་རིགས་ཅན་གྱི་ཡུལ་ཐམས་ཅད་ལ་སྦྱར་བར་བལྟའོ། །དམིགས་བ་ཡོད་པ་ཉིད་དོ། །དེ་གང་ཞེ་ན། རྗེས་སུ་དཔག་སྟེ། མངོན་སུམ་གཅིག་པུ་ནི་དམིགས་པ་མ་ཡིན་ནོ། །དེ་གང་ཞེ་ན། མི་ནུས་བ་ལས་མི་འབྱུང་བའི་ཕྱིར་རོ། །འགའ་ཞིག་ལས་བྱུང་བའི་ཕྱིར་ན་འབྲས་བུ་ཡོད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །མེད་པ་སྐྱེ་ན་ནི་མེད་པར་ཁྱད་པར་མེད་པས་ཐམས་ཅད་ལས་སྐྱེ་བར་འགྱུར་ན། འགའ་ཞིག་ལས་སྐྱེ་བ་ཡང་ཡིན་ཏེ། དེའི་ཕྱིར་ནུས་པའི་རྒྱུ་ལས་འབྲས་བུ་ནུས་པའི་རང་བཞིན་དུ་ཡོད་པ་ཡིན་ནོ། །སྐྱེད་པར་བྱེད་པ་ཉིད་ནི་ངེས་པས་ཁྱབ་པོ། །འབྲས་བུ་མེད་ན་ནི་ཁྱབ་པར་བྱེད་པ་དང་འགལ་བ་ངེས་པ་མེད་པ་ཡིན་ནོ། །དེས་འབྲས་བུ་མེད་པ་ལ་ངེས་པའི་སྐྱེད་པར་བྱེད་པ་ལྡོག་པས་འབྲས་བུའི་བདག་ཉིད་ཁྱབ་པར་འགྱུར་བས་རང་བཞིན་གྱི་གཏན་ཚིགས་སོ་ཞེ་ན། དེ་འདྲ་བ་སྣང་བའི་དངོས་པོ་ཡོད་པ་ནི་རྗེས་སུ་དཔག་པའི་ཡུལ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ། གལ་ཏེ་ཡོད་པ་ཡིན་ན་ནི་བལྟར་རུང་བ་ཉིད་ཡིན་ཏེ། དཔེར་ན་དབུས་ཀྱི་གནས་སྐབས་ན་དེའི་རང་བཞིན་བལྟར་རུང་བ་ཡིན་པ་བཞིན་ནོ། །འོན་ཏེ་དེའི་བལྟར་རུང་བའི་མཚན་ཉིད་ཀྱི་རང་བཞིན་བཏང་བ་ཡིན་གྱི། དངོས་པོ་གཏན་ཞིག་པའི་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་དེའི་མཚན་ཉིད་བཏང་པ་ཉིད་འཇིག་པ་ཡིན་ལ། མཚན་ཉིད་གཞན་དང་ལྡན་པ་དང་དངོས་པོ་གཞན་ཡིན་ཏེ་ཕ་རོལ་ཉིད་ཡིན་ནོ། །ཐ་དད་པ་ནི་འགལ་བའི་ཆོས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །འདིར་རང་བཞིན་གཅིག་ཉིད་ཡོད་པ་དང་མེད་པའི་འགལ་བ་ཡོད་པ་ཡིན་ནོ། །འགལ་བའི་ཆོས་དང་ལྡན་པ་ཉིད་ཐ་དད་པ་ཡིན་ནོ་ཞེས་བཤད་ཟིན་ཏོ། །ངེས་པ་སྐྱེད་བྱེད་ཡིན་


DTG187_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཐོང་བའི་ཕྱིར་འབྲས་བུའི་བདག་ཉིད་ཡིན་ནོ་ཞེ་ན། བཤད་ཟིན་ཏོ་ཞེ་ན། བཤད་པ། འབྲས་བུ་རྒྱུ་དེ་ལས་སྐྱེས་བས་ནི་འབྲས་བུའི་རྒྱུ་དེ་འབྲས་བུ་དེ་སྐྱེད་པའི་རང་བཞིན་ཏེ། འདི་ཉིད་དེ་སྐྱེས་པར་ནུས་ཀྱི་གཞན་ནི་མ་ཡིན་ནོ་ཞེས་འགྲུབ་ཀྱི། དེའི་ངོ་བོར་ཏེ་འབྲས་བུའི་བདག་ཉིད་དུ་ནི་མ་ཡིན་ནོ། །གལ་ཏེ་འབྲས་བུ་རྒྱུ་ལ་མེད་པ་ལས་སྐྱེ་བ་ཡིན་ནོ། །འོ་ན་ཅིའི་ཕྱིར་འོ་མ་ལས་རི་བོང་གི་རྭ་ཡང་མི་སྐྱེ། དེ་བཞིན་དུ་སྐྱེ་བའི་ཆོས་ཅན་གྱི་མྱུ་གུ་ཅིའི་ཕྱིར་མི་སྐྱེ་སྟེ། འོ་མ་ལ་ནི་ཞོ་དང་རི་བོང་གི་རྭ་དང་མྱུ་གུ་ཡང་མེད་བ་ཡིན་ཏེ། དེས་ན་མེད་དོ་ཅོག་སྐྱེ་བར་འགྱུར་རོ། །ཁྱད་པར་ཅི་ཞིག་ཡོད་ཅེས་བྱ་བ་ནི་མེད་པར་ཁྱད་པར་མེད་པ་ལ་མྱུ་གུ་དང་རི་བོང་གི་རྭ་དག་ལས་ཞོ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའོ། །དངོས་པོ་ནི་དངོས་པོ་ལས་ཁྱད་པར་དུ་འགྱུར་གྱི། དངོས་པོ་མེད་པ་ནི་དངོས་པོ་མེད་པ་ལས་མ་ཡིན་ཏེ། ཁྱད་པར་ནི་ངོ་བོའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུའི་རང་བཞིན་ཐ་དད་པའི་ཕྱིར་རོ། །མེད་པའི་ཕྱིར་འབྲས་བུ་ཕན་ཚུན་ཐ་དད་པ་མ་ཡིན་དུ་ཟིན་ཀྱང་ཡོད་པའི་རྒྱུ་ཁྱད་པར་མེད་པར་ཅི་ལྟར་འགྱུར། མདོར་གཞག་བའི་ངག་འདི་ཉིད་རྣམ་པར་འགྲེལ་པ་ནི། འོ་མ་ཞེས་བྱ་བ་ཡིན་ཏེ། འབྲས་བུ་དེའི་བདག་ཉིད་མ་ཡིན་ཡང་གང་ཞིག་ཞོ་སྐྱེད་པར་བྱེད་ཀྱི་རི་བོང་གི་རྭ་ནི་མ་ཡིན་པའི་རང་བཞིན་དེ་ཉིད་དེ་ལ་ཡོད་པ་ཡིན་ནོ། །གལ་ཏེ་འབྲས་བུའི་བདག་ཉིད་ཀྱི་རང་བཞིན་ཁྱད་པར་དུ་འགྱུར་བ་མ་ཡིན་ན། འོ་ན་དེ་ག་ལས་ཡིན་ཞེ་ན། བཤད་པ། རང་གི་རྒྱུས་སྐྱེད་པ་སྟེ། བསྐྱེད་པ་གང་ཡིན་པའི་ཁྱད་པར་དེ་ཉིད་རང་གི་རྒྱུས་བསྐྱེད་པ་ཡིན་ནོ། །གང་ལ་དེ་འདྲ་བའི་རྒྱུ་མེད་པ་དེ་ནི་རང་བཞིན་དེ་འདྲ་བ་མ་ཡིན་ནོ། །དེ་ལྟར་དེ་རྣམ་པ་དེ་ལྟར་རྒྱུའི་རང་བཞིན་ཐོག་མ་མེད་དོ། །སྔོན་གྱི་ཚིག་མེད་པ་བརྒྱུད་པ་རྒྱུན་ཆགས་པ་ཡིན་ནོ། །དེའི་ཕྱིར་དེ་ཡང་ག་ལས་ཞེས་བྱ་བའི་རྩོད་པའི་སྐབས་མེད་དེ། རྒྱུ་བརྒྱུད་པ་ཐོག་མ་མེད་པ་དེའི་ཕྱིར་རི་བོང་གི་རྭ་སྐྱེད་པར་བྱེད་པའི་རང་བཞིན་གྱི་རྒྱུ་མེད་པའི་ཕྱིར་རི་བོང་གི་རྭ་མི་སྐྱེ་ལ། ཞོ་སྐྱེད་པའི་རང་བཞིན་ལ་ནི་རྒྱུ་ཡོད་པའི་ཕྱིར་ཞོ་སྐྱེ་བ་ཡིན་ནོ། །དེས་ན་དེ་ལྟར་འགལ་བའི་རང་བཞིན་


DTG187_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རྒྱུ་གཅིག་ལས་སྐྱེ་བ་འམ། རྒྱུ་མེད་པ་བསལ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཞན་གྱིས་བསྐྱེད་པར་བྱ་བའི་འབྲས་བུ་སྐྱེད་པར་བྱེད་པ་གཞན་མ་ཡིན་ནོ། །གང་ཡང་འདི་མི་ནུས་པ་ལས་མི་འབྱུང་བའི་ཕྱིར་རྒྱུ་ལས་འབྲས་བུ་ནུས་པའི་རང་བཞིན་དུ་ཡོད་དོ་ཞེས་བྱ་བ་དེ་ལ། འོ་མ་ལ་ཞོའི་ནུས་བ་འདི་ཅི་ཞིག་ཅི་ཞོ་ལས་གཞན་ཡིན་ནམ་འོན་ཏེ་ཞོ་ཉིད་ཡིན་ཏེ། དེའི་རང་བཞིན་ཉིད་ཡིན་ན་ནི་ཞོ་ཅི་ལྟ་བ་དེ་བཞིན་དུ་དེ་ཡང་དམིགས་པར་འགྱུར་ཏེ། ནུས་པ་ནི་ཞོ་དེ་ལས་ཁྱད་པར་མེད་པའི་ཕྱིར་རོ། །ཁྱད་པར་ཡོད་ན་ཡང་མཚན་ཉིད་མི་མཐུན་པ་ནི་དངོས་པོ་གཞན་ཉིད་དོ་ཞེས་བཤད་ཟིན་ཏོ། །གཞན་ཉིད་ཡིན་ནོ་ཞེ་ན། ཅི་ལྟར་ནུས་པ་གཞན་ཡོད་ན་དེ་ཡོད་པར་འགྱུར་ཏེ། སྐྱེས་བུ་ཡོད་ན་གཙོ་བོ་ཡོད་པར་རྟོགས་པ་ནི་མ་ཡིན་ནོ། །འཇིག་རྟེན་ན་རྒྱུ་ཡོད་ན་འབྲས་བུ་ཡོད་དོ་ཞེས་བརྗོད་པ་མ་ཡིན་ནམ་ཞེ་ན། བཤད་པ། རུང་བའི་རྒྱུ་ལས་འབྲས་བུ་ཉེ་བར་བཏགས་པ་སྒྲོ་བཏགས་པ་ཙམ་དུ་ནི་འགྱུར་གྱི། དངོས་པོ་ཉིད་དུ་ནི་མ་ཡིན་ནོ། །ཉེ་བར་བཏགས་པ་ནི་འདིར་ཡང་མི་བཟློགས་པས་འདི་ནི་ཅུང་ཟད་ཀྱང་མ་ཡིན་ནོ། །རྒྱུ་ལ་འབྲས་བུ་མེད་པར་བསྟན་པ་འདིས་ནི་འབྲས་བུ་ཕྱི་མ་ལ་རྒྱུ་ཡོད་པ་སྤངས་པ་ཡིན་ནོ། །ཕྱོགས་ཐམས་ཅད་ནི་རྣམ་པ་བཞིས་སེལ་བ་ཡིན་ཏེ། དེས་ན་ཆོས་ཀྱི་ཁྱད་པར་བསལ་བ་ལ་སོགས་པ་ཡང་འདི་ཉིད་ཀྱིས་བཤད་པ་ཡིན་པས་ལོགས་ཤིག་ཏུ་མ་བརྗོད་དོ། །དེ་ཅིའི་ཕྱིར། དེ་ལྟར་ཕྱོགས་ཀྱི་མཚན་ཉིད་ཞར་ལ་བཤད་ནས། ཕྱོགས་ཀྱི་ཆོས་ཀྱི་རབ་ཏུ་དབྱེ་བ་སྔོན་དུ་འགྲོ་བ་ཅན་ཚུལ་གསུམ་འཆད་པའི་རང་བཞིན་ཉིད་འཆད་དོ། །སྒྲུབ་པར་བྱེད་པའི་དག་བསྟན་པར་བྱ་བ་ལ་ཕྱོགས་ཆོས་ཀྱི་རབ་ཏུ་དབྱེ་བ་དོན་ཅི་ཞིག་ཡོད། །ཕྱོགས་ཀྱི་ཆོས་བཤད་པ་དེ་ཙམ་ཉིད་སྲིད་པ་ཡང་མ་ཡིན་ཏེ། ཕྱོགས་གཅིག་ལ་མ་གྲུབ་པ་ལ་སོགས་པ་གཞན་དག་ཀྱང་སྲིད་པའི་ཕྱིར་རོ་སྙམ་ན། བཤད་པ། གཏན་ཚིགས་ཀྱི་གནས་སྐབས་སྲིད་པ་སྟེ། ཕྱོགས་ཀྱི་ཆོས་གསུམ་ལ་གོ་བར་བྱེད་པའི་གཏན་ཚིགས་སྲིད་པ་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་གཉི་གའོ། །མཐུན་པའི་ཕྱོགས་ལ་ཡོད་པ་ནི་བྱས་པ་ཉིད་ཀྱི་གཏན་ཚིགས་སོ། །གཉི་ག་ནི་


DTG187_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བརྩལ་མ་ཐག་ཏུ་བྱུང་བ་ཉིད་དོ། །མཐུན་པའི་ཕྱོགས་ལ་མེད་པ་ནི་ཕྱོགས་ཀྱི་ཆོས་འགལ་བ་སྟེ། འགལ་བ་ཡང་གོ་བར་བྱེད་པ་ཉིད་དོ། །དེའི་ཕྱིར་ཕྱོགས་ཀྱི་ཆོས་ཅི་སྙེད་ལ་གོ་བར་བྱེད་པའི་གཏན་ཚིགས་སྲིད་པའི་ཕྱོགས་ཀྱི་ཆོས་དེ་དག་ཉིད་གཏན་ཚིགས་ཀྱི་སྐབས་ཡིན་ནོ། །འདི་འདྲ་བའི་གཏན་ཚིགས་ཀྱི་སྐབས་ཕྱོགས་ཆོས་ཀྱི་རབ་ཏུ་དབྱེ་བས་མཚོན་བ་དེའི་རང་གི་ངོ་བོ་མདོར་བསྡུས་ནས་བརྗོད་བ་སྟེ། གཏན་ཚིགས་སྲིད་པའི་ཕྱོགས་ཀྱི་ཆོས་ཉིད་བསྟན་པ་ཡིན་གྱི་མི་སྲིད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་དོན་དུ་ཞེ་ན། གཏན་ཚིགས་ཀྱི་སྐབས་བདེ་བླག་ཏུ་གཟུང་བའི་ཕྱིར་རོ། །མདོར་བསྡུས་པས་ཀྱང་དོན་རྒྱ་ཆེན་པོ་དག་ཀྱང་བསྟན་པར་འགྱུར་བ་ནི་བདེ་བླག་ཏུ་གཟུང་བའོ། །དེ་ལ་ཕྱོགས་ཀྱི་རྣམ་པ་འདི་ཙམ་ཞིག་གཏན་ཚིགས་ཀྱི་དངོས་པོ་སྲིད་པ་ཡིན་པའི་ཕྱིར་གཏན་ཚིགས་སྲིད་ཚད་བདེ་བླག་ཏུ་འཛིན་པ་ཡིན་ནོ། །མདོར་བསྡུས་པ་བརྗོད་པ་ནི་ཕྱོགས་ཀྱི་ཆོས་ནི་རྣམ་པ་གསུམ་ཏེ། མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་རྣམ་པ་གཉི་གའོ། །ཕྱོགས་ཀྱི་ཆོས་དེ་རེ་རེ་དག་ལ་སྟེ། གཅིག་གཅིག་ལ་ཡང་སྤྱི་རྣམ་པ་གསུམ་མོ། །ཅི་ལྟར་ཞེན། མི་མཐུན་པའི་ཕྱོགས་ལ་ཡང་ཡོད་པ་དང་མེད་པ་དང་གཉི་ག་སྟེ། དེ་དག་གི་དངོས་པོ་དེའི་ཕྱིར་རོ། །མཐུན་པའི་ཕྱོགས་ལ་ཡོད་པ་གང་ཡིན་པ་དེ་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་གཉི་ག་ཡིན་ཞིང༌། དེ་བཞིན་དུ་མཐུན་པའི་ཕྱོགས་ལ་མེད་པ་དང་གཉི་ག་གང་ཡིན་པ་དེ་ཡང་མི་མཐུན་པའི་ཕྱོགས་ལ་རྣམ་པ་གསུམ་མོ། །འདིར་ཕྱོགས་ནི་བསྒྲུབ་བྱའི་ཆོས་དང་ཆོས་ཅན་གྱི་སྤྱི་ཡིན་པས། གལ་ཏེ་དེའི་ཆོས་གང་ཡིན་པ་དེ་གཏན་ཚིགས་ཡིན་ན། དེ་ལྟ་ན་ནི་འོ་ན་ཆོས་དང་ཆོས་ཅན་གྱི་སྤྱི་མ་གྲུབ་ན་གཏན་ཚིགས་ཐམས་ཅད་མ་གྲུབ་པར་འགྱུར་རོ། །གྲུབ་ན་ཡང་གང་ལ་གཏན་ཚིགས་བརྗོད་པར་བྱ་བའི་བསྒྲུབ་པར་བྱ་བ་གཞན་ཅི་ཞིག་ཡོད། དེའི་ཕྱིར་འདིར་ཕྱོགས་ཀྱི་སྒྲ་དངོས་ཀྱི་དོན་ལ་འཇུག་པར་འདོད་པ་ནི་མ་ཡིན་ནོ། །བཏགས་པའི་དོན་ཡང་ཅི་འདྲ་བ་ཞིག་ཅེ་ན། ཕྱོགས་ནི་ཆོས་ཅན་ནོ་ཞེས་སྨོས་ཏེ། ཕྱོགས་ཀྱི་སྒྲས་ནི་འདིར་ཆོས་ཅན་བརྗོད་པ་ཡིན་ནོ། །དགོས་པ་སྟེ། རྒྱུ་མཚན་མེད་པའི་ཕྱིར་ཉེ་བར་གདགས་


DTG187_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་བྱའོ། །དགོས་པ་འགའ་ཞིག་གིས་རང་བཞིན་གཞན་སྒྲོ་འདོགས་པའི་མཚན་ཉིད་ཉེ་བར་བཏགས་བའི་བརྗོད་པའི་ཡུལ་དུ་འགྱུར་བར་བྱ་བ་ཡིན་ཏེ། འདི་ལྟར། དགོས་པ་མེད་བར་གཙོ་བོ་ཡི། །སྒྲ་དོན་ལས་འདས་འདོད་མ་ཡིན། །ཞེས་བཤད་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གང་གི་ཕྱིར་ཉེ་བར་གདགས་པར་བྱས་པ་ནི་ཕྱོགས་དེར་སྒྲོ་གདགས་སུ་རུང་བའི་ཆོས་ཅན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཆོས་ཅན་འགའ་ཞིག་དེར་ཉེ་བར་གདགས་སུ་རུང་བ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེ་ན། ཕྱོགས་དེའི་ཕྱོགས་གཅིག་ཡིན་པ་སྟེ། དེའི་ཕྱིར་རོ། །གང་ཞིག་གང་གི་ཕྱོགས་གཅིག་ཡིན་པ་དེ་ལ་དེའི་རང་བཞིན་ཉེ་བར་འདོགས་པ་ཡིན་གྱི། སྣམ་བུའི་ཕྱོགས་གཅིག་ཚིག་པ་ལ་ལ་བ་ཚིག་གོ་ཞེས་ཉེ་བར་འདོགས་པ་བཞིན་ནོ། །ཅི་སྟེ་ཉེ་བར་གདགས་སུ་རུང་བ་རྟོགས་པ་ལ་དོན་ཅི་ཡོད་ཅེ་ན། ཆོས་ཅན་ཐམས་ཅད་ཀྱི་ཞེས་སྨོས་ཏེ། ཐམས་ཅད་ཀྱི་སྒྲ་ནི་བྱེ་རག་མེད་བར་བརྗོད་པ་ཡིན་ནོ། །དེས་ན་དོན་འདི་ཡིན་ཏེ། ཆོས་ཅན་གང་ཡང་རུང་བའི་ཆོས་གང་ཡིན་པ་དེ་གཏན་ཚིགས་ཡིན་བ་བཀག་བ་ནི་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་རྟོགས་པར་དགོས་པ་ཡིན་ནོ། །དེ་ལྟ་ཡིན་དང་སྟེ་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་རྟོགས་པར་གྱུར་བ་དང༌། མིག་གིས་གཟུང་བ་ལ་སོགས་པ་ཡོངས་སུ་གཟུང་བ་མ་སྤངས་པ་ཡིན་ནོ། །དེའི་ཕྱིར་དགོས་པ་ཡོད་པའི་ཕྱིར་བཏགས་པའི་སྒྲ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ། །ཅིག་ཤོས་ནི་རེ་ཞིག་ཆོས་ཅན་གྱི་སྒྲ་དངོས་སུ་སྨོས་པས་ཀྱང་བསྒྲུབ་བྱའི་ཆོས་ཅན་ཡོངས་སུ་འཛིན་བ་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་གཞན་གྱི་དབང་དུ་གྱུར་པའི་ཆོས་ཞེས་བརྗོད་པས་ཀྱང་འབྲེལ་པ་ཅན་གྱི་སྒྲ་ཡིན་པའི་ཕྱིར་ན་རང་དབང་དུ་གྱུར་པའི་ཆོས་ཅན་གཞི་ལྟ་གྲུབ་སྟེ། ཆོས་ཅན་ཞེས་སྨོས་པའི་ཤུགས་ཀྱིས་དེ་གྲུབ་བཞིན་དུ་ཡང་ཆོས་ཅན་ཞེས་སྨོས་པས་ནི་ཁྱད་པར་ཅན་གྱི་ཆོས་ཅན་ངེས་པར་རྟོགས་བར་འགྱུར་རོ། །འདི་སྙམ་དུ་དཔེ་དང་བསྒྲུབ་བྱའི་ཆོས་ཅན་གཉི་ག་ཡང་ངེས་པ་ཡིན་ལ། དེ་ལས་ཀྱང་ཐེ་ཚོམ་ཟ་བ་ཉིད་དོ་སྙམ་ན། ཉེ་བ་ཡིན་བའི་ཕྱིར་ཞེས་སྨོས་སོ། །རྗེས་སུ་དཔག་


DTG187_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་སུ་བསྒྲུབ་བྱའི་ཆོས་ཀྱི་གཞི་ཉིད་དུ་བློ་ལ་གནས་བས་ན་བསྒྲུབ་བྱའི་ཆོས་ཅན་ནི་ཉེ་བ་ཡིན་ནོ། །དེས་ན་ཁྱད་བར་ཅན་གཅིག་རྟོགས་བར་བྱ་བ་ལ་ཉེ་བའི་ཆོས་ཅན་གང་ཡིན་པ་དེ་ཉིད་འཛིན་པར་འགྱུར་རོ། །དེས་ན་ཉེ་བར་བརྟགས་པའི་ཕྱོགས་ཀྱི་སྒྲ་ནི་དོན་མེད་དོ་ཞེ་ན། བསྒྲུབ་བྱའི་ཆོས་ཅན་གྲུབ་པ་ནི་མ་ཡིན་ཏེ། གང་གི་ཕྱིར་དཔེའི་ཆོས་ཅན་ཡང་ཉེ་བ་ཉིད་དོ། །དེ་ཡང་སྐབས་ཀྱི་བསྒྲུབ་བྱ་སྒྲུབ་པའི་དོན་དུ་རྟོགས་པ་པོའི་བློ་ལ་གནས་པ་ཉིད་དོ། །དེས་ན་ཉེ་བ་ཡིན་པའི་ཕྱིར་དེ་ཡང་གཟུང་བར་ཐལ་ལོ། །དཔེའི་ཆོས་ཅན་འཛིན་ན་ནི་ཆོས་ཅན་གྱི་ཆོས་གཏན་ཚིགས་ཡིན་ནོ་ཞེས་བྱ་བས་དཔེའི་ཆོས་ཅན་ལ་ཡོད་པ་གང་ཡིན་པ་དེ་གཏན་ཚིགས་ཡིན་ནོ་ཞེས་བྱ་བའི་དོན་འདི་བརྗོད་པར་འགྱུར་ན། དེ་ཡང་མཐུན་པའི་ཕྱོགས་ལ་ཡོད་པར་བརྗོད་པ་ཉིད་ཀྱིས་བསྟན་པ་ཡིན་ནོ། །གཏན་ཚིགས་དེའི་ཕྱིར་ན་ཆོས་ཅན་གྱི་ཆོས་ཞེས་བརྗོད་བས་གང་ལ་གཏན་ཚིགས་ཡོད་པར་མ་གྲུབ་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཡོངས་སུ་གཟུང་ངོ་ཞེ་ན། དེ་ལྟ་ན་ནི་འོ་ན་རྩོད་པ་བརྒྱུད་པ་འདིས་ཆོས་ཅན་གྱི་སྒྲ་འདིས་བསྒྲུབ་བྱའི་ཆོས་ཅན་འཛིན་པར་འགྱུར་རོ་ཞེས་དེ་ལྟར་བཤད་པར་བྱ་བ་ལ་འཆད་པ་པོས་འབད་པར་བྱ་དགོས་སོ། །བསྟན་པར་དཀའ་བའི་མཚན་ཉིད་ཀྱིས་འབད་པ་དེ་ཡང་ཉེ་བར་བཏགས་པའི་དོན་ཕྱོགས་ཀྱི་སྒྲ་སྨོས་པ་ཙམ་གྱིས་སྤངས་པར་འགྱུར་རོ། །སྐྱོན་འདི་སྤངས་པ་འབའ་ཞིག་ཏུ་ནི་མ་ཟད་དེ། བཤད་མ་ཐག་པའི་ཤུགས་དེས་དོན་ཏེ་བསྒྲུབ་པར་བྱ་བའི་ཆོས་ཅན་གོ་བར་བྱ་བ་ན་རྟོགས་བར་དཀའ་བར་འགྱུར་བས་རྟོགས་དཀའ་བ་དེ་ཡང་ཕྱོགས་ཀྱི་སྒྲ་སྤངས་པ་ཡིན་ནོ། །བསྟན་པར་མཚུངས་པ་དང༌། ཉེ་བར་བཏགས་པ་ཙམ་གྱིས་བསྟན་པར་དཀའ་བ་དང༌། རྟོགས་པར་དཀའ་བ་ཡོངས་སུ་སྤངས་པར་འགྱུར་བའི་ཕྱིར་ཉེ་བར་བཏགས་པ་ཉིད་རིགས་སོ། །རེ་ཞིག་འདི་ཟླས་དབྱེ་བའི་བསྡུ་བ་ནི་མ་ཡིན་ཏེ། མ་ནིང་གི་རྟགས་དང༌། གཉིས་ཀྱི་ཚིག་ཏུ་ཐལ་བའི་ཕྱིར་རོ། །འབྲུ་མང་པོ་པ་ཡང་མ་ཡིན་ཏེ། བསྡུ་བའི་མཐར་ཨ་ནིད་ཀྱི་རྐྱེན་དུ་ཐལ་བའི་ཕྱིར་དང༌། དོན་ཀྱང་འགལ་བའི་ཕྱིར་ཏེ། དེ་ཉིད་ཆོས་ཅན་ཡིན་ལ་དེ་ཉིད་ཆོས་ཡིན་པ་ནི་མ་ཡིན་ནོ། །འདི་ཉིད་ཀྱི་ཕྱིར་འདི་ལས་འདོན་པ་ཡང་


DTG187_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །ལྷག་མར་གྱུར་པས་ན་དྲུག་པའི་བསྡུ་བ་ཡིན་པར་བསམས་ནས། ཕྱོགས་ཀྱི་ཆོས་ཉིད་ཡིན་ན་ཞེས་སྨོས་སོ། །དྲུག་པའི་བསྡུ་བ་ནི་རྒྱལ་པོའི་སྐྱེས་བུ་ལ་སོགས་པ་དག་ལ་རྗེ་བོ་གཞན་རྣམ་པར་གཅོད་པར་མཐོང་སྟེ། རྒྱལ་པོའི་སྐྱེས་བུ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེའོ། །དེ་བཞིན་དུ་འདིར་ཡང་ཕྱོགས་ཀྱི་ཆོས་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་གཞན་དང་ལྡན་པ་རྣམ་པར་གཅོད་པར་འགྱུར་རོ། །དེས་ན་ཆོས་ཅན་གྱི་རྣམ་པར་གཅོད་པ་ལ་ལྟོས་པ་གཞན་དཔེའི་ཆོས་ཅན་ལ་མི་འཇུག་པའི་རྒྱུའི་ཕྱིར་རོ། །དགག་པའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་ཏེ། ཐུན་མོང་མ་ཡིན་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མ་འབྲེལ་པ་བཟློག་པའི་རྒྱུས་ཆོས་ཁྱད་པར་དུ་བྱས་པའི་ཕྱིར་ཏེ། རྣམ་པར་བཅད་པའི་ཕྱིར་རོ། །ཕྱོགས་དེ་ནི་བདག་ཉིད་དང་མ་འབྲེལ་པར་དོགས་པ་བསལ་བའི་ཕྱིར་ཆོས་ཁྱད་པར་དུ་བྱེད་བ་ཡིན་ནོ། །ཅི་ལ་ལར་མ་འབྲེལ་པ་རྣམ་པར་བཅད་པས་ཁྱད་པར་དུ་བྱས་པ་ཡོད་དམ་ཞེ་ན། ཡོང་དོ་ཞེས་བཤད་པ་ནི་དཔེར་ན་ནག་པ་ཞེས་བྱའོ། །ནག་པ་འཕོང་སྐྱེན་པ་ཉིད་ལ་ནི་བདག་ཉིད་དང་མ་འབྲེལ་པར་དོགས་པ་བཟློག་པའི་ཕྱིར་འཕོང་སྐྱེན་པ་ཉིད་ཁྱད་པར་དུ་བྱེད་པ་ཡིན་གྱི། གཞན་དང་ལྷན་ཅིག་འབྲེལ་པ་བཟློག་པའི་ཕྱིར་ནི་མ་ཡིན་ནོ། །འདོད་པ་བསྟན་ནས་མི་འདོད་པའི་ཁྱད་པར་སྤང་པར་བྱ་བའི་ཕྱིར་གཞན་དང་ལྡན་པ་རྣམ་པར་གཅོད་པས་ནི་མ་ཡིན་ཏེ་ཞེས་སྨོས་སོ། །དཔེར་ན་སྲིད་སྒྲུབ་ཅེས་བྱ་བ་ལ། སྲིད་སྒྲུབ་ནི་འཕོང་སྐྱེན་བར་རབ་ཏུ་གྲགས་པ་ཡིན་པས་མ་འབྲེལ་པར་དོགས་པ་ནི་མེད་ཀྱི། འོན་ཀྱང་གཞན་དང་འབྲེལ་པར་རོ། །དེས་ན་འཕོང་སྐྱེན་པ་ཉིད་ནི་གཞན་དང་ལྡན་པ་རྣམ་པར་བཅད་པའི་ཕྱིར་ཡིན་ནོ། །འདི་ལ་བློ་གྲོས་རྨོངས་པའི་དོགས་པའི་གནས་རྣམ་པར་གཅད་པར་བྱ་བ་ཡིན་པས་ན། གང་གི་ཚེ་ལྡན་པར་མ་ཤེས་པའི་ཕྱིར་མི་ལྡན་པར་དོགས་པ་དེའི་ཚེ་མ་འབྲེལ་པར་རྣམ་པར་གཅད་པར་བྱ་བ་ཡིན་ནོ། །གང་གི་ཚེ་འབྲེལ་པར་ཤེས་པས་མ་འབྲེལ་བ་རྣམ་པར་གཅད་པ་དེའི་ཚེ་གཞན་དང་ལྡན་པར་དོགས་པའི་ཕྱིར་གཞན་དང་ལྡན་པ་རྣམ་པར་གཅད་པར་བྱ་བ་ཡིན་ནོ། །དེ་ལྟ་ཡིན་དང་གནས་སྐབས་འགའ་ཞིག་


DTG187_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ་པོ་སྐྱེས་བུའི་རྗེ་བོ་ཤེས་པ་ལ་རྗེ་བོ་སྤྱིར་ཤེས་པས་ཁྱད་པར་རྟོགས་པར་བྱ་བའི་ཕྱིར་ཡང་སྨོས་པ་ཡིན་པས་གཞན་དང་ལྡན་པ་རྣམ་པར་གཅོད་པ་རིགས་པ་ཡིན་ནོ། །འདིར་ནི་ཕྱོགས་ཀྱི་ཆོས་གཏན་ཚིགས་ཡིན་ནོ་ཞེས་གནས་མ་རྟོགས་པའི་ཕྱིར་མི་ལྡན་པར་དོགས་པ་རྣམ་པར་གཅད་པར་བྱ་བ་ཡིན་ནོ། །དེ་དང་ལྡན་པ་ལ་ནི་གཞན་དང་ལྡན་པར་རྟོགས་པར་བྱ་བ་ཡིན་ཏེ། དེས་ན་མ་འབྲེལ་བ་རྣམ་པར་བཅད་པའི་སྔོན་རོལ་དུ་ནི་དོགས་པ་མེད་པ་རྣམ་པར་གཅད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་འཕྲོས་པ་འདི་ནི་ལེའུ་གཉིས་པར་བཤད་ཟིན་ཏོ། །མ་འབྲེལ་པ་རྣམ་པར་བཅད་པས་ཕྱོགས་ཁྱད་པར་དུ་བྱེད་པས་ཕྱོགས་ཀྱི་ཆོས་གང་ཡིན་པ་དེ་ནི་རྣམ་པ་གསུམ་མོ། །རྣམ་པ་གསུམ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་རྣམ་པ་གཉི་གའོ། །དང་པོ་ནི་རྣམ་པ་གཞན་བསྡུ་བའི་དོན་ཏེ། དེ་ལྟ་མ་ཡིན་ན་ཡོད་པ་དང་མེད་པ་ཉིད་རྣམ་པ་གཉི་ག་ཡིན་པ་གོ་བར་འགྱུར་རོ། །རྣམ་པ་གསུམ་པོ་དེ་ནི་རེ་རེ་སྟེ་གཅིག་ཅིག་ཀྱང་རྣམ་པ་གསུམ་དུ་འགྱུར་ཏེ། མཐུན་པའི་ཕྱོགས་ལ་ཡོད་པ་གང་ཡིན་པ་དེ་ནི་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་གཉི་གའོ། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་མེད་པ་དང༌། གཉི་ག་གང་ཡིན་པ་དེ་ཡང་མི་མཐུན་པའི་ཕྱོགས་ལ་རྣམ་པ་གསུམ་མོ། །གང་ལ་ཕྱོགས་ཀྱི་ཆོས་རབ་ཏུ་དབྱེ་བར་བྱ་བའི་མཐུན་པའི་ཕྱོགས་སམ་མི་མ་ཐུན་པའི་ཕྱོགས་དེ་ཡང་གང་ཞིག་ཡིན་ཞེ་ན། བཤད་པ། མཐུན་པའི་ཕྱོགས་ནི་འགའ་ཞིག་ཕྱོགས་དང་དོན་མཐུན་པ་ཡིན་ནོ། །འདི་ལྟར་ཕྱོགས་དང་འདྲ་བའི་ཕྱིར་ན་དོན་དེ་ཉིད་ཕྱོགས་ཞེས་བརྗོད་པ་ཡིན་ནོ། །འདྲ་བའི་དོན་ཀྱང་མཐུན་པའི་སྒྲ་ཡིན་ཏེ། ཕྱོགས་དང་མཚུངས་པ་ནི་མཐུན་པའི་ཕྱོགས་སོ། །ཕྱོགས་དང་མཐུན་པའི་ཕྱོགས་དག་མཚུངས་པ་ལ་ནི་གཏན་ཚིགས་ཀྱི་རྒྱུ་མཚན་ཡང་སྲིད་པ་འདིར་ནི་བསྒྲུབ་བྱའི་རྒྱུ་མཚན་གྱིས་མཚུངས་པ་ཡིན་པར་འདོད་པས་བཤད་པ། ཐེ་ཚོམ་ཟ་བའི་ཕྱིར་བསྒྲུབ་པར་བྱ་བ་ཡང་ཡིན་ལ། ཆོས་ཀྱང་ཡིན་ཏེ། བསྟེན་པའི་ཕྱིར་རོ། །འདིས་ནི་བསྒྲུབ་པར་བྱ་བ་ནི་གཞན་གྱི་དབང་དུ་གྱུར་པ་ཉིད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཁྱད་པར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ།


DTG187_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ཞེས་ནི་ཚིག་རྣམ་པར་མ་སྦྱར་གྱི། འོན་ཀྱང་བསྒྲུབ་པར་བྱ་བའི་ཆོས་ཉིད་སྤྱི་ཡིན་ཏེ། ཕྱོགས་དང་མཐུན་པའི་ཕྱོགས་ཀྱི་མཚུངས་པ་ཉིད་དེ་མཉམ་པ་ཡིན་ཏེ། དོན་མཐུན་པ་ནི་དེས་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པར་བྱ་བའི་ཆོས་དེ་མེད་པ་ནི་མི་མཐུན་པའི་ཕྱོགས་སོ། །གལ་ཏེ་མེད་པ་མི་མཐུན་པའི་ཕྱོགས་ཡིན་ན་ཕྱོགས་ཀྱི་ཆོས་ཡོད་པ་དེ་དེ་ལ་ཅི་ལྟར་འགྱུར། མེད་པ་ལ་མེད་པར་འགྱུར་དུ་ཟིན་ཀྱང་དངོས་པོའི་ཆོས་ཡོད་པ་ནི་མེད་པ་ལ་འཐད་པ་མ་ཡིན་ནོ་ཞེ་ན། མེད་པ་ལ་ཡོད་པ་ཡོད་དོ་ཞེས་སུ་ཞིག་སྨྲ། གང་གི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་དེ་མེད་པ་ཙམ་ནི་མི་མཐུན་པའི་ཕྱོགས་མ་ཡིན་གྱི། འོན་ཀྱང་བཟློག་པ་མཐུན་པའི་ཕྱོགས་ཀྱིས་སྟོང་པའི་དོན་ཐམས་ཅད་ནི་མི་མཐུན་པའི་ཕྱོགས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། མཐུན་པའི་ཕྱོགས་ཀྱི་སྒྲས་བརྗོད་པར་བྱ་བ་མ་ཡིན་པ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་མི་མཐུན་པའི་ཕྱོགས་ཡིན་ནོ། །བཟློག་པ་དེ་ཡང་གང་ཞེ་ན། གང་གི་ཕྱིར་བསྒྲུབ་པར་བྱ་བའི་མེད་པ་དཔེར་ན་ནམ་མཁའ་མེད་པར་སྨྲ་བ་ལ། མི་རྟག་པ་ཉིད་ཀྱི་རྟག་པའི་ནམ་མཁའ་མེད་པ་ལྟ་བུ་དང༌། མ་ཡིན་པ་དེ་བསྒྲུབ་པར་བྱ་བའི་རང་བཞིན་དེ་དང་བྲལ་བའི་དོན་གཞན་པ་དང་འགལ་ལོ། །གྲང་བའི་རེག་པ་དང༌། གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པ་ནི་བསྒྲུབ་པར་བྱ་བ་དྲོ་བ་སྤངས་པ་ཡིན་ཏེ། དེས་ན་དེ་ནི་མི་མཐུན་པའི་ཕྱོགས་ཞེས་བརྗོད་པར་བྱ་བ་ཡིན་ནོ། །ཅི་ལྟར་ཞེ་ན། དེ་ཉིད་མ་ཡིན་པའི་མཚན་ཉིད་ཡིན་པའི་ཕྱིར་ཞེས་སྨོས་ཏེ། ཕྱོགས་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མི་མཐུན་པའི་ཕྱོགས་ཀྱི་སྒྲའི་བརྗོད་བྱ་ནི་ཕྱོགས་མ་ཡིན་ལ། དོན་གསུམ་པོ་འདི་ཡང་ཕྱོགས་མ་ཡིན་པའི་བདག་ཉིད་ཡིན་ནོ། །འགལ་བ་དང་གཞན་པ་དངོས་པོ་ཉིད་མ་ཡིན་ནམ། མཐུན་པའི་ཕྱོགས་མེད་པ་ནི་མ་ཡིན་ནོ་ཞེ་ན། བཤད་པ། ཕྱོགས་མེད་པའི་རང་བཞིན་དེ་ནི་བརྗོད་པར་འདོད་པ་མི་མཐུན་པའི་ཕྱོགས་ཀྱི་སྒྲས་བརྗོད་པར་བྱ་བའི་བཟློག་པ་དང་འགལ་བ་དང་གཞན་པ་དག་ལ་ཡང་མཚུངས་པ་སྟེ་ཁྱད་པར་མེད་པ་ཡིན་ནོ། །ཅི་


DTG187_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མེད་པའི་ཕྱོགས་མ་ཡིན་པ་དེ་བཞིན་དུ་འགལ་བ་དང་གཞན་པ་ཡང་ཕྱོགས་མ་ཡིན་པས་ན་ཕྱོགས་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འགལ་བ་དང་གཞན་པ་ཕྱོགས་མ་ཡིན་ཡང་མེད་པ་ཡང་མ་ཡིན་ནོ། །དངོས་པོ་ཡོད་པ་ཉིད་ནི་ཡིན་པས་ཅི་ལྟར་མེད་པ་བརྗོད་པས་སྒྲས་བརྗོད་པར་བྱ་བ་ཡིན་ཞེ་ན། བཤད་པ། ལྡོག་པ་རྟོགས་པ་སྟེ་ཕྱོགས་མེད་པར་ཤེས་པར་ནི་མེད་པ་དང་གཞན་པ་དང་འགལ་བ་ཐམས་ཅད་ལ་འདྲ་བའི་ཕྱིར་རོ། །བསམ་པ་ནི་འདི་ཡིན་ཏེ། ཕྱོགས་མེད་པ་ཞེས་བྱ་བ་ངོ་བོ་དང་ལྡན་པ་ནི་མ་ཡིན་ཏེ། འོན་ཀྱང་རྣམ་པར་རྟོག་པ་ཅན་གྱི་བློས་ཐ་སྙད་དུ་བྱ་བ་ཡིན་ནོ། །དེ་ཡང་ཅི་ལྟར་གཏན་ནས་མེད་པར་རྟོགས་པ་ལ་ཐ་སྙད་བྱེད་པ་དེ་བཞིན་དུ་འགལ་བ་དང༌། གཞན་པར་རྟོགས་པ་ལ་ཡང་ཡིན་ནོ། །དེས་ན་ཅི་ལྟར་གཏན་མེད་པ་ཕྱོགས་མེད་པ་ཡིན་པ་དེ་བཞིན་དུ་དངོས་པོ་ཡང་ཡིན་ཏེ། དེ་རྟོགས་པ་ན་མེད་པའི་ཐ་སྙད་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་མེད་པར་རྟོགས་པ་ཉིད་ཕྱོགས་མེད་པའི་བདག་ཉིད་རྟོགས་པ་ཡིན་ཏེ། དེ་ནི་རང་བཞིན་མེད་པ་ཅན་ཡིན་པའི་ཕྱིར་རོ། །རང་གི་ངོ་བོས་རྟོགས་པའི་འགལ་བ་དང་གཞན་པ་དག་གོ །ཅི་ལྟར་ཕྱོགས་མེད་པའི་རང་བཞིན་དུ་རྟོགས་ཤེ་ན། དངོས་སམ་ཤུགས་ཀྱིས་ཞེས་སྨོས་སོ། །བཀག་པ་ནི་ཕྱོགས་མེད་པ་ཉིད་ཡིན་པ་དེས་ན་རྟོགས་པར་དངོས་སུ་ཕྱོགས་མེད་པ་རྟོགས་པ་ཡིན་ནོ། །གཞན་པ་དང་འགལ་བ་ནི་ཕྱོགས་མེད་པ་ཉིད་མ་ཡིན་ཏེ། འོན་ཏེ་རང་བཞིན་གཞན་ཉིད་དོ། །དེས་ན་དེ་དག་རྟོགས་པ་ནི་དངོས་སུ་ཕྱོགས་མེད་པར་རྟོགས་པ་མ་ཡིན་ཏེ། འོན་ཀྱང་ཤུགས་ཀྱིས་ཡིན་ནོ། །གལ་ཏེ་ཕྱོགས་མ་ཡིན་པ་དེ་ལྟ་ན་དེ་འགལ་བ་འམ་ཕྱོགས་ལས་གཞན་པའི་དངོས་པོར་འགྱུར་བ་ཡིན་ནོ། །གཞན་པ་དང་འགལ་བ་ཡོངས་སུ་གཅོད་པ་ནི་ཕྱོགས་ཉིད་རྣམ་པར་བཅད་པ་ཡིན་པའི་ཕྱིར་གཞན་པ་དང་འགལ་བ་དག་གི་རང་བཞིན་ཁྱད་པར་ཅན་རྟོགས་པ་ཉིད་ཀྱི་ཤུགས་ཀྱིས་ཕྱོགས་མེད་པར་རྟོགས་པ་ཡིན་ནོ། །གང་གི་ཕྱིར་བཀག་པ་རྟོགས་པ་ནི་དངོས་སུ་ཕྱོགས་མེད་པར་རྟོགས་པ་ཡིན་ལ། གཞན་པ་དང་འགལ་བ་རྟོགས་པ་ཤུགས་


DTG187_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཡིན་པ་དེའི་ཕྱིར་རྟོགས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱོགས་མེད་པའི་རང་བཞིན་ཉིད་ནི་ཐམས་ཅད་ལ་ཁྱད་པར་མེད་པ་ཡིན་ཏེ། དེས་ན་ཐམས་ཅད་མི་མཐུན་པའི་ཕྱོགས་སུ་བརྗོད་པར་བྱ་བ་ཡིན་ནོ། །ཅི་ཕྱོགས་ཀྱི་ཆོས་གང་ཡིན་པ་འདིའི་ཕྱོགས་ཀྱི་ཆོས་ཉིད་དང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པ་ཉིད་དུ་ངེས་པ་ཉིད་གོ་བར་བྱེད་པར་གཟུང་ངམ། འོན་ཏེ་ཡོད་པ་ཙམ་ཞིག་ཡིན་ཞེ་ན། བཤད་པ། ཕྱོགས་ཀྱི་ཆོས་རྣམ་པ་དགུ་བཤད་པ་གང་ཡིན་པ་འདིའི་དེ་ཁོ་ན་ཉིད་ཅེས་བྱ་བའི་ཕྱོགས་ཀྱི་ཆོས་ཉིད་དང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་ནི་ངེས་པ་ཡིན་པར་གཟུང་ངོ༌། །གཏན་ཚིགས་ལ་སོགས་པ་དག་ལ་ཞེས་བྱ་བ་ནི་གཏན་ཚིགས་ཉིད་དང༌། འགལ་བ་དང་མ་ངེས་པ་དག་ལའོ། །མ་གྲུབ་པ་ནི་འདིར་མི་གཟུང་སྟེ། གང་ལ་ཕྱོགས་ཀྱི་ཆོས་ཉིད་དུ་ངེས་པ་དེ་ལ་མ་གྲུབ་པ་ཉིད་སྐྱོན་མེད་དོ། །ཅི་རིགས་པར་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་ལྟོས་པ་སྟེ། གཏན་ཚིགས་ནི་མཐུན་པའི་ཕྱོགས་ལ་ཡོད་པ་དང༌། མི་མཐུན་པའི་ཕྱོགས་ལ་མེད་པར་ངེས་པ་ཡིན་ལ། འགལ་བ་ནི་མཐུན་པའི་ཕྱོགས་ལ་མེད་པ་དང༌། མི་མཐུན་པའི་ཕྱོགས་ལ་ཡོད་པར་ངེས་པ་ཡིན་ནོ། །ཕྱོགས་ཀྱི་ཆོས་ལ་སོགས་པ་རྣམས་ནི་གང་གིས་རྟོགས་པར་བྱེད་པ་གང་ཡིན་པའི་སྒྲུབ་པར་བྱེད་པ་དེ་དག་གིས་ངེས་པ་སྒྲུབ་པར་བྱེད་པ་ཡིན་པར་གཟུང་ངོ༌། །ཅིའི་ཕྱིར་ཞེ་ན། གཏན་ཚིགས་དང་འགལ་བ་འདོད་པ་དང་མི་འདོད་པ་གསལ་བར་བྱེད་པ་ཐེ་ཚོམ་གྱི་རང་བཞིན་དག་དང༌། ཕྱིན་ཅི་ལོག་གི་རང་བཞིན་དག་ནི་རྟོགས་པ་ཞེས་བྱ་བ་ངེས་པའི་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །བསམ་པ་ནི་འདི་ཡིན་ཏེ། གཏན་ཚིགས་དང་འགལ་བ་ནི་གོ་བར་བྱེད་པ་ཡིན་ནོ། །སྒྲོན་མ་བཞིན་དུ་རུང་བ་ཙམ་གྱིས་ནི་གཏན་ཚིགས་ཀྱི་དོན་གྱིས་གསལ་བར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དོན་དེ་མེད་ན་མི་འབྱུང་བར་ངེས་པ་ཕྱོགས་འགའ་ཞིག་ཏུ་མཐོང་བ་མེད་ན་མི་འབྱུང་བར་ངེས་པ་དྲན་པ་ཉིད་བསྒྲུབ་བྱ་རྟོགས་པར་བྱེད་པའི་གཏན་ཚིགས་ཡིན་ཏེ། དེ་ལྟར་དྲན་པ་ཉིད་ལ་བསྒྲུབ་བྱ་རྟོགས་པའི་ཕྱིར་རོ། །དེས་ན་མེད་ན་མི་འབྱུང་བའི་རབ་བཞིན་


DTG187_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐེ་ཚོམ་ཟ་བ་དང༌། ཕྱིན་ཅི་ལོག་པ་དག་ནི་གོ་པར་བྱེད་པ་ཉིད་མ་ཡིན་ཏེ། སྒྲ་གང་ལ་ཕྱིན་ཅི་ལོག་གམ། ཐེ་ཚོམ་གྱི་རྟོག་པ་ཡོད་པ་དེ་བཞིན་ནོ། །ཁྱད་པར་ཅན་གྱི་རང་བཞིན་གྱི་སྒྲ་ནི་བརྡའི་དུས་སུ་བརྡའི་དབང་གིས་དོན་འགའ་ཞིག་དང་མེད་ན་མི་འབྱུང་བར་མཐོང་ལ། ཡང་དོན་དེ་ཉིད་དང་མེད་ན་མི་འབྱུང་བར་ངེས་པ་ན་དོན་རྟོགས་པའི་ཡན་ལག་ཡིན་ནོ། །གང་གི་ཚེ་སྒྲ་དེ་ཐེ་ཚོམ་ཟ་བ་འམ། ཕྱིན་ཅི་ལོག་ཏུ་ངེས་པ་འམ། ངེས་པར་བྱས་སུ་ཟིན་ཀྱང་གང་གི་ཚེ་བརྡའི་དུས་སུ་མཐོང་བའི་དོན་དང་མེད་ན་མི་འབྱུང་བར་ཐེ་ཚོམ་ཟ་བ་འམ། དོན་གཞན་དང་འབྲེལ་པར་ཕྱིན་ཅི་ལོག་པ་དེའི་ཚེ་གོ་བར་བྱེད་པ་མ་ཡིན་ནོ། །སྒྲའི་གོ་བར་བྱེད་པ་ཉིད་ནི་དོན་མེད་ན་མི་འབྱུང་བར་ངེས་པ་ཉིད་ཡིན་གྱི་བྱ་བ་གཞན་ནི་ཡོད་པ་མ་ཡིན་ཏེ། སྒྲ་དེ་ལྟར་རྟོགས་པ་ན་དོན་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་ངེས་པ་ཉིད་འདོད་པ་གསལ་བར་བྱེད་པ་འམ། མི་འདོད་པ་གསལ་བར་བྱེད་པ་ཡིན་ནོ། །གཏན་ཚིགས་ལ་སོགས་པ་དག་ལ་ཞེས་བརྗོད་པས་མ་ངེས་པ་ཡང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་འམ་མེད་པར་ངེས་པ་ཡིན་པར་དོགས་པར་འགྱུར་རོ། །ལོག་པར་རྟོགས་པ་ཡང་ཡོད་པ་ཉིད་དོ། །གང་ཞིག་གཉི་ག་ལ་ཡོད་པར་ངེས་པ་དེ་ནི་ཐུན་མོང་བ་ཡིན་ཏེ། དཔེར་ན་གཞལ་བྱ་ཉིད་བཞིན་ནོ། །གང་ཞིག་མེད་པར་ངེས་པ་དེ་ནི་ཐུན་མོང་མ་ཡིན་པ་སྟེ། དཔེར་ན་མཉན་བྱ་བཞིན་ནོ་ཞེས་བྱ་བ་དེའི་ཕྱིར། བཤད་པ། མ་ངེས་པ་ནི་ཕྱོགས་ཀྱི་ཆོས་ཉིད་ཡིན་པར་ངེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། མ་ཤེས་པའི་ཆོས་ལས་ནི་ཐེ་ཚོམ་ཟ་བར་མི་རུང་བའི་ཕྱིར་རོ། །གང་ཞིག་དངོས་པོའི་ཆོས་མཐའ་དག་ཁྱབ་པའི་ཆོས་གཉིས་ལས་གཅིག་ལ་ཡང་ངེས་པ་མེད་པ་དེ་གང་དུ་མཐོང་བ་དེར་དེ་གཉིས་ལ་ཐེ་ཚོམ་སྐྱེད་པར་བྱེད་དེ། དཔེར་ན་རྟག་པ་དང་མི་རྟག་པ་དག་ལས་གཅིག་ལ་ངེས་པ་མེད་པའི་མཉན་བྱ་ཉིད་སྒྲ་ལ་ཡོད་པས་ཐེ་ཚོམ་སྐྱེད་ཀྱི། མེད་པའི་ཕྱིར་གཟུགས་ལ་མ་ཡིན་པ་བཞིན་ནོ། །མ་ངེས་པ་ཡོད་པ་འམ་མེད་པ་ཉིད་ལ་ལྟོས་པ་ནི་མ་ཡིན་ནོ། །གལ་ཏེ་གཞལ་བྱ་ཉིད་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་མཐོང་བ་ཐེ་ཚོམ་གྱི་རྒྱུ་ཡིན་ལ། དེ་བཞིན་དུ་མཉན་པར་བྱ་


DTG187_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་རྟག་པ་དང་མི་རྟག་བ་དག་ལས་གཅིག་ལ་ཡང་མེད་པར་མཐོང་བ་མ་ཡིན་ནམ། དེ་ཅི་ལྟར་ཡོད་པ་འམ་མེད་པར་ངེས་པ་ལ་མི་ལྟོས་ཤེ་ན། ངེས་པ་ལ་ཡང་ཞེས་སྨོས་སོ། །ངེས་པ་མེད་པ་ཉིད་དོ་ཞེས་ནི་མི་ཟེར་རོ། །དེ་ཡོད་དུ་ཟིན་ཀྱང་ཐེ་ཚོམ་ཉིད་ཀྱི་སྒོ་ནས་སྐྱོན་དུ་འགྱུར་བའི་ཕྱིར་ཏེ། ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་ངེས་པ་ལ་ལྟོས་པ་མ་ཡིན། གལ་ཏེ་ཡང་གཞལ་བྱ་ཉིད་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་མཐོང་བ་སྟེ། དེ་ལྟ་ན་ཡང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡོད་པར་ངེས་པའི་སྒོ་ནས་ནི་སྒྲ་ལ་ཐེ་ཚོམ་ཟ་བའི་རྒྱུ་མ་ཡིན་ཏེ། འོན་ཀྱང་སྒྲ་གཅིག་ལ་འགལ་བའི་རང་བཞིན་གཉིས་མི་འཐད་བའི་ཕྱིར་དང༌། རྣམ་པ་གཞན་ཡང་མི་སྲིད་པའི་ཕྱིར་ཅི་སྒྲ་རྟག་པ་ལ་གཞལ་བྱ་ཉིད་གནས་སམ། འོན་ཏེ་མི་རྟག་པ་ལ་ཡིན་ཞེས་ཆོས་ཅན་ཉིད་ལ་རྟག་པ་དང་མི་རྟག་པ་ཉིད་དུ་འཇུག་པར་དོགས་པ་ཡིན་ནོ། །ཆོས་ཅན་ལ་གང་ཡང་རུང་བ་ཡོད་པར་དོགས་པ་དེ་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པར་མ་ངེས་པ་ལ་ཡང་མཚུངས་པ་ཡིན་ནོ། །མཉན་པར་བྱ་བ་ཉིད་ཀྱང་སྔ་མ་བཞིན་དུ་ཅི་སྒྲ་རྟག་པ་ལ་ཡིན་ནམ། འོན་ཏེ་མི་རྟག་པ་ལ་ཡིན་ཞེས་ཐེ་ཚོམ་ཟ་བའི་ཕྱིར་ཐེ་ཚོམ་ཟ་བའི་གཏན་ཚིགས་ཉིད་དོ། །དེའི་ཕྱིར་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པར་ཐེ་ཚོམ་ཟ་བ་རྣམ་པ་དེ་ལྟ་བུ་བརྗོད་པ་ཡང་མ་ངེས་པ་བརྗོད་པར་བྱ་བ་འདིར་སུན་འབྱིན་པ་ཉིད་ཡིན་ཏེ། མ་ངེས་པ་བརྗོད་པ་ཡིན་པའི་ཕྱིར་རོ། །གཞན་དུ་གཏན་ཚིགས་སམ་འགལ་བར་བསྟན་པར་བྱ་བ་ལ་ནི་གོ་རིམས་བཞིན་དུ་རྒོལ་བ་དང་ཕྱིར་རྒོལ་བའི་སྡུག་པ་མ་ཡིན་ཞིང་སུན་འབྱིན་པ་ཡང་མ་ཡིན་ཏེ། གཏན་ཚིགས་དང་འགལ་བའི་སྐབས་མ་བསྟན་པའི་ཕྱིར་རོ། །གང་གི་ཚེ་སྒྲུབ་པར་བྱེད་པ་མ་ཡིན་ཞིང་སྐབས་ཀྱི་སུན་འབྱིན་པ་མ་ཡིན་ཞེ་ན། སྨྲས་པ། ཡོད་པ་དང་མེད་པ་གཉི་ག་ལ་ཐེ་ཚོམ་ཟ་བ་དཔེར་ན་སྲོག་ལ་སོགས་པ་དང་ལྡན་པ་དང་མཉན་བྱ་ལྟ་བུ་འམ། མཐུན་པའི་ཕྱོགས་ལ་ཡོད་པ་གཅིག་ལ། ཐེ་ཚོམ་ཟ་བ་སྐྱེས་བུ་འགའ་ཞིག་ནི་ཐམས་ཅད་མཁྱེན་པ་ཡིན་ཏེ། སྨྲ་བའི་ཕྱིར་རོ་ཞེས་བྱ་བ་འདི་ནི་མཐུན་པའི་


DTG187_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལ་ཡོད་པ་ལ་ཐེ་ཚོམ་ཟ་བའོ། །མི་མཐུན་པའི་ཕྱོགས་ལ་མེད་པ་གཅིག་ལ་ཐེ་ཚོམ་ཟ་བ་ནི་དཔེར་ན་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། སྨྲ་བའི་ཕྱིར་ཞེས་བྱ་བ་འདི་ནི་མི་མཐུན་པའི་ཕྱོགས་ལ་མེད་པ་ལ་ཐེ་ཚོམ་ཟ་བ་ཡིན་པ་བཞིན་ནོ། །གཅིག་ཕྱིན་ཅི་ལོག་ཏུ་གྱུར་པ་ཞེས་བྱ་བ་ནི་མ་མཐུན་པའི་ཕྱོགས་ལ་མེད་པ་སྟེ། དཔེར་ན་གཞལ་བྱ་བཞིན་དུ་སྒྲུབ་པ་མ་ཡིན་ལ་སུན་འབྱིན་པ་ཡང་མ་ཡིན་ནོ། །གཉི་ག་ཕྱིན་ཅི་ལོག་ཏུ་གྱུར་ན་མི་འགལ་བར་འགྱུར་བ་དེས་ན་གཅིག་ཅེས་སྨོས་སོ། །དངོས་པོའི་ཆོས་མི་མཐུན་པའི་ཕྱོགས་ལས་ལོག་པ་ནི་མཐུན་པའི་ཕྱོགས་ལ་ཕྱིན་ཅི་ལོག་ཏུ་གྱུར་པར་རྟོགས་པར་ནུས་པ་མ་ཡིན་ནོ། །དེ་ནི་གདོན་མི་ཟ་བ་གཅིག་ལ་གནས་དགོས་པས་མི་མཐུན་པའི་ཕྱོགས་ལ་མེད་པར་ངེས་པ་ནི་མཐུན་པའི་ཕྱོགས་ལ་ཕྱིན་ཅི་ལོག་ཏུ་སྦྱར་བར་མི་བྱའོ། །ཡང་ཅིའི་ཕྱིར་ཐེ་ཚོམ་ཟ་བ་བརྗོད་པར་སྒྲུབ་པར་བྱེད་པ་མ་ཡིན་ལ། འགལ་བ་བརྗོད་པ་ལྟར་སུན་འབྱིན་པ་ཡང་མ་ཡིན་ཞེ་ན། བཤད་པ། ངེས་པ་མེད་པའི་སྒྲུབ་པའི་ཡན་ལག་དེ་ལྟ་བུ་ནི་ནུས་པ་མེད་པ་ཡིན་པའི་ཕྱིར་རོ། །དེའི་སྒྲུབ་པའི་ནུས་པ་ནི་མེད་ན་མི་འབྱུང་བར་ངེས་པ་ཉིད་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཐུན་མོང་འབའ་ཞིག་ཏུ་ནི་མ་ཟད་དེ། སྲོག་ལ་སོགས་པ་དང་ལྡན་པ་དང་མཉན་བྱ་ཉིད་ལ་སོགས་པ་ཐུན་མོང་མ་ཡིན་པ་ལ་ཡང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་འཇུག་པ་དང་ལྡོག་པ་ཞེས་བྱ་བ་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱི་ཕྱིར་ཐེ་ཚོམ་ཟ་བའི་གཏན་ཚིགས་ཉིད་དོ། །ཅིའི་ཕྱིར་མཉན་བྱ་ཉིད་ལ་སོགས་པ་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་གཏན་མ་མཐོང་བ་དེ་དག་ལ་ཐེ་ཚོམ་ཟ་ཞེ་ན། བཤད་པ། གཉི་ག་ལས་ལྡོག་པར་ངེས་པ་ནི་འཐད་པའི་ཕྱིར་རོ། །ཅི་ལྟར་ངེས་པ་མི་འཐད་ཅེ་ན། བཤད་པ། གཉི་ག་ལས་ཕྱི་རོལ་ཏུ་གྱུར་པ་མི་སྲིད་པས་སོ། །ཕན་ཚུན་སྤངས་ཏེ་གནས་པའི་རྣམ་པ་གཉིས་པོ་དེ་དག་གིས་ནི་ཐམས་ཅད་བསྡུས་པའི་ཕྱིར་གང་ལ་གནས་པ་ན་དངོས་པོའི་ཆོས་གཉི་ག་ལས་ལྡོག་པ་ངེས་པར་འགྱུར་བའི་རྣམ་པ་གཞན་ནི་ཡོད་པ་མ་ཡིན་ནོ། །དེས་ན་དེ་དག་ལ་མ་མཐོང་ཡང་དོན་


DTG187_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ན་གཅིག་ལ་གོར་མ་ཆག་པར་ཡོད་དགོས་སོ་ཞེས་བྱ་བའི་ཕྱིར་ཐེ་ཚོམ་ཟ་བའི་གཏན་ཚིགས་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་དེ་ཉིད་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ངེས་ན་ཅི་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མ་ངེས་པ་ཡིན་ཞེ་ན། བཤད་པ། དེ་གཉིས་ལས་གཅིག་ལ་ཡང་ཡོད་པ་གང་ཡིན་པ་དེའི་ངེས་པའི་སྒྲུབ་པར་བྱེད་པ་མེད་པའི་ཕྱིར་རོ། །འདི་དག་ཉིད་ལ་ཡོད་པར་འགྱུར་རོ་ཞེས་སྤྱིར་ཡོད་པར་ངེས་པ་ཡིན་ཡང་དེ་ཙམ་གྱིས་ནི་འགའ་ཞིག་ལ་རྗེས་སུ་འགྲོ་བའམ། འགའ་ཞིག་ལས་ལྡོག་པར་ངེས་པ་མ་ཡིན་ནོ། །གལ་ཏེ་གཅིག་ལ་ཡོད་པར་ངེས་པའི་སྒྲུབ་བྱེད་ཁྱད་པར་རབ་ཏུ་བསྟན་པ་ཡིན་ན་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ངེས་པར་འགྱུར་བ་ཡིན་ན། མེད་པ་དེས་ན་ཐེ་ཚོམ་ཟ་བ་ཡིན་ནོ། །ཅི་ལྟར་མཉན་བྱ་ཉིད་ཐུན་མོང་མ་ཡིན་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་པ་དེ་ལྟར་ལན་ཅིག་མ་ཡིན་པར་བརྗོད་ཟིན་ཏོ། །སྐྱེས་བུ་གཞན་ལས་བྱུང་བ་ནི་སྐྱེས་པ་སྟེ། དེ་ལྟ་མ་ཡིན་པ་ནི་གཞན་ལས་མ་བྱུང་བའོ། །གཞན་ལས་མ་བྱུང་བར་ངེས་པའི་མངལ་གང་ཡིན་པ་སྟེ། དེ་ལྟར་གྱུར་པའི་ཡོན་ཏན་མཚུངས་པ་སྐྱེས་བུ་གང་དག་ལ་ཡོད་པ་དེ་དག་ལ་ནི་ཡོན་ཏན་མཚུངས་པ་སྟེ། ཡོན་ཏན་ནི་གཟུགས་དང༌། ལང་ཆོ་དང༌། བུད་མེད་ལ་མངལ་འཇོག་པའི་ནུས་པ་དང་ཆགས་པ་ཅན་ཉིད་དོ། །དེ་དག་ལས་སྲིད་པའི་བུད་མེད་ཀྱི་མངལ་ཏེ། མངལ་འདི་ནི་འདི་གཉིས་གང་རུང་ཞིག་གིས་བྱས་པ་ཡིན་ནོ་ཞེས་རྟོགས་པར་བྱེད་པའི་སྐྱེས་བུ་གཞན་རྣམས་ལ་ཐེ་ཚོམ་སྐྱེད་པར་བྱེད་དོ། །འདི་ལྟར་མ་ལ་དེ་གཞན་གྱིས་བྱས་པ་ནི་མ་ཡིན་ལ། དེ་གཉིས་ཀྱང་མངལ་འཇོག་པ་ལ་ཡོན་ཏན་ཐམས་ཅད་མཚུངས་པ་ཡིན་པས་དེས་ན་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་ལས་གཞན་ལས་བྱུང་བ་བཀག་པས་མངལ་གཉིས་པོ་དེ་དང་ངེས་པར་འབྲེལ་པ་ཉིད་དང༌། ཡོན་ཏན་མཚུངས་པའི་ཕྱིར་གཉིས་ལས་གཅིག་ལ་ཡང་ངེས་པ་མེད་པར་སྨྲས་པ་ཡིན་ནོ། །དེས་ན་དོན་འགའ་ཞིག་ལ་ཡང་གཉིས་པོ་དང་འབྲེལ་པ་ཉིད་དང༌། གཅིག་ལ་ངེས་པ་མེད་པ་ཐེ་ཚོམ་གྱི་རྒྱུ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དོན་


DTG187_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་སློབ་དཔོན་གྱིས་གསུངས་ཏེ། ཅི་སྐད་དུ་སྒྲུབ་པར་བྱེད་པའི་ཆོས་ཅན་གྱིས་ཐུན་མོང་མ་ཡིན་པ་དེ་ནི་ཁྱད་པར་ཅི་སྙེད་ཀྱིས་ཏེ། རྣམ་པའི་དབྱེ་བ་ཅི་སྙེད་ཀྱིས་དོན་ཐམས་ཅད་བསྡུས་པ་སྟེ། ཐམས་ཅད་སྡུད་པར་བྱ་བའི་རྣམ་པའི་ཁྱད་པར་དེ་ལ་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་དང་ལྡན་པ་སྟེ་ཐུན་མོང་མ་ཡིན་པ་དང་ལྡན་པ་ངེས་ཞེས་བྱ་བ་ཐམས་ཅད་སྡུད་པའི་ཁྱད་པར་དེས་བསྡུས་པའི་ཕྱིར་རོ། །གང་གི་ཁྱད་པར་གྱིས་ཐམས་ཅད་བསྡུས་པ་དེ་ཙམ་གྱིས་ནི་ཐེ་ཚོམ་གྱི་རྒྱུ་མ་ཡིན་པས་ན་གཏན་ཚིགས་གཉིས་པ་སྨྲས་པ། གཅིག་ཏུ་ངེས་པ་ཞེས་བྱ་བ་གཅིག་ལ་གདོན་མི་ཟ་བར་ལྡོག་པའི་ཕྱིར་ཏེ་མེད་པའི་ཕྱིར་རོ། །གཏན་ཚིགས་སྔ་མའི་དོན་བཤད་པ། དེ་དང་ལྡན་པ་དེས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་རྣམ་པའི་བྱེ་བྲག་དག་ལས་ཕྱི་རོལ་དུ་གྱུར་པའི་དོན་གང་ལ་དངོས་པོའི་ཆོས་ཐུན་མོང་མ་ཡིན་པ་འདི་གནས་པར་འགྱུར་བ་རྟག་པ་དང༌། མི་རྟག་པ་ཉིད་ཀྱི་རྣམ་པའི་ཁྱད་པར་དག་ལས་ཕྱི་རོལ་དུ་གྱུར་པ་དེ་མེད་པར་བཤད་པ་ཡིན་ནོ། །ཕྱི་རོལ་དུ་གྱུར་པ་གསུམ་པའི་རྟེན་ཡོད་ན་ནི་རྣམ་པ་གཉིས་ལ་ཐེ་ཚོམ་སྐྱེ་བར་མི་འགྱུར་རོ། །གཉི་གའི་ཆ་ལ་དམིགས་པའི་ཐེ་ཚོམ་ནི་མི་རྟག་པ་མ་ཡིན་ན་ནི་གདོན་མི་ཟ་བར་རྟག་པ་ཡིན་ལ། རྟག་པ་མ་ཡིན་ན་ཡང་གདོན་མི་ཟ་བར་འདི་ནི་མི་རྟག་པ་ཡིན་ནོ་ཞེས་རྣམ་གྲངས་ཀྱི་སྒོ་ནས་དོན་གཅིག་ཉིད་ངེས་པར་འཇོག་པ་ཡིན་ནོ། །གང་དུ་རྣམ་གྲངས་གཞན་མེད་ཀྱང་རྣམ་གྲངས་གཞན་ངེས་པར་འཇོག་པ་མ་ཡིན་པ་དེ་ནི་ཐེ་ཚོམ་མ་ཡིན་ཏེ། འོན་ཀྱང་དེ་ནི་མ་རྟོགས་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་གསུམ་པ་ཞེས་བརྗོད་པ་ཡིན་ནོ། །ཁྱད་པར་ཅི་སྙེད་ཀྱིས་ཞེས་བྱ་བས་ནི་ཕན་ཚུན་སྤངས་པས་གནས་པའི་རྣམ་པ་གཉིས་ཉིད་ཐེ་ཚོམ་གྱི་ཡུལ་དུ་བཤད་པ་ཡིན་ནོ་ཞེས་བསྟན་ཏོ། །རྣམ་པ་གཉིས་ཉིད་གཅིག་བཏང་ན་གཉིས་པ་ངེས་པར་འཐོབ་པ་ཡིན་གྱི་རྣམ་པ་ལྔ་འམ་དྲུག་ཡོངས་སུ་བཟུང་ན་ནི་དེ་དག་ལས་གཅིག་བཏང་བ་ན་གཉིས་པ་འགའ་ཞིག་ཀྱང་ངེས་པར་འཐོབ་བ་མ་ཡིན་ཏེ། རྣམ་པ་ལྔ་སྐབས་སུ་བབ་པ་ཡིན་པའི་ཕྱིར་རོ། །གཞན་ཡང་བསྒྲུབ་པར་བྱ་བའི་ཆོས་འགའ་


DTG187_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གི་སྐབས་སུ་བརྗོད་པའི་གཏན་ཚིགས་ཐུན་མོང་མ་ཡིན་པའམ། ཅིག་ཤོས་སུ་བསམ་པར་བྱ་བ་ཡིན་ནོ། །དེ་ལ་ཡང་བསྒྲུབ་པར་བྱ་བའི་ཆོས་ལས་བཟློག་པས་ཐམས་ཅད་ཕུང་པོ་གཉིས་པ་ཡིན་པའི་ཕྱིར་རོ། །རྣམ་པ་གཉིས་ཉིད་ཐམས་ཅད་སྡུད་པར་སྲིད་པ་ཡིན་ནོ་ཞེས་བྱ་བར་རིགས་སོ། །གཏན་ཚིགས་གཉིས་པ་བཤད་པའི་ཕྱིར་རོ། །གཅིག་ཏུ་ངེས་པ་ལྡོག་པར་ནི་ཞེས་སྨོས་སོ། །འདིས་ནི་རྟག་པའམ་མི་རྟག་པའི་ཕུང་པོ་གཅིག་ལ་རྟོགས་པའི་ཚད་མ་མེད་པར་བཤད་པ་ཡིན་ནོ། །ཅིའི་ཕྱིར་གཏན་ཚིགས་འདི་གཉིས་ཐུན་ཐུན་མོང་མ་ཡིན་པ་ཐེ་ཚོམ་གྱི་སྒྲུབ་བྱེད་དུ་བརྗོད་ཀྱི་གཅིག་མ་ཡིན་ཞེ་ན། བཤད་པ། གང་གི་ཕྱིར་གཏན་ཚིགས་གཉིས་པོ་འདི་ཐུན་མོང་མ་ཡིན་པའི་ཆོས་གཅིག་ལ་བསྡུས་པས་ནི་ཐུན་མོང་མ་ཡིན་པའི་རྟེན་གྱི་དངོས་པོའི་རྣམ་པའི་ཁྱད་པར་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། དེའི་ཕྱིར་གཉིས་བརྗོད་པ་ཡིན་ནོ། །ཐེ་ཚོམ་གྱི་དམིགས་པ་རྣམ་པ་གཉིས་ཐམས་ཅད་བསྡུས་པའི་ཕྱིར་ཏེ། ཁྱབ་པའི་ཕྱིར་ན་ཆོས་ཅན་ལ་གནས་པ་ནི་དེ་གཉིས་དང་འབྲེལ་པ་ཡིན་ལ། གཅིག་ལ་རྟོགས་པའི་སྒྲུབ་པར་བྱེད་པས་ནི་དེ་དག་ལ་རྗེས་སུ་འགྲོ་བ་དང་ལྡོག་པར་ཐེ་ཚོམ་ཟ་བས་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་གཉི་ག་ཆོས་གཅིག་ལ་བསྡུ་བ་ལ་ལྟོས་པར་བྱ་བ་ཡིན་ནོ། །དེ་ལྟར་ན་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བས་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །ལྡོག་པ་ངེས་པར་རྒྱུ་ཉིད་དུ་འགྱུར་རོ་ཞེས་བཤད་པ་ནི་འགའ་ཞིག་པས་ལྡོག་པ་དེས་ན་ཐུན་མོང་མ་ཡིན་པའི་ཁྱད་པར་རང་ལ་ཡོད་པའི་ཡུལ་ལ་གང་ལས་ལྡོག་པར་ངེས་པ་དེ་རྣམ་པར་གཅོད་པའི་གཏན་ཚིགས་ཉིད་ཡིན་པ་གང་གིས་བཟློག་ཅེས་ཁོ་བོས་ལེའུ་གཉིས་པར་བཤད་ཟིན་ཏོ། །གཅིག་རྣམ་པར་གཅད་པ་ཉིད་གནས་པ་ཡིན་པའི་ཕྱིར་མཉན་བྱ་ཉིད་གོ་བྱེད་དུ་འགྱུར་རོ།། དེའི་ཕྱིར་ཐུན་མོང་བ་བཞིན་དུ་ཐུན་མོང་མ་ཡིན་པ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱིས་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །འདིས་ནི་ཐུན་མོང་མ་ཡིན་པ་མ་རྟོགས་པའི་རྒྱུ་ཡིན་གྱི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ་ཞེས་གང་བརྗོད་པ་དེ་ཡང་བསལ་བ་ཡིན་ནོ། །ཕྱོགས་ཀྱི་ཆོས་ངེས་


DTG187_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པར་ཐེ་ཚོམ་ཟ་བ་ཙམ་གྱིས་ཅི་ལྟར་མ་ངེས་པར་འགྱུར་ཏེ། གང་གི་ཕྱིར་ངེས་པའི་གཏན་ཚིགས་རབ་ཏུ་སྦྱར་བ་ལ་ཡང་སྨྲ་བ་པོ་ཚུལ་གསུམ་བསྒྲུབ་པ་ལ་སྤོབས་པ་མེད་པའི་ཕྱིར་རྟོགས་པ་པོ་ཐེ་ཚོམ་དུ་འགྱུར་ན་དེ་ཙམ་གྱིས་ངེས་པའི་གཏན་ཚིགས་དེ་ཡང་གཅིག་ཏུ་ངེས་པར་ཏེ་ངེས་པ་ཁོ་ན་མ་ངེས་པ་ཉིད་ནི་མ་ཡིན་ནོ། །དེ་ལྟར་རེ་ཞིག་ཚུལ་གསུམ་མ་བསྒྲུབས་པའི་ཕྱིར་རྟོགས་པ་པོའི་ཐེ་ཚོམ་གྱི་རྒྱུ་ཡིན་པས་མ་ངེས་པར་འགྱུར་རོ། །དོན་དམ་པར་ནི་དེ་ཡང་དག་པའི་གཏན་ཚིགས་ཉིད་ཡིན་ནོ། དེའི་ཕྱིར་མ་ངེས་པ་ཉིད་དེའི་ངོ་བོ་ངེས་པ་གང་ལ་ཡོད་པའི་ཕྱོགས་ཀྱི་ཆོས་དེ་ནི་མ་ངེས་པ་ཡིན་ནོ། །དེའི་ངོ་བོ་ངེས་པ་དེ་ཡང་གང་ལས་ཤེན། བཤད་པ། བསྟན་པ་བརྗོད་པའི་ཡོན་ཏན་ཏེ་མ་ངེས་པའི་ཆོས་ངེས་པ་ཉིད་ལས་ཡིན་ཏེ། རྒྱུ་གཞན་ལས་ནི་མ་ཡིན་ནོ། །ཐུན་མོང་བ་ལ་ནི་མཐུན་པའི་ཕྱོགས་དང༌། མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་མ་ངེས་པའི་ཡོན་ཏན་ཡིན་ལ། ཐུན་མོང་མ་ཡིན་པ་ལ་ནི་མཐུན་པའི་ཕྱོགས་དང༌། མི་མཐུན་པའི་ཕྱོགས་དག་ལ་མེད་པ་ཡོན་ཏན་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི་མཐུན་པའི་ཕྱོགས་དང༌། མི་མཐུན་པའི་ཕྱོགས་ཀྱི་གཞི་དག་ལ་ཐེ་ཚོམ་ཟ་བ་དེ་ཉིད་ཡོན་ཏན་ཡིན་ནོ། །ཐེ་ཚོམ་ཟ་བ་ཇི་ལྟར་ངེས་པ་ཡིན་ཞེས་དེ་སྙམ་ནི་བསམ་པར་མི་བྱ་སྟེ། གང་གི་ཕྱིར་གལ་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ཐེ་ཚོམ་ཟ་བར་ཚད་མས་འཐད་པ་ཡིན་ན་དེའི་ཚེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ཐེ་ཚོམ་ཟ་བ་ཉིད་དུ་ངེས་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་མ་ངེས་པ་ཐམས་ཅད་ལ་ཡོན་ཏན་དུ་བརྗོད་པ་གང་ཡིན་པ་དེ་ཐམས་ཅད་ངེས་པར་བྱ་བ་ཡིན་ནོ། །དེས་ན་ངོ་བོ་ཉིད་ངེས་པ་མེད་པར་ཡོད་པ་དང་མེད་པར་ཐེ་ཚོམ་ཡོད་པ་དེ་ཙམ་གྱིས་ནི་མ་ངེས་པ་མ་ཡིན་ཏེ། གཏན་ཚིགས་ཀྱང་མ་ངེས་པར་འགྱུར་བའི་ཕྱིར་རོ་ཞེ་ན། ཅིག་ཤོས་ཀྱི་སྐྱོན་འགའ་ཞིག་ནི་དངོས་པོའི་ཡིན་གཞན་ནི་སྨྲ་བ་པོའི་ཉེས་པ་ཡིན་ནོ། །དེས་ན་གལ་ཏེ་ཡང་དག་པའི་གཏན་ཚིགས་དངོས་པོ་སྐྱོན་མེད་ཡིན་ཡང་སྨྲ་བ་པོ་དེས་རང་བཞིན་ཇི་འདྲ་བར་བསྟན་པའི་ཐེ་ཚོམ་


DTG187_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བ་དེའི་རང་བཞིན་གྱིས་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །དེའི་ཕྱིར་དངོས་པོའི་སྐྱོན་གྱིས་ཀྱང་སྐྱོན་ཅན་དུ་འགྱུར་ལ་གཏན་ཚིགས་སྟོན་པར་བྱེད་པའི་སྐྱོན་གྱིས་ཀྱང་རང་བཞིན་མ་ངེས་པའི་སྐྱོན་ཅན་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་བཤད་པ་ནི། གཞན་གྱི་དོན་གྱི་རྗེས་སུ་དཔག་པར་དངོས་པོའི་ཆོས་ནི་ངོ་བོ་སྟེ། གཏན་ཚིགས་ཉིད་དོ། །དེ་ཉིད་ལ་བརྟེན་ནས་སོ། །འདིར་སྨྲ་བ་པོ་ནི་སྟོན་པར་བྱེད་པའི་དབང་དུ་བྱས་པ་ཡིན་ལ། གཏན་ཚིགས་ནི་གསལ་བར་བྱ་བ་ཡིན་ནོ། །དེ་ལ་དངོས་པོ་ལ་ཕྱིན་ཅི་ལོག་ན་དེའི་རྒྱུ་མཚན་གྱིས་སྒྲུབ་པའི་སྐྱོན་བརྗོད་པ་ཡིན་ལ། སྨྲ་བ་པོས་ཕྱིན་ཅི་ལོག་ཏུ་བསྟན་ན་ནི་སྨྲ་བ་པོའི་སྤོབས་པའི་སྐྱོན་གྱིས་སྐྱོན་བརྗོད་པ་ཡིན་ནོ། །རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ནི་དོན་གྱི་སྐྱོན་འབའ་ཞིག་བསམ་པར་བྱ་བ་ཡིན་ནོ། །དཔེ་བསྟན་པའི་ཕྱིར་སྨྲས་པ། ཅི་ལྟར་སྐྱེས་བུའི་སྤོབས་པའི་རྒྱུ་མཚན་གྱིས། མཚང་བ་དང་རྗེས་སུ་འགྲོ་བ་མེད་པ་དང༌། རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་པ་བཞིན་ནོ། །སྐྱོན་འདི་དག་ནི་སྐབས་ཅི་ལྟ་བ་དེ་ལྟར་བཤད་པར་བྱའོ། །ཇི་ལྟར་འདི་དག་སྨྲ་བ་པོའི་སྤོབས་པའི་སྐྱོན་ཡིན་པ་དེ་བཞིན་དུ་མ་ངེས་པ་འདི་ཡང་ཡིན་ནོ། །གལ་ཏེ་དེ་ལྟ་ན་འདི་ལ་མ་ཚད་བ་བརྗོད་པ་མེད་ལ་རྗེས་སུ་འགྲོ་བ་མེད་པ་དང་ཕྱིན་ཅི་ལོག་ཏུ་བརྗོད་པ་ཡང་མེད་པ་དེས་ན་སྐྱོན་མེད་དོ་ཞེ་ན། ཇི་ལྟར་སྐྱོན་མེད་དེ། གང་གི་ཕྱིར་རྒོལ་བ་དེས་རྟོགས་པའི་རྒྱུ་མཚན་ཚུལ་གསུམ་གང་ཡིན་པ་ངེས་པར་བརྗོད་པར་བྱ་བའི་ཡོན་ཏན་དེ་བཞིན་དུ་ཞེས་བྱ་བ་རྟོགས་པའི་ཡན་ལག་ཚུལ་གསུམ་གྱི་ཡོན་ཏན་མ་ངེས་པར་བརྗོད་པའི་ཕྱིར། གཏན་ཚིགས་ཀྱི་སྐྱོན་ཉིད་དེ་མ་ངེས་པར་གཏན་ཚིགས་ཉིད་ནི་ཐེ་ཚོམ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །འོ་ན་ཕྱོགས་ཀྱི་ཆོས་ལ་ཐེ་ཚོམ་ཟ་བ་དང་གང་ཡང་རུང་བ་ལ་མ་གྲུབ་པ་ལ་ཞེས་བྱ་བ་ལ། དངོས་པོའི་དེ་ཁོ་ན་ལ་སྐྱོན་མེད་པ་ཡིན་ཡང་རྒོལ་བ་རང་ཕྱིར་རྒོལ་བ་གཉིས་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཉིད་དམ། གང་ཡང་རུང་བ་ལ་མ་གྲུབ་པར་བརྗོད་པ་སུན་འབྱིན་པར་འགྱུར་རོ། །མིག་གིས་གཟུང་བ་ལ་སོགས་པ་གཉི་ག་ལ་མ་གྲུབ་པ་ནི་དངོས་པོ་ལ་ཡང་སྐྱོན་ཅན་ཡིན་པའི་ཕྱིར་དེ་མ་སྨོས་སོ། །བསམ་པ་ནི་འདི་ཡིན་ཏེ། འགལ་བས་ནི་བསྒྲུབ་པར་བྱ་བའི་དོན་ཕྱིན་ཅི་ལོག་ཏུ་སྒྲུབ་


DTG187_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་ཕྱིར་ལ། མ་ངེས་པས་ནི་བསྒྲུབ་པའི་དོན་གྱིས་ངེས་པ་ཕྱིན་ཅི་ལོག་ཐེ་ཚོམ་སྒྲུབ་པར་བྱེད་པ་ཡིན་ན། ཐེ་ཚོམ་ཟ་བ་དང་གང་ཡང་རུང་བ་ལ་མ་གྲུབ་པ་ལ་ནི་དོན་ནམ་ངེས་པ་འགལ་ཡང་ཕྱིན་ཅི་ལོག་ཏུ་བསྒྲུབས་པ་མེད་དོ། །དཔེར་ན་རྒོལ་བསྒྲུབ་པར་བྱེད་པ་འདོད་པ་གྲུབ་པར་བྱ་བའི་ཕྱིར་ཡིན་པ་དེ་བཞིན་དུ་ཕྱིར་རྒོལ་བ་ཡང་དེ་ལས་ཕྱིན་ཅི་ལོག་གྲུབ་པར་བྱ་བའི་ཕྱིར་སུན་འབྱིན་པ་ཡིན་ནོ་ཞེ་ན། ཅིག་ཤོས་ཀྱིས་སྨྲས་པ། དེ་ནི་དེ་ལྟ་ཡིན་ཏེ་ཐེ་ཚོམ་ཟ་བ་དང་གང་ཡང་རུང་བ་ལ་མ་གྲུབ་པ་བརྗོད་པ་ནི་སུན་འབྱིན་པར་འདོད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། འདོད་པ་བསྒྲུབ་པར་བྱ་བ་ངེས་པ་མ་གྲུབ་པའི་ཕྱིར་རོ། །བསམ་པ་ནི་འདི་ཡིན་ཏེ། སུན་འབྱིན་པས་ནི་འདོད་པ་བསྒྲུབ་བྱ་ངེས་པའི་གགས་བྱ་བ་ཡིན་གྱི་སྔ་མ་མེད་པ་ནི་ཅུང་ཟད་བསྒྲུབ་པར་བྱ་བ་མ་ཡིན་ནོ། །ངེས་པའི་གགས་ནི་ཐེ་ཚོམ་ཟ་བ་དང་གང་ཡང་རུང་བ་ལ་མ་གྲུབ་པ་ཉིད་བརྗོད་པས་ཀྱང་བྱས་པའི་ཕྱིར་སུན་འབྱིན་པ་ཉིད་དོ། །ཅིག་ཤོས་ཀྱིས་གཞན་གྱི་བསམ་པ་མ་རིག་ནས། ཕྱིན་ཅི་ལོག་ཏུ་གྲུབ་པ་ཡང་མེད་པ་མ་ཡིན་ནམ་ཞེས་སྨོས་སོ། །འདོད་པ་མ་གྲུབ་པའི་ཕྱིར་རྒོལ་པའི་སྒྲུབ་བྱེད་སྒྲུབ་བྱེད་དུ་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། ཕྱིན་ཅི་ལོག་གྲུབ་པ་མེད་པའི་ཕྱིར་རྒོལ་བའི་སུན་འབྱིན་པ་ཡང་སུན་འབྱིན་པ་མ་ཡིན་པའི་ཕྱིར་ན་འདོད་པ་མ་གྲུབ་པའི་ཕྱིར་སུན་འབྱིན་པ་ཡིན་ནོ་ཞེས་ཅི་ལྟར་བརྗོད་ཅེ་ན། ཅིག་ཤོས་ཀྱིས་རང་གི་བསམ་པ་སྨྲས་པ། ཕྱིན་ཅི་ལོག་ཏུ་གྲུབ་པས་ནི་ཕྱིར་རྒོལ་བའི་ཚིག་སུན་འབྱིན་པ་མ་ཡིན་ནོ། །འོན་ཀྱང་ཕ་རོལ་གྱི་འདོད་པའི་གེགས་བྱེད་པའི་ཕྱིར་རོ། །དེ་ཡང་སྒྲུབ་པར་བྱེད་པའི་ངེས་པར་བྱེད་པའི་ནུས་པ་བཅོམ་པའི་ཕྱིར་ཡིན་ནོ། །སུན་འབྱིན་པ་བརྗོད་པས་སྔ་ན་མེད་པ་ཅུང་ཟད་སྒྲུབ་པ་ནི་མ་ཡིན་ན། འོན་ཀྱང་བསྒྲུབ་བྱ་ངེས་པའི་གེགས་བྱ་བ་ཡིན་ནོ། །འགལ་བ་དང་མ་ངེས་པ་བརྗོད་པ་དག་གིས་ནི་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་དང༌། ཐེ་ཚོམ་སྐྱེད་པའི་ཕྱིར་དེའི་གེགས་བྱེད་པ་ཡིན་ལ། མ་གྲུབ་པའི་བརྗོད་པས་ནི་སྒྲུབ་པར་བྱེད་པའི་བསྒྲུབ་པར་བྱ་བ་ལ་བསྒྲུབ་པར་བྱ་བར་ངེས་པར་བྱེད་པའི་ནུས་པ་འཇོམས་པས་གེགས་བྱེད་པ་ཡིན་ཏེ། གཏན་ཚིགས་མེད་ན་ངེས་པ་མེད་


DTG187_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །གདོན་མི་ཟ་བར་འདི་ཉིད་ཁས་བླང་བར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་དོན་ཕྱིན་ཅི་ལོག་པ་སུན་འབྱིན་པའི་བསྒྲུབ་བྱ་ཡིན་ནམ། འོན་ཏེ་ངེས་པ་ཕྱིན་ཅི་ལོག་པ་ཡིན། གལ་ཏེ་དོན་ཕྱིན་ཅི་ལོག་ཡིན་ནོ་ཞེ་ན། གཞལ་བྱ་ཉིད་ལ་སོགས་པ་མ་ངེས་པ་དག་ལ་དོན་ཕྱིན་ཅི་ལོག་ཡོད་པ་མ་ཡིན་ནོ། །འོན་ཏེ་ངེས་པ་ཕྱིན་ཅི་ལོག་པ་ཡིན་ནོ་ཞེ་ན། མ་ངེས་པ་དག་ལ་ནི་ངེས་པ་ཕྱིན་ཅི་ལོག་པའི་ཐེ་ཚོམ་ཡོད་དུ་ཆུག་ན། འོན་ཀྱང་མིག་གིས་གཟུང་བ་ཉིད་ལ་ཕྱིན་ཅི་ལོག་ཅི་ཞིག་ཡོད། མིག་གིས་གཟུང་བ་ཉིད་ལས་ནི་རྟག་པ་དང་མི་རྟག་པར་ཐེ་ཚོམ་ཟ་བ་མ་ཡིན་ཏེ། སྒྲ་དང་མ་འབྲེལ་པའི་ཕྱིར་རོ། །ཅིག་ཤོས་ཀྱིས་སྨྲས་པ། གཉི་ག་ལ་གྲུབ་པར་ཏེ་གྲུབ་པ་ཉིད་དུ་བསྟན་པར་བྱ་བའི་གཏན་ཚིགས་གཉི་ག་ལ་མ་གྲུབ་པ་གཉི་ག་ལ་གྲུབ་པ་མེད་པ་ནི་གཏན་ཚིགས་ངེས་པའི་ཕྱིན་ཅི་ལོག་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན། སྐབས་ཀྱིས་གཏན་ཚིགས་ངེས་པ་འདི་ལ་ཡང་ཕྱིན་ཅི་ལོག་པ་ཁྱོད་ཀྱིས་ཚིག་གིས་ཁས་བླངས་པ་ཡིན་ནོ་ཞེས་བཤད་པ་ནི། འོ་ན་ནི་འདིར་ཡང་སྟེ་ཐེ་ཚོམ་ཟ་བ་དང༌། གང་ཡང་རུང་བ་ལ་མ་གྲུབ་པ་ལ་ཡང་ངེས་པ་ཉིད་དུ་བསྟན་པར་འོས་བ་སུན་འབྱིན་པས་མ་ངེས་པར་བསྟན་པ་ཕྱིན་ཅི་ལོག་ཏུ་གྲུབ་པ་ཡིན་ནོ། །དེ་ལྟ་ཡིན་དང་བསྒྲུབ་བྱ་ངེས་པ་ལས་བཟློག་པ་ངེས་པ་མེད་པ་ཅི་སྟེ་ཁས་མི་ལེན་ཏེ། དེས་ན་བསྒྲུབ་བྱ་ངེས་པ་ལས་བཟློག་པ་ཡང་ཡོད་པར་བརྗོད་པར་བལྟའོ། །དེའི་ཕྱིར་སྤོབས་པ་མེད་པས་རྗེས་སུ་འགྲོ་བ་དང༌། ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི་མ་ངེས་པ་ཡིན་ལ། དེ་ལྟ་བུའི་རྣམ་པ་བརྗོད་པ་ཡང་ཕྱིར་རྒོལ་བ་སུན་འབྱིན་པ་ཡིན་ནོ་ཞེས་གནས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་གཏན་ཚིགས་དང་འགལ་བ་དེ་ནི་ཡོད་པ་དང་མེད་པ་ངེས་པ་ན་རྒོལ་བའི་སྒྲུབ་པ་དང༌། ཕྱིར་རྒོལ་བ་དང་སུན་འབྱིན་པར་འགྱུར་བ་ཡིན་ནོ། །མ་ངེས་པ་ནི་ཡོད་པ་དང་མེད་པ་ལ་ཐེ་ཚོམ་དུ་གྱུར་པ་ན་སུན་འབྱིན་པ་ཡིན་ནོ། །དེ་དག་ཀྱང་ཅི་རིགས་པར་ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་བ་དང་ལྡོག་པའི་ངེས་བར་བྱ་བ་ཡིན་ནོ། །མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པའི་ཕྱོགས་ཀྱི་ཆོས་དགུ་


DTG187_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ནི། གཞལ་བྱ་ཉིད་ནི་མཐུན་པའི་ཕྱོགས་རྟག་པ་ལ་ཡོད་པ་མི་མཐུན་པའི་ཕྱོགས་ལ་ཡོད་པའོ། །བྱས་པ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་མི་མཐུན་པའི་ཕྱོགས་ལ་མེད་པའོ། །མི་རྟག་པ་ཉིད་ནི་མཐུན་པའི་ཕྱོགས་རྩོལ་བ་ལས་བྱུང་བ་ལ་ཡོད་པ་མི་མཐུན་པའི་ཕྱོགས་ལ་རྣམ་པ་གཉི་ག་སྟེ། བརྩལ་མ་ཐག་ཏུ་བྱུང་བ་མ་ཡིན་པ་གློག་ལ་སོགས་པ་ལ་ནི་ཡོད་པ་ནམ་མཁའ་ལ་སོགས་པ་ནི་མེད་པའོ། །རྟག་པ་བསྒྲུབ་པར་བྱ་བ་ལ་བྱས་པ་ཉིད་ནི་མཐུན་པའི་ཕྱོགས་ལ་མེད་པ་མི་མཐུན་པའི་ཕྱོགས་ལ་ཡོད་པའོ། །སྲོག་ལ་སོགས་པ་དང་ལྡན་པ་ཉིད་ནི་མཐུན་པའི་ཕྱོགས་བདག་དང་བཅས་པ་ལ་མེད་པ་མི་མཐུན་པའི་ཕྱོགས་ལ་མེད་པའོ། །རྩོལ་བ་ལས་བྱུང་བ་ཉིད་ནི་རྟག་པ་བསྒྲུབ་པར་བྱ་བ་ལ་མཐུན་པའི་ཕྱོགས་ལ་མེད་པ་མི་མཐུན་པའི་ཕྱོགས་བུམ་པ་ལ་སོགས་པ་ལ་ཡོད་པ་གློག་ལ་སོགས་པ་ལ་མེད་པའི་ཕྱིར་རྣམ་པ་གཉི་གའོ། མི་རྟག་པ་ཉིད་ནི་རྩོལ་བ་ལས་མ་བྱུང་བ་བསྒྲུབ་པར་བྱ་བ་ལ། ནམ་མཁའ་ལ་སོགས་པ་ལ་མེད་པ་རྩོལ་བ་ལས་མ་བྱུང་བ་གློག་ལ་སོགས་པ་ལ་ཡོད་པས་མཐུན་པའི་ཕྱོགས་ལ་གཉི་ག་མི་མཐུན་པའི་ཕྱོགས་རྩོལ་བ་ལས་བྱུང་བ་མཐའ་དག་ལ་ཡོད་པ་ཡིན་ནོ། །མི་རྟག་པ་ཉིད་བསྒྲུབ་པ་ན་རྩོལ་བ་ལས་བྱུང་བ་ཉིད་ནི་མཐུན་པའི་ཕྱོགས་ལ་གཉི་ག་མི་མཐུན་པའི་ཕྱོགས་ལ་མེད་པའོ། །རྟག་པ་ཉིད་བསྒྲུབ་པ་ལ་རེག་པར་བྱ་བ་མ་ཡིན་པའི་མཚན་ཉིད་ཅན་གྱི་ལུས་ཅན་མ་ཡིན་པ་ཉིད་ནི་རྟག་པའི་རྡུལ་ཕྲ་རབ་དག་ལ་ནི་མེད་ལ། ནམ་མཁའ་ལ་སོགས་པ་ལ་ནི་ཡོད་པའི་ཕྱིར་མཐུན་པའི་ཕྱོགས་ལ་གཉི་ག་མི་མཐུན་པའི་ཕྱོགས་མི་རྟག་པ་བུམ་པ་ལ་སོགས་པ་ལ་ནི་མེད་ལ། མི་རྟག་པའི་ལས་ལ་ཡོད་པའི་ཕྱིར་ན་རྣམ་པ་གཉི་ག་ཡིན་ནོ། །འདིས་ནི་ཕྱོགས་ཀྱི་ཆོས་བསྟན་ཏོ། །མི་མཐུན་པའི་ཕྱོགས་ལ་ལྟོས་ནས་དབྱེ་བ་མི་སྲིད་པར་བསྟན་པའི་ཕྱིར་སྨྲས་པ། དབྱེ་བ་བྱ་བ་ལ་དབྱེ་བར་བྱ་བའི་ཆེད་དུ་མེ་མཐུན་པའི་ཕྱོགས་ལ་ལྟོས་ནས་མི་མཐུན་པའི་ཕྱོགས་ལ་ཕྱོགས་ཀྱི་ཆོས་ཡོད་པ་འམ་མེད་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་ཞེ་ན། མེ་དང་ནི་གཞི་སྟེ་རྟེན་གྱི་ནུས་པ་དང་མི་ལྡན་པའི་ཕྱིར་རོ། །ཡོད་པ་ནི་ནུས་པ་དང་ལྡན་པ་ཡིན་


DTG187_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ནུས་པ་ཡང་གཞི་ཡིན་པའི་ཕྱིར་ཅི་ལྟར་མེད་པ་ལ་འགྱུར་ཞེ་ན། རྩོད་པ་འདི་ནི་སྤངས་ཟིན་པ་ཡིན་ནོ་ཞེས་བཤད་པ་ནི། རྩོད་པ་འདི་ལ་མེད་པ་ལ་ཅི་ལྟར་འགོག་པ་དེ་ལྟར་ནི་བཤད་ཟིན་ལ། ཇི་ལྟར་མི་མཐུན་པའི་ཕྱོགས་ནི་དེ་མ་ཡིན་པའི་མཚན་ཉིད་ཡིན་པ་དེ་མ་ཐག་པ་ཁོ་ནར་བཤད་ཟིན་ཏོ། །མེད་པ་ལ་འགོག་པའི་ཕྱིར་ནི་མི་མཐུན་པའི་ཕྱོགས་མེད་པ་ལ་ཡང་གཏན་ཚིགས་མེད་པ་ཡིན་ལ། གཞན་པ་དང་འགལ་བ་དག་ལ་ཡང་དེ་མ་ཡིན་པའི་མཚན་ཉིད་ཀྱི་མི་མཐུན་ཕྱོགས་ཡོད་པས་ནི་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མེད་པ་ཡིན་ནོ། །རྩོད་པ་གང་ཞིག་སྤྲོ་བའི་ཕྱིར་བཤད་ཟིན་པ་འདི་ཡང་ཉེ་བར་བཀོད་པའི་རྩོད་པ་དེ་བསྟན་པའི་ཕྱིར། འདི་མི་མཐུན་པའི་ཕྱོགས་ཡིན་ན་ཞེས་སྨོས་སོ། །དེ་མ་ཡིན་པའི་མཚན་ཉིད་ཡིན་པའི་ཕྱིར། གཞན་པ་མི་མཐུན་པའི་ཕྱོགས་ཡིན་ན་གཏན་ཚིགས་མེད་པར་ཐལ་བར་འགྱུར་རོ། །ཅི་ལྟར་ཞེ་ན། བུམ་པ་ལ་སོགས་པའི་ཆོས་ཅན་ཐམས་ཅད་བསྒྲུབ་བྱ་མི་རྟག་པ་ཉིད་ལས་ཆོས་གཞན་མིག་གིས་གཟུང་བ་ཉིད་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །ཆོས་གཅིག་ཉིད་དང་ལྡན་པ་ནི་འགའ་ཡང་མི་སྲིད་ལ། ཆོས་ཙམ་ལ་ཆོས་གནས་པ་ཡང་མ་ཡིན་གྱི། འོན་ཀྱང་ཆོས་ཅན་ཉིད་ལ་ཡིན་ནོ། དེའི་ཕྱིར་བསྒྲུབ་བྱའི་ཆོས་ལས་གཞན་པ་དང་ལྡན་པའི་ཆོས་ཅན་ནི་གཞན་ཡིན་ལ། དེ་ཉིད་ཀྱང་མི་མཐུན་པའི་ཕྱོགས་ཡིན་པས་མིག་གིས་གཟུང་བ་ཉིད་དང་ལྡན་པའི་བུམ་པ་ལ་སོགས་པ་ཡང་གཞན་པ་མི་མཐུན་པའི་ཕྱོགས་སུ་འགྱུར་ལ། དེ་ལ་ཞུགས་པའི་གཏན་ཚིགས་ཀྱང་མི་མཐུན་པའི་ཕྱོགས་ལ་འཇུག་པར་འགྱུར་རོ། །དེས་ན་དཔེ་ལ་ཡོད་པའི་གཏན་ཚིགས་ཐམས་ཅད་མ་ངེས་པར་འགྱུར་ཞེ་ན། ཅིག་ཤོས་ཀྱི་སྒྲའི་དོན་རྣམ་པར་གཞག་པ་ལ་འཇིག་རྟེན་ཚད་མར་མཐོང་ནས་སྨྲས་པ། གཏན་ཚིགས་མེད་པར་ཐལ་བར་མི་འགྱུར་རོ། །གང་གི་ཕྱིར་བསྟན་བཅོས་བྱེད་པ་འཇིག་རྟེན་པའི་སྒྲའི་དོན་ལས་འདས་ནས་འཇུག་པ་ནི་མ་ཡིན་ལ། འཇིག་རྟེན་ན་སྐབས་ཀྱི་ཆོས་ལས་ཆོས་གཞན་དང་ལྡན་པ་ལ་དགག་པ་འཇུག་པ་ནི་མེད་དོ། །བྲམ་ཟེ་མ་ཡིན་པ་ཞེས་བྱ་བ་ཡིན་ནོ། །བྲམ་ཟེའི་སྒྲ་འཇུག་པའི་རྒྱུ་མཚན་བྲམ་ཟེའི་


DTG187_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལས་གཞན་པའི་ཆོས་དང་ལྡན་པའི་སྐྱེས་བུ་ལ་བྲམ་ཟེ་མ་ཡིན་པར་བརྗོད་པ་ནི་མ་ཡིན་ནོ། །འདི་ག་ལས་ཤེ་ན། དེའི་རིགས་དང་ལྡན་པ་ཞེས་སྨོས་སོ། །གལ་ཏེ་བྲམ་ཟེ་ལས་གཞན་པའི་སྐྱེས་བུ་ལ་བྲམ་ཟེ་མ་ཡིན་པ་ཞེས་བྱ་བའི་སྒྲ་འཇུག་ན་ནི་དེའི་ཚེ་དེའི་ཞེས་བྱ་བ་བྲམ་ཟེའི་རིགས་དང་ལྡན་པའི་སྤྱིར་སྐྱེས་བུ་དེ་ཉིད་བྲམ་ཟེ་ཡིན་ལ། བྲམ་ཟེ་ལས་ཆོས་གཞན་པ་དང་འབྲེལ་པའི་ཕྱིར་བྲམ་ཟེ་མ་ཡིན་པ་ཡང་ཡིན་ནོ་ཞེས་འཇིག་རྟེན་ན་བརྗོད་པར་འགྱུར་བ་ཞིག་ན། གཅིག་པོ་དེ་ཉིད་བྲམ་ཟེ་མ་ཡིན་པ་དག་གིས་ཐ་སྙད་བྱས་པར་རྟོག་པ་ནི་མེད་དོ། །འོན་ཅི་ལྟར་བྲམ་ཟེ་མ་ཡིན་པ་ཞེས་ཐ་སྙད་བྱེད་པར་རྟོགས་ཤེ་ན། བཤད་པ། བརྗོད་པ་འདོད་པ་བྲམ་ཟེའི་སྒྲ་འཇུག་པའི་རྒྱུ་མཚན་བྲམ་ཟེའི་ཆོས་ཀྱི་གཞི་མ་ཡིན་པའི་དངོས་པོའོ། །དགག་པ་ནི་གཞན་བརྗོད་པར་འདོད་པ་ཡིན་ལ། ཆོས་གཞན་དག་ཀྱང་བྲམ་ཟེ་ལས་གཞན་མ་ཡིན་ནམ། དེ་ཡང་བྲམ་ཟེ་མ་ཡིན་པར་ཇི་སྟེ་མི་བརྗོད་ཅེ་ན། བཤད་པ། དགག་པའི་ཡུལ་གཞན་ཡིན་ཡང་བརྡ་ནི་ཡུལ་རྣམ་པར་ཕྱེ་ནས་འཇུག་པའི་ཕྱིར་རོ། །སྒྲ་ནི་བརྡ་དང་རྗེས་སུ་མཐུན་པར་རྗོད་པར་བྱེད་པ་ཡིན་གྱི། དངོས་པོའི་རང་བཞིན་གྱི་རྗེས་སུ་བྱེད་པ་ནི་མ་ཡིན་ནོ། །ཆོས་གཞན་དང་ལྡན་པ་ཙམ་ལ་ནི་དགག་པ་བརྡར་བྱས་པ་ཡང་མ་ཡིན་གྱི། འོན་ཀྱང་དགག་པའི་བསྡུ་བ་ཚིག་ཕྱི་མ་འཇུག་པའི་རྒྱུ་མཚན་བྲམ་ཟེ་ཉིད་བཀག་ནས་ཁྱད་པར་ཅན་གྱི་རྫས་གཞན་ལ་སྦྱར་བ་ཡིན་ནོ། །དེས་ན་ཚིག་ཕྱི་མའི་འཇུག་པའི་རྒྱུ་མཚན་སྤངས་ནས་དེ་བཀག་པ་དང་ལྡན་པ་གཞན་ལ་དགག་བ་འཇུག་པ་ཡིན་ནོ། །དེ་བཞིན་དུ་མི་མཐུན་པའི་ཕྱོགས་ཀྱི་སྒྲ་ཡང་ཕྱོགས་ཀྱི་སྒྲས་བརྗོད་པར་བྱ་བའི་དོན་བསྒྲུབ་བྱ་དང་ལྡན་པ་སྤངས་ནས་གཞན་ལ་འཇུག་པ་ཡིན་ནོ། །མཚན་ཉིད་གཞན་བསྟན་པའི་ཤུགས་ཀྱིས་ཀྱང་དེ་ལྟ་བུ་ནི་མཐུན་པའི་ཕྱོགས་སུ་འགྱུར་བ་བསལ་བའི་ཕྱིར། མཐུན་པའི་ཕྱོགས་ཀྱི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཞིག་བསྟན་ན་སྐབས་སུ་བབ་པའི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་མི་འགལ་བ་དེ་འདྲ་བ་ནི་མི་མཐུན་པའི་ཕྱོགས་སུ་བསྟན་པར་བྱ་བ་ཡིན་ན། འདི་ལྟ་བུ་མི་མཐུན་པའི་ཕྱོགས་སུ་འདོད་ན་ནི་མི་སྲིད་པ་ཞེས་བྱ་བ་མཐུན་


DTG187_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་ཀྱི་མཚན་ཉིད་འགལ་བ་ཡོད་པ་ཡིན་ན། །དེས་ན་སྔར་གྱི་འཇིག་རྟེན་པའི་དབང་དང་འགལ་བར་འགྱུར་བ་འདིའི་ཕྱིར་ན་ཡང་དེ་ལྟར་མི་མཐུན་པའི་ཕྱོགས་རྟོགས་པ་དག་མ་ཡིན་ནོ། །མཐུན་པའི་ཕྱོགས་ཀྱི་མཚན་ཉིད་འགལ་བ་བསྟན་པའི་ཕྱིར་བཤད་པ་ནི། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དག་ཐམས་ཅད་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་ན་ངག་འདི་ལ་གལ་ཏེ་བསྒྲུབ་བར་བྱ་བའི་ཆོས་ཀྱི་སྤྱི་ཁོ་ནས་མཚུངས་པ་ཞེས་མཚུངས་པའི་དོན་ངེས་པར་བྱེད་ན། མཐུན་པའི་ཕྱོགས་འགའ་ཡང་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བཤད་པ། རྣམ་པ་དེ་ལྟ་བུ་བསྒྲུབ་པར་བྱ་བའི་ཆོས་འབའ་ཞིག་གིས་མཚུངས་པ་ནི་འགའ་ཡང་མི་སྲིད་པའི་ཕྱིར་ཏེ། དེ་ལས་གཞན་དངོས་པོ་ཉིད་ཀྱིས་ཀྱང་དེ་མཚུངས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ངེས་པར་གཟུང་པ་ནི་མ་ཡིན་གྱི། འོན་ཀྱང་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་མཚུངས་པ་ཉིད་གང་ཡིན་པའོ་ཞེས་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་མ་འབྲེལ་པ་སྤངས་པ་ཡིན་ཏེ། འདི་དང་མ་འབྲེལ་བ་ནི་མཐུན་པའི་ཕྱོགས་མ་ཡིན་ནོ་ཞེས་བྱ་བ་ཡིན་གྱི། ཆོས་གཞན་དང་འབྲེལ་པ་སྤོང་བ་ནི་མ་ཡིན་ནོ། །དེའི་ཕྱིར་ཕྱོགས་དང་འབྲེལ་པའི་ཆོས་གཞན་མ་སྤངས་པ་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་གང་ཡིན་པ་དང་འབྲེལ་པ་སྟེ་བདག་ཉིད་དང་རྗེས་སུ་འབྲེལ་བའི་བུམ་པ་ལ་སོགས་པ་དེ་ནི་ཕྱོགས་སུ་བྱེད་དོ། །རྒྱུ་དེས་ན་མི་མཐུན་པའི་ཕྱོགས་ཞེས་བྱ་བའི་སྒྲས་ཆོས་གཞན་དང་ལྡན་པའི་གཞན་ཐམས་ཅད་རྟོགས་པ་ནི་མ་ཡིན་ཏེ། མཐུན་པའི་ཕྱོགས་མེད་པར་ཐལ་བའི་ཕྱིར་རོ། །འོན་ཀྱང་ཚིག་ཕྱི་མ་འཇུག་པའི་རྒྱུ་མཚན་གྱི་ཆོས་མེད་པ་དང་ལྡན་པའི་ཆོས་ཅན་ནོ། །དེའི་ཕྱིར་དགག་པའི་བསྡུ་བས་སྐབས་སུ་བབ་པའི་ཆོས་དང་བྲལ་བ་གཞན་གཟུང་བའི་ཕྱིར་གཞན་པ་མི་མཐུན་པའི་ཕྱོགས་སུ་གཟུང་ཡང་གཏན་ཚིགས་མེད་པར་ཐལ་བའི་སྐྱོན་ནི་འགའ་ཡང་མེད་དོ། །འདི་ནི་འགལ་བ་རྣམ་པར་གཅོད་པར་ཐལ་བའི་ཕྱིར་དང༌། གཏན་ཚིགས་མེད་པར་ཐལ་བའི་ཕྱིར་རོ་ཞེས་ཀུན་ལས་བཏུས་པའི་གཞུང་རྟོགས་པར་བྱེད་པའི་ཊཱི་ཀ་བྱེད་པ་རྣམས་མ་འབྲེལ་པར་བརྗོད་པ་ཉིད་དུ་བསྟན་པའི་ཕྱིར་ཉེ་བར་


DTG187_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་ཡིན་ནོ། །གལ་ཏེ་གཏན་ཚིགས་ཀྱི་སྐབས་མདོར་བསྡུས་ནས་བརྗོད་པར་འདོད་པ་ཡིན་ན། ཇི་ཙམ་ཞིག་ལ་གོ་བར་བྱེད་བ་ཡོད་པ་དེ་བདག་ཉིད་བསྟན་པར་བྱ་བའི་དགུ་པོ་འདི་དག་བསྟན་པས་ཅི་བྱ་ཞེ་ན། ཕྱོགས་ཀྱི་ཆོས་བསྟན་པ་གཉིས་ནི་གཏན་ཚིགས་ཡིན་ལ་གཉིས་ནི་འགལ་བ་ཡིན་ནོ། །ཅིའི་དོན་དུ་ཞེ་ན། རང་བཞིན་དང་འབྲས་བུ་དག་གྲུབ་པར་བྱ་བའི་དོན་དུའོ། །རང་བཞིན་དང་འབྲས་བུ་ནི་གཏན་ཚིགས་དང་འགལ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཕྱོགས་ཀྱི་ཆོས་རྣམ་པ་བཞི་བསྟན་པ་ཡིན་ནོ། །ཁྱད་པར་དང་སྤྱིའི་ནི་ཁྱད་པར་དང་སྤྱི་དག་སྟེ། ཐུན་མོང་མ་ཡིན་པ་ཡིན་པ་དང་ཐུན་མོང་བའི་ཕྱོགས་ཀྱི་ཆོས་ཏེ། རྩོད་པའི་གནས་ཡིན་པའི་ཕྱིར་ཉེ་བར་བསྟན་ཏོ། །གཞན་དག་སྲོག་ལ་སོགས་པ་དང་ལྡན་པ་ཐུན་མོང་མ་ཡིན་པ་ནི་ལྡོག་པ་ཅན་གྱི་གཏན་ཚིགས་སུ་འདོད་ལ། གཞལ་བྱ་ཉིད་ནི་རྗེས་སུ་འགྲོ་བ་ཅན་ཡིན་ན ཞེས་རྩོད་པ་ཡོད་དོ། །ཕྱོགས་ཀྱི་ཆོས་ལྷག་མ་ནི་ལྡོག་པའི་སྒྲུབ་པར་བྱེད་པ་ཡིན་ནོ། །ཕྱོགས་ཀྱི་ཆོས་འདི་རྣམས་ཀྱིས་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་དང་ལྡན་པའི་གཏན་ཚིགས་ནི་སྐབས་སུ་བབ་པའི་བསྒྲུབ་བྱ་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་བརྗོད་པ་ཡིན་ནོ། །དེའི་ཕྱིར་གོ་བར་བྱེད་པའི་ཕྱོགས་ཀྱི་ཆོས་དང༌། རྩོད་པའི་གཞིར་གྱུར་པ་དང༌། གོ་བར་བྱེད་པ་རྣམས་ཀྱི་ལྡོག་པའི་ཡུལ་གོ་བར་བྱེད་པའི་རྟོགས་པའི་གཏན་ཚིགས་བསྟན་པ་ཡིན་གྱི། སྐབས་སུ་ཉེ་བར་མི་མཁོ་བ་ནི་མ་ཡིན་ནོ། །ཚིག་ལེའུར་བྱས་པའི་དོན་ཉིད་དགྲོལ་བའི་ཕྱིར་བཤད་པ། རང་བཞིན་འབྲས་བུ་དག་ཁོ་ན་ངོ་བོ་ཉིད་ཀྱིས་འབྲེལ་བའི་ཕྱིར་དངོས་པོ་གོ་བར་བྱེད་པ་ཉིད་དང༌། བསྒྲུབ་པར་བྱ་བ་ལས་བཟློག་པ་དང༌། རང་བཞིན་འབྲེལ་པའི་ཕྱིར་ཕྱིན་ཅི་ལོག་ཏུ་བྱེད་པའི་འགལ་བ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་མི་རྟག་པ་བསྒྲུབ་པར་བྱ་བ་ལ་བྱས་པའི་ཕྱིར་དང༌། བརྩལ་མ་ཐག་ཏུ་བྱུང་བའི་ཕྱིར་རོ་ཞེས་བྱ་བའི་ཕྱོགས་ཀྱི་ཆོས་གཏན་ཚིགས་གཉིས་ཉེ་བར་བསྟན་པ་དང༌། སྒྲ་རྟག་པར་བསྒྲུབ་པར་བྱ་ལ་དེ་དག་ཉིད་འགལ་བར་འགྱུར་བ་ཡིན་ནོ། །བྱས་པ་ནི་རང་བཞིན་ཡིན་ལ། རྩོལ་བ་ལས་བྱུང་བ་ནི་འབྲས་


DTG187_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡིན་ནོ། །བྱས་པ་ནི་རང་བཞིན་དུ་འདོད་པ་རྩོལ་བ་ལས་བྱུང་བ་ནི་འབྲས་བུར་འདོད་པ་འདི་དགག་ལས་ཤེ་ན། རང་བཞིན་ལས་གཞན་ནི་ཞེས་སྨོས་ཏེ། རང་བཞིན་ལས་གཞན་པའི་གཏན་ཚིགས་ནི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཡོད་པ་མི་སྲིད་དེ། གཞན་ནི་བསྒྲུབ་པར་བྱ་བ་ཁྱད་པར་མི་འཐད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་ནི་འབྲས་བུ་ལ་འཁྲུལ་པའི་ཕྱིར་ཏེ། འབྲས་བུ་མེད་ཀྱང་འབྱུང་བའི་ཕྱིར་རོ། །རྒྱུ་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་པས་ན་འབྲས་བུ་ནི་རྒྱུ་ལ་ཁྱབ་པ་མ་ཡིན་ནོ། །དེའི་ཕྱིར་འབྲས་བུ་ནི་མཐུན་པའི་ཕྱོགས་ལ་རྣམ་པ་གཉིས་སུ་སྟེ་དབྱེ་བ་གཉིས་ཀྱིས་འཇུག་གོ །བརྩལ་མ་ཐག་ཏུ་བྱུང་བ་ཉིད་དུ་རྣམ་པ་གཉིས་སུ་འཇུག་པས་དེའི་འབྲས་བུ་ཡིན་ནོ། །ཅི་ལྟར་ན་བརྩལ་མ་ཐག་ཏུ་བྱུང་བ་ཉིད་མཐུན་པའི་ཕྱོགས་ལ་རྣམ་པ་གཉིས་སུ་འཇུག་ཅེ་ན། མི་རྟག་པ་ཡིན་པ་ཙམ་གྱིས་ནི་ཞེས་སྨོས་ཏེ། མི་རྟག་པ་ཡིན་པའི་ཕྱིར་ཙམ་གྱིས་ནི་ཐམས་ཅད་འབྲས་བུ་བརྩལ་བ་ཞེས་བྱ་བ་སྐྱེས་བུའི་བྱེད་པ་དེའི་དེ་མ་ཐག་ཏུ་བྱུང་བའི་ངང་ཚུལ་གང་ལ་ཡོད་པའི་ཤེས་པ་རྩོམ་པ་མ་ཡིན་ཏེ། རྩོམ་པར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པ་བྱེད་པ་ཉིད་ནི་མི་རྟག་པ་འགའ་ཞིག་ལ་ཡོད་པ་ཡིན་ལ། དེ་ཉིད་ལས་ཀྱང་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་རྣམ་པ་གཉིས་སུ་གནས་སོ། །བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པ་གང་ཡིན་པ་དེ་ཡུལ་མི་རྟག་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་འདི་ཅི་ལྟར་ངེས་པ་ཡིན། གལ་ཏེ་ཡུལ་ཉིད་རྩོམ་པ་ལ་རག་ལས་པ་ཡིན་ན་ནི་མི་རྟག་པར་འགྱུར་བ་ཡིན་ནོ། དེའི་དེ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཤེས་པ་ཉིད་རྩོལ་བའི་འབྲས་བུ་ཡིན་གྱི་ཡུལ་ནི་མ་ཡིན་ནོ། །དེའི་ཕྱིར་རྩོལ་བས་བྱུང་བའི་ཤེས་པ་མི་རྟག་པ་ནི་ཡུལ་རྟག་པའི་འབྲས་བུར་རུང་བ་ཡིན་ནོ། །འོ་ན་ནི་བུམ་ཕ་ཡང་རྟག་པ་རྩོལ་བས་བསྐྱེད་པའི་ཤེས་པའི་ཡུལ་ཡིན་ནོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། བུམ་པ་ན་འགྲུབ་པ་ན་རྩོལ་བའི་རྗེས་སུ་བྱེད་པའི་རང་བཞིན་མངོན་སུམ་ཡིན་པས་རྩོལ་བ་


DTG187_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་ལྟོས་པར་གྲུབ་པའི་ཤེས་པས་གཟུང་བ་ཡིན་ནོ། །སྒྲ་ནི་རིམ་གྱིས་རྩོལ་བ་ལས་སྐྱེ་བར་མི་མཐོང་གི །འོན་ཀྱང་རྟག་པ་རྩོལ་བ་ཡོད་ན། རང་བཞིན་ཡོངས་སུ་རྫོགས་པར་གཟུང་བ་ཡིན་ནོ། །དེའི་ཕྱིར་སྒྲ་ཉིད་རྟག་པ་རྩོལ་བས་བསྐྱེད་པའི་ཤེས་པས་གཟུང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་དཔྱོད་པ་པའི་ཡིན་ནོ། །སྒྲ་སྔར་ཡོད་པ་དེའི་ཤེས་པ་ངེས་པར་རྩོལ་བ་ལས་འབྱུང་བར་རིགས་པ་མ་ཡིན་ཏེ། རེས་འགའ་ནི་འགྱུར་རོ། །དེ་མི་རིགས་པའི་ཕྱིར་ན་སྔར་བརྗོད་པ་ཉིད་རྗེས་སུ་དཔག་གོ །དེའི་དོན་ནི་འདི་ཡིན་ཏེ། གལ་ཏེ་སྒྲ་རྟག་པ་ཡིན་ན་དེའི་ཤེས་པ་རྩོལ་བ་ལ་ལྟོས་པར་མི་འགྱུར་རོ་ཞེས་བྱ་བའོ། །ཅི་ལྟར་རྟག་པའི་ཤེས་པ་རྩོལ་བ་ལ་ལྟོས་པར་མི་འགྱུར་ཞེ་ན། བཤད་པ། སྒྲའི་སྒྲིབ་པར་བྱེད་པ་དང་དབང་པོ་དང་སྒྲ་སྟེ། དེ་དག་ལ་རྩོལ་བ་ཉེ་བར་སྦྱོར་བ་མེད་པའི་ཕྱིར་རྟག་པའི་ཤེས་པ་ནི་རྩོལ་བའི་འབྲས་བུ་མ་ཡིན་ནོ། །ཡུལ་དང་དབང་པོ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྣམ་པར་ཤེས་པའི་རྒྱུ་ཡིན་པར་རྣམ་པར་གཞག་པ་ཡིན་ནོ། །གལ་ཏེ་ཡུལ་དང་དབང་པོ་ལ་ཕན་འདོགས་སམ་ཡུལ་གྱི་སྒྲིབ་པར་བྱེད་པ་སེལ་བ་དེ་ལྟ་ན་ནི་རྩོལ་བ་ཡང་ཤེས་པ་དེའི་རྒྱུར་འགྱུར་བ་ཡིན་ནོ། །ཡུལ་དང་དབང་པོ་ལ་ཕན་འདོགས་པ་མ་ཡིན་དུ་ཆུག་མོད། སྒྲིབ་པ་སེལ་བ་ཇི་ལྟར་མ་ཡིན་ཞེ་ན། གང་གི་ཕྱིར་རྟག་པ་དེ་ལ་དམིགས་པའི་སྒྲིབ་པར་བྱེད་པ་ནི་སྲིད་པ་མ་ཡིན་ནོ། །ཅི་ལྟར་ཁྱོད་ཀྱིས་མ་མཐོང་བའི་སྒྲིབ་པ་སྤངས་པར་ནུས་ཤེ་ན། བཤད་པ། ཁོ་བོས་མ་མཐོང་བའི་སྒྲིབ་པ་འགའ་ཞིག་ཡོང་དུ་ཆུག་ཀྱང་བསྒྲིབ་བར་བྱ་བ་དེའི་བདག་ཉིད་ཕྱིན་ཅི་ལོག་ཏུ་མ་བྱས་པར་དངོས་པོ་ལས་ཐ་མི་དད་པར་ཤེས་པ་བསྐྱེད་པའི་ནུས་པ་བཟློག་པར་མི་ནུས་པའི་ཕྱིར་མི་སྲིད་དོ། །འདི་ག་ལས་ཤེ་ན། གང་གི་ཕྱིར་དངོས་པོ་དེ་ལ་ཁྱད་པར་བསྐྱེད་པ་མེད་པར་ནི་ཅུང་ཟད་བྱེད་པ་ཞེས་བྱ་བ་མ་ཡིན་ནོ། །རྟག་པ་ནི་ཁྱད་པར་དུ་བྱར་མེད་པ་ཡིན་པས་སྒྲིབ་པས་དེ་ལ་ཅུང་ཟད་བྱེད་པ་མ་ཡིན་ནོ། །ཅུང་ཟད་མི་བྱེད་པ་གང་ཡིན་པ་ཡང་གང་གིས་སྒྲིབ་པར་བྱེད་པ་འམ། ཁྱད་པར་བསྒྲུབ་པའི་ལྷན་ཅིག་བྱེད་པའོ། །ཅིག་ཤོས་ཀྱིས་ཅུང་ཟད་མི་བྱེད་པ་ཡང་སྒྲིབ་པར་བྱེད་པར་མཐོང་བ་བསྙོན་པར་ནུས་པ་


DTG187_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ་སྙམ་ནས་སྨྲས་པ། བཟློག་པ་འམ་བསྒྲུབས་པ་གང་གིས་སྒྲིབ་པར་འགྱུར་བ་སྒྲིབ་པར་བྱེད་པ་ཉིད་དུ་གྲགས་པའི་རྩིག་པ་ལ་སོགས་པས་བུམ་པ་ལ་སོགས་པ་དག་ལ་ཤེས་པ་སྐྱེད་པའི་ནུས་བ་ལ་གེགས་བྱེད་པའི་ཁྱད་པར་ཅི་ཞིག་སྐྱེད་པ་འམ། སྔར་གནས་པའི་ཤེས་པ་སྐྱེད་པའི་ནུས་པའི་རང་བཞིན་ཅི་ཞིག་བཟློག་པར་བྱས། རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འགྲོ་བ་ལས་ཅུང་ཟད་བྱེད་པར་རྟོགས་པ་ཡིན་ན་དེ་དག་ལ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་དོ། །འོན་ཏེ་ཅུང་ཟད་མི་བྱེད་ཀྱང་སྒྲིབ་པར་འདོད་ན་ནི་ཅུང་ཟད་མི་བྱེད་པའི་རྟག་བ་ལ་ཡང་འདོད་པར་བྱའོ་ཞེ་ན། བཟློག་པའི་ཕྱིར་བཤད་པ། དེ་དག་ཅེས་སྨོས་སོ། །འོ་ན་ཇི་ལྟར་སྒྲིབ་པར་བྱེད་པ་ཡིན་ཞེ་ན། འོན་ཀྱང་ཞེས་སྨོས་ཏེ། བུམ་པའི་སྐད་ཅིག་ཐམས་ཅད་ནི་ཐམས་ཅད་ཀྱི་ཞེས་བྱ་བ་རྟོགས་པ་པོའོ། །ཕན་ཚུན་ལྷན་ཅིག་ཏུ་གྱུར་པ་འདུས་པའི་ཡུལ་དང་དབང་པོ་དང་སྣང་བ་དག་ཕན་ཚུན་ཁྱད་པར་ཅན་གྱི་སྐད་ཅིག་གཞན་སྐྱེད་པའི་ཕྱིར་ཏེ། སྔ་མ་རང་གི་ངང་གིས་འགག་པ་དབང་པོའི་ཤེས་པའི་རྒྱུ་སྐྱེ་བའི་ཕྱིར་རོ། །ཕན་ཚུན་ཁྱད་པར་བྱེད་པ་ཞེས་བྱ་བ་འདི་ག་ལས་ཤེ་ན། དབང་པོ་དང་སྣང་བས་ཕན་གདགས་པར་བྱ་བ་མ་ཡིན་པའི་ཡུལ་ནི་དེ་གཉིས་ལ་ལྟོས་པ་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་གཉིས་པོ་དག་ཀྱང་གཉིས་དག་གིས་ཕན་གདགས་པར་བྱ་བ་མ་ཡིན་ན། དེ་དག་ལ་ལྟོས་པར་མི་འགྱུར་བའི་ཕྱིར་རོ། །ཕན་གདགས་པར་བྱ་བ་མ་ཡིན་པ་ནི་ཕན་འདོགས་པར་བྱེད་པ་མ་ཡིན་པ་ལ་ལྟོས་པ་མ་ཡིན་ནོ།། ས་བོན་ལ་སོགས་པའི་ཁྱད་པར་དང་པོ་སྐྱེད་པའི་ནུས་པ་ཉེ་བར་འཚོག་པའི་རྒྱུ་ཉིད་ལས་སྐྱེས་པའི་ཕྱིར་ཕན་ཚུན་ཁྱད་པར་ལྟོས་པ་མེད་པ་ཡིན་ལ། འབའ་ཞིག་པ་རྣམས་ཀྱང་བྱེད་པ་མ་ཡིན་ནོ། །དེ་བཞིན་དུ་མིག་ལ་སོགས་པ་རྣམས་ཕན་ཚུན་ཕན་གདགས་པར་བྱ་བ་མ་ཡིན་ཡང་འབའ་ཞིག་བྱེད་པ་མ་ཡིན་པས་ལྟོས་པར་འགྱུར་རོ། །དེ་སྐད་དུ་གཏན་ཚིགས་ཐིགས་པ་ལས་འབྲས་བུ་རྣམ་པ་གཉིས་པོ་ལྷན་ཅིག་བྱེད་པས་ཁྱད་པར་བསྐྱེད་པ་ལས་སྐྱེ་བ་དང་ཅིག་ཤོས་ཞེས་བཤད་དོ། །དེ་ལ་ཁྱད་པར་དང་པོ་དང་མིག་གི་རྣམ་པར་ཤེས་


DTG187_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཞིག་ནི་ལྷན་ཅིག་བྱེད་པ་དག་གིས་ཁྱད་པར་མ་བསྐྱེད་པའི་རྒྱུ་ལས་བྱུང་བ་ཡིན་ལ། སྐད་ཅིག་གཉིས་པ་ལ་སོགས་པར་འབྱུང་པའི་ཁྱད་པར་མྱུ་གུ་དང་བཅས་པ་དང་སྣང་བ་ནས་མུན་པར་ཞུགས་པའི་མིག་གི་རྣམ་པར་ཤེས་པ་ནི་ལྷན་ཅིག་བྱེད་པ་དག་གིས་ཁྱད་པར་བསྐྱེད་པའི་རྒྱུ་ལས་བྱུང་བ་ནི་ཡིན་ནོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་ཚོགས་པ་ཡུལ་གང་ན་གནས་པས་འབྲས་བུ་སྐྱེད་པའི་ཡུལ་དེ་ཉིད་ན་གནས་པའི་ཚོགས་པ་རྒྱུ་ཡིན་ནོ། །དེ་དག་གི་རྒྱུ་རེས་འགའ་བ་ཉིད་ནི་རང་གི་རྒྱུད་ཙམ་ལས་འབྱུང་བ་མ་ཡིན་ཏེ། རྒྱུད་དེས་ནི་སྔར་ཡང་ཡོད་པའི་ཕྱིར་རྒྱུར་ཐལ་བར་འགྱུར་རོ། །སྔར་གྱི་སྐད་ཅིག་ཀྱང་གཞན་ཡིན་ལ་ཕྱིས་ཀྱི་སྐད་ཅིག་ཀྱང་གཞན་ཡིན་པའི་ཕྱིར་འགའ་ཞིག་ལ་ལར་ནུས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། སྐད་ཅིག་ཐ་དད་ཀྱང་རྒྱུད་གཞན་དུ་གྱུར་པའི་འབྲས་བུ་ཐ་མི་དད་པའི་ཕྱིར་རོ། །གང་ཞིག་ཐ་དད་ཀྱང་གང་ཐ་མི་དད་པ་དེ་ནི་དེ་ལ་རག་པ་མ་ཡིན་ཏེ། དཔེར་ན་ས་བོན་ཐ་དད་ཀྱང་དུ་བ་ཐ་མི་དད་པ་བཞིན་ནོ། །དེ་བཞིན་དུ་འབྲས་བུ་ཡང་སྐད་ཅིག་ཐ་དད་ཀྱང་ཐ་མི་དད་པ་ཡིན་ནོ། །མིག་གི་སྐད་ཅིག་ཐ་དད་ཀྱང་འབྲས་བུ་མིག་གི་རྣམ་པར་མཚུངས་པར་མཐོང་བའི་ཕྱིར་རོ། །དེས་ན་རྒྱུད་ཐ་དད་པ་མཚུངས་པའི་འབྲས་བུ་བྱེད་པ་ཉིད་རེས་འགའ་བ་ནི་རྒྱུད་གཞན་གྱིས་སད་པར་བྱས་པ་ཉིད་དོ། །གནས་སྐབས་གང་གི་འབྲས་བུ་བྱེད་པ་ཉིད་ཀྱི་ནུས་པ་སད་པའི་རྒྱུ་ནི་གནས་སྐབས་དེ་འཐོབ་པའི་རྒྱུའི་རྒྱུད་གཞན་ཡིན་ནོ། །དེའི་ཕྱིར་འབྲས་བུ་གང་ཞིག་ཚོགས་པ་ཙམ་ན་རྩོམ་པའི་འབྲས་བུ་དེའི་ནུས་པ་སད་པར་བྱེད་པ་ནི་ཕན་ཚུན་འཚོག་པའི་རྒྱུར་ཡིན་ལ། འབྲས་བུ་གང་ཞིག་ཚོགས་ཀྱང་དུས་ཅུང་ཟད་ཅིག་འབྲས་བུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་བརྟགས་པར་བྱ་པའི་རྒྱུ་དག་གིས་མ་བྱས་པ་ན་རྒྱུ་གཞན་ཁོ་ན་སད་པར་བྱ་བ་ཡིན་ནོ། །ཇི་ལྟར་རྒྱུ་དང་འབྲས་བུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་བརྟག་པར་བྱ་བ་དེ་བཞིན་དུ་འབྲས་བུའི་ནུས་པ་སད་པའི་རྒྱུ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཁོ་ནས་རྟོགས་པར་བྱ་བ་ཡིན་ནོ། །རྒྱུ་དང་འབྲས་བུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་བརྟག་པར་བྱ་བ་དེ་བཞིན་དུ་འབྲས་བུའི་ནུས་པ་སད་


DTG187_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཁོ་ནས་རྟོགས་པར་བྱ་བ་ཡིན། རྒྱུ་གཞན་ཡང་མ་མཐོང་སྟེ། དེའི་ཕྱིར་སྐྱེད་པར་བྱེད་པ་དེ་དག་ཉིད་ཕན་ཚུན་འབྲས་བུའི་ནུས་པ་སད་པར་ནུས་པ་ཡིན་པར་རྗེས་སུ་དཔག་གོ །ཇི་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་གནས་སྐབས་གང་ལས་འབྲས་བུ་སྐྱེ་བའི་རྒྱུ་ཡིན་པ་དེ་བཞིན་དུ་རྒྱུ་གཉིས་སད་པའི་གནས་སྐབས་གང་ཡིན་པའི་གནས་སྐབས་དེ་ཉིད་ཕན་ཚུན་སད་པར་བྱེད་ནུས་པ་ཡིན་ནོ། །དེས་ན་ཐག་རིང་བོ་ན་གནས་པ་དག་ནི་ཕན་ཚུན་ནུས་པ་སད་པར་བྱེད་པ་མ་ཡིན་ཏེ། དེའི་ཚེ་རྒྱུ་ཉིད་སད་པ་མཐོང་བའི་ཕྱིར་དང༌། མ་སད་པ་ཡང་འབྲས་བུ་མ་མཐོང་བའི་ཕྱིར་རོ། །དེས་ན་ཁ་ཅིག་ན་རེ་ཐག་རིང་བོ་ན་གནས་པ་དག་ཀྱང་ཕན་གདགས་པར་བྱ་བ་རང༌། ཕན་འདོགས་པར་བྱེད་པར་འགྱུར་རོ་ཞེས་གང་སྨྲས་པ་དེ་བསལ་བ་ཡིན་ནོ། །གལ་ཏེ་སྐད་ཅིག་ཐ་དད་པ་ལས་ཐ་དད་པར་མི་འགྱུར་ན་ཅི་ལྟར་ས་བོན་ལ་སོགས་པ་ཉེ་བ་ཙམ་གྱིས་མྱུ་གུ་མི་སྐྱེད་ཅེ་ན། འདི་ནི་ཅུང་ཟད་ནི་ལྷན་ཅིག་བྱེད་པའི་རྐྱེན་གྱིས་བྱས་པའི་ཁྱད་པར་བརྒྱུད་པ་ལས་རྐྱེན་པ་ཡིན་ནོ་ཞེས་བརྗོད་པས་བསལ་བ་ཡིན་ནོ། །ཅི་ལྟར་ཅིག་ཅར་རྒྱུད་གཞན་ཁྱད་པར་དུ་བྱེད་པར་མི་ནུས་པ་དེ་ལྟར་རང་གི་རྒྱུ་ཁོ་ན་ལས་རྒྱུད་གཞན་སྐྱེས་པ་ཡིན་ཏེ། དེས་ན་རིམ་གྱིས་ཁྱད་པར་དུ་བྱེད་དོ། །བྱི་བའི་སོས་ཟིན་པ་ནི་དངོས་པོ་ནུས་པ་ཡིན་ཏེ། ཡོངས་སུ་འགྱུར་བ་ལ་ལྟོས་ནས་རྒྱུད་གཞན་ལ་ཁྱད་པར་སྒྲུབ་པར་བྱེད་པ་མ་ཡིན་ནོ། །རང་གི་རྒྱུད་ནི་སྐད་ཅིག་ཐ་དད་ཀྱང་འབྲས་བུ་ཐ་དད་པ་མེད་པའི་ཕྱིར་ནམ་ཡང་སད་པར་བྱེད་པའི་རྒྱུ་མ་ཡིན་ནོ། །དེ་ལ་སྣང་བ་ནས་མུན་པར་ཞུགས་པ་ལ་ཕན་ཚུན་ཁྱད་པར་བསྒྲུབ་པའི་ཕྱིར་འདིར་ཕན་ཚུན་ལྟོས་པ་ཡོད་པ་ཡིན་པས་ན་ཕན་གདགས་པར་བྱ་བ་མ་ཡིན་པ་ལྟོས་པར་མི་རུང་བའི་ཕྱིར་ཞེས་བཤད་པ་ཡིན་གྱི། ཐམས་ཅད་ཀྱི་ཚེ་ལྟོས་པ་ཡོད་པ་ནི་མ་ཡིན་པས་འགལ་བ་མེད་དོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་ཕན་ཚུན་ཁྱད་པར་མི་སྐྱེད་ན་ནུས་པའི་རང་བཞིན་ཞེས་བྱ་བ་ཕན་ཚུན་ཉེ་བར་འགྲོ་བའི་རྒྱུ་དང་འབྲེལ་པའི་ནུས་པ་ཉེ་བའི་གནས་སྐབས་ན་རྒྱུ་ཁྱད་པར་མེད་པས་ནུས་པ་ཁྱད་པར་མེད་པའི་ཕྱིར་རྟག་ཏུ་སྐྱེད་པ་འམ། མི་སྐྱེད་པར་འགྱུར་རོ།།


DTG187_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཕན་ཚུན་ཕན་པ་བྱེད་པ་ཡིན་ན་ཐམས་ཅད་ཀྱི་ཚེ་ཕན་འདོགས་པར་འགྱུར་རོ། །དེས་ན་དེས་ཕན་གདགས་པའི་ཕྱིར་ཐམས་ཅད་ཀྱི་ཚེ་ཤེས་པ་སྐྱེ་བར་འགྱུར་རོ་ཞེ་ན། བཤད་པ། ཡུལ་དང་དབང་པོ་དང་སྣང་བ་དེ་དག་ཀྱང་མཐོང་བའི་གེགས་བྱེད་པ་ཐོགས་པ་བྱེད་པ་བར་ན་འདུག་པ་གཞན་གྱིས་བར་དུ་མཆོད་ན་ཕན་ཚུན་ཕན་འདོགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ། ཡུལ་གང་དུ་དབང་པོ་དང་སྣང་བ་དང་ཡུལ་རྣམས་ཀྱི་བར་ཆད་མེད་པ་དེ་ནི་བར་དུ་མ་ཆོད་པའི་ཡུལ་ཡིན་ཏེ། དེའི་རུང་བ་དེ་ཉིད་གད་དག་གི་ལྷན་ཅིག་བྱེད་པ་ཡིན་པའོ། །གང་གི་ཕྱིར་དེ་དག་ཕན་ཚུན་ཕན་འདོགས་པ་ན་ལྷན་ཅིག་བྱེད་པ་མཆོད་པའི་ཡུལ་ལ་ལྟོས་པ་དེའི་ཕྱིར་བར་དུ་ཆོད་པ་དག་ཕན་ཚུན་ཕན་འདོགས་པ་མ་ཡིན་ནོ། །ཅི་ལྟར་དུས་ཀྱི་མཐར་ཕྱིན་པ་ལ་ལྟོས་པའི་ཚོགས་པ་ཡུལ་ཆོད་པ་མེད་པ་དག་ལས་འབྲས་བུ་སྐྱེ་བར་མཐོང་བའི་ཕྱིར་ཚོགས་པ་ཡུལ་ཆོད་པ་མེད་པ་བྱེད་པའི་ལྷན་ཅིག་བྱེད་པའི་རྒྱུ་དག་ནུས་པ་བྱེད་པ་ཡིན་པ་དེ་བཞིན་དུ། ཡུལ་ཆོད་པ་མེད་པའི་ཚོགས་པ་ཙམ་ལས་འབྲས་བུ་སྐྱེ་བར་མཐོང་བའི་ཕྱིར་ཕན་ཚུན་ཉེ་བར་འགྲོ་བའི་རྒྱུ་དག་ཀྱང་ཚོགས་པ་ཡུལ་ཆོད་པ་མེད་པར་བྱེད་པ་དག་ནུས་པའི་རྒྱུ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་བར་ཆོད་མེད་ན་རྒྱུའི་དངོས་པོ་ཡིན་ནོ། །ཡུལ་ཆོད་པ་མེད་པའི་ཚོགས་པ་རྣམས་ཀྱིས་རྒྱུ་གང་ཇི་སྙད་པ་དེའི་ནུས་པའི་རྒྱུ་ཡིན་ཏེ། དེ་དག་ཉིད་ནུས་པ་ཡིན་པའི་ཕྱིར་རོ། །བར་ཆོད་ཡོད་ན་ནི་འབྲས་བུ་མི་སྐྱེད་པའི་ཕྱིར་རྒྱུ་མེད་པས་ནུས་པའི་རྒྱུ་མེད་པ་ཡིན་ནོ། །ཇི་ལྟར་བར་མེད་པའི་དུས་གཞན་ཉེ་བར་འགྲོ་བའི་རྒྱུ་འམ། ལྷན་ཅིག་བྱེད་པ་དག་ལས་ནུས་པའི་སྐད་ཅིག་གཞན་སྐྱེ་བ་དེ་བཞིན་དུ་ཆོད་པའི་དུས་ན་དེ་དག་ལས་ནུས་པ་མ་སྐྱེས་པ་ཡིན་ལ། མ་སྐྱེས་པའི་ཕྱིར་ཤེས་པ་མི་སྐྱེ་བ་ཡིན་གྱི། རྩིག་པ་ལ་སོགས་པས་ཡུལ་ལ་ཁྱད་པར་བྱས་པའི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་དང་པོ་ནས་བསྒྲུབས་པའི་བུམ་པ་ལ་སོགས་པ་དག་ལ་རྒྱུ་མེད་པའི་ཕྱིར་ཤེས་པ་མི་སྐྱེ་བ་ཡིན་དུ་ཆུག་མོད། དངོས་པོ་མཐོང་བ་ན་ཤེས་པ་སྐྱེད་པའི་རྒྱུ་དག་ལ་སྒྲིབ་པ་བཞུགས་ན་སྒྲིབ་པ་མ་ཡིན་ན་ཅི་སྟེ། ཤེས་པ་མི་སྐྱེ་ཞེ་ན། བཤད་པ། རྒྱུ་མ་ཚང་བས་ཤེས་པ་མི་སྐྱེ་བ་ཡིན་ནོ། །


DTG187_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་རྒྱུ་མཚན་ཞེ་ན། བར་ཆད་ཞུགས་ན་ཞེས་བྱ་བ་ནི་བར་ཆོད་ཡོད་པའི་དུས་ནའོ། །བར་ཆད་ཉེ་བས་སྔར་སྐྱེས་པའི་ནུས་པ་འགགས་པའི་ཕྱིར་དང༌། སྔར་འགགས་པ་ལས་སྐྱེ་བར་འདོད་པ་ཤེས་པའི་རྒྱུའི་ནུས་པ་གཞན་ཡང་མ་སྐྱེས་པའི་ཕྱིར་རྒྱུ་མ་ཚང་བ་ཡིན་ནོ། ཡུལ་ཆོད་པ་དང་བཅས་པའི་སྐད་ཅིག་ཇི་སྙེད་པ་དེ་ཐམས་ཅད་ནི་ནུས་པ་མེད་པ་ཉིད་དོ་སྙམ་དུ་བསམས་པ་ཡིན་ནོ། །ཇི་ཞིག་ཏུ་གྱུར་པས་མ་སྐྱེས་ན། རྒྱུ་མེད་པས་སོ། །གང་གི་ཕྱིར་སྐད་ཅིག་སྔ་མ་ཤེས་པ་སྐྱེ་བར་ནུས་པ་ཡིན་ཡང་ཤེས་པ་སྐྱེད་པར་ནུས་པའི་སྐད་ཅིག་གཞན་གྱི་རྒྱུ་མ་ཡིན་པ་དེའི་ཕྱིར་རྒྱུ་མེད་པ་ཡིན་ནོ། །འདི་ལྟར་དཔེར་ན། སྐད་ཅིག་དང་པོ་ལ་ལྷན་ཅིག་བྱེད་པའི་རྒྱུའམ། ཕན་ཚུན་བ་གང་ཡིན་པ་དེ་ནི་རང་གི་རོ་བོ་ལས་འཕོ་བར་བྱ་ནུས་པ་མ་ཁོ་ན་ནུས་པའི་རྒྱུ་ཡིན་པ་དེ་བཞིན་དུ་སྐད་ཅིག་གཉིས་པ་ལ་སོགས་པ་ཡང་ཡིན་ནོ། །སྐད་ཅིག་བར་ཆད་དང་བཅས་པར་གྱུར་ན་ནི་དབང་པོ་ལ་སོགས་པ་བར་དུ་ཆོད་པ་སྐྱེད་པའི་ཕྱིར་སྣང་བ་ནས་མུན་པར་ཞུགས་པ་འམ། གཞན་གྱི་སྔར་གྱི་ལྷན་ཅིག་བྱེད་པའི་རྒྱུའི་སྐད་ཅིག་གམ། ཕན་ཚུན་ཉེ་བར་འགྲོ་བར་བྱེད་པའི་སྐད་ཅིག་དག་ནུས་པའི་རྒྱུ་མ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། སྐད་ཅིག་བར་ཆད་དང་ལྡན་པ་ཡིན་ན་སྔ་མ་རྒྱུ་མ་ཡིན་པའི་ཕྱིར་ཤེས་པའི་རྒྱུ་མ་སྐྱེས་པ་ཡིན་ཏེ། དེས་ན་སྔ་མ་འགགས་པའི་ཕྱིར་ཡང་རྒྱུ་མ་ཚང་བ་ཡིན་ལ། དེས་ན་ཤེས་པ་མ་སྐྱེས་པ་ཡིན་གྱི་རང་གི་རྒྱུ་ལས་སྐྱེས་པའི་རུང་བའི་གེགས་སྒྲིབ་པས་བྱས་པའི་ཕྱིར་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རུང་བ་དེ་ནི་རང་གི་ངོ་བོ་ལས་མི་འཕོ་བའི་ཕྱིར་རོ། །རུང་བ་གང་ཡིན་པ་དེ་ནི་རང་གི་རོ་བོ་ལས་འཕོ་བར་བྱ་ནུས་པ་མ་ཡིན་ཏེ། དེས་ན་རྒྱུ་མེད་པས་ཤེས་པ་མ་སྐྱེས་པ་ཡིན་ནོ། །དེའི་ཕྱིར་རྩིག་པ་ལ་སོགས་པ་འགའ་ཞིག་ལ་ཅུང་ཟད་བྱེད་པར་འགྱུར་བ་ན་སྒྲིབ་པས་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་དེ་དག་ཡོད་ན་རྒྱུ་མ་ཚང་བས་གང་ཞིག་མ་དམིགས་པ་དེའི་དམིགས་པའི་གེགས་སུ་སྒྲོ་བཏགས་ནས་སྒྲིབ་པར་བརྗོད་པ་ཡིན་ནོ། །དེ་ལྟར་སྒྲིབ་པ་ཅུང་ཟད་བྱེད་པ་མ་ཡིན་ཡང་དམིགས་པའི་གེགས་ཀྱི་རྒྱུ་ཉིད་དུ་སྒྲོ་བཏགས་ནས་བསྒྲིབ་པར་བྱ་བ་དང་འབྲེལ་བར་འགྱུར་རོ་ཞེས་བསྟན་ནས།


DTG187_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྒྲིབ་པ་ཅུང་ཟད་བྱེད་པ་ཉིད་དུ་བསྟན་པའི་ཕྱིར་ཡང་ན་ཞེས་བྱ་བ་སྨོས་སོ། །ཕྱོགས་ཉིད་སྨྲས་པ་ནི། སྲིད་པ་ཡང་ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །སྐད་ཅིག་མ་རྣམས་ནི་ཕན་ཚུན་ཕན་པར་བྱེད་པར་འགྱུར་གྱི། སྐད་ཅིག་མ་ཡིན་པ་བསྟན་པ་གཅིག་པུའི་ངོ་བོ་རྣམས་ནི་མ་ཡིན་ནོ། །དབང་པོ་དང་ཡུལ་དག་ལས་ཤིན་ཏུ་བསྟན་པར་གནས་པའི་སྒྲིབ་པ་ཅི་ལྟར་དེ་དག་ལས་ཕན་འདོགས་པར་ནུས་ཤེ་ན། བསམ་གྱིས་མི་ཁྱབ་པའི་ཕྱིར་རོ་ཞེས་སྨོས་སོ། །རིང་པོ་ན་འདུག་པ་དེ་ཇི་ལྟར་ཡུལ་ལ་ཕན་འདོགས་པར་བྱེད་པ་ཡིན་ཞེས་བྱ་བ་དེ་ལྟར་ནི་བསམ་པར་ནུས་པ་མ་ཡིན་ཏེ། ཁང་ལོང་ཐག་རིང་པོ་ན་འདུག་པས་ཀྱང་ལྕགས་འདྲེན་པའི་ཕྱིར་རོ། །རྒྱུ་ནི་ཉེ་བར་ལེན་པའི་རྒྱུའོ། །རྐྱེན་ནི་ལྷན་ཅིག་བྱེད་པའི་རྒྱུའོ། །གང་གི་རྒྱུན་གང་ལོག་པས་གང་སྐྱེ་བ་དང༌། ལྷན་ཅིག་བྱེད་པའི་རྐྱེན་ཐམས་ཅད་ཀྱིས་བསྒྲུབ་པར་བྱ་བའི་ཁྱད་པར་རྣམས་ཀྱི་ངོ་བོ་ཉིད་དུ་གྱུར་པའི་འབྲས་བུའི་བདག་ཉིད་གང་ལ་སྐྱེ་བ་དེ་ནི་ཉེ་བར་ལེན་པ་ཡིན་ལ། གཞན་ནི་རྐྱེན་ཡིན་ནོ་ཞེས། དེ་དང་དེ་མིན་རང་བཞིན་དངོས། །ཞེས་བྱ་བ་དེར་དཔྱད་ཟིན་ཏོ། །གལ་ཏེ་ཐམས་ཅད་མཁྱེན་པ་མ་ཡིན་པ་བསམ་གྱིས་མི་ཁྱབ་ཀྱང་ཐམས་ཅད་མཁྱེན་པས་ནི་རྣམ་པའི་རབ་ཏུ་དབྱེ་བ་མཐའ་དག་མངོན་སུམ་དུ་མཛད་པ་བསམ་པར་སྤྱོད་པ་ཡིན་ནོ། །འདི་ཙམ་ཞིག་བརྗོད་པར་ནུས་ཏེ། གང་ཞིག་རང་གི་ངོ་བོ་ཙམ་མམ་ཁྱད་པར་ཐོབ་པ་ལ་གང་ཞིག་གི་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་དེ་ནི་དེའི་རྒྱུ་ཡིན་ནོ། །དེ་ལྟ་ཡིན་དང་ཐག་རིང་པོ་ན་གནས་པ་ཡང་རྒྱུ་ཡིན་ནོ། །དེས་ན་དབང་པོ་དང་ཡུལ་དག་གི་བར་ན་གནས་པའི་སྒྲིབ་པ་གང་ཡིན་པ་དེས་སོ། །རྣམ་པར་ཤེས་པ་སྐྱེད་པ་དང་མི་མཐུན་པ་ནི་ནུས་པ་མེད་པའོ། །ཆེས་ཆེར་གྱི་སྒྲ་ནི་རབ་ཏུ་འགྱུར་བ་བརྗོད་པ་ཡིན་ནོ། །དེའི་ངོ་བོ་ནི་ཆེས་ཆེར་ཏེ་རབ་ཏུ་གྱུར་པའོ། །རབ་ཏུ་གྱུར་པ་དེས་ཡུལ་དང་དབང་པོ་དེ་གཉིས་ལ་ཁྱད་པར་བྱེད་པ་ཡང་ཡིན་ནོ། །ནུས་པ་མེད་པར་རབ་ཏུ་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །སྐྱེས་བུ་དབང་པོ་བསྒྲིབས་པ་ཉིད་ཀྱི་ཡུལ་ལམ་དབང་པོའི་ཤེས་པ་སྐྱེད་པའི་ནུས་པ་སྒྲིབ་པས་ཉམས་པར་བྱེད་ཀྱི་གཞན་གྱི་ནི་མ་ཡིན་ནོ། །དེས་ན་དབང་པོ་མ་བསྒྲིབས་པས་ནི་ཡུལ་དེ་ཉིད་


DTG187_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བར་ན་གནས་པ་ཞེས་སྨོས་སོ། །བསམ་གྱིས་མི་ཁྱབ་པ་ཉིད་ཀྱིས་ན་གང་གིས་སྐད་ཅིག་དང་པོ་ལ་རྫས་ཀྱི་སྒྲིབ་པ་སྐྱེད་པར་བྱེད་པའི་སྒྲིབ་པའི་རྐྱེན་ནམ། ཉེ་བར་ལེན་པ་སྒྲིབ་པ་ཉེ་བར་འཚོ་བའི་རྟེན་དེ་ཉིད་ཀྱིས་བསྒྲིབས་པའི་རྫས་དེ་རང་གི་ཤེས་པ་སྐྱེད་མི་ནུས་པར་སྐྱེད་པ་ཡིན་ནོ། །གང་གི་ཕྱིར་སྒྲིབ་པ་དེ་ཉེ་བས་ཀྱང་སྐད་ཅིག་གཉིས་པ་ལ་སོགས་པའི་ཤེས་བ་སྐྱེད་པའི་ནུས་པ་ཉམས་པའི་རྫས་སྐྱེད་པ་དང༌། རང་གི་རྒྱུན་དུ་གཏོགས་པ་སྒྲིབ་པའི་རྫས་ཉེ་བར་ལེན་པ་དེ་བཞིན་དུ་ཉེ་བར་འགྲོ་བའི་རྐྱེན་དང་སྒྲིབ་པའི་ཉེ་བར་ལེན་པའི་ནུས་པ་ཡང་དེ་འདྲ་བ་ཉིད་དོ། །དེས་ན་གལ་ཏེ་སྒྲིབ་པས་རྫས་དེ་ནུས་པ་མེད་པར་བྱ་བ་ཡིན་ན་སྐད་ཅིག་གང་ལ་སྒྲིབ་པ་དེ་ཉེ་པའི་སྐད་ཅིག་དེ་ལ་རང་གི་རྒྱུས་བསྐྱེད་པའི་རྫས་ཀྱིས་ནུས་པའི་གེགས་མ་ཡིན་པའི་ཕྱིར་སྐད་ཅིག་གཅིག་ལ་ཆོད་པ་ཡང་མཐོང་བར་འགྱུར་རོ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་མི་ཉེ་བ་ཉིད་ནི་སྒྲིབ་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་སྤངས་པ་ཡིན་ནོ། །འདི་ལྟར་མི་ཉེ་བའི་སྒྲིབ་པ་མ་ཡིན་ལ། བསྒྲིབས་པ་ལ་མཐོང་བ་ཡོད་པ་ཡང་མ་ཡིན་ནོ། །ཆེས་ཆེར་ཞེས་སྨོས་པ་ནི་དོན་འདི་བསྟན་པ་ཡིན་ཏེ། དང་པོ་ནི་སྒྲིབ་པའི་རྒྱུས་ཀྱང་དོན་ནུས་པ་མེད་པར་བྱེད་པ་ཡིན་ལ། སྐད་ཅིག་གཉིས་པ་ལ་སོགས་པ་ནི་སྒྲིབ་པ་དེས་ཁྱད་པར་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདི་སྙམ་དུ་སྒྲིབ་པའི་མི་མཐུན་པ་སྒྲུབ་པར་བྱེད་པའི་ནུས་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྟོགས་པར་བྱ་བ་ཡིན་ན། འདིར་ནི་དེ་གཉིས་ཡོད་པ་མ་ཡིན་ནོ་སྙམ་པ་ལ། སྒྲིབ་པའི་བྱེ་བྲག་གིས་ཞེས་སྨོས་ཏེ། སྒྲ་འཛིན་པ་ལ་ནི་རེ་ལྡེ་དང་སྣམ་བུ་དང་རྩིག་པ་ལ་སོགས་པ་སྒྲིབ་པའི་བྱེ་བྲག་ཡིན་ནོ། །རེག་པ་དང་དྲི་འཛིན་པ་ལ་ནི་རས་སྲབ་མོ་དང༌། གོས་ཉིས་བལྟབ་ཏུ་བྱས་པ་དང༌། ལབ་ལ་སོགས་པ་སྒྲིབ་པའི་བྱེ་བྲག་ཡིན་ནོ། །རོ་འཛིན་བ་ལ་ནི་སྒྲིབ་པའི་བྱེ་དྲག་མེད་དོ། །སྒྲིབ་པ་འདིས་སྒྲ་ལ་སོགས་པའི་ཡུལ་ལའོ། །ཐོས་པ་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། ཐོས་པ་དང་རེག་པ་ལ་སོགས་པ་གསལ་བ་དང་མི་གསལ་བར་མཐོང་བའི་ཕྱིར་སྒྲིབ་པའི་ནུས་པ་རྟོགས་པ་ཡིན་ནོ། །གལ་ཏེ་སྒྲིབ་པ་ཅུང་ཟད་མི་བྱེད་པ་ཉིད་


DTG187_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་ནི་དེའི་བྱེ་བྲག་གིས་ཐོས་པ་ཐ་དད་པར་ཇི་ལྟར་འགྱུར། དེའི་ཕྱིར་དེ་ལྟར་སྒྲིབ་པའི་བྱེ་བྲག་གི་རྗེས་སུ་བྱེད་པའི་ཕྱིར་སྒྲིབ་པ་ནི་ནུས་པའི་ཁྱད་པར་གེགས་བྱེད་པའི་རྒྱུ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཅུང་ཟད་མི་བྱེད་པ་དེའི་ལ་ལར་ཡོད་པ་དེ་ནི་མེད་པ་དང་ཁྱད་པར་མེད་དེ། ཡོད་པ་དང་མེད་པ་དག་ཅུང་ཟད་མི་བྱེད་པར་མཚུངས་པའི་ཕྱིར་དེ་མེད་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་འདིའི་སྒྲིབ་པ་འདི་ཡིན་ནོ་ཞེས་ཉེ་བར་བསྡུ་བ་འབྲེལ་བ་ནི་རྣམ་པར་རྟོག་པས་སྦྲུལ་པ་ཉིད་དུ་འགྱུར་གྱི། བསྒྲིབ་པའི་བྱ་བ་གང་ཡིན་པ་དེ་བསྒྲུབ་པའི་རྒྱུ་ནི་མ་ཡིན་ནོ་ཞེས་གང་སྨྲས་པ་ནི། དངོས་པོ་ལ་བརྟེན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །སྒྲིབ་པ་དངོས་པོ་ལ་འགའ་ཡང་མེད་པའི་ཕྱིར་རོ། །འདི་སྙམ་དུ་སྒྲིབ་པ་ཉིད་དུ་སྒྲོ་བཏགས་པས་དེའི་སྒྲིབ་པ་ཡིན་ནོ་སྙམ་ན། སྒྲོ་བཏགས་པའི་རྗེས་སུ་བྱེད་པ་ཞེས་སྨོས་སོ། །སྒྲོ་བཏགས་པ་ནི་སྒྲུབ་པ་ཉིད་དུ་བཏགས་པ་ཡིན་ནོ། སྒྲིབ་པ་ཉིད་ནི་ཤེས་པ་སྐྱེ་བའི་ནུས་པ་གགས་བྱེད་པའི་རྒྱུ་ཡིན་ལ། དེ་ཡང་དོན་བྱེད་པ་ཡིན་ནོ། །དངོས་པོ་རྣམས་ཀྱི་དོན་བྱེད་པ་ཡང་སྒྲོ་བཏགས་པའི་རྗེས་སུ་བྱེད་པ་ཅན་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འདི་ལྟར་གང་གི་ཕྱིར་མིའི་རང་བཞིན་དུ་སྒྲོ་བཏགས་པའི་བྲམ་ཟེའི་ཁྱེའུ་ན་འཚེད་པའི་དོན་བྱེད་པ་བསྒྲུབ་པ་ལ་མེ་བཞིན་དུ་ཉེ་བར་སྦྱོར་བ་མ་ཡིན་ནོ། །གང་གི་ཕྱིར་མེ་ལ་སོགས་པའི་རང་བཞིན་དུ་བྲམ་ཟེའི་ཁྱེའུ་ལ་སོགས་པ་ལ་སྒྲོ་བཏགས་པར་སྣང་ཡང་དེའི་དོན་བྱེད་མི་ནུས་པ་དེའི་ཕྱིར་སྒྲིབ་པ་དང་མེ་ལ་སོགས་པའི་རང་བཞིན་སྒྲོ་འདོགས་པའི་མཚན་ཉིད་ཀྱི་རྟོགས་པ་དེ་ཡོད་ཀྱང་རྟོགས་པ་དེས་དངོས་པོ་འགྱུར་བ་གཞན་དུ་སྐྱེ་བ་མ་ཡིན་གྱི། འོན་ཀྱང་དངོས་པོ་རྣམས་ནི་རང་གི་ངོ་བོ་ལས་མ་འདས་པར་དོན་བྱེད་པར་གནས་པ་ཉིད་དོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་བར་ན་འདུག་པའི་སྒྲིབ་པ་ཡོད་ཀྱང་དབང་པོ་ལ་སོགས་པ་ཤེས་པར་བསྐྱེད་པར་འགྱུར་ཏེ། རྣམ་པར་ཤེས་པ་བྱེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །སྒྲིབ་པ་དེས་དེ་དག་ལ་ཁྱད་པར་ཅུང་ཟད་ཀྱང་མ་བྱས་པའི་ཕྱིར་དེ་དག་གིས་ཤེས་པ་སྐྱེད་པའི་ནུས་པ་ནི་ས་མ་ཁོ་ན་བཞིན་དུ་འགྱུར་རོ། །འདུ་བྱེད་སྐད་ཅིག་མ་ཡིན་ཡང་རྒང་དག་ལས་ཅི་འདྲ་བ་སྐྱེ་


DTG187_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཐོང་བ་དེ་དག་ལ་ནི་དེ་འདྲ་བ་སྐྱེ་བ་ཡིན་ནོ། །སྐད་ཅིག་ཐ་དད་པར་ནི་མི་འགྱུར་ཏེ། དེ་ལྟ་མ་ཡིན་ན་མིག་གཅིག་ལ་རྣམ་པར་ཤེས་པ་སྐྱེ་བ་ན་ཡང་གཞན་གྱི་ཚེ་ཤེས་པ་སྐྱེ་བར་མི་འགྱུར་ཏེ། སྐད་ཅིག་ཐ་དད་པར་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་ཡུལ་གང་ན་གནས་པའི་དབང་པོ་ལ་སོགས་པ་འབྲས་བུ་སྐྱེད་པར་མཐོང་བའི་ཡུལ་དེ་ན་གནས་པ་ཉིད་ནི་སྒྲིབ་པ་ཡོད་ཀྱང་ནུས་པ་བསྐྱེད་པར་འགྱུར་ཏེ། རྒྱུ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ཡང་མ་ཡིན་པའི་ཕྱིར་ཤེས་པ་ཡིན་ནོ། །དེའི་ཕྱིར་སྒྲིབ་པས་གྲོགས་བྱས་པ་དབང་པོ་ལ་སོགས་པའི་རྒྱུ་དག་ལས་ནུས་པ་མེད་པ་སྐྱེས་པ་ཡིན་ཏེ། དེས་ན་སྒྲིབ་པ་ནི་སྐྱེད་པར་བྱེད་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་ཡུལ་ཆོད་པ་མེད་པ་དག་གི་རྒྱུ་ནི་ནུས་པའི་རྒྱུ་ཡིན་ལ། ཡུལ་ཆོད་པ་རྣམས་ཀྱི་སྐད་ཅིག་དང་པོར་བྱུང་བ་རྣམས་ཀྱི་ནུས་པ་མེད་པའི་རྒྱུ་ནི་བར་ཆོད་ཀྱི་རྒྱུ་དང༌། ལྷན་ཅིག་པའི་སྐྱེད་བར་བྱེད་པ་ཡིན་ལ། སྐད་ཅིག་གཉིས་པ་ལ་སོགས་པ་ལ་ནི་བར་ཆོད་ཀྱི་རྫས་དང་ལྷན་ཅིག་པའི་སྐྱེད་པར་བྱེད་པ་ནུས་པ་མེད་པའི་རྒྱུ་ཡིན་ནོ། །སྐད་ཅིག་མ་རྣམས་ལ་ཡང་རྒྱུ་གཞན་འགའ་ཞིག་དང་འབྲེལ་པའི་ཕྱིར་རམ། རྣམ་པར་གནས་པའི་རྒྱུ་མ་ཚང་བ་ལས་སྐབས་སུ་བབ་པའི་འབྲས་བུ་མི་ནུས་པ་སྐྱེ་བའི་ཕྱིར་རོ། །འདི་ལྟར་སྣང་བའི་ལྷན་ཅིག་བྱེད་པ་ཅན་གྱི་མུན་པ་ལས་ཁྱད་པར་ཐོབ་པའི་མུན་པའི་སྐད་ཅིག་གཞན་ནི་མུན་པ་སྐྱེད་པའི་ནུས་པ་མེད་པར་འགྱུར་བ་དང་དེ་བཞིན་དུ་གྲང་བའི་རེག་པའི་རྒྱུ་ནི་ཚ་བའི་རེག་པ་དང་ལྷན་ཅིག་པའི་རང་གི་རྒྱུ་ལས་སྐྱེ་བ་ན་ནུས་པ་མེད་པར་འགྱུར་བ་དེ་བཞིན་དུ་དབང་པོ་ལ་སོགས་པ་ཡང་སྒྲིབ་པ་མེད་པའི་རྒྱུ་ལས་ནི་ནུས་པར་འགྱུར་ལ། སྒྲིབ་པ་དང་ལྷན་ཅིག་པ་དག་ལས་ནི་ནུས་པ་མེད་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་ཕྱོགས་དང་པོ་ལ་ནི་སྒྲིབ་པ་རྒྱུ་མ་ཚང་བ་སྟོན་པར་བྱེད་པ་ཡིན་གྱི། ཅུང་ཟད་བྱེད་པ་ནི་མ་ཡིན་ལ། ཕྱོགས་འདི་ལ་ནི་དབང་པོ་ལ་སོགས་པ་སྐྱེད་པར་བྱེད་པའི་རྒྱུ་དང་ལྷན་ཅིག་བྱེད་པའི་རང་བཞིན་གྱི་སྒྲིབ་པ་ཅུང་ཟད་བྱེད་པ་ཡིན་ནོ། །དེ་བཞིན་དུ་སྒྲ་རྣམས་ནི་འགའ་ཞིག་ཡོད་ན་རུང་བའི་མཚན་ཉིད་ཀྱི་ཁྱད་པར་ཉམས་པ་ཡོད་པ་མ་ཡིན་ཏེ། དཔེར་ན་


DTG187_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྟོག་པ་སྔ་མ་ལ་སྐད་ཅིག་མ་རྣམས་ལྟར་རོ། །ཁྱད་པར་སྐྱེ་བ་ཡང་ཡོད་པ་ཡང་མ་ཡིན་ཏེ། དཔེར་ན་རྣམ་པར་རྟོག་པ་གཉིས་པ་བཞིན་ནོ། །དེས་ན་གལ་ཏེ་དེ་དག་ཤེས་པ་སྐྱེ་བའི་རང་བཞིན་ཡིན་ན་རྟོགས་པ་པོ་ཐམས་ཅད་ལ་ཐམས་ཅད་ཀྱི་ཚེ་སྟེ། སྒྲིབ་པ་དང་བཅས་པ་དང༌། སྒྲིབ་པ་མེད་པའི་གནས་སྐབས་ཐམས་ཅད་དུ་རང་གི་ཡུལ་ཅན་ཏེ། དམིགས་པ་ཅན་གྱིས་ཤེས་པར་རིམ་གྱིས་འབྱུང་བ་དེ་ཐམས་ཅད་བྱེད་པར་འགྱུར་ཏེ། འབྲས་བུའི་དུས་སུ་མངོན་པར་འདོད་པ་བཞིན་ནོ། །ཡང་ན་ནི་ནམ་ཡང་བྱེད་པར་མི་འགྱུར་ཏེ། མི་བྱེད་པའི་དུས་བཞིན་ནོ། །ཡིན་ཡང་ཞེས་བྱ་བ་ནི་སྒྲིབ་པ་མེད་པའི་དུས་གཞན་གྱི་ཚེ་ཡང་ངོ༌། །གང་ལ་ཡང་ཞེས་བྱ་བ་ནི་རུང་བའི་ཡུལ་ན་གནས་པའི་སྐྱེས་བུ་ལ་ཡང་ངོ༌། །འགའ་ཡང་ཞེས་བྱ་བ་ཤེས་པ་གཅིག་ཀྱང་སྐྱེད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་གཅིག་ཏུ་ངེས་པ་ཡིན་ནོ། །ཚད་མས་གྲུབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྙམ་དུ་ཞེས་བྱ་བ་ནི་སྒྲིབ་པ་འགའ་ཞིག་གིས་རུང་བའི་རང་བཞིན་བཟློག་པའི་ཕྱིར་སྒྲ་མ་ཐོས་པ་ནི་མ་ཡིན་གྱི། འོན་ཀྱང་དེ་དག་རྟོགས་པར་བྱ་བ་ལ་རྩོལ་བ་ཞེས་བྱ་བ་འམ། གཞན་ཡང་རུང་སྟེ་ལྷན་ཅིག་བྱེད་པ་འགའ་ཞིག་ཡོད་པའོ། །འོ་ན་ནི་ལྷན་ཅིག་བྱེད་པ་དེ་ཉེན་དེ་ཐམས་ཅད་ཀྱང་ཅིག་ཅར་ཐོས་པར་འགྱུར་རོ་ཞེ་ན། སོ་སོར་ངེས་ཞེས་སྨོས་ཏེ། སྒྲ་སོ་སོ་ལ་གསལ་བར་བྱེད་པའི་རྩོལ་བ་ཐ་དད་པ་ནི་ངེས་པ་སྟེ། དེས་ན་གང་གི་ཚེ་གང་གི་གསལ་བྱེད་ངེས་པ་ཉེ་བ་དེ་ཉིད་དེའི་ཚེ་ཐོས་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་ལྷན་ཅིག་བྱེད་པ་དེས་ན་ཅི་ཞིག་བྱས་ན་ལྷན་ཅིག་བྱེད་པར་འགྱུར་ཞེ་ན། དབང་པོ་ལ་ཕན་འདོགས་པ་འམ་ཞེས་སྨོས་སོ། །གསལ་བར་བྱེད་པ་དེ་ནི་དབང་པོ་ལ་ཕན་འདོགས་པ་ཡིན་ལ། དབང་པོ་ཡང་སྒྲའི་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་དེ་ཡང་སྒྲའི་ལྷན་ཅིག་བྱེད་པར་འགྱུར་བ་ཡིན་ནོ། །གཞན་ཡང་རུང་ཞེས་བྱ་བ་ནི་སྒྲ་དེ་ཉིད་ལ་ཕན་འདོགས་པ་ཡིན་ལ། ཕན་འདོགས་པ་ཡང་ཉེ་བ་ཙམ་ཉིད་ཡིན་ནོ། །འདི་ལྟར་ནུས་པ་འཇོག་པར་བྱེད་པའམ། བྱས་པའི་ནུས་པ་ཡོངས་སུ་སྨིན་པ་ཡང་ཉེ་བར་གནས་པ་ནི་གསལ་བྱེད་ཀྱི་ཕན་འདོགས་པ་ཡིན་བ་ཕ་རོལ་པོ་དག་


DTG187_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཡིན་ནོ། །དེ་ལ་སྒྲ་རྟག་པ་ལ་ནུས་པ་འཇོག་པ་དང་ཡོངས་སུ་སྨིན་པ་དག་མི་འཐད་བའི་ཕྱིར་ཉེ་བ་ཙམ་གྱིས་གསལ་བྱེད་ཕན་འདོགས་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་ལྷན་ཅིག་བྱེད་པ་དེ་གནས་སྐབས་རེས་འགའ་སྒྲ་འགའ་ཞིག་ལ་འགྱུར་བ་དེའི་ཕྱིར་སྒྲ་འདི་དག་ནི་རེས་འགའ་འགའ་ཞིག་ཏུ་ཐོས་པ་ནི་ལྷན་ཅིག་བྱེད་པའི་དེ་ཉིད་ཀྱིས་བྱས་པ་ཡིན་ནོ་ཞེ་ན་ཞེས་དེ་ལྟར་སྒྲིབ་པའི་ཕྱོགས་ལས་ལྷན་ཅིག་བྱེད་པའི་ཕྱོགས་གཞན་ཉེ་བར་བསྟན་ནས་བཟློག་པའི་ཕྱིར་ཁོ་བོ་ཅག་ཅེས་སྨོས་སོ། །ལྷན་ཅིག་བྱེད་པ་ཉེ་བ་ལ་ལྟོས་བའི་ས་བོན་ལ་སོགས་པ་མཐོང་ཡང་ལྷན་ཅིག་བྱེད་པ་སྤང་བར་ནི་མི་བྱེད་དོ། །འོན་ཀྱང་རྒྱུ་རྣམས་ནི་དེའི་འབྲས་བུ་སྐྱེད་པའི་གནས་སྐབས་ཀྱི་ཕན་འདོགས་པའི་དོན་ལ་ལྟོས་པ་ཉིད་དོ། །ཕན་འདོགས་པར་བྱེད་པ་མ་ཡིན་པ་ལ་ལྟོས་ནས་འབྲས་བུ་སྐྱེད་ན་ནི་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་གནས་སྐབས་ཀྱི་ཕན་འདོགས་པ་ལ་ཡང་ཅི་སྟེ་ལྟོས་ཤེ་ན། དེ་ལ་ཁྱད་པར་ཐོབ་པ་ཞེས་སྨོས་སོ། །དེ་ལས་ཁྱད་པར་ཐོབ་བས་འབྲས་བུ་བྱེད་པ་ཡིན་གྱི། སྔ་མའི་རང་བཞིན་ཉིད་ཀྱིས་ནི་མ་ཡིན་ནོ། །དེ་ལ་ཅི་ལྟར་ས་བོན་ལ་སོགས་པ་ལྷན་ཅིག་བྱེད་བ་ལ་ལྟོས་པ་དེ་བཞིན་དུ་གལ་ཏེ་སྒྲ་ཡང་ལྷན་ཅིག་བྱེད་ས་འགའ་ཞིག་ལ་ལྟོས་ནས་ཤེས་པ་ཞེས་བྱ་བའི་འབྲས་བུ་བྱེད་པ་ནི་བྱེད་ལ་རག་སྟེ། ཚུལ་འདི་འགལ་བ་ཡིན་ནོ། །ལྟོས་བ་ནི་རང་བཞིན་གཞན་ཡིན་ནོ་ཞེས་སྨྲས་པ་ནི་སྔར་གྱི་རང་བཞིན་ལ་ངེས་པ་ཞེས་བྱ་བ་དེ་ལྟར་ནི་དེ་མི་འགྱུར་ཏེ་མི་རིགས་སོ། །དེའི་རང་བཞིན་ཁྱད་པར་དང་ལྡན་པ་ནི་ལྷན་ཅིག་བྱེད་པ་དག་ལས་སྐྱེས་པ་ཡིན་ལ། སྔར་གྱི་ཁྱད་པར་དང་བྲལ་བ་ནི་འགགས་པ་ཡིན་ཏེ། དངོས་པོ་ཐ་དད་པའི་མཚན་ཉིད་ནི་རང་བཞིན་ཐ་དད་པ་ཡིན་པའི་ཕྱིར་རོ་ཞེས་གང་སྨྲས་པ་ནི། སྔར་གྱི་རང་བཞིན་དེ་ནི་ཉམས་པའི་ཕྱིར་ཏེ་ཞེས་བྱ་བ་ཡིན་ནོ། །ལྟོས་པར་བྱ་བའི་རྩོལ་བའམ་ཞེས་བྱ་བ་ནི་དངོས་སུ་ཕན་འདོགས་པའི་ཕྱོགས་ལའོ། །བརྒྱུད་པས་ཕན་འདོགས་པ་ལ་ནི་རྩོལ་བས་ལེགས་པར་བྱས་པའི་དབང་པོ་འམ་གཞན་ལས་ཞེས་བྱ་པ་སྟེ། ཕྲད་པ་འམ་བདག་ལས་རང་བཞིན་གཞན་ཐོབ་པའི་རྒྱུའི་ཕྱིར་སྔར་གྱི་རང་བཞིན་ལ་ངེས་པར་མི་འཐད་དོ། །གལ་


DTG187_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གསལ་བར་བྱེད་པ་རྣམས་ཀྱི་ཕན་འདོགས་པ་ནི་ཉེ་བ་ཙམ་ཡིན་ནོ་ཞེ་ན། ཕན་འདོགས་པ་མ་ཡིན་པ་ནི་ཞེས་སྨོས་སོ། །ཅུང་ཟད་མི་བྱེད་པ་ཉེ་བ་ཡང་མི་ཉེ་བ་དང་ཁྱད་པར་མེད་པ་ལ་ནི་ལྟོས་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་གང་ཞིག་གཞན་གྱིས་ལྟོས་པར་བྱ་བ་དེ་ནི་ཕན་འདོགས་པར་བྱེད་པ་ཉིད་ཡིན་གྱི་ཉེ་བ་ཙམ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐམས་ཅད་ལྟོས་པར་བྱ་བར་འགྱུར་རོ། །འདི་སྙམ་དུ་ཉེ་བ་དེ་ལས་ཕན་པ་འགའ་ཞིག་ཡོད་པ་ཡིན་མོད་ཀྱི། དེ་དེའི་བདག་ཉིད་ནི་མ་ཡིན་ནོ། །དེའི་ཕྱིར་ཕན་པ་ཡོད་ཀྱང་དངོས་པོ་ནི་རང་བཞིན་ལ་ངེས་པ་ཡིན་ནོ་སྙམ་ན། བཤད་པ། སྒྲ་དེའི་ཕན་པ་དེ་ལས་དོན་གཞན་ཡིན་ན་ཕན་པ་འདི་ནི་སྒྲ་དེའི་ཡིན་ནོ་ཞེས་འབྲེལ་པ་དངོས་པོ་ཡིན་པར་མི་འགྱུར་རོ། །སྩོགས་པ་སྨོས་པས་ནི་ཕན་པ་གཞན་རྟོགས་ན་ཐུག་པ་མེད་པར་ཐལ་བའོ། །ཕན་པ་དེ་ཉིད་ལས་ཤེས་པ་སྐྱེ་བའི་ཕྱིར་རོ་ཞེས་ལེའུ་གཉིས་པར་བཤད་ཟིན་ཏོ། །ཉེས་པ་གཞན་ཡང་སྒྲ་དེ་ཤེས་བྱ་མ་ཡིན་པར་ཡང་འགྱུར་རོ། །ཤེས་བྱ་ནི་སྐྱེད་པར་བྱེད་པ་ཡིན་ནོ། །སྒྲ་ནི་སྐྱེད་པར་བྱེད་པ་མ་ཡིན་ཏེ། ལྷན་ཅིག་བྱེད་པའི་རྐྱེན་གྱིས་བྱས་པའི་ཕན་པ་ཉིད་ལས་ཤེས་པ་སྐྱེ་བའི་ཕྱིར་རོ། །འདི་ལྟར་ཤེས་པ་ནི་དེའི་དུས་སུ་བྱུང་བའི་ཕན་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་ཀྱི་རྟག་ཏུ་ཡོད་པའི་སྒྲ་ནི་མ་ཡིན་ནོ། །དེའི་ཕྱིར་ཐ་དད་པའི་ཕྱོགས་ནི་སྐྱོན་ཆགས་པ་ཡིན་ནོ། །ཐ་དད་པ་མ་ཡིན་ན་ནི་ཕན་པ་རང་བཞིན་ཉིད་ཡིན་པས་རང་བཞིན་གཞན་བྱས་པས་ན་སྔར་གྱི་རང་བཞིན་ཉམས་པ་ཡིན་ནོ། །དེའི་ཕྱིར་རྟག་པར་ཁས་བླངས་པའི་སྒྲ་འདི་ནིའོ།། ཕྲད་པ་ནི་དབང་པོ་དང་ཡུལ་དག་ཡང་དག་པར་ལྡན་པའོ། །བདག་ནི་སྐྱེས་བུའོ། །གཞན་ཡང་རུང་སྟེ་ཞེས་བྱ་བ་ནི་རྩོལ་བ་ལ་སོགས་པ་ལ་ལྟོས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དབང་པོ་ལ་སོགས་པ་ཐམས་ཅད་སྒྲའི་བདག་ཉིད་དེ་ལ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་ཏེ། རྟག་པའི་ཕྱིར་ན་ཐ་མི་དད་པའི་བདག་ཉིད་བྱར་མི་ནུས་པའི་ཕྱིར་རོ། །ཅུང་ཟད་མི་བྱེད་པ་ཡང་ལྟོས་པར་བྱ་པ་མ་ཡིན་པའི་ཕྱིར་རོ། །ཤེས་པ་སྐྱེད་པ་ལ་རྟག་པའི་ལྷན་ཅིག་བྱེད་པར་བཀག་པ་འདིས་ནི་དབང་པོ་དང་སྒྲ་ལ་ཉེ་བར་སྦྱོར་བའི་ཕྱིར་རྩོལ་བ་འབྲས་བུ་དང་བཅས་པར་གཞན་གྱིས་བརྗོད་པ་གང་


DTG187_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་བ་དེ་གསལ་བ་ཡིན་ནོ། །ཅི་ལྟར་རྟག་པའི་ལྷན་ཅིག་བྱེད་བ་མེད་བ་དེ་བཞིན་དུ་ཕན་འདོགས་བ་མེད་པ་ཡིན་ནོ། །ལྟོས་པ་མེད་པའི་ཕྱིར་རྩོལ་བ་སྒྲ་ལ་ཕན་འདོགས་པ་མ་ཡིན་མོད། རྩོལ་བ་དབང་པོ་ལ་ཉེ་བར་སྦྱོར་བ་གོ་ཅི་ལྟར་སྦང་ཞེ་ན། བཤད་པ། དབང་པོ་ལ་ཕན་བཏགས་པས་ཀྱང་སྒྲའི་ལྷན་ཅིག་བྱེད་པར་འགྱུར་ཏེ། རྩོལ་བ་ལ་ལྟོས་པར་བྱ་པ་ཡིན་པའི་ཕྱིར་རོ། །གལ་ཏེ་སྒྲའི་ལྷན་ཅིག་བྱེད་པ་མ་ཡིན་ན་ནི་དབང་པོ་ལ་ཕན་བཏགས་པས་རྩོལ་བ་ལ་སྒྲའི་ལྟོས་པར་བྱ་བར་འགྱུར་བ་ཡིན་གྱི། དེ་ལྟ་མ་ཡིན་ན་དབང་པོ་ལ་ཕན་འདོགས་པའི་རྩོལ་བ་ལ་སྒྲས་ལྟོས་པར་བྱ་བ་ཡིན་ནོ་ཞེས་བྱ་གང་ལ་ཅི་ཞིག་འབྲེལ་བ་ཡིན། ལྟོས་པ་མེད་པའི་ཕྱིར་སྒྲ་དེའི་ལྷན་ཅིག་བྱེད་པ་དེ་ཡང་བསལ་བ་ཡིན་ནོ། །དེའི་ཕྱིར་དབང་པོ་ལེགས་པར་བྱས་པས་ཀྱང་རྩོལ་བ་ལྷན་ཅིག་བྱེད་པ་མ་ཡིན་ནོ། །དཀྱུས་མ་ཉིད་མཇུག་བསྡུ་བའི་ཕྱིར་བཤད་པ། གང་གི་ཕྱིར་དམིགས་པར་ནུས་པ་ལ་རང་བཞིན་གྱི་སྒྲ་ནམ་ཡང་རང་གི་རང་བཞིན་ལས་མ་འཕོས་པ་དེའི་ཕྱིར་རྟག་ཏུ་དམིགས་པར་འགྱུར་རོ། །འདི་ལྟར་དོན་ནི་ཤེས་པ་སྐྱེད་པར་ནུས་པས་མཐོང་བ་ཡང་ཡིན་ནོ། །སྒྲ་ཡང་རེས་འགའ་མཐོང་བ་ཡིན་ཏེ། དེའི་ཕྱིར་ཤེས་པ་སྐྱེད་ནུས་པ་ཡིན་ནོ། །གལ་ཏེ་འགའ་ཞིག་ལས་ནུས་པ་དེ་ཐོབ་པ་མ་ཡིན་པ་འམ། ནུས་པ་དེ་དེ་ལས་ནམ་ཡང་ཉམས་པར་མི་འགྱུར་བ་དེ་ལྟར་ན་དེ་རྟག་པར་འགྱུར་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་ལ་སྐྱེད་པར་རུང་བ་ཉིད་སྒྲ་དེ་ལས་ཐ་མི་དད་པའི་ཕྱིར་རོ། །གལ་ཏེ་ཐ་མི་དད་པའི་ནུས་པ་སྐྱེ་བ་དང་ཉམས་པ་ཡིན་ན་དེའི་རང་བཞིན་གྱིས་སྒྲ་ཡང་མི་རྟག་པར་འགྱུར་རོ། །འོན་ཏེ་ནུས་པ་ཐ་དད་པར་འདོད་ན་ནུས་པ་དོན་གཞན་ཡིན་ན་ཡང་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དོན་གཞན་མ་ཡིན་པ་ཉིད་དོ། །སྐྱོན་ནི་འབྲེལ་པ་མི་རུང་བ་དང༌། ཕན་པ་གཞན་རྟོགས་ན་ཐུག་པ་མེད་པ་དང༌། ཕན་པ་ལས་ཤེས་པ་སྐྱེ་བའི་ཕྱིར་སྒྲ་སྐྱེད་པར་བྱེད་པ་ཉིད་མ་ཡིན་ཏེ། དེའི་ཕྱིར་རྟག་ཏུ་དམིགས་པར་ཐལ་བར་འགྱུར་རོ། །རྩོལ་བ་མ་བརྩམས་པ་དང་རྒྱུན་ཆད་པའི་དུས་ན་ནི་འདི་ནམ་ཡང་མ་དམིགས་ལ། གང་གིས་འདི་རྩོལ་བའི་དེ་མ་ཐག་ཏུ་


DTG187_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དེས་ན་སྒྲ་དེའི་བདག་ཉིད་ལ་རྩོལ་བ་འདི་ཕན་པ་འགའ་ཞིག་བྱེད་པའི་ཕན་འདོགས་པ་པོ་ཅུང་ཞིག་ཡིན་ནོ། །རྩོལ་བ་ཤེས་པ་ཉིད་ལ་ནི་ཕན་འདོགས་པར་བྱེད་པ་མ་ཡིན་ཏེ། སྔར་ཡོད་པའི་དོན་གྱི་ཤེས་པ་ནི་རྩོལ་བ་ལ་རག་ལས་པར་མི་འཐད་པའི་ཕྱིར་རོ། །འོན་ཀྱང་བརྩལ་མ་ཐག་ཏུ་བྱུང་བའི་དོན་དེ་ཉིད་ལ་རྩོལ་བ་ཕན་འདོགས་པར་བྱེད་པར་རྟོགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ། བྱེད་པ་པོ་གང་ཡིན་པ་དེའི་ཆོས་མཐོང་བའི་ཕྱིར་རོ། །སྒྲ་ལ་ནི་རྩོལ་བའི་བྱེད་པ་པོའི་ཆོས་མཐོང་གི་ཤེས་པར་བྱེད་པ་ནི་མ་ཡིན་ནོ། །སྒྲོལ་མ་ལ་སོགས་པའི་ཤེས་པར་བྱེད་པའི་དོན་ནི་དངོས་པོ་གྲུབ་ཟིན་པ་རྒྱུན་གྱིས་འཇུག་པ་ལ་རང་གི་ཡུལ་ཅན་གྱི་ཤེས་པ་སྐྱེད་པ་ན་ཤེས་པར་བྱེད་པ་ཡིན་ཏེ། རང་ཤེས་པས་ན་གཞན་བློའི་རྒྱུ་ཞེས་གང་བཤད་པ་ཡིན་ནོ། །རྩོལ་བ་ནི་གྲུབ་ཟིན་པའི་སྒྲ་ལས་རང་གི་ཤེས་པའི་རྒྱུ་མ་ཡིན་གྱི། འོན་ཀྱང་དེའི་རང་གི་ངོ་བོ་བསྒྲུབ་པའི་རྒྱུ་ཡིན་ཏེ། དཔེར་ན་རྫ་མཁན་གྱི་རྩོལ་བ་བུམ་པ་བསྒྲུབ་པའི་རྒྱུ་ཡིན་པ་བཞིན་ནོ། །འཇིག་རྟེན་ཡང་གྲུབ་པའི་དོན་གྱི་བདག་ཉིད་ཤེས་པ་དང༌། མ་གྲུབ་པ་བསྒྲུབ་པར་བྱ་བ་དག་ཉམས་སུ་མྱོང་བ་ཁོ་ནས་རྣམ་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་མར་མེས་གསལ་བར་བྱ་བ་དང༌། རྫ་མཁན་གྱིས་བསྒྲུབ་པར་བྱ་བའི་བུམ་པ་སྒྲོན་མའི་གསལ་བྱ་དང་རྫ་མཁན་གྱི་འབྲས་བུར་ཤེས་པ་དེ་བཞིན་དུ་སྒྲ་ཡང་རྩོལ་བའི་འབྲས་བུ་ཡིན་ནོ། །དེ་ལྟ་མ་ཡིན་ན་བུམ་པ་ཡང་རྫ་མཁན་གྱི་རྩོལ་བས་གསལ་བར་བྱ་བ་ཡིན་པའི་ཕྱིར་མཐའ་དག་གསལ་བྱར་འགྱུར་རོ། །བྱེད་པ་པོའི་ཆོས་མཐོང་བ་དེའི་ཕྱིར་སྒྲ་རྩོལ་བས་སྐྱེད་པ་ཡིན་པས་ན་བརྩལ་མ་ཐག་ཏུ་བྱུང་བའི་སྒྲའི་ཤེས་པ། རྒྱུ་སྒྲ་མི་རྟག་པའི་རང་བཞིན་གྱི་འབྲས་བུ་ཡིན་ནོ་ཞེས་བྱ་བར་གནས་སོ། །གང་དུ་རྒྱུའི་རང་གི་ངོ་བོ་ཉིད་རྗེས་སུ་དཔོག་པ་དེར་ནི་ས་ཕྱོགས་ལ་སོགས་པ་གཞན་ཆོས་ཅན་ཡིན་ལ། གང་དུ་ཁྱད་པར་རྗེས་སུ་དཔག་པར་བྱ་བ་དེར་ནི་དེ་ཉིད་ཆོས་ཅན་ཡིན་ནོ། །བསྐྱེད་པར་བྱ་བའི་འབྲེལ་པ་ཅན་གྱི་ཤེས་པ་ལས་ནི་དེའི་ཁྱད་པར་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དོན་འདི་ཉིད་བསྡུ་བའི་ཕྱིར་བཤད་བ། རྩོལ་བས་


DTG187_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་པ་ལས་སྔར་ཡང་ཡོད་པའི་དོན་གྱི་རྣམ་པར་ཤེས་པ་ནི་བརྩལ་མ་ཐག་ཏུ་འབྱུང་བར་ངེས་བ་མ་ཡིན་ནོ། །དོན་རང་གི་ངོ་བོས་ཤེས་པ་དེ་ན་ནི་སྔར་ཡང་བྱེད་བ་ཉིད་དེ། རྩོལ་བ་ལྟོས་པ་མེད་པའི་ཕྱིར་རོ། །སྒྲིབ་བྱེད་པར་མ་ཆོད་བ་དང་དབང་པོ་དང་སྒྲ་ལ་རྩོལ་བ་ཉེ་བར་སྦྱོར་བ་མེད་པའི་ཕྱིར་རོ། །རྣམ་ཀུན་ཞེས་བྱ་བ་ནི་སྒྲ་ལ་ཕན་འདོགས་པ་མ་ཡིན་ལ། སྒྲའི་ལྷན་ཅིག་བྱེད་པ་ཡང་མ་ཡིན་པའོ། །གསལ་བྱེད་ཀྱི་ཡི་གེ་ནི་སྐབས་འདིར་ཕན་འདོགས་པར་བྱེད་པར་མི་གཟུང་སྟེ། དེ་ཉིད་སྒྲ་ཡིན་བའི་ཕྱིར་ཏེ། གཞན་མ་དམིགས་བའི་ཕྱིར་རོ། །འོན་ཏེ་ཉེ་བར་སྦྱོར་བ་མེད་ཀྱང་ཅིའི་ཕྱིར་བརྩལ་མ་ཐག་ཏུ་འབྱུང་བར་མི་འགྱུར་ཞེ་ན། གང་གི་ཕྱིར་ལྟོས་པ་མེད་པར་རེས་འགའ་བའི་ཚེ། འབྲས་བུ་མི་བྱེད་པ་འགལ་བ་གང་ཡིན་པ་དེའི་ཕྱིར་རྩོལ་བ་དང་ལྷན་ཅིག་འབྲས་བུ་བྱེད་པར་མི་འཐད་དོ། །བརྩལ་མ་ཐག་ཏུ་འབྱུང་བའི་ཤེས་པ་འདི་འདྲ་བ་ནི་མཐོང་བ་ཡང་ཡིན་ནོ། །དེའི་ཕྱིར་རྩོལ་བ་ལ་རག་ལས་པའི་ཤེས་པ་འདི་འདྲ་བ་ནི་རེས་འགའི་དོན་གྱི་འབྲས་བུར་གྲུབ་པས་དེའི་རྟགས་ཡིན་ནོ། །དཔེར་ན་བརྗོད་པ་འདི་ཉིད་ཀྱིས་གཏན་ཚིགས་ཀྱི་མཚན་ཉིད་ཕྱོགས་ཀྱི་ཆོས་ལ་སོགས་པ་གང་ཡིན་པ་དེའི་ཡུལ་གཏན་ཚིགས་བསྟན་པ་ཡིན་ནོ། །བསྟན་པ་ཡིན་ཡང་འབྲས་བུའི་གཏན་ཚིགས་ཀྱི་ཕྱོགས་ཀྱི་ཆོས་དཔེར་བརྗོད་པ་ལས་རང་བཞིན་གྱི་ཕྱོགས་ཀྱི་ཆོས་ལོགས་ཤིག་ཏུ་བྱས་པ་ནི་གཏན་ཚིགས་ཐམས་ཅད་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་དེའི་བདག་ཉིད་དེ། རང་བཞིན་ནམ་འབྲས་བུ་གང་ཞིག་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་གང་ཡིན་བ་དེ་ཉིད་གོ་བར་བྱེད་པ་མ་ཡིན་པར་རྟོགས་པར་མི་འགྱུར་པར་བྱ་བའི་ཕྱིར་རོ། །གལ་ཏེ་གཏན་ཚིགས་ཀྱི་དབྱེ་བ་འཆད་ན་མཚན་ཉིད་ཀྱང་བཤད་དགོས་སོ། །འོན་ཏེ་རང་གི་དོན་གྱི་རྗེས་སུ་དཔག་པ་ལས་མཚན་ཉིད་ངེས་པ་ཡིན་ན། མཐུན་པའི་ཕྱོགས་ལ་ཁྱབ་པའི་རང་བཞིན་ཡང་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པར་དེ་ཉིད་ལས་ངེས་པར་འགྱུར་ཞེ་ན། བརྗོད་པར་བྱ་བ་བསྙད་པ་ཡིན་ཡང་གཞན་གྱི་དོན་གྱི་རྗེས་སུ་དཔག་བར་ཡང་གཏན་ཚིགས་ཀྱི་ངག་བརྗོད་པའི་དབང་དུ་བྱས་བ་ནི་བྱིས་བ་རྣམས་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་རོ། །


DTG187_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དོན་ནི་འདི་ཡིན་ཏེ། བཤད་ཟིན་པའི་དོན་ཡང་བརྗོད་བ་ནི་མཁས་པས་རྟོགས་པར་བྱ་བའི་ཕྱིར་ནི་མ་ཡིན་གྱི། མི་མཁས་པས་དོན་རྟོགས་ཀྱང་ཅི་ལྟ་བ་བཞིན་བརྗོད་མི་ཤེས་པའི་ཕྱིར་རྟོགས་པར་བྱ་དགོས་པ་དེ་བཞིན་དུ་མཚན་ཉིད་ཤེས་ཀྱང་དཔེ་བརྗོད་པའི་ཕྱོགས་ཀྱི་ཆོས་གང་ཡིན་པ་དེའི་མཐར་ཐུག་པ་ཁོ་ནའི་མཚན་ཉིད་ཡིན་པར་རྟོགས་པར་འགྱུར་བ་དེས་ན་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་དབྱེ་བ་བརྗོད་བར་བྱ་བ་ཡིན་གྱི། མཚན་ཉིད་ནི་གཞན་བརྗོད་བར་བྱ་བ་མ་ཡིན་ནོ། །དེས་ན་འདིར་དབྱེ་བ་ཙམ་ཞིག་སློབ་དཔོན་ཕྱོགས་ཀྱི་གླང་བོ་འམ། ཁོ་བོས་བཤད་ཀྱི། མཚན་ཉིད་ནི་གང་ཞིག་རང་གི་དོན་གྱི་རྗེས་སུ་དཔག་པར་བཤད་པ་དེ་ཉིད་ཡིན་ནོ། །གལ་ཏེ་དབྱེ་བ་བརྗོད་བ་གཉི་ག་ཡང་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་ཡིན་པ་དེ་ལྟ་ན་ནི། འོ་ན་མཐུན་པའི་ཕྱོགས་ལ་ཁྱབ་པའི་རང་བཞིན་དཔེར་བརྗོད་ཀྱི། ཕྱོགས་གཅིག་ལ་ཡོད་པ་ནི་མ་ཡིན་པ་དེས་ན་དེ་གོ་བར་བྱེད་པ་ཉིད་དུ་མི་རྟོགས་པར་འགྱུར་རོ་ཞེ་ན། བཤད་པ། དཔེ་བརྗོད་པ་འདིས་ནི་ཕྱོགས་གཅིག་ལ་ཡོད་པའི་རང་བཞིན་གྱི་དཔེ་བརྗོད་པ་ཡང་བཤད་པར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ཕྱོགས་གཅིག་ལ་ཡོད་པ་གཉིས་ཀྱི་དཔེ་བརྗོད་པ་ཐུན་མོང་དུ་བརྩལ་མ་ཐག་ཏུ་བྱུང་བའི་ཕྱིར་ཞེས་གསུངས་སོ། ཡང་ཅི་ལྟར་ན་སྒྲ་འདིས་རང་བཞིན་ནམ་འབྲས་བུ་བརྗོད་པར་ནུས་ཤེ་ན། བཤད་པ། བརྩལ་མ་ཐག་ཏུ་བྱུང་བའི་གསལ་བ་དང་སྐྱེས་པ་དག་ལ་བརྩལ་མ་ཐག་ཏུ་འབྱུང་བའི་ཕྱིར་ཞེས་བྱ་བའི་སྒྲ་འདིས་བརྗོད་པའི་ཕྱིར་དེ་ཡང་རྩོལ་བ་དང་བར་ཆོད་མེད་པར་རྩོལ་བས་སྐྱེད་པ་འམ། གསལ་བར་བྱུང་བ་གང་ཡིན་པའོ། །དེ་ལྟ་ཡིན་དང་རྩོལ་བ་དང་བར་ཆོད་མེད་པར་འབྱུང་བའི་ཕྱིར་བརྩལ་མ་ཐག་ཏུ་བྱུང་བ་ཡིན་ལ། བྱུང་བ་ཡང་རང་གི་ངོ་བོ་འམ། གསལ་བ་ཉིད་ཀྱིས་ཡིན་ཏེ། མ་གསལ་བ་ནི་མ་བྱུང་བ་དང་མཚུངས་པའི་ཕྱིར་རོ། །གསལ་བ་ཡང་དོན་གྱིས་ཤེས་པ་ཡིན་ཏེ། དེས་ན་བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པའམ་སྐྱེ་བ་ཡིན་ནོ། །ཤེས་པ་ནི་འབྲས་བུ་ཡིན་ལ་སྐྱེ་བ་ནི་རང་བཞིན་ཡིན་བའི་ཕྱིར་གཉི་ག་བརྗོད་པ་ཡིན་ནོ། །ཅིའི་ཕྱིར་རང་བཞིན་དང་འབྲས་བུ་གཉིས་ཀྱི་དབྱེ་བ་བརྗོད་ཅེ་ན། བཤད་པ། ཡོད་པ་གང་མེད་མི་འབྱུང་བ་འམ། །འབྲས་བུ་གང་ཡིན་པ་དེ་


DTG187_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྒྱུའི་དོན་དེ་དང་མི་འཁྲུལ་ཞེས་འབྲེལ་ཏོ། །རང་གི་བདག་ཉིད་དེ་བདག་གི་བའི་གཏན་ཚིགས་གང་ཡིན་པ་ཡང་ངོ༌། །ཁྱད་པར་ཅི་ལྟ་བུ་ཞིག་ཅེ་ན། རྣམ་དབྱེ་མེད་ཅན་ཏེ། ཕྱོགས་གཅིག་ལ་ཡོད་པ་མ་ཡིན་པ་དཔེར་ན་རྩོལ་བ་ལས་བྱུང་བ་ལ་མི་རྟག་པ་བཞིན་ནོ། །གཏན་ཚིགས་དེ་ནི་རྣམ་པར་དབྱེར་མེད་པའི་བདག་དེ་དང་འཁྲུལ་མི་འགྱུར་ཏེ། ཡོངས་སུ་མི་གཏོང་བའོ། །གང་ཞིག་གང་གིས་ཡོངས་སུ་མ་བཏང་བ་དེ་ནི་དེའི་གོ་བར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་བཤད་པ་ཡིན་ནོ། །འདིས་ནི་གང་དག་ཕ་རོལ་པོས་བརྟགས་པའི་གཏན་ཚིགས་དག་གཏན་ཚིགས་མ་ཡིན་པར་བརྗོད་པ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། ལྡན་པ་ཅན་སོགས་སོ། །ལྡན་པ་ནི་མེལ་དུ་བའོ། །དོན་གཅིག་ལ་འདུ་བ་ཅན་ནི་མི་རྟག་པ་ཉིད་ལ་བྱས་པ་ལྟ་བུའོ། །ལྡན་པར་གྱུར་པ་དང་འདུས་པ་ལ་སོགས་པ་གཞན་ཡང་གཟུང་ངོ༌། །གཞན་དག་གིས་དཔེ་བརྗོད་པ་ནི་འདུ་བ་ཅན་ནི་བ་ལང་གི་རྭ་ལྟ་བུ་ཡིན་ལ། དོན་གཅིག་ལ་འདུ་བ་ཅན་ནི་རེག་པ་ལ་སོགས་པ་ལ་གཟུགས་བཞིན་ནོ་ཞེའོ། །འདི་དག་ཐམས་ཅད་གཏན་ཚིགས་མ་ཡིན་པ་ནི་མ་ཡིན་གྱི། འོན་ཀྱང་དེ་དག་གི་ནང་ནས་བཤད་ཟིན་པའི་མཚན་ཉིད་ཅན་དེ་འདྲ་བའི་འབྲེལ་པ་ཡོད་མིན་པ་དེ་དག་ཉིད་གཏན་ཚིགས་མ་ཡིན་ཏེ། འབྲེལ་བ་མེད་པ་ལ་ནི་འཁྲུལ་བ་སྲིད་པའི་ཕྱིར་རོ། །དེ་ལ་གཏན་ཚིགས་དེ་དག་ལ་འབྲེལ་པ་ཡོད་པ་ཡིན་ན་ནི་འབྲེལ་པ་དེ་ཉིད་ངེས་པའི་སྒྲུབ་བྱེད་ཡིན་ཏེ། བརྗོད་པའི་ལྡན་པ་དང་འདུ་བ་དང་དོན་གཅིག་ལ་འདུ་བ་ལ་སོགས་པ་རྒྱུ་མཚན་མེད་བ་གཞན་གྱིས་ཅི་ཞིག་བྱ། འདི་སྙམ་དུ་འདུ་བ་ལ་སོགས་པ་ངེས་པའི་རྒྱུ་ཡོད་པ་ཉིད་ལ་འབྲེལ་པ་ངེས་པའི་རྒྱུ་ཡིན་གྱི། མེད་ན་ནི་མ་ཡིན་ནོ་སྙམ་ན། དེ་ནི་མི་འཐད་དེ། དཱི་ལྟར་གཏན་ཚིགས་ཀྱིས་འབྲེལ་བ་མེད་ནི་མ་འབྱུང་བ་གང་ཡིན་པ་དེ་ཉིད་བསྒྲུབ་པར་བྱ་བ་ལ་ངེས་པ་ཡིན་ནོ། །ངེས་པའི་དོན་གང་ཡིན་པ་དེ་ཡང་སྒྲུབ་བྱེད་ཡིན་གྱི། ངེས་པ་མེད་པ་ནི་ལྡན་པར་གྱུར་ཀྱང་སྒྲུབ་བྱེད་མ་ཡིན་ནོ། །དེས་ན་ངེས་པའི་སྒྲུབ་བྱེད་འབྲེལ་པའི་མཚན་ཉིད་ཡོད་ན་ལྡན་པ་ཅན་ལ་སོགས་པས་ཅི་ཞིག་བྱ། གསུམ་པ་ནི་འབྲས་བུ་


DTG187_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དང་རང་བཞིན་དག་ལས་གཞན་བའོ། །འགའ་ཞི་གཙེས་བྱ་བ་ནི་ཐམས་ཅད་མ་ཡིན་ནོ། །ཇི་སྐད་བཤད་བའི་མཚན་ཉིད་ནི་བལྟར་རུང་བ་མི་དམིགས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རང་བཞིན་གྱིས་ཁོངས་སུ་འདུས་པ་ཡིན་ཏེ། དེའི་ཕྱིར་ཏེ་དཔེར་བརྗོད་བ་ཉིད་ཀྱིས་དཔེར་བརྗོད་པ་ཡིན་ནོ། གལ་ཏེ་མི་དམིགས་པའི་སྒྲུབ་པར་བྱེད་པ་ཡིན་ལ། མེད་པ་ཡང་འགའ་ཞིག་གི་ཁོངས་སུ་འདུས་པ་མ་ཡིན་ནོ་ཞེ་ན། བཤད་པ། གང་གི་ཕྱིར་དམིགས་སུ་རུང་སྟེ་དམིགས་པར་འོས་པ་ནི་བལྟར་རུང་བ་མེད་པ་དག་ལ་ནི། མི་དམིགས་བ་ལས་གཞན་པའི་མེད་ལ། མི་དམིགས་པ་ཡང་གྲུབ་པ་ཡིན་ནོ། །དེས་ན་དེའི་ཕྱིར་དངོས་པོ་མེད་པ་ནི་མི་སྒྲུབ་བོ། །འོ་ན་འདི་གང་གི་རང་བཞིན་དུ་འགྱུར་བ་ཅི་ཞིག་བསྒྲུབ་པར་བྱ་ཞེ་ན། བཤད་པ། མི་དམིགས་པ་དེ་ཡོད་པའི་རྒྱུ་ལས་བུམ་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་རྣམ་པ་ཅན་མེད་པ་དེའི་སྒྲ་དང་ཤེས་པ་དག་བསྒྲུབ་པར་བྱ་བ་ཡིན་ནོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། དེའི་རྒྱུ་མཚན་ཏེ་དེ་ཙམ་གྱི་རྒྱུ་མཚན་ཅན་ནོ། །འདི་ནི་ལེའུ་གཉིས་པར་བཤད་ཟིན་ཏེ། བལྟར་རུང་བའི་རང་བཞིན་གྱི་དོན་མེད་པ་ནི་མི་དམིགས་པ་ལས་གཞན་མ་ཡིན་ཏེ། འོན་ཀྱང་ཤེས་པ་དང་ཤེས་བྱའི་རང་བཞིན་མི་དམིགས་པ་ཉིད་ཡིན་ནོ། །དེ་ཡང་གྲུབ་པ་ཡིན་ལ། གྲུབ་པ་དེས་ནི་དེ་ཉིད་བསྒྲུབ་པར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་མི་དམིགས་པའི་རྒྱུ་མཚན་ཅན་མེད་པའི་ཤེས་པ་དང༌། སྒྲ་དག་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བཤད་ཟིན་པ་ཡིན་ནོ། །གལ་ཏེ་མེད་པའི་ཐ་སྙད་མི་དམིགས་པའི་རྒྱུ་མཚན་ཡིན་ན་དེ་ལྟར་ཞེས་བྱ་བ་རྒྱུ་མཚན་མི་དམིགས་པ་ལས་རྒྱུ་མཚན་ཅན་རྟོགས་པར་ཅི་ལྟར་འགྱུར། ཇི་ལྟར་མི་འགྱུར་ཞེ་ན། རྒྱུ་ཡོད་ཀྱང་འབྲས་བུ་ངེས་པ་མེད་པའི་ཕྱིར་རོ་ཞེ་ན། གང་གི་ཕྱིར་བལྟར་རུང་བ་མ་མཐོང་བ་ལ་བལྟར་རུང་ངམ་མཐོང་བའི་རྒྱུ་མཚན་གྱིས་མེད་ཅེས་བྱ་བའི་ཐ་སྙད་འདི་གྲུབ་པ་ཡིན་ནོ། །དེའི་ཕྱིར་འདི་མི་དམིགས་པའི་འབྲས་བུ་ཡིན་ཡང་དེའི་བློ་དང་སྒྲ་ལ་ཐེ་ཚོམ་མེད་དོ། །བལྟར་རུང་བ་མཐོང་བ་མེད་པར་གྲུབ་པ་ན་འབྲས་བུ་མ་ཞུགས་པ་ནི་རྒྱུ་མ་ཚང་བ་ལས་ནུས་པ་མ་ཡིན་ན། འདི་ལ་ནི་ཞུགས་པ་ཉིད་ཡིན་ཏེ། དེས་ན་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །


DTG187_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ངེས་ཤེ་ན། གང་གི་ཕྱིར་འབྲེལ་པ་མ་ཡིན་པར་ཤེས་པ་གང་གིས་ངེས་པ་མེད་པར་འགྱུར་བ་འདི་གདོང་རྟོགས་པར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འབྲེལ་པ་ཤེས་ཟིན་པའི་ཕྱིར། འོན་ཀྱང་བལྟར་རུང་བ་མཐོང་བ་མེད་པའི་རྒྱུ་མཚན་གྱིས་མེད་དོ་ཞེས་བྱ་བའི་ཐ་སྙད་འདི་ཡིན་པར་གྲུབ་པ་ཉིད་དོ། །གལ་ཏེ་རྟོགས་པར་བྱེད་པ་ལ་ཡང་བལྟར་རུང་བ་མཐོང་བ་མེད་པའི་རྒྱུ་མཚན་གྱིས་ཐ་སྙད་གྲུབ་ན། འོ་ན་དེ་གང་ལ་བསྒྲུབ་པར་བྱ་བ་ཡིན་ཞེ་ན། དེ་དྲན་པར་བྱེད་དོ་ཞེས་སྨོས་སོ། །གང་ཞིག་དེ་ལ་གྲུབ་པའི་ཉེ་བར་བརྗོད་པ་མེད་པ་དེ་དག་ལ་མེད་པའི་ཐ་སྙད་ཞུགས་སུ་ཟིན་ཀྱང༌། ཤེས་པ་དང་ཤེས་བྱའི་བདག་ཉིད་བལྟར་རུང་བ་མི་དམིགས་པའི་ཡུལ་ཡོད་ན་ཡང༌། དེའི་རྒྱུ་མཚན་ཅན་གྱི་ཐ་སྙད་མི་དྲན་པའི་རྟོགས་པར་བྱེད་པ་དེ་དྲན་པར་བྱེད་དོ། །རྣམ་པ་ཅི་ཞིག་ལྟར་ཞེས་བྱ་བ་ནི་རྒྱུ་མཚན་གཞན་སྒྲོ་བཏགས་པ་ལས་སོ། །མི་དམིགས་པ་ནི་མ་ཡིན་ཏེ། འོན་ཀྱང་བདག་གི་ས་རྒྱུ་མཚན་གཞན་ཉིད་ལས་ཐ་སྙད་དུ་བྱས་པ་ཡིན་ནོ་ཞེས་རྒྱུ་མཚན་ལ་རྨོངས་པ་དེ་ཁྱོད་ཀྱི་རྒྱུ་མཚན་འདི་ཉིད་ལས་ཐ་སྙད་དུ་བྱས་པ་ཡིན་ནོ་ཞེས་རྒྱུ་མཚན་རབ་ཏུ་བསྟན་པས་ཡུལ་དྲན་པར་བྱེད་དོ། །གལ་ཏེ་རྒྱུ་མཚན་ལ་རྨོངས་ན་དེ་ལ་དེའི་རྒྱུ་མཚན་གྱིས་བསྒྲུབ་པར་བྱ་བའི་ཐ་སྙད་མི་འགྲུབ་པ་དེས་ན་དེ་ལྟར་འཁྲུལ་པ་མེད་པ་ཡིན་ཞེ་ན། བཤད་པ། མེད་པའི་ཐ་སྙད་ལ་ཡུལ་གང་དུ་ཡང་སྣང་བ་མི་དམིགས་པ་ལས་རྒྱུ་མཚན་གཞན་ནི་འགའ་ཡང་ཡོད་པ་མ་ཡིན་ལ། དེ་ཡང་འདིས་སྔར་ལན་ཅིག་མ་ཡིན་པར་ཞུགས་ཟིན་པ་ཡིན་ནོ། །གང་གི་ཕྱིར་ངེས་པ་དང་ལྡན་པའི་འཇུག་པ་ནི་མངོན་པར་འདོད་པའི་རང་བཞིན་ཡོངས་སུ་བཅད་པའི་མཚན་ཉིད་ཅན་ཡིན་ལ། མངོན་པར་འདོད་པའི་རང་བཞིན་ཡོངས་སུ་བཅད་པ་ཡང་མངོན་པར་འདོད་པ་མ་ཡིན་པ་བཅད་པ་ཡིན་ན་འགྱུར་ཞིང༌། དེ་བལྟར་རུང་བའི་རང་བཞིན་མ་དམིགས་ན་ཡིན་ནོ། །དེས་ན་མེད་པའི་ཐ་སྙད་དང་ལྷན་ཅིག་པའི་འཇུག་པ་ཐམས་ཅད་ནི་མི་དམིགས་པའི་རྒྱུ་མཚན་ཅན་ཡིན་པ་དེའི་ཕྱིར་མེད་པའི་ཐ་སྙད་ནི་ཐམས་ཅད་ཀྱིས་དཔྱད་ཟིན་པ་ཡིན་ནོ། །དེའི་ཕྱིར་མི་དམིགས་པ་དང་མེད་པའི་ཐ་སྙད་དག་གི་འབྲེལ་པ་ནི་གྲུབ་ཟིན་པ་ཡིན་གྱི།


DTG187_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །དེའི་ཕྱིར་མི་དམིགས་པས་བསྒྲུབ་པར་བྱ་བ་ཤེས་པ་དང་སྒྲ་དག་ནི་རུང་བ་ཉིད་ལ་ཐེ་ཚོམ་མེད་པ་ཉིད་དོ། །འདོད་པ་ལ་རག་ལས་པའི་ཐ་སྙད་ནི་འགའ་ཞིག་ལ་རྒྱུ་མཚན་ཡོད་ཀྱང་མི་འཇུག་པ་ཡང་སྲིད་པ་དེས་ན་རུང་བ་ཉིད་རྒྱུ་མཚན་གྱིས་བསྒྲུབ་པར་བྱ་བ་ཡིན་གྱི་ཐ་སྙད་དངོས་པོ་ནི་མ་ཡིན་ནོ། །རྒྱུ་མཚན་དང་རྒྱུ་མཚན་ཅན་གྱིས་འབྲེལ་པ་འདོད་པས་བྱས་པ་ཡིན་པའི་ཕྱིར་རུང་བ་ཉིད་ཀྱང་བསྒྲུབ་པར་བྱ་བ་ཡིན་ནོ། །གང་དུ་འབྲེལ་པ་དངོས་པོར་གྱུར་པ་དེར་ནི་རུང་བའི་རྒྱུར་གནས་སྐབས་ཐ་མ་ཐོབ་པ་ལས་དེ་མ་ཐག་པ་ཉིད་དུ་འབྲས་བུ་མངོན་སུམ་དུ་འགྱུར་བའི་ཕྱིར་འབྲས་བུ་དངོས་སམ་རུང་བ་ཉིད་ཀྱང་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དཔེ་བརྗོད་པ་ནི་ལྐོག་ཤལ་ལ་སོགས་པ་འདུས་པ་ཡིན་པའི་ཕྱིར་འདི་ནི་བ་ལང་ངོ་ཞེས་བྱ་བའོ། །འདི་བ་ལང་ཆེན་པོ་དང་ཁྲ་བོ་ལ་སོགས་པ་ལ་བ་ལང་གི་ཐ་སྙད་ཞུགས་སུ་ཟིན་ཀྱང་གང་གི་ཚེ་བླུན་པས་ཆེན་པོ་ལ་སོགས་པ་ཉིད་རྒྱུ་མཚན་ཡིན་པར་སྒྲོ་བཏགས་ཏེ། ཆུང་ངུ་ལ་སོགས་པ་ལ་རྒྱུ་མཚན་མེད་པར་བསམས་ནས་བ་ལང་གི་ཐ་སྙད་མི་འཇུག་པར་བྱེད་པ་དེའི་ཚེ་ཐ་སྙད་འདི་ནི་ལྐོག་ཤལ་ལ་སོགས་པ་ཙམ་གྱི་རྒྱུ་མཚན་ཅན་ཡིན་ནོ་ཞེས་ལྐོག་ཤལ་ལ་སོགས་པ་དང་ལྡན་པ་ཅམ་བ་ལང་གི་ཐ་སྙད་ཀྱི་རྒྱུ་མཚན་ཅན་དུ་བསྟན་ནས་བརྡ་དྲན་པར་བྱེད་དོ། །གལ་ཏེ་འབྲེལ་པ་གྲུབ་ན་རྒྱུ་མཚན་མཐོང་ནས་ཐ་སྙད་འཇུག་པར་མི་བྱེད་པར་ཅི་ལྟར་འགྱུར་ཏེ། དཔེར་ན་ལོ་མ་ལ་སོགས་པ་དང་ལྡན་པ་ལས་ཤིང་གི་ཐ་སྙད་བཞིན་ནོ་ཞེ་ན། ཡུལ་ཡོད་ན་ཡང་སྟེ་ཉེ་བར་གནས་པ་ལ་དེའི་རྒྱུ་མཚན་ཅན་གྱི་ཐ་སྙད་ཞུགས་སུ་ཟིན་ཀྱང་རྒྱུ་མཚན་ལ་ཡང་རྨོངས་པས་སྐབས་སུ་བབ་པའི་ཡུལ་འདིས་རྗེས་སུ་མི་བརྗོད་པ་སྟེ། ཐ་སྙད་དུ་མི་བྱེད་པའམ་མ་རྟོགས་པ་ནི་གྲུབ་པ་མེད་པའི་ཐ་སྙད་ཞུགས་པའི་ཡུལ་དང་འདྲ་བའི་ཕྱིར་སྐབས་སུ་བབ་པའི་ཡུལ་ལ་མི་དམིགས་པའི་རྒྱུ་མཚན་ཅན་གྱི་བརྡ་རྨོངས་པ་ལ་དྲན་པར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །ཅིའི་ཕྱིར་ཞེ་ན། དཔེར་ན་རྒྱུ་དང་འབྲས་བུ་ཉིད་སྒྲུབ་པ་བཞིན་ནོ། །མངོན་སུམ་དང་མི་དམིགས་པ་དག་གིས་གྲུབ་པར་བསྟན་པའི་ཕྱིར་དངོས་


DTG187_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་དངོས་པོ་མེད་བ་དག་མཐོང་བ་དང་མཐོང་བ་དག་གིས་སྒྲ་བརྗོད་དེ་དག་གི་རྒྱུ་དང་འབྲས་བུའི་ཐ་སྙད་དུ་རུང་བ་ཉིད་དྲན་པར་བྱེད་དོ། །གལ་ཏེ་རྒྱུ་དང་འབྲས་བུ་ཉིད་ནི་གཉིས་འབྲེལ་པ་ཡིན་གྱི། དངོས་པོ་དང་དངོས་པོ་མེད་པ་ཙམ་ནི་མ་ཡིན་ན། དེ་ཇི་ལྟར་ཐ་སྙད་དུ་རུང་བ་ཉིད་བསྒྲུབ་པར་བྱ་བ་ཡིན་ཞེ་ན། གང་གི་ཕྱིར་མཐོང་བ་དང་མ་མཐོང་བ་དེ་གཉིས་ཉིད་ལ་འབྲས་བུ་དང་རྒྱུ་དང་བསྐྱེད་བྱ་དང་སྐྱེད་བྱེད་ལ་སོགས་པའི་སྒྲ་ཐ་སྙད་ཀྱི་དོན་དུ་བཀོད་པ་ཡིན་པ་དེའི་ཕྱིར། རྒྱུ་དང་འབྲས་བུ་ཉིད་གཞན་ནི་བསྒྲུབ་པར་བྱ་བ་མེད་དོ། །རྒྱུ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་འབྲས་བུ་ཡོད་པ་དང་མེད་པ་ཉིད་འབྲེལ་པ་ཡིན་གྱི་གཞན་ནི་དགའ་ཡང་མ་ཡིན་ནོ། །དེའི་ཕྱིར་འདིར་ཡང་བླུན་པས་བརྡ་བྱས་ཟིན་པ་ལ་རྒྱུ་མཚན་སྒྲོ་བཏགས་ནས་ཡུལ་ཅན་མི་དྲན་པ་དྲན་པར་བྱེད་པ་ཡིན་ནོ། །ཞར་ལ་ཕྱུང་བ་མཇུག་བསྡུས་ནས་གཉུག་མ་ཉིད་བཤད་པ། རྒྱུ་ལས་འབྲས་བུ་རབ་ཏུ་གྲུབ་པ་འདི་ནི་གཏན་ཚིགས་ཀྱིས་རབ་ཏུ་དབྱེ་བ་བཤད་པ། ཐ་དད་པར་དཔེར་མ་བརྗོད་དེ། རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རུང་བ་ཉིད་བསྒྲུབ་བྱ་ཡིན་པའི་ཕྱིར་རོ། །རྒྱུ་ལས་འབྲས་བུ་རབ་ཏུ་གྲུབ་པ་ལ་ཐེ་ཚོམ་མེད་དུ་ཆུག་མོད། རང་བཞིན་གྱི་ནང་དུ་འདུས་པར་གོ་ཅི་ལྟར་འགྱུར་ཞེ་ན། བཤད་པ། ས་ཕྱོགས་དང་ཤེས་པར་རང་བཞིན་གྱིས་མི་དམིགས་པ་ལས་ནི་ཁྱབ་པར་བྱེད་པའི་རང་བཞིན་མེད་པའི་ཐ་སྙད་དུ་རུང་བ་ཉིད་བསྒྲུབ་པོ། །ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་ཡང་གང་དུ་འགྲུབ་ཅེ་ན། ཁྱབ་པ་ཡང་གཞན་དུ་ཞེས་སྨོས་སོ། །ཡུལ་གཞན་དུ་རབ་ཏུ་ཞུགས་པའི་ཐ་སྙད་མི་དམིགས་པ་ཙམ་ལས་གྲུབ་ཅིང༌། གྲུབ་པ་དེ་རྒྱུར་གྱུར་པས་ན་ཁྱབ་པ་གྲུབ་པོ། །དེའི་རྒྱུ་མཚན་ཉིད་དུ་གཅིག་ལ་རབ་ཏུ་གྲུབ་པས་ཀྱང་རུང་བ་ཉིད་རྒྱུ་མཚན་གྱིས་ཁྱབ་པར་བྱེད་པར་འགྲུབ་པར་འགྱུར་རོ། །དེས་ན་དེ་ལྟར་མི་དམིགས་པ་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པའི་ཕྱིར་མི་དམིགས་པ་ཉིད་བུམ་པ་མེད་པ་ཡིན་ནོ། །ད་ཡང་གྲུབ་པ་ཡིན་ལ། མི་དམིགས་པའི་རང་བཞིན་དུ་གྱུར་པ་མེད་པ་དེས་མེད་པའི་ཐ་སྙད་


DTG187_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རུང་བ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་ལེའུ་གཉིས་པ་དང་འདིར་ཡང་བཤད་ཟིན་ཏོ། །གང་ལས་མེད་པའི་ཐ་སྙད་དུ་འགྱུར་བ་མེད་པའི་བདག་ཉིད་ཀྱིས་མི་དམིགས་པ་དེ་ཉིད་ཅི་ལྟར་འགྲུབ་ཅིང་མེད་པ་དེ་ཤེས་པ་མེད་པར་ངེས་པའི་རྒྱུར་ཡང་ཅི་ལྟར་འགྱུར་ཞེ་ན། ཅི་འདྲ་བ་ཞིག་མི་དམིགས་པ་ཡིན་པར་འདོད་པ་དེ་མི་ཤེས་པས་བདག་ལ་དྲིས་སོ་སྙམ་ནས། ཉེས་པ་འདི་ནི་མེད་དོ་ཞེས་སྨོས་སོ། །འདི་ལྟར་གཞན་དང་མ་འདྲེས་པའི་དོན་གཅིག་གི་དམིགས་པར་ཉམས་སུ་མྱོང་བ་ལས་དངོས་པོ་འདི་ནི་དམིགས་སོ་ཞེས་བྱ་བའམ། མ་དམིགས་སོ་ཞེས་དམིགས་པ་གྲུབ་པ་དང་འགོག་པའི་རྣམ་པར་རྟོག་པ་སྐྱེ་བར་འགྱུར་རོ། །གཅིག་དམིགས་ཉམས་སུ་མྱོང་བ་ལས། །ཞེས་བྱ་བ་གང་ལས་ཤེ་ན། གང་གི་ཕྱིར་གང་ལས་ཤེས་པ་མེད་པར་ངེས་པའི་ཕྱིར་རོ། །ཤེས་པ་མེད་པ་དེ་ཉིད་ལས་མེད་པའི་ཐ་སྙད་དུ་འགྱུར་བ་དངོས་པོ་རྣམས་རང་ལ་དམིགས་པའི་ཤེས་པ་དེ་མེད་པ་ཙམ་གྱིས་ནི་དེ་ལྟར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ཤེས་པ་མེད་པར་ངེས་པར་འགྱུར་བའོ། །འོ་ན་གང་ལས་མེད་པའི་ཐ་སྙད་དུ་འགྱུར་བ་ཤེས་པ་མེད་པར་ངེས་པ་གང་ལས་ཤེས་ན། བཤད་པ། དངོས་པོ་རྣམས་ཀྱི་རང་བཞིན་ལས་ཁྱད་པར་དུ་གྱུར་ཅིང་ལོག་པར་གྱུར་པའི་ས་ཕྱོགས་ལ་སོགས་པ་ཤེས་པ་གཅིག་ལ་འདྲེ་བའི་ཤེས་པ་ཡོད་པ་ལས་ཡིན་ནོ། །འདི་མ་དམིགས་སོ་ཞེས་ཤེས་པ་མེད་པ་འདི་མ་ངེས་པར་འགྱུར་བ་དེ་ཉིད་ལས་དམིགས་པ་མེད་པར་ངེས་པའི་སྒོ་ནས་ཐ་སྙད་འཇུག་པ་ཡིན་ནོ། །མེད་པའི་ཐ་སྙད་དེ་ནི་ཤེས་པ་མེད་པ་ལས་ནི་མ་ཡིན་གྱི། འོན་ཀྱང་ཤེས་པ་གཞན་ཡོད་པ་ལས་སོ་ཞེས་བྱ་བ་དེ་ག་ལས་ཤེ་ན། གཉིད་ལོག་པ་ལ་སོགས་པ་འགའ་ཞིག་ཏུ་དོན་ཐམས་ཅད་མ་རྟོགས་པར་གྱུར་བའི་ཚེ། ཤེས་པ་དངོས་པོ་མེད་པ་མི་རྟོགས་པའི་ཕྱིར་ཤེས་པ་མེད་པ་ལས་ཤེས་པ་མེད་པ་རྟོགས་པ་ནི་མ་ཡིན་ནོ། །དེའི་ཚེ་ཤེས་པ་མེད་པ་མ་རྟོགས་པ་གང་ལས་ཤེ་ན། དྲན་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ཤེས་པ་མེད་པ་ལས་ཤེས་པ་མེད་པར་རྟོགས་པའི་ཕྱིར་དོན་མངོན་སུམ་དུ་གྱུར་ན་མངོན་སུམ་


DTG187_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པའི་ཚད་མའི་སྟོབས་ཀྱིས་དམིགས་པ་དང་མི་དམིགས་པའི་རྣམ་པར་རྟོག་པ་འབྱུང་བར་འགྱུར་རོ། །མངོན་སུམ་གྱིས་ནི་དམིགས་པ་མེད་པ་ཉིད་ཐ་སྙད་དུ་བྱ་བ་ཡིན་གྱི། དོན་མེད་པ་ནི་ཐ་སྙད་དུ་བྱ་བར་ནུས་པ་མ་ཡིན་ནོ། །མ་དམིགས་པ་དག་ཀྱང་ཡོད་པའི་མཐོང་བའི་ཕྱིར་རོ། །དེས་ན་སྣང་བ་མི་དམིགས་པས་ན་ཐ་སྙད་དུ་བྱ་བ་ཡིན་ནོ། །མེད་པའི་ཐ་སྙད་དུ་རུང་བ་ནི་བལྟར་རུང་བའི་མི་དམིགས་པ་མེད་པར་ངེས་པར་བཤད་ལ། འདི་མ་དམིགས་སོ་ཞེས་བྱ་བ་མངོན་སུམ་ལས་ཡིན་ཏེ། འདི་ལྟར་ཤེས་པ་ཙམ་མེད་པར་ངེས་པ་ནི་གཞན་ལས་ཀྱང་འགྱུར་བ་ཉིད་དོ། །ཡང་ཅིའི་ཕྱིར་ཤེས་པ་གཅིག་ཉམས་སུ་མྱོང་བ་ལས་དོན་གཞན་གྱི་དམིགས་པ་མེད་པར་ངེས་ཤེ་ན། གང་གི་ཕྱིར་དོན་གྱི་ཁྱད་པར་རྟོགས་པ་ནི་ཁྱད་པར་ཅན་གྱི་མྱོང་བ་ལས་འགྱུར་ལ། མྱོང་བའི་ཁྱད་པར་རྟོགས་པ་ནི་རྣམ་པ་དེ་ལྟ་བུ་ཁྱད་པར་ཅན་སྔོན་པོའི་རྣམ་པའི་བདག་ཉིད་རང་གི་རིག་པས་ཡིན་གྱི། མྱོང་བའི་ཁྱད་པར་གཞན་ལས་མ་ཡིན་ནོ། །དེ་ལྟ་ཡིན་དང་རང་ཉིད་གྲུབ་པའི་རང་བཞིན་གྱི་ཁྱད་པར་གྱི་མྱོང་བ་དེ་དོན་གྱིས་གཟུང་བར་བྱ་བའི་དོན་ཀྱང་ཁྱད་པར་དུ་བྱེད་པ་ཡིན་ཏེ། དོན་གྱི་ཁྱད་པར་ངེས་པ་ནི་ཤེས་པའི་ཁྱད་པར་ངེས་པ་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །དེ་ལ་ཁྱད་པར་ཅན་གྱི་ཤེས་པ་ངེས་པའི་རང་བཞིན་ཤེས་པས་གཞན་མེད་པར་ངེས་པ་ནི་ཤེས་པ་ལས་རིག་ན། དོན་གྱིས་དོན་རྣམ་པར་གཅོད་དོ་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། ཤེས་པ་གཅིག་ལ་འདྲེན་པ་ཅན་མཐོང་བ་ན་གལ་ཏེ་བུམ་པ་ལ་སོགས་པ་ཡོད་ན་ནི་མཐོང་བ་ཁོ་ནར་འགྱུར་བ་དེའི་ཕྱིར་སྣང་དུ་སྲིད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བཤད་ཟིན་ཏེ། དེས་ན་འདིར་སྣང་བ་མི་དམིགས་པར་ངེས་པའི་རྒྱུ་ཡིན་པ་ཉིད་ཀྱིས་དོན་རྣམ་པར་གཅོད་པར་བརྗོད་དོ། །དེས་ན་ཤེས་པ་དང་ཤེས་བྱའི་རང་བཞིན་ནི་མི་དམིགས་པ་ཡིན་པར་དེ་དང་དེ་དག་ཏུ་བརྗོད་པ་ཡིན་ནོ། །གལ་ཏེ་ཅི་ལྟར་དོན་གྱི་ཁྱད་པར་ངེས་པ་ནི་ཤེས་པ་ལས་ཡིན་གྱི་རང་ཉིད་ལས་ནི་མ་ཡིན་པ་དེ་བཞིན་དུ་ཤེས་པའི་ཡང་ཤེས་པ་གཞན་ལས་ཡིན་ནོ་ཞེ་ན། དེ་ལྟ་མ་ཡིན་ན་ཞེས་སྨོས་སོ། །གལ་ཏེ་མྱོང་བའི་ཁྱད་པར་དེ་ངེས་པའི་རྣམ་


DTG187_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་གཞན་གྱིས་ངེས་པར་བྱས་པ་ཡིན་ན། ཤེས་པ་གཞན་དེའི་ཡང་ཤེས་པ་གཞན་ལས་ཡིན་པའི་ཕྱིར་ཤེས་པའི་ཁྱད་པར་རྟོགས་པའི་རྒྱུ་མཚན་གཞན་དང་གཞན་མཐའ་ཐུག་པ་མེད་པར་འགྱུར་བས་དོན་ནམ་ཤེས་པའི་ཁྱད་པར་འགའ་ཡང་འགྲུབ་པར་མི་འགྱུར་རོ། ཡང་ཅི་ལྟར་ན་ཤེས་པའི་ཁྱད་པར་བཞིན་དུ་དོན་གྱི་ཁྱད་པར་ཡང་རང་ལས་མི་འགྲུབ་ཅེ་ན། བཤད་པ། དོན་ནི་རང་གི་ཡོད་པའམ་ཁྱད་པར་དག་གིས་དོན་དང་འབྲེལ་པའི་ཡོད་པ་དང་ཁྱད་པར་ངེས་པ་ཡིན་ཏེ། དེ་དག་ནི་རིག་པའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །རིག་པའི་རང་བཞིན་གྱི་ཡོད་པ་དང་ཁྱད་པར་གང་ཡིན་པ་དེ་དག་ནི་རང་ལས་གྲུབ་པར་འགྱུར་བ་ཡིན་ནོ། །འདི་སྐད་དུ་བརྗོད་པ་ཡིན་ཏེ། གང་ཞིག་ཡོད་པ་རང་ཉིད་ལས་གྲུབ་པ་དེའི་ཁྱད་པར་ཡང་འགྲུབ་པ་ཡིན་ནོ། །དོན་ནི་རིག་པའི་རང་བཞིན་མ་ཡིན་པའི་ཕྱིར་ཡོད་པ་ཙམ་ཡང་རང་ལས་མི་འགྲུབ་ན་ཁྱད་པར་ལྟར་འགྲུབ་པར་གལ་འགྱུར། དེའི་ཕྱིར་བདག་གིས་ཤེས་པ་གང་ཡིན་པ་དེའི་ཡོད་པ་དང་ཁྱད་པར་དག་གིས་ཡོད་པ་དང་ཁྱད་པར་དག་འགྲུབ་ཀྱི་རང་དབང་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་མྱོང་བའི་ཡོད་པ་དང་ཁྱད་པར་དག་གིས་མྱོང་བ་གཞན་གྱི་ཡོད་པ་དང་ཁྱད་པར་དག་ལས་ངེས་པ་མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་ཐམས་ཅད་མི་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་མེད་པར་ངེས་པའི་རྒྱུ་ནི་ཤེས་པ་གཞན་ཉིད་ཡིན་གྱི། ཤེས་པ་མེད་པ་ཙམ་ནི་མ་ཡིན་པ་དེའི་ཕྱིར་སྣང་དུ་རུང་བའི་དམིགས་པ་མེད་པར་ངེས་པའི་རྒྱུ་ཡིན་པའི་ཕྱིར་བཤད་མ་ཐག་པ་ཤེས་པ་གཅིག་ལ་འདྲེ་བའི་རང་བཞིན་ཁྱད་པར་ཅན་མྱོང་པ་ལས་ཤེས་པ་གཅིག་ལ་འདྲེ་བ་གཞན་བསལ་བ་ནི་གཞན་མ་ཡིན་ཏེ། དེས་ན་མ་ཡིན་པར་འཇུག་པས་མྱོང་བ་དེ་ཉིད་དངོས་པོ་མེད་པ་ཡིན་ཏེ། སྣང་བ་མི་དམིགས་པ་ངེས་བའི་རྒྱུ་ཡིན་པའི་ཕྱིར་རོ། །དངོས་པོ་མེད་པ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་བུམ་པ་དེ་མི་དམིགས་པ་ཡང་བུམ་པ་དེ་ལས་ཐ་དད་པའི་ཤེས་པ་གཅིག་ལ་འདྲེ་བ་དམིགས་པ་ཉིད་ཡིན་ན། དེ་འདྲ་བའི་མི་དམིགས་པ་ནི་མངོན་སུམ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །དེས་ན་དོན་འདི་བརྗོད་པ་ཡིན་ཏེ། གང་གི་ཕྱིར་ཤེས་པ་གཞན་


DTG187_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྣང་བ་དམིགས་པ་མེད་པར་ངེས་པ་དེའི་ཕྱིར་ཁྱད་པར་ཅན་གྱི་ཤེས་པ་དེ་ཉིད་དེ་མེད་པ་དང་མ་དམིགས་པ་ཡང་ཡིན་ལ། དེ་ཡང་མངོན་སུམ་གྱིས་གྲུབ་པ་ཡིན་པ་དང༌། སྣང་བ་མི་དམིགས་པ་མེད་པར་ངེས་པའི་རྒྱུར་ཡང་འགྱུར་བ་ཡིན་ཏེ། དངོས་པོ་ཉིད་ཀྱི་ཕྱིར་རོ།། དངོས་པོ་མེད་པ་དང་མི་དམིགས་པ་ནི་དེ་ཉིད་ཡིན་ནོ་ཞེས་དེ་ག་ལས་ཤེ་ན། བཤད་པ། གང་གི་ཕྱིར་དོན་མ་འབྲེལ་བ་ཉམས་སུ་མྱོང་བ་མ་འབྲེལ་བའི་ཡུལ་ཅན་ཉིད་ཀྱིས་རྣམ་པ་གཅིག་ཏུ་སོ་སོར་ངེས་པ་གང་ཡིན་པ་དེ་ལས་དོན་གཞན་མེད་པ་ནི་གཞན་མ་ཡིན་ཏེ། འོན་ཀྱང་དེ་ཉིད་ཡིན་ནོ། །ཉམས་སུ་མྱོང་བ་དེ་ཉིད་ནི་རྣམ་པ་དེ་ངེས་པ་ཡིན་པའི་དམིགས་པའི་སྔོན་པོ་དེ་ཉིད་ཡོད་ཅེས་ངེས་པར་བྱེད་པ་ན་གཞན་ནམ་གཞན་མྱོང་བ་མེད་དོ་ཞེས་ངེས་པར་བྱེད་པ་དེའི་ཕྱིར་དེ་ཉིད་དངོས་པོ་མེད་པ་ཡིན་ལ། དེ་ནི་འདིར་ཡང་ཡོད་དོ། །ནམ་གྱི་ཚེ་ངེས་ཤེ་ན། གང་གི་ཚེ་གཞན་མེད་པར་ཐ་སྙད་བྱེད་པའི་ཚེ་ཡིན་ལ། གཞན་མེད་པའི་ཐ་སྙད་ཀྱང་སྣང་བ་མི་དམིགས་པ་ལས་ཡིན་ནོ། །དེའི་ཕྱིར་འདི་མངོན་སུམ་གྱི་བྱེད་པ་ནི་མ་ཡིན་ནོ། །དམིགས་པར་བྱ་བ་དེ་ཉིད་ནི་ཡོད་པ་ལ་གཞན་ནི་མེད་དོ་ཞེས་བྱ་བ་འདི་ནི་སྐབས་ཀྱི་དབང་གིས་ཡིན་པར་བལྟ་སྟེ། མངོན་སུམ་གྱི་བྱ་བ་རྣལ་མ་ཉིད་ནི་འདི་དམིགས་ལ་འདི་ནི་མ་དམིགས་སོ་ཞེས་བྱ་བ་ཉིད་ཡིན་ནོ། །དེ་བཞིན་དུ་ཁྱད་པར་ཅན་གྱི་རང་བཞིན་ངེས་པ་ཉིད་ནི་མྱོང་བ་གཞན་མེད་པར་ངེས་པ་ཡིན་ཏེ། དེའི་རང་བཞིན་གྱི་ཁྱད་པར་ནི་རང་ལས་གྲུབ་པ་ཡིན་ནོ་ཞེས་གང་བཤད་པ་ཡིན་ནོ། །དེའི་ཕྱིར་གཞན་མྱོང་བ་མེད་དོ་ཞེས་ངེས་པར་བྱེད་དོ་ཞེས་བྱ་བ་འདིར་ནི་ཤུགས་ཀྱིས་ཞེས་བྱ་བར་མི་བྱ་སྟེ། འོན་ཀྱང་གཞན་མེད་དོ་ཞེས་བྱ་བ་འདིར་ཡིན་ནོ། །མངོན་སུམ་ནི་གཞན་མེད་པར་ཐ་སྙད་བྱེད་པ་མ་ཡིན་ན་དེ་ཅི་ལྟར་ངེས་པར་བྱེད་ཅེ་ན། ཤུགས་ཀྱིས་གལ་ཏེ་དེ་ན་སྣང་དུ་རུང་བ་གཞན་ཡོད་ན་ནི་ས་ཕྱོགས་འབའ་ཞིག་དམིགས་པར་མི་འགྱུར་ཏེ། དེ་ཡང་དམིགས་པའི་ཕྱིར་རོ། །དམིགས་པ་ངེས་པ་དེ་ཉིད་ཀྱི་ཤུགས་ཀྱིས་བལྟར་རུང་བ་མེད་པར་ངེས་པ་མ་ཡིན་ན་དེ་ནི་བལྟར་མི་རུང་བ་དག་ལ་ཡང་ཡོད་པའི་ཕྱིར་སྣང་བ་མི་དམིགས་པས་ཐ་སྙད་དུ་བྱ་བ་ཡིན་ནོ། །


DTG187_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་གཞན་དམིགས་པ་མེད་པར་ངེས་པའི་རྒྱུ་ཉིད་ཤུགས་ཀྱིས་གཞན་མེད་པར་ངེས་པའི་རྒྱུ་ཡིན་པའི་ཕྱིར་དེ་ཉིད་མེད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །སྣང་བ་མི་དམིགས་པར་ངེས་པའི་ཤུགས་ཀྱིས་བྱས་པས་དེ་ཉིད་ལས་མེད་པར་ངེས་པའི་རྒྱུ་ཡིན་པའི་ཕྱིར་དེ་ཉིད་དེ་མ་དམིགས་པ་ཡིན་ནོ། །གང་ལས་གང་མེད་པར་ངེས་པ་དེ་དེའི་མི་དམིགས་པར་རིགས་ཀྱི་གཞན་ནི་མ་ཡིན་ནོ། །དེ་ནི་སྣང་དུ་རུང་བ་གཞན་མི་དམིགས་པར་ངེས་པའི་རྒྱུ་ཡིན་པས་མེད་པའི་ཐ་སྙད་འགྲུབ་པའི་རྒྱུ་ཡང་ཡིན་ནོ། །གང་ལས་ཤེས་པ་མེད་པར་མི་ངེས་པ་དེ་ནི་ཐ་སྙད་ཀྱི་རྒྱུ་ཉིད་མ་ཡིན་ཏེ། མི་དམིགས་པ་མ་ངེས་པར་ནི་ཐ་སྙད་མི་རུང་བའི་ཕྱིར་རོ། །དེ་ཡང་རང་རིག་པས་གྲུབ་པའི་ཕྱིར་མ་གྲུབ་པ་མ་ཡིན་ཏེ། དེའི་ཕྱིར་ཤེས་པའི་རྒྱུ་དང་མངོན་སུམ་གྱིས་གྲུབ་པ་ཡང་ཡིན་པས་རྩོད་པ་གཉི་ག་སྤངས་པ་ཡིན་ནོ། །འདིར་ཤེས་པ་གཅིག་ལ་འདྲེ་བའི་དངོས་པོའི་ཡུལ་ཅན་གྱི་མངོན་སུམ་ག་ལས་བལྟར་རུང་བ་གཞན་མེད་པར་ངེས་པ་དེ་ལས་བལྟར་རུང་བ་གཞན་མེད་པའི་ཐ་སྙད་ཡིན་ནོ་ཞེས་བྱ་བའི་དོན་རྣམ་པར་གཞག་པ་ཡིན་ནོ། །དོན་འདིའི་འཁྲུལ་པ་བསྟན་པའི་ཕྱིར་སྨྲས་པ་ནི། གལ་ཏེ་རང་ལས་ཁྱད་པར་ཅན་ཤེས་པ་གཅིག་ལ་འདྲེ་བ་ཤེས་པ་མེད་ཀྱང་ལ་ལར་མེད་པའི་ཐ་སྙད་ཀྱི་བློར་འགྱུར་བ་མ་ཡིན་ནམ། དཔེར་ན་མུན་ཁུང་མུན་པའི་སྨག་ཏུ་ལག་པ་བྱུགས་པས་བུམ་པ་ལ་སོགས་པ་མེད་པར་རྟོགས་པ་ཡོད་པ་བཞིན་ནོ་ཞེ་ན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མུན་ཁུང་དེར་ཡང་དེ་ལྟར་ཞེས་བྱ་བ་འགའ་ཞིག་མེད་པར་རྟོགས་པ་ནི་བྱུགས་པའི་ལག་པའི་ནང་གི་བདག་ཉིད་ཀྱི་ཁྱད་པར་ཅན་གྱི་རེག་པ་དམིགས་པས་ཡིན་ནོ། །གཟུགས་ཀྱི་བདག་ཉིད་ཀྱིས་ནི་བུམ་པ་བལྟ་བར་བྱ་བ་ཡིན་ལ། རེག་པའི་བདག་ཉིད་ཀྱིས་ནི་རེག་པར་བྱ་བ་ཡིན་ནོ། །རེག་པར་བྱ་བ་དེ་ཤེས་པ་གཅིག་ལ་འདྲེ་བའི་ནང་གི་རེག་པ་དམིགས་པ་ལས་མེད་པར་རྟོགས་པ་ཡིན་ནོ། །དེའི་ཚེ་ནང་གི་རེག་པ་དམིགས་པ་ཡོད་དོ་ཞེས་བྱ་བ་དེ་ཡང་ག་ལས་ཤེ་ན། རེག་པའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ལག་པ་བྱུགས་པའི་བྱ་བའི་ཡུལ་ཅན་བློ་ལ་གནས་པའི་རྩོལ་བ་ལས་འབྲས་བུར་གྱུར་པའི་ལག་པ་བྱུགས་པ་


DTG187_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་མ་ཡིན་ནམ་ཞེ་ན་རྩོལ་བ་མེད་ཀྱང་ཞེས་སྨོས་སོ། །རེ་ཞིག་འབྲས་བུ་ནི་ངེས་པར་འགྱུར་བ་མ་ཡིན་ལ། བྱུགས་པའི་ཤེས་པ་རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། དེའི་ཕྱིར་རེག་པའི་ཁྱད་པར་མངོན་སུམ་དུ་གྱུར་པ་ན་ཡུལ་ནས་ཡུལ་དུ་རྒྱུ་བའི་ལག་པ་མངོན་སུམ་དུ་འགྱུར་བ་ཡིན་ནོ། །རྩོལ་བ་མེད་ཀྱང་ལག་པ་གྱེན་དུ་བསྒྲེང་སྟེ་མུན་ཁུང་དུ་གཉིད་རྩོལ་བའི་དུས་སུ་ལག་པ་འོག་ཏུ་ལྷུང་བ་དམིགས་པ་ཡོད་པ་ཡིན་ནོ། །དེའི་ཕྱིར་རྩོལ་བ་ནི་རྟོགས་པའི་ཡན་ལག་མ་ཡིན་པ་དང་འཁྲུལ་པ་མ་ཡིན་ནོ། །རེག་པའི་ཁྱད་པར་དེ་ལས་ཤེས་པ་གཅིག་ལ་འདྲེ་བ་མེད་པར་རྟོགས་པ་ཡིན་ནོ། །ཤེས་པ་གཅིག་ལ་འདྲེ་བའི་དངོས་པོའི་རྟོགས་པ་དེ་མེད་ན་གཉིད་ལོག་པ་ལ་སོགས་པའི་ཚེ་མེད་པར་མི་རྟོགས་པའི་ཕྱིར་རོ། །སྒྲ་ལ་སོགས་པ་མེད་པར་རྟོགས་པ་ནི་ཕྱིས་གཏན་ལ་འབེབས་བར་འགྱུར་རོ། །གལ་ཏེ་དམིགས་པའི་རྒྱུ་རྣམས་ཡོད་པ་ན་དམིགས་སུ་རུང་བ་དེ་མི་དམིགས་པས་མེད་པར་རྟོགས་སོ། །དེས་ཅིར་འགྱུར་ཞེ་ན། དེའི་གཉིད་ལོག་པ་དང་མྱོས་པ་དང་བརྒྱལ་བ་ལ་སོགས་པའི་གནས་སྐབས་སུ་འགའ་ཞིག་མེད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དམིགས་པའི་རྐྱེན་དབང་པོ་ནུས་པ་མ་ཉམས་པ་འབྲས་བུ་བྱེད་པར་ནུས་པ་དང་རུང་བའི་ཡིད་ལ་བྱེད་པ་དེ་ཉིད་མེད་པའི་ཕྱིར་རོ། །དེས་ན་ཁྱད་པར་ཅན་ཤེས་པ་གཅིག་ལ་འདྲེ་བའི་ཤེས་པ་མེད་པའི་ཕྱིར་ན་གཉིད་ལོག་པ་ལ་སོགས་པ་དེར་འགའ་ཡང་མེད་པར་མ་རྟོགས་པ་ནི་མ་ཡིན་ནོ། །འོ་ན་དེ་འདྲ་བ་དེ་ག་ལས་ཤེ་ན། རྒྱུ་ཚོགས་པ་ཅན་གྱི་དམིགས་སུ་རུང་བ་མ་དམིགས་པ་ཉིད་མེད་པའི་ཕྱིར་རོ། །དེའི་ཕྱིར་གཉིད་ལོག་པ་ལ་སོགས་པ་ལ་མེད་པའི་ཕྱིར་ཁྱད་པར་ཅན་གྱི་ཤེས་པ་ལས་མེད་པར་རྟོགས་པ་ཡིན་ནོ་ཞེས་གང་བརྗོད་པ་དེ་ནི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། འདི་ལྟར་གཉིས་ལོག་པ་ལ་སོགས་པ་མེད་པར་མ་རྟོགས་པ་ནི་མི་དམིགས་པ་ཉིད་མེད་པས་ཡིན་གྱི། ཁྱད་པར་ཅན་གྱི་ཤེས་པ་མེད་པས་ནི་མ་ཡིན་ནོ་ཞེ་ན། ཁྱོད་ཀྱིས་ཀྱང་ཁྱད་པར་ཅན་གྱི་ཤེས་པ་ཉིད་རྣམ་པ་གཞན་གྱི་སྒོ་ནས་བརྗོད་པ་ཡིན་ནོ་ཞེས་བསྟན་པའི་དོན་དུ་བཤད་པ། མི་དམིགས་


DTG187_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྗོད་པར་བྱ་བའི་འདིར་ཡང་རྒྱུ་གཞན་ཡོད་པ་ན་ཞེས་སྨྲ་བས་དབང་པོ་ལ་སོགས་པ་དེ་དག་ཉིད་ཤེས་པ་ལ་སྟེ། རང་གི་ཤེས་པ་ལ་ནུས་པ་ཉམས་པ་མེད་པའི་རྒྱུས་དམིགས་པ་སྐྱེ་བར་སྟོན་པར་བྱེད་པ་ཡིན་ཏེ། འདི་ལྟར་གང་གི་ཚེ་དེ་དག་འབྲས་བུ་རྩོམ་པ་དེའི་ཚེ་དག་ནུས་པ་མ་ཉམས་པར་འགྱུར་བ་ཡིན་གྱི། དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་སྣང་བ་ན་གང་ཞིག་ཡོད་ན། གདོན་མི་ཟ་བར་སྣང་བ་ཤེས་པ་གཅིག་ལ་འདྲེ་བ་དེའི་ནུས་པ་མ་མཐོང་བ་རྒྱུའི་དངོས་པོར་ནི་དམིགས་པས་རྗེས་སུ་དཔོག་པར་བྱེད་དོ། །དེ་ལས་ནི་འབྲས་བུ་འདྲེ་བའི་ཤེས་པ་ཡིན་ནོ། །འབྲས་བུ་འཇུག་པ་དེ་ཡང་དམིགས་པ་ཉིད་ཡིན་ནོ། །ཁྱོད་ཀྱིས་དམིགས་སུ་རུང་བ་མ་དམིགས་པར་བརྗོད་པས་ཀྱང་དམིགས་པ་དེའི་དོན་གཅིག་ཏུ་སྣང་བ་ངེས་པ་སྟོན་པར་བྱེད་དོ། །འདི་ལྟར་དམིགས་པ་ཡོད་པ་ན་གལ་ཏེ་དེའི་རྣམ་པ་དོན་གཅིག་ཏུ་ངེས་པ་ཡིན་ན་བུམ་པ་མི་དམིགས་སོ་ཞེས་བྱ་བར་འགྱུར་བ་ཡིན་ནོ། །དེའི་ཕྱིར་ཁྱོད་ཀྱིས་ཀྱང་ཁྱད་པར་ཅན་གྱི་ཤེས་པ་ཉིད་དེ་མི་དམིགས་པར་བརྗོད་པ་ཡིན་ནོ། །གཞན་དུ་ཞེས་བྱ་བ་གལ་ཏེ་མི་དམིགས་པར་མི་འདོད་ན་དེའི་ཚེ་དོན་མེད་པ་ནི་མི་དམིགས་པས་ཡིན་ལ། དེ་མེད་པ་ཡང་གཞན་གྱིས་ཡིན་པའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །འདི་ཉིད་ཀྱི་རན་པར་འགྲེལ་པ་བཤད་པ་ནི། དེ་ལྟ་མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་རང་གི་ཡུལ་ཅན་གྱི་ཤེས་པ་མེད་པས་དངོས་པོ་མེད་པ་གྲུབ་ན། དེའི་ཚེ་སྒྲུབ་པར་བྱེད་པ་ནི་གྲུབ་པ་ཡིན་པའི་ཕྱིར་ཤེས་པ་མེད་པ་ལ་ཡང་མི་དམིགས་པ་གཞན་གྱིས་བསྒྲུབ་དགོས་པའི་ཕྱིར་ཐུག་པ་མེད་པར་འགྱུར་བགོ་བར་བྱེད་པ་མ་གྲུབ་པའི་ཕྱིར་དོན་གྱི་དངོས་པོ་མེད་པ་མི་རྟོགས་པ་ཉིད་དུ་འགྱུར་རོ། །འདི་སྙམ་དུ་ཤེས་པ་བཞིན་དུ་དེ་མེད་པ་ཡང་རང་ཉིད་འགྲུབ་པས་དེ་ཅིའི་ཕྱིར་ཐུག་པ་མེད་པར་འགྱུར་ཞེ་ན། བཤད་པ། གང་གི་ཕྱིར་མྱོང་བ་མེད་པ་ནི་རང་ཉིད་ངེས་པ་མ་ཡིན་ཏེ། མེད་པའི་ངོ་བོར་ཁྱད་པར་མེད་པས་ཡུལ་ཡང་རང་ཉིད་ལས་མེད་པར་རྟོགས་པར་ཐལ་བའི་ཕྱིར་རོ། །ཤེས་པ་བཞིན་དུ་ཤེས་པ་མེད་པར་ཡང་རང་ཉིད་ལས་ཡིན་ནོ་ཞེས་གང་


DTG187_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་མྱོང་བ་ནི་བདག་ཉིད་ཀྱིས་ཁྱད་པར་ཏེ། རིག་པའི་རང་བཞིན་ཡིན་པའི་ཕྱིར་བདག་ཉིད་ཁོ་ནས་རིག་པ་ཡིན་ཏེ། སྒྲུབ་པར་བྱེད་པ་གཞན་ལ་ལྟོས་པ་མེད་པ་ཡིན་ནོ། །མེད་པ་ནི་དེ་ལྟ་མ་ཡིན་ཏེ། དེ་ནི་ངོ་བོ་ཉིད་མེད་པས་རིག་པའི་རང་བཞིན་ཉིད་མ་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་གང་ལས་ཐུག་པ་མེད་པའི་སྐྱོན་འདིར་འགྱུར་བ་བདག་ཉིད་འཛིན་པའི་ཤེས་པ་མེད་པས་དངོས་པོ་མེད་པར་ངེས་པ་མ་ཡིན་ལ་ཁྱེད་ཀྱི་རང་ལས་གཞན་པའི་ཤེས་པ་ཡོད་བ་ལས་ཀྱང་མ་ཡིན་ནོ། །འོ་ན་ག་ལས་ཡིན་ཞེ་ན། དངོས་པོ་མེད་པར་རྟོགས་པ་བུམ་པ་མེད་དོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ཅན་མེད་པའི་ཤེས་པ་གང་ཡིན་པ་དེ་ལས་མེད་པའི་ཐ་སྙད་དུ་འགྱུར་བ་ཡིན་ནོ། །མངོན་སུམ་ནི་ཡུལ་ཅན་དུ་འགལ་བའི་ཕྱིར་རོ། །མ་བཟུང་བ་འཛིན་པ་ཉིད་ཀྱིས་དེ་ནི་རང་རྒྱུད་པ་ཡིན་གྱི་དྲན་པ་ནི་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་མེད་པ་ཞེས་བྱ་བའི་ཚད་མ་ཡིན་ནོ་ཞེས་ཟེར་རོ། །འདི་ལ་རང་གི་ཡུལ་ལ་ཆད་མར་འགྱུར་བ་འགའ་ཞིག་ནི་དོན་ལས་དངོས་སུ་འབྱུང་བ་ཡིན་ཏེ། དཔེར་ན་མངོན་སུམ་ལྟ་བུའམ་ཡང་ན་བརྒྱུད་པ་སྟེ། དཔེར་ན་རྗེས་སུ་དཔག་པ་ལྟ་བུའོ། །དངོས་པོ་མེད་པའི་ཤེས་པ་ནི་རྗེས་སུ་དཔག་པ་མ་ཡིན་ཏེ། དངོས་པོ་མེད་པ་ལ་རྟགས་མི་འགྲུབ་པའི་ཕྱིར་ཏེ། གཏན་ཚིགས་ཐིགས་པ་ནས་བཤད་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་གང་ཞིག་འདིའི་ཡུལ་དུ་འགྱུར་བ་དང༌། དེ་ལ་ཡང་འདི་ཚད་མར་འགྱུར་བའི་དངོས་པོ་མེད་པར་རྟོགས་པ་དེ་ག་ལས་འགྱུར། རེ་ཞིག་དངོས་པོ་མེད་པ་ལས་མ་ཡིན་ཏེ། གང་གི་ཕྱིར་དངོས་པོ་མེད་པ་ནི་དངོས་སམ་བརྒྱུད་པས་འགའ་ཡང་རྒྱུར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ནུས་པ་མེད་པའི་ཕྱིར་རོ། །དེ་ལྟ་ན་ནི་འོ་ན་ནུས་པ་ཡོད་པར་འགྱུར་རོ་ཞེ་ན། འོ་ན་ནི་དངོས་པོ་ཉིད་དུ་འགྱུར་ཏེ། ནུས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དང་ཞེས་མཐར་བརྗོད་པ་ནི་རིམ་པ་གཞན་ཡིན་ནོ། །གཞན་ཡང་མེད་པ་དེ་ཉམས་པ་མེད་པས་དེའི་འབྲས་བུ་རྟག་ཏུ་འགྱུར་རོ། །རྟག་པ་ཡང་ལྷན་ཅིག་བྱེད་པའི་དབང་གིས་


DTG187_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རེས་འགའ་བྱེད་པ་ཡང་མ་ཡིན་ཏེ་ལྟོས་པ་མེད་པའི་ཕྱིར་རོ། །ཅི་ལྟར་ལྟོས་པ་མེད་ཅེ་ན། ལྟོས་པ་ནི་ཁྱད་པར་ཐོབ་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་ཁྱད་པར་དུ་འགྱུར་རོ་ཞེ་ན། འགྱུར་ལ་རག་ལ་དངོས་པོ་མེད་པར་ནི་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར་རོ། །རང་བཞིན་སྔ་མ་འདོར་བ་དང་རང་བཞིན་དང་འབྲེལ་པ་ནི་དངོས་པོའི་ངོ་བོ་ཡིན་ནོ། །གལ་ཏེ་དེ་དག་དངོས་པོ་མེད་པ་ལ་ཡོད་ན་ནི་དེའི་དངོས་པོ་ཉིད་དུ་འགྱུར་གྱི་དངོས་པོ་མེད་བ་ནི་མ་ཡིན་ནོ། །དེའི་ཕྱིར་གང་ཞིག་ཡུལ་དུ་འགྱུར་བ་དང་དེ་ལ་འདི་ཚད་མར་འགྱུར་བ་དངོས་པོ་མེད་པ་ལས་ནི་རྟོགས་པ་དེར་འགྱུར་བ་མ་ཡིན་ནོ། །དངོས་པོ་མེད་པ་ཞེས་བྱ་བ་ཡང་ཞེས་བྱ་བ་ལ་ཡང་ན་ནི་བསྡུ་བ་སྟེ། སྐྱོན་འདིར་ཡང་འགྱུར་ཏེ་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་དངོས་པོ་བཀག་པ་བརྗོད་པ་ཡིན་ནོ། །དེ་ལྟ་ཡིན་དང་ཤུགས་ཀྱིས་ན་དངོས་པོ་མེད་པ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའི་ངག་གི་དོན་ནི་དངོས་པོ་བཀག་པ་ལས་བྱུང་བ་ཡིན་ཏེ། དངོས་པོ་ལས་བྱུང་བ་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དགག་པའི་བསྡུ་པ་གཞི་མཐུན་པའམ་གཞི་ཐ་དད་བ་གང་དང་འབྲེལ་པའི་དོན་དེ་ལས་ཚིག་གི་དོན་ཕྱི་མ་དེ་ལྟ་བུ་ཉིད་ཟློག་པར་བྱེད་དེ། དཔེར་ན་བྲམ་ཟེ་དངོས་པོ་མེད་དོ་ཞེས་བྱ་བས་དངོས་པོ་མ་ཡིན་ནོ་ཞེས་རྟོགས་པ་དང༌། དངོས་པོ་མེད་པས་བྱས་པ་ནི་དངོས་པོས་མ་བྱས་པ་ཞེས་བྱ་བ་ཡིན་པ་བཞིན་ནོ། །དེ་བཞིན་དུ་དངོས་པོ་མེད་པ་ལས་བྱུང་བ་ཡིན་ནོ། །དངོས་པོ་ལས་ནི་མ་བྱུང་ངོ་ཞེས་བརྗོད་པ་ནས་ཤེས་པ་འདིའི་རྒྱུ་བཀག་པར་འགྱུར་ཏེ། དེས་ན་རྒྱུ་མེད་པ་ཉིད་དུ་བརྗོད་པ་ཡིན་ནོ། །འོན་ཏེ་དགག་པའི་བསྡུ་བ་ཕྱི་མའི་ཚིག་གི་དོན་མེད་པས་ཉེ་བར་མཚོན་པའི་རྫས་ལ་འཇུག་པ་དེའི་ཕྱིར་དངོས་པོ་ཉིད་འགའ་ཞིག་དངོས་པོ་མེད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་དངོས་པོ་ཉིད་མིང་གཞན་གྱིས་བརྗོད་པར་འགྱུར་རོ། །དེས་ན་དེ་དངོས་པོའི་ཤེས་པ་ཉིད་ཡིན་པའི་ཕྱིར་ཇི་ལྟར་དངོས་པོ་མེད་པའི་ཡུལ་ཅན་ཡིན། འདིས་ནི་སྒྲའི་དོན་ཡིན་ཡང་འདོད་པའི་རྗེས་སུ་འགྲོ་བ་ནི་མ་ཡིན་པ་བསྟན་པར་འགྱུར་རོ། །དེའི་ཕྱིར་ཡུལ་མེད་པས་མི་སྐྱེ་བའི་ཕྱིར་རྟོགས་པ་


DTG187_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་སྲིད་པ་མ་ཡིན་ནོ། །གཞན་ཡང་མངོན་སུམ་གྱིས་གཟུང་བ་དང་འཛིན་པ་མ་ཡིན་པའི་ཕྱིར་ན་མཐོང་བའི་དེ་མ་ཐག་པ་རང་རྒྱུད་ཡིན་ནོ་ཞེས་བྱ་བར་མི་འགྱུར་རོ། །མངོན་སུམ་གྱི་སྟོབས་ལས་སྐྱེས་པ་ཡིན་ན་ནི་མཐོང་བ་དེ་ཉིད་མེད་པར་ཤེས་པར་བྱ་བ་དེ་ལ་ནུས་པར་ཁས་བླངས་པ་ཡིན་པའི་ཕྱིར་དེ་ཉིད་ཚད་མར་འགྱུར་གྱི། མེད་པར་ཤེས་པ་ནི་མ་ཡིན་ནོ། །གལ་ཏེ་མངོན་སུམ་ནི་མེད་པའི་ཡུལ་ཅན་མ་ཡིན་ལ། ཡུལ་མ་ཡིན་པ་ལ་ཡང་ཚད་མ་མ་ཡིན་པ་མ་ཡིན་ནམ་ཞེ་ན། བཤད་པ། མངོན་སུམ་གྱི་རྣམ་པ་སྔོན་པོ་ལ་སོགས་པ་ངེས་པ་དེའི་ཤུགས་དེས་དོན་གཞན་འགོག་པའི་ཕྱིར་མངོན་སུམ་ཉིད་ཚད་མ་ཡིན་ནོ། །གང་གིས་དེར་སྣང་བའི་ཤེས་པའི་གཟུང་བྱ་ཡིན་པའི་ཕྱིར་ན་མངོན་སུམ་ལ་དེ་མེད་པས་ཡུལ་མ་ཡིན་པར་འགྱུར་བ་དངོས་པོ་མེད་པ་ཞེས་བྱ་བ་རང་བཞིན་དང་ལྡན་བ་ནི་མ་ཡིན་གྱི། འོན་ཀྱང་རྣམ་པར་རྟོག་པས་ཐ་སྙད་དུ་བྱ་བ་འབའ་ཞིག་ཏུ་ཟད་དོ། །དཔེར་ན་མངོན་སུམ་གྱིས་གཟུང་བ་ལ་མངོན་སུམ་གྱི་སྟོབས་ཀྱིས་ཐ་སྙད་དུ་བྱེད་པ་ནི་མངོན་སུམ་ཚད་མ་ཡིན་པ་དེ་བཞིན་དུ་དངོས་པོ་མེད་པ་ལ་མངོན་སུམ་གྱི་རྣམ་པའི་སྟོབས་ཀྱིས་ཐ་སྙད་དུ་བྱེད་པ་ན་མངོན་སུམ་ཚད་མ་ཡིན་ནོ། །དེའི་རྣམ་པ་ངེས་པ་ཞེས་བྱ་བ་ག་ལས་ཤེ་ན། ཤེས་པ་གཅིག་ལ་འདྲེ་བའི་དངོས་པོའི་རྣམ་པ་ངེས་པ་གང་གིས་འདྲེ་བ་གང་ཞིག་སྤོང་བར་ནུས་པ་དེ་ལ་རྣམ་པ་གཞན་དང་འདྲེས་ན་དོན་དེ་སྤོང་བ་མེད་པའི་ཕྱིར་རོ། །དེའི་རྣམ་པ་ངེས་པས་འདྲེས་པ་གཞན་སྤོང་བ་ཡིན་ནོ། །གང་གི་ཕྱིར་མངོན་སུམ་ཉིད་མེད་པ་ལ་ཚད་མ་ཡིན་པ་དེའི་ཕྱིར། རྣམ་པ་ངེས་པའི་མཐོང་བའི་སྟོབས་ལས་སྐྱེས་པའི་ཤེས་པ་དེ་ནི་ཚད་མ་མ་ཡིན་ཏེ། རང་རྒྱུད་པ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་དབང་པོ་ལ་བརྟེན་པ་ནི་མ་ཡིན་ཏེ། དངོས་པོ་མེད་པ་ནི་སྐྱེད་བྱེད་མ་ཡིན་པའི་ཕྱིར་དང༌། མངོན་སུམ་གྱི་ཚད་མ་ནི་དོན་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །རྟགས་ལ་བརྟེན་པ་ཡང་མ་ཡིན་ཏེ། མེད་པ་ལ་རྟགས་མེད་པའི་ཕྱིར་དང༌། སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་དང༌། རྗེས་སུ་དཔག་པ་ནི་དོན་ལས་སྐྱེ་བ་ཡིན་པའི་ཕྱིར་རོ། །འདི་ན་བུམ་བ་མེད་དོ་སྙམ་པའི་རྣམ་པར་


DTG187_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་འདི་མངོན་སུམ་གྱི་སྟོབས་ལས་སྐྱེས་སོ་ཞེས་ཅི་ལྟར་བརྗོད་དེ། གང་གི་ཕྱིར་རྟོགས་པ་འདི་ནི་སྣང་བ་མི་དམིགས་པའི་རྟགས་ལས་ཡིན་ནོ་ཞེ་ན། བཤད་པ། ངེས་པ་གང་གིས་མངོན་སུམ་གྱི་དེ་མ་ཐག་བར་འདི་ནི་དམིགས་སོ། །འདི་ནི་མི་དམིགས་སོ་ཞེས་སྒྲུབ་པ་དང་དགག་པའི་རྣམ་པར་རྟོག་པར་འགྱུར་བ་དེ་ལྟར་ཞེས་བྱ་བ་རྣམ་པ་ངེས་པར་སྐྱེས་པ་དེ་ནི་མངོན་སུམ་ཉིད་ཡིན་ནོ། །དཔེར་ན་སྔོན་པོ་མཐོང་བ་ལས་དམིགས་པ་འདི་ནི་སྔོན་པོ་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེས་ཅིར་འགྱུར་ཞེ་ན། དམིགས་པ་སྒྲུབ་བ་དང་དགག་པའི་རྣམ་པར་རྟོག་པ་སྐྱེད་པ་གང་ཡིན་བ་ནི་མངོན་སུམ་ཉིད་ཡིན་ལ། དེ་ལས་ཀྱང་བལྟར་རུང་བའི་དམིགས་པ་དགག་བ་བྱེད་པའི་མངོན་སུམ་གྱིས་བུམ་པ་མེད་དོ་ཞེས་བྱ་བའི་ཡུལ་མེད་པ་ངེས་པ་ཡིན་པའི་ཕྱིར་བུམ་པ་ལ་མངོན་སུམ་ཉིད་ཚད་མ་ཡིན་ནོ། །འོན་ཀྱང་བལྟར་མི་རུང་བ་དག་ཀྱང་ཡོད་སྲིད་པས། ཅི་མངོན་སུམ་འདིས་ས་ཕྱོགས་འབའ་ཞིག་གཟུང་བའམ་བུམ་པ་དང་བྲལ་བ་མ་གཟུང་ངམ་ཞེས་མངོན་སུམ་གྱིས་ངེས་ཀྱང་མེད་པའི་ཐ་སྙད་ལ་ཐེ་ཚོམ་ཟ་བ་ན་སྣང་བ་མི་དམིགས་པས་མངོན་སུམ་གྱིས་ངེས་པའི་བུམ་བ་མེད་པའི་ཐ་སྙད་དུ་བྱེད་པ་ཡིན་གྱི། རང་ཉིད་ཀྱིས་ངེས་པར་བྱེད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་འདི་ན་སྣང་དུ་རུང་བའི་བུམ་པ་ཡོད་ན་ཤེས་པ་གཅིག་ལ་འདྲེ་པ་ཉིད་ཀྱིས་ས་ཕྱོགས་འབའ་ཞིག་མཐོང་བར་མི་འགྱུར་རོ་ཞེས་མཐོང་བའི་འདུ་བྱེད་མ་བོར་བར་འཇུག་པ་ནི། མཐོང་བའི་སྟོབས་ཀྱིས་གོ་བར་བྱ་བའི་དངོས་པོ་མེད་པ་ལ་ཐ་སྙད་དུ་བྱེད་པ་ཡིན་ནོ། །གང་གི་ཕྱིར་དམིགས་པ་སྒྲུབ་པ་དང་དགག་པ་མངོན་སུམ་གྱིས་ནུས་པ་ཡིན་པ་དེའི་ཕྱིར་དམིགས་པ་དང་མི་དམིགས་པའི་དངོས་པོ་སྒྲུབ་པ་དང་དགག་པའི་རྣམ་པར་རྟོག་པ་ནི་ཚད་མ་མ་ཡིན་ནོ། །དཔེར་ན་སྒྲུབ་པའི་རྣམ་པར་རྟོག་པ་དམིགས་པ་ངེས་པའི་རྗེས་སུ་འབྲང་བས་རང་རྒྱུད་པའི་ཚད་མ་མ་ཡིན་པ་དེ་བཞིན་དུ་བུམ་པ་མེད་དོ་སྙམ་པའི་དགག་པའི་རྣམ་པར་རྟོག་པ་ཡང་མངོན་སུམ་ལ་རག་ལས་པ་བལྟར་རུང་བ་དམིགས་པ་མེད་པར་ངེས་པའི་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་མེད་པ་ལ་རང་རྒྱུད་


DTG187_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚད་མ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གཉི་ག་བརྗོད་དོ། །དེ་ལྟ་མ་ཡིན་ན་དགག་པའི་རྣམ་པར་རྟོག་པ་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་སྒྲུབ་པའི་རྣམ་པར་རྟོག་པ་སྨོས་པ་དོན་མེད་པར་འགྱུར་རོ། །དེའི་ཕྱིར་བལྟར་རུང་བའི་དངོས་པོ་དག་རང་ལས་ཁྱད་པར་ཅན་གྱི་ཤེས་པ་ལས་མེད་པ་རྟོགས་པར་བཤད་པ་ཡིན་ནོ། །བལྟར་མི་རུང་བ་དག་ལ་ཅི་ལྟར་མེད་པར་རྟོགས་ཤེ་ན། བཤད་པ། མི་སྣང་བ་མི་དམིགས་པས་མེད་པར་ངེས་པ་མི་རུང་བའི་ཕྱིར། གཞན་དུ་རུང་མི་སྣང་བ་མི་དམིགས་པར་ནི་གཞག་པ་ཡོད་པའི་ཐ་སྙད་འགོག་པར་འགྱུར་རོ། །ངེས་པར་མི་རུང་བ་ཅི་ལྟ་བུ་ཞེ་ན། དཔེར་ན་གཞན་གྱི་རྒྱུད་ལ་ཡིད་ཀྱིས་མྱོང་བའི་རྣམ་པར་རྟོག་པ་དང༌། འདོད་ཆགས་ལ་སོགས་པ་བལྟར་མི་རུང་བའི་ཕྱིར་རྟགས་མེད་པར་མི་ངེས་པ་བཞིན་ནོ། །གང་གི་ཕྱིར་འབྲས་བུ་ངེས་པ་མེད་པ་ཅན་ཡིན་པ་དེའི་ཕྱིར་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་སྒྲུབ་པར་ནུས་པ་མ་ཡིན་ནོ། །འོ་ན་གང་གིས་ནུས་ཤེ་ན་གཏན་ཚིགས་ལ་དང་པོ་སྣང་བ་མི་དམིགས་པ་དབང་དུ་བྱས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ངེས་པའི་ཚུལ་གསུམ་གྱིས་བསྒྲུབ་བྱ་སྒྲུབ་པའི་ཕྱིར་དང༌། ངེས་པའི་སྒྲུབ་པ་ཡང་དང་པོ་ཡིན་པའི་ཕྱིར་རོ། །ཅི་སྟེ་སྣང་བ་མི་དམིགས་པ་འདི་ལྟར་སྦྱར་བར་བྱ་ཞེ་ན། བདག་ཉིད་ཀྱི་སྦྱོར་བ་དག་ལ་དེ་དགག་པའི་སྒོ་ནས་རང་གི་ངོ་བོ་སྦྱོར་བའམ། གང་གི་ཚེ་སྒྲུབ་པའི་སྒོ་ནས་སྦྱོར་བ་ན་དོན་ལ་གནོད་བྱེད་ངོ་བོའོ། །ཅི་ལྟར་དོན་གཞན་གྱིས་གནོད་པར་བྱེད་པ་ཡིན་ཞེ་ན། དེ་དག་ལ་འགལ་བའི་ཕྱིར་རོ། །འགལ་བ་གང་ལས་ཤེ་ན། རྒྱུ་མ་ཚང་བ་མེད་པར་འབྱུང་བར་ཡོད་པ་ན་གཞན་ཡོད་པ་ལས་མེད་པའི་ཕྱིར་ཏེ། གང་ཡོད་པ་གང་ཡོད་ན་ལྡོག་པ་དེ་དག་ནི་གྲང་བ་དང་དྲོ་བ་བཞིན་དུ་འགལ་བ་ཡིན་ནོ། །འདི་རྣམ་པར་གྲོལ་བའི་ཕྱིར་བཤད་པ། གང་གི་ཚེ་མེད་པ་དང་མེད་པའི་ཐ་སྙད་ངེས་པའི་རྒྱུ་མི་མཐུན་པའི་ཕྱོགས་གཏན་ཚིགས་ལྡོག་པ་སྒྲུབ་པ་དེར་ཉིད་མེད་པ་སྒྲུབ་པའི་ཕྱིར་རབ་ཏུ་སྦྱོར་བ་དེའི་ཚེ་རང་གི་ངོ་བོ་ཉིད་ཀྱིས་རབ་ཏུ་སྦྱོར་ཏེ། རང་བཞིན་མི་དམིགས་པ་དང༌། ཁྱབ་བྱེད་མི་དམིགས་པ་དང༌། རྒྱུ་མི་དམིགས་པ་


DTG187_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཏུ་མི་དམིགས་ཞེས་རང་བཞིན་ལ་སོགས་པ་མི་དམིགས་པའི་རང་བཞིན་ཉིད་ཉེ་བར་སྦྱོར་བའམ། ཡང་ན་དགག་པར་བྱ་བ་གྲང་བའི་རེག་པ་ལ་སོགས་པ་ལ་གནོད་པར་བྱེད་པ་མེ་ལ་སོགས་པའི་ངོ་བོ་ཉེ་བར་བཀོད་པའི་སྒོ་ནས་མི་དམིགས་པ་དེ་ཉིད་རབ་ཏུ་སྦྱོར་རོ། །འདི་ནི་གྲང་བའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་རང་བཞིན་འགལ་བ་དམིགས་པ་སྟེ། དེ་ལ་སོགས་པ་རྒྱས་པར་སྔར་དཔེར་བརྗོད་ཟིན་ཏོ། །དོན་ལ་གནོད་པར་བྱེད་པའི་རྒྱུ་འགལ་བའི་དབྱེ་བ་བསྟན་པའི་ཕྱིར་བཤད་པ། གང་གིས་ན་དོན་དོན་ལ་གནོད་བར་བྱེད་པར་འགྱུར་བའི་འགལ་བ་དེ་ཡང་ཅི་ལྟར་རྟོགས་ཤེ་ན། འགའ་ཞིག་ཏུ་རྒྱུ་མ་ཚང་བ་མེད་པ་གང་ལ་ཡོད་པ་དེ་རྒྱུན་དུ་འབྱུང་བ་ལས་གཞན་ཉེ་བ་མེད་པའི་ཕྱིར་བཟློག་པར་བྱ་བ་དང་ཟློག་པར་བྱེད་པ་དེ་གཉིས་ཡུལ་གཅིག་ལ་གནས་པར་འགལ་བར་རྟོགས་ཏེ། གྲང་བ་དང་དྲོ་བའི་རེག་པ་དག་བཞིན་ནོ། །འགལ་བ་འདི་ཡང་རྒྱས་པར་བཤད་ཟིན་ཏོ། །དེ་བཞིན་དུ་འགལ་བ་གཞན་ནི་ངོ་བོ་ཕན་ཚུན་ཐ་དད་པར་ངེས་པར་འགྱུར་ཏེ། དཔེར་ན་བསྟན་པའི་དངོས་པོ་ཡོངས་སུ་སྤངས་པས་འཇིག་པ་ཡིན་པའི་ཕྱིར་དེ་དག་འགལ་བ་བཞིན་ནོ། །དེ་ཉིད་བཤད་པ་ནི་ཕན་ཚུན་སྤངས་ཏེ་གནས་པའི་ངོ་བོས་ནི་བདག་ཉིད་གཅིག་ཏུ་འགལ་བ་ཡིན་ནོ། །དེ་ལྟ་ཡིན་དང་ལྷན་ཅིག་མི་གནས་པའི་འགལ་བ་ནི་འདིས་བསྡུས་པ་མ་ཡིན་ཏེ། ལྷན་ཅིག་མི་གནས་པ་ནི་རང་བཞིན་གཉིས་ལ་གནས་པའི་ཕྱིར་དང༌། འདི་ནི་གཅིག་པ་ཙམ་མེད་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རྟག་པ་དང་མི་རྟག་པ་བཞིན་དུ་ཐ་དད་པར་ཉེ་བར་བཀོད་དོ། །ཚད་མས་གནོད་པའི་ཕྱིར་ཡང་གནོད་པར་བྱ་བ་གཞན་ཚད་མའི་རྒྱུའི་རྟགས་དང་འགལ་བར་འགྱུར་ཏེ། ལྟོས་པ་དང་བཅས་བ་དང་ངེས་པའི་དངོས་པོ་བཞིན་ནོ། །དེ་ཉིད་བསྟན་པའི་ཕྱིར་བཤད་པ། གལ་ཏེ་འགའ་ཞིག་གི་དེ་ཉིད་ལ་ཚད་མས་གནོད་པར་བྱེད་པ་ཡིན་ན། དེའི་རྟགས་དང་ཡང་གནོད་པར་བྱ་བ་འགལ་བར་འགྱུར་ཏེ། དཔེར་ན་ངེས་པའི་དངོས་པོ་ཉིད་ལྟོས་པ་དང་བཅས་པ་དང་ལྷན་ཅིག་འགལ་བ་བཞིན་ནོ། །ཚད་མ་ཡང་འཇིག་པ་རྒྱུ་ཡོད་དོ་ཞེས་སྨྲ་བ་རྣམས་ཀྱི་སྐྱེ་བ་དང་ལྡན་


DTG187_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་འཇིག་པར་ངེས་པར་ཁས་བླང་བར་མི་བྱ་སྟེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་སྟེ། འཇིག་པའི་ངོ་བོར་འགྱུར་བ་རྒྱུ་གཞན་ལ་ལྟོས་པར་ཁས་བླངས་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་སྟོན་པ་ནི་གང་ཞིག་དོན་གྱི་ངོ་བོ་གང་དུ་འགྱུར་བ་རང་གི་རྒྱུ་ལས་རྒྱུ་གཞན་དུ་ལྟོས་པ་དེ་ནི་དེར་ཡང་ངེས་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་གོས་ཀྱི་ཚོན་ལྟོས་པ་དང་བཅས་པས་དེར་ངེས་པ་མ་ཡིན་པ་བཞིན་ནོ། །དེ་ལ་འདིར་ལྟོས་པ་དང་བཅས་པ་ཉིད་ངེས་པར་འགྱུར་བ་དང་འགལ་བ་ངེས་པ་མེད་པས་ཁྱབ་པ་དེ་ནི་དེ་དང་འགལ་བ་ཡིན་ནོ། །འཁྲུལ་པ་བརྗོད་པ་ནི་འཇིག་པའི་རྒྱུ་རྣམས་ཀྱང་ལྟོས་པ་དང་བཅས་པའི་དངོས་པོ་དེར་ངེས་པའི་ཕྱིར་ལྟོས་པ་དང་བཅས་པའི་དངོས་པོ་ཉིད་ཀྱིས་ངེས་པར་འགྱུར་བ་མེད་པའི་སྐྱོན་མེད་དོ་ཞེ་ན། དེ་ལྟ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྒྱུ་རྣམས་ཚང་པར་ངེས་པ་དང་གེགས་བྱེད་པ་མེད་པར་ངེས་པ་གང་ཡིན་པ་དེ་མེད་པའི་ཕྱིར་རོ། །ཅི་ལྟར་ངེས་པ་མེད་ཅེ་ན། གང་གི་ཕྱིར་དངོས་པོ་ཡོད་ན་རང་གི་རྒྱུའི་ཚོགས་པ་ལ་རག་ལས་པ་དོན་དེ་ལ་མངོན་སུམ་དུ་ཕྱོགས་པ་འཇིག་པ་སྒྲུབ་པར་བྱེད་པ་གཞན་དག་ཀྱང་ཡོད་པར་འགྱུར་བ་ནི་མ་ཡིན་ནོ། །གཏན་ཚིགས་བཤད་པ། འཇིག་པའི་རྒྱུ་རྣམས་དེ་ལ་རག་མ་ལས་པའི་ཕྱིར་རོ། །འོན་ཏེ་འཇིག་པར་བྱེད་པའི་ཆོས་དག་ནི་གཞིག་པར་བྱ་བ་ལ་རག་ལས་པ་ཡིན་གྱི། རྒྱུ་གཞན་ལ་ལྟོས་པ་ནི་མ་ཡིན་ནོ་ཞེ་ན། དེའི་ཆོས་ཡིན་ན་ཡང་བདག་ཉིད་ལ་རག་ལས་བ་འཇིག་པའི་རྒྱུ་དེ་ཉིད་ལས་དོན་སྐད་ཅིག་མར་འདོད་པར་འགྱུར་རོ། །འདི་ལྟར་གལ་ཏེ་འཇིག་པའི་རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་ཡིན་ན་ནི། དེའི་ཚེ་མ་ཚང་བ་དང་གགས་བྱེད་པ་སྲིད་པས་མ་ངེས་པ་ཉིད་དོ། །དེ་ཙམ་ལ་ལྟོས་པ་ཡིན་ན་ནི་གྲུབ་པའི་དོན་དེ་ཉིད་ལས་སྐད་ཅིག་གཉིས་པ་ལ་འཇིག་པའི་རྒྱུ་གྲུབ་ཅིང༌། སྐད་ཅིག་གསུམ་པ་ལ་དེ་ཉིད་ཀྱིས་དངོས་པོ་བཟློག་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་སྐད་ཅིག་གཉིས་གནས་པར་འགྱུར་བ་མ་ཡིན་ནམ་སྐད་ཅིག་མ་ཉིད་ནི་མ་ཡིན་ནོ་ཞེ་ན། སྐད་ཅིག་སྨོས་པ་ནི་དུས་ཅུང་ཟད་མཚོན་པའི་ཕྱིར་ཏེ། རེ་ཞིག་ཟླ་བ་དང་པོ་དང་བསྐལ་པར་གནས་པ་བཟློག་པ་ཡིན་ནོ། །


DTG187_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་གཞིག་པར་བྱ་བ་ནི་རྒྱུ་ཉིད་ལས་འཇིག་པར་བྱེད་པ་སྐྱེ་ལ་དེ་ལས་ནི་སྐད་ཅིག་གཉིས་པ་ལ་དངོས་པོ་འཇིག་པའི་ཕྱིར་སྐད་ཅིག་མ་ཁོ་ནའོ། །གཞིག་པར་བྱ་བ་ཙམ་ལས་འཇིག་པར་བྱེད་བ་སྐྱེ་བ་དེས་ན་སྐད་ཅིག་པར་ག་ལ་འགྱུར་ཞེ་ན། བརྗོད་པ། དངོས་པོ་དེ་ཉིད་ལ་ཁྱད་པར་མེད་པའི་ཕྱིར་སྔར་མེད་པ་ནི་ཕྱིས་ཀྱང་མེད་པར་ཐལ་བར་འགྱུར་བའི་ཕྱིར་དེ་མ་ཐག་ཏུ་ཡིན་པ་ན་སྐད་ཅིག་ཉིད་དོ། །གང་གི་ཚེ་དངོས་པོ་སྐྱེད་པར་བྱེད་པའི་ཚོགས་པ་ཉིད་ལས་འཇིག་པའི་རྒྱུ་ཡིན་པ་དེའི་ཚེ་ནི་དེ་ཉིད་ཚོགས་པའི་རང་བཞིན་ལ་བརྗོད་དོ། །ཕྱི་མའི་རྒྱུན་དག་ཀྱང་དེ་ཉིད་དུ་སྦྱར་རོ། །འདི་སྙམ་དུ་དེ་ལྟ་ན་ཡང་སྐད་ཅིག་གཉིས་གནས་པར་འགྱུར་ལ། སྐད་ཅིག་ཙམ་གནས་ཀྱང་འཇིག་བ་རྒྱུ་དང་བཅས་པ་མི་འདོད་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ་གང་གི་ཕྱིར་དེ་ལྟར་ཁྱེད་མི་འདོད་པ་བརྗོད་བ་ཡིན་ལ། རང་གི་ཕྱོགས་ནི་དེའམ་ཞེས་བྱ་བ་ལ་སོགས་པས་གཞན་བརྗོད་པར་བྱ་བ་ཡིན་ནོ། །གང་གི་ཚེ་བུམ་པ་ཉིད་ལས་འཇིག་པར་བྱེད་པ་ཡིན་པ་དེའི་ཚེ་དེ་ཞེས་བྱ་བ་བུམ་པའམ། གང་གི་ཚེ་དེའི་རྒྱུ་ལས་སྐྱེ་བ་དེའི་ཚེ་ནི་བུམ་པ་དེའི་རྒྱུ་མི་རྟག་པ་ཉིད་ཀྱི་རྒྱུ་ངེས་པར་བྱེད་པར་འདོད་པ་ཡིན་ན། བུམ་པ་དེ་མི་རྟག་པའི་རང་བཞིན་དང༌། དེའི་རྒྱུ་མི་རྟག་པའི་རང་བཞིན་སྐྱེད་པར་བྱེད་པར་ཡིན་པར་ཅི་སྟེ་མི་འདོད་དེ། བུམ་པའམ་དེའི་རྒྱུ་ནི་རང་བཞིན་གྱིས་འཇིག་པའི་རྒྱུ་དེ་བུམ་པ་འཇིག་པར་ངེས་པའི་ནུས་པ་ཅན་དུ་སྐྱེད་པ་ཡིན་ནོ། །དེ་ལྟ་ཡིན་དང་བུམ་པ་བདག་ཉིད་འཇིག་པར་བྱེད་པ་ངེས་པར་བྱེད་པ་ཉིད་རང་བཞིན་གྱིས་ལྡོག་པའི་ཆོས་ཡིན་ལ། རྒྱུ་ཡང་བུམ་པ་འཇིག་པར་བྱེད་པ་ངེས་པར་བྱེད་པ་ཉིད་རང་བཞིན་གྱིས་ལྡོག་པའི་ཆོས་ཅན་གྱི་བུམ་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་བུམ་པའམ་དེའི་རྒྱུ་ལས་ནི་འཇིག་པར་བྱེད་པ་དེ་ལས་ནི་འཇིག་པ་ཡིན་ནོ་ཞེས་བྱ་བའི་བརྒྱུད་པས་ཅི་ཞིག་བྱ། འདི་སྙམ་དུ་འགའ་ཞིག་འགའ་ཞིག་ལ་ནི་དངོས་སུ་ནུས་པ་ཡིན་ལ། འགའ་ཞིག་ལ་ནི་བརྒྱུད་ནས་ཡིན་ཏེ། དཔེར་ན་རྒྱུན་གྱིས་འཇུག་པའི་སྐད་ཅིག་དང་པོ་གཉིས་པ་སྐྱེ་བ་ལ་ནི་དངོས་སུ་ནུས་ལ། གསུམ་པ་ལ་སོགས་པ་ལ་ནི་བརྒྱུད་


DTG187_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བས་ནུས་པ་དེ་བཞིན་དུ་འདིར་ཡང་བུམ་པས་ནི་དངོས་སུ་བདག་ཉིད་ལྡོག་པར་མི་ནུས་པས་ཟློག་པར་བྱེད་པ་གཞན་བྱེད་ཅིང་དེ་བཞིན་དུ་བུམ་པའི་རྒྱུ་ཡང་དངོས་སུ་ལྡོག་པའི་ཆོས་ཅན་གྱི་བུམ་པ་བྱེད་པར་མི་ནུས་ལ། བྱེད་པ་པོ་གཞན་ཉིད་བྱེད་པ་ཡིན་ནོ་ཞེས་དོགས་པ་ལ་བཤད་པ། གང་གི་ཕྱིར་རིང་དུ་སོང་བ་ཡང་མཐར་བུམ་པ་དེའི་རང་བཞིན་ཉིད་དམ། བུམ་པ་དེའི་རྒྱུའི་རང་བཞིན་ནི་འཇིག་པ་དང་ལྡན་པ་དེའི་ངོ་བོ་ལ་ནུས་པ་ཡིན་ཏེ། དེའི་ཕྱིར་བརྒྱུད་པ་ནི་དོན་མེད་དོ། །གལ་ཏེ་བུམ་པ་རང་གི་ངོ་བོས་ལྡོག་པར་ནུས་པ་ཡིན་པ་དེ་ལྟ་ན་བདག་ཉིད་ཀྱིས་ཟློག་པར་བྱེད་པ་ཡིན་ཏེ། དེས་ན་བུམ་པ་བདག་ཉིད་ཀྱིས་ཟློག་པར་བྱེད་པ་ངེས་པར་བྱེད་པ་ཉིད་བདག་ཉིད་ལྡོག་པར་ནུས་པ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་བུམ་པའི་རྒྱུ་ལྡོག་པའི་ཆོས་ཅན་གྱི་བུམ་པ་བྱེད་པ་དེ་ལྟ་ན་དེའི་ཟློག་པར་བྱེད་པ་ཡིན་པའི་ཕྱིར་འཇིག་པར་བྱེད་པ་བུམ་པ་ལ་ངེས་པར་བྱེད་པ་ཉིད་ལྡོག་པའི་ཆོས་ཅན་གྱི་བུམ་པ་བྱེད་པར་ནུས་པ་ཡིན་ནོ། །དེའི་ཕྱིར་བུམ་པ་རང་ཉིད་ལྡོག་པར་ནུས་པ་དང༌། དེའི་རྒྱུ་ཡང་ལྡོག་པའི་ཆོས་ཅན་བྱེད་པར་ནུས་པ་ཡིན་ནོ། །གང་ཞིག་གང་གི་ངོ་བོས་གང་བྱེད་པར་མི་ནུས་པ་དེ་ནི་དེ་ལ་བརྒྱུད་པས་ནུས་པ་ཡིན་ནོ། །བུམ་བ་ནི་རང་གི་ངོ་བོ་ཁོ་ནས་ལྡོག་པར་ནུས་པ་ཡིན་ལ་བུམ་པའི་རྒྱུ་ཡང་རང་གི་ངོ་བོ་ཁོ་ནས་ལྡོག་པའི་ཆོས་ཅན་བྱེད་པར་ནུས་པའི་ཕྱིར་འདིར་བརྒྱུད་པས་ནི་ཅུང་ཟད་ཀྱང་བྱར་མེད་དོ། །དེའི་ཕྱིར་འཇིག་པའི་རྒྱུ་དེ་ལ་རག་ལས་བ་ནི་མ་ཡིན་ཏེ། འོན་ཀྱང་རྒྱུ་གཞན་ལ་རེག་ལས་པ་མ་ཡིན་ཏེ། དེས་ན་ངེས་པ་མེད་པ་ཡིན་ནོ། །ལྟོས་པ་དང་བཅས་པ་ཉིད་འགལ་བས་ཁྱབ་པ་ཡང་ངེས་པར་འབྱུང་བ་ཉིད་དང༌། འགལ་བར་བརྗོད་པ་འདིས་ནི་རེས་འགའ་བའི་ངོ་བོ་ཉིད་ལྟོས་པ་མེད་པ་དང་འགལ་བ་ཡང་བཤད་པ་ཡིན་ནོ། །རེས་འགའ་བ་ཉིད་ཀྱང་ལྟོས་པ་དང་བཅས་པས་ཁྱབ་པའི་ཕྱིར་གནོད་པའི་ཚད་མ་ཉེ་བར་བསྡུས་པ་ན་ལྟོས་པ་མེད་པ་དང་འགལ་བ་ཡིན་ནོ། །དེའི་ཕྱིར་སྦྱོར་བ་ཡང་འདི་ལྟར་ཡིན་ཏེ། རེས་འགའ་བ་གང་ཡིན་པ་དེ་ནི་ལྟོས་པ་མེད་པ་མ་ཡིན་ཏེ། དཔེར་ན་གོས་ལ་ཚོན་བཞིན་ནོ། །


DTG187_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་རེས་འགའ་ལ་ལར་ཡོད་བ་ཉིད་ལྟོས་པ་ཡིན་ནོ། །དེ་བཞིན་དུ་ལྟོས་པ་མེད་པ་ཉིད་ནི་ངེས་པར་འགྱུར་བས་ཁྱབ་པའི་ཕྱིར་དེ་གནོད་པར་བྱེད་པ་ཉེ་བར་སྡུད་པ་ན་རེས་འགའ་བ་དང་འགལ་བ་ཡིན་ནོ། །གང་ཞིག་གང་གི་ངོ་བོར་འགྱུར་བ་ལ་ལྟོས་པ་མེད་པ་དེ་ནི་དེའི་ངོ་བོར་ངེས་པ་ཡིན་ཏེ། དཔེར་ན་རང་གི་འབྲས་བུ་སྐྱེད་པ་ལ་རྒྱུ་ཚོགས་པ་ཐ་མ་བཞིན་ནོ། །འདི་ནི་མཚོན་པ་སྟེ། ཁྱབ་པར་བྱེད་པ་དང་འགལ་བས་ཁྱབ་པའི་སྤྱོར་བ་ཡང་ཡོད་དོ། །འདི་ན་བ་མོའི་རེག་པ་མེད་དེ། ལྕགས་གོང་འབར་བ་མཐོང་བའི་ཕྱིར་རོ། །ལྕགས་གོང་འབར་བའི་རེག་པ་ཚ་བའི་རེག་པས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ནི་གྲང་བའི་རེག་པ་ཡིན་ཞིང་དེས་ཁྱབ་པ་ནི་བ་མོའི་རེག་པ་ཡིན་ནོ། །འདི་ནི་ཕྱོགས་ཙམ་དཔེར་བརྗོད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་ངེས་པར་འགྱུར་བ་མེད་པ་དངོས་སུ་འགལ་བ་དང་ཕན་ཚུན་སྤངས་ཏེ་གནས་པ་ཁོ་ནས་འགལ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལྟོས་པ་དང་བཅས་པ་ཉིད་ཀྱིས་ཉེ་བར་གཞག་པ་ངེས་པ་མེད་པས་ངེས་པ་ལ་གནོད་པའི་ཕྱིར་རོ། །རྟགས་ལ་རག་ལས་པའི་ཚད་མས་ནི་འགལ་བ་ཉེ་བར་འཇོག་པ་ཡིན་ནོ། །དེས་ན་རྟགས་རང་ཉིད་ཀྱིས་ནི་འགལ་བ་མ་ཡིན་ཏེ། འོན་ཀྱང་འགལ་བ་འཇོག་པར་བྱེད་པ་ཡིན་ཏེ། དེས་ན་འགལ་བའི་དོན་ཉིད་ཀྱིས་གནོད་པ་ཡིན་ཏེ། དེས་ན་ཚད་མས་གནོད་པའི་འགལ་བ་འདི་ནི་འགལ་བ་སྔ་མ་དག་ལས་གཞན་མ་ཡིན་པའི་ཕྱིར་དབྱེ་བ་མི་འཐད་དོ་ཞེ་ན། བདེན་ཏེ། འོན་ཀྱང་འགལ་བ་མ་ཡིན་ཡང་འགལ་བས་ཁྱབ་པ་ཡང་དོན་དུ་འགལ་བ་ཡིན་ཏེ། གང་ཞིག་ཁྱབ་བྱེད་སྤངས་པ་དེ་ནི་ཁྱབ་པར་བྱ་བ་ཡང་སྤངས་པའི་ཕྱིར་རོ། །དེས་ན་འགལ་པས་ཁྱབ་པ་དེ་སྒྲུབ་པས་ཀྱང་དགག་བྱ་མི་དམིགས་པ་འཕེན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེ་སྐད་བརྗོད་དོ། །འགལ་བས་ཁྱབ་པ་དམིགས་པའི་དཔེར་བརྗོད་པ་ཡང་དེ་ཉིད་ཡིན་ནོ། །གང་དུ་ངེས་པ་མེད་པ་མངོན་སུམ་དུ་གྲུབ་པ་དེར་ནི་ངེས་པར་འགྱུར་བ་བལྟར་རུང་བ་ཉིད་དུ་འདོང་པ་དགག་པར་བྱ་བ་ཡིན་ཏེ། དེས་ན་ངེས་པ་འགོག་པ་ནི་སྣང་བ་མི་དམིགས་པ་ཉིད་དོ། །གང་དུ་ངེས་པ་མེད་པ་


DTG187_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཀྱིས་གྲུབ་པ་དེར་ནི་འགལ་བས་ཁྱབ་པ་དམིགས་པ་ལས་ཡིན་ནོ། །དེས་ན་སྣང་བ་དང་མི་སྣང་བ་མི་དམིགས་པའི་ནང་དུ་འདུས་སོ། །གལ་ཏེ་མེད་པའི་ཐ་སྙད་སྣང་བ་མི་དམིགས་བ་ལས་ཡིན་ཞིང༌། གཞན་ལས་ཡོད་པའི་ཐ་སྙད་འགོག་པ་ཡིན་ན་ཡོད་པ་མ་ཡིན་ཞེས་བྱ་བ་མི་དམིགས་པ་དེ་ལ། ཅི་ལྟར་མེད་པའི་ཐ་སྙད་གྲུབ་པའམ། ཡོད་པའི་ཐ་སྙད་འགོག་པར་འགྱུར་ཏེ། འགར་ཡང་མི་འགྱུར་རོ། །གལ་ཏེ་དེས་ན་འདི་ལ་གཉིས་ལས་མི་དམིགས་པ་གཅིག་ཀྱང་མི་འཐད་པའི་ཕྱིར་མི་དམིགས་པའི་སྦྱོར་བ་ནི་འཐད་བ་མ་ཡིན་ནོ། །ཅི་ལྟར་ཞེ་ན། གཙོ་བོ་ལ་སོགས་པ་བརྗོད་པར་བྱ་བའི་དོན་དེ་འགོག་པ་ལ་དགག་པར་བྱ་བའི་ཆོས་ཅན་བརྗོད་པའི་ཚིག་སྦྱོར་བ་མེད་པའི་ཕྱིར་རོ། །དེ་མ་སྦྱར་ན་གཞི་མེད་པའི་དགག་པར་མི་རུང་བའི་ཕྱིར་རོ། །དེ་སྦྱོར་བ་མེད་པ་ཡིན་ན་དམ་བཅའ་བའི་ཚིག་སྦྱོར་བ་མི་འཐད་པས་གང་ལ་མེད་པའི་ཐ་སྙད་བསྒྲུབ་པའམ་ཡོད་པའི་ཐ་སྙད་འགོག་པར་འགྱུར་བ་དེ་མེད་པའི་ཕྱིར་མི་དམིགས་པ་དེ་ཅི་ལྟ་བུ་ཞིག་ཏུ་འགྱུར་ཞེ་ན། སྐྱོན་འདི་ནི་མེད་དོ། །འདི་ལྟར་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་བས་བསྒྲུབ་བ་སྟེ། དེ་ལ་གནས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ལ་བརྟེན་པའི་ཕྱིར། སྒྲའི་དོན་གྱི་ཆོས་རྣམ་བ་གསུམ་མོ། །སྒྲའི་དོན་དེ་དངོས་པོའི་ཉེ་བར་ལེན་པ་ཅན་མ་ཡིན་པར་བསྒྲུབ་པ་ལ་སྒྲའི་དོན་དེ་ལྟ་བུར་ཏེ། དངོས་པོའི་ཉེ་བར་ལེན་པ་ཅན་དུ་མི་དམིགས་པའི་ཆོས་གཏན་ཚིགས་ཡིན་ནོ། །སྒྲའི་དོན་དེ་ཉིད་ནི་མེད་པར་བསྒྲུབ་པ་ཡིན་ཏེ། དེའི་རྒྱུ་མཚན་གྱི་སྒྲ་སྦྱོར་བའི་ཕྱིར་རོ། །འགྲེལ་པ་བཤད་བ་ནི་གལ་ཏེ་རང་གི་མཚན་ཉིད་བརྗོད་པར་བྱ་བ་ཡིན་ན་ནི། རང་གི་མཚན་ཉིད་འགོག་པ་སྒྲའི་དོན་བཀག་པའི་ཕྱིར་དེ་བརྗོད་པའི་སྒྲའི་སྦྱོར་བར་མི་འགྱུར་བ་ཞིག་ན། སྒྲ་འདི་དག་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཐོག་མ་མེད་པའི་དུས་བག་ཆགས་གང་ལ་ཡོད་པ་དེ་ལས་བྱུང་བའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ལ་སྣང་བའི་ངང་ཚུལ་གང་ལ་ཡོད་པའི་དོན་ཏེ། དོན་དེ་ཡུལ་ཉིད་དུ་འཛིན་ཏོ། །གལ་ཏེ་སྒྲའི་


DTG187_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྣམ་པར་བརྟགས་པ་ཡིན་ན། སྐྱེས་བུས་བྱས་པའི་ཕྱིར་ཐོག་མ་དང་བཅས་པར་འགྱུར་ན། སྒྲའི་ཐ་སྙད་ནི་ཐོག་མ་མེད་བ་ཅན་ཡིན་ནོ་ཞེས་བྱ་བ་སྤངས་བའི་ཕྱིར་རྣམ་པར་རྟོག་པ་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བར་བརྗོད་དེ། གང་གི་ཕྱིར་རྣམ་པར་རྟོག་པ་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བ་དེའི་ཕྱིར་སྒྲའི་དོན་ཐོག་མ་མེད་པ་ཡིན་ནོ། །རྣམ་པར་རྟོག་པའི་དོན་ཉིད་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་གང་ལས་ཤེ་ན། བཤད་པ། འཆད་པ་པོའི་ཡོད་པ་དང་མེད་པ་དང་གཉི་ག་ལ་བརྟེན་པའི་རྣམ་པར་རྟོག་པ་ལ་བརྟེན་བ་ཡིན་ཏེ། སྣང་བའི་དངོས་པོ་ལས་མ་འདས་པར་བསྟན་པར་འདོད་པ་གང་ཡིན་པ་དེ་སྦྱར་བའི་ཕྱིར་རོ། །གང་གི་ཕྱིར་སྒྲའི་དོན་དང་ལྡན་པའི་སྨྲ་བ་པོ་ལ་སྣང་བའི་དོན་བསྟན་པར་འདོད་པས་སྒྲ་སྦྱོར་བ་དེའི་ཕྱིར། རྣམ་པར་རྟོག་པ་ལ་སྣང་བའི་དོན་བརྗོད་པར་བྱ་བ་ཉིད་དོ། །ཉན་པ་པོ་ལ་ཡང་སྒྲ་རྣམས་ཀྱིས་དངོས་པོ་ལ་བརྟེན་པ་ལ་སོགས་པའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་སྐྱེ་བའི་རྒྱུའི་ཕྱིར་རོ། །གང་གི་ཕྱིར་སྒྲས་ཉན་པ་པོ་ལ་ཡང་བརྗོད་པར་བྱ་བའི་དོན་སྣང་བའི་རྣམ་པར་རྟོག་པ་སྐྱེད་པ་དེའི་ཕྱིར་དེ་དག་གི་བརྗོད་པར་བྱ་བ་ནི་བརྟགས་པ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་དེ་ལྟ་ན་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་རང་གི་མཚན་ཉིད་ཅི་ལྟར་ཡུལ་མ་ཡིན་ཞེ་ན། ཉེ་བར་ལེན་པ་དང་ཞེས་སྨོས་སོ། །སྒྲ་རྣམས་ཀྱི་ཉེ་བར་ལེན་པ་དང༌། སྒྲའི་འབྲས་བུའི་ཤེས་པ་དེ་གཉིས་ལ་སྣང་བ་མ་ཡིན་པའི་རང་བཞིན་གང་ཡིན་པ་དེ་ནི་སྒྲ་དེའི་ཡུལ་ཡིན་པ་ཉིད་དུ་ངེས་པར་ནུས་པ་མ་ཡིན་ནོ། །འདི་ལྟར་ཉེ་བར་ལེན་པའི་ཤེས་པ་གང་ལས་དེ་དག་རབ་ཏུ་འཇུག་པ་དེ་ལ་སྣང་བའི་དོན་བསྟན་པའི་ཕྱིར་སྦྱར་བ་དང༌། གང་གི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པ་དེའི་དོན་བརྗོད་པ་ཡིན་ནོ། །རང་གི་མཚན་ཉིད་ནི་དེ་ལ་མི་སྣང་སྟེ། དེའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་ནོ། །འོན་རྣམ་པར་རྟོག་པ་ལ་གནས་པའི་དོན་དེ་རྣམ་པར་རྟོག་པའི་ཤེས་པ་ལས་ཐ་མི་དད་པས་གལ་ཏེ་དངོས་པོའི་ཆོས་ཡིན་པའི་བླ་ན། དངོས་པོ་མེད་པའི་ཆོས་དང༌། གཉི་གའི་ཆོས་གོ་ཇི་ལྟར་ཡིན། ཅི་སྟེ་ཡང་དེའི་སྒྲོ་བཏགས་ཀྱི་རང་


DTG187_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གང་ཡིན་པ་དེ་སྒྲའི་དོན་ཡིན་ལ། དེ་ཡང་མེད་པས་དངོས་པོ་མེད་པའི་ཆོས་ཡིན་ན། འོ་ན་ནི་རྣམ་པ་གཞན་མེད་པ་ཉིད་དོ། །ཅི་སྟེ་སྒྲོ་བཏགས་ཀྱི་རང་བཞིན་དེ་ཉིད་ཤེས་པས་དངོས་པོ་ལྟ་བུར་བསྟན་པའི་ཕྱིར་དེ་དངོས་པོའི་ཆོས་ཡིན་ན། དེ་ལྟ་ན་ཡང་མེད་པའི་ཆོས་དང༌། གཉི་གའི་ཆོས་སུ་མི་འགྱུར་རོ་ཞེས་དོགས་ན། རྣམ་པར་རྟོག་པ་དེ་ནི་ཞེས་སྨོས་སོ། །ཡོད་པ་ནི་གཟུགས་དང་སྒྲ་ལ་སོགས་པའི་དོན་ཏོ། །མེད་པ་ནི་ནམ་མཁའ་ལ་སོགས་པའོ། །ལུས་ཅན་ཉིད་ལ་སོགས་པ་བཀག་པ་ནི་དངོས་པོ་དང་དངོས་པོ་མེད་པ་རྣམ་པར་ཤེས་པ་དང༌། ནམ་མཁའ་ལ་སོགས་པ་གཉི་གའི་ཆོས་ཡིན་ནོ། །དེའི་ཉམས་སུ་མྱོང་བའི་ཤེས་པ་གང་ཡིན་པ་དང༌། རྣམ་པར་རྟོག་པའི་ཤེས་པ་གང་ཡིན་པ་དེས་བསྐྱེད་པ་རྣམ་པ་མཚུངས་པ་ཅན་གྱི་ཤེས་པ་སྐྱེད་པར་ནུས་པའི་བག་ཆགས་གང་ཡིན་པ་དེ་ལས་བྱུང་བའི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་ནི་འདིར་རྣམ་པར་རྟོག་པ་ལ་གནས་པའི་རྣམ་པའོ། །ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་རོ། །ཡོད་པ་དང་མེད་པ་གཉི་གའི་ཤེས་པ་དེ་ལ་སྣང་བའི་རྣམ་པར་ཞེན་པའོ། །གང་གི་བག་ཆགས་ཀྱི་དབང་གིས་འདི་རྣམ་པར་རྟོག་པ་ལ་གནས་པར་འགྱུར་བའི་ཤེས་པ་དེའི་དོན་གྱི་རྣམ་པར་རྟོག་པ་དེ་ཡང་ཞེན་བར་བྱེད་དོ། །རྣམ་པར་རྟོག་པ་ལ་གནས་པའི་དོན་ཀྱང་ཡོད་པ་དང་མེད་པ་དང༌། གཉི་གའི་ངོ་བོར་ཞེན་པའི་དབང་གིས་རྣམ་པ་གསུམ་དུ་བརྗོད། སྒྲའི་དོན་ནི་ཞེན་པ་ཅི་ལྟ་བ་བཞིན་ཡིན་གྱི། །དེ་ཁོ་ནའི་ཅི་ལྟ་བ་ནི་མ་ཡིན་ནོ། །འདི་ཡང་དངོས་པོ་དང་དངོས་པོ་མེད་པ་དང༌། གཉི་གའི་ཞེན་པ་ཡིན་ཏེ། དེའི་ཕྱིར་རྣམ་པ་གསུམ་ཡིན་ནོ། །དེའི་ཕྱིར་བག་ཆགས་ཀྱི་རྗེས་སུ་འབྲངས་ཏེ་རྣམ་པ་གསུམ་དུ་ཞེན་པ་དེའི་ཕྱིར་རྣམ་པར་གསུམ་དུ་གནས་སོ། །དེས་ན་ཤེས་པའི་བདག་ཉིད་དུ་ཡོད་པའི་ཕྱིར་དངོས་པོའི་ཆོས་མ་ཡིན་ལ། སྒྲོ་བཏགས་ཀྱིས་མེད་པའི་ཕྱིར་དངོས་པོ་མེད་པའི་ཆོས་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པ་གསུམ་དུ་ཞེན་པའི་ཕྱིར་ཆོས་རྣམ་པ་གསུམ་ཡིན་ནོ། །གང་གི་ཕྱིར་སྒྲའི་དོན་དེ་


DTG187_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཡིན་པ་དེའི་ཕྱིར་སྒྲའི་དོན་གྱི་ཆོས་ཅན་དེ་ལས་གཞན་པ་ཡོད་པ་ཉིད་དུ་གཟུང་བ་ཆོས་ཅན་མ་སྤངས་པ་རྣམས་གཙོ་བོ་ལ་སོགས་པ་ཡོད་པ་དང་མེད་པ་ཉིད་དུ་སེམས་པར་བྱེད་དོ། །ཕྱི་རོལ་གྱི་གཙོ་བོ་ལ་སོགས་པ་ཡོད་པ་དང་མེད་པར་སེམས་པ་ན་སྒྲའི་དོན་གྱི་ཆོས་ཅན་ལ་གཞིར་བྱེད་པ་ཅི་ལྟར་འགྱུར་ཞེ་ན། བཤད་པ། ཅི་གཙོ་བོ་ལ་སོགས་པའི་སྒྲ་ལས་བློ་ལ་སྣང་བའི་དོན་འདི་ཕྱི་རོལ་གྱི་གཙོ་བོའི་རྒྱུ་མཚན་ཅན་ཡིན་ནམ། འོན་ཏེ་མ་ཡིན་ཞེས་སེམས་པར་བྱེད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། མི་མཐོང་བའི་དོན་ཡོད་པ་དང་མེད་པར་སྤྱོད་པ་ནི་འདི་ཉིད་ཡིན་ཏེ། འདི་ལྟ་སྟེ། སྒྲའི་དོན་དེའི་རྒྱུ་མཚན་ཅན་ནམ་དེའི་རྒྱུ་མཚན་ཅན་མ་ཡིན་པར་རྣམ་པར་དཔྱོད་པ་སྟེ། རྣམ་པ་གཞན་མི་འཐད་པའི་ཕྱིར་རོ། །དེའི་དངོས་པོའི་ཉེ་བར་ལེན་པ་ཅན་མ་ཡིན་པའི་ཕྱིར་ཆོས་བསྒྲུབ་པ་ལ་དེ་སྤངས་པར་འོས་པ་མ་ཡིན་ནོ། །གང་གི་ཆོས་བསྒྲུབ་པ་དེ་ནི་སྤང་བར་འོས་པ་མ་ཡིན་ཏེ། དེ་སྤོང་ན་བསྒྲུབ་བྱའི་ཆོས་ཀྱི་གཞི་མེད་པའི་ཕྱིར་ཏེ། དཔེར་ན་མི་རྟག་པར་བསྒྲུབ་པ་ལ་སྒྲ་བཞིན་ནོ། །རང་གི་རིག་པ་ཡིན་པའི་ཕྱིར་ཡང་སྤང་བར་འོས་པ་མ་ཡིན་ནོ། །སོ་སོ་རང་གིས་རིག་པ་ཞེས་གང་བརྗོད་པ་སྟེ། དེ་ནི་རང་ཉིད་དུ་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྒྲའི་དོན་མ་སྤངས་པ་ཉིད་ཀྱིས་སེམས་པར་བྱེད་པ་ལྐོག་ཏུ་གྱུར་པའི་དོན་ཡོད་པ་དང་མེད་པ་དག་ལ་འཇུག་པ་ཡིན་ནོ། །མེ་ཉིད་དུ་ཞེན་པའི་ཕྱིར་རྣམ་པར་རྟོག་པའི་གཟུང་བའི་དོན་དེ་ཉིད་རང་གི་མཚན་ཉིད་མ་ཡིན་ནམ། དེའི་ཕྱིར་སྒྲའི་ཡུལ་རང་གི་མཚན་ཉིད་ཡིན་ནོ་ཞེ་ན། བཤད་པ། སྒྲའི་དོན་དེ་ཉིད་རང་གི་མཚན་ཉིད་ནི་མ་ཡིན་ནོ། །ཤེས་པའི་བདག་ཉིད་ཀྱིས་ནི་རང་གི་མཚན་ཉིད་ཡིན་ནོ། །ཤེས་པའི་བདག་ཉིད་དུ་ནི་ཞེན་ཕ་མ་ཡིན་ཏེ། འོ་ན་ཡང་མེར་ཞེན་པ་ཡིན་ལ། ཞེན་པར་བྱས་པའི་ངོ་བོས་ཀྱང་སྒྲའི་དོན་ཡིན་ནོ། །ཅིའི་ཕྱིར་ཞེན་པར་བྱས་པའི་རང་བཞིན་བརྗོད་བྱ་ཡིན་གྱི། རང་གི་མཚན་ཉིད་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མ་ཐོབ་པ་མ་འོངས་པ་དང་འགགས་པ་འདས་པ་སྟེ།


DTG187_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་དང་མ་འོངས་བའི་དོན་དེ་དག་ལ་ཡང་རྣམ་བར་རྟོག་པའི་དོན་དེ་མི་ལྡོག་པའི་ཕྱིར་རོ། །གང་ཞིག་རང་གི་མཚན་ཉིད་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པས་དེ་ཉིད་དུ་ངེས་པར་བྱས་པའི་ཤེས་པའི་རྣམ་པ་དེ་ནི་རང་གི་མཚན་ཉིད་དུ་བརྗོད་པ་ཡིན་ན། འདི་ནི་རང་གི་མཚན་ཉིད་ལ་མི་འཁྲུལ་པ་མ་ཡིན་པའི་ཕྱིར་རང་གི་མཚན་ཉིད་མ་ཡིན་ནོ། །གཞན་ཡང་བུམ་པ་ལ་སོགས་པའི་དངོས་པོ་ལ་ཕྱིན་ཅི་ལོག་གི་རྣམ་པ་ཡན་ལག་ཅན་དང༌། རྡུལ་ཕྲ་རབ་དང༌། གཅིག་དང་དུ་མ་ལ་སོགས་པ་ཕན་ཚུན་འགལ་བ་དེར་མངོན་པར་ཞེན་པ་མུ་སྟེགས་བྱེད་གཞན་ཏེ། གྲུབ་མཐའ་ཐ་དད་པ་དག་ལ་ཡོད་པའི་ཤེས་པ་གང་ཡིན་པ་དེ་ལ་ཡང་སྒྲའི་དོན་ཡོད་པའི་ཕྱིར་རང་གི་མཚན་ཉིད་ནི་སྒྲའི་དོན་མ་ཡིན་ནོ། །དངོས་པོ་ལ་ནི་ཕྱིན་ཅི་ལོག་གི་རང་བཞིན་མི་སྲིད་དོ། །དེས་ན་གལ་ཏེ་སྒྲ་དོན་དམ་པའི་ཡུལ་ཅན་ཡིན་ན། དངོས་པོ་ལ་མི་སྲིད་པ་འགལ་བའི་རྣམ་པར་རྟོག་པར་མི་འགྱུར་རོ། །དོན་དེ་ཉིད་བསྡུ་བའི་ཕྱིར་བཤད་པ། དོན་དམ་པ་མ་བརྟགས་པ་དེ་ལ་གཅིག་ཏུ་འཇུག་པ་སྟེ་ཕྱོགས་པ་གང་ཡིན་པ་དག་གོ །དེ་ལྟར་ཡིན་ན་ལྟ་བའི་བྱེ་བྲག་ཐ་དད་བའི་དོན་རྣམས་ལ་ནི་སྒྲ་རྣམ་དག་དོན་དམ་པའི་རྒྱུ་མཚན་མེད་པར་འཇུག་པར་མི་འགྱུར་རོ། །དེ་བཞིན་དུ་འདས་པ་དང༌། མ་སྐྱེས་པའི་དོན་ལ་ཡང་སྒྲ་མི་འཇུག་པར་འགྱུར་རོ། །དེ་བཞིན་དུ་ཚིག་འགའ་ཞིག་ཀྱང་ལོག་པའི་དོན་ཅན་དུ་མི་འགྱུར་ཏེ། རྒྱུ་དེའི་ཕྱིར་སྒྲ་འདི་དག་བློ་ལ་ཡོད་པའི་དོན་གྱི་ཡུལ་ཅན་ཡིན་གྱི། རང་གི་མཚན་ཉིད་བརྗོད་པ་ནི་མ་ཡིན་ནོ། །རྣམ་པར་རྟོག་པའི་དོན་དེ་ལ་ཅི་ལྟར་འདོད་པའི་རང་བཞིན་གང་ཡིན་པ་དེའི་ཉེ་བར་ལེན་པ་ཅན་མ་ཡིན་པར་བསྒྲུབ་པར་བྱ་བ་ལ། དེ་ལྟར་ཞེས་བྱ་བ་རྣམ་པ་དེ་ལྟ་བུའི་རང་བཞིན་གྱི་ཉེ་བར་ལེན་པ་ཅན་དུ་མ་དམིགས་པས་སྒྲུབ་པར་བྱེད་པ་རབ་ཏུ་གྲུབ་པའི་ཆོས་ཡོད་པ་མ་ཡིན་ནོ། །དེས་ན་བློ་ལ་གནས་པའི་དོན་ནི་ཆོས་ཅན་ཡིན་ལ། དེ་གཙོ་བོའི་ཉེ་བར་ལེན་པ་ཅན་མ་ཡིན་པ་ནི་བསྒྲུབ་པར་བྱ་ཞིང༌། དེའི་ཉེ་བར་ལེན་པ་ཅན་དུ་མི་དམིགས་པ་ནི་སྒྲུབ་པར་བྱེད་བའི་ཆོས་ཡིན་ནོ། །འདིར་སྒྲས་བསྐྱེད་པའི་


DTG187_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པར་རྟོག་པ་ལ་སྣང་བའི་དོན་དེ་ཉིད་ལ་བསྙོན་པ་ཡང་མ་ཡིན་ནོ། །ཅི་ལྟར་ཞེ་ན། རྣམ་པར་རྟོག་པ་ལ་སྣང་བའི་དོན་དེ་ཉིད་ཉན་བ་བོའི་བློ་ལ་གཞག་པའི་དོན་དུ་སྒྲ་སྦྱོར་བའི་ཕྱིར་དང༌། དེ་མེད་ན་སྒྲ་སྦྱོར་བ་ཉིད་མི་རུང་བའི་ཕྱིར་རོ། །གཞན་ཡང་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། རང་རིག་པའི་དོན་དང༌། སྒྲ་སྦྱོར་བའི་ཕྱིར་རྣམ་པར་རྟོག་པ་ལ་གནས་པ་དེ་དགག་པར་མི་འཐད་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི། སྒྲུབ་བ་དང་དགག་པ་བསམ་པའི་སྐབས་བསྙོན་དུ་མེད་པའི་ཕྱིར་ཡང་མི་འཐད་དོ་ཞེས་སོ། །སྐབས་བསྙོན་དུ་མེད་པ་དེ་ཉིད་སྟོན་པ་ནི་སྒྲ་དོན་བསྙོན་པ་མེད་པ་དོན་དུ་གཉེར་པར་རྟོགས་པ་དང་ལྡན་པ་རྣམས་ཀྱིས་ཡོད་མེད་ཕྱོགས་ཀྱི་བྱེ་བྲག་གིས་ཏེ། ཡོད་པ་ཉིད་དམ་མེད་པ་ཉིད་དུ་དངོས་པོ་ཉིད་དཔྱད་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལ་ཞེས་སྨོས་ཏེ། གང་གི་ཕྱིར་འབྲས་བུ་འབྱུང་བ་ནི་དེ་ལ་རག་ལས་པའི་ཕྱིར་རོ། །ཅི་ལྟར་དེ་ལ་འབྲས་བུ་འབྱུང་བ་རག་ལས་ཤེ་ན། བཤད་པ། གང་གི་ཕྱིར་སྒྲའི་དོན་ནི་ཡོད་ཀྱང་སྐྱེས་བུའི་དོན་ཅུང་ཞིག་འགྲུབ་པར་མི་བྱེད་ལ། མེད་ཀྱང་ལྡོག་པར་བྱེད་པ་མ་ཡིན་ཏེ། སྐྱེས་བུའི་དོན་ནི་དེ་ལ་རག་ལས་བར་མི་འཐད་པའི་ཕྱིར་རོ།། དེས་ན་འབྲས་བུ་མེད་པ་ཡིན་ནོ། །ཅི་ལྟར་ཅུང་ཞིག་ཉམས་པའམ་འགྲུབ་པ་མ་ཡིན་པ་ཞེས་བྱ་སྟེ། གང་གི་ཕྱིར་ཤེས་པའི་སྣང་བ་ཤེས་པ་ལས་ཐ་དད་པ་མེད་པ་ནི་ཤེས་པའི་འབྲས་བུ་དང་ལྡན་པ་ཡིན་ནོ་ཞེ་ན། ཅི་ལྟར་མངོན་པར་ཞེན་པ་བཞིན་དུ་ཞེས་སྨོས་སོ། ཇི་ལྟར་མངོན་བར་ཞེན་ཅིང་ཅི་ལྟར་ངེས་པར་བྱས་པ་ནི་ཤེས་པའི་སྣང་བ་ལ་མེའི་རང་བཞིན་ཡིན་ན། དེ་ལྟར་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་དང༌། ཤེས་པའི་བདག་ཉིད་ཀྱིས་དེ་ཁོ་ན་ཉིད་ཅི་ལྟ་བ་བཞིན་ཡིན་པ་དེ་ལྟར་ཞེན་པ་མེད་པའི་ཕྱིར་རོ། །དེ་ལ་བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་ཤེས་པའི་བདག་ཉིད་ཀྱིས་སྣང་བ་དེ་འབྲས་བུ་དང་བཅས་པ་ཡིན་ཡང༌། དེ་ལྟ་ན་ཡང་སྒྲའི་དོན་སྐྱེས་བུ་ལ་ཉེ་བར་མཁོ་བ་ཅན་དུ་འགྱུར་བ་ནི་མ་ཡིན་ནོ། །གང་གི་ཕྱིར་སྒྲོ་བཏགས་པའི་རང་བཞིན་མེ་ལ་སོགས་པའི་ངོ་བོ་སྒྲའི་དོན་ཡིན་གྱི།


DTG187_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་རང་བཞིན་གྱི་དངོས་པོ་ནི་མ་ཡིན་ཏེ། སྒྲོ་བཏགས་པའི་རང་བཞིན་སྒྲ་ལས་ངེས་པའི་ཕྱིར་དང༌། ཞེན་པར་བྱས་པ་ཡང་བརྗོད་པར་བྱས་པ་ཡིན་པའི་ཕྱིར་རོ། །དེས་ན་སྒྲའི་དོན་ནི་སྐྱེས་བུ་ལ་ཉེ་བར་མཁོ་བ་ཅན་མ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་ཀྱི་ཚེ་དོན་བྱ་བ་དོན་དུ་གཉེར་བའི་རྟོགས་པ་དང་ལྡན་པ་འདི་ཡོད་པ་དང་མེད་བར་དཔྱོད་པ་འཇུག་པ་ན། རྣམ་པར་རྟོག་པའི་རྣམ་པ་སྤངས་ཏེ། ཡོད་པའི་དངོས་པོ་ཉིད་ཡོད་པ་དང་མེད་པར་དཔྱོད་པའི་གཞིར་བྱེད་པ་ཡིན་ནོ། །དངོས་པོ་དེ་ཅི་འདྲ་བ་ཞིག་ཅེ་ན། བཤད་པ། དངོས་པོ་གང་ལ་ཐམས་ཅད་ཀྱི་མངོན་སུམ་དུ་རིག་པའི་སྐྱེས་བུའི་དོན་འདི་འབྲེལ་བའོ། །ཅི་ལྟར་གྲང་བ་སེལ་བ་ལ་སོགས་པ་ལ་མེ་བཞིན་ནོ། །སོགས་པའི་སྒྲས་ནི་གཙོ་བོ་དང་བསྲེག་པ་ལ་སོགས་པ་གཟུང་ངོ༌། །འདི་སྙམ་དུ་འདི་འདྲ་བའི་དོན་ནི་སྒྲའི་དོན་གྱིས་ཀྱང་འགྲུབ་པ་ཡིན་ཏེ། གང་གི་ཕྱིར་རྒྱུའི་དོན་དེ་ཡང་མེ་ཉིད་དུ་ངེས་པ་ཡིན་ནོ་ཞེ་ན། བཤད་པ། གང་གི་ཕྱིར་གཙོ་བོ་ལ་སོགས་པ་སྐྱེས་བུའི་དོན་དེ་ལ་སྒྲའི་དོན་ནི་ནུས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲའི་དོན་དེ་ཉམས་སུ་མྱོང་བར་འགྱུར་ཡང་གྲང་བ་སེལ་བ་ལ་སོགས་པ་སྐྱེས་བུའི་དོན་དེ་མེད་པའི་ཕྱིར་རོ། །དོན་བྱེད་ནུས་པའི་མེ་ཉམས་སུ་མྱོང་བར་འགྱུར་ན་ནི། གྲང་བ་སེལ་བ་ལ་སོགས་པ་འཐོབ་ཀྱི། སྒྲའི་དོན་ཉེ་བར་གྱུར་ཀྱང་ཉམས་སུ་མྱོང་བ་ལས་བསྒྲུབ་པར་བྱ་བའི་དོན་མི་འཐོབ་བ་སྟེ། དེའི་ཕྱིར་དོན་མེད་པ་ཡིན་ནོ། །སྔར་མ་ཐོབ་པ་དང་འགགས་པའི་དོན་དག་ལ་ཡང་མི་ལྡོག་པའི་ཕྱིར་རོ་ཞེས་བྱ་བས་ནི་རྣམ་པ་དོན་གྱི་མ་སྐྱེས་པར་བརྗོད་པ་ཡིན་ལ། ད་ལྟར་ནི་རང་ཉིད་དོན་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །གང་གི་ཕྱིར་སྒྲའི་དོན་དོན་མེད་པ་ཅན་ཡིན་པ་དེའི་ཕྱིར་སྲེག་པ་ལ་སོགས་པ་དོན་དུ་གཉེར་བ་འདི་སྲེག་པར་མི་ནུས་པ་ལ་ཆེད་དུ་གཉེར་བ་ལྷུར་བྱེད་པ་ནི་རིགས་པ་མ་ཡིན་ནོ། །རྟོགས་པ་དང་ལྡན་པ་ནི་བསྒྲུབ་བྱའི་དོན་ལ་ཉེ་བར་སྦྱོར་བ་ལ་ཡོད་པ་ལ་སོགས་པར་དཔྱོད་པ་རྩོམ་གྱི་ཉེ་བར་སྦྱོར་བ་མེད་པ་ལ་ནི་མ་ཡིན་ཏེ། གང་གི་ཕྱིར་འདོད་པ་དང་ལྡན་


DTG187_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱེས་བུ་འདོད་པ་དང་ལྡན་པ་ནི་ཉེ་བར་དཔྱོད་པར་མི་ནུས་པའི་གཟུགས་བཟང་བ་དང་ངན་པ་བརྟག་པ་ལ་ལྷུར་གཉེར་བ་ནི་མ་ཡིན་ནོ། །དེའི་ཕྱིར་སྒྲའི་དོན་ནི་འགོག་བ་མ་ཡིན་ཏེ། ནུས་པ་མེད་པ་ནི་ཡོད་པ་ལ་སོགས་པར་དཔྱོད་པའི་གཞི་མ་ཡིན་བའི་ཕྱིར་རོ། །གལ་ཏེ་ཁྱོད་ཀྱིས་ཕྱི་རོལ་གྱི་ཉེ་བར་ལེན་པ་ཅན་དུ་མི་དམིགས་བ་རྟོགས་པ་ལ་གནས་པའི་ཆོས་སུ་བརྗོད་ན། འོ་ན་ཀུན་ལས་བཏུས་བ་ལས་བརྟགས་པའི་ཆོས་ཞེས་བྱ་བ་ལ་སོགས་པ་བཤད་པ་གང་ཡིན་པ་དེའི་དོན་ཅི་ཡིན། དེར་ནི་མི་དམིགས་པ་ནི་གཙོ་བོ་ལ་སོགས་པ་བརྟགས་པའི་ཆོས་ཡིན་ནོ་ཞེས་རྟོགས་སོ། །འགལ་བ་མེད་པ་དེའི་ད་ལྟར་རྟོག་པའི་ཡུལ་ཡིན་པའི་ཕྱིར་སྒྲའི་དོན་ལ་བརྟགས་པར་བརྗོད་དོ། །གང་ཞིག་བརྟག་པར་བྱ་བ་དེ་ནི་བརྟགས་པ་ཡིན་ཏེ། དཔེར་ན་གང་བལྟ་བར་བྱ་བ་དེར་བལྟས་པ་ཡིན་པ་བཞིན་ནོ། །རྟོག་པའི་ཡུལ་ཡང་བརྟག་པར་བྱ་བ་ཡིན་ནོ། །དེའི་ཕྱིར་གཙོ་བོའི་སྒྲའི་དོན་རྟོགས་པ་ལ་གནས་པ་ནི་བརྟགས་པ་ཡིན་ལ། ཕྱི་རོལ་གྱི་དངོས་པོའི་རྒྱུ་མཚན་དུ་མི་དམིགས་པ་ནི་བརྟགས་པ་དེའི་ཆོས་ཡིན་ནོ་ཞེས་འདིའི་དོན་ནི་དེ་ཡིན་ནོ། །སྤྲོས་པ་དང་ཉེ་བར་སྤྲོས་པ་བཤད་ནས་སྐབས་ཉིད་ཉེ་བར་བསྡུ་བའི་ཕྱིར་རང་བཞིན་མི་དམིགས་པ་ཞེས་སྨོས་སོ། །སྐྱོན་འགའ་ཞིག་སྤང་བའི་ཕྱིར་སྔར་བཤད་པ་དྲན་པར་བྱེད་དེ། གང་དུ་རང་བཞིན་མི་དམིགས་པ་ནང་དུ་འདུ་བའི་རང་བཞིན་གང་ཡིན་པ་དེ་ཡང་བྱེ་བྲག་ལ་ལྟོས་པའམ། བྱེ་བྲག་མེད་པ་འབའ་ཞིག་སྟེ། དཔེར་ན་འཇིག་པ་ལས་བྱས་པ་ནི་ཁྱད་པར་དང་བཅས་པ་ཡིན་ལ། ཡོད་པ་ནི་དག་པ་ཡིན་པ་བཞིན་ཏེ། དེ་དག་འདྲ་བར་གཞན་ཐམས་ཅད་ཀྱང་བསྟན་པར་བྱ་བ་ཡིན་ནོ་ཞེས་ལེའུ་གཉིས་པར་བརྗོད་ཟིན་ཏོ། །དེ་ལ་སྟེ་དོན་དེ་ལྟ་ཡིན་པར་འགྱུར་བ་ལ་གལ་ཏེ་ཡོད་པ་འབའ་ཞིག་གཏན་ཚིགས་ཡིན་ནམ། ཡོད་པའི་བདག་ཉིད་གཏན་ཚིགས་ཡིན་ན་ཡོད་པ་ཅི་ལྟར་བསྒྲུབ་བྱ་མ་ཡིན། ཅི་སྟེ་ཡོད་པ་བསྒྲུབ་པར་བྱ་ན། ཁྱད་པར་བསྒྲུབ་བྱར་འགྱུར་ན། དེ་ལ་ཡང་རྗེས་སུ་འགྲོ་བ་མེད་པའི་སྐྱོན་དུ་


DTG187_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དེས་ན་ཡོད་པ་བསྒྲུབ་བྱ་མ་ཡིན་ན། འོ་ན་ནི་གཏན་ཚིགས་སུ་ཡང་མི་འགྱུར་ཏེ། གང་གི་ཕྱིར་ཁྱད་པར་རྗེས་སུ་འགྲོ་བ་མེད་པ་ནི་གཏན་ཚིགས་དང་བསྒྲུབ་བྱ་གཉི་གར་འགལ་བ་ཡིན་ནོ། །འདི་ཉིད་རྣམ་པར་འགྲེལ་བ་ནི། །གལ་ཏེ་ཞེས་བྱ་པ་ལ་སོགས་པ་བཤད་པ་ཡིན་ནོ། །གཞན་ལ་ཞེས་བྱ་བ་ནི་བསྒྲུབ་བྱ་མ་ངེས་པར་བརྗོད་པའོ། །གལ་ཏེ་ཡོད་པ་ལ་ལར་གཏན་ཚིགས་ཡིན་ན་བསྒྲུབ་བར་བྱ་བ་ཡང་ཅི་སྟེ་མི་འདོད། ཡོད་པ་དེ་དེ་ལྟར་འབའ་ཞིག་བསྒྲུབ་པར་བྱ་བ་ཡིན་ན་ཁྱད་པར་ཅན་དུ་འགྱུར་ན། ཁྱད་པར་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་གྲགས་ཏེ་གཞན་གྱི་འདོད་པ་བརྗོད་པའོ། །ཅི་སྐད་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་རྗེས་སུ་དཔག་པའི་ཡུལ་སྤྱི་སྟེ། རྒོལ་བ་རྗེས་སུ་དཔག་པའི་ཡུལ་སྤྱི་ཡིན་པར་མ་ཤེས་པའི་ཕྱིར་ཁྱད་པར་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ཡོད་པ་བསྒྲུབ་བྱར་མི་འདོད་ན་ཁྱད་པར་དེ་བསྒྲུབ་པར་བྱ་བ་ཉིད་དུ་འགལ་བ་ནི་མ་ཟད་དེ། འོན་ཀྱང་གཏན་ཚིགས་སུ་ཡང་འགལ་ལོ། །ཅིའི་ཕྱིར་ཞེ་ན། རྗེས་སུ་འགྲོ་བ་མེད་པའི་སྐྱོན་མཚུངས་པའི་ཕྱིར་རོ། །ཅི་ལྟར་རྗེས་སུ་འགྲོ་བ་མེད་པའི་སྐྱོན་མཚུངས་ཤེ་ན། གང་གི་ཕྱིར་རྗེས་སུ་འགྲོ་བ་མེད་པ་ནི་སྒྲུབ་པའི་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་ལ། དོན་ནི་འདི་ཡིན་ཏེ། དཔེར་ན་རྗེས་སུ་འགྲོ་བ་མེད་པའི་བསྒྲུབ་བྱས་གཏན་ཚིགས་ལ་མ་ཁྱབ་པའི་ཕྱིར་གོ་བྱེད་མ་ཡིན་པ་དེ་བཞིན་དུ་གཏན་ཚིགས་རྗེས་སུ་འགྲོ་བ་མེད་པ་ཅན་ཡང་བསྒྲུབ་བྱས་མ་ཁྱབ་པའི་ཕྱིར་གོ་བྱེད་མ་ཡིན་པ་དེས་ན་རྗེས་སུ་འགྲོ་བ་མེད་པའི་སྐྱོན་མཚུངས་པ་ཡིན་ནོ། །ཅིའི་ཕྱིར་རྗེས་སུ་འགྲོ་བ་མེད་པ་གོ་བྱེད་མ་ཡིན་ཞེ་ན། རྗེས་སུ་འགྲོ་བ་མེད་པའི་གཏན་ཚིགས་དེ་ལས་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་ཐམས་ཅད་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། འདི་ལྟར་བསྒྲུབ་བྱའི་ཆོས་ཅན་གྱི་མཐར་ཐུག་པ། ཚད་མ་གང་གིས་བསྒྲུབ་བྱས་ཁྱབ་པར་བརྗོད་པ་དེ་ཉིད་ཀྱིས་དེ་གྲུབ་པའི་ཕྱིར་གཏན་


DTG187_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་གཞན་དོན་མེད་དོ། །ཅི་སྟེ་གནོད་པར་བྱེད་པ་ནི་བསྒྲུབ་བྱའི་ཆོས་ཅན་འགའ་ཞིག་གི་ཡུལ་མ་ཡིན་ཏེ། འོན་ཀྱང་ཆོས་ཅན་གཞན་དང་ཐུན་མོང་མ་ཡིན་ན། དེ་ལྟ་ན་ཡང་བསྒྲུབ་བྱའི་ཆོས་ཅན་ལ་བརྟེན་པ་ནི་གཞན་དུ་མི་སྲིད་པའི་ཕྱིར་གནོད་པར་བྱེད་པ་དེས་ཁྱབ་པ་མ་བརྗོད་པས་ཐེ་ཚོམ་གྱི་རྒྱུ་ཉིད་དོ། །དེའི་ཕྱིར་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཁྱད་པར་ཐམས་ཅད་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །དེའི་ཕྱིར་དེ་ལྟར་བསྒྲུབ་བྱ་བཞིན་དུ་ཡོད་པ་ནི་སྒྲུབ་བྱེད་དུ་ཡང་མི་འཐད་བར་ཉེ་བར་བཀོད་པ་ལ། ལན་གདབ་པའི་ཕྱིར་སྐྱོན་འདི་ནི་མེད་དེ་ཞེས་སྨོས་སོ། །ཅི་ལྟར་ཞེ་ན། འདི་ལྟར་དངོས་པོ་ཡོད་པ་དེའི་ཁྱད་པར་ཏེ། བྱེ་བྲག་གང་ལ་ཡོད་པ་དེ་ཙམ་ཞིག་གོ །དེ་ཙམ་ཉིད་ཡིན་པའི་ཕྱིར་སྤྱིའི་རང་བཞིན་གྱི་ཆོས་ཅན་ལ་སྒྲུབ་ན་མངོན་པར་འདོད་པའི་དོན་འགའ་ཞིག་ཀྱང་གྲུབ་པར་མི་འགྱུར་རོ། །གང་གིས་བསྒྲུབ་པར་འགྱུར་བ་དེ་ལྟ་བུར་གྱུར་པའི་དངོས་པོ་ནི་ཕྱིར་རྒོལ་བ་སུས་ཀྱང་བཀག་པ་མེད་དོ། །གལ་ཏེ་དེ་ལྟ་ན་ཁྱད་པར་བསྒྲུབ་བྱར་ཅི་ལྟར་འགྱུར་ཞེ་ན། ཁོ་བོ་ཅག་ཐམས་ཅད་དུ་སྤྱིའི་རྣམ་པས་ཡོད་པ་བསྒྲུབ་བའི་སྐབས་སུ་ཡང་ཁྱད་པར་བསྒྲུབ་བྱ་ཉིད་དུ་བསྒྲུབ་པར་འགྱུར་རོ་ཞེས་ནི་མི་སྨྲའོ། །དེ་སྐད་སྨྲས་ན་ནི་ཡོད་པ་ཙམ་སྒྲུབ་པར་བྱེད་པ་ཡིན་པ་ལ་ཡང་དེ་བཞིན་དུ་ཁྱད་པར་དུ་ཡང་གཏན་ཚིགས་སུ་འགྱུར་རོ། །འོ་ན་ཅི་ལྟར་ཁྱད་པར་བསྒྲུབ་བྱར་འགྱུར་རོ་ཞེས་བརྗོད་ཅེ་ན། ཚིག་ལེའུར་བྱས་པའི་དོན་དགྲོལ་བའི་ཕྱིར་བཤད་པ། དངོས་པོ་ཙམ་གྱི་ཁྱད་པར་ཅན་ནི་ཡོད་པ་ཙམ་གྱི་རང་བཞིན་ཏེ། འགའ་ཞིག་ཡོད་དེ་ཤེས་རབ་ཏུ་སྒྲུབ་པའི་རྒོལ་བའིའོ། །འདིར་ཞེས་བྱ་བ་ཡོད་པར་སྒྲུབ་པར་བྱེད་པ་ལ་ཡོད་པ་འགྲུབ་པའི་རྒྱུ་འགོག་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་བཞིན་གྱི་ཁྱད་པར་མ་བསྟན་པ་ཡོད་པ་ཙམ་ནི་རྟོགས་པ་པོ་འགའ་ལ་ཡང་འགལ་བ་མེད་པའི་ཕྱིར་རོ། །འགལ་ན་ནི་འགའ་ཞིག་ཅུང་ཞིག་སྒྲུབ་པའམ། འགོག་པ་ཡིན་ན་འདི་ལ་ནི་འགལ་བ་མེད་དོ། །འདི་སྙམ་དུ་གལ་ཏེ་མི་འགོག་ན་འོ་ན་ནི་ཡོད་པ་


DTG187_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་མེད་པར་གྲུབ་པོ་ཞེ་ན། གེགས་མེད་པ་ནི་བདེན་ན་འོན་ཀྱང་རྟག་པ་ཉིད་ལ་སོགས་པའི་རྣམ་པ་དང་མི་ལྡན་པ་དེ་ལྟར་དོན་འགའ་ཞིག་ཡོད་དོ་ཞེས་བྱ་བར། དཔེར་ན་མིག་ལ་སོགས་པར་གཞན་གྱི་དོན་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྐབས་ཀྱིས་སྟོབས་སམ། དཔེར་ན་གཙོ་བོ་རྟག་པ་ཡོད་དོ་ཞེས་བྱ་བ་ལྟ་བུར་སྒྲས་མ་རེག་པའི་སྒྲུབ་བྱེད་སྨྲས་བས་རང་གི་མངོན་པར་འདོད་པའི་དོན་ཅི་ཞིག་འགྲུབ་པར་འགྱུར། དེའི་ཕྱིར་རྟག་པ་འམ་གཅིག་པུའི་གཙོ་བོ་ཡོད་དོ་ཞེས་གང་ལ་གཞན་རྩོད་པ་དང༌། བདག་ཉིད་འདོད་པ་ཁྱད་པར་གྱིས་ཟིན་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །ཁྱད་པར་དེ་བསྒྲུབ་བྱ་ཡིན་ན་ཡང་ཆོས་ཅན་གཞན་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་གཏན་ཚིགས་རྗེས་སུ་འགྲོ་བ་མེད་པར་འགྱུར་རོ། །དེའི་ཕྱིར་རིམ་པ་འདིས་ཁྱད་པར་བསྒྲུབ་པར་བྱ་བ་ཉིད་དང༌། སྐྱོན་ཡང་མཐོང་ནས་ཁོ་བོ་ཅག་ཡོད་པ་བསྒྲུབ་བྱ་ཡིན་ན་ཁྱད་པར་བསྒྲུབ་བྱ་ཉིད་དུ་སྒྲུབ་པར་འགྱུར་རོ་ཞེས་བརྗོད་ཀྱི། རྒྱུ་མཚན་མེད་པ་ཉིད་དུ་ཁྱད་པར་བསྒྲུབ་བྱར་འགྱུར་བ་ནི་མ་ཡིན་ལ། སྐྱོན་མེད་པར་ཁྱད་པར་ལ་རྩོད་པ་ཡང་མ་ཡིན་ནོ། །གང་གི་ཁྱད་པར་སྒྲུབ་པར་བྱེད་པར་འགྱུར་བ་དང། གང་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་དུ་འགྱུར་རོ། །སྤྱི་ཙམ་སྒྲུབ་པར་བྱེད་པ་ལ་ནི་དེ་ལྟར་མི་ནུས་པ་ཅུང་ཟད་ཀྱང་མེད་དེ། དོན་འདི་ལ་ཚིག་ལེའུར་བྱས་པ་བཟློག་ནས་འཆད་པ་ནི་མི་རིགས་ཏེ། སློབ་དཔོན་གྱིས་ཕྱེད་འོག་མ་སྔར་འདོན་མི་ནུས་པ་ནི་མ་ཡིན་ནོ། །ཅི་ལྟར་ཁྱད་པར་བསྒྲུབ་པར་བྱ་བ་ཡིན་ན་རྗེས་སུ་འགྲོ་བ་མེད་པའི་སྐྱོན་དུ་འགྱུར་ཏེ། གང་གི་ཕྱིར་སྤྱིས་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེ་ན། བཤད་པ། གང་གི་ཕྱིར་ཆོས་ཅན་གཙོ་བོའི་རང་བཞིན་དེ་རྩ་བའི་རང་བཞིན་དང་ཐ་མི་དད་པའི་ཕྱིར་གཅིག་པུ་དང༌། རྗེས་སུ་འགྲོ་བ་མེད་པར་འཇིག་པ་མེད་པའི་ཕྱིར་རྟག་པ་དང༌། ཡོན་ཏན་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་བདེ་བ་དང་སྡུག་བསྔལ་དང་གཏི་མུག་གི་བདག་ཉིད་དམ། ལོངས་སྤྱོད་པར་བྱ་བ་ཞེས་བྱ་བ་དེ་ལྟ་བུའོ། །རྣམ་པ་ཅི་ཞིག་ལྟར་ཡང་རུང་ཞེས་བྱ་བ་ནི་རྣམ་པ་གང་ཡང་རུང་བས་


DTG187_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་བྱས་པ་ཁྱད་པར་ཅན་གྱི་ངོ་བོ་བསྒྲུབ་བྱ་ཉིད་དུ་བསྒྲུབ་པར་འགྱུར་རོ། །མི་འདོད་པ་སྤངས་པའི་ཕྱིར་ཆོས་ཅན་ཁྱད་པར་དུ་ཡང་གདོན་མི་ཟ་བར་བྱ་དགོས་སོ། །དེས་ན་རྗེས་སུ་འགྲོ་བའི་དུས་སུ་ཡང་སྤྱི་མ་ཡིན་ཏེ། འདིར་འདོད་པའི་བསྒྲུབ་པར་བྱ་བ་ཉིད་བསྟན་པར་བྱ་བ་ཡིན་པའི་ཕྱིར། དེ་ནི་ཁྱད་པར་དུ་བྱས་པ་དེ་ལྟར་ཆོས་ཅན་གཞན་ལ་རྗེས་སུ་འགྲོ་བ་མེད་དོ། །གང་ཡང་ཡོད་པ་ཙམ་རྗེས་སུ་འགྲོ་བ་དེ་གྲུབ་མོད། རྗེས་སུ་འགྲོ་བ་ཅན་གྱི་ཡོད་པ་དེ་གྲུབ་པས་ནི་འདོད་པའི་དོན་ཅུང་ཟད་ཀྱང་མི་འགྲུབ་བོ། །དེའི་ཕྱིར་རྗེས་སུ་འགྲོ་བ་མེད་པའི་སྐྱོན་ཡིན་ནོ། །ད་ནི་གཞན་དག་འདོད་པའི་བསྒྲུབ་བྱ་ལ་ཡང་རྗེས་སུ་འགྲོ་བ་མེད་པའི་སྐྱོན་དང་གྲུབ་པ་ལ་སྒྲུབ་པ་ཉིད་མཚུངས་པར་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་དེ་བཞིན་དུ་མི་ལ་སོགས་པ་བསྒྲུབ་པར་བྱ་བ་ལ་ཡང་རྗེས་སུ་འགྲོ་བ་མེད་པ་དང༌། གྲུབ་པ་ལ་སྒྲུབ་པར་ཐལ་བར་འགྱུར་བ་མ་ཡིན་ནམ། ཅི་ལྟར་ཞེ་ན། འདི་ལྟར་མེ་ལ་སོགས་པ་བསྒྲུབ་པ་དེ་ལ་ཡང་མེ་ཡོད་པ་ལ་ནི་རྩོད་པ་འགའ་ཡང་མེད་དེ་མེ་ཙམ་ནི་གྲུབ་པའི་ཕྱིར་རོ། །དེ་གྲུབ་པས་ནི་ཅུང་ཟད་བྱར་ཡང་མེད་དེ། དེ་ནི་འཇུག་པའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །ཡུལ་གྱི་ཁྱད་པར་ཅན་གྱི་མེ་འཇུག་པའི་ཡན་ལག་ཡིན་གྱི། མེ་ཙམ་ནི་མ་ཡིན་ནོ། །འོ་ན་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། སྨྲས་པ། ཡུལ་ལ་སོགས་པ་ཅན་གྱི་གཞི་དེ་ཉིད་ཀྱི་ཁྱད་པར་གང་ལ་ཡོད་པ་དེ་ནི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་མི་འགྲུབ་པོ། དེས་ནི་སྤྱི་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ལ། ཁྱད་པར་ལ་ནི་རྗེས་སུ་འགྲོ་བ་མེད་པ་ཡིན་ནོ་ཞེ་ན། ཅི་ལྟར་རྗེས་སུ་འགྲོ་བ་མེད། འདི་ལྟར་གང་གིས་རྗེས་སུ་འགྲོ་བ་མེད་པར་འགྱུར་བརྟེན་ཡིན་ཡང་གཞི་དེས་མེད་དེ་ཁྱད་པར་གྱི་དངོས་པོས་ཁྱད་པར་དུ་བྱེད་པ་ནི་མ་ཡིན་ཏེ། མི་ལྡན་པ་ལྡོག་པའི་རྒྱུས་ན་ས་ཕྱོགས་ཀྱི་མེ་རྣམ་པར་གཅོད་པའི་ཕྱིར་རོ། །དོན་འདི་ནི་ལྷན་ཅིག་མ་ཡིན་པར་བཤད་ཟིན་ཏོ། །གལ་ཏེ་ཁྱབ་པའི་དུས་སུ་མི་ལྡན་པ་རྣམ་པར་བཅད་པའི་མེ་མ་གྲུབ་པ་མ་ཡིན་ནམ། དེ་གྲུབ་ན་ཡང་རྗེས་སུ་འགྲོ་བ་


DTG187_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཅིའི་དོན་དུ་འབྲང་ཞེ་ན། དེ་ལྟ་མོད་ཀྱི་འོན་ཀྱང་གཞི་མེད་ཀྱི་མེ་མི་སྲིད་པའི་ཕྱིར་སྤྱིར་བསྒྲུབ་པར་བྱ་བ་ལ་ཡང་ཕྱོགས་དང་མཐུན་པའི་ཕྱོགས་ཀྱི་རྣམ་པར་དབྱེ་བ་མེད་པའི་ཕྱིར་ཁྱད་པར་མེད་པར་གཞི་ཡང་འཕེན་པ་ན་མངོན་པར་འདོད་པའི་ཡུལ་ཡང་འཕངས་པར་འགྱུར་རོ། །དེའི་ཕྱིར་ཡུལ་དེ་ཁྱབ་པའི་དུས་སུ་ཡང་མ་འབྲེལ་པ་རྣམ་པར་གཅོད་པས་ཁྱབ་པ་ཡིན་པར་བརྗོད་ཀྱི་དེ་ལྟར་གྲུབ་པའི་ཕྱིར་ནི་མ་ཡིན་ནོ། །གང་གི་ཕྱིར་ཤུགས་ཀྱི་གཞི་རྣམས་ཁྱད་པར་མེད་པས་ནང་དུ་འདུས་པའི་ཕྱིར་མ་འབྲེལ་པ་རྣམ་པར་གཅོད་པ་དེའི་ཕྱིར། གཞི་ངེས་པ་མེད་པའི་མེའི་སྤྱི་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །འདི་སྙམ་དུ་འོ་ན་ནི་སྤྱི་དང་ལྡན་པའི་ཡོད་པས་ཀྱང་ཁྱབ་པའི་དུས་སུ་ཁྱད་པར་གཙོ་བོའི་མཚན་ཉིད་འཕེན་ཏེ། དཔེར་ན་མེས་ཡུལ་དེ་འཕེན་པ་བཞིན་ནོ། དེས་ན་འདིར་ཡང་མ་འབྲེལ་པ་རྣམ་པར་གཅོད་པས་ཁྱད་པར་གྲུབ་པ་ཡོད་དོ་ཞེ་ན། བཤད་པ། དེ་བཞིན་དུ་ཡོད་པ་བསྒྲུབ་པར་བྱ་བ་འདིར་ཡང་མངོན་པར་འདོད་པའི་ཁྱད་པར་འགའ་ཞིག་ལ་ཡོད་པ་སྒྲུབ་པ་ནི་མ་ཡིན་ནོ། །ཅི་ལྟར་གཙོ་བོ་ལ་སོགས་པའི་སྒྲས་བརྗོད་པར་བྱ་བའི་དོན་ཉིད་མེད་པའི་ཕྱིར་རོ། །རྗེས་སུ་འགྲོ་བའི་དུས་དང༌། སྒྲུབ་པར་བྱེད་པའི་བྱེད་པ་རྫོགས་པའི་དུས་སུ་གང་ཞིག་མ་འབྲེལ་བ་རྣམ་པར་གཅོད་པ་དང་ལྡན་པའི་ཡོད་པ་བརྟགས་པར་འགྱུར་བ་རྟག་པ་ལ་སོགས་པ་དང་ལྡན་པ་ནི་འགའ་ཡང་མ་གྲུབ་པོ། །ས་ཕྱོགས་དང་སྒྲ་ནི་ཚད་མ་གཞན་གྱིས་གྲུབ་པས་ཁྱབ་པའི་དུས་སུ་དེ་དང་མ་འབྲེལ་པ་རྣམ་པར་བཅད་པ་དང་ལྡན་པ་བསྒྲུབ་པར་བྱ་བའི་ཆོས་ཡིན་པ་དང༌། ཕྱོགས་ཀྱི་ཆོས་སྡུད་པའི་དུས་སུ་དེའི་ཁྱད་པར་དང་ལྡན་པ་གྲུབ་པ་རིགས་པ་ཡིན་ནོ། །དེས་ན་ཁྱབ་པའི་དུས་སུ་ཁྱད་པར་འགའ་ཡང་མ་གྲུབ་པའི་ཕྱིར་དེ་ནི་ཁྱད་པར་མེད་པ་ཁོ་ན་ཡིན་ནོ། །ཅི་ལྟར་མེད་དེ། འདི་ལྟར་དེ་ཡང་ཅི་ཞིག་ལྟར་ཤེས་པར་བྱ་བ་ཡིན་ལ། ཤེས་ནས་སྒྲས་བརྗོད་པར་བྱ་བ་ཡིན་ཞིང༌། བརྗོད་ནས་ཚད་མར་ངེས་པར་བྱ་བ་ཡིན་ཏེ། དེའི་ཕྱིར་


DTG187_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཤེས་བྱ་ཉིད་ལ་སོགས་པར་གྲུབ་པ་ཉིད་དོ། །དེས་ན་དེ་དང་མ་འབྲེལ་པ་རྣམ་པར་བཅད་པ་དང་ལྡན་པའི་ཡོད་པ་གྲུབ་པོ་ཞེ་ན། ཅི་ད་ནི་ཤེས་བྱ་ཡོད་དོ་ཞེས་ཏེ། དེ་ཙམ་གྱིས་གཙོ་བོ་དེ་གྲུབ་པར་འགྱུར་རམ། གཙོ་བོའི་དོན་ནི་ཤེས་བྱ་ལ་སོགས་པའི་དོན་དུ་འགྱུར་གྱི་ལྷག་པ་ནི་མ་ཡིན་ནོ། །རེ་ཞིག་དེ་ཙམ་དུ་ཡང་གཙོ་བོ་གྲུབ་པ་ཡིན་ཏེ། གཏན་མེད་པ་ནི་མ་ཡིན་ནོ་ཞེ་ན། བཤད་པ། དེ་ལྟ་ན་ཡང་ཤེས་བྱ་ལ་སོགས་པས་ཅི་ལྟར་འགྲུབ་བར་འགྱུར། འདི་ལྟར་ཤེས་བྱ་ཙམ་ཁོ་ནར་འགྲུབ་པར་འགྱུར་ན། དེ་ཙམ་ནི་གཙོ་བོ་ཡིན་པར་མི་འདོད་དོ། །ད་ནི་ཁྱད་པར་ཅན་གྱི་ཡོད་པ་གཞིར་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་བློས་བསྐྱེད་པ་སྒྲའི་དོན་ཡིན་གྱི་ཕྱི་རོལ་ནི་མ་ཡིན་ནོ། །དེ་གང་ཞེ་ན། རྣམ་པར་རྟོག་པའི་རྣམ་པའོ། །དེ་ནི་རྟག་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་མ་ཡིན་ཏེ། དེ་ལྟར་བརྟགས་པ་ཡིན་པའི་ཕྱིར་རོ། །དེས་ན་གཙོ་བོའི་སྒྲས་བརྗོད་པར་བྱ་བ་མེད་པར་ཅི་ལྟར་འགྱུར། རང་གི་ངོ་བོས་ནི་སྒྲའི་དོན་ཐམས་ཅད་དུ་གྲུབ་པའི་ཕྱིར། ཕྱི་རོལ་གྱི་ཉེ་བར་ལེན་པའི་ཡོད་པ་བསྒྲུབ་པར་བྱ་བ་ཡིན་ནོ། །དེས་ན་ཅི་ལྟར་ཁྱད་པར་ཅན་མ་གྲུབ་ཅེ་ན། དེ་ལྟར་ན་ཡང་ཁྱད་པར་མ་གྲུབ་པོ་ཞེས་སྟོན་པ་ནི་བསྒྲུབ་པར་བྱ་བ་ཡིན་མོད། འོན་ཀྱང་གང་གི་ཕྱིར་གཙོ་བོ་ལ་སོགས་པའི་རང་བཞིན་གྱི་ཁྱད་པར་རྟག་པ་ཉིད་ལ་སོགས་པའི་རྟེན་མ་ཡིན་ཏེ་གཞི་མ་ཡིན་ནོ། །དེ་བས་ན་སྒྲའི་དོན་དེ་ཡང་ཁྱད་པར་མེད་པ་སྒྲའི་དོན་ཙམ་དུ་རྣམ་པར་གནས་པ་ཡིན་ཏེ། སྒྲའི་དོན་གཞན་ལས་ཁྱད་པར་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དང་ཅི་ལྟར་སྔར་བརྗོད་པ་བཞིན་དུ་ད་ལྟར་ཡང་བརྗོད་པར་བྱ་བའི་དངོས་པོ་འགའ་ཞིག་ཡོད་དོ་ཞེས་བསྒྲུབ་པར་བྱ་བར་འགྱུར་རོ།། གལ་ཏེ་གཙོ་བོའི་རང་བཞིན་གྱི་རྟེན་ཡིན་ན་ནི་དེ་ཉིད་གཙོ་བོར་གྲུབ་པར་འགྱུར་གྱི་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །དེའི་རང་བཞིན་མེད་ན་ནི་སྒྲའི་དོན་གཞན་དག་ལས་ཁྱད་པར་མེད་པའི་ཕྱིར་སྒྲའི་དོན་ལས་ཕྱི་རོལ་དུ་གྱུར་ན། ཕྱི་རོལ་གྱི་ཉེ་བར་ལེན་པ་འགའ་ཞིག་


DTG187_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ་ཞེས་བསྒྲུབ་པར་བྱ་བར་འགྱུར་རོ། །ཅི་ལྟར་རྟག་པ་ལ་སོགས་པའི་རང་བཞིན་གྱི་རྟེན་མ་ཡིན་ཞེ་ན། བཤད་པ། བརྟགས་པ་ཡིན་པའི་ཕྱིར་སྒྲའི་དོན་རང་ཉིད་ནི་རྟག་པ་ལ་སོགས་པའི་རང་བཞིན་ཡོན་ཏན་གྱི་ཁྱད་པར་འགའ་ཞིག་ལ་བརྟེན་པ་མ་ཡིན་ནོ། །འོ་ན་ཅི་ལྟར་སྒྲའི་དོན་ཁྱད་པར་ཅན་དུ་རྟོགས་ཤེ་ན། ཉེ་བར་ལེན་པའི་ཆོས་དེ་དག་ལ་དོགས་པ་ཡིན་ཏེ། ཉེ་བར་ལེན་པ་དང་རྣམ་པར་བརྟག་པར་བྱ་བའི་དོན་དག་གཅིག་ཏུ་མངོན་པར་ཞེ་ན་པའི་ཕྱིར་རོ། །དཔེར་ན་བུམ་པའམ་བྱས་པ་དང་ཐ་མི་དད་པར་ཞེན་པའི་ཕྱིར་སྒྲའི་དོན་བུམ་པ་དང་བྱས་པ་ཡིན་པ་བཞིན་ནོ། །གང་གི་ཕྱིར་ཁྱད་པར་ཉེ་བར་འདོད་པ་ཡིན་པ་དེའི་ཕྱིར་ཉེ་བར་ལེན་པ་མ་གྲུབ་པ་དག་ལ་ནི་མི་སྲིད་དོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་སྒྲའི་དོན་འདི་དག་ནི་ཁྱད་པར་མེད་པ་ཡིན་ནོ། །དེས་ན་དེ་དག་ལ་དོན་གྱི་ཉེ་བར་ལེན་པ་ཅན་ཉིད་སྒྲུབ་ན་ནི་ཡོད་པ་ཙམ་ཉིད་སྒྲུབ་པ་ཡིན་གྱི། དོན་གྱི་ཁྱད་པར་སྒྲུབ་པ་ནི་མ་ཡིན་པའི་ཕྱིར་རོ། །དེ་དོན་གྱི་ཉེ་བར་ལེན་པ་ཅན་དུ་སྒྲུབ་པ་ནི་དོན་མེད་དོ། །དེ་ལྟ་ཡིན་དང་གང་གི་ཕྱིར་ཉེ་བར་བཏགས་པའི་ཁྱད་པར་ཅན་གྱི་སྒྲའི་དོན་ལ་དངོས་པོ་མི་འགྲུབ་པ་དེའི་ཕྱིར་ཁྱད་པར་ཡོད་པར་སྒྲུབ་པ་ལ་སྒྲའི་དོན་ཆོས་ཅན་མ་ཡིན་ནོ། །ཁྱད་པར་དགག་པ་སྒྲུབ་ན་ནི་ཆོས་ཅན་ཡིན་པ་དེ་ཉིད་དེ། ཉེ་བར་བཏགས་པ་ནི་རྣམ་པ་དེ་ལྟ་བུའི་ཉེ་བར་ལེན་པ་ཅན་དུ་མ་ངེས་པའི་ཕྱིར་རོ། །དེས་ན་ཅི་སྐད་བརྗོད་པའི་ཡོན་ཏན་ཅན་གཙོ་བོ་ལ་སོགས་པ་མེད་པའི་ཕྱིར་སྒྲའི་དོན་ཆོས་ཅན་དུ་རིགས་སོ། །གལ་ཉེ་འདིར་དོན་ཙམ་གྱི་ཉེ་བར་ལེན་པ་དོན་མེད་པ་ཡིན་ན། མངོན་པར་འདོད་པའི་རྗེས་སུ་དཔག་པ་གཞན་དུ་ཡང་ཐུན་མོང་བ་སྤྱི་ཙམ་གྲུབ་པའི་ཕྱིར་བསྒྲུབ་བྱར་མི་འགྱུར་རོ་ཞེ་ན། བཤད་པ། གཞན་དུ་ནི་གཞི་ངེས་པ་མེད་པའི་མེའི་སྤྱི་གྲུབ་པ་དེ་ཉིད་ཡུལ་དེར་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ནོ། །ཡོད་པ་ལ་ནི་མ་གྲུབ་པ་ཅུང་ཟད་ཀྱང་གྲུབ་པ་མེད་དོ། །གལ་ཏེ་དེ་ལྟ་ན་དེར་ཡང་གཞི་ངེས་པ་མེད་པའི་མེ་བསྒྲུབ་པར་བྱ་བ་ཡིན་ལ། བསྒྲུབ་བྱ་གང་ཡིན་པ་


DTG187_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་ཁྱབ་པར་བསྟན་པར་བྱ་བ་ཡིན་ནོ། །ཡུལ་དེ་དང་མི་ལྡན་པ་མ་ཡིན་པའི་ཕྱིར་མེས་ཁྱབ་པ་གྲུབ་པ་ནི་མེད་དོ་ཞེས་དེ་ལས་ཅིར་འགྱུར། གལ་ཏེ་འགའ་ཞིག་ཡུལ་དང་འབྲེལ་བའི་མེས་ཁྱབ་པར་བྱེད་ན་དེ་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་འདིར་འགྱུར་ན་ཕྱོགས་དང་འབྲེལ་བའི་མེའི་སྤྱི་དེ་ལྟ་བུས་ནི་འགའ་ལ་ཡང་ཁྱབ་པར་བྱེད་པ་མེད་དོ། །དེས་ན་སུ་ལ་སྐྱོན་འདིར་འགྱུར། །ཅི་ལྟར་མི་བྱེད། སྒྲུབ་པར་འདོད་པའི་དོན་ལྟ་བུ་ཡིན་ནོ་ཞེ་ན། བཤད་པ། གང་གི་ཕྱིར་རྒོལ་བ་གཞན་ལ་སྒྲུབ་པར་བྱེད་པས་ནི་གང་དུ་བ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་དུ་བ་མེད་ན་མི་འབྱུང་བར་གཞི་ངེས་པ་མེད་པའི་མེས་ཁྱབ་པར་བསྟན་པར་བྱ་བ་ཡིན་ལ། དེ་ལྟར་གཞི་ངེས་པ་མེད་པའི་མེ་ཙམ་གྱིས་ཁྱབ་པ་གྲུབ་པ་ཡིན་ན། དེས་ཆོས་ཅན་གང་དུ་སྣང་བ་དེར་མེའི་བློ་སྐྱེད་པར་བྱེད་དོ། །སྒྲོན་མ་བཞིན་དུ་རུང་བ་ཉིད་ཀྱིས་ནི་དུ་བ་གོ་བར་བྱེད་པ་མ་ཡིན་ཏེ། འོན་ཀྱང་མེད་ན་མི་འབྱུང་བར་དེས་པས་མ་ཡིན་ནོ། །དེའི་ཕྱིར་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་ནི་མཐོང་བ་མེད་ན་མི་འབྱུང་བར་ངེས་པ་ལས་ཡིན་གྱི་ངོ་བོ་ལས་ནི་མ་ཡིན་ནོ། །ལྐོག་ཏུ་གྱུར་པ་རྟོགས་པ་ཐམས་ཅད་ལ་ནི་མེད་ན་མི་འབྱུང་བར་ངེས་པ་ཡན་ལག་ཡིན་ལ། ཕྱོགས་དང་འབྲེལ་པ་ཅན་ནི་ངེས་པ་མ་ཡིན་ནོ་ཞེས་བཤད་པ་ནི། དེ་ལ་བསྒྲུབ་པར་བྱ་བ་བསྟན་པ་ནི་ཅི་ཡང་མི་དགོས་ཏེ། ཕྱོགས་དེ་ལ་མཐོང་བ་དང་འབྲེལ་པ་བསྟན་པ་ཙམ་གྱིས་འདོད་པ་གྲུབ་པའི་ཕྱིར་རོ། །གལ་ཏེ་བསྒྲུབ་བྱ་བསྟན་པར་བྱ་བ་མ་ཡིན་དུ་ཆུག་ཀྱང༌། རྗེས་སུ་འགྲོ་བ་ནི་དེས་བསྟན་པར་བྱ་བ་ཡིན་ནོ་ཞེ་ན། དེ་མ་བསྟན་ན་ཡང་ཞེས་སྨོས་སོ། །གང་གི་ཚེ་མ་བསྟན་ཀྱང་ཡུལ་དེའི་ཁྱད་པར་ཅན་ཤུགས་ཉིད་ཀྱིས་རྟོགས་པ་དེའི་ཚེ་ཤུགས་ཀྱིས་གོ་བ་ངེས་རྗེས་སུ་འགྲོ་བ་བྱེད་པ་ཡང་དོན་མེད་པ་ཉིད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་དེ་ལྟ་བུའི་རྗེས་སུ་འགྲོ་བ་བསྟན་པ་མེད་པར་དེ་ལྟ་བུའི་དོན་མི་འགྲུབ་ན་དེ་དང་རྗེས་སུ་འགྲོ་བ་བསྟན་པར་བྱ་བར་འགྱུར་ན། འདིར་ནི་དེ་ལྟ་བུའི་རྗེས་སུ་འགྲོ་བ་མེད་ཀྱང་གྲུབ་པ་ཡོད་པ་ཡིན་ནོ། །ཡོད་པ་གྲུབ་


DTG187_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དེ་ལྟ་བུའི་ཁྱད་པར་མ་གྲུབ་པའི་ཕྱིར་ཤུགས་ཀྱིས་དེ་དང་འབྲེལ་པ་རྣམ་པར་བཅད་པས་ཁྱབ་པ་གྲུབ་པ་མེད་ལ། ཕྱོགས་ཀྱི་ཆོས་ཉེ་བར་སྡུད་པའི་དུས་སུ་གྲུབ་པ་ཡང་མེད་དོ། །གལ་ཏེ་མེ་ཙམ་གྱིས་ཁྱབ་པ་ཡིན་ན་ཅི་ལྟར་མ་འབྲེལ་པ་རྣམ་པར་བཅད་པ་བསྒྲུབ་བྱ་ཡིན་ཞེ་ན། བཤད་པ། གང་གི་ཕྱིར་རིམ་པ་དེ་ལྟ་ཡིན་པ་དེའི་ཕྱིར་དུ་བ་འདི་མེ་མེད་ན་མི་འབྱུང་བར་འགྲུབ་པའི་ཤུགས་ཉིད་ཀྱིས་ཕྱོགས་དེ་དང་མི་ལྡན་པ་རྣམ་པར་གཅོད་པ་ཡིན་ནོ། །དེའི་ཕྱིར་སྤྱི་བསྒྲུབ་བྱར་བརྗོད་དོ། །གལ་ཏེ་མེ་མེད་ན་དུ་བ་ཡོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཤུགས་ཡིན་ནོ། །དེ་ལྟར་གྲུབ་པ་དེ་ནི་སྐྱེས་བུ་འཇུག་པའི་ཡན་ལག་ཡིན་གྱི་ཡུལ་མ་ངེས་པའི་མེ་ཙམ་ནི་མ་ཡིན་པས་དེས་ན་བསྒྲུབ་བྱར་རིགས་སོ། །རྗེས་སུ་འགྲོ་བ་ནི་འབའ་ཞིག་གིས་བསྟན་པར་བྱ་བ་ཡིན་གྱི་སྤྱིས་ནི་མ་ཡིན་ཏེ། དེ་མ་བསྡུས་པའི་ཕྱིར་དང། དེས་ཁྱབ་པ་བསྟན་པ་ལ་དགོས་པ་མེད་པའི་ཕྱིར་རོ་ཞེས་གང་བཤད་པ་ནི་མེ་འདིའི་དུ་བ་ལ་ཁྱབ་པ་ནི་དེ་ལྟར་ཏེ། ཡུལ་གྱི་ཁྱད་པར་ཅན་དེ་ལྟར་དེ་ཉེ་བར་བཀོད་པ་སྔོན་དུ་འགྲོ་བ་ཅན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་བྱ་བརྗོད་པ་ཁྱབ་པ་བསྟན་པར་བྱ་བ་འདི་ལ་ཡན་ལག་མ་ཡིན་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་བསྒྲུབ་བྱ་བསྟན་པ་དེ་སྔོན་དུ་འགྲོ་བ་ཅན་ཡིན་ན་ཡང་དམ་བཅའ་བའི་ངག་སྒྲུབ་པར་བྱེད་པའི་ངག་ལས་སུས་ཀྱང་བཟློག་ཏུ་མེད་པར་འགྱུར་རོ། །དེས་ན་རྗེས་སུ་འགྲོ་བ་མེད་པའི་སྐྱོན་མེད་དེ། དོན་འདི་སློབ་དཔོན་གྱིས་ཀྱང་བཤད་དོ་ཞེས་སྟོན་པ་ནི་དེ་སྐད་དུ་ཡང་ཞེས་བྱ་བ་ཡིན་ནོ། །དུ་བ་ལ་སོགས་པའི་རྟགས་ནི་བསྒྲུབ་པར་བྱ་བའི་ཆོས་དང་མི་འཁྲུལ་བར་སྤྱིའི་ཆོས་ཅན་གཞན་དུ་བསྟན་པར་བྱ་བ་ཡིན་ནོ། །དེ་ལྟར་ཤེས་པ་འཁྲུལ་པ་མེད་པའི་རྟགས་འཁྲུལ་པ་མེད་པ་ཉིད་དུ་ངེས་པར་བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ལ་རབ་ཏུ་གྲུབ་པར་གྱུར་ན། ཁྱབ་པར་བྱེད་པའི་ཆོས་དེ་དང་ལྡན་པར་ཆོས་ཅན་རྟོགས་པར་འགྱུར་བ་ཡིན། དེའི་དོན་ནི་འདི་ཡིན་ཏེ། ཆོས་ཅན་སྤྱི་ལ་སྤྱི་ཙམ་གྱིས་ཁྱབ་པ་གྲུབ་ན་ཁྱད་པར་ཅན་གྱིས་གཏན་ཚིགས་མཐོང་བའི་ཤུགས་ལས་


DTG187_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གྲུབ་པར་འགྱུར་གྱི། ཁྱད་པར་གྱིས་ཁྱབ་པ་བསྟན་པར་བྱ་བ་ནི་མ་ཡིན་ལ། བསྒྲུབ་པར་བྱ་བའི་ཆོས་ཅན་འགའ་ཞིག་ལ་ཡོད་པ་ཡང་གཏན་ཚིགས་མ་ཡིན་ཏེ། མཉན་བྱ་ཉིད་ལ་སོགས་པ་ལ་ཁྱབ་པ་བསྟན་པར་མི་ནུས་པའི་ཕྱིར་དང༌། ཁྱབ་པ་བསྟན་ན་ཡང་ཁྱབ་པ་གྲུབ་པར་བྱེད་པ་ཉིད་ཀྱིས་བསྒྲུབ་བྱ་གྲུབ་པའི་ཕྱིར་རོ། །གཏན་ཚིགས་དོན་མེད་པར་ཐལ་བའི་ཕྱིར་རོ། །དེ་ཅི་ལྟར་མེ་སྒྲུབ་པ་ལ་ཁྱད་པར་ཡོངས་སུ་གཟུང་བའི་ཕྱིར་ཁ་ན་མཐོ་བ་མེད་པ་བཞིན་དུ་ཡོད་པ་བསྒྲུབ་པར་བྱ་བ་ལ་ནི་དེ་ལྟར་ཁ་ན་མཐོ་བ་མེད་པ་མ་ཡིན་ཏེ། ཁྱད་པར་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་སྒྲུབ་པ་ལ་བསྒྲུབ་པར་ཐར་པའི་ཕྱིར་དང༌། རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཡོད་པ་ནི་བསྒྲུབ་བྱ་མ་ཡིན་ནོ། །ཡོད་པ་ཙམ་སྒྲུབ་པར་བྱེད་པ་ཡིན་པ་ལ་ནི་སྐྱོན་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། དངོས་པོ་དེའི་ཁྱད་པར་གཟུང་བ་མེད་པར་ཏེ། མ་གཟུང་བར་དངོས་པོ་ཙམ་གང་ཡིན་པས་སྒྲུབ་པར་བྱེད་པ་ཡིན་པ་དེ་ལ་རྗེས་སུ་འགྲོ་བ་ཉམས་པ་མེད་དོ། །གང་གི་ཞེ་ན། དེ་ཙམ་ཞེས་བྱ་བ་ཡོད་པ་ཁྱབ་པ་གང་ཡིན་པའི་བསྒྲུབ་བྱ་དེའི་ཡིན་གྱི། གཞི་བྱེ་བྲག་གིས་ཁྱད་པར་ཅན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་རྣམ་པར་འགྲེལ་པ་བཤད་པ་ནི། བུམ་པ་ལ་སོགས་པའི་རང་བཞིན་གྱི་ཁྱད་པར་ཡོངས་སུ་མ་བཟུང་བའི་རྒྱུས་ན་དངོས་པོ་ཙམ་ཁྱབ་པ་དངོས་པོའི་ཆོས་བསྒྲུབ་པར་བྱ་བའི་ཡུལ་ལ་ཡོད་པའི་སྒྲུབ་པར་བྱེད་པ་ཉིད་ལ་ནི་བསྒྲུབ་བྱ་དེས་སྒྲུབ་པར་བྱེད་པ་ལ་རྗེས་སུ་འགྲོ་བ་ཉམས་པ་མེད་དོ། །དངོས་པོའི་ཁྱད་པར་ལ་བརྟེན་པའི་བསྒྲུབ་བྱས་དངོས་པོ་ཙམ་གྱིས་སྒྲུབ་པར་བྱེད་པ་ཁྱབ་པ་མ་ཡིན་པ་དེས་ན་དངོས་པོ་ཙམ་ཁྱབ་པ་ཞེས་བྱ་བས་ཁྱད་པར་དུ་བྱས་སོ། །ཅིའི་ཕྱིར་རྗེས་སུ་འགྲོ་བ་ཉམས་པ་མེད་ཅེ་ན། གང་གི་ཕྱིར་དེ་ལ་གདོན་མི་ཟ་བར་ཁྱད་པར་ཡོངས་སུ་གཟུང་བར་བྱ་བ་ནི་མ་ཡིན་ནོ། །རྗེས་སུ་འགྲོ་བ་མེད་པ་ནི་ཁྱད་པར་ལས་ཡིན་ནོ། །ཅི་ལྟར་ན་ཡོད་པ་བསྒྲུབ་བྱ་ཡིན་ན་གདོན་མི་ཟ་བར་ཁྱད་པར་ཡོངས་སུ་འཛིན་ལ། སྒྲུབ་པར་བྱེད་པ་ནི་གདོན་མི་ཟ་བར་མི་འཛིན་ཅེ་ན། བཤད་པ།


DTG187_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ཙམ་ཡོངས་སུ་གཟུང་ན་ཡང་སྒྲུབ་པར་བྱེད་པའི་སྒྲུབ་པར་བྱ་བ་འགྲུབ་པ་ལ་ནུས་པ་ཡོད་པའི་ཕྱིར་རོ། །དེའི་དོན་ནི་འདི་ཡིན་ཏེ། གལ་ཏེ་སྤྱིའི་རང་བཞིན་གྱིས་སྒྲུབ་པར་མི་ནུས་པ་ཡིན་ན་ནི་ཁྱད་པར་ཡོངས་སུ་འཛིན་པར་འགྱུར་བ་ཡིན་ན། ཡོད་པ་ཙམ་གྱིས་ནུས་པ་དེའི་ཕྱིར་གདོན་མི་ཟ་བར་ཁྱད་པར་ཡོངས་སུ་གཟུང་བ་མ་ཡིན་ནོ། །ཡོད་པ་ཙམ་བསྒྲུབ་པར་བྱ་བ་ནི་བྱེད་མི་ནུས་ཏེ། དེ་བསྒྲུབ་པར་བྱ་བ་ཡིན་ན་རྩོད་པ་མེད་པས་སྒྲུབ་པར་བྱེད་པ་དོན་མེད་པའི་ཕྱིར་དང༌། དེ་བསྒྲུབ་པར་མི་འདོད་པའི་ཡང་ཕྱིར་རོ། །དེའི་ཕྱིར་ཡོད་པ་ཙམ་སྒྲུབ་པར་བྱེད་པ་ལ་ནི་ཁ་ན་མ་ཐོ་བ་མེད་དོ། །དེ་ལྟར་ཡོད་པ་ཙམ་བསྒྲུབ་པར་བྱ་བ་ཡིན་པ་སྤངས་ནས། ཡོད་པ་བསྒྲུབ་པ་ལ་སྐྱོན་གཞན་ཡང་བསྟན་པའི་སྤྱིར་གཞན་ཡང་ཞེས་སྨོས་སོ། །དངོས་པོ་དེ་མ་གྲུབ་ན་ནི་ཡོད་ཆོས་ཏེ། དངོས་པོ་ཆོས་གང་ཡིན་པ་དེ་མ་གྲུབ་པར་འགྱུར་རོ། །དངོས་པོ་དང་དངོས་པོ་མེད་པ་གཉི་ག་ལ་བརྟེན་པ་གང་ཡིན་པ་དེ་ནི་མེད་པ་ལ་ཡང་འཇུག་པས་འཁྲུལ་པ་སྟེ་མ་ངེས་པ་ཡིན་ནོ། །མེད་པའི་ཆོས་གཏན་ཚིགས་ཡིན་ན་ནི་ཡོད་པ་དང་འགལ་བ་ལ་མི་འཁྲུལ་པས་འགལ་བ་ཡིན་པའི་ཕྱིར་ཡོད་པ་གང་ཡིན་པ་བསྒྲུབ་པ་ལ་གཏན་ཚིགས་སུ་ཉེ་བར་བཀོད་པ་དེ་ཐམས་ཅད་སྐྱོན་གསུམ་ལས་མི་འདའ་བས་ན། ཡོད་པ་དེ་ཅི་ལྟར་སྐྱེས་བུས་བསྒྲུབ་པར་བྱ་བ་ཡིན། དེའི་གཏན་ཚིགས་ནི་ཡོད་བའི་གཏན་ཚིགས་སོ། །གསུམ་ཞེས་བྱ་བ་ནི་སྐྱོན་ཀྱང་རྣམ་པ་ཆ་གསུམ་མོ། །ཆོས་གསུམ་པོ་དེ་ལ་གལ་ཏེ་དངོས་ཆོས་གཏན་ཚིགས་ཡིན་ན་ནི་ཡོད་པ་མ་གྲུབ་པ་ལ་ཇི་ལྟར་འགྲུབ། འདི་སྙམ་དུ་དངོས་པོའི་ཆོས་དེ་ལ་འགྲུབ་ཀྱི་ཡོད་པ་ནི་མ་ཡིན་ནོ་སྙམ་ན། བཤད་པ། གང་ཟིག་དངོས་པོའི་ཆོས་གཏན་ཚིགས་སུ་གྲུབ་པར་འདོད་པ་དེ་ཅི་ལྟར་དངོས་པོ་གྲུབ་པར་མི་འདོད། ཅི་ལྟར་ན་དངོས་པོའི་ཆོས་གྲུབ་ན་དངོས་པོ་གྲུབ་ཅེ་ན། གང་གི་ཕྱིར་རང་གི་ངོ་བོ་ཉིད་ཆོས་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་རང་གི་ངོ་བོ་ཉིད་ཡིན་ན་ཇི་ལྟར་ཆོས་ཅན་ལས་ཐ་དད་པ་ཅན་དུ་དྲུག་པས་བསྟན་པ་ཡིན་ཞེ་ན། འགའ་ཞིག་ལ་ལྟོས་ནས་ཞེས་


DTG187_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་སོ། །གང་གི་ཚེ་རང་གི་ངོ་བོ་དེ་ཉིད་ཆོས་གཞན་དེའི་བདག་ཉིད་ཀྱིས་འབྲེལ་བར་མི་རུང་བར་བརྗོད་པར་འདོད་པ་དེའི་ཚེ་ཐ་དད་པ་ཅན་གྱི་དྲུག་པས་ཐ་སྙད་དུ་བྱེད་དོ། །འདིའི་བྱས་པ་ཉིད་གལ་ཏེ་བུམ་པ་དེ་ལས་བཀོལ་བའི་རང་བཞིན་དུ་བརྗོད་པ་དེ་ལྟ་ན་དེའི་ཆོས་གཞན་དང་འབྲེལ་པར་མི་རུང་བར་བསྟན་པར་འགྱུར་བ་ཡིན་ནོ། །གང་གི་ཚེ་འདི་བུམ་པའོ་ཞེས་བརྗོད་པ་དེའི་ཚེ་ནི་ཆོས་གཞན་གྱི་བདག་ཉིད་ཡིན་པར་རུང་བར་བསྟན་པར་འགྱུར་ཏེ། བྱས་པ་གང་ཡིན་པ་དེ་ནི་མི་རྟག་པ་ཡང་ཡིན་ལ། རྣ་བས་གཟུང་བ་ཡང་ཡིན་ནོ། །དེའི་ཕྱིར་མ་བྱས་པ་ལས་ལྡོག་པའི་བརྗོད་པར་བྱ་བ་གཅིག་ཉིད་ལ། གང་གི་ཚེ་ཆོས་གཞན་གྱི་བདག་ཉིད་འབྲེལ་བར་རུང་བས་ཆོས་གཞན་འཕངས་པར་བརྗོད་པའི་ཚེ་ངོ་བོ་དེ་ཉིད་ཆོས་ཅན་ཡིན་ཏེ། ཆོས་གཞན་གྱི་ཡང་རྟེན་ཡིན་པའི་ཕྱིར་རོ། །གང་གི་ཚེ་ཆོས་གཞན་དང་བདག་ཉིད་གཅིག་པས་འབྲེལ་པར་མི་རུང་བ་ཆོས་གཞན་སྤངས་པར་བརྗོད་པ་དེའི་ཚེ་ཆོས་གཞན་གྱི་རྟེན་མ་ཡིན་པ་དེའི་ཕྱིར་ཆོས་ཅན་ནི་མ་ཡིན་གྱི། འོན་ཀྱང་ཆོས་ཡིན་ཏེ། གཞན་གྱི་དབང་དུ་བརྗོད་པའི་ཕྱིར་རོ་ཞེས་སྟོན་པར་བྱེད་པ་ནི་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་དག་ལ་ཞེས་བྱ་བ་ཡིན་ནོ། །ཆོས་དང་ཆོས་ཅན་བརྗོད་པའི་བྱ་བ་ལ་ནི་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ཏེ། མ་བྱས་པ་ལས་ལྡོག་པ་གཅིག་ཉིད་ཡིན་པར་བརྗོད་པའི་ཕྱིར་རོ། །འདི་ནི་ཚང་མ་རྣམ་འགྲེལ་དུ་བསལ་ཟིན་ཏོ། །དེའི་ཕྱིར་དངོས་པོ་མ་གྲུབ་པའི་ཕྱིར་དངོས་པོའི་ཆོས་མ་གྲུབ་པོ། ཅི་སྟེ་དངོས་པོ་དང་དངོས་པོ་མེད་པའི་གཉི་གའི་ཆོས་གཏན་ཚིགས་སུ་བརྗོད་དོ་ཞེ་ན་ཡང་ངོ༌། །ཅི་ལྟར་ཆོས་གཅིག་དངོས་པོ་དང་དངོས་པོ་མེད་པའི་ཡིན་པར་འགྱུར། ཆོས་ནི་རང་གི་ངོ་བོ་ཡིན་ལ། དངོས་པོའི་རང་གི་ངོ་བོ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་མ་ཡིན་ནོ་ཞེས་དོགས་ན། དངོས་པོ་མེད་པའི་རང་བཞིན་བདག་ཉིད་མེད་པ་ནི་གཉི་གའི་ཆོས་སུ་བསྟན་པའི་ཕྱིར་བཤད་པ། གང་གིས་དངོས་པོའི་རང་བཞིན་ཉིད་དུ་མི་བརྟེན་པ་དེའོ། །གང་གིས་དངོས་པོ་ལ་མི་བརྟེན་ཅེ་ན། མ་ཡིན་པ་མ་ཡིན་ན་ནི་དོན་གཞན་བརྗོད་པར་འགྱུར་རོ།།


DTG187_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་དགག་པས་ནི་ལྡོག་པ་འབའ་ཞིག་བརྗོད་པ་ཡིན་ལ། ལྡོག་པ་ཙམ་ནི་མེད་པ་ལ་ཡང་མི་འགལ་བའི་རྒྱུའི་ཕྱིར་ལྡོག་པ་ཙམ་གཉི་གའི་ཆོས་ཡིན་ནོ། །དཔེར་ན་ལུས་ཅན་མ་ཡིན་ཞེས་བྱ་བའི་ལུས་མེད་པ་ཉིད་ལྡོག་པ་ཙམ་ནི་དངོས་པོ་རྣམ་པར་ཤེས་པ་དང༌། དངོས་པོ་མེད་པ་ཉེ་བར་བརྗོད་པ་མེད་པ་ལ་ཡང་འགྱུར་བ་བཞིན་ནོ། །གཞན་དག་དགག་པ་སྨྲ་བ་ནི་ཉེ་བར་བརྗོད་པ་མེད་པ་ནི་དངོས་པོ་མེད་པའི་ཕྱིར་དགག་པའི་ཡུལ་ཉིད་མ་ཡིན་ནོ། །གང་ཞིག་གནས་གཞི་ལ་སོགས་པའི་ནུས་པ་ཡོད་པ་དེ་འགའ་ཞིག་གི་ཡུལ་ཡིན་ན་ཉེ་བར་བརྗོད་པ་མེད་པ་ནི་དངོས་པོ་མེད་པས་ནུས་པ་ཐམས་ཅད་དང་བྲལ་པའི་ཕྱིར་ཅི་ལྟར་ཡུལ་ཡིན། གང་ཞིག་ཚད་མ་འགའི་ཡུལ་དུ་གྱུར་པ་དེ་ནི་དངོས་པོ་དང་དངོས་པོ་མེད་པ་འགའི་ཡུལ་དུ་གྱུར་པ་ཡིན་ན། དངོས་པོ་མེད་པ་ནི་ཚད་མའི་ཡུལ་ཡང་མ་ཡིན་ཏེ། ནུས་པ་དང་བྲལ་བའི་ཕྱིར་རོ་ཞེ་ན། དགག་པའི་ཡུལ་ཉིད་འགོག་ན་ཅི་ད་ནི་ཉེ་བར་བརྗོད་པ་མེད་པ་བསྒྲུབ་པའི་ཡུལ་ཡིན་ནམ། དངོས་པོ་མེད་པ་བསྒྲུབ་པའི་ཡུལ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ནི་དགག་པའི་ཡུལ་ཉིད་དེ་བས་ཀྱང་སྡིག་པ་ཡིན་པའི་ཕྱིར་དེ་ལས་སྤོང་བར་བྱེད་པ་ནི་དངོས་པོ་མེད་ན་ནི་སྒྲུབ་པའི་ཡུལ་ཡང་མ་ཡིན་ནོ་ཞེ་ན། ད་ནི་ཅི་ལྟར་དགག་པའི་ཡུལ་དུ་འདོད་པར་མི་འགྱུར་ཏེ། སྒྲུབ་པའི་ཡུལ་ཉིད་བཀག་པ་ཁོ་ནས་དགག་པའི་ཡུལ་ཡིན་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། བཤད་པ། དགག་པ་ནི་སྒྲུབ་པ་ལོག་པའི་རང་བཞིན་པའི་ཕྱིར་རོ།། ལ་ལར་འགའ་ཞིག་སྒྲུབ་པ་བཀག་པ་གང་ཡིན་པ་དེ་ཉིད་དེ་དགག་པ་བསྒྲུབ་པ་ཡིན་ནོ། །དེའི་ཕྱིར་ཉེ་བར་བརྗོད་པ་མེད་པ་ལ་ལུས་ཅན་གྱིས་སྒྲུབ་པ་བཀག་ན་དགག་པ་བརྗོད་པར་འགྱུར་བའི་ཕྱིར་ཇི་ལྟར་དགག་པའི་ཡུལ་མ་ཡིན། དངོས་པོ་མེད་ན་ཡང་ཚད་མའི་ཡུལ་ཇི་ལྟར་ཡིན་པ་དེ་ལྟར་ཡང་དེ་མ་ཐག་པ་ཉིད་དང༌། ཕྱིས་ཀྱང་བསྟན་པར་བྱའོ། །དེ་ན་དེ་ལ་གཞན་མེད་པ་མ་ངེས་པར་ནུས་པ་ཉིད་དོ། །འདི་སྙམ་དུ་རྣམ་པ་འདི་ལྟ་བུའི་རིགས་ཅན་གྱི་ཆོས་ནི་བརྗོད་པར་ནུས་པ་མ་ཡིན་ཏེ། ལུས་ཅན་མ་ཡིན་པ་ཉིད་ལ་སོགས་པའི་སྒྲ་བཟང་པོ་མ་


DTG187_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འདི་དག་ནི་ཡོངས་སུ་འཆད་པ་ཡང་གླུ་མི་ལེན་པ། ཤིང་ཟན་མི་ཟ་བ། ཚྭ་མི་ཟ་བ། གདོང་ཉི་མི་མཐོང་བ། མ་ནིང་མ་ཡིན་པ། ཨད་དོ་ཞེས་བྱ་བའི་སྒྲ་འདི་དག་ཁོ་ན་ལ་དགག་པ་གནས་པར་མཐོང་ངོ༌། །དེས་ན་རྗེས་སུ་མ་བ་གྲངས་པའི་དོན་དག་ལས་ལུས་ཅན་མ་ཡིན་པ་ལ་སོགས་པའི་རང་བཞིན་གྱི་སྒྲའི་མི་འཇུག་གོ་ཞེས་དོགས་པ་སྤངས་པའི་ཕྱིར། ཀྱེ་མ་ཞེས་སྨོས་སོ། །ཉོན་མོངས་ཞེས་བྱ་བ་ནི་རྗེས་སུ་བརྩེ་བའོ། །ཅི་ལྟར་དཀར་བས་འཚོ་ཞེ་ན། བཤད་པ། བརྡ་ལས་བྱུང་བའི་སྒྲ་དོན་ངེས་པའི་འདོད་པ་དེའི་ཕྱིར་རོ། །བརྡ་ལས་བྱུང་བ་ནི་དོན་ངེས་པར་ནུས་པ་མ་ཡིན་ཏེ། འདོད་པ་ཙམ་གྱི་རྗེས་སུ་བྱེད་པའི་ཕྱིར་རོ། །ཅི་ལྟར་མ་ངེས་ཏེ། འཇིག་རྟེན་ནི་ལན་ཅིག་ངེས་པར་བྱས་པའི་དོན་གྱི་རྗེས་སུ་འཇུག་པ་ཡིན་ནོ་ཞེ་ན་བཤད་པ། ངེས་པར་བྱེད་པ་དེའི་བྱ་བའི་ཁྱད་པར་བྲང་བརྡུངས་ཤིང་ཆོ་ངེས་བཏབ་ཀྱང༌། བྲང་བརྡུངས་ཤིང་ཆོ་ངེས་འདེབས་པ་ཁྱད་དུ་བསད་ནས་འཇིག་རྟེན་ཐ་སྙད་ཀྱི་དོན་དུ་སྒྲའི་ཐ་སྙད་ལ་འཇུག་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་འགོག་པར་བྱེད་ཀྱང་འཇིག་རྟེན་འགའ་ཞིག་ལ་འཇུག་ཅེ་ན། བརྡ་ཅི་ལྟ་བ་བཞིན་དུ་ཞེས་སྨོས་སོ། །བརྡ་ལས་མ་འདས་པར་འཇིག་རྟེན་གྱི་སྒྲ་ལ་དོན་རྟོགས་པའི་ཕྱིར་རོ། །འཇིག་རྟེན་ནི་འབྲས་བུ་དོན་དུ་གཉེར་བས་འཇུག་པ་ཡིན་ལ། སྒྲ་སྦྱར་བའི་དགོས་པ་ཡང་དོན་རྟོགས་པ་ཡིན་ཞིང་དེ་ཡང་ཡོད་པའི་ཕྱིར་འཇིག་རྟེན་མི་ལྡོག་གོ །ཆོས་ཞེས་བྱ་བ་འབྲས་བུ་བཞིན་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། བཤད་པ། འབྲས་བུ་ནི་དོན་རྟོགས་པ་དེ་ཙམ་དུ་ཟད་པའི་ཕྱིར་རོ། །སྦྱིན་པ་དང་ཚངས་པར་སྤྱད་པ་ལ་སོགས་པ་དག་ལ་ནི་འཇིག་རྟེན་ཆོས་ཀྱིས་དོན་དུ་འཇུག་གི་སྒྲ་སྦྱོར་བ་ལ་ནི་མ་ཡིན་ནོ། །ལུས་ཅན་མ་ཡིན་པ་ལ་སོགས་པ་དག་ལས་ནི་དོན་རྟོགས་པ་མེད་དེ། དེ་དག་གིས་སྒྲ་བཟང་པོ་རྗེས་སུ་དཔག་པའི་རྒྱུ་མི་བཟང་བ་ཡིན་པའི་ཕྱིར་རོ་ཞེ་ན། བཤད་པ། ཉི་མ་མི་མཐོང་བ་ལ་སོགས་པའི་འདོད་པ་དང༌། ལུས་ཅན་མ་ཡིན་པ་ལ་སོགས་པ་མི་འདོད་པའི་སྒྲ་རྣམས་ཁྱད་པར་མེད་པའི་ཕྱིར། འདོད་པ་དང་མི་འདོད་པའི་ཚོགས་གཉི་གར་ཡང་


DTG187_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མི་རྟོགས་པར་ཐལ་བར་འགྱུར་རོ། །འདི་ལྟར་བརྡ་ཇི་ལྟ་བ་བཞིན་དོན་སོ་སོར་ངེས་པ་ཡིན་ཡང་གལ་ཏེ་གཅིག་ལས་དོན་མི་རྟོགས་ན་གཞན་ལས་ཀྱང་དངོས་སུ་རྟོགས་པར་མི་འགྱུར་རོ། །ཅི་ལྟར་འདོད་པ་དང་ཁྱད་པར་མེད་ཅེ་ན། བཤད་པ། ཉི་མ་མི་མཐོང་བ་ལ་སོགས་པ་འདོད་པའི་སྒྲ་དེ་ལས་བྱུར་བའི་རྟོགས་པ་ཤེས་པ་ཡང་ཐ་སྙད་ཡང་དག་པར་གྲུབ་པ་ལ་བརྟེན་པའི་ཕྱིར་ལ་ཐ་སྙད་གྲུབ་པ་ལ་བརྟན་པ་དེ་ནི་ལུས་ཅན་མ་ཡིན་པ་ལ་སོགས་པའི་སྒྲ་གཞན་དུ་ཡང་མཚུངས་པའི་ཕྱིར་རོ། །གཉི་ག་ཡང་བརྡ་ལས་དོན་རྟོགས་པར་བྱེད་པ་ཡིན་ནོ། །ཅི་ལྟར་བརྡ་སྤྲོད་པ་བ་རྣམས་ཀྱི་ལུས་ཅན་མ་ཡིན་པ་ལ་སོགས་པ་ལ་རྟོགས་པའི་ཕྱིར་རྗོད་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་བཟང་པོར་འདོད་པ་གཞན་དག་ཀྱང་དངོས་སུ་རྗོད་པར་བྱེད་པར་མི་འགྱུར་བ་དེའི་ཕྱིར། རྟོགས་པའི་སྟོབས་ཀྱིས་གཉི་ག་དངོས་སུ་སྒྲུབ་པར་བྱེད་པ་ཡིན་པ་ཉིད་ལ་རྟོགས་པ་མེད་ན་རྗེས་སུ་དཔོག་པར་བྱེད་པ་ཉིད་དུ་མཚུངས་པ་ངེས་ན་ཁྱད་པར་མེད་དོ། །དེས་ན་བརྡ་ཅི་ལྟ་བ་བཞིན་དོན་རྟོགས་པའི་ཕྱིར་ལུས་ཅན་མ་ཡིན་པ་ལ་སོགས་པ་ཡང་རྗོད་པར་བྱེད་པ་ཡིན་པས་འཇིག་རྟེན་མི་ལྡོག་པ་ཡིན་ནོ། །ལུས་ཅན་མ་ཡིན་པའི་སྒྲ་བསྡུ་བ་མི་ནུས་པ་མ་ཡིན་ཡང༌། གཞན་གྱི་བསྡུ་བ་མི་ནུས་པར་བརྟགས་པ་དེས་ན་སློབ་དཔོན་གྱིས་ཞར་ལ་སྒྲ་རྣམས་ལ་བཟང་པོ་ཉིད་ངེས་པར་སུན་ཕྱུང་བ་ཡིན་ནོ། །དེས་ན་ལུས་ཅན་མ་ཡིན་པ་ལ་སོགས་པའི་སྒྲས་བརྗོད་པར་བྱ་བ་རྣམ་པར་གཅད་པ་ཙམ་དེ་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉི་ག་ལ་ཡོད་པས་ཤེས་བྱ་ཡོད་པའི་རྒྱུས་གོ་བར་བྱེད་པར་ཅི་ལྟར་འགྱུར། གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་འཇུག་སྲིད་པ་དེའི་དོགས་པ་རྣམ་པར་ཆད་པ་སྟེ་ལོག་པའོ། །གོ་བར་བྱེད་པ་ཞེས་བྱ་བ་མི་མཐུན་པའི་ཕྱོགས་ལ་འཇུག་པའི་དོགས་པ་ཡང་འཆད་པས་ཐོབ་པར་བྱས་པ་གང་མ་ཡིན་པ་དེ་ཉིད་ལ་འཇུག་པར་ངེས་པའི་རྣམ་པར་གཅད་པ་ཙམ་གྱིས་ཅི་ལྟར་ཐོབ་པར་འགྱུར། རྣམ་པར་བཅད་པ་ཙམ་འབའ་ཞིག་ཐུན་མོང་ཡིན་པར་མ་ཟད་ཀྱི། འོན་ཀྱང་ཤེས་བྱ་ཉིད་ལ་སོགས་


DTG187_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྗོད་བྱ་ཉིད་དང་གཞལ་བྱ་ཉིད་ལ་སོགས་པའི་ཆོས་རྣམ་པར་གཅོད་པའི་རང་བཞིན་མ་ཡིན་པ་བསྒྲུབ་པའི་ངོ་བོ་ཉིད་དག་ཀྱང་ཐུན་མོང་བ་ཡིན་ནོ། །ཅི་ལྟར་དངོས་པོ་མེད་པ་ཤེས་བྱ་ཉིད་ཡིན་ཞེ་ན། དངོས་པོ་མེད་པ་དག་ལ་ཡང་ཞེས་སྨོས་སོ། །དངོས་པོ་འཛིན་པས་དངོས་པོ་མེད་པ་མི་འཛིན་དུ་ཆུག་ཀྱང་རྣམ་པར་རྟོག་པ་ཅན་གྱི་བློས་རྣམ་པར་འཇོག་པ་ཡིན་ནོ། །ཅི་ལྟར་ཞེས་བྱ་བ་ནི་སྒྲའི་ཐ་སྙད་དུ་རུང་བ་བརྟག་པའི་བདག་ཉིད་ཀྱིས་སོ། །དངོས་པོ་རྣམ་པར་འཇོག་པ་ལྷུར་ལེན་པའི་ཚད་མས་ནི་དངོས་པོ་མེད་པ་རྣམ་པར་གཞག་པར་བྱ་སྟེ། དེ་ལྟ་མ་ཡིན་ན་དེས་འཇུག་པའི་ཡན་ལག་ཉིད་རྣམ་པར་མ་བཞག་པར་འགྱུར་རོ། །དོན་གཞན་རྣམ་པར་བཅད་པ་མ་བྱས་པ་ནི་མངོན་པར་འདོད་པའི་དོན་ངེས་པ་མེད་པ་ཉིད་དུ་ཉེ་བར་གཞག་པ་མ་ཡིན་ནོ། །དེས་ན་ཆུ་མ་ཡིན་པ་རྣམ་པར་གཅོད་པར་བྱེད་པའི་ཚད་མས་ཆུ་འཇུག་པའི་ཡན་ལག་ཉིད་དུ་རྣམ་པར་འཇོག་པ་ཡིན་ནོ། །དེ་སྐད་དུ་དེ་ཡོངས་སུ་གཅོད་པར་བྱེད་ཅིང་དེ་ལས་གཞན་རྣམ་པར་གཅོད་པར་བྱེད་ལ། རྣམ་པ་གཞན་མེད་པར་ཡང་སྟོན་པར་བྱེད་དོ་ཞེས་བཤད་དོ། །དེས་ན་འདི་ནི་ཚད་མ་གཅིག་གི་བྱེད་པ་ཡིན་ནོ། །དེའི་ཕྱིར་དངོས་པོ་སྒྲུབ་པའི་ཚད་མས་དངོས་པོ་མེད་པ་ཡང་གཞལ་བྱར་བྱ་བ་ཡིན་ལ། དེས་ན་ཤེས་བྱ་དང་བརྗོད་བྱ་ཡང་ཡིན་ནོ། །དེས་ན་རྣམ་པ་དེ་ལྟ་བུའི་རང་བཞིན་གྱི་ཆོས་དག་ཀྱང་འདིས་བཤད་པ་ཡིན་ཏེ། འཁྲུལ་པར་བསྟན་པ་ཡིན་ནོ། །སྨྲ་བ་པོས་ཀྱང་འདི་ལྟ་བུའི་རང་བཞིན་ཅན་གྱི་ཆོས་གཏན་ཚིགས་སུ་བརྗོད་པར་མི་འོས་ལ། བརྗོད་ན་ཡང་རྟོགས་པ་དང་མི་ལྡན་པར་འགྱུར་རོ་ཞེས་སྟོན་པ་ནི། སྨྲ་བ་པོ་དེ་གཉི་གའི་ཆོས་སུ་སྨྲས་པས་གཉི་གའི་ཆོས་འདི་བསྒྲུབ་པར་བྱ་བ་ཡོད་པ་ལས་གཞན་ལ་ཡང་འཇུག་པར་བརྗོད་པ་ཡིན་ལ། གོ་བར་བྱེད་པ་ནི་མི་འཁྲུལ་བའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་གོ་བར་བྱེད་པ་ཉིད་དུ་ཁས་བླངས་པས། དེ་ཉིད་འདི་མ་འཁྲུལ་བ་ཡང་བརྗོད་པ་ཡིན་པ་དེའི་ཕྱིར་ཅི་ལྟར་བསྙོན་པ་ཡིན་ཏེ། འགལ་བ་བརྗོད་པའི་ཕྱིར་རོ། །འདི་སྙམ་དུ་གཉི་གའི་ཆོས་ཡིན་པ་ལ་འགའ་ཞིག་


DTG187_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུལ་བར་འགྱུར་ཏེ། གང་གི་ཕྱིར་གཏན་ཚིགས་ཀྱི་འཁྲུལ་པ་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པས་ཡིན་ནོ། །མི་མཐུན་པའི་ཕྱོགས་ལ་འཇུག་པས་འཁྲུལ་བ་གང་ཡིན་པ་དེ་ལས་ཅིར་འགྱུར་ཞེ་ན། སྨྲས་པ། དེས་ན་ཕྱོགས་དང་མཐུན་པའི་ཕྱོགས་གང་ཡང་རུང་བ་དང༌། ངས་ཁས་བླངས་པ་ལ་སོགས་པའི་ཆོས་དག་ནི་མི་མཐུན་པའི་ཕྱོགས་ལ་མི་འཇུག་པའི་རྒྱུའི་ཕྱིར་རོ། །རྟག་པ་དང་མི་རྟག་པ་གཉི་གའི་ཆོས་ཡིན་ཡང་མ་ངེས་པ་ཉིད་ཀྱི་སྐྱོན་མེད་དོ། །འདི་ལྟར་གང་གི་ཚེ་རྟག་པ་ཉིད་སྒྲུབ་པ་དེའི་ཚེ་ནམ་མཁའ་ལ་སོགས་པ་རྟག་བ་མཐུན་པའི་ཕྱོགས་གང་ཡིན་པ་དེའི་ཚེ་ཕྱོགས་དང་མི་མཐུན་པའི་ཕྱོགས་གང་ཡང་རུང་བ་ཉིད་མི་མཐུན་པའི་ཕྱོགས་ལ་མི་འཇུག་གོ །མི་རྟག་པ་བསྒྲུབ་པ་ལ་ཡང་དེ་བཞིན་ནོ། །འདི་སྙམ་དུ་གཉི་གར་ཡང་ཕྱོགས་སུ་གྱུར་པའི་སྒྲ་ཡང་ཡིན་པ་དེ་ཉིད་རྟག་གམ་མི་རྟག་ཐེ་ཚོམ་ཟ་བས་ཕྱོགས་དང་མཐུན་པའི་ཕྱོགས་གང་རུང་ཉིད་དེ་ལ་འཇུག་པ་ནི་འཁྲུལ་པར་རྟོགས་པ་ཡིན་ནོ་སྙམ་ན། སྨྲས་པ། ཕྱོགས་ཉིད་ནི་གཏན་ཚིགས་འཁྲུལ་པའི་ཡུལ་མ་ཡིན་ནོ། །ཐེ་ཚོམ་ཟ་བ་དེ་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཚེ་མི་མཐུན་པའི་ཕྱོགས་ཉིད་དུ་ངེས་པ་མེད་ལ། མི་མཐུན་པའི་ཕྱོགས་སུ་ངེས་པ་གང་ཡིན་པ་དེ་ལ་ནི་མི་འཇུག་པ་ཉིད་དོ། །དེས་ན་དེ་ནི་འཁྲུལ་པའི་ཡུལ་མ་ཡིན་ནོ། །ཅིག་ཤོས་ནི་འདིའི་མི་མཐུན་པའི་ཕྱོགས་སུ་འདོད་པ་ཅི་ལྟ་བུ་ཞིག་ཡིན། ཅི་དངོས་པོ་ལ་བསྒྲུབ་བྱ་མེད་པ་ཡིན་ནམ། འོན་ཏེ་སྐྱེས་བུས་བརྟགས་པ་ཡིན། གལ་ཏེ་དངོས་པོ་ཡིན་ན་སྐྱེས་བུའི་འདོད་པས་ཕྱོགས་སུ་བྱས་ཀྱང༌། དངོས་པོ་གནས་བས་བསྒྲུབ་བྱ་མེད་པ་དང་ལྡན་པས་ཕྱོགས་འཁྲུལ་པའི་ཡུལ་ཉིད་པས། ཕྱོགས་ཉིད་ནི་འཁྲུལ་པའི་ཡུལ་མ་ཡིན་ནོ་ཞེས་ཅི་ལྟར་སྨྲ། འོན་ཏེ་སྐྱེས་བུའི་འདོད་པས་བརྟགས་པའི་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གཞན་མི་མཐུན་པའི་ཕྱོགས་ཡིན་ན། དེའི་ཚེ་གཏན་ཚིགས་ཀྱི་མི་འཁྲུལ་པ་དངོས་པོ་པར་མི་འགྱུར་ཞིང་རྗེས་སུ་དཔག་པ་ཚད་མར་ཡང་མི་འགྱུར་རོ་ཞེས་


DTG187_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཐམས་ཅད་དུ་ཐལ་བར་བསྟན་པའི་ཕྱིར། འདིར་གང་ཞིག་ཅེས་ཕ་རོལ་ལ་འདོད་པ་མི་མཐུན་པའི་ཕྱོགས་འདྲིའོ། །ཅིག་ཤོས་ཀྱིས་བསྒྲུབ་པར་བྱ་བ་མེད་པའོ་ཞེས་སྨྲས་སོ། །དངོས་པོ་ཉིད་ཀྱི་བསྒྲུབ་བྱ་མེད་པ་གཟུང་ནས་སྨྲས་པ། འོ་ན་ཅི་ལྟར་དངོས་པོའི་གནས་པས་བསྒྲུབ་བྱ་ལས་བཟློག་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་མི་འཇུག་པ་ཕུང་པོ་གཅིག་ཏུ་ངེས་པ་གཉི་གའི་ཆོས་སུ་འགྱུར། གང་གི་ཕྱིར་གང་གིས་མི་མཐུན་པའི་ཕྱོགས་ལ་མི་འཇུག་པའི་ཕྱིར་མི་འཁྲུལ་པ་ཡང་ཡིན་ལ་དངོས་པོ་ལ་ནི་གཉི་གའི་ཆོས་སུ་འགྱུར་བ། གཏན་ཚིགས་ཀྱིས་མི་འཁྲུལ་པ་ཕྱོགས་དང་མཐུན་པའི་ཕྱོགས་ཀྱི་རྣམ་པར་དབྱེ་བ་ལ་ལྟོས་པ་ནི་མ་ཡིན་ནོ། །ཅི་ལྟར་མི་ལྟོས་ཤེ་ན། དངོས་པོར་གནས་པ་ཡིན་པའི་ཕྱིར་རོ། །ཕྱོགས་དང་མི་མཐུན་པའི་ཕྱོགས་ནི་སྐྱེས་བུའི་འདོད་པས་བྱས་པ་ཡིན་ཏེ། དེ་ལ་ལྟོས་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་ལ་ལྟོས་ནས་ནི་མི་འཁྲུལ་བ་བརྟགས་པས་ན་སྐྱེས་བུའི་འདོད་པས་བྱས་པར་འགྱུར་གྱི་དངོས་པོར་ནི་མ་ཡིན་ནོ། །གང་གི་ཚེ་འཁྲུལ་པའི་ཡུལ་ཕྱོགས་སུ་མ་བྱས་པ་དེ་ཉིད་ཀྱི་ཚེ་འཁྲུལ་བར་འགྱུར་རོ། །འོ་ན་དངོས་པོ་ཡང་ཅི་ལྟར་ཞེ་ན། གང་གི་ཕྱིར་རྣམ་པར་གཞག་པས་ཕྱོགས་དང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་སོ་སོར་རྣམ་པར་གཞག་ནས་ཕྱོགས་མ་གཏོགས་པའི་བྱས་པ་མི་རྟག་པ་ཡིན་ནོ་ཞེས་ཕྱོགས་མ་གཏོགས་པའི་ཡུལ་ལ་ཁྱབ་པ་བསྟན་པར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ལྟར་འགྱུར་ཞེ་ན། སྐྱེས་བུས་བྱས་པའི་ཕྱོགས་དང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་དབྱེ་བ་ལ་མི་ལྟོས་པར་དངོས་པོའི་སྟོབས་ཀྱིས་འོངས་པའི་ཁྱབ་པ་ཉིད་ཚད་མས་བསྟན་པར་བྱ་བ་ཡིན་ནོ། །དེ་ཅི་འདྲ་བ་ཞིག་ཅེ་ན། ཕྱོགས་སམ་གཞན་ཡང་རུང་སྟེ་བྱས་པ་ཐམས་ཅད་དོ། །ཐམས་ཅད་ཀྱི་སྒྲ་ནི་མ་ངེས་པའི་དོན་ཏེ། བྱས་པ་ཐམས་ཅད་མི་རྟག་པ་ཡིན་ནོ་ཞེས་དེ་ལྟར་ཚད་མས་བསྟན་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། དེ་ལྟར་གྲུབ་ན་ཞེས་སྨོས་ཏེ་བྱས་པ་ཙམ་མི་རྟག་པར་གྲུབ་པ་ཡིན་ན་བྱས་པ་ཞེས་བྱ་བའི་ཆོས་


DTG187_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གོ་བར་བྱེད་པར་འགྱུར་གྱི། གཞན་ཕྱོགས་ལས་གཞན་དག་ལ་ཁྱབ་པ་གྲུབ་ན་ནི་གོ་བར་བྱེད་པ་མ་ཡིན་ནོ། །གང་གི་ཕྱིར་གང་ཞིག་བསྒྲུབ་པར་འདོད་པ་དེ་ཕྱོགས་ཡིན་ལ། དེ་ཡང་རང་གི་འདོད་པས་དེ་ལྟར་ཕྱོགས་སུ་བྱེད་པས་གཏན་ཚིགས་མི་འཁྲུལ་བར་སྒྲུབ་པའི་དོན་དུ་འཁྲུལ་པའི་ཡུལ་ཐམས་ཅད་ཕྱོགས་སུ་བྱེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདོད་པའི་མཚན་ཉིད་ཀྱི་སྐྱེས་བུའི་འཇུག་པ་ནི་དངོས་པོའི་གཞན་གྱི་དབང་མ་ཡིན་པའི་ཕྱིར་རོ། །གང་གིས་བཟློག་པའི་དོན་ཡང་རྣམ་པ་གཞན་དུ་སྒྲུབ་པར་འདོད་པར་མི་འགྱུར་བ། སྐྱེས་བུའི་འདོད་པ་ནི་དངོས་པོ་ཅི་ལྟ་བ་ཉིད་མ་ཡིན་ནོ། །དེ་དང་འདྲ་བའི་མི་མཐུན་པའི་ཕྱོགས་ལས་གཞན་དུ་བསྒྲུབ་བྱས་ཁྱབ་པའི་ཆོས་དེ་ལྟ་བུ་ནི་མ་ངེས་པ་ཡིན་པས་གོ་བར་བྱེད་པ་མ་ཡིན་ནོ། །གལ་ཏེ་གང་དུ་བསྒྲུབ་པར་བྱ་བའི་ཆོས་ལ་མངོན་སུམ་རྗེས་སུ་དཔག་པས་གནོད་པ་དེ་འཁྲུལ་པའི་ཡུལ་ཡིན་ལ། དེ་ཡང་ཕྱོགས་ལྟར་སྣང་བ་ཡིན་གྱི་ཕྱོགས་ནི་མ་ཡིན་ནམ། དེ་ཅི་ལྟར་ན་གང་གིས་ཐལ་བ་འདིར་འགྱུར་བ་ཕྱོགས་འཁྲུལ་བའི་ཡུལ་ཡིན་ཞེ་ན། བཤད་པ། རྗེས་སུ་དཔག་པའི་ཡུལ་ལ་ནི་མངོན་སུམ་ལ་སོགས་པས་གནོད་པ་ཡོད་པ་མ་ཡིན་ནོ། །ཚུལ་གསུམ་དང་ལྡན་པའི་རྟགས་ཀྱི་ཡུལ་ནི་རྗེས་སུ་དཔག་པའི་ཡུལ་ཡིན་ནོ། །ཕྱོགས་དང་མཐུན་པའི་ཕྱོགས་ཀྱི་རྣམ་པར་དབྱེ་བ་ལ་ལྟོས་ཏེ་མི་འཁྲུལ་པ་ཡིན་ནོ། །སྐྱེས་བུའི་འདོད་པས་འཁྲུལ་པའི་ཡུལ་ཕྱོགས་སུ་བྱས་པས་འཁྲུལ་པ་སྤངས་པའི་གཏན་ཚིགས་འདི་ཚུལ་གསུམ་དང་ལྡན་པ་ཉིད་ཡིན་ནོ། །ཅི་ལྟར་མི་གནོད་ཅེ་ན། ཚད་མ་ལ་ཚད་མ་གཞན་གྱིས་གནོད་ན་ཚད་མ་མ་ཡིན་པར་ཐལ་པའི་ཕྱིར་རོ། །གལ་ཏེ་གང་ལ་གནོད་པ་ཡོད་པ་དེ་ཉིད་ཚད་མ་ཡིན་པར་འགྱུར་གྱི། གང་ལ་གནོད་པ་མེད་པ་དེ་ནི་ཚད་མ་ཡིན་ནོ་ཞེ་ན། འདི་ལ་ལེའུ་གཉིས་པར་བཤད་ཟིན་ཏོ། །འདི་སྐད་བཤད་ཅེ་ན། ཚད་མའི་མཚན་ཉིད་དང་ལྡན་པར་གཅིག་ལ་གནོད་པ་སྲིད་ན་འཁྲུལ་པར་དོགས་པ་ལ་གནོད་པ་མེད་ཀྱང༌། དེའི་མཚན་ཉིད་སུན་བྱུང་བར་འགྱུར་


DTG187_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཡིད་བརྟན་དུ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཚད་མ་མ་ཡིན་པར་ཐལ་ལོ། །འདི་སྙམ་དུ་གནོད་པ་མེད་པའི་ཡུལ་ཅན་ཉིད་ཅེས་བྱ་བ་ཚུལ་གསུམ་ལས་གཞན་པའི་མཚན་ཉིད་འདོད་པ་དེས་ན་གང་གི་ཡུལ་ལ་གནོད་པ་དེ་རྗེས་སུ་དཔག་པའི་མཆན་ཉིད་དང་ལྡན་པ་མ་ཡིན་ན། དེ་ཅིའི་ཕྱིར་མཚན་ཉིད་དང་ལྡན་པ་ལ་གནོད་ན་ཞེས་བརྗོད་ཅེ་ན། བཤད་པ། གནོད་པ་མེད་པ་ཡང་མཚན་ཉིད་ཡིན་ན་ནི་གཏན་ཚིགས་དེའི་མཚན་ཉིད་མ་ངེས་པ་ཅན་དུ་འགྱུར་རོ། །འདི་ལ་གནོད་པ་མི་སྲིད་དོ་ཞེས་དེ་ལྟར་ནི་ངེས་ནུས་པ་མ་ཡིན་ལ། ཚད་མ་འགའ་ཞིག་ལས་གནོད་པ་མེད་པར་ངེས་ན་ཡང་དེ་ཉིད་ལས་བསྒྲུབ་བྱ་གྲུབ་པའི་ཕྱིར་གཏན་ཚིགས་དོན་མེད་པར་འགྱུར་རོ། །མཚན་ཉིད་མི་ངེས་པ་ཅན་ཡིན་ན་ཡང་དེ་གོ་བར་བྱེད་པ་མ་ཡིན་པའི་ཕྱིར། སྒྲུབ་པར་བྱེད་པ་གང་གི་དོན་དུ་མི་འཁྲུལ་པ་བསམ་པ་འགའ་ཡང་གང་གི་ཡང་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གང་གི་ཕྱིར་ཚུལ་འདིས་ཕྱོགས་ལས་གཞན་ལ་ཁྱབ་པ་སྒྲུབ་ན་གོ་བར་བྱེད་པ་མ་ཡིན་པ་དེའི་ཕྱིར་དངོས་པོ་ལ་ཚད་མས་གང་ཞིག་གང་གིས་ཁྱབ་པའམ་མ་ཁྱབ་པ་དེ་ཉིད་དེའི་གོ་བར་བྱེད་པའམ། གོ་བར་བྱེད་པ་མ་ཡིན་པ་དེའི་ཕྱིར། སྐྱེས་བུའི་འདོད་པས་དངོས་པོའི་ཆོས་དངོས་པོ་ལ་འཁྲུལ་པ་མེད་པ་ཉིད་རྣམ་པར་གནས་པ་མ་ཡིན་ཏེ། ཐམས་ཅད་གོ་བར་བྱེད་པར་ཐལ་བའི་ཕྱིར་རོ། །ངེད་ཀྱི་ལྟར་ན་དེ་ལྟར་འགའ་ཞིག་གོ་བར་བྱེད་པ་ཡིན་ནོ། །ཕྱོགས་དང་མཐུན་པའི་ཕྱོགས་རྣམ་པར་དབྱེ་བས་ཁྱབ་པ་སྨྲ་བ་གང་ཡིན་པ་དེ་དག་གི་ལྟར་ན། གང་གི་ཚེ་འཁྲུལ་པའི་ཡུལ་ཕྱོགས་སུ་བྱེད་པ་དེའི་ཚེ། འཁྲུལ་པ་མེད་ལ་གང་གི་ཚེ་ཕྱོགས་སུ་མི་བྱེད་པ་དེའི་ཚེ། སྒྲུབ་པར་བྱེད་པ་ངེས་བསྒྲུབ་པར་བྱ་བ་ལ་འཁྲུལ་ལོ་ཞེས་དངོས་པོ་ཉིད་དུ་སྨྲ་ནའོ། །ཤིན་དུ་དག་པ་ཞེས་བྱ་བ་ནི་བཞད་གད་དུ་བྱེད་པའོ། །དེ་ལྟར་གཉི་གའི་ཆོས་མ་ངེས་པར་བསྟན་ནས། མེད་པའི་ཆོས་འགལ་བར་བརྗོད་པའི་ཕྱིར་བཤད་པ། མེད་པའི་ཆོས་བརྗོད་ན་ནི་འདིའི་གཏན་ཚིགས་འགལ་བར་འགྱུར་རོ། །ཅི་འདྲ་བ་ཞིག་ཅེ་ན། རྣམ་པར་བཅད་པའོ། །གལ་ཏེ་རྣམ་པར་བཅད་པ་གཉི་གའི་ཆོས་ཀྱང་


DTG187_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མ་ཡིན་ནམ་ཞེ་ན། བཤད་པ། དངོས་པོ་ཉིད་ལ་དངོས་པོ་ཙམ་ཁྱབ་པའི་དོན་རྣམ་པར་བཅད་པའོ། །འདི་འདྲ་བའི་རྣམ་པར་བཅད་པ་ནི་དངོས་པོ་མེད་པ་ལ་ངེས་པ་ཡིན་ཏེ། རྣམ་པར་བཅད་པ་དེ་ནི་དངོས་པོ་འགལ་ལ་ཡང་མི་སྲིད་པའི་ཕྱིར་དང༌། དངོས་པོ་མེད་པ་མཐའ་དག་ལ་ཡོད་པའི་ཕྱིར་འགལ་བ་ཉིད་ཡིན་ནོ། །དེའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་དང་གཉི་ག་དང་འབྲེལ་པའི་ཆོས་རྣམ་པ་འདི་གསུམ་ག་ཡང་ཡོད་པ་སྒྲུབ་པ་ལ་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པ་མ་ཡིན་ལ། ཆོས་རྣམ་པ་གསུམ་ལས་རྣམ་པ་གཞན་ཏེ། བྱེ་བྲག་གཞན་ཡང་མི་སྲིད་ངོ༌། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་ཡོད་པ་བསྒྲུབ་བྱ་མ་ཡིན་ནོ། །ཅི་སྟེ་སྒྲུབ་པར་བྱེད་པ་ཉིད་ཡིན་ན་ཅི་ལྟར་སྐྱོན་མེད་ཅེ་ན། དེ་ཙམ་ཞེས་བྱ་བ་ཡོད་པ་ཙམ་ཁྱབ་པ་སྐད་ཅིག་མ་ཉིད་ལ་སོགས་པ་ཡོད་པའི་ཆོས་བསྒྲུབ་པར་བྱ་བ་ལ་ཡོད་པ་འདི་སྒྲུབ་པར་བྱེད་པ་ཉིད་ཡིན་པ་ལ་ནི་ཡོད་པར་གྲུབ་པའི་ཆོས་ཅན་ལ་སྤྱིའི་ཚུལ་གྱིས་མ་གྲུབ་པ་མ་ཡིན་ལ། གལ་ཏེ་ཡོད་པ་ཙམ་དེ་དངོས་པོ་ཙམ་ཁྱབ་པའི་བསྒྲུབ་པར་བྱ་བའི་ཆོས་དེས་ཁྱབ་པ་ཚད་མས་རྣམ་པ་ཅི་ཞིག་ལྟར་ངེས་ན་དེའི་ཚེ་འགལ་བ་མ་ཡིན་ནོ། །གལ་ཏེ་ཡང་བཟློག་པས་ཁྱབ་པ་གྲུབ་པ་ཉིད་འགལ་བ་ཡིན་གྱི། དེ་མ་གྲུབ་པས་འགལ་བ་མ་ཡིན་པ་དེ་ལྟ་ན་ཡང་ཁྱབ་པ་མ་གྲུབ་པ་ལ་འགལ་བར་དོགས་ཀྱི། གྲུབ་པ་ལ་མ་ཡིན་པ་དེས་ན་ཁྱབ་པ་གྲུབ་ན་འགལ་བ་མ་ཡིན་ནོ། །མི་མཐུན་པའི་ཕྱོགས་ལས་ལྡོག་པར་ཐེ་ཚོམ་ཟ་བ་ནི་ཁྱབ་པ་མ་གྲུབ་པ་ཙམ་གྱི་རྒྱུ་མཚན་ཅན་ཡིན་པས། དེ་གྲུབ་ན་ལྡོག་པ་ཁོ་ན་ཡིན་པ་དེས་ན་མ་ངེས་པ་ཡང་མ་ཡིན་ནོ། །གང་གི་ཕྱིར་ཅི་ལྟར་གྲུབ་པར་བྱ་བ་ལྟར་ཡོད་པ་སྒྲུབ་པར་བྱེད་པ་ཡིན་པ་ལ་ནི་མ་གྲུབ་པ་དང་འགལ་བ་དང་མ་ངེས་པར་ཐལ་བ་མེད་དོ། །དེ་ལྟར་ཞར་ལས་འོངས་པ་རྫོགས་པར་བྱས་ནས། དཀྱུས་མ་ཉིད་མཇུག་བསྡུ་བའི་ཕྱིར་བཤད་པ། རྣམ་པ་འདི་གཉིས་ནི་གཏན་ཚིགས་ཡིན་ལ། དེ་ཉིད་རང་གིས་བསྒྲུབ་པར་བྱ་བ་ལས་བཟློག་པ་བསྒྲུབ་པར་བྱ་བ་ལ་འགལ་བ་ཡིན་གྱི་གཞན་ནི་འགའ་ཡང་མ་ཡིན་ནོ། །གོ་བར་བྱེད་པ་ཉིད་ནི་འབྲེལ་བ་སྔོན་དུ་འགྲོ་བ་ཅན་ཡིན་ལ། དེ་ཡང་


DTG187_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་དང་འགལ་བ་དག་ལ་ཁྱད་པར་མེད་པ་དེའི་ཕྱིར་གཏན་ཚིགས་འབྲེལ་བ་ཅི་འདྲ་བ་ཅན་ཡིན་པ་འགལ་བ་ཡང་དེ་དང་འདྲ་བ་ཅན་ཁོ་ནའོ་ཞེས་དེ་ལྟར་བསྟན་པའི་ཕྱིར་སློབ་དཔོན་ཕྱོགས་ཀྱི་ཆོས་རྣམ་པ་བཞི་བཤད་དོ། །དེ་དག་ཀྱང་སྔར་དཔེར་བརྗོད་པ་ཉིད་དོ། །ཁྱད་པར་སྲོག་ལ་སོགས་པ་དང་ལྡན་པ་དང༌། སྤྱི་གཞལ་བྱ་ཉིད་མ་ངེས་པ་ཡིན་ཡང་ངེས་པར་སྨྲ་བའི་ཕྱིར་རྒོལ་བ་བསལ་བའི་དོན་དུ་སློབ་དཔོན་གྱིས་གཉིས་གསུངས་ཏེ། མ་ངེས་པ་དེ་ཡང་གཏན་ཚིགས་ལྟར་སྣང་བ་འཆད་པའི་སྐབས་སུ་བབ་པ་ན་བཤད་པར་བྱའོ། །ལྡོག་པ་མི་མཐུན་པའི་ཕྱོགས་རྣམ་པར་གཅོད་པ་གཙོར་བསྒྲུབ་པའི་ཕྱིར་ཏེ། གཏན་ཚིགས་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་གོ་བ་ཉིད་ཀྱིས་སྒྲུབ་པར་བྱེད་པ་ཡིན་གྱི། བསྒྲུབ་བྱ་བསྒྲུབས་ནས་གཞན་ཟློག་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཕྱོགས་ཀྱི་ཆོས་རྣམ་པ་གསུམ་མོ། །ཅི་ལྟར་ཞེ་ན་འདི་ལྟར་ཞེས་སྨོས་ཏེ། རྗེས་སུ་འགྲོ་བ་ཉིད་ཀྱི་སྒོ་ཐབས་དེས་ནི་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་གཏན་ཚིགས་ལས་རྩོལ་བ་ལས་བྱུང་བ་མ་ཡིན་པ་ཉིད་མི་རྟོགས་པའི་ཕྱིར་རོ། །མི་རྟག་པ་དེ་ནི་རྩོལ་བ་ལས་མ་བྱུང་བ་བསྒྲུབ་པ་ན་གློག་ལ་སོགས་པ་ལ་མཐོང་བ་ཉིད་དོ། །གལ་ཏེ་རྗེས་སུ་འགྲོ་བའི་སྒོ་ནས་གོ་བར་བྱེད་པ་ཡིན་ན་མི་རྟག་པ་ཉིད་ཀྱང་གོ་བར་བྱེད་པར་འགྱུར་རོ། །མི་རྟག་པ་ཉིད་འདི་ལས་ནི་བསྒྲུབ་བྱ་རྟོགས་པར་མི་འགྱུར་ཏེ། གང་གི་ཕྱིར་ལྡོག་པ་དང་ལྷན་ཅིག་པའི་རྗེས་སུ་འགྲོ་བ་གོ་བར་བྱེད་པ་ཡིན་ན། འདི་ལ་ནི་ལྡོག་པ་མེད་པས་རྗེས་སུ་འགྲོ་བ་འབའ་ཞིག་ཡིན་པའི་ཕྱིར་ཞེས་དོགས་པ་ལ། དཔེར་བརྗོད་པ་གཞན་ཉེ་བར་བཀོད་དོ། །འོ་ན་རེག་པར་བྱ་བ་མ་ཡིན་པའི་ཕྱིར་སྒྲ་རྟག་གོ་ཞེས་བྱ་བ་འདི་ལ་བསྒྲུབ་བྱ་རྟོགས་པར་ཡོད་པར་འགྱུར་རོ། །རེག་པར་བྱ་བ་མ་ཡིན་པ་ཉིད་ནི་མི་རྟག་པ་ལ་སོགས་པ་དག་ལས་ལོག་པ་ཡིན་གྱི། མི་རྟག་པ་ཉིད་ལྟ་བུར་ནི་མ་ཡིན་ནོ། །འདི་སྙམ་དུ་འདི་ལ་ཡང་གཏན་ཚིགས་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་འཇུག་པའི་ཕྱིར་རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་ཏེ། དེས་ན་རྟོགས་པ་མེད་པ་ཡིན་ནོ་ཞེས་དོགས་ན་


DTG187_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་བརྗོད་པ་གཞན་ཉེ་བར་བཀོད་དེ། འོ་ན་ནི་འདིར་མཐུན་པའི་ཕྱོགས་མཐའ་དག་ལ་ཁྱབ་པའི་ཕྱིར་རྗེས་སུ་འགྲོ་བ་སྟོབས་དང་ལྡན་ཞིང༌། མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་འགའ་ཞིག་ལ་ལྡོག་པ་མཐོང་བའི་ཕྱིར་ལྡོག་པ་སྟོབས་ཆུང་བ་ཡིན་ནོ། །བརྩལ་མ་ཐག་ཏུ་བྱུང་བ་ཉིད་བསྒྲུབ་བར་བྱ་བ་ལ་མི་རྟག་པ་ཉིད་མཐུན་པའི་ཕྱོགས་མཐའ་དག་ལ་ཡོད་པ། མི་མཐུན་པའི་ཕྱོགས་ཀྱི་ནི་ཕྱོགས་གཅིག་ནམ་མཁའ་ལ་སོགས་པ་ལས་ལྡོག་པ་ཡིན་ནོ། །འདི་སྙམ་དུ་འདིར་ཡང་རྟོགས་པར་མི་འགྱུར་ཏེ། གང་གི་ཕྱིར་མི་མཐུན་པའི་ཕྱོགས་མཐའ་དག་ལས་ལྡོག་པ་མེད་པའི་ཕྱིར་རོ་ཞེ་ན། གལ་ཏེ་གཏན་ཚིགས་མི་མཐུན་པའི་ཕྱོགས་མཐའ་དག་ལས་ལྡོག་པ་ཡིན་པ་དེ་ལྟ་ན་ནི་འོན་གང་འགའ་ཞིག་བྱས་པ་དེ་ནི་མི་རྟག་པ་ཉིད་དེ། རྟག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དག་འདིས་ལྡོག་པའི་དོན་ཅི་འདྲ་བ་བཞིན་བརྗོད་པ་དེ་འདྲ་བ་ཁོ་ན་བསྒྲུབ་བྱ་རྟོགས་པའི་དུས་སུ་ཆོས་ཅན་ལ་ཡོད་པར་ངེས་པ་གཏན་ཚིགས་སུ་འདོད་པར་འགྱུར་ལ། དེ་ལྟ་ཡིན་ན་ནི་མི་མཐུན་པའི་ཕྱོགས་རྣམ་པར་བཅད་པའི་རྒྱུས་གོ་བར་བྱེད་པ་ཉིད་དུ་འདོད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་མི་མཐུན་བའི་ཕྱོགས་རྣམ་པར་བཅད་པ་མེད་ན། མི་མཐུན་པའི་ཕྱོགས་མཐའ་དག་ལས་ལྡོག་པར་བསྟན་པར་མི་ནུས་པའི་ཕྱིར་རོ། །འདི་ལྟར་བསྒྲུབ་བྱ་རྟོགས་པར་བྱེད་པའི་དུས་སུ་མི་མཐུན་པའི་ཕྱོགས་མཐའ་དག་ལས་ལྡོག་བར་ངེས་པ་གོ་བར་བྱེད་པར་འདོད་པ་ཡིན་ན། སྒྲ་དང་ས་ཕྱོགས་ལ་སོགས་པའི་ཆོས་ཅན་ལ་རྟག་པ་དང་མེ་མེད་རྣམ་པར་བཅད་པ་མ་བྱས་པར་ནི་མི་མཐུན་པའི་ཕྱོགས་མཐའ་དག་ལས་ལོག་པར་ངེས་པར་མི་འགྱུར་རོ། །སྒྲ་དང་ས་ཕྱོགས་ལ་སོགས་པ་དེ་ཉིད་མི་མཐུན་པའི་ཕྱོགས་ཡིན་པར་ཐེ་ཚོམ་ཟ་ལ། མི་མཐུན་པའི་ཕྱོགས་ཀྱི་དངོས་པོར་ཐེ་ཚོམ་ཟ་བའི་ཆོས་ཅན་དེ་ལ་གཏན་ཚིགས་འཇུག་པ་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པར་དོགས་པ་ཡིན་ནོ། །དེའི་ཕྱིར་གལ་ཏེ་རྟོགས་པ་པོས་མཐོང་བ་དེར་མི་མཐུན་པའི་ཕྱོགས་རྣམ་པར་བཅད་པ་ཉིད་བྱས་བས་བསྒྲུབ་བྱ་གོ་བར་བྱེད་བ་དེ་ལྟ་ན། གཏན་ཚིགས་མི་མཐུན་


DTG187_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་མཐའ་དག་ལས་ལྡོག་པར་བསྟན་པར་འགྱུར་རོ། །གལ་ཏེ་ཅི་ལྟར་རྟག་པ་རྣམ་པར་བཅད་ནས་དེ་རྣམ་པར་བཅད་པར་མི་རྟག་པའི་རང་བཞིན་རྟོགས་པ་དེ་བཞིན་དུ་མི་རྟག་པ་ཉིད་རྟོགས་ན་ཤུགས་ཀྱིས་རྟག་པར་མི་རྟོགས་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་གནས་སྐབས་གང་དུ་མི་རྟག་པ་ཉིད་སྒྲུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་དེའི་ཚེ་ཤུགས་ཀྱིས་གོ་བར་བྱ་བ་མི་མཐུན་པའི་ཕྱོགས་རྣམ་པར་བཅད་པ་མི་རྟོགས་སོ། །དེ་མ་རྟོགས་ན་ཡང་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་ལྡོག་པར་ཐེ་ཚོམ་ཟ་བས། སྒྲ་དང་ས་ཕྱོགས་ལ་སོགས་པའི་ཆོས་ཅན་ལ་མི་རྟག་པ་ཉིད་ལ་སོགས་པར་ངེས་པ་ཉེ་བར་སྡུད་པར་ཅི་ལྟར་འགྱུར། དེའི་ཕྱིར་གལ་ཏེ་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་དེ་ལྟར་ན་མི་རྟག་པ་ཉིད་དུ་ངེས་པ་ཉེ་བར་སྡུད་པར་ནུས་པ་ཡིན། མི་མཐུན་པའི་ཕྱོགས་རྣམ་བར་བཅད་པ་ཉིད་བསྒྲུབ་བྱའི་ཆོས་ཅན་ལ་བྱས་པས་གང་ན་འདི་ཡོད་པ་དེ་ནི་མི་མཐུན་པའི་ཕྱོགས་ཀྱི་དྲི་ཙམ་ཡང་མེད་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པར་རྟོགས་པར་འགྱུར་བ་ཡིན་ནོ། །དེས་ན་བསྒྲུབ་པའི་ཤུགས་ཀྱིས་མི་མཐུན་པའི་ཕྱོགས་རྣམ་པར་བཅད་པར་བྱ་བ་ཡིན། སྒྲུབ་པར་རྟོགས་པ་ཉིད་དུ་མི་འགྱུར་ཏེ། གཏན་ཚིགས་མ་ངེས་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་བཅད་པན་ཡིད་རྟོགས་ན་ནི་མི་མཐུན་པའི་ཕྱོགས་མཐའ་དག་ལས་ལྡོག་པར་ངེས་པས་གཏན་ཚིགས་ཉམས་པ་མེད་པ་ཉིད་དོ། །དེས་ན་རྗེས་སུ་འགྲོ་བ་འདི་ཡོད་པ་ཙམ་གྱིས་བསྒྲུབ་བྱ་རྟོགས་པ་མ་ཡིན་ཏེ། མི་རྟག་པ་ཉིད་ལས་རྩོལ་བ་ལས་བྱུང་བ་མ་ཡིན་པ་ཉིད་མི་རྟོགས་པའི་ཕྱིར་རོ། །མཉམ་པས་ཀྱང་མ་ཡིན་ཏེ། རེག་པར་བྱ་བ་མ་ཡིན་པ་ཉིད་ལས་མི་རྟག་པ་ཉིད་མི་རྟོགས་པའི་ཕྱིར་རོ། །གཙོ་ཆེ་བས་ཀྱང་མ་ཡིན་ཏེ། མི་རྟག་པ་ཉིད་ལ་རྩོལ་བ་ལས་བྱུང་བ་ཉིད་མི་རྟོགས་པའི་ཕྱིར་རོ། །དེ་བཞིན་དུ་ཁྱད་པར་བྱེད་པ་མ་ཡིན་པས་ན་རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་ཡང་ལོག་པའི་ཁྱབ་པ་ཡོད་ན་རྟོགས་པ་ཡོད་པ་ཡིན་ནོ། །དཔེར་ན་ཞེས་བྱ་བ་ནི་དཔེར་བརྗོད་པ་སྟོན་པའོ། །འདིར་ནི་རྩོལ་བ་ལས་བྱུང་བ་


DTG187_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མཐུན་པའི་ཕྱོགས་གཅིག་ལ་ཡོད་པ་ཡིན་ཡང༌། འདིའི་ལྡོག་པས་མི་མཐུན་པའི་ཕྱོགས་ཁྱབ་པའི་ཕྱིར་གོ་བར་བྱེད་པ་ཉིད་དུ་མཐོང་ངོ༌། །གང་གི་ཕྱིར་རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་བ་དང༌། ལྡོག་པས་མི་མཐུན་བའི་ཕྱོགས་ཁྱབ་པའི་གཏན་ཚིགས་གོ་བར་བྱེད་པ་ཡིན་པ་དེའི་ཕྱིར། དེ་ལྟར་ཞེས་བྱ་བ་དེ་ལྟ་བུ་ཉིད་དུ་ཤེས་པ་གཏན་ཚིགས་ཡིན་ནོ། །ཅི་ལྟར་ཤེས་པ་ཞེ་ན། གང་རྩོལ་བ་ལས་བྱུང་བ་དེ་ནི་མི་རྟག་པ་ཉིད་དོ་ཞེས་མི་མཐུན་པའི་ཕྱོགས་མཐའ་དག་ལས་ལྡོག་པ་མཐུན་པའི་ཕྱོགས་ལ་གཅིག་ཏུ་ངེས་པར་རོ། །དེ་ལྟ་བུ་གཏན་ཚིགས་ཡིན་བས་ན་རྟག་པ་རྣམ་བར་བཅད་པ་ཉིད་ཀྱི་རྒྱུས་གཏན་ཚིགས་མི་རྟག་པ་གོ་བར་བྱེད་པ་ཡིན་གྱི། སྒྲུབ་པའི་སྒོ་ནས་ནི་མ་ཡིན་ནོ། །གལ་ཏེ་མི་མཐུན་པའི་ཕྱོགས་མཐའ་དག་ལས་ལྡོག་པར་ངེས་པའི་གཏན་ཚིགས་གོ་བར་བྱེད་པ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་ཅི་ལྟར་རྟག་པ་རྣམ་པར་བཅད་པའི་སྒོ་ནས་གོ་བར་བྱེད་པ་ཡིན་ཞེ་ན། བཤད་པ། ལྡོག་པ་རྟོགས་ན་ངག་འདིའི་ནུས་པ་ཞེས་བྱ་བའི་དོན་འབྲེལ་པ་ཉིད་གང་ཡིན་པ་དེ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དག་འདིའི་དོན་ནི་གཏན་ཚིགས་མི་མཐུན་པའི་ཕྱོགས་མཐའ་དག་ལས་ལྡོག་པ་ཡིན་ལ། དེ་ནི་ལྡོག་པ་རྟོགས་པར་གྱུར་ན་འབྲེལ་པ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། །དེ་འདྲ་བའི་ལྡོག་པ་དེ་ཡང་སྒྲ་ལ་རྟག་པ་ཉིད་རྣམ་པར་བཅད་པ་ཡིན་ན་འགྱུར་ལ། སྦྱོར་བ་གཞན་ལ་ནི་མེ་མེད་པ་རྣམ་པར་བཅད་པ་ཡིན་ན་འགྱུར་རོ། །དེའི་ཕྱིར་སྒྲ་དང་ས་ཕྱོགས་སུ་རྟག་པ་དང་མེ་མེད་རྣམ་པར་བཅད་པ་བྱས་པ་གཏན་ཚིགས་མི་མཐུན་པའི་ཕྱོགས་མཐའ་དག་ལས་བཟློག་པ་དང་ལྡན་པར་ཤེས་པ་དེ་ལྟ་ན་གོ་བར་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །སྒྲུབ་པ་གོ་བར་བྱ་བ་ཡིན་ན་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་མི་མཐུན་པའི་ཕྱོགས་སུ་དོགས་པས་མི་མཐུན་པའི་ཕྱོགས་ལ་འཇུག་པར་དོགས་པ་ནི་མི་མཐུན་པའི་ཕྱོགས་མཐའ་དག་ལ་ལྡོག་པར་མི་ངེས་པར་འགྱུར་རོ། །ཅིག་ཤོས་ཀྱིས་ལན་སྨྲས་པ་ནི། རྟག་པ་ཉིད་ལ་སོགས་པ་དེ་དག་ལས་ཐ་དད་པ་ཙམ་ནི་སྒྲ་དང་ས་ཕྱོགས་


DTG187_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་ཆོས་ཅན་དེ་ལ་གོ་བར་བྱ་བ་མ་ཡིན་ཏེ། ཐ་དད་པ་ཙམ་དེས་ནི་རྟོགས་པ་བོ་ལ་དོགས་པ་མེད་པའི་ཕྱིར་རོ། །འོན་ཀྱང་མི་རྟག་པ་ཉིད་ལ་སོགས་པའི་སྤྱི་དེ་ཉིད་མི་མཐུན་པ་དང་མ་འདྲེས་པ་མི་མཐུན་པའི་ཕྱོགས་རྣམ་པར་བཅད་པ་གོ་བར་བྱ་བ་ཡིན་ནོ། །བསམ་པ་ནི་འདི་ཡིན་ནོ། །སྒྲུབ་པས་རྟོགས་ན་ཤུགས་ཀྱིས་རྣམ་པར་བཅད་པར་འགྱུར་བ་དཀའ་བ་ཡིན་ནོ། །དེས་ན་འདི་ལ་འདི་ཉིད་ཡིན་གྱི་གཞན་ནི་མ་ཡིན་ཞེས་བསྒྲུབ་པ་དང་རྣམ་པར་གཅོད་པ་གཉི་གཅིག་ཅར་ཉིད་བྱ་བ་ཡིན་ཏེ། རྣམ་པར་གཅོད་པ་ཙམ་ལ་ནི་དོགས་པ་ཅུང་ཟད་ཀྱང་མེད་དོ་ཞེས་སྟོན་པ་ཡིན་ནོ། །གལ་ཏེ་དེ་དག་གདོན་མི་ཟ་བར་ཞེས་བྱ་བ་ལ། གལ་ཏེ་སྤྱི་མི་མཐུན་པ་ལས་རྣམ་པར་བཅད་པ་མ་རྟོགས་ན་མངོན་པར་འདོད་པའི་མི་རྟག་པ་ཉིད་ལ་སོགས་པའི་སྤྱི་དེ་ཉིད་ངེས་པར་མི་འགྱུར་ཏོ། ཐེ་ཚོམ་ཟ་བའི་ཕྱིར་རོ།། གཞན་རྣམ་པར་བཅད་པ་བྱས་ན་ཡང་དེ་རྣམ་པར་བཅད་པ་ཅིག་ཤོས་ཀྱིས་རང་བཞིན་ངེས་པ་ཉིད་རྟོགས་པའི་ཕྱིར་སྤྱི་གཞན་ངེས་པས་ཅི་ཞིག་བྱ་ཞེས་བསྟན་པའི་ཕྱིར་བཤད་པ། གལ་ཏེ་མེ་ལ་སོགས་པ་དེ་དག་གདོན་མི་ཟ་བར་མེ་ལས་ཐ་དད་པ་གཞན་དང་འདྲེས་པ་གང་ཡིན་པ་དེ་དང་བྲལ་བ་ཉིད་དུ་རྟོགས་པར་བྱ་བ་ཡིན་ན་འོ་ན་འདི་དག་གིས་མེད་བ་ལས་ཐ་དད་པ་དང་མ་འདྲེས་བ་དེ་ཉིད་གོ་བར་བྱ་བར་འགྱུར་མོད། གལ་ཏེ་མེ་མ་ཡིན་པ་རྣམ་པར་བཅད་པ་རྟོགས་ན། མེ་མ་རྟོགས་པ་ཉིད་དུ་འགྱུར་རོ་ཞེ་ན། བཤད་པ། གཞན་རྣམ་པར་བཅད་བ་རྟོགས་པ་དེ་ཙམ་གྱིས་མངོན་བར་འདོད་པའི་ཡུལ་ངེས་པའི་འབྲས་བུ་ཡོངས་སུ་རྫོགས་པའི་ཕྱིར་ཏེ་གྲུབ་པའི་ཕྱིར་རོ། །འདིར་མེ་ངེས་པར་བྱ་བ་ཡིན་ནོ། མེ་མ་ཡིན་པ་ནི་མེ་རྣམ་པར་བཅད་པ་ཡིན་ལ། མེ་མ་ཡིན་པ་རྣམ་པར་བཅད་པ་ཡང་མེ་ཡིན་པའི་ཕྱིར། མེ་མ་ཡིན་པ་རྣམ་པར་བཅད་པ་ངེས་ནས་མེ་ཉིད་ངེས་པར་འགྱུར་བ་ཡིན་ཏེ། རྣམ་པ་གཞན་མེད་པའི་ཕྱིར་རོ། །དེས་ན་མེ་ལ་སོགས་པ་དེ་དག་གི་མེ་མ་ཡིན་པ་རྣམ་པར་བཅད་པ་ཙམ་གོ་བར་བྱ་བ་མ་ཡིན་ཞེས་ཅི་ལྟར་བརྗོད། གལ་ཏེ་དེ་ལྟ་ན་འོན་ཡུ་བུ་ཅག་ཁྱད་ཅི་ཡོད། ཁྱོད་ཀྱིས་


DTG187_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མེ་མ་ཡིན་པ་ན་རྣམ་པར་བཅད་པ་ཞེས་བྱ་བ་མེ་དེ་གོ་བར་བྱ་བ་ཡིན་ལ། ངས་ཀྱང་དེ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། ཁྱོད་ཀྱིས་ནི་མེ་བསྒྲུབས་ནས་དེའི་ཤུགས་ཀྱིས་ཤེས་བ་གཞན་གྱིས་མེ་མ་ཡིན་བ་རྣམ་པར་གཅོད་པར་བྱ་བ་ཡིན་ལ། ངས་ནི་འཇུག་པ་གཅིག་གི་མེ་མ་ཡིན་པ་རྣམ་པར་བཅད་པའི་མེ་ཉིད་གོ་བར་བྱ་བ་ཡིན་ཏེ། མི་མཐུན་པའི་ཕྱོགས་མེད་བ་ནི་བསྒྲུབ་པར་བྱ་བ་ལས་གཞན་མ་ཡིན་པས་ཁྱད་པར་ཆེའོ། །འོན་ཀྱང་ཁྱོད་ཀྱིས་ཀྱང་མི་མཐུན་པའི་ཕྱོགས་རྣམ་པར་གཅོད་པ་གདོན་མི་ཟ་བར་བྱ་དགོས་པ་དེ་ཙམ་ལ་བརྟེན་ནས། གཞན་རྣམ་པར་གཅོད་པ་དེ་ཉིད་གོ་བར་བྱ་བ་ཡིན་མོད་ཅེས་དེ་སྐད་དུ་བརྗོད་པ་འབའ་ཞིག་ཏུ་ཟད་དོ། །ཁྱེད་ཀྱི་ལྟ་བ་དེ་ལྟར་ནི་གཞན་རྣམ་པར་གཅོད་པ་ཉིད་དུ་བྱ་མི་ནུས་ཏེ། འདི་ལྟར་ཅི་སྲིད་གཞན་རྣམ་པར་མ་བཅད་པ་དེ་སྲིད་དུ་ནི་སྒྲུབ་པ་དེ་ཉིད་མི་མཐུན་པ་དང་བྲལ་བ་མ་ཡིན་ལ། ཅི་སྲིད་དུ་སྒྲུབ་པ་མེད་པ་དེ་སྲིད་དུ་ཡང་གཞན་རྣམ་པར་གཅོད་པ་མེད་པ་དེའི་ཕྱིར་འདི་ཙམ་ཞིག་བརྗོད་དོ། །གལ་ཏེ་ཁྱོད་ཀྱིས་གཞན་རྣམ་བར་བཅད་པ་གདོན་མི་ཟ་བར་བྱ་བ་ཡིན་ན། དེ་ཉིད་ཀྱི་མེ་ལ་སོགས་པ་རྟོགས་ལ་རག་མོད། བར་དུ་རྣམ་པར་གཅོད་པ་དང༌། རྣམ་པར་བཅད་པ་དག་གི་དབུས་ན་གནས་པའི་སྤྱི་གཞན་རྟོགས་པ་ཅི་ཞིག་བྱ་སྒྲིབ་བྱེད་ལྟ་བུའི་སྤྱི་དེ་ནི་ཚོགས་ཀྱི་བར་ན་གནས་པའི་བར་གཅོད་ལྟ་བུ་ཡིན་པའི་ཕྱིར་དེས་ཅུང་ཟད་ཀྱང་བྱར་མེད་དོ་ཞེས་བྱ་བ་འདི་ནི་གདོན་མི་ཟ་བར་བྱ་བའི་ལྡོག་པ་སྒྲུབ་པས་སྟོན་པར་བྱེད་དོ། །དེའི་ཕྱིར་དེ་ལྟར་ཕྱོགས་ཀྱི་ཆོས་དགུ་བསྟན་པའི་ཞར་ལ་རང་བཞིན་དང་འབྲས་བུ་དང་མི་དམིགས་པ་གོ་བར་བྱེད་པ་རྣམ་པ་གསུམ་བཤད་པ་དེ་དག་ལས་གཞན་པའི་གོ་བར་བྱེད་པ་གཞན་དག་གིས་མཐོང་ནས་འོ་ན་ཞེས་སྨྲས་སོ། །འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་གང་ཡིན་པ་དེ་རང་བཞིན་དང་འབྲས་བུ་དང་མི་དམིགས་པ་གསུམ་གྱིས་ནང་དུ་ཅི་ལྟར་འདུས་ཏེ། འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་ནི་གཏན་ཚིགས་རྣམ་པར་གསུམ་གྱི་རྒྱུ་མཚན་ཅན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནུས་པའི་རྒྱུ་ལས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་གང་


DTG187_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ཞེས་བྱ་བ་ལ། འདིར་ནུས་པའི་རྒྱུ་ནི་ཅི་སྙེད་ཅིག་ཡུལ་གང་ན་གནས་བས་འབྲས་བུ་དེ་སྐྱེད་པར་མཐོང་བ་དེ་དག་རུང་བའི་ཡུལ་ན་གནས་པའི་ཚོགས་པ་ཡིན་གྱི། ཐ་མའི་གནས་སྐབས་སུ་གྱུར་པའི་ཚོགས་པ་ནི་མ་ཡིན་ཏེ། དེར་ནི་རྟགས་ཀྱི་རྗེས་སུ་འབྲང་བའི་སྔོན་རོལ་ཉིད་དུ་འབྲས་བུ་མངོན་དུ་གྱུར་པའི་ཕྱིར་དང་འབྲས་བུ་མངོན་སུམ་ཡིན་ན་ཡང་ཐ་མའི་གནས་སྐབས་ངེས་པར་མི་རུང་བའི་ཕྱིར་རོ། །འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་འདི་ནི་རང་བཞིན་གྱི་གཏན་ཚིགས་ཡིན་པར་བརྗོད་དོ། །ཅིའི་ཕྱིར་ཞེ་ན། དོན་གཞན་ལ་ནི་མི་ལྟོས་པའི་ཕྱིར་ཏེ། དེ་ཙམ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །ཅི་ལྟར་འབྲས་བུ་སྐྱེ་བ་གཞན་ལ་མི་ལྟོས་ཏེ། གང་གི་ཚེ་སྐད་ཅིག་མ་ཐ་མ་ལ་ལྟོས་པ་ཡིན་ནོ་ཞེ་ན། འདི་ཡང་ཞེས་སྨོས་ཏེ། འབྲས་བུ་སྐྱེད་པའོ། །ཅི་ལྟར་ཞེས་བྱ་བ་ནི་ཅི་འདྲ་བ་སྟེ། རྒྱུའི་ཚོགས་པ་ཅི་འདྲ་བ་ཞིག་ཉེ་བའི་ཉེ་བ་དེ་འདྲ་བ་ལས་དོན་གཞན་ལ་མི་ལྟོས་པས་ན། ངོ་བོའི་དེ་འདྲ་བ་ཙམ་དང་འབྲེལ་བའི་རང་བཞིན་ནོ། །འདིར་སྐད་ཅིག་ལ་བརྟེན་པ་ནི་མ་ཡིན་ལ། རྒྱུ་ནི་དེ་ཙམ་ཉིད་སྐྱེད་པར་བྱེད་པ་ཡིན་པ་དེའི་ཕྱིར་ལྟོས་བ་མེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །མི་ལྟོས་ཀྱང་འབྲས་བུ་སྐྱེ་བ་དོན་གཞན་ཡིན་པའི་ཕྱིར། ཅི་ལྟར་ཚོགས་པའི་རང་བཞིན་ཡིན་ཞེ་ན། གང་གི་ཕྱིར་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་དེ་ལ་ནི་རྒྱུ་ཚོགས་པར་རུང་བའི་ཡུལ་ན་གནས་པ་རྣམས་ཀྱི་འབྲས་བུ་སྐྱེད་པར་རུང་བ་ཉིད་འགའ་ཞིག་རྗེས་སུ་དཔོག་པར་བྱེད་ལ། རུང་བདེ་ཡང་ཚོགས་པ་ཙམ་དང་རྗེས་སུ་འབྲེལ་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་དེའི་རང་བཞིན་དུ་གྱུར་པ་ཁོ་ན་ཡིན་ནོ། །འོ་ན་གལ་ཏེ་འབྲས་བུ་སྐྱེད་པའི་ནུས་པ་དེ་ཙམ་དང་རྗེས་སུ་འབྲེལ་བ་ཅན་ཡིན་ན། འོ་ན་འབྲས་བུ་སྐྱེད་པར་ངེས་པའི་ཕྱིར་དེ་ཅི་ལྟར་འབྲས་བུ་ཁོ་ན་ངེས་པར་རྗེས་སུ་དཔོག་པར་མི་བྱེད་ཅེ་ན། བཤད་པ། གང་གི་ཕྱིར་རྒྱུའི་རྫས་རྣམས་ཚོགས་པ་དག་ཁོ་ནས་ཏེ། ཚོགས་པ་ཉིད་ཙམ་ལས་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་སྐྱེ་བ་ནི་ཚོགས་པ་ལས་སྐྱེ་བའི་ནུས་པ་གང་ཡིན་པ་དེ་རྣམས་


DTG187_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འགྱུར་བ་ཕྱི་མ་ཁྱད་པར་དུ་འབྱུང་བ་ལ་ལྟོས་པའི་ཕྱིར་རོ། །ཕྱི་མ་ཕྱི་མ་ཁྱད་པར་དུ་འགྱུར་བ་ལ་ལྟོས་ཀྱང་ཅིའི་ཕྱིར་འབྲས་བུ་རྗེས་སུ་མི་དཔོག་ཅེ་ན། བཤད་པ། བར་འདིར་ཏེ་ནུས་པ་ཡོངས་སུ་འགྱུར་བ་སྐྱེ་བའི་བར་དུ་གགས་བྱེད་བ་སྲིད་པའི་ཕྱིར་རོ། །གལ་ཏེ་འབྲས་བུ་སྐྱེ་བ་ལ་གེགས་བྱེད་པ་སྲིད་ན། འོ་ན་རུང་པ་ཉིད་ཀྱང་གཅིག་ཏུ་ངེས་པར་རྗེས་སུ་དཔོག་པར་མི་འགྱུར་རོ་ཞེ་ན། བཤད་པ། རུང་བ་ནི་རྫས་ཀྱི་ཚོགས་ཉེ་བ་ལས་རྫས་གཞན་ལ་མི་ལྟོས་པའི་ཕྱིར་རྗེས་སུ་དཔོག་པ་ལ་འགལ་བ་མེད་དོ། །རྗེས་སུ་དཔོག་པ་དེ་ཉིད་བསྟན་པའི་ཕྱིར་བཤད་པ་ནི། རྒྱུ་ཚོགས་པའི་ཞེས་བྱ་བ་ནི་ཆོས་ཅན་ནོ། །འདི་ནུས་པའི་ཕྱི་མ་ཕྱི་མ་འགྱུར་བ་འཕུལ་དུ་བྱུང་བ་གང་ཡིན་པ་དེ་རྒྱུར་གྱུར་པས་འབྲས་བུ་སྐྱེད་པར་ནུས་པ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་བསྟན་པའོ། །ནུས་པ་འགྱུར་བ་བོགས་འབྱུང་བའི་ལྷན་ཅིག་བྱེད་པའི་རྐྱེན་ལྟོས་པར་བྱ་བ་གཞན་དེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་གི་ཕྱིར་རྒྱུ་ཚོགས་པར་ཛས་གཞན་ལ་མི་ལྟོས་པ་དེའི་ཕྱིར་འབྲས་བུ་སྐྱེད་པར་རུང་བ་ཡིན་ནོ། །གལ་ཏེ་མཐོང་བའི་རྒྱུ་ཚོགས་པ་དེ་ནི་རུང་བ་ཉིད་མ་ཡིན་ཏེ། གང་གི་ཕྱིར་རུང་བ་ཉིད་དེ་ནི་ཚོགས་པ་དེ་ནི་རྒྱུ་མཚན་ཅན་ཕྱི་མའི་གནས་སྐབས་གཞན་ལ་ལྟོས་པའི་ཕྱིར་ཅི་ལྟར་དེ་ལྟོས་པ་མ་མེད་པ་ཡིན་ཞེ་ན། ནུས་པ་སྐྱེ་བ་ནི་ཞེས་སྨོས་ཏེ། རང་གི་རིགས་ཀྱང་ཡིན་ལ། སྔ་མ་ཡང་ཡིན་པ་དེ་ཁོ་ན་འམ། དེ་ཙམ་གྱི་རྒྱུ་ཅན་ཡིན་ནོ། །དེ་ཙམ་གྱི་རྒྱུ་ཅན་ཡིན་པའི་རྒྱུའི་ཕྱིར་ཚོགས་པའི་ནུས་པ་གཞན་ལ་མི་ལྟོས་པ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། འདིར་གཞན་ལ་མི་ལྟོས་པ་ཉིད་ཀྱིས་རུང་བའི་གནས་སྐབས་སྐྱེ་བའི་ཡུལ་བསྒྲུབ་པར་བྱ་བ་ནི། རྒྱུན་ལ་ཡིན་གྱི་སྐད་ཅིག་མ་ལ་ནི་མ་ཡིན་ནོ། །ཚོགས་པའི་རྒྱུན་དེ་ལ་ནི་རུང་བ་ཉིད་ཀྱི་ཡུལ་ལ་གཞན་ལ་མི་ལྟོས་པ་ཡོད་པ་ཉིད་དོ། །འདི་ལྟར་འདིར་འབྲས་བུ་ངེས་པ་མ་ཡིན་ལ་རུང་བའི་གནས་སྐབས་གཞན་ཡང་མ་ཡིན་ཞིང༌། ཐེ་ཚོམ་ཟ་བའི་ཡུལ་རྗེས་སུ་དཔོག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་གང་ཐེ་ཚོམ་མེད་པ་དེས་རྗེས་སུ་


DTG187_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དཔོག་པར་བྱ་བ་ཡིན་ནོ། །དེ་ལ་གེགས་བྱེད་པ་མེད་ན་འབྲས་བུ་སྐྱེ་བ་ཞེས་བྱ་བ་ནི་རྟགས་བའི་མཐའ་བཟུང་བའི་འབྲས་བུ་ཡོད་བར་བརྗོད་པ་ཡིན་ནོ། །སྲིད་པ་ཞེས་བྱ་བ་ཡང་འདི་ཉིད་ཡིན་ནོ། །དེས་ན་རྟག་པའི་མཐའ་བཟུང་གི་རུང་བའི་དངོས་པོའི་ཡུལ་ཉིད་ནི་ཚོགས་པ་རྣམས་ལ་ངེས་པ་ཡིན་ནོ། །གལ་ཏེ་ཚོགས་པ་དེ་དག་རུང་བའི་གནས་སྐབས་སྐྱེ་བ་བརྒྱལ་བའི་ཡུལ་གྱི་དངོས་པོར་ཡང་མ་ངེས་ན་ནི། གེགས་བྱེད་པ་མེད་ཀྱང་གཞན་བཞིན་དུ་དེ་དག་ལས་འབྲས་བུ་སྐྱེ་བར་མི་འགྱུར་རོ། །དེའི་ཕྱིར་རུང་བ་ཉིད་བརྒྱལ་བའི་བདག་ཉིད་དང་རྗེས་སུ་མཐུན་པའི་ངེས་པ་ནི་ཡུལ་གྱི་དངོས་པོ་ངེས་པ་ཡིན་ལ་རྗེས་སུ་དཔག་པར་བྱ་བ་ཡང་དེ་ཡིན་ནོ། །ཐམས་ཅད་མཁྱེན་པ་དང་འདོད་ཆགས་དང་བྲལ་བ་སྲིད་པར་རྗེས་སུ་དཔོག་པ་ལ་ཡང་དོན་གཞན་ལ་མི་ལྟོས་པ་འདི་ཉིད་དུ་རྟགས་ཡིན་ནོ། །གལ་ཏེ་རེས་འགའ་བའི་དངོས་པོའི་ཡུལ་ཉིད་རྗེས་སུ་དཔག་བར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཚོགས་པ་ཉིད་ཡིན་གྱི་རེ་རེ་མ་ཡིན་ཞེ་ན། མ་ཚོགས་པ་ལ་ནི་ཤིན་དུ་ནུས་པ་མེད་པའི་ཕྱིར་རོ། །སྲིད་པའི་ཡུལ་དུ་གྱུར་བའི་རུང་བ་ཉིད་ཀྱང་ཚོགས་པ་ཁོ་ནས་རྗེས་སུ་དཔོག་པར་བྱེད་དོ། །རེ་རེ་ནི་སྐྱེད་པར་བྱེད་པ་མ་ཡིན་ལ་རུང་བའི་གནས་སྐབས་སྐྱེ་བའི་ཡུལ་ཡང་མ་ཡིན་ཏེ། ཚོགས་པ་ཉིད་རུང་བ་ཡིན་པའི་ཕྱིར་དང༌། དེ་ཡང་གཅིག་ལས་མི་འབྱུང་བའི་ཕྱིར་རོ། །དེས་ན་ཤིན་དུ་ནུས་པ་མེད་པ་ཡིན་ནོ། །དེའི་ཕྱིར་གཅིག་ལས་འབྲས་བུ་རྗེས་སུ་དཔོག་པ་མ་ཡིན་ནོ། །གང་གི་ཚེ་འདི་ལྟར་བརྗོད་པར་འདོད་དེ། ཅི་ལྟར་བུམ་པ་ལྷན་ཅིག་བྱེད་པའི་རྐྱེན་ཡོད་ཀྱང་ནུས་པ་མེད་པ་ཉིད་ཡིན་པ་དེ་ལྟར་ས་བོན་ནི་མ་ཡིན་ཏེ། ས་བོན་ནི་ལྷན་ཅིག་བྱེད་བའི་རྐྱེན་ཉེ་ན་ནུས་པ་ཡིན་ནོ་ཞེས་བྱ་བ་ཡིན་པ་དེ་ལྟ་ན་ནི་ནུས་པ་རྗེས་སུ་དཔོག་པར་འགྱུར་བ་ཉིད་དོ། །དེ་ཙམ་གྱིས་འབྲས་བུ་སྐྱེད་བར་རུང་བ་སྐྱེ་བའི་ཡུལ་རུང་བ་ཉིད་ནི་འདི་ཁོ་ནར་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་དེ་འདྲ་བར་རྗེས་སུ་དཔག་བར་འགྱུར་བ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མི་མཐུན་པའི་ཕྱོགས་ལ་འཇུག་པ་མ་མཐོང་ཡང་ལྷག་མ་དང་ལྡན་


DTG187_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྗེས་སུ་དཔོག་པ་འདི་མ་ངེས་པར་འགྱུར་རོ། །འདིར་རུང་བ་ཉིད་བསྒྲུབ་པར་བྱ་བ་ལ་རུང་བ་མ་ཡིན་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཡིན་ནོ། །གལ་ཏེ་མཚོགས་པ་འགའ་གང་རུང་པ་ཡིན་པ་ལ་འཇུག་པར་མ་མཐོང་པ་དེ་ལྟ་ན་ཡང༌། གང་གི་ཕྱིར་དེ་དངོས་སུ་ནུས་པ་མ་ཡིན་ལ། འབྲས་བུ་དེ་ཙམ་གྱི་རིགས་དང་འབྲེལ་པ་ཡང་མ་ཡིན་པ་དེའི་ཕྱིར་རྗེས་སུ་དཔག་པ་ལ་ལྷག་མ་དང་ལྡན་པ་ཡིན་ནོ། །དཔེར་བརྗོད་པ་བསྟན་པ་ནི་ལུས་དང་དབང་པོ་དང་བློ་དེ་དག་ལས་འདོད་ཆགས་ལ་སོགས་བ་རྗེས་སུ་དཔོག་པ་ནི་ལྷག་མ་དང་ལྡན་པར་བལྟ་སྟེ། གང་གི་ཕྱིར་བདག་དང་བདག་གིར་མངོན་པར་ཞེན་པ་རྒྱུ་ཡིན་པས་སོ། །ཅིའི་ཕྱིར་ཞེ་ན། བཤད་པ། ང་དང་ངའི་ཞེས་མ་མཐོང་བ་ལས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་དར་འཛིན་པ་མེད་པར་དེ་དག་མི་འབྱུང་ཞེན་ཚུལ་བཞིན་མ་ཡིན་པ་ཞེས་སྨོས་སོ། །ཚུལ་ནི་དོན་གྱི་དེ་ཁོ་ནའོ། །ཚུལ་དང་ཚུལ་ཅི་ལྟ་བ་བཞིན་དུ་ཡིད་ལ་བྱེད་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དོན་གྱི་དེ་ཁོ་ན་ལ་དམིགས་པའོ། །དེ་ལས་བཟློག་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ནོ། །དེ་ནི་རྣམ་པ་བཞི་སྟེ། མི་བརྟེན་པ་ལ་བརྟེན་པའི་རྣམ་པ་དང༌། སྡུག་བསྔལ་བ་ལ་བདེ་བའི་རྣམ་པ་དང༌། བདག་མེད་པ་ལ་བདག་གི་རྣམ་པ་དང༌། མི་གཙང་བ་ལ་གཙང་བར་འཛིན་པའོ། །དེ་ལྟ་བུ་དག་མེད་པར་ནི་ཉེས་པ་རྣམས་མི་སྐྱེའོ། །བརྟན་པར་ཕྱིན་ཅི་ལོག་པ་དང༌། བདེ་བར་ཕྱིན་ཅི་ལོག་པ་དང༌། གཙང་བར་ཕྱིན་ཅི་ལོག་པ་དག་ནི་ཐམས་ཅད་ལ་རྗེས་སུ་འབྲེལ་ཏེ། བདག་ཏུ་ཕྱིན་ཅི་ལོག་པ་དང་བརྟེན་པ་ཙམ་གྱིས་གནས་པ་ནི་ཐམས་ཅད་ལ་ཡོད་པ་ཉིད་དེ་ཐོས་པས་བསྐྱེད་བ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་འདྲ་བའི་ཚུལ་བཞིན་མ་ཡིན་བ་ཡིད་ལ་བྱེད་པ་མེད་པར་ཉེས་པ་རྣམས་མི་སྐྱེ་བའི་ཕྱིར་དར་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །དེ་ལ་ལུས་དང་དབང་པོ་ནི་རེ་ཞིག་རྒྱུ་མ་ཡིན་ནོ། །བློ་ནི་རེས་འགའ་ཡིན་ནོ། །དེའི་ཕྱིར་འདི་དག་ལ་རྒྱུའི་དངོས་པོ་ཡོད་པ་མ་ཡིན་ནོ། །རྣམ་པ་འགའ་ཞིག་ལྟར་རྒྱུ་ཉིད་ཡིན་ཡང་ངོ༌། །


DTG187_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་རྒྱས་པ་དང་ལང་ཚོའི་གནས་སྐབས་ཐོབ་པ་ནི་བདག་དང་བདག་གིར་མངོན་པར་ཞེན་པ་སད་པའི་རྒྱུ་ཡིན་ཞིང༌། བརྒྱུད་ནས་འདོད་ཆགས་ཀྱི་རྒྱུར་ཡང་འགྱུར་རོ། །དེ་བཞིན་དུ་དབང་པོ་བརྟས་པ་དག་ཀྱང་སད་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ཅི་ལྟ་བར་ནི་རྣམ་འབྲེལ་གྱི་རྗེས་སུ་འབྲང་བར་བྱའོ། །ལུས་དང་དབང་པོ་དག་དངོས་སུ་རྒྱུ་མ་ཡིན་ནོ་ཞེས་ནི་ངེས་པ་དེའི་ཕྱིར་བརྒྱུད་བས་རྒྱུ་ཉིད་ཡིན་ཡང༌། བདག་དང་བདག་གིར་མངོན་པར་ཞེན་པ་དང་བྲལ་བ་འབའ་ཞིག་པ་རྣམས་ལ་ནུས་པ་མེད་དོ། །དེས་ན་མི་མཐུན་པའི་ཕྱོགས་འདོད་ཆགས་དང་བྲལ་བ་ལ་འཇུག་པ་མ་མཐོང་དུ་ཟིན་ཀྱང་རྗེས་སུ་དཔག་པའི་རྟགས་འདི་ལྷག་མ་དང་ལྡན་པ་ཡིན་ནོ། །ལྷག་མ་དང་ལྡན་བའི་རང་གི་ངོ་བོ་བཤད་པ་ནི་འཁྲུལ་བ་ཡིན་ནོ། །མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་པ་མི་ངེས་པའི་ཕྱིར་འཁྲུལ་བ་ཡིན་ནོ། །དེས་ན་ལུས་དང་དབང་པོ་དང་བློ་དག་ལ་རུང་བ་ཉིད་ངེས་པ་མ་ཡིན་ཏེ། ལྟོས་པར་བྱ་བ་ཉེ་བར་ལེན་པར་གྱུར་པའི་རྒྱུ་གཞན་ཡོད་པའི་ཕྱིར་རོ། །དེས་ན་དེ་དག་ལས་སྲིད་པར་རྗེས་སུ་དཔོག་པ་མ་ཡིན་ནོ། །འོ་ན་རྒྱུར་མ་གྱུར་ཅིང་འབྲས་བུར་ཡང་མ་གྱུར་པ་དང༌། གཞན་ཞེས་བྱ་བ་རང་བཞིན་མ་ཡིན་པ་ཁྱད་པར་ཅན་གྱི་རོ་ལ་སོགས་པས་གཟུགས་ལ་སོགས་པ་རྟོགས་པ་གང་ཡིན་པ་དཔེར་ན་མུན་ཁུང་ན་ཨ་མྲ་དང་མ་དུ་ལུང་གའི་རོ་མྱངས་པ་ལས་དེ་དང་ལྷན་ཅིག་པའི་གཟུགས་ཀྱི་ཁྱད་པར་རྟོགས་པ་དང༌། མེའི་དྲི་མནམས་པས་དེ་དང་ལྷན་ཅིག་རྒྱུ་བའི་གཟུགས་རྟོགས་པ་དེ་ཅི་ལྟར་རྗེས་སུ་དཔག་པའི་ནང་དུ་འདུ། ཆད་མ་མ་ཡིན་པ་ཡང་མ་ཡིན་པ་དེའི་ཕྱིར་རྟགས་གཞན་དུ་ཐལ་ལོ་ཞེ་ན། བཤད་པ། དེ་ཡང་རོལ་སོགས་པ་དང་ལྷན་ཅིག་ཚོགས་པ་གཅིག་ལ་རག་ལས་པའི་གཟུགས་ལ་སོགས་པ་རོ་ལ་སོགས་པའི་གོ་བར་བྱེད་པས་རྟོགས་པ་ནི། རྒྱུའི་ཆོས་རྗེས་སུ་དཔག་པས་ཞེས་བྱ་བ་ནི་རྟོགས་པ་དེ་ནི་རྒྱུའི་ཆོས་རྗེས་སུ་དཔག་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་དུ་བས་མེ་ལ་སོགས་པའི་ཚོགས་པ་རྗེས་སུ་དཔག་པས། ཐལ་བ་དང་སོལ་བ་ལ་སོགས་པ་བུད་ཤིང་གི་འགྱུར་བ་རྗེས་སུ་དཔག་པ་དེ་དང་


DTG187_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའོ། །གལ་ཏེ་འདི་རྒྱུ་ལས་གཞན་པའི་འབྲས་བུ་རྗེས་སུ་དཔོག་པ་ཡིན་གྱི། རྒྱུའི་ཆོས་རྗེས་སུ་དཔོག་པ་ནི་མ་ཡིན་ནོ་ཞེ་ན། རྒྱུ་ལས་གཞན་པའི་འབྲས་བུ་རྗེས་སུ་དཔོག་བ་དེར་ཡང་རྒྱུ་དེ་ལྟ་བུ་ཁོ་ན་ཞེས་བྱ་བ་གང་རྗེས་སུ་དཔག་ན་འབྲས་བུ་གཞན་ཡང་རྗེས་སུ་དཔག་པར་འགྱུར་བ་གཟུགས་སྐྱེད་པའི་ནུས་པ་རྗེས་སུ་དཔོག་པ་ཡིན་གྱི། རྒྱུ་རྗེས་སུ་དཔག་པ་ལས་ཐ་དད་པའི་རྟོགས་པས་འབྲས་བུ་གཞན་རྗེས་སུ་དཔོག་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ། འདི་ལྟར་རོའི་རྒྱུ་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་ནུས་པ་ཞུགས་པའི་ལྷན་ཅིག་བྱེད་པའི་རྐྱེན་གང་ཡིན་པ་དེ་རོ་སྐྱེད་པར་བྱེད་དོ། །རོའི་ཉེ་བར་ལེན་པའི་རྒྱུ་ནི་རང་གི་འབྲས་བུ་སྐྱེད་པར་ནུས་པའི་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་ལ་ལྷན་ཅིག་བྱེད་པ་ཉིད་དུ་ལྟོས་པ་ཡིན་ནོ། །བུད་ཤིང་གི་འགྱུར་བ་ནི་ཐལ་བ་དང་དུ་བ་དང་སོལ་བ་ཞེས་བྱ་བའོ། །དེའི་ཉེ་བར་ལེན་བ་ནི་བུད་ཤིང་ཡིན་ལ། དེའི་ཕྱིར་ལྷན་ཅིག་བྱེད་པ་ནི་མེ་སྟེ། དེ་ཅི་ལྟར་དུ་བ་སྐྱེད་པ་དེ་དང་འདྲའོ། །གཅིག་ལ་དུ་མ་སྐྱེས་པར་ངེས་པ་འདི་ག་ལས་ཤེ་ན། བཤད་པ། རོའི་རང་གི་རྒྱུ་གང་ཡིན་པ་དེ་འབྲས་བུ་བསྐྱེད་པར་བྱ་བ་ལ་རྗེས་སུ་མཐུན་བ་དེ་མེད་ན་རོའི་ཉེ་བར་ལེན་པ་རང་གི་འབྲས་བུ་ལ་མངོན་དུ་ཕྱོགས་པ་དེ་ཉིད་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་རྣམས་ཀྱི་འཇུག་པའི་རྒྱུ་ཡིན་ནོ། །འབྲས་བུ་སྐྱེད་པ་དང་རྗེས་སུ་མཐུན་པའི་མཚན་ཉིད་རོའི་ཉེ་བར་ལེན་པའི་རྒྱུའི་འཇུག་པ་དེ་ཡང་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་འཇུག་པའི་ལྷན་ཅིག་བྱེད་པ་གང་ལ་ཡོང་པའི་རོའི་ཉེ་བར་ལེན་པ་འཇུག་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གཟུགས་ཀྱི་ཉེ་བར་ལེན་པ་འཇུག་པའི་ལྷན་ཅིག་བྱེད་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེས་ན་གཟུགས་ལ་སོགས་པའི་ངེས་པར་སྐྱོ་བ་ཡིན་ནོ། །དེའི་ཕྱིར་རང་གི་འབྲས་བུ་ལ་ཕྱོགས་པའི་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་ལྷན་ཅིག་བྱེད་པ་དང་ལྡན་པ་ཅི་ལྟ་བུ་ལས་བྱུང་བའི་རོས་དེ་ལྟ་བུ་འདི་རྗེས་སུ་དཔག་པར་བྱེད་པ་ན་གཟུགས་རྗེས་སུ་དཔག་པར་བྱེད་པ་ཡིན་གྱི། རྒྱུ་རྗེས་སུ་དཔག་པ་ལས་ལོགས་ཤིག་ཏུ་གཟུགས་རྗེས་སུ་དཔག་པ་ནི་མ་ཡིན་ནོ། །རྒྱུ་རྗེས་སུ་དཔོག་པ་ཉིད་དེ་འདྲ་བ་ཡིན་གྱི་གཞན་


DTG187_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །དེས་ན་འདི་ནི་རྒྱུའི་ཆོས་རྗེས་སུ་དཔོག་པ་ཡིན་ནོ་ཞེས་གནས་སོ། །འོ་ན་ནི་རོ་མཐོང་བ་ལས་མ་འོངས་པའི་གཟུགས་རྟོགས་བ་ཅི་ལྟར་རྒྱུའི་ཆོས་རྗེས་སུ་དཔོག་པ་ཡིན་ཞེ་ན། བཤད་པ། རོ་ལ་སོགས་པ་ལས་གཟུགས་ལ་སོགས་པ་རྗེས་སུ་དཔོག་པ་དེ་ལ་ཡང་འདས་པ་རྣམས་དང་དུས་གཅིག་པ་རྣམས་རྟོགས་ཀྱི་མ་འོངས་བ་རྣམས་ནི་མ་ཡིན་ནོ། །རོ་ལ་སོགས་པ་སྣང་བ་གང་ཞིག་དངོས་སམ་བརྒྱུད་པས་གཟུགས་ཀྱི་ཉེ་བར་ལེན་པ་ལས་སྐྱེད་པར་རྟོགས་པ་དེ་ནི་ཅི་ལྟར་རིགས་པར་ད་ལྟར་དང་འདས་བའི་གཟུགས་ལ་སོགས་པ་གོ་བར་བྱེད་པ་ཡིན་གྱི་མ་འོངས་པ་ནི་མ་ཡིན་ཏེ། ད་ལྟར་བ་མ་འོངས་པ་ལ་འཁྲུལ་པའི་ཕྱིར་རོ། །མ་འོངས་བ་ནི་རྒྱུ་གཞན་དང་འབྲེལ་པས་གེགས་བྱེད་པ་དང་མ་ཚང་བ་སྲིད་པའི་ཕྱིར་མེད་པར་འགྱུར་རོ། །ནུབ་མོ་ཉིད་མ་འཆར་བར་ངེས་པ་གང་ཡིན་བ་དང༌། རྒྱུ་སྐར་མཐོང་བས་རྒྱུ་སྐར་གཞན་འཆར་བར་ངེས་པ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་མ་ཡིན་ཏེ། ངེས་པར་བྱེད་པ་མེད་པར་ངེས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ངེས་པར་བྱེད་པ་མེད་པར་ཡང་འཆར་བ་མ་འོངས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རོ་ལ་སོགས་པ་ལས་གཟུགས་ལ་སོགས་པ་རྟོགས་པ་དེ་ཡང་འབྲས་བུའི་རྟགས་ལས་སྐྱེད་པའི་རྗེས་སུ་དཔག་པ་ཡིན་ནོ། །ངོ་ལ་སོགས་པ་ལས་གཟུགས་ལ་སོགས་པ་རྗེས་སུ་དཔོག་བ་འབྲས་བུའི་རྟགས་ལས་སྐྱེས་པར་བརྗོད་པ་འདིས་ནི་གྲོག་མ་འཕོ་བ་དང༌། ཉ་འཕར་བ་དང༌། དེ་ལྟ་བུ་གཞན་ལས་ཆར་པ་ལ་སོགས་པ་རྗེས་སུ་དཔག་པ་ཡང་རྒྱུའི་ཆོས་རྗེས་སུ་དཔོག་པས་འབྲས་བུའི་རྟགས་ལས་སྐྱེས་པར་བཤད་པ་ཡིན་ནོ། །ཅི་ལྟར་ཞེ་ན། བཤད་པ། གྲོག་མ་འཕོ་བ་ལ་སོགས་པ་ལས་ཆར་པ་རྗེས་སུ་དཔོག་པ་དེ་ལ་ཡང་འབྱུང་བ་རྣམས་ཀྱི་གནས་སྐབས་ཀྱི་ཁྱད་པར་འགའ་ཞིག་ཁོ་ན་ཆར་པ་དང་གྲོག་མ་འཕོ་བ་དང་ཉ་འཕར་བའི་རྒྱུ་ཡིན་ནོ། །དེ་ལ་ཉ་འཕར་བ་དང་གྲོག་མ་འཁྲུག་པ་མཐོང་ནས་རྒྱུའི་ཆོས་རྗེས་སུ་དཔོག་པ་ན་འདས་པའི་ཆར་པ་རྗེས་སུ་དཔག་པ་ཡིན་ནོ། །ས་ཕུག་ན་འདུག་པ་འམ་གཞན་དུ་ཡང་རུང་བར་ཆར་མ་མཐོང་བར་ཁྱད་པར་ཅན་གྱི་ཉ་འཕར་


DTG187_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་གྲོག་མ་འཁྲུག་པ་མཐོང་བ་ཡིན་ན། ད་ལྟར་བ་ཡང་རྗེས་སུ་དཔོག་པར་བྱེད་དོ། །དེ་ལ་གྲོག་མ་འཕོ་བ་ནི་སྒོང་དང་བཅས་ཏེ་འགྲོ་བའོ། །ཉ་འཕར་བ་ནི་རྫིང་བུ་སྤངས་ནས་འགྲོ་བའོ། །མ་འོངས་པ་རྣམས་ནི་འཁྲུལ་པའི་ཕྱིར་རྗེས་སུ་མི་དཔོག་གོ །གཟུགས་ལས་རེག་པ་རྗེས་སུ་དཔོག་པ་གང་ཡིན་པ་དེ་ནི་འབྲས་བུའི་རྟགས་ལས་སྐྱེས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ། གཟུགས་ལ་སོགས་པ་ནི་འབྱུང་བ་ཆེན་པོ་བཞི་ལ་བརྟེན་པའི་ཕྱིར་རོ། །དོན་བྱེད་བ་ནི་གཟུགས་ལ་སོགས་པ་དང་ལྡན་པའི་ཚོགས་པ་ཉིད་ཡིན་ལ། དེ་དག་ཀྱང་འབྱུང་བ་ཆེན་པོ་བཞི་དང་ཐ་མི་དད་པར་འཇུག་པ་ཡིན་ཏེ། དེའི་ཕྱིར་གཟུགས་ལས་རེག་པ་ལྷན་ཅིག་སྤྱོད་པའི་རྒྱུ་ཉིད་རྗེས་སུ་དཔོག་པར་བྱེད་པ་ཡིན་ནོ། །རེག་པ་ལ་སོགས་པ་ལས་གཟུགས་ལ་སོགས་པ་རྗེས་སུ་དཔོག་པ་ནི་རྒྱུའི་ཆོས་རྗེས་སུ་དཔོག་པ་ཡིན་ལ། གཟུགས་ལ་སོགས་པ་ལས་རེག་པ་རྗེས་སུ་དཔོག་པ་འདི་ནི་རྒྱུ་ཉིད་རྗེས་སུ་དཔོག་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །འཇིག་རྟེན་ན་མེད་ན་མི་འབྱུང་བ་བཟུང་བ་ལས་ལྐོག་ཏུ་གྱུར་པའི་རྗེས་སུ་དཔོག་པ་ཡིན་པ་དང༌། གཟུགས་དང་རོ་ལ་སོགས་པ་རྣམས་ཀྱང་ཚོགས་པ་གཅིག་གི་ནང་དུ་འདུས་པའི་ཕྱིར་ཚོགས་པ་གཅིག་ལ་རག་ལས་པར་ངེས་པ་ཉིད་དོ། །འོ་ན་བ་ཡང་ཡིན་པའི་ཕྱིར་གོང་བུ་འདི་ནི་རྭ་ཅན་ཡིན་ནོ་ཞེས་བྱ་བ་གང་ཡིན་པའི་རྗེས་སུ་དཔག་པ་དེའོ། །རྩིག་ཕུགས་ནས་ལྟ་བས་གོང་བུའི་ཕྱོགས་གཅིག་མཐོང་ནས། མ་མཐོང་བ་རྭ་ཅན་གྱི་ཕྱོགས་རྟོགས་པར་བྱེད་དོ། །བ་ལང་ཉིད་ཅེས་བྱ་བ་ནི་རྭ་དང་ལྡན་པའི་ཕྱོགས་གཅིག་པོའི་འབྲས་བུ་འམ་རང་བཞིན་མ་ཡིན་པ་མི་དམིགས་པའི་སྤྱོར་བ་ཡང་མ་ཡིན་ནོ་ཞེ་ན། བཤད་པ། དེ་ལ་ཡང་བ་ལང་ཞེས་ཚོགས་པ་རྣམ་པར་གཞག་པ་བ་ལང་གི་ཐ་སྙད་དུ་རུང་བ་ཉིད་གང་ཡིན་པ་དེའི་རྒྱུ་ནི་ཕྱོགས་གཅིག་ཏུ་གྱུར་པའི་ཡན་ལག་ཚོགས་པ་ཅན་ཡིན་ནོ། །ཅིའི་ཕྱིར་རྒྱུ་ཡིན་ཞེ་ན། བཤད་པ། ཡན་ལག་དེ་དག་མེད་ན་ཚོགས་པ་རྣམ་པར་གཞག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འབྲས་


DTG187_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བ་ལང་ཉིད་ལ་རྒྱུ་རྭ་ཅན་ཉིད་རྗེས་སུ་དཔོག་པར་བྱེད་པ་ཡིན་ནོ། །ཅི་ལྟར་ཚོགས་པ་རྣམ་པར་གནས་པའི་རྒྱུ་ཚོགས་པ་ཅན་ཡིན་ཞེ་ན། གང་གི་ཕྱིར་ལྐོ་ག་ཤལ་དང་རྭ་ལ་སོགས་པ་སྨོས་པས་ནོག་དང་མཇུག་མ་དང་རྨིག་པ་ལ་སོགས་པ་དེ་དག་གི་ཚོགས་པ་ནི་བ་ལང་ཞེས་བྱའོ། །དེའི་ཕྱིར་བ་ལང་ཞེས་ཚོགས་པ་རྣམ་པར་གཞག་པ་འདི་ནི་ཚོགས་ཅན་ཆ་ཤས་དག་ལ་འབྲེལ་པ་ཡིན་པས་ཚོགས་ཅན་དེ་མེད་ན་མི་འབྱུང་བའི་ཕྱིར། རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་བ་ཅན་འགའ་ཞིག་ལ་ཡོད་ན་རང་གི་རྒྱུ་མཚན་ཉེ་བར་སྟོན་པར་བྱེད་དོ། །དེའི་ཕྱིར་བ་ལང་ཉིད་ལས་རྭ་ཅན་རྟོགས་པ་ཅན་གང་ཡིན་པ་དེ་ནི་འབྲས་བུའི་རྟགས་ལས་སྐྱེས་པ་ཡིན་ནོ། །འདིར་བ་ལང་ཉིད་དུ་རྣམ་པར་གཞག་པ་ལས་མི་འཁྲུལ་བ་མཐོང་བའི་ཆ་ཕལ་ཆེ་བ་ནི་ཆོས་ཅན་ཡིན་ལ། ཚོགས་པ་རྣམ་པར་གཞག་ཏུ་རུང་བ་ཉིད་ནི་དེའི་ཆོས་ཡིན་ནོ། །ཕྱོགས་གཅིག་པ་རྭ་ཅན་ནི་དེའི་རྒྱུ་ཡིན་ནོ། །འདི་ལས་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ནི་མཚན་ཉིད་པ་ཡིན་གྱི། དངོས་པོ་པ་ནི་མ་ཡིན་ནོ། །རྭ་ལ་སོགས་པའི་ཡན་ལག་རྣམས་བ་ལང་གི་ཐ་སྙད་འཇུག་པའི་ཕྱིར་བ་ལང་གི་ཐ་སྙད་དུ་འཇུག་པ་ཉིད་ནི་རྭ་ལ་སོགས་པ་རྒྱུ་མཚན་ཅན་ཡིན་ནོ། །མཐོང་བའི་ཆོས་ཅན་དང་བསྒྲུབ་བྱ་རྭ་ནི་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་འབྲེལ་པ་ཡིན་ནོ། །དེ་ལ་གང་གི་སྣང་བའི་ཆ་ཤས་རྣམས་ལ་བ་ལང་གི་ཐ་སྙད་དུ་རུང་བ་ཉིད་སྒྲུབ་ན་ནི་དེའི་ཚེ་རང་བཞིན་གྱི་གཏན་ཚིགས་ཡིན་ལ། གང་གི་ཚེ་བ་ལང་གི་ཐ་སྙད་དུ་རུང་བ་ཉིད་ལ་མི་འཁྲུལ་པའི་ཆ་ཤས་མཐོང་ནས། མ་མཐོང་བའི་ཆ་ཤས་རྭ་ལ་སོགས་པ་གཞན་རྗེས་སུ་རྟོགས་པར་བྱེད་པ་དེའི་ཚེ་ནི་འབྲས་བུའི་གཏན་ཚིགས་ཡིན་ནོ། །འོན་ཏེ་ཅི་ལྟར་གཟུགས་མཐོང་བ་ལས་རེག་པ་རྗེས་སུ་དཔོག་པ་དོན་དམ་པ་ཡིན་པ་དེ་བཞིན་དུ་བ་ལང་གི་ཐ་སྙད་དུ་རུང་བའི་ཕྱོགས་གཅིག་མཐོང་བ་ལ་ཚོགས་པ་གཅིག་ལ་རག་ལས་པའི་ཡན་ལག་གཞན་ཅིའི་ཕྱིར་རྗེས་སུ་དཔོག་པར་མི་བྱེད། འོན་ཏེ་ཡན་ལག་དེ་རྭ་དང་བྲལ་བ་ཡང་སྲིད་པས་རྗེས་སུ་མི་དཔོག་ན། འོ་ན་ནི་བ་ལང་ཉིད་ལས་ཀྱང་


DTG187_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དཔག་པར་མི་འགྱུར་རོ། །དེ་སྟེ་རྭ་མེད་ཀྱང་རྭ་དེ་སྐྱེད་པར་རུང་བ་ལ་མི་འཁྲུལ་བ་ནི་ཡན་ལག་ཐམས་ཅད་ལ་ཡོད་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་ཡན་ལག་གཞན་མཐོང་བ་ལས་ཀྱང་རྭ་རྗེས་སུ་དཔག་པར་རིགས་པ་ཉིད་དོ་ཞེ་ན། དེ་ལྟ་ན་ནི་འོ་ན་འདི་ལྟ་བུའི་རིགས་ཅན་དོན་དམ་པའི་རྗེས་སུ་དཔག་པ་ནི་གཟུགས་ལ་སོགས་པ་ཉེ་བར་བཀོད་པ་ཉིད་ཀྱིས་ཉེ་བར་བཀོད་པ་ཡིན་ནོ། །ཐ་སྙད་དུ་རུང་བ་ཉིད་ལས་རྒྱུ་རྗེས་སུ་དཔོག་པ་འདི་ནི་དངོས་པོ་མ་ཡིན་པས་ལོགས་ཤིག་ཏུ་ཉེ་བར་བཀོད་པ་ཡིན་ཏེ། ཕྱོགས་འདི་ལྟ་བུའི་ཡང་རྗེས་སུ་འབྲང་བར་བྱའོ་ཞེས་དེ་ལྟར་བསྟན་པའི་དོན་དུའོ། །འཁྲུལ་བ་མེད་པར་ངེས་པར་གཞན་ཡང་ཅི་སྐད་བརྗོད་པའི་རྗེས་སུ་དཔག་པ་ཉིད་ཀྱི་ནང་དུ་འདུས་པར་བསྟན་པའི་ཕྱིར་བཤད་པ། ཆུའི་བདག་ཉིད་དེ་འདྲ་བ་གཡོ་བ་མེད་བ་ནི་གཞི་ལས་མངོན་པར་གྲུབ་པ་ཡིན་པའི་ཕྱིར་ཆུ་དེ་ནི་གཞི་དེའི་འབྲས་བུ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཆུ་བརྟན་པ་མི་གཡོ་བ་མཐོང་ནས་དེའི་གཏིང་མ་མཐོང་ཡང་གཞི་ཡོད་པར་རྗེས་སུ་དཔོག་པར་བྱེད་པ་གང་ཡིན་པ་དེ་ཡང་འབྲས་བུའི་རྟགས་ལས་སྐྱེས་པ་ཉིད་དོ། །གལ་ཏེ་རྒྱུ་གཞན་དང་འབྲེལ་པས་རྒྱུན་འཇུག་པའི་ཆུའི་རྒྱུན་གཞི་ནི་མ་ཡིན་ནོ་ཞེ་ན། རྒྱུན་འབྲེལ་བར་འབྱུང་བའི་རྒྱུ་ནི་གཞི་མ་ཡིན་ནོ། །འོན་ཀྱང་རྒྱུན་གྱི་རང་བཞིན་ཁྱད་པར་ཅན་གྱི་རྒྱུ་ཡིན་ནོ། །བདག་ཉིད་དེ་འདྲ་བ་མི་གཡོ་བ་ནི་གཞི་དེ་ལས་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གཞི་དེ་ལས་ཕན་པ་ཉམས་སུ་མྱོང་བ་མེད་པར་ནི་དེ་ལས་གནས་སྐབས་ཀྱི་ཁྱད་པར་གཡོ་བ་མེད་པ་ཞེས་བྱ་བ་དེ་འདྲ་བ་ཐོབ་པ་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་བདག་ཉིད་གྱུར་པའི་ཕན་པ་ཐོབ་པས་ཆུ་དེ་དེ་ལས་གྲུབ་པ་ཡིན་ནོ། །ཕན་པ་ཆུ་ལས་གཞན་ཉིད་ཡིན་བར་ཁས་ལེན་པ་ལ་བརྗོད་པར་བྱ་བ་ཡིན་པ་དེ་ནི་བཤད་ཟིན་ཏེ། དེའི་ཞེས་འབྲེལ་པ་མི་འགྲུབ་པ་དང༌། འབྲེལ་བ་གཞན་ཁས་ལེན་ན་ཐུག་པ་མེད་པར་འགྱུར་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེའི་གཡོ་བ་མེད་པའི་གནས་སྐབས་ཕན་འདོགས་པར་བྱེད་པ་ཉིད་ལས་


DTG187_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་ཕྱིར་གཞི་ཡིན་གྱི། གཞི་ཡིན་པ་ཞེས་བྱ་བ་ནི་མ་ཡིན་ནོ། །གལ་ཏེ་གཞི་དེ་ལས་བདག་ཉིད་ཀྱི་ཁྱད་པར་སྐྱེས་པའི་ཕྱིར་ཆུ་དེ་ལྟར་ཞེས་བྱ་བ་མི་གཡོ་བར་གནས་པ་ནི་མ་ཡིན་ནོ། །འོན་ཀྱང་གཞི་དེ་དང་ལྡན་པ་ལས་ཡིན་ནོ། །ལྡན་པ་ཞེས་བྱ་བ་གང་ལས་ཆུ་མི་གཡོ་བར་གྱུར་པ་འབྲེལ་པར་བྱེད་པའི་བདག་ཉིད་ཅན་གྱི་ཡོན་ཏན་གཉིས་ལ་གནས་པ་བསྐྱེད་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ནི་ཅི་ལྟར་ལྡན་པ་དེ་ཆུ་དང་གཞི་དེ་དག་གི་འབྲེལ་པ་ཡིན་པར་འགྱུར། ཅི་ལྡན་པ་དེ་དག་ལས་སྐྱེས་པའི་ཕྱིར་ཡིན་ནམ། འོན་ཏེ་དེ་དག་གི་འཕྲོད་པ་འདུ་བ་ཡིན་པའི་ཕྱིར་ཡིན་གྲང༌། རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །དེ་ལས་འཕྲོད་པ་འདུ་བ་ཡིན་པའི་ཕྱིར་དེ་དག་གི་འབྲེལ་པ་ཡིན་ན་ལྡན་པ་དེ་ཅི་ལྟར་གཞི་ལ་མི་ལྟོས་པར་ཆུ་གཅིག་ཉིད་ལ་འཕྲོད་པ་འདུ་བ་མ་ཡིན། ཅི་སྟེ་སྐྱེས་པའི་ཕྱིར་ཡིན་ན། དེ་ལྟ་ན་ཡང་གང་གིས་ནམ་མཁའ་ནས་བསྐྱུར་ཡང་མི་གཡོ་བར་གནས་པར་འགྱུར་བ་གཅིག་ཉིད་ཀྱིས་ཅི་སྟེ་མི་སྐྱེད། ཆུ་འབའ་ཞིག་པ་དེ་ལ་ལྡན་པ་སྐྱེད་པའམ་འདུ་བའི་ནུས་པ་མེད་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་སྐྱེ་བ་འམ་འཕྲོད་པ་འདུ་བ་དེ་ལ་སོ་སོར་ནུས་པ་མེད་པ་ཆུ་ལ་སོགས་པ་དེ་ནི་ཚོགས་ཀྱང་ནུས་པ་མེད་པར་མཐོང་བ་ཅི་འདྲ་བ་དེ་འདྲ་བ་ཁོ་ན་ཡིན་ནོ། །དེའི་ཕྱིར་ལྡན་པས་ལྡན་པ་དེ་དང་ལྡན་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཕན་འདོགས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་གང་དང་ཆུ་ལྷན་ཅིག་པར་གྱུར་པ་དེ་ནི་དེ་ལ་ཕན་འདོགས་པར་བྱེད་པ་ཁོ་ན་སྟེ། དེའི་ཕྱིར་དེ་ཡོད་ཀྱང་ལྡན་པ་དང་བཅས་པར་མི་འགྱུར་རོ། །གལ་ཏེ་ལྷན་ཅིག་པ་ལ་ནི་གྲོགས་དེས་ཕན་བཏགས་པའི་ཕྱིར་ནུས་པར་འདོད་པ་དེས་ན་ཅི་ལྟར་ཕན་འདོགས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེས་བརྗོད་ཅེ་ན། བཤད་པ། ཆུ་དང་གཞི་ལ་སོགས་པ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་མ་ཡིན་པ་རྣམས་ལ་གང་ལས་ཕན་བཏགས་པའི་ཕྱིར་ནུས་པར་འགྱུར་བའི་ཕན་པ་ཞེས་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་མ་ཡིན་པའི་རང་གི་ངོ་བོ་ཉིད་ནི་ཕན་པ་མ་ཡིན་ཏེ། རང་གི་


DTG187_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ནི་གྲུབ་ཟིན་པས་བྱས་བ་མ་ཡིན་པའི་ཕྱིར་རོ། །གཞན་གྱི་རང་བཞིན་གྱི་བདག་ཉིད་ཅན་ཡང་མ་ཡིན་ཏེ། གཞན་གྱི་ངོ་བོ་བྱེད་པ་ཡིན་ན་ཡང་ཕན་གདགས་པར་བྱ་བའི་དངོས་པོ་དེ་ཕན་བཏགས་པ་མེད་པའི་ཕྱིར་རོ། །གལ་ཏེ་ཕན་པ་གཞན་དང་གཞན་མ་ཡིན་པ་དེ་ལྟ་ན་ཡང་ཉེ་བ་ཉིད་ཕན་པ་ཡིན་ནོ་ཞེ་ན། གཉི་ག་ལྟར་ཞེས་སྨོས་སོ། །གཞན་དང་གཞན་མ་ཡིན་པ་བྱེད་པ་པོ་མ་ཡིན་པ་ནི་ཅུང་ཟད་ཀྱང་མི་བྱེད་པ་ཉིད་ཀྱིས་ཕན་འདོགས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཕན་པ་འགའ་ཡང་མེད་དོ་ཞེས་བྱ་བ་འདི་ནི་སྒྲའི་ཕན་པ་བསམ་པར་མང་དུ་བཤད་ཟིན་ཏོ། །གང་གི་ཕྱིར་གྲུབ་པའི་རང་བཞིན་རྣམས་ལ་ཕན་པ་འགའ་ཡང་མེད་པ་དེའི་ཕྱིར་དངོས་པོའི་འབྲེལ་པ་དོན་དམ་པའི་འབྲེལ་པ། དཔེར་ན་གཞི་དང་འབྲེལ་པ་ལས་ཆུ་གནས་བར་འགྱུར་བ་ལྟར་གང་ལ་བརྟེན་ནས་དོན་བྱེད་པའི་ཁྱད་པར་ཉེ་བར་གནས་པར་འགྱུར་བ་ཐམས་ཅད་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ལས་རྣམ་པར་གཞག་པ་ཡིན་ནོ། །འོ་ན་ཅི་ལྟར་རྟེན་དང་བརྟེན་པའི་དངོས་པོ་དང༌། གསལ་བྱ་གསལ་བྱེད་ཀྱི་དངོས་པོ་དང༌། རྒྱུ་དང་འབྲས་བུའི་དངོས་པོ་ཞེས་ཁྱད་པར་གྱི་ཐ་སྙད་དུ་འགྱུར་ཞེ་ན། བཤད་པ། སྐྱེད་པར་བྱེད་པའི་བྱ་བའི་ཁྱད་པར་གྱི་རྣམ་པར་དབྱེ་བ་སྟེ། ཐ་དད་པས་གསལ་བྱ་གསལ་བྱེད་ལ་སོགས་པ་རྣམ་པར་གཞག་གོ །དེས་ན་གཞིའི་དངོས་པོ་འདི་ཡང་འཁར་གཞོང་གི་རྒྱ་ཤུག་དང་ས་གཞིའི་ཆུ་ལ་སོགས་པ་སྐྱེད་པར་བྱེད་པའི་ནུས་པ་ཉིད་དོ། །གང་གི་ཕྱིར་སྐྱེད་པར་བྱེད་པའི་ནུས་པ་ཉིད་གཞིའི་དངོས་པོ་ཡིན་པ་དེའི་ཕྱིར་འཁར་གཞོང་དང༌། རྒྱ་ཤུག་ལ་སོགས་པ་འདི་དག་ལ་དེའི་བདག་ཉིད་དེ། རྟེན་དང་བརྟེན་པའི་བདག་ཉིད་ཀྱི་ཐ་སྙད་དང༌། བློ་དང་དོན་བྱེད་པ་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཉིད་ཀྱིས་བྱས་པ་ཡིན་ཏེ། ལྡན་པ་མེད་པའི་ཕྱིར་རམ། ལྡན་པ་ཡོད་ཀྱང་དེ་དག་སྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་དེ་མེད་ན་མི་འབྱུང་བ་ཅན་ཡིན་པའི་ཕྱིར། དེ་དག་ནི་བསྐྱེད་བྱ་སྐྱེད་ཀྱི་དངོས་པོས་བྱས་པ་ཉིད་དོ། །གཞན་ཡང་བསྐྱེད་


DTG187_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྐྱེད་བྱེད་ཀྱི་དངོས་པོ་ལས་ནི་ཕན་པ། དེ་ལས་མི་ལྡན་པ། དེ་ལས་རྟེན་དང་བརྟེན་པའི་དངོས་པོ་ཡིན་པའི་ཕྱིར། བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་ཉིད་བརྒྱུད་པས་རྟེན་དང་བརྟེན་པའི་དངོས་པོར་བརྟག་པར་ཡིན་ན། བརྒྱུད་པ་རྟོག་པ་དོན་མེད་པའི་ཕྱིར་ཡང་ཐ་སྙད་ལ་སོགས་པ་ནི་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོར་བྱས་པ་ཉིད་དོ། །ཡང་ལན་སྨྲས་པ་ནི་གྲུབ་ཟིན་པ་གནས་པར་བྱེད་པའི་ཕྱིར། གཞི་ཡིན་གྱི། མ་གྲུབ་པ་སྐྱེད་པར་བྱེད་པའི་ཕྱིར་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ན་གནས་པར་བྱེད་པའི་ཕྱིར་གནས་པར་བྱེད་པ་ཡིན་ན། གནས་པ་དང་གཞན་དང་གཞན་མ་ཡིན་པ་མི་འཐད་པ་ནི་ཕན་པ་མི་འཐད་པ་ལས་བཤད་པ་ཡིན་ནོ། །ལྟུང་བ་འགྲོ་བའི་གེགས་བྱེད་པའི་ཕྱིར་གནས་པར་བྱེད་པ་ཡིན་གྱི། གནས་པ་བྱེད་པའི་ཕྱིར་ནི་མ་ཡིན་ནོ། །གེགས་ཀྱང་དངོས་པོ་མ་ཡིན་པའི་ཕྱིར། དེ་ཉིད་དམ་གཞན་དུ་བརྟག་པར་བྱ་བ་མ་ཡིན་ནོ་ཞེ་ན། གང་གི་བྱེད་པ་པོ་སྐྱེད་པར་བྱེད་པར་མི་འགྱུར་བ་གེགས་ཞེས་བྱ་བ་ཅི་ཞིག་ཡིན། མེད་པ་ནི་དངོས་པོས་བྱས་པ་མ་ཡིན་ནོ། །གེགས་ནི་བྱ་བ་ཡིན་པའི་ཕྱིར་དངོས་པོ་ཡིན་ལ། དེ་བྱེད་པ་ཡང་ལྟུང་བའི་སྐྱེད་པར་བྱེད་པ་ཉིད་དོ། །གང་གི་ཕྱིར་གནས་པར་བྱེད་པ་པོས་ལྟུང་བ་དེའི་ལྟུང་བའི་གེགས་བྱས་པ་གང་ཡིན་པ་དེ་ནི་ལྟུང་བ་དེ་དེ་ལས་གཞན་མ་ཡིན་པ་ཉིད་བྱས་པ་ཡིན་ནོ། །གང་གི་ཕྱིར་གཞན་ཉིད་ཡིན་ན་ནི་ལྟུང་བའི་གེགས་ཞེས་བྱ་བའི་དངོས་པོ་དེ་ཉིད་ལ་གནས་པར་བྱེད་པ་པོ་ཉེ་བར་སྦྱོར་བ་ཡིན་པ་དེའི་ཕྱིར། འགས་ཀྱང་ལྟུང་བའི་གེགས་མ་བྱས་པར་འགྱུར་ཏེ། འགྲོ་བའི་ཆོས་ཀྱི་རང་བཞིན་འགྱུར་བ་མེད་པའི་ཕྱིར་རོ། །གནས་པར་བྱེད་པ་པོས་བྱས་པའི་གེགས་དེ་ལས་ལྟུང་བར་ཁས་ལེན་པ་ལ་ཡང་བརྒལ་ཞིང་བརྟགས་པར་མཚུངས་སོ། །ཅི་འདྲ་བ་ཞིག་ཅེ་ན། བྱས་སུ་ཟིན་ཀྱང་གང་གི་ཕྱིར་འགྲོ་བའི་ཆོས་ཅན་དེའི་བདག་ཉིད་དུ་གྱུར་པའི་ཁྱད་པར་ཉམས་པ་དང་སྐྱེས་པ་མེད་པའི་ཕྱིར། དེ་གོ་ཅི་སྟེ་མི་ལྟུང་ཞེས་བྱ་བ་འདི་འདྲ་བའི་བརྒལ་ཞིང་བརྟགས་པའོ། །རང་བཞིན་གང་གིས་སྡར་ལྟུང་བར་འགྱུར་


DTG187_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ཉིད་ད་ལྟར་ཡང་ཡིན་པའི་ཕྱིར་ཅིའི་ཕྱིར་མི་ལྟུང༌། འོན་ཏེ་གེགས་ཞེས་བྱ་བའི་དངོས་པོ་ལས་ལྟུང་བའི་དངོས་པོ་ལ་ཁྱད་པར་གྲུབ་པོ་ཞེ་ན། དེ་ལྟ་ན་འོ་ན་གེགས་འབའ་ཞིག་ཏུ་མ་ཟད་དེ། ཁྱད་པར་དེ་ཡང་བདག་ཉིད་གཞན་ཡིན་བའི་ཕྱིར་དངོས་པོ་ནི་ལྟུང་བ་ལྡོག་པ་མེད་པ་དེའི་བདག་ཉིད་ཁོ་ན་ཡིན་ནོ། །ཁྱད་པར་ཐ་དད་པར་བྱས་ཀྱང་ལྟུང་བའི་ཆོས་ཀྱི་བདག་ཉིད་དེ་གནས་སྐབས་དེ་ཉིད་ཡིན་པའི་ཕྱིར་ལྟུང་བར་འགྱུར་རོ། །འོན་ཏེ་གེགས་ཀྱིས་བྱས་པའི་ཁྱད་པར་གྱིས་ཀྱང་ཁྱད་པར་གཞན་བྱེད་ན་དེ་ལྟ་ན་ཡང་ཐུག་པ་མེད་པར་འགྱུར་རོ། །འོ་ན་ལྟུང་བའི་ཆོས་ཅན་གྱི་བདག་ཉིད་དུ་གྱུར་པའི་གེགས་བྱེད་དོ་ཞེ་ན། བཤད་པ། གཞན་དག་མི་ལྟུང་བའི་ཆོས་དེ་ལྟ་བུར་གྱུར་པའི་བདག་ཉིད་བྱས་པ་ལས་ནི་གེགས་སུ་ཁས་མི་ལེན་ཏེ། མི་ལྟུང་བ་བྱེད་ན་སྐྱེད་བྱེད་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ལྟུང་བ་ལོག་པ་གེགས་ཡིན་ན། དེ་ནི་འབའ་ཞིག་གིས་བྱེད་པར་ནུས་པ་མ་ཡིན་ནོ། །དེས་ན་མེད་པ་བྱེད་པའི་གང་གིས་ཀྱང་དངོས་པོའི་བྱེད་པ་མ་ཡིན་པ་བརྗོད་པར་འགྱུར་རོ། །གང་གི་ཕྱིར་མེད་པ་ཞེས་བྱ་བ་འགའ་ཞིག་ནི་ཡོད་པ་མ་ཡིན་ནོ། དེའི་ཕྱིར་ལྟུང་བ་མེད་པ་བྱེད་དོ་ཞེས་བྱ་བའི་ངག་འདི་དངོས་པོའི་བྱེད་པ་འགོག་པའི་དོན་ཉིད་དུ་འགྱུར་རོ། །ཅི་ལྟར་མེད་པའི་དངོས་པོའི་བྱ་བ་མ་ཡིན་ཞེ་ན། དེ་རྣམ་པ་འགའ་ཞིག་ལྟར་ཞེས་བྱ་བ་སྨོས་ཏེ། ཐ་དད་པ་འམ་ཐ་དད་པ་མ་ཡིན་པར་བྱ་བ་ཡིན་ན་དངོས་པོ་མེད་པ་མ་ཡིན་པར་མི་འཐད་པའི་ཕྱིར་རོ། །བྱེད་པ་ནི་ཡོད་པས་ཁྱབ་པ་ཡིན་ལ་དངོས་པོ་མེད་པ་ལ་ཡང་བྱེད་པ་ཡིན་ནོ། །དེས་ནི་དངོས་པོ་ཉིད་དོ། །དངོས་པོ་ཡང་དེ་ཉིད་ཀྱི་ངོ་བོ་བྱེད་པ་ཡིན་ནོ། །གཞན་ཉིད་ཡིན་ན་ནི་ལྟུང་བ་འམ་ཐུག་པ་མེད་པར་འགྱུར་རོ་ཞེས་སྔ་མ་བཞིན་དུ་ཐལ་བའི་ཕྱིར་ཡང་དངོས་པོ་མེད་པ་ཞེས་བྱ་བ་བྱ་བ་འགའ་ཞིག་ཡོད་པ་ནི་མ་ཡིན་ནོ། །དངོས་པོའི་བྱ་བ་བཀག་པ་དེ་ནི་དངོས་པོ་མི་བྱེད་དོ་ཞེས་བྱ་བའི་དོན་བརྗོད་པར་འགྱུར་རོ། །དེས་ན་གནས་པར་བྱེད་པའི་རྒྱུ་དེ་ལྟུང་བར་བྱེད་པ་མ་ཡིན་ཏེ། ལྟུང་བ་ལ་ནུས་པ་ཡོད་


DTG187_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ནོ་ཞེས་དེ་ལྟར་གསལ་བར་བརྗོད་པར་བྱ་བར་འགྱུར་ལ་དེ་ཡང་འདོད་པ་ཉིད་དོ། །གང་གི་ཕྱིར་ལྟུང་བ་དེའི་ལྟུང་བ་གནས་པར་བྱེད་པ་དེས་བྱས་པ་ནི་མ་ཡིན་ཏེ། ལྟུང་བའི་ཆོས་ཅན་ཡིན་པས་རང་བཞིན་ལྟུང་བའི་ཕྱིས་ཏེ། དཔེར་ན་གནམ་དུ་འཕངས་པའི་བོང་བ་དཔུང་ཤུགས་ཀྱི་དབང་གིས་སྟེང་དུ་སོང་ཡང་རང་གི་ངོ་བོ་ཉིད་ཀྱིས་ལྟུང་བ་བཞིན་ནོ། །དེ་ལྟར་ཡིན་དང་གནས་པར་བྱེད་པར་མངོན་པར་འདོང་པའི་དངོས་པོ་ཅུང་ཟད་མི་བྱེད་པ་དེ་ཅི་ལྟར་རྒྱ་ཤུག་ལ་སོགས་པ་དེའི་གནས་པར་བྱེད་པ་ཡིན། གང་གི་ཕྱིར་གནས་པར་བྱེད་པ་མེད་པ་དེའི་ཕྱིར་རྒྱ་ཤུག་ལ་སོགས་པ་འདི་དངོས་པོ་གཞན་གང་གིས་ཀྱང་ལྟུང་བའི་གེགས་བྱས་པ་མེད་པ་དེའི་ཕྱིར་ནམ་ཡང་གནས་པར་མི་འགྱུར་ཏེ། གནམ་དུ་འཕངས་པ་བཞིན་ནོ། །རེས་འགའ་གནས་པར་ཡང་ཡིན་ལ། རང་བཞིན་གྱི་ཁྱད་པར་མེད་པར་ཡང་གནས་པར་མི་འཐད་པ་དེའི་ཕྱིར་གེགས་ཞེས་བྱ་བའི་སྒྲ་འདིས་ཀྱང་གནས་པར་བྱ་བ་ཉེ་བར་ལེན་པའི་རྒྱུ་གང་ཡིན་པ་དེ་དང་ལྷན་ཅིག་ཡུལ་མཚུངས་པར་སྐྱེ་བ་བརྗོད་པ་ཡིན་ནོ། །ཉེ་བར་ལེན་པའི་ཡུལ་དུ་སྐྱེ་བ་གང་ཡིན་པ་དེ་ཉིད་གནས་པ་ཡིན་ལ། རང་གི་ཉེ་བར་ལེན་པའི་ཡུལ་དུ་སྐྱེ་བ་ཡང་དངོས་པོའི་སྐད་ཅིག་མ་རྣམས་ཁོ་ན་ལ་སྲིད་ཀྱི། བསྟན་པ་གཅིག་བུའི་རང་བཞིན་དག་ལ་ནི་མི་སྲིད་དོ། །དེའི་ཕྱིར་ཆུའི་དེ་འདྲ་བ་ཞེས་བྱ་བ་ནི་དཀྱུས་མའི་མཇུག་སྡུད་པའོ། །ཅི་སྟེ་གང་ལས་དེ་རྗེས་སུ་དཔོག་པ་ཆུ་སྐྱར་ཆུའི་ཡིན་ནམ་ཞེ་ན། བཤད་པ། ཆུ་སྐྱར་ཡང་ཆུ་དེའི་འབྲས་བུ་ཡིན་ནོ། །ག་ལས་ཤེ་ན། ཆུ་སྐྱར་གྱི་གནས་པ་སྡོད་པ་ནི་ཆུ་ལ་ཞེན་པའི་ཕྱིར་རོ། །འདི་ཉིད་བཤད་པ་ནི་གང་གི་ཕྱིར་ཆུ་སྐྱར་གྱི་གནས་པ་ནི་ཆུ་ལ་བརྟེན་པ་ཡིན་བ་དེའི་ཕྱིར་ཆུ་དེ་ལ་ལུས་གནས་པ་ཐོབ་པས་དེའི་འབྲས་བུ་ཉིད་ཀྱི་རང་བཞིན་དུ་འབྲེལ་པའི་ཕྱིར་ཆུ་རྗེས་སུ་དཔོག་པར་བྱེད་པ་ཡིན་ནོ། །ཡུལ་ལ་སོགས་པ་གང་དག་ཡིན་པ་དེ་དག་ལ་ལྟོས་ནས་གོ་བར་བྱེད་པ་ཡིན་པའི་ཁྱད་པར་དང་བྲལ་བ་ནི་མ་ཡིན་ནོ། །དཔྱིད་ཀྱི་དུས་དང༌། དཔག་ཚད་དུ་མར་ཡོངས་སུ་


DTG187_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པ་ཆུ་མེད་པ་མྱ་ངན་གྱི་མཐའི་ཡུལ་གྱི་ཁྱད་པར་དང༌། ཆུ་སྐྱར་གྱི་ལུས་རང་དབང་དང་ཉམས་པ་མེད་པར་གནས་བ་གནས་སྐབས་ཀྱི་ཁྱད་བར་ཡིན་ཏེ། དབྱར་གྱི་དུས་ནི་ཆུ་མདོ་པའི་ཕྱིར་ཐམས་ཅད་དུ་གནས་ལ། ཆུ་ཡོད་པའི་མཐའ་དང་འགའ་ཞིག་གིས་བཞག་པ་འཆི་འདོད་པ་འམ། གཞན་དབང་དུ་གནས་པ་ནི་ཆུ་མེད་ཀྱང་གནས་པ་ཡིན་ནོ། །དེས་ན་ཁྱད་པར་དང་བཅས་པ་རྟགས་ཡིན་ནོ། །ཅི་སྟེ་ཆུ་སྐྱར་ལས་ཆུ་རྗེས་སུ་དཔག་པ་ལ་ཆོས་ཅན་གང་ཡིན། ཆུ་སྐྱར་ཉིད་དོ། །ཆུ་སྐྱར་འདི་ནི་ཆུ་དང་འབྲེལ་པ་ཡིན་ཏེ། ཆུ་སྐྱར་ཡིན་པའི་ཕྱིར་ཞེས་ཁྱད་པར་ཆོས་ཅན་ཡིན་ཞིང་སྤྱི་གཏན་ཚིགས་ཡིན་ནོ། །འདི་ལྟར་དུ་བ་ལས་མེ་རྗེས་སུ་དཔོག་པ་ལ་ཡང་ཚུལ་འདི་ཉིད་ཡིན་ཏེ། ཡུལ་ཕྱོགས་འདི་ནི་མེ་དང་ལྡན་པ་ཡིན་ཏེ། དུ་བ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་མ་ཡིན་ནོ། །འདི་ནི་རང་བཞིན་ཉིད་འབྲས་བུའི་གཏན་ཚིགས་སུ་བརྗོད་པ་ཡིན་ཏེ། རྒྱུ་རྗེས་སུ་དཔོག་པའི་ཕྱིར་རོ། །དཔེར་ན་མིག་གི་རྣམ་པར་ཤེས་པ་རེས་འགའ་བ་ཡིན་པའི་ཕྱིར། རྒྱུ་གཞན་ལ་ལྟོས་པར་རང་བཞིན་ཉིད་བསྒྲུབ་པར་བྱ་བ་ཡིན་ཡང་རྒྱུ་རྗེས་སུ་དཔོག་པའི་ཕྱིར་འདི་འབྲས་བུའི་གཏན་ཚིགས་སུ་འདོད་པ་དེ་བཞིན་དུ་འབྲས་བུ་གཏན་ཚིགས་ཐམས་ཅད་ལ་ཡིན་ནོ། །དེ་ལྟར་མ་ཡིན་ཏེ་ཡུལ་ཕྱོགས་ཆོས་ཅན་དུ་འདོད་ན། གང་དུ་དུ་བ་མཐོང་བ་དེ་ནི་མེ་དང་ལྡན་པ་མ་ཡིན་ལ། མེ་དང་ལྡན་པ་གང་ཡིན་པ་དེ་ན་ཡང་དུ་བ་མེད་པའི་ཕྱིར་གཏན་ཚིགས་གཞི་ཐ་དད་པ་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །འོ་ན་ནི་ཚད་མས་ཡུལ་དུ་མ་བྱས་པའི་ཆུ་དང་ལྡན་པའི་ས་ཕྱོགས་ལ་དོན་དུ་གཉེར་བ་ན་ཆུ་སྐྱར་ལ་འཇུག་པར་མི་འགྱུར་རོ། །ཡུལ་དུ་མ་བྱས་པ་ཡང་ཅི་ལྟར་ཞེ་ན། མཐོང་བ་དང་རྗེས་སུ་དཔག་པའི་ཆུ་སྐྱར་དང་ཆུ་དག་ལས་ཕྱོགས་གཞན་ཉིད་ཡིན་པའི་ཕྱིར་རོ། །གཞི་མེད་པའི་ཆུ་མི་རུང་བའི་ཕྱིར་ཡུལ་ཕྱོགས་ཆུའི་ཁོངས་སུ་འདུས་སོ་ཞེ་ན་འདུས་མོད། འོན་ཀྱང་ཅི་ལྟར་ཕྱུགས་རྫིའི་སྣོད་ཀྱི་དུ་བ་དང༌། རི་སུལ་དག་ཏུ་ངེས་པ་མེད་པའི་རྨ་བྱའི་སྒྲ་དམིགས་ནས་གཞི་ངེས་བ་མེད་པར་


DTG187_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་གྱུར་པ་འམ། ཡོད་པར་མེ་དང་རྨ་བྱ་རྟོགས་པ་དེ་བཞིན་དུ་འདིར་ཡང་རྟོགས་ན་ཡུལ་ངེས་པ་ལ་འཇུག་པར་འགྱུར་རོ། །མིག་གི་རྣམ་པར་ཤེས་པ་ལས་རྗེས་སུ་དཔག་པའི་མིག་ནི་ཡུལ་ངེས་པ་མ་ཡིན་ཡང་ཡུལ་གྱི་ཁྱད་པར་ཚད་མ་གཞན་ཁོ་ན་ལས་ཡིན་ནོ། །གཏན་ཚིགས་ཐ་དད་པར་གྱུར་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་དུ་བ་དང་འབྲེལ་བའི་སྣང་བའི་ཕྱོགས་ཉིད་ནི་ཆོས་ཅན་མ་ཡིན་ནོ། །འོ་ན་གང་ཞེ་ན། སྣང་བའི་བདག་ཉིད་ཅན་གྱི་སྟེང་མཐོང་ཞིང་འོག་རྒྱུ་མཚན་འགའ་ཞིག་ལས་ཡོད་པར་རྟོགས་པའམ། སྔར་མཐོང་བ་དྲན་པར་གྱུར་པ་ཡིན་ཡང་རུང་སྟེ། རྣམ་པ་ཐམས་ཅད་དུ་ཚད་མས་ཡུལ་དུ་བྱས་པའི་ཚོགས་པའོ། །ཕྱོགས་གཅིག་མཐོང་བ་དང་ཆ་གཞན་རྗེས་སུ་དཔག་པའི་ཚོགས་པ་ཆོས་ཅན་ཡིན་གྱི། མཐོང་བ་གཅིག་པུའི་ཡུལ་ནི་མ་ཡིན་ནོ། །འདི་ལྟར་མུན་ཁུང་ཀུན་ནས་བསྐོར་ཅིང་གཡོགས་པར་སྒྲོན་མའི་འབྲས་བུ་སྣང་བ་མ་དམིགས་པ་དག་ཁང་པའི་ནང་ཐམས་ཅད་དུ་སྒྲོན་མ་གནས་པ་མེད་པ་ཤེས་པར་འགྱུར་ཞིང༌། ཤེས་པ་ལ་ཡང་སྒྲོན་མའི་འབྲས་བུས་དབེན་པར་རིག་པར་འགྱུར་རོ། །སྔར་མཐོང་བ་དང་བའམ་རེག་པས་ཉམས་སུ་མྱོང་བཞིན་པའི་ཤེས་པ་དང་ཉེ་བར་གནས་པའི་ཁྱིམ་གྱི་ནང་མཐའ་དག་ནི་ཆོས་ཅན་ཡིན་ནོ། །འདིས་ནི་འབྲས་བུ་མ་དམིགས་པ་ལས་སྒྲ་མེད་པར་ངེས་པ་ཡང་བཤད་པ་ཡིན་ནོ། །ཚོགས་པའི་བདག་ཉིད་ཅན་གྱི་ཆོས་ཅན་ངེས་པ་དེ་ལ་ཡང་དུ་བ་ལས་ཕྱོགས་གཅིག་མེ་དང་ལྡན་པར་བསྒྲུབ་པར་བྱ་བ་ཡིན་ནོ། །ཕྱོགས་གཅིག་མེད་དང་ལྡན་པར་བསྒྲུབ་པར་བྱ་བའི་ཆོས་ཅན་གང་ཡིན་པ་དེ་ཡང་མེ་དངོས་ཉིད་དང་དུ་བའི་དངོས་དང་བརྒྱུད་པས་རྒྱུ་ཡིན་པའི་ཕྱིར་བསྒྲུབ་བྱ་དང་སྒྲུབ་བྱེད་དག་གཞི་གཅིག་པ་ཉིད་དོ། །གཞི་ཞེས་བྱ་བ་རྒྱུ་ལས་གཞན་དུ་གྱུར་པ་ནི་མེད་དོ། །དེ་ཉིད་ཀྱི་ཕྱིར་དུ་བ་དང་འབྲེལ་པའི་ཡུལ་ཕྱོགས་དང་ལྷན་ཅིག་པའི་མེ་དང་ལྡན་པའི་ཡུལ་ནི་ཆོས་ཅན་ཉིད་ཡིན་ཏེ། གཉི་གས་དུ་བའི་རྒྱུན་གཅིག་ལ་ཕན་འདོགས་པའི་ཕྱིར་རོ། །འབྲས་བུའི་གཏན་ཚིགས་དཔྱད་པར་སློབ་


DTG187_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱིས་ཡུལ་ཕྱོགས་དེ་ཡང་དུ་བའམ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་ཆོས་ཅན་ཡུལ་ཕྱོགས་དང་དུ་བ་རྒྱུ་དང་འབྲས་བུའི་འབྲེལ་པ་ཉིད་ཡིན་པར་བཤད་པ་གཞན་གྱིས་མ་རྟོགས་པའི་ཕྱིར་ངན་པ་རང་བརྒྱུད་པ་ཡིན་ནོ། །དེ་ལྟར་ཅུང་ཟད་མཐོང་བ་ཁྱད་པར་བྱེད་པའི་སྣང་བ་རྗེས་སུ་སོང་བ་འོག་གི་ཆ་དང་ལྡན་པའི་ཡུལ་ནི་ཆོས་ཅན་ཡིན་ནོ། །དེའི་ཕྱོགས་གཅིག་ཆུ་དང་ལྡན་པ་ཡང་བརྒྱུད་ནས་ཆུ་སྐྱར་གྱི་རྒྱུ་ཡིན་པའི་ཕྱིར་གཞི་མཐུན་པ་ཉིད་དོ། །དུ་བ་དང་ཆུ་སྐྱར་ལ་སོགས་པའི་ཡུལ་མཐོང་བ་དང་ཆོས་ཉིད་དུ་གཞག་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་མེ་དང་ལྡན་པར་ངེས་པའི་ཡུལ་མི་ཤེས་པར་འགྱུར་རོ། །དེའི་ཕྱིར་ཚོགས་པའི་ཆོས་ཅན་དུ་གཟུང་བར་བྱ་བ་ཡིན་ནོ། །གཞི་རྗེས་སུ་དཔོག་པར་ནི་ཆུ་ཆོས་ཅན་ཡིན་ལ་རོ་ལ་སོགས་པ་དཔོག་པར་ནི་གཟུགས་ཡིན་ནོ། །དེ་དག་གི་བསྒྲུབ་པར་བྱ་བའི་གཞི་དང་རྒྱུའི་ཁྱད་པར་དང་འབྲེལ་བ་ཡང་རང་གི་ངོ་བོ་ཁོ་ན་ཡིན་ནོ། །ཅི་ལྟར་མིག་བཞིན་དུ་འདིར་ནི་ཡུལ་མ་ངེས་པ་མ་ཡིན་ནོ། །མིག་གི་རྣམ་པར་ཤེས་པ་རེས་འགའ་བ་ཉིད་ལས་ནི་རྒྱུ་གཞན་ལ་ལྟོས་པའི་ངོ་བོ་ཉིད་ཡིན་ལ། ཡུལ་ངེས་པ་ནི་ཚད་མ་གཞན་ལས་ཡིན་ནོ། །དེ་ལྟར་གོ་བར་བྱེད་པ་ཉིད་རབ་ཏུ་གྲགས་པ་ཐ་དད་པར་དོགས་པ་རྣམས་ཁོངས་སུ་འདུ་བར་བསྒྲུབས་ནས་གཞན་དག་ལ་ཡང་བསྒྲེ་བའི་ཕྱོགས་འདིས་ཞེས་སྨོས་སོ། །ཡང་ཅིའི་ཕྱིར་གཏན་ཚིགས་གཞན་མེད་ཅེ་ན་དེ་དང་མ་འབྲེལ་པ་ནི་དེ་མེད་ན་མི་འབྱུང་བར་ངེས་པ་མེད་པའི་ཕྱིར་གཞན་པའི་གོ་བར་བྱེད་པ་མེད་པ་ཡིན་ནོ། །དེ་ལྟར་གཏན་ཚིགས་ཀྱི་རང་བཞིན་སྤྲོས་པ་དང་བཅས་ཏེ་བཤད་ནས། གཏན་ཚིགས་ལྟར་སྣང་བ་བཤད་པར་འདོད་པས་གཏན་ཚིགས་ལྟར་སྣང་བ་མཐའ་དག་གིས་གོ་བར་བྱེད་པ་མ་ཡིན་པ། ཐུན་མོང་དུ་བཤད་པའི་ཕྱིར་བཤད་པ། ཤེས་བྱ་ཡན་ལག་རྒྱུ་མཚན་ཚུལ་གསུམ་མ་གྲུབ་པ་གང་ཡིན་པ་དེ་ལ་ཤེས་བྱེད་ནུས་པ་ཡོད་མིན་ཕྱིར་ཏེ། ཤེས་པར་བྱེད་པ་མ་ཡིན་པའི་ཕྱིར་ཚུལ་གསུམ་མ་གྲུབ་པའམ་ཐེ་


DTG187_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་ཟ་ན་རྟོགས་པ་པོའི་སྒྲུབ་པར་བྱེད་པའི་རྟགས་མ་ཡིན་ནོ། །འདི་ཉིད་བསྟན་པའི་ཕྱིར་ཤེས་པར་བྱེད་པའི་ཞེས་སྨོས་སོ། །རྒྱུ་ནི་རྣམ་པ་གཉིས་ཏེ། ས་བོན་ལ་སོགས་པ་བྱེད་པ་པོ་དང་ཤེས་པར་བྱེད་པ་པོ་རྟགས་སོ། །དེ་ལ་བྱེད་པ་པོའི་རྒྱུ་ནི་རུང་བ་ཉིད་ཀྱིས་འབྲས་བུ་སྐྱེད་པའི་ཕྱིར་ཤེས་པ་ལ་མི་ལྟོས་སོ། །ཤེས་པར་བྱེད་པའི་རྒྱུ་ནི་སྒྲོན་མ་བཞིན་དུ་རུང་བ་ཉིད་ཀྱིས་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ཏེ། འོན་ཀྱང་འབྲེལ་པ་ངེས་པ་ཆོས་ཅན་འགའ་ཞིག་ལ་མཐོང་བའི་བསྒྲུབ་བྱ་མེད་ན་མི་འབྱུང་བར་དྲན་པ་གང་ཡིན་པ་འདི་ཉིད་ལྐོག་ཏུ་གྱུར་པའི་དོན་ངེས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དངོས་སུ་ལྐོག་ཏུ་གྱུར་པའི་ཤེས་པ་བྱེད་པ་པོ་མ་ཡིན་པའི་ཕྱིར་ཤེས་པར་བྱེད་པ་རྒྱུ་ཡིན་གྱི་བྱེད་པ་པོ་ནི་མ་ཡིན་ནོ། །དུ་བ་དངོས་སུ་དྲན་པ་ལ་ཉེ་བར་སྦྱོར་བ་ནི་མ་ཡིན་ནོ། །ཚུལ་གསུམ་གྱི་བདག་ཉིད་གང་གིས་ཤེས་པར་བྱེད་པའི་རྒྱུ་མཚན་ཡིན་པ་དེའི་ཚུལ་གསུམ་པོ་དེ་མ་གྲུབ་པ་སྟེ། ལོག་པར་ངེས་པའམ་ཐེ་ཚོམ་ཟན་ཤེས་པར་བྱེད་པ་མ་ཡིན་ཏེ། རུང་བ་ཉིད་ཀྱིས་ཤེས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །སྒྲ་བཞིན་ནོ་ཞེས་བྱ་བ་ལ། སྒྲ་ནི་རུང་བ་ཉིད་ཀྱི་དོན་གོ་བར་བྱེད་པ་མ་ཡིན་ཏེ། འོན་ཀྱང་ཡི་གེའི་གོ་རིམས་ཅན་གྱི་ཁྱད་པར་འགའ་ཞིག་གིས་དོན་དང་མེད་ན་མི་འབྱུང་བ་ཉིད་དུ་བརྡ་བྱས་པའི་རང་བཞིན་དེ་དང༌། དོན་དང་འབྲེལ་པ་བརྟགས་པ་དེ་མ་གྲུབ་པ་འམ་ཐེ་ཚོམ་ཟན་སྒྲ་གོ་བར་བྱེད་པ་མ་ཡིན་པ་དེ་བཞིན་དུ་རྟགས་ཀྱང་ངོ༌། །དེ་ལ་ཅི་ལྟར་གོ་རིམས་ཅན་གྱི་རང་བཞིན་ནམ་དོན་དང་འབྲེལ་པ་བརྟགས་པ་མ་གྲུབ་པ་འམ་ཐེ་ཚོམ་ཟན་སྒྲ་གོ་བྱེད་མ་ཡིན་པ་དེ་བཞིན་དུ་རྟགས་ཀྱང་ཡིན་ནོ། །ཚུལ་གསུམ་གྱིས་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ག་ལས་ཤེ་ན། བསྒྲུབ་པར་བྱ་བའི་ཆོས་ཅན་དང་ལྷན་ཅིག་མ་འབྲེལ་བ་ལས་མི་རྟོགས་པའི་ཕྱིར། དཔེར་ན་ཚང་བང་དུ་མཐོང་བའི་དུ་བ་ལས་རྒྱ་མཚོར་མེ་མི་རྟོགས་པ་བཞིན་ནོ། །འདིས་ནི་ཕྱོགས་ཀྱི་ཆོས་ཀྱི་ཉེ་བར་སྦྱོར་བ་བསྟན་ཏོ། །བསྒྲུབ་པར་བྱ་བ་དང་འབྲེལ་པ་མེད་པ་གང་ཡིན་པ་དེ་ལས་ཀྱང་རྟོགས་པ་མ་ཡིན་པའི་ཕྱིར་རོ། །


DTG187_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ཞེ་ན། ཐམས་ཅད་ལས་ཞེས་སྨོས་ཏེ། འདིས་ནི་རྗེས་སུ་འགྲོ་ལྡོག་གི་ཉེ་བར་སྦྱོར་བ་བསྟན་ཏོ། །གལ་ཏེ་འབྲེལ་བ་མེད་པ་གོ་བར་བྱེད་པ་ཡིན་ན་གང་གིས་ཐམས་ཅད་གོ་བར་བྱེད་པར་མི་འགྱུར་བའི་ཁྱད་པར་གང་ཞིག་ཡིན། ཐམས་ཅད་ལས་ཐམས་ཅད་རྟོགས་པ་ཡང་མ་ཡིན་ཏེ། དེས་ན་འབྲེལ་བ་ཉིད་ངེས་པར་བྱེད་པ་ཡིན་ནོ། །དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པའི་མཚན་ཉིད་ཡིན་པའི་ཕྱིར་ཚུལ་གསུམ་དང་རྗེས་སུ་འབྲེལ་པའི་གཏན་ཚིགས་ཡིན་ནོ། །དེའི་ཕྱིར་ཆོས་ཅན་དང་འབྲེལ་བ་དང༌། རྗེས་སུ་འགྲོ་བ་དང་ལྡོག་པ་དང༌། རྒོལ་བ་དང༌། ཕྱིར་རྒོལ་བ་དག་ལ་མ་གྲུབ་པ་འམ། ཐེ་ཚོམ་ཟ་བའི་ཆོས་གང་ལ་ཡོད་པ་དེ་དག་ནི་གཏན་ཚིགས་འདྲ་བར་མངོན་པས་ན་གཏན་ཚིགས་ལྟར་སྣང་བ་ཡིན་གྱི། གཏན་ཚིགས་ཉིད་ནི་མ་ཡིན་ནོ། །ཚུལ་གསུམ་པོ་དེ་ལ་ཕྱོགས་ཀྱི་ཚུལ་གཅིག་རབ་ཏུ་མ་གྲུབ་སྟེ་བཟློག་པ་གྲུབ་པ་འམ། ཐེ་ཚོམ་ཟན་མ་གྲུབ་པ་སྟེ། མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བར་འགྱུར་རོ། །དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལས་ལྡོག་པ་གཅིག་རབ་ཏུ་མ་གྲུབ་པ་འམ་ཐེ་ཚོམ་དུ་གྱུར་ན་འཁྲུལ་པ་ཅན་མ་ངེས་པའི་གཏན་ཚིགས་ལྟར་སྣང་བར་འགྱུར་རོ། །གཉིས་མ་གྲུབ་སྟེ་ཕྱིན་ཅི་ལོག་ཏུ་གྲུབ་ན་འགལ་བའི་གཏན་ཚིགས་ལྟར་སྣང་བའོ། །བམ་གྱི་དོན་ནི་རང་ཉིད་འཆད་པར་འགྱུར་རོ། །ཐེ་ཚོམ་ཟ་ན་ཞེས་བྱ་བ་ནི་གཉིས་ཞེས་བྱ་བར་སྙེགས་སོ། །གཉིས་ཐེ་ཚོམ་དུ་གྱུར་ན་འཁྲུལ་པ་ཅན་མ་ངེས་པ་ཡིན་ནོ། །དཔེར་བརྗོད་པ་ནི་རང་ཉིད་སྟོན་པར་འགྱུར་རོ། །དེ་ཉིད་སྟོན་པར་བྱེད་པ་ནི་ཚུལ་རེ་རེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མ་གྲུབ་པ་ཞེས་བྱ་བ་ནི་མ་གྲུབ་པའི་མིང་ངོ༌། །མ་ངེས་པ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་པས་སོ། །གཅིག་པོ་གང་ཞིག་མ་གྲུབ་ན་མ་གྲུབ་པར་འགྱུར་ཞེ་ན། བཤད་པ། ཆོས་ཅན་དང་འབྲེལ་པ་མ་གྲུབ་ན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །དཔེར་བརྗོད་པ་སྟོན་པར་བྱེད་པ་ནི། དཔེར་ན་སྒྲ་མི་རྟག་སྟེ་ཞེས་བྱ་བའོ། །མིག་གིས་གཟུང་བ་ནི་ཆོས་ཅན་སྒྲ་དང་འབྲེལ་པ་མ་གྲུབ་པའི་ཕྱིར་གཉི་ག་ལ་མ་གྲུབ་པའི་གཏན་ཚིགས་


DTG187_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་བའོ། །སེམས་པ་ཅན་སེམས་དང་ལྡན་པ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་བྱ་སྟེ། ཤུན་པ་ཐམས་ཅད་བཤུས་ནས་འཆི་བའི་ཕྱིར་སྐྱེས་བུ་བཞིན་ནོ། །འཆི་བ་ནི་འདིར་སྐམ་པ་ལ་བསམས་ནས། ཤིང་ལ་སོགས་པ་ལ་གསོན་པོ་ཉིད་བསྒྲུབ་པའི་ཕྱིར། རྒོལ་བ་ཕྱོགས་ཀྱི་གོས་ཅན་གྱིས་གཏན་ཚིགས་འདི་བཀོད་ལ། ཕྱིར་རྒོལ་བ་སངས་རྒྱས་པས་ནི་ཁས་མ་བླངས་སོ། །ཡང་ཅིའི་ཕྱིར་རབ་ཏུ་གྲགས་པའི་འཆི་བ་ཁས་མི་ལེན་ཞེ་ན། བཤད་པ། རྣམ་པར་ཤེས་བ་དང་དབང་པོ་དང་ཚེ་ནི་སྲོག་སྟེ། རྣམ་པར་ཤེས་པ་ལ་མི་འཁྲུལ་བའི་དྲོད་དོ། །དེ་དག་འགགས་པ་དེ་ནི་འཆི་བའི་མཚན་ཉིད་ཡིན་པར་སངས་རྒྱས་པ་ལ་གྲགས་སོ། །འདིར་ནི་འཇིག་རྟེན་ལ་གྲགས་པའི་རང་བཞིན་གྱི་དབང་པོ་དང་ཚེ་བརྗོད་པ་ཡིན་ཏེ། བསྟན་བཅོས་ལ་གྲགས་པ་ནི་རིགས་པའི་ལམ་དུ་མི་འཇུག་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུའི་འཆི་བ་སངས་རྒྱས་པ་ཁས་ལེན་ན་སེམས་ཅན་དུ་ཇི་ལྟར་ཁས་མི་ལེན། གང་ལ་ཡོད་པ་མངོན་དུ་འགྲོ་བ་ཅན་གང་གི་འགོག་པ་འཇོག་པ་ཡོད་པ་དེ་ལ་དེ་ཅི་ལྟར་ཡོད་པ་མ་ཡིན། དེའི་ཕྱིར་འཆི་བ་གྲུབ་ན་རྣམ་པར་ཤེས་པ་ཡང་བསྒྲུབ་བྱ་མ་ཡིན་པར་འགྱུར་ལ། དེ་མ་གྲུབ་ན་ཡང་གང་ལས་སེམས་པ་ཅན་ཡིན་སྙམ་དུ་བསམས་པའོ། །འདི་སྙམ་དུ་ཤིང་དག་ལ་ཡང་སངས་རྒྱས་པ་འཆི་བའི་སྒྲ་འཇུག་པར་བྱེད་པ་ཉིད་དོ། །དེས་ན་འཆི་བའི་སྒྲའི་རྗེས་སུ་འབྲངས་པ་ལས། རྗེས་སུ་རྟོགས་པ་རབ་ཏུ་གྲགས་པ་དེ་ནི་བརྗོད་བྱ་ཉིད་དོ་སྙམ་ན། བཤད་པ། གང་གི་ཕྱིར་སྒྲ་ནི་འདོད་པས་འཇུག་པ་མ་ཡིན་པ་དེའི་ཕྱིར་དེའི་དབང་གིས་རྣམ་པར་ཤེས་པ་ལ་མི་འཁྲུལ་བ་འཆི་བའི་དངོས་པོ་རྣམ་པར་གནས་པ་མ་ཡིན་ཏེ། ཐམས་ཅད་ཀྱི་ཐམས་ཅད་འགྲུབ་པར་ཐལ་བའི་ཕྱིར་རོ། །གང་གི་ཕྱིར་སྲོག་ཆགས་ཀྱི་འཆི་བ་ཤིང་དག་ལ་མ་གྲུབ་པ་དེའི་ཕྱིར་འཇིག་རྟེན་འདི་ཤིང་རྣམས་ལ་སྐམ་པས་འཆི་བར་བརྗོད་པ་ཡིན་ནོ། །འོ་ན་སྐམ་པ་ཉིད་སྲོག་དང་ལྡན་པའི་གཏན་ཚིགས་ཡིན་ནོ་ཞེ་ན། སྲོག་ཆགས་ཀྱི་འཆི་བ་ནི་དེ་ལྟ་བུ་མ་ཡིན་ཏེ། སྐམ་པ་དེ་སྲོག་ཆགས་ཉིད་དང་འབྲེལ་པར་མ་མཐོང་


DTG187_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ། །དེའི་ཕྱིར་ཤིང་དག་ལ་སྐམ་པ་གྲུབ་ཀྱང་སྲོག་དང་ལྡན་པ་ཉིད་ནི་མི་འགྲུབ་པོ། །གལ་ཏེ་རེ་ཞིག་འཆི་བ་ཙམ་སྤྱིར་གྲུབ་པ་ཡིན་ལ། དེ་ཡང་སྲོག་དང་ལྡན་པ་ཉིད་དང་འབྲེལ་པར་མཐོང་བ་དེའི་ཕྱིར་སྲོག་དང་ལྡན་པ་ཉིད་དུ་གྲུབ་པས་བསྐམས་པ་འམ། རྣམ་པར་ཤེས་པ་འགགས་པ་ཞེས་བྱ་བའི་ཁྱད་པར་བསམས་པས་ཅི་ཞིག་བྱ་ཞེ་ན། བཤད་པ། གང་གི་ཕྱིར་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་དངོས་པོ་ལ་མི་ལྟོས་པའི་སྒྲ་ཙམ་ཡོད་པའི་ཕྱིར་དངོས་པོས་རྟོགས་པར་བྱ་བའི་དངོས་པོ་གང་ཡིན་པ་དེ་གྲུབ་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྐམ་པ་ལས་སྲོག་དང་ལྡན་པ་ཉིད་དུ་མི་འགྲུབ་པོ། །འདི་སྐད་བརྗོད་པ་ཡིན་ཏེ། འདིར་འཆི་བའི་སྒྲ་ཙམ་ཉིད་ཐུན་མོང་ཡིན་གྱི་འཆི་པའི་དངོས་པོ་ནི་མ་ཡིན་ཏེ། སྐམ་པ་དང་དབང་པོ་ལ་སོགས་པ་འགགས་པ་ཤིན་ཏུ་ཆོས་མི་མཐུན་པའི་ཕྱིར་རོ། །སྒྲ་ལས་དོན་རྟོགས་པ་ཡང་མ་ཡིན་ཏེ། དེས་ན་སྒྲའི་རང་བཞིན་གྱི་སྤྱིས་ནི་གྲུབ་པ་མ་ཡིན་ནོ། །རྣམ་པར་ཤེས་པ་ལ་མི་འཁྲུལ་པའི་འཆི་བ་ཁྱད་པར་ཅན་ཤིང་དག་ལམ་གྲུབ་པར་བཤད་པ་འདི་ནི་གྲངས་ཅན་གྱིས་བཀོད་པ་བློ་སེམས་པ་མེད་པར་བྱེད་པ་མི་རྟག་པ་ཉིད་དང༌། བྱེ་བྲག་པས་ཉེ་བར་བཀོད་པ་ལུགས་དང་བྱེད་པ་དང་གནས་ལ་སོགས་པ་ཁྱད་པར་དུ་འཕགས་པའི་བློའི་རྒྱུ་ཅན་གྲུབ་པར་བྱེད་པ་དབྱིབས་ཀྱི་ཁྱད་པར་དང༌། དེ་དག་ལ་སོགས་པ་གང་ཡིན་པ་སྟེ། བློ་དང་གནས་ལ་སོགས་པའི་ཆོས་ཅན་དང་འབྲེལ་བའི་བསྒྲུབ་བྱ་སེམས་པ་མེད་པ་ལ་སོགས་པ་གང་ཡིན་པ་དེ་དག་གི་སྒྲུབ་པར་བྱེད་པ་དག་མ་གྲུབ་པར་བཤད་པ་ཡིན་ནོ། །སོགས་པ་སྨོས་པས་ནི་གདོད་ནས་འཇུག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་གཟུང་ངོ༌། །ཅི་ལྟར་དེ་དག་ཀྱང་མ་གྲུབ་སྟེ། འདི་ལྟར་བློ་མི་རྟག་པ་ཉིད་དང༌། གནས་ལ་སོགས་པ་རྣམས་དབྱིབས་ཀྱི་ཁྱད་པར་ཅན་དུ་ནི་གྲུབ་པ་ཡིན་ནོ་ཞེ་ན། གང་གི་ཕྱིར་བློ་དང་གནས་ལ་སོགས་པ་དེར་ཡང་སྒྲ་འབའ་ཞིག་གྲུབ་ཀྱི། གྲངས་ཅན་གྱིས་ཅི་འདྲ་བ་ཞིག་བརྗོད་པར་བྱ་བའི་དོན་ནི་མ་གྲུབ་པ་ཉིད་ཡིན་ལ། བློ་སྔོན་དུ་འགྲོ་བ་ཅན་ལ་མི་


DTG187_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་དབྱིབས་ཀྱི་ཁྱད་པར་ཡང་མ་གྲུབ་པ་ཁོ་ནའོ། །རེ་ཞིག་གྲངས་ཅན་པའི་བློ་སེམས་པ་མེད་པར་བསྒྲུབ་པ་ལ་ཅི་ལྟར་སྒྲ་ཙམ་ཞིག་གྲུབ་ཀྱི་དོན་མ་ཡིན་ཞེ་ན། གང་གི་ཕྱིར་གཞན་བདེ་བར་གཤེགས་པ་དག་ཉམས་པ་མེད་པའི་རང་བཞིན་ཉེ་བར་ཞི་བ་མི་མཐོང་བའི་བདག་ཉིད་ལ་མི་རྟག་པ་ཉིད་དུ་ནི་མི་འདོད་དོ། །གང་ཞིག་མི་རྟག་པ་ཉིད་དུ་འགྱུར་བ་མ་མཐོང་བའི་རང་བཞིན་ལས་མ་ཉམས་པའི་དངོས་པོ་ནི་མི་མཐོང་བར་འགྱུར་བ་མ་ཡིན་ནོ། །དེས་ན་རྗེས་སུ་འགྲོ་བ་མེད་པ་ཉིད་དུ་ལྡོག་པར་ཁས་ལེན་ཏོ། །དེས་ན་སྒྲ་ཐུན་མོང་དུ་གཉི་ག་ལ་གྲུབ་ཀྱི་དོན་ནི་འགའ་ཡང་མ་ཡིན་ནོ། །འདིར་བདག་ཉིད་ཉམས་པ་དང་མི་མངོན་པའི་རང་བཞིན་གྱི་ཁྱད་པར་བརྗོད་པར་འདོད་པ་མེད་པའི་མི་མཐོང་བ་ཉིད་དང་དོན་བྱེད་པ་ལ་ཉེ་བར་སྦྱོར་བ་མི་རུང་བ་ཉིད་མི་རྟག་པའི་སྒྲས་བརྗོད་པར་བྱ་བ་ནི་རྗེས་སུ་འགྲོ་བ་མེད་པར་ཉམས་པ་དང༌། མི་མངོན་པར་གྱུར་པ་དག་ལ་ཁྱད་པར་མེད་དོ། །དེ་ཉིད་ནི་ཁྱད་པར་བརྟེན་པ་མེད་པ་སྤྱི་གྲུབ་པ་ཡིན་ལ། དེ་གྲུབ་པ་མིན་ན་ཉེ་བར་ཞི་བ་ཕྱིར་རྒོལ་བ་ལ་མ་གྲུབ་པོ་ཞེས་ཁྱད་པར་རྟོག་པའི་སྒོ་ནས་མ་གྲུབ་པར་རྩོད་པ་ནི་ལྟག་ཆོད་དུ་འགྱུར་རོ་ཞེ་ན། སློབ་དཔོན་གྱིས་འདི་ལྟག་ཆོད་ཡིན་པ་བཟློག་པའི་ཕྱིར་ལྟག་ཆོད་ཀྱི་ཡུལ་སྟོན་པར་བྱེད་པ་ནི། གལ་ཏེ་བྱས་པ་ཉིད་ལ་སོགས་པ་ལྟར་མི་རྟག་པའི་སྒྲ་འདིས་གང་ཞིག་བརྗོད་པར་བྱ་བ་དངོས་པོ་ཅུང་ཟད་ཅིག་ཅེས་བྱ་བ་དངོས་པོར་ཡོད་པའི་སྤྱིའོ། །རྒོལ་བ་དང་ཕྱིར་རྒོལ་བ་གཉི་གས་ཀྱང་སྤྱིར་འདོད་པ་ཡིན་ཏེ། གཉི་ག་ལ་གྲུབ་པ་ཡིན་ན་ལན་ལོག་པར་འགྱུར་བ་ཡིན་ནོ། །བྱས་པ་ཉིད་ནི་ཐུན་མོང་དུ་དངོས་པོར་གྲུབ་པ་ཡིན་ནོ། །བུམ་པ་འམ་སྒྲ་ནི་བྱས་པའི་སྒྲས་བརྗོད་པར་བྱ་བ་མ་ཡིན་གྱི། འོན་ཀྱང་རྒྱུས་བསྐྱེད་པའི་དངོས་པོ་ཙམ་བརྗོད་པར་བྱ་བ་ཡིན་ནོ། །དེ་ནི་གཉི་ག་ལ་ཡང་གྲུབ་བོ། །གལ་ཏེ་དེ་ཙམ་ལ་བསྒྲུབ་བྱས་ཁྱབ་བ་མ་ཡིན་ན་ནི་སྒྲ་མེད་ཀྱང་ཤུགས་ཀྱིས་ཁྱད་པར་འཕེན་པ་ཡིན་ན། དེ་ཙམ་ཉིད་ལ་མི་རྟག་པ་ཉིད་ཀྱིས་ཁྱབ་པ་ཡིན་ནོ། །དེས་ན་སྒྲས་བརྗོད་པར་བྱ་བ་བསྒྲུབ་བྱས་ཁྱབ་པ་ཉིད་ཀྱི་མི་འགྲུབ་པ་ཡིན་ན་བསྒྲུབ་པར་བྱ་བའི་ཤུགས་ཀྱིས་འཕངས་པ་ཡིན་ཞིང༌། སྒྲས་ཀྱང་མ་ཟིན་པའི་ཁྱད་


DTG187_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པ་ནི་ལྟག་ཆོད་དུ་འགྱུར་གྱི། འདིར་ནི་མི་རྟག་པའི་སྒྲས་བརྗོད་པར་བྱ་བར་དོན་གཅིག་ལ་གྲུབ་པ་གང་ཡིན་པ་དེ་གཞན་ལ་མ་ཡིན་པས། མི་རྟག་པའི་སྒྲས་བརྗོད་པར་བྱ་བ་འབའ་ཞིག་ཁྱད་པར་མེད་པར་ཡོད་ཀྱི་དོན་ནི་ཤིན་དུ་ཐ་དད་དོ། །དེས་ན་འདིར་ཁྱད་པར་རྟོག་པའི་ལྟག་ཆོད་མ་ཡིན་ནོ། །གལ་ཏེ་འདིར་ཡང་མི་མངོན་པ་ཞེས་བྱ་བ་མི་མཐོང་བའི་བདག་ཉིད་དང༌། དོན་བྱེད་པ་ལ་སྦྱོར་བར་མི་རུང་བ་ཡུ་བུ་ཅག་ལ་ཐུན་མོང་དུ་ཡོད་པ་མ་ཡིན་ནམ་ཞེ་ན། གནས་པའི་དོན་མི་མངོན་པ་དེ་ལ་ནི་གཞན་སངས་རྒྱས་པ་དག་མི་རྟག་པ་ཉིད་དུ་མི་བརྗོད་དོ། །འོ་ན་ཅི་ཞེ་ན། རྗེས་སུ་འགྲོ་བ་མེད་པར་ལྡོག་པའི་འཇིག་པ་ལ་མི་རྟག་པ་ཉིད་དུ་བརྗོད་དོ། །ཡང་སྤྱི་བསྒྲུབ་པའི་ཕྱིར་གལ་ཏེ་ཞེས་སྨོས་སོ། །ཞིག་པ་དང་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་མེད་པར་ལྡོག་པའོ། །མི་མངོན་པར་གྱུར་པ་ནི་བུམ་པའི་རང་བཞིན་དུ་རྣམ་པར་གནས་པའོ། །རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་ཡང་མི་གསལ་བ་མི་རྟག་པའི་བདག་ཉིད་དང༌། དོན་བྱེད་པ་ལ་ཉེ་བར་སྦྱོར་བར་མི་རུང་བ་མི་རྟག་པའི་སྒྲས་བརྗོད་པར་བྱ་བ་ཐུན་མོང་དུ་ཡོད་པ་ཉིད་དོ། །དཔེར་ན་རྒྱུས་བསྐྱེད་པ་ཞེས་བྱ་བ་བྱས་པའི་སྒྲས་བརྗོད་པར་བྱ་བ་བཞིན་ནོ་ཞེ་ན། གལ་ཏེ་སྲིད་པ་ཡིན་ན་མི་གསལ་བ་ཐུན་མོང་དུ་འགྱུར་བ་ཞིག་ན། འགྱུར་བ་མེད་པའི་རང་བཞིན་ལ་ནི་མི་གསལ་བ་ཉིད་མི་སྲིད་པར་བསྟན་པའི་ཕྱིར་ཅི་སྟེ་ཞེས་སྨོས་སོ། །མཚན་ཉིད་འདིས་ཞེས་བྱ་བ་ནི་མི་གསལ་བ་ནི་མི་མཐོང་བའི་བདག་ཉིད་ཡིན་ལ་དེ་ཡང་མི་རྟག་པ་ཡིན་པའི་ཕྱིར། གཙོ་བོ་ནི་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་གྱི་རང་བཞིན་ནོ། །སྐྱེས་བུ་སེམས་ཀྱི་རང་བཞིན་ནོ། །སོགས་པ་སྨོས་པས་ནི་གནས་སྐབས་ཀྱི་ཁྱད་པར་མི་མཐོང་བའི་བདག་ཉིད་མི་རྟག་པར་འགྱུར་རོ། །ཅི་སྟེ་མི་མཐོང་བའི་གནས་སྐབས་ལ་སྔར་ཆོས་གཞན་ཡིན་པ་སྟེ། མཐོང་བའི་བདག་ཉིད་ཡིན་བ་མི་གསལ་ཏེ། མི་མཐོང་བའི་བདག་ཉིད་ནི་མི་རྟག་པ་ཡིན་གྱི་མི་མཐོང་བའི་བདག་ཉིད་ཙམ་ནི་མ་ཡིན་ནོ་ཞེ་ན། འདི་འདྲ་བའི་མི་གསལ་བ་ཡིན་དུ་ཆུག་མོད། སྔར་ཆོས་གཞན་ཡང་ཡིན་ལ་ཉམས་པ་


DTG187_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་བདག་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་ནི་འདིར་རེ་རེ་ཞིང་ཡང་ཁྱེད་ཀྱིས་ལེགས་པར་ཐ་སྙད་བྱས་སོ། །གལ་ཏེ་ཉམས་པ་མེད་པའི་བདག་ཉིད་ཅན་ཡིན་ན་མཐོང་བ་ཉིད་ཀྱི་ཆོས་ཅི་ལྟར་ལྡོག །དེའི་ཕྱིར་མི་འཕོ་བའི་བདག་ཉིད་ལ་ནི་འདི་འདྲ་བའི་མི་གསལ་བ་མི་སྲིད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཉམས་པ་མེད་པའི་བདག་ཉིད་ཀྱི་ཆོས་སྔ་མ་ལྡོག་པ་བརྗོད་པ་འདིས་ནི་སྔ་མའི་གནས་སྐབས་ལྡོག་པ་ཡང་མི་འཐད་པར་བཤད་པ་ཡིན་ནོ། །བཤད་པ། དེ་ཉིད་སྟོན་པ་ནི་གང་ཞིག་གནས་སྐབས་ལྡོག་པ་རྗེས་སུ་འགྲོ་བ་དང་བཅས་པ་མི་གསལ་བ་དང་འདྲ་བ་མི་རྟག་པའི་སྒྲའི་ཡུལ་ཡིན་པར་སྨྲའོ། །མངོན་པར་གསལ་བར་སྨྲ་བའི་གྲངས་ཅན་ཁ་ཅིག་དངོས་པོ་ཐམས་ཅད་ནི་ནུས་པའི་རང་བཞིན་དུ་རྣམ་པར་གནས་པས་མངོན་པར་གསལ་བར་བྱ་བ་ཡིན་ནོ་ཞེ་ན། གཞན་གནས་སྐབས་གཞན་དུ་སྨྲ་བ་ནི་དངོས་པོ་ཐམས་ཅད་ནི་བདག་ཉིད་ཐམས་ཅད་ཀྱིས་གཙོ་བོའི་ཁུག་མ་ན་རྣམ་པར་གནས་པས་མི་མཐོང་བ་ཡིན་ལ། རྐྱེན་གྱི་དབང་གིས་ནི་ཁུག་མ་ནས་ཕྱུང་བ་བཞིན་དུ་མཐོང་བར་འགྱུར་རོ། །དེས་ན་གསལ་བ་ལྡོག་པ་དང་ནུས་པ་རྣམ་པར་གནས་པ་ནི་མ་ཡིན་གྱི། འོན་ཀྱང་གནས་སྐབས་གཞན་ཐོབ་པ་འབའ་ཞིག་ཏུ་ཟད་དོ་ཞེའོ། །དེ་ལ་གྲངས་ཅན་དང་པོ་གསལ་བ་སྨྲ་བ་བསལ་ཟིན་ཏོ། །ད་ལྟ་ནི་གནས་སྐབས་སྨྲ་བ་རྟོགས་པར་བྱ་བ་ཡིན་ཏེ། དེ་ལྟར་ཡང་དེ་ལྟ་ཡིན་དང་བདེ་བ་ལ་སོགས་པ་རྣམས་ཐ་དད་པར་འགྱུར་བར་གདོན་མི་ཟའོ་ཞེས་ཐལ་བར་འགྱུར་བ་ཡོངས་སུ་རྫོགས་ཀྱི་བར་དུ་འཆད་པར་འགྱུར་རོ། །འདི་གསལ་བས་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་གསལ་བར་འགྱུར་ཏེ། དེ་ཉིད་ཀྱི་དབང་དུ་བྱས་ནས་ནི་གཞུང་འདི་འཇུག་པ་མ་ཡིན་ནོ། །གྲངས་ཅན་དེ་ལ་ཡང་གང་གིས་མི་མཐོང་བར་འགྱུར་བ་གནས་སྐབས་དེ་ཉིད་ལྡོག་པ་ཡང་ཡིན་ལ། གཙོ་བོའི་ཁུག་མ་ན་གནས་པའི་ཕྱིར་ཉམས་པ་མེད་པ་ཡང་ཡིན། བུམ་པ་དེའི་གནས་སྐབས་མིག་གི་རྣམ་པར་ཤེས་པའི་སྤྱོད་ཡུལ་སྣམ་བུ་བསྒྲིབས་པ་ལྟར་ལྡོག་པ་ཡིན་གྱི། གནས་སྐབས་ཅན་གྱི་མཐོང་བའི་དངོས་པོ་ནི་གནས་ཉིད་དོ་ཞེ་ན། གནས་སྐབས་ཅན་དང་གནས་


DTG187_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཐ་དད་པར་ཐལ་བ་མི་བཟོད་པས་གནས་སྐབས་ཞེས་བྱ་བ་འདི་ཅི་ཞིག་ཞེས་སྨོས་སོ། །གཞན་ནི་གང་ལོག་བ་མི་རྟག་པ་ཡིན་པ་གནས་སྐབས་དང་དོན་མེད་པར་མཐོང་བར་སྟོན་པར་བྱེད་དོ། །ཆུ་འཛིན་པ་དང་ལེན་པ་ལ་སོགས་པ་ཉེ་བར་བསྒྲུབ་པ་ཞེས་བྱ་བ་ཉེ་བར་སྦྱོར་བ་གང་ཡིན་པའོ། །དེ་འདྲ་བ་དེ་ཡང་གང་ཡིན་ཞེ་ན། བཤད་པ། འཇིག་རྟེན་འདི་མངོན་སུམ་དུ་ཞེས་བྱ་བ་མངོན་སུམ་དག་ཏུ་སྟེ། མངོན་སུམ་གྱི་རྒྱུ་མཚན་ཅན་གྱི་ལྷག་པར་ཞེན་པ་འདི་ཡིན་ནོ། །ཅི་ལྟར་ཞེན་ཅེ་ན། འདི་བུམ་བའོ་ཞེས་བརྗོད་པར་བྱེད་པ་དང་འདྲེས་པར་རོ། །དེའི་ཕྱིར་དེ་ལྟར་དོན་བྱེད་པ་དང་མངོན་སུམ་གྱི་ཚད་མ་དང་ཐ་སྙད་ཀྱིས་ཉེ་བར་མཚོན་པའི་གནས་སྐབས་ཡིན་ནོ། །ཡང་ཅི་ལྟར་དེན་བྱེད་པ་ལ་སོགས་པ་དེ་དག་གནས་སྐབས་ཀྱི་རྒྱུ་མཚན་ཅན་ཡིན་ཞེ་ན། གནས་སྐབས་དེ་ལོག་ན་གནས་སྐབས་ཅན་གཞན་མ་ལོག་ཀྱང་དོན་བྱེད་པ་ལ་སོགས་པ་འདི་ཐམས་ཅད་མེད་པའི་ཕྱིར། དོན་བྱེད་པ་ལ་སོགས་པ་གནས་སྐབས་ཀྱི་རྒྱུ་མཚན་ཅན་ཡིན་གྱི། གནས་སྐབས་ཅན་གྱི་རྒྱུ་མཚན་ཅན་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་འོ་ན་ཐ་སྙད་ལ་སོགས་པའི་ཡུལ་གནས་སྐབས་དེ་ཉིད་བུམ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ། བུམ་པ་གང་ཡིན་པ་དེ་ནི་ཐ་སྙད་དུ་བསྟན་པ་དང༌། དོན་བྱེད་པ་ལ་ཉེ་བར་སྦྱོར་བ་དང༌། ལྷག་པར་ཞེན་པ་ཞེས་བྱ་བ་ཅི་སྐད་བཤད་པའི་མཚན་ཉིད་དེ་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེའི་གནས་སྐབས་ཀྱི་བདག་ཉིད་ཅན་དེ་ཡང་ལོག་པ་དེའི་ཕྱིར་གནས་སྐབས་ཅན་གཞན་མ་ལོག་པར་ཡོད་པ་གང་ཡིན་པ་དེ་ནི། འདི་ཅི་ལྟར་དོན་བྱེད་པ་དང་ཚད་མ་མེད་པར་ཡོད་པ་ཡིན་ཞེས་བརྒལ་ཞིང་བརྟག་པར་བྱ་བ་ཡིན་ནོ། །ཡོད་པ་ཡིན་དུ་ཆུག་ཀྱང་དེ་བུམ་པ་དངོས་པོ་པ་དོན་དམ་པར་ནི་མི་འགྱུར་རོ། །གདགས་པའི་རྒྱུ་མཚན་ཡོད་པས་ན་བརྟགས་པ་པར་ནི་འགྱུར་ཏེ། དཔེར་ན་ལྟེང་ཀའི་ཆུ་ལ་རྐང་ནང་དུ་བརྗོད་པ་བཞིན་ནོ། །ཅི་ལྟར་བུམ་པ་དངོས་པོ་པར་མི་འགྱུར་ཞེ་ན། གནས་སྐབས་ཅན་དེ་ལ་དེའི་མཚན་ཉིད་མེད་པའི་ཕྱིར་རོ། །ཁྱད་པར་ཅན་གྱི་དོན་བྱེད་པ་ལ་


DTG187_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་དང༌། ཁྱད་པར་ཅན་གྱི་རྣམ་པ་དང་ལྡན་པར་མཐོང་བའི་དོན་ནི་བུམ་པ་ཡིན་ལ། གནས་སྐབས་ཅན་དེ་ནི་དེ་ལྟ་བུ་མ་ཡིན་པའི་ཕྱིར་དེའི་ངོ་བོ་མེད་པ་ཡིན་ནོ། །ཅི་ལྟར་དེའི་མཚན་ཉིད་མེད་དེ། གང་གི་ཕྱིར་མཐོང་བ་དང་མ་མཐོང་བའི་དངོས་པོ་ནི་གཅིག་ཡིན་ནོ། །དེས་ན་བུམ་པ་ལོག་ཀྱང་རྣམ་པར་གནས་པ་གང་ཡིན་པ་དེ་ནི་བུམ་པའི་བདག་ཉིད་ཡིན་ནོ། །ཐ་དད་པར་མཐོང་བ་ག་ལས་ཤེ་ན། གནས་སྐབས་གཞན་དང་འབྲེལ་པའི་ཕྱིར་ཐ་དད་པར་མངོན་པ་ཡིན་གྱི་དངོས་པོ་ལ་ནི་ཐ་དད་པ་ཡོད་པ་མ་ཡིན་ནོ་ཞེ་ན། གལ་ཏེ་གནས་སྐབས་ཐ་དད་པར་འདོད་ན། འོ་ན་གནས་སྐབས་ཐ་དད་པ་དེ་ཉིད་དངོས་པོ་ཐ་དད་པའི་མཚན་ཉིད་ངོ་བོ་ཉིད་དུ་ཅི་སྟེ་མི་འདོད། དེ་ལྟ་ཡིན་དང་བདེ་བ་དང་སྡུག་བསྔལ་དང་གཏི་མུག་རྣམས་ཕན་ཚུན་ཐ་དད་པར་འགྱུར་བར་གདོན་མི་ཟ་བར་འགྱུར་རོ། །གལ་ཏེ་གནས་སྐབས་ཐ་དད་པའི་མཚན་ཉིད་དངོས་པོ་ཐ་དད་པར་འདོད་ན། བདེ་བ་ཚིམ་པའི་དོན་བྱེད་པ་ལ་ཉེ་བར་སྦྱོར་བ་དང༌། རྣམ་པ་ཁྱད་པར་ཅན་གྱི་གནས་སྐབས་ཅི་འདྲ་བ་དེ་སྡུག་བསྔལ་ལ་མ་མཐོང་བའི་ཕྱིར། དེ་གཉིས་དངོས་པོ་ལ་ཐ་དད་པ་ཡིན་ནོ། །གལ་ཏེ་གནས་སྐབས་ཐ་དད་ཀྱང་དངོས་པོ་ཐ་དད་པར་མི་འགྱུར་ན་ནི་བདེ་བ་ལ་སོགས་པ་ཡང་ཐ་དད་པ་མེད་པར་ཐལ་ལོ། །གྲངས་ཅན་གྱིས་སྨྲས་པ། བདེ་བ་ལ་སོགས་པའི་རང་བཞིན་འགའ་ཞིག་རྗེས་སུ་བྱེད་པའི་ཕྱིར་ཏེ། རྗེས་སུ་འགྲོ་བའི་ཕྱིར་གནས་སྐབས་ཐ་དད་པར་གྱུར་ཀྱང་དངོས་པོ་ཐམས་ཅད་ཐ་མི་དད་དེ་བདག་ཉིད་དོ། །སློབ་དཔོན་གྱིས་རང་བཞིན་འགའ་ཞིག་རྗེས་སུ་བྱེད་པ་ཞེས་བྱ་བ་འདི་ནི་བདེ་བ་དང་སྡུག་བསྔལ་དང་གཏི་མུག་རྣམས་ལ་ཡང་མཚུངས་པ་མ་ཡིན་ནམ། འདི་ལྟར་བྱེད་པ་པོ་ཉིད་དང་ཡོངས་སུ་འགྱུར་བ་ཅན་ཉིད་ནི་གསུམ་ཀ་ལ་ཡང་ཡོད་པ་ཡིན་ནོ། །སྐྱེས་བུ་རྣམས་ལ་ཡང་ལོངས་སྤྱོད་པ་པོ་ཉིད་དང༌། བྱེད་པ་པོ་མ་ཡིན་པ་ཉིད་དང༌། ཡོངས་སུ་འགྱུར་བ་ཅན་མ་ཡིན་པ་ཉིད་ཀྱིས་རང་བཞིན་གཅིག་རྗེས་སུ་བྱེད་པར་མཚུངས་ཏེ། གྲངས་ཅན་བའི་དེས་ན་བདེ་བ་ལ་སོགས་པ་རྣམས་དང༌། སྐྱེས་


DTG187_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྣམས་ཀྱང་གཅིག་པར་ཐལ་བར་འགྱུར་རོ། །ཐ་དད་ན་དངོས་པོ་རྣམས་རིམ་གྱིས་མངོན་པར་གསལ་བ་འགལ་བར་འགྱུར་བ་དེའི་ཕྱིར་གཅིག་ཡིན་ནོ། །ཕན་ཚུན་རག་ལས་པ་མེད་པ་རྣམས་ནི་ཅིག་ཅར་མངོན་པར་གསལ་བར་འགྱུར་ཏེ། དཔེར་ན་སྐྱེས་བུ་དང་བདེ་བ་ལ་སོགས་པ་བཞིན་ནོ། །ཐ་དད་པ་མེད་ན་ནི་ཅུང་ཞིག་ལྟར་ཡོངས་སུ་འགྱུར་བ་ཡིན་པ་ལས་ཕྱིར་ཡང་གཞན་དུ་ཡོངས་སུ་འགྱུར་བའི་ཕྱིར་རིམ་གྱིས་མངོན་པར་གསལ་བ་ཡིན་ནོ་ཞེ་ན། འོ་ན་ནི་རིམ་གྱིས་མངོན་བར་གསལ་བ་འགལ་བ་དེའི་ཕྱིར་ཅི་བུམ་པ་དང་ཞོ་ལ་སོགས་པ་དུ་མར་འགྱུར་རམ། ཐ་མི་དད་པའི་ཕྱིར་རིམ་གྱིས་མངོན་བར་གསལ་བར་འགྱུར་ལ། ཐ་དད་བ་ལ་ནི་རིམ་མ་ཡིན་པར་མངོན་པར་གསལ་བར་འགྱུར་བ་ཡིན་ནོ། །བདེ་བ་ལ་སོགས་པ་ཡང་རིམ་གྱིས་མངོན་བར་གསལ་བར་འགྱུར་བ་དེའི་ཕྱིར་ཐ་མི་དད་པར་འགྱུར་རོ། །ཅི་སྟེ་ཐ་མི་དད་བ་ཙམ་གྱིས་རིམ་གྱིས་མངོན་པར་གསལ་བ་མ་ཡིན་ལ། ཐ་དད་པ་ཙམ་ལས་ཀྱང་གཞན་དུ་འགྱུར་བ་མ་ཡིན་ན། དེ་ལྟ་ན་ནི་འོ་ན་རིམ་གྱིས་མངོན་བར་གསལ་བ་ལ་ཐ་མི་དད་པས་ཁྱབ་པ་མ་གྲུབ་པ་ཡིན་ན་འགལ་བ་ཡང་ཅི་ཡོད། རིམ་གྱིས་མངོན་བར་གསལ་བ་དང་ཐ་དད་པ་ལས་ནི་ལྷན་ཅིག་གནས་པར་འགལ་བ་མེད་ལ། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་བདག་ཉིད་གཅིག་པར་འགལ་བ་ཡང་མེད་དོ། །དེས་ན་གལ་ཏེ་ཐ་དད་པ་དང་འགལ་བ་ཐ་མི་དད་པས་རིམ་གྱིས་མངོན་པར་གསལ་བ་ལ་ཁྱབ་བ་གྲུབ་ན། དེ་ལྟ་ན་འགལ་བས་ཁྱབ་པས་ན་ཐ་དད་པ་དང་འགལ་བར་འགྱུར་ན་ཐ་མི་དད་པས་ཁྱབ་པ་ནི་མེད་དོ། །རིམ་པ་སྔ་མ་ཡང་མ་ཡིན་བའི་ཕྱིར་འགལ་བ་ག་ལ་ཡོད། །འོ་ན་ནི་ཐ་དད་པ་ལ་ཡང་རིམ་པ་ཅི་ལྟར་ཞེ་ན། གང་གི་མཇུག་ཐོགས་སུ་གང་འབྱུང་བ་དེ་སྔ་མ་དེའི་འབྲས་བུ་ཡིན་ལ། དེའི་འབྲས་བུ་ཡིན་པའི་ཕྱིར་དེ་མ་གྲུབ་པར་མི་འགྲུབ་བོ། །མི་གྲུབ་པའི་ཕྱིར་ནི་རིམ་པར་འགྱུར་བ་ཡིན་ནོ། །ཐ་དད་པ་མེད་པ་ཉིད་ཡིན་ན་ཁྱད་པར་དུ་རིམ་པ་མེད་པར་ཐལ་བ་ཡིན་ཏེ། དཔེར་ན་བདེ་བ་ལ་སོགས་པ་གཅིག་གི་བདག་ཉིད་ལ་ཐ་དད་པ་མེད་པས་རིམ་


DTG187_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་བཞིན་ནོ། །རིམ་གྱིས་མཐོང་བའི་ཕྱིར་ནི་ཐ་དད་པར་རྟོགས་སོ། །གང་གི་ཕྱིར་ཞོ་ནིའོ་མའི་འབྲས་བུ་ཡིན་ལ། དེའི་འབྲས་བུ་ཉིད་ཀྱི་ཕྱིར་ཏེ་དེ་ལས་ཐ་མི་དད་པ་ཡིན་ནོ་ཞེ་ན། གལ་ཏེ་དེའི་འབྲས་བུ་ཉིད་ཐ་དད་པ་མེད་པར་འབྲེལ་བ་གྲུབ་ན་ཐ་དད་པ་མེད་པ་འདི་རིགས་པ་ཡིན་ནོ། འབྲེལ་བ་གྲུབ་པ་མ་ཡིན་ནམ། འདི་ལྟར་མི་མཐུན་པའི་ཕྱོགས་ནི་ཐ་དད་པ་ཡིན་ལ། བུམ་པ་དང་སྣམ་བུ་ལ་སོགས་པ་ནི་ཕ་རོལ་པོ་ལ་ཐ་དད་པ་ཡིན་ནོ། །དེའི་འབྲས་བུ་ཉིད་དེ་ལས་ལོག་པས་ཐ་དད་པ་དང་འབྲེལ་བ་ཡིན་ནོ། །ཐ་མི་དད་པ་ཕ་རོལ་བོས་ཁས་བླངས་པའི་ཕྱིར་རྗེས་སུ་འགྲོ་བ་ནི་མེད་དོ་ཞེ་ན། བཤད་པ། འབྲེལ་པ་དེ་ནི་རྗེས་སུ་འགྲོ་བ་མེད་པ་གང་ཡིན་པ་དེ་ལ་མི་འགྲུབ་སྟེ། ལོག་པ་ཡང་ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེས་ལོག་པ་བསམ་པར་བཤད་པར་བྱའོ། །དེའི་ཕྱིར་འབྲས་བུ་ཉིད་ཀྱི་ཕྱིར་ཐ་མི་དད་པར་མ་ཡིན་ལ། རིམ་གྱིས་མངོན་པར་གསལ་བའི་ཕྱིར་མ་ཡིན། རང་བཞིན་གཅིག་རྗེས་སུ་འགྲོ་བའི་ཕྱིར་མ་ཡིན་ནོ། །དངོས་པོ་ཐ་དད་པའི་མཚན་ཉིད་ནི་གནས་སྐབས་ཐ་དད་པ་ཉིད་ཡིན་ཏེ། དེ་ལོག་ན་དངོས་པོ་ལྡོག་པ་ཡིན་ལ། དངོས་པོ་མ་ལོག་ན་ནི་གནས་སྐབས་མི་ལྡོག་ཅིང་མི་གསལ་བ་མ་ཡིན་ནོ། །ཅི་ལྟར་ལྡོག་པ་གཅིག་ལ་བརྟེན་པ་འབྲེལ་པའི་ཁྱད་པར་སྤངས་པ་དངོས་པོ་རྣམས་ཀྱི་རྒྱུ་ལས་སྐྱེས་པ་ལ་ཐ་དད་པ་མེད་པར་བྱས་པའི་སྒྲས་བརྗོད་པ་ལྟར་གང་ལ་མི་རྟོག་པའི་སྒྲ་འདིས་བརྗོད་པར་འགྱུར་བ་འབྲེལ་པའི་ཁྱད་པར་དུ་རྟོགས་པ་སྤངས་ཏེ་བཏང་ཡང་མི་མཐོང་བ་ཉིད་དམ་གཞན་ཡང་རུང་སྟེ། གཅིག་གི་ཆོས་ནི་ཅི་ལྟར་ཡང་ཡོད་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་གནས་སྐབས་ལྡོག་པའམ་མ་ཡིན། གསལ་བའི་སྒོ་ནས་ལྡོག་པ་གཅིག་ལ་བརྟེན་པའི་ཆོས་བརྟག་ཀྱང་ངོ༌། །ཅི་ལྟར་ཞིག་པ་དང་ཅིག་ཤོས་དག་ལ་ཐུན་མོང་གི་ཆོས་གཅིག་མེད་པ་ལྟར་ནི་སྐྱེས་བུ་དག་ལ་ཡང་དེ་བཞིན་ནོ། །སྐྱེས་བུ་ཤིའོ། །ཤིང་ཤིའོ་ཞེས་སྒྲའི་ཐ་སྙད་ཙམ་ཡོད་ཀྱང་དངོས་པོ་ལ་ནི་འཆི་བའི་སྤྱི་ཅི་འདྲ་བ་སེམས་ཅན་གྱིས་ཁྱབ་པ་དེ་འདྲ་བ་མེད་པ་ཡིན་ནོ། །དེ་ཅི་འདྲ་བ་ཞིག་ཡིན་


DTG187_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། རྣམ་པར་ཤེས་པའི་འབྲས་བུ་དབུགས་དང་དྲོད་དང་གཡོ་བ་དག་དང་བྲལ་བའི་མཚན་ཉིད་ཅན་ཤི་བ་གང་ཞིག་མཐོང་བས་སོ། །སྲོག་ཆགས་གཞན་ཞེས་བྱ་བ་འཆི་བ་གཅིག་ལ་ཤི་བ་མཐོང་བས་དེ་ལས་གཞན་པའི་སྲོག་ཆགས་འཆི་བ་ལ་ཡང་སྲོག་ཆགས་འཆི་བ་དེ་ནི་འདི་ཡིན་ནོ་ཞེས་ངེས་པར་འགྱུར་བ་ཡིན་ནོ། །འདི་ནི་གང་གི་ཕྱིར་དབུགས་དང་དྲོད་དང་ཁྲག་དང་རྣག་དངོས་པོ་རྣམ་པར་ཤེས་པ་ལ་རག་ལས་པ་ལྡོག་པས་དེ་ལ་གནས་པ་མེད་པའི་ཕྱིར་རྣམ་པར་ཤེས་པ་ཡང་ལྡོག་པར་ངེས་པ་ཡིན་ནོ། །དེས་ན་ཐུན་མོང་དུ་སེམས་པས་ཁྱབ་པའི་རང་བཞིན་གྱི་ཁྱད་པར་ནི་མངོན་སུམ་དུ་གྲུབ་པ་ཡིན་ནོ། །དེ་གལ་ཏེ་ཤིང་དག་ལ་གྲུབ་ན་ནི་སེམས་པ་ཅན་དུ་རྟོགས་པར་འགྱུར་རོ། །གལ་ཏེ་ཤིང་ལ་སོགས་པ་དེ་ལ་སྐམ་པས་ཉེ་བར་མཚོན་པ་ཡོད་པ་མ་ཡིན་ནམ་ཞེ་ན་བདེན་ཏེ། འོ་ན་ཀྱང་གལ་ཏེ་སྐམ་པ་ལ་སོགས་པ་ཉིད་འཆི་བའི་སྒྲས་ཕྱོགས་ཀྱི་གོས་ཅན་བརྗོད་ན། དེའི་ཚེ་འདི་ལ་ཡང་འབྲེལ་བ་ངེས་པ་ལྟར་བརྟགས་པ་གང་ལས་འཆི་བས་སེམས་པ་ཅན་གྲུབ་པར་འགྱུར་བ་སེམས་པ་ཅན་དང་འབྲེལ་པར་ངེས་པར་བརྟག་པར་བྱ་བ་ཡིན་ནོ། །དེའི་ཕྱིར་ཕྱོགས་ཀྱི་གོས་ཅན་གྱིས་ཉེ་བར་བཀོད་པའི་གཏན་ཚིགས་ལ་ཡང་སྒྲ་ཙམ་ཐུན་མོང་དུ་གྲུབ་ཀྱི། བསྒྲུབ་བྱས་ཁྱབ་པའི་འཆི་བའི་སྒྲས་བརྗོད་པར་བྱ་བའི་དོན་ནི་གྲུབ་པ་མ་ཡིན་ནོ། །དེ་བཞིན་དུ་བྱེ་བྲག་པས་ཉེ་བར་བཀོད་པ་ཡང་བསྒྲུབ་བྱས་ཁྱབ་པའི་དོན་མ་གྲུབ་པར་བསྟན་པའི་ཕྱིར་དེ་བཞིན་དུ་ཞེས་སྨོས་ཏེ། དབྱིབས་ཀྱང་གལ་ཏེ་ཅི་འདྲ་བ་ཞིག་བློ་སྔོན་དུ་འགྲོ་བ་ཅན་དུ་མཐོང་བ་ཁང་བཟངས་དང་ར་བ་ལ་སོགས་པ་ལ་རྗེས་སུ་འཇུག་པ་ཅན་ཏེ། འདིས་ནི་དབྱིབས་ཐུན་མོང་གི་ངོ་བོར་བསྟན་ཏོ། །བློ་སྔོན་དུ་འགྲོ་བ་ཅན་གྱི་དབྱིབས་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། བཤད་པ། དབྱིབས་གང་ཞིག་མཐོང་བས་ཁང་བཟངས་ལ་སོགས་པ་བྱེད་པ་མ་མཐོང་བ་ཅན་གྱི་བྱེད་པ་མཐོང་བ་དེ་ལ་ཡང་བྱས་པའི་བློར་འགྱུར་བའོ། །འདིར་ཁང་བཟངས་ལ་སོགས་པའི་རྗེས་སུ་སོང་བ་འདི་དབྱིབས་ཀྱི་ཁྱད་པར་ནི་བྱས་ཟིན་


DTG187_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐོང་བ་ལ་ཡང་བྱས་པའི་བློའི་རྒྱུར་འགྱུར་རོ། །དེའི་ཕྱིར་དེ་འདྲ་བའི་དབྱིབས་ཀྱི་སྤྱི་བྱས་པར་ངེས་པའི་རྒྱུ་མཚན་མངོན་སུམ་གྱི་རང་བཞིན་ནི་བློ་སྔོན་དུ་འགྲོ་བ་ཅན་དུ་འཇིག་རྟེན་ན་རབ་ཏུ་གྲགས་པ་ཡིན་ནོ། །གལ་ཏེ་ལུས་དང་བྱེད་པ་དང་གནས་རྣམས་དེ་འདྲ་བ་ཡིན་ན་དེའི་ཚེ་དབྱིབས་ཀྱི་ཁྱད་པར་གྱི་ཕྱིར་དང༌། བསྡད་ནས་འཇུག་པའི་ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་གཏན་ཚིགས་ཐམས་ཅད་དེ་ལྟར་ཞེས་བྱ་བ་གོ་བར་བྱེད་པར་འགྱུར་རོ། །བློ་སྔོན་དུ་འགྲོ་བ་ཅན་གྱིས་ཁྱབ་པའི་དབྱིབས་གང་ཡིན་པ་དེ་ནི་ལུས་དང་བྱེད་པ་དང་གནས་རྣམས་ལ་མ་གྲུབ་པོ། །དོན་འདི་ཉིད་ལྷག་དང་བཅས་ཏེ་ཚིགས་སུ་བཅད་པར་བརྗོད་པ་ནི་གཞན་ཡང་ཞེས་བྱ་བ་ཡིན་ནོ། །དབྱིབས་ལ་སོགས་པ་ཅི་འདྲ་བ་ཞིག་གོ །སོགས་པ་སྨོས་པས་བསྡད་ན་འཇུག་པ་ལ་སོགས་བའོ། །བྱིན་གྱིས་རློབ་པ་པོ་ཡོད་པ་དང་མེད་པའི་རྗེས་སུ་འཇུག་པ་ཅན་དུ་གྲུབ་པ་དེ་འདྲ་བ་དེ་ལས་བློ་སྔོན་དུ་འགྲོ་བ་ཅན་ཉིད་རྗེས་སུ་དཔོག་པ་གང་ཡིན་པ་དེ་ནི་རིགས་པ་ཉིད་ཡིན་ནོ། །དངོས་ཐ་དད་ལ་ཞེས་བྱ་བས་ནི་བྱས་པའི་བློའི་རྒྱུ་ཡིན་པའི་ཕྱིར་ཁང་བཟངས་ལ་སོགས་པའི་དབྱིབས་ནི་དངོས་པོ་གཞན་ཡིན་ལ་རྒྱུ་མ་ཡིན་པའི་ཕྱིར་གནས་ལ་སོགས་པའི་དབྱིབས་ཀྱང་དངོས་པོ་གཞན་ཉིད་ཡིན་པར་མངོན་སུམ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །དེ་ལ་ཁང་བཟངས་ལ་སོགས་པའི་དབྱིབས་དངོས་པོ་ཐ་དད་པ་ལས་རབ་ཏུ་གྲུབ་པའི་བློ་སྔོན་དུ་འགྲོ་བ་ཅན་ཉིད་ནི་དབྱིབས་ཀྱི་སྒྲ་ཙམ་མཚུངས་པས་ཐ་དད་པ་མེད་པར་བརྟགས་པའི་དབྱིབས་གང་ཡིན་པ་དེ་ལས་རྗེས་སུ་དཔོག་པར་རིགས་པ་མ་ཡིན་ནོ། །དུ་བ་སྐྱ་བོའི་རྫས་གང་ཡང་རུང་བ་ལས་མེ་རྗེས་སུ་དཔོག་པར་ནི་མི་རིགས་སོ། །སྐྱ་བོའི་རྫས་ཙམ་ལས་རྗེས་སུ་དཔོག་པར་མི་འགྱུར་ཏེ། བསྐྱེད་པར་བྱ་བའི་རྫས་ནི་ངེས་པ་ཡིན་པའི་པའི་ཕྱིར་རོ། །དབྱིབས་ཀྱི་ཆ་ཤས་ནི་རྫས་རྣམས་ལ་ཐུན་མོང་ཡིན་ནོ་ཞེ་ན། བཤད་པ། དེ་ལྟར་མིན་པར་ཁས་ལེན་ན་རྫ་མཁན་གྱིས་བུམ་པ་ལ་སོགས་པ་འཇིམ་པའི་རྣམ་འགྱུར་འགའ་ཞིག་བྱེད་པའི་ཕྱིར། གྲོག་མཁར་ཡང་རྫ་མཁན་དེས་བྱས་པར་གྲུབ་པར་འགྱུར་རོ།།


DTG187_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འཇིམ་པའི་རྣམ་པར་འགྱུར་བ་གང་ཡིན་པ་དེ་ནི་རྫ་མཁན་གྱིས་བྱས་པ་ཡིན་ཏེ། དབྱིབས་ཙམ་དུ་ཁྱད་བར་མེད་པའི་ཕྱིར་རོ། །འདི་སྙམ་དུ་སྤྱི་གྲུབ་པར་བྱེད་པ་ལ་སྒྲུབ་པ་ལ་ཁྱད་པར་རྟོག་པ་ནི་འབྲས་བུ་དང་མཚུངས་པའི་ལྟག་ཆོད་ཡིན་ནོ་ཞེས་དོགས་ན། ལྟག་ཆོད་ཀྱི་ཡུལ་བསྟན་པའི་ཕྱིར་བཤད་པ། བསྒྲུབ་བྱས་རྗེས་འགྲོ་སྟེ་བསྒྲུབ་བྱས་ཁྱབ་པའི་ཕྱིར་འབྲས་བུ་བྱས་པ་ཉིད་ཐུན་མོང་བ་སྒྲུབ་པར་བྱེད་པ་ཡིན་པར་གྲུབ་ནའོ། །བྱས་པ་ཉིད་ནི་ཁྱད་པར་ལ་བརྟེན་པ་མེད་པར་ཐུན་མོང་སྒྲུབ་པར་བྱེད་པ་ཡིན་ཏེ་སྒྲ་བཞིན་ནོ། །དེ་ཡང་བསྒྲུབ་བྱས་ཁྱབ་པ་གྲུབ་པ་ཡིན་ནོ། །དེས་ན་དོན་གྱིས་འཕངས་པ་མ་ཡིན་ལ། སྒྲས་ཀྱང་མ་ཟིན་པའི་འབྲེལ་པ་ཅན་སྒྲ་དང་བུམ་པ་ཐ་དད་པའི་ཕྱིར་བྱས་པ་ཉིད་ལ་དེ་ཐ་དད་པའི་རྒྱུ་མཚན་ཅན་གྱི་སྐྱོན་བརྗོད་པ་སྟེ། བུམ་པའི་བྱས་པ་ཉིད་ནི་སྒྲ་ལ་མ་གྲུབ་ལ། སྒྲའི་བྱས་པ་ཉིད་ནི་རྗེས་སུ་འགྲོ་བ་མེད་དོ་ཞེས་བྱ་བ་ནི་འབྲས་བུ་དང་མཚུངས་པའི་ལྟག་ཆོད་དུ་འདོད། འདིར་ནི་བསྒྲུབ་བྱས་ཁྱབ་པའི་དབྱིབས་ཀྱི་ཁྱད་པར་ལ་སོགས་པ་གང་ཡིན་པ་དེ་ནི་མ་གྲུབ་ལ། གྲུབ་པ་གང་ཡིན་པ་ནི་བསྒྲུབ་བྱས་མ་ཁྱབ་པའི་ཕྱིར་གདོན་མི་ཟ་བ་ཉིད་དུ་གོ་བར་བྱེད་པ་ངེས་པར་བརྟག་དགོས་སོ། །གང་གི་ཚེ་ཁྱབ་པར་བྱ་བའི་ཆོས་ངེས་པར་མི་རྟོགས་ན་ནི་དེའི་ཚེ་དོན་ཅི་སྲིད་ལ་སྒྲ་གཅིག་ཡོད་པ་དེ་ཅིག་གཏན་ཚིགས་སུ་འགྱུར་བས་དེར་ཕྱོགས་གཅིག་ལ་མཐོང་བའི་ཆོས་སྒྲ་ཙམ་ལས་ཐམས་ཅད་དུ་རྗེས་སུ་དཔོག་པར་འགྱུར་རོ་ཞེས་བརྗོད་པ་ནི་རིགས་གཞན་ལ་ནི་སྟེ་རིགས་གཞན་དུ་འགྱུར་བའི་དབྱིབས་བྱས་པའི་བློ་ངེས་པའི་རྒྱུ་མཚན་ལ་རབ་ཏུ་གྲུབ་པ་ནི་སྒྲའི་སྤྱི་སྒྲ་ཐུན་མོང་བ་དེ་མཐོང་བ་དེ་མཐོང་བ་ལས་སྒྲུབ་པར་བྱེད་པར་མི་རིགས་ཏེ། ཅི་ལྟར་ཞེ་ན། དཔེར་ན་ངག་ལ་སོགས་པ་རྣམས་གོ་ཉིད་ཀྱི་སྒྲས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ན་རྭ་ཅན་ཡིན་པར་རྗེས་སུ་དཔག་པར་མི་ནུས་པ་བཞིན་ནོ། །རྭ་ཅན་ནི་གོའི་སྒྲས་བརྗོད་པར་བྱ་བ་རིགས་གཞན་ལ་རབ་ཏུ་གྲུབ་པ་ཡིན་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་དངོས་པོས་འགྲུབ་ཀྱི་སྒྲས་མ་ཡིན་ཞེ་ན། བཤད་པ། བརྗོད་པར་འདོད་པ་དང་འབྲེལ་པའི་ཕྱིར་སྒྲ་རྣམས་ནི་ཐམས་ཅད་ལ་ཡོད་པ་ཉིད་


DTG187_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་ཡོད་པ་འབྲེལ་པ་མེད་པའི་དོན་ཡོད་པར་གྲུབ་པར་ཁས་ལེན་ན་ཐམས་ཅད་ཀྱི་དངོས་པོ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེའི་ཕྱིར་བསྒྲུབ་བྱས་མ་ཁྱབ་པའི་གཏན་ཚིགས་རྣམ་པར་རྟོག་པ་ནི་ལྟག་ཆོད་མ་ཡིན་ཏེ། སྒྲ་ཙམ་གཏན་ཚིགས་སུ་ཐལ་བའི་ཕྱིར་རོ། །དངོས་པོའི་རང་བཞིན་དངོས་པོའི་བདག་ཉིད་ཅན་གྱི་གཏན་ཚིགས་མ་གྲུབ་སྟེ། བསྒྲུབ་བྱས་ཁྱབ་བ་ཅན་མ་མཐོང་ན་མི་གྲུབ་པ་ཉིད་ཀྱི་ཚུལ་འདི་ཡིན་ནོ། །བསྒྲུབ་བྱས་ཁྱབ་པའི་གཏན་ཚིགས་གྲུབ་ན་སྒྲས་ཉེ་བར་མ་ཟིན་པའི་ཁྱད་པར་རྣམ་པར་བརྟགས་པ་གནོད་པ་བྱེད་པ་མ་ཡིན་པར་མ་ཟད་ཀྱི། དེ་མ་གྲུབ་ཀྱང་ཁྱད་པར་ཉེ་བར་གཟུང་ན་ཡང་སྒྲུབ་པར་བྱེད་པ་ལ་སྐྱོན་སྒྲུབ་པ་མ་ཡིན་ཏེ། དཔེར་ན་བྱས་བ་ཉིད་ཀྱི་ཁྱད་པར་སྒྲའི་ནམ་མཁའི་ཡོན་ཏན་ཉིད་མ་གྲུབ་ཀྱང་བྱས་པ་ཉིད་ལ་གནོད་པ་མེད་པ་བཞིན་ཏེ། སྒྲ་ནི་མི་རྟག་སྟེ། ནམ་མཁའི་ཡོན་ཏན་དང་དོན་གཅིག་ལ་འདུ་བའི་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདི་ལྟར་རྗེས་སུ་འགྲོ་བ་དང་ལྡན་པ་གང་ཡིན་པ་དེ་ནི་གཏན་ཚིགས་ཡིན་ལ། སྒྲ་ཙམ་ལ་གནས་པའི་ནམ་མཁའི་ཡོན་ཏན་མེད་ཀྱང་བྱས་པ་ཉིད་རྗེས་སུ་འགྲོ་བ་དང་ལྡན་པ་ཡིན་ནོ། །དེས་ན་འདི་ནི་ནམ་མཁའི་ཡོན་ཏན་དང་བྲལ་བ་ཉིད་འདོད་པ་ཡིན་ནོ། ཞེས་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ལ་དེ་ཡང་གྲུབ་པ་ཡིན་ནོ། །དེ་ལྟ་མ་གྲུབ་པར་བརྗོད་པ་ནི་ལྟག་ཆོད་ཉིད་དོ། །དེའི་ཕྱིར་དེ་ལྟར་བསྒྲུབ་པར་བྱ་བས་ཁྱབ་པའི་དངོས་པོ་མ་གྲུབ་ན་སྒྲས་བརྗོད་པར་བྱ་བའི་དངོས་ཙམ་གྲུབ་ཀྱང་སྒྲུབ་པར་བྱེད་པའི་དངོས་པོ་མ་ཡིན་ནོ། །ད་ནི་ཁྱད་པར་ཅན་སྒྲས་བརྗོད་པར་བྱ་བ་མ་གྲུབ་ཀྱང་དངོས་པོ་གྲུབ་ན་གོ་བར་བྱེད་པའི་གཏན་ཚིགས་ཡིན་ནོ་ཞེས་སྟོན་ཏོ། །རྗོད་པར་བྱེད་པའི་སྒྲ་མ་གྲུབ་ཀྱང་བརྗོད་པར་བྱ་བའི་གཏན་ཚིགས་ཀྱི་དངོས་པོ་གྲུབ་ན་བསྒྲུབ་བྱ་གྲུབ་པར་འགྱུར་ཏེ། དཔེར་ན་འུག་པ་བྱེ་བྲག་པ་ལ་སངས་རྒྱས་པས་ལུས་ཅན་ལ་སོགས་པ་སྒྲུབ་བྱེད་དུ་བཤད་པ་གོ་བར་བྱེད་པ་ཉིད་ཡིན་པ་བཞིན་ནོ། །འུག་པའི་ལུས་ཅན་ནི་རྫས་ཐམས་ཅད་དུ་སོང་བ་མ་ཡིན་པའི་ཚད་ཡིན་གྱི་རེག་བྱ་ནི་མ་ཡིན་ནོ། །ལུས་ཅན་གྱི་སྒྲ་ཡང་རེག་པར་བྱ་བ་ཉིད་ལ་སྦྱར་བ་ཡིན་ནོ། །དེས་ན་བྱེ་བྲག་པ་ལ་


DTG187_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་མ་གྲུབ་ཀྱི་དོན་ནི་གྲུབ་པ་ཉིད་པས་དེས་ན་གཏན་ཚིགས་ཉིད་དུ་འགྱུར་རོ། །དེས་ན་འདི་ལྟར་བསྒྲུབ་བྱས་ཁྱབ་པའི་དོན་གང་ཡིན་པ་དེ་ཚད་མས་མ་གྲུབ་པའི་ཕྱིར་གང་ཡང་རུང་བ་ལ་མ་གྲུབ་པ་ཡིན་ནོ། །བསྟན་བཅོས་ལས་གཏན་ཚིགས་མ་གྲུབ་པའི་ཕྱིར་གང་ཡང་རུང་བ་ལ་མ་གྲུབ་པར་བརྗོད་པ་གང་ཡིན་པ་ནིའོ། །གང་ཡང་རུང་བ་ལ་མ་གྲུབ་པ་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། བཤད་པ། དཔེར་ན་མངོན་པར་གསལ་བར་སྨྲ་བ་དཔྱོད་པའམ་བརྡ་སྤྲོད་པ་པ་ལ་བྱེ་བྲག་པས་ཉེ་བར་བཀོད་པའི་བྱས་པ་ཉིད་གང་ཡིན་པ་དེ་མ་གྲུབ་པོ། སྒྲ་གསལ་བར་བྱ་བ་ཡིན་གྱི་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསྟན་བཅོས་སོ། །བརྡ་སྤྲོད་པ་པ་ནི་མི་རྟག་པ་ཡིན་ཡང་ངོ༌། །གང་ཡང་རུང་བ་ལ་མ་གྲུབ་པར་བརྗོད་པ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་ཐམས་ཅད་ལ་མ་ཡིན་ཏེ། དངོས་པོའི་སྟོབས་ཀྱིས་ཞུགས་པ་ལ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚད་མས་མཐོང་བའི་གཏན་ཚིགས་གང་ཡིན་པ་ལ་ཁས་བླངས་པ་ལུང་གི་རང་བཞིན་གྱིས་བརྩད་པ་མི་འཐད་པའི་ཕྱིར་དང༌། དངོས་པོ་ལ་བརྟེན་པའི་རྗེས་སུ་དཔག་པ་ལ་ལྟོས་པར་བྱ་བ་མ་ཡིན་པའི་གཏན་ཚིགས་ཀྱི་ཕྱིར་བསྟན་བཅོས་སྐབས་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཐམས་ཅད་མ་ཡིན་ནོ། །ཅི་སྟེ་བྱས་པ་ནི་ཚད་མ་ཉིད་ཀྱིས་གནོད་པ་ཡིན་ནོ་སྙམ་ན། འོ་ན་ནི་མངོན་བར་གསལ་བར་སྨྲ་བ་ཡོངས་སུ་གཟུང་བས་ཅི་ཞིག་བྱ། འོ་ན་ཏེ་མངོན་པར་གསལ་བ་དེའི་ངོ་བོ་སྒྲ་ལ་ཚད་མ་མ་རྟོགས་ན། དེ་ལྟ་ན་ཡང་ཚད་མ་ཅན་མ་ཡིན་པའི་མངོན་བར་གསལ་བར་སྨྲ་བས་ཅི་ཞིག་བྱ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་བསྟན་བཅོས་ལ་བརྟེན་པའི་རྗེས་སུ་དཔག་པ་གང་ཡིན་པ་བསྟན་བཅོས་དང་འབྲེལ་བའི་ཚུལ་གསུམ་པ་གང་ལ་ཡོད་པ་དེ་ལ་བསྟན་བཅོས་ཀྱི་སྒོ་ནས་བརྗོད་པར་བྱ་བ་ཡིན་ནོ། །རྗེས་སུ་དཔག་པ་གཞན་ནི་མ་ཤེས་པའི་ཕྱིར་གང་ཡང་རུང་བ་ལ་མ་གྲུབ་པར་བརྗོད་པར་བྱའོ། །འཆི་བ་དང་དབྱིབས་ཀྱི་ཁྱད་པར་ནི་ཚད་མ་ཉིད་ཀྱིས་གསལ་བ་ཡིན་ལ། རྒོལ་བས་ནི་གཏན་ཚིགས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་པས་ཕྱིར་རྒོལ་


DTG187_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་མ་གྲུབ་པར་བརྗོད་དོ། །མི་རྟག་པ་ཉིད་རྒོལ་བ་གྲངས་ཅན་ལ་མ་གྲུབ་སྟེ། དེའི་ཕྱིར་མི་རྟག་པ་ཉིད་རྒོལ་བ་ལ་མ་གྲུབ་པོ། །དེས་ན་མཐོང་བ་ལ་གཏན་ཚིགས་ཀྱིས་རང་གི་ངོ་བོ་གཏན་ལམ་ཕེབས་པའི་ཕྱིར་དང༌། མ་མཐོང་བ་ནི་ཚད་མས་གཏན་ལ་མ་ཕེབས་པའི་ཕྱིར་གང་ཡང་རུང་བ་མ་གྲུབ་པར་བརྗོད་པ་ཡིན་ནོ། །དེས་ན་དཔེར་བརྗོད་པ་མ་སྨྲས་སོ། །ཅི་ལྟར་སློབ་དཔོན་གྱིས་བྱས་པ་མངོན་པར་གསལ་བ་སྨྲ་བ་ལ་མ་གྲུབ་པའི་དཔེར་བརྗོད་ཅེ་ན། སློབ་དཔོན་གྱིས་ནི་དཔེར་བརྗོད་པའི་ཕྱོགས་ཅམ་ཞིག་བཤད་དོ། །ཅི་ལྟར་བསྟན་བཅོས་ལ་གྲགས་པའི་དངོས་པོ་ཅིག་ཤོས་བསྟན་བཅོས་དེ་དང་ལྡན་པ་མ་ཡིན་པ་ལ་མ་གྲུབ་པ་དེ་བཞིན་དུ་ཚད་མས་རབ་ཏུ་གྲུབ་པའི་དངོས་པོ་གང་ཞིག་གང་ན་མེད་པར་རྒོལ་བས་ཁས་བླངས་པ་དེས་དེར་ཕྱིར་རྒོལ་བ་ལ་མ་གྲུབ་པ་ཡིན་ལ་ཕྱིར་རྒོལ་བ་ལ་ཚད་མས་གྲུབ་པ་གང་ཡིན་པ་དེ་ཡང་རྒོལ་བ་ཚད་མ་མ་ཤེས་པའི་ཕྱིར་ན་རྒོལ་བ་ལ་མ་གྲུབ་པ་བརྗོད་ཀྱི། བསྟན་བཅོས་ལ་བརྟེན་པས་ནི་མ་ཡིན་ནོ། །དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་མ་གྲུབ་པར་མི་སེམས་པ་དེ་ལ་བཤད་པ་ནི། གང་ཡང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཆོས་སམ་ཆོས་ཅན་མ་གྲུབ་པའོ། །ཆོས་ཅན་ནི་རེ་ཞིག་དཔེར་ན་སྒྲ་མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །གལ་ཏེ་སྤྱིའི་ཕྱོགས་གཅིག་ཏུ་གྱུར་པ་སྒྲ་ཞེས་བྱ་བའི་ཆོས་ཅན་གྲུབ་པ་ཉིད་མ་ཡིན་ནམ་ཞེ་ན། དེ་ཡང་ཞེས་སྨོས་ཏེ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ནི་ཐ་དད་པ་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་པར་ནི་མི་འདོད་དོ། །བསྒྲུབ་པར་བྱ་བའི་ཆོས་ཅན་རང་ཉིད་བསྒྲུབ་པ་ལ་སྟེ། གྲུབ་པར་བྱ་བ་ལ་གྲུབ་པར་བྱེད་པ་གང་ཡིན་པ་དེ་ཉིད་དུ་མ་གྲུབ་པའི་ཕྱིར་ཆོས་ཅན་དེ་བདག་སྒྲུབ་པ་ལ་གཏན་ཚིགས་ཉིད་དུ་མ་གྲུབ་པར་བརྗོད་དོ། །འདི་སྐད་དུ་སྒྲ་གཏན་མ་གྲུབ་པ་ནི་མ་ཡིན་གྱི། བདག་ཉིད་མི་རྟག་པར་སྒྲུབ་པ་ལ་གོ་བྱེད་ཉིད་དུ་མ་གྲུབ་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །འདི་ལྟར་དེ་ཉིད་བདག་གི་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །དེ་ག་ལས་ཤེ་ན། དེའི་


DTG187_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཙམ་དང་ཞེས་བྱ་བ་སྒྲ་ཙམ་དང་བསྒྲུབ་བྱ་རྗེས་སུ་འབྲེལ་བ་ཡིན་ན། དམ་བཅའ་བ་བསྟན་པ་ཉིད་ཀྱིས་བསྒྲུབ་བྱ་གྲུབ་པའི་ཕྱིར། ཡང་སྒྲ་དེ་བསྟན་པ་དོན་མེད་པའི་ཕྱིར་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །འདི་སྙམ་དུ་སྔར་ནི་བསྒྲུབ་བྱའི་རང་བཞིན་དུ་བསྟན་ལ། ཕྱིས་ནི་སྒྲུབ་བྱེད་ཀྱི་རང་བཞིན་དུ་ཡིན་པ་ངེས་ན་དོན་མེད་པར་ག་ལ་འགྱུར་ཞེ་ན། བཤད་པ། བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པའི་སྒྲའི་བདག་ཉིད་དེ་ལ་ཕྱིས་སྒྲུབ་བྱེད་ཉིད་དུ་སྟོན་པ་ན་མ་བསྟན་པའི་དོན་གྱི་ཆ་ནི་ཅི་ཡང་བསྟན་པ་མེད་དོ། །གཉི་གར་ཡང་སྒྲ་མ་ཡིན་པ་ལས་ལྡོག་པ་ཉིད་བསྟན་པར་ཟད་དོ། །སྒྲ་ནི་བསྒྲུབ་བྱ་བསྟན་པ་གཅིག་ཏུ་ནི་རྣམ་པ་གཞན་དུ་ཡིན་ལ། སྒྲུབ་བྱེད་དུ་བསྟན་པར་ཡང་རྣམ་པ་གཞན་ཡིན་ནོ། །སྒྲ་ཐ་དད་པས་ནི་དོན་ཐ་དད་པར་མི་འགྲུབ་སྟེ། ཧ་ཅང་ཐལ་བའི་ཕྱིར་རོ། །དེའི་ཕྱིར་སྒྲ་དེ་གཏན་ཚིགས་སྟོན་པའི་དུས་སུ་སྒྲ་ཉིད་ཀྱིས་མི་རྟག་པ་ཉིད་དུ་འགྱུར་ལ། ཕྱོགས་བསྟན་པའི་དུས་ཉིད་ན་དེ་ལྟ་བུ་གྲུབ་པར་འགྱུར་ཏེ། ཕྱིས་གཏན་ཚིགས་སྟོན་པའི་དུས་སུ་ཡང་རང་ཉིད་ཁོ་ནས་ཏེ། རང་གི་ངོ་བོ་ཁོ་ནས་དེ་ལྟར་ཞེས་བྱ་བ་མི་རྟག་པ་ཉིད་དུ་སྒྲུབ་བར་འགྱུར་བའི་ཕྱིར་རོ། །བསྒྲུབ་བྱ་སྟོན་པའི་དུས་ན་རང་གི་ངོ་བོ་ཁོ་ནས་གྲུབ་པ་ཡང་མེད་དེ། དེའི་ཕྱིར་རང་ཉིད་བདག་ཉིད་ཀྱི་གཏན་ཚིགས་སུ་མ་གྲུབ་པོ། །ཅིག་ཤོས་ཀྱིས་སྒྲ་ཙམ་གྲུབ་པར་མཐོང་ནས་སྒྲ་ཅི་ལྟར་མ་གྲུབ་ཅེ་ན་ཞེས་སྨྲས་སོ། །དེ་ནི་གྲུབ་མོད་ཀྱི་འོ་ན་ཀྱང་དེ་བདག་ཉིད་མི་རྟག་པ་ཉིད་དུ་སྒྲུབ་པའི་གཏན་ཚིགས་ཉིད་དུ་མ་གྲུབ་པས་མ་གྲུབ་པ་ཡིན་ནོ། །དེ་ནི་ཕྱོགས་སུ་བྱས་པ་གང་ཞིག་བསྒྲུབ་བྱས་ཁྱབ་པའི་གཏན་ཚིགས་སུ་འགྱུར་བ་ཕྱོགས་སུ་བྱས་པ་དེ་ལས་སྒྲ་གཞན་ཡང་ཡོད་པ་མ་ཡིན་ནོ། །དེ་ཉིད་གཏན་ཚིགས་ཡིན་ན་ནི་ཆོས་ཅན་བསྟན་པ་ཉིད་ཀྱིས་བསྒྲུབ་བྱ་གྲུབ་པའི་ཕྱིར་ཡང་སྟོན་པ་དོན་མེད་དོ། ཞེས་བརྗོད་ཟིན་ཏོ། །མི་རྟག་པ་ཉིད་སྒྲ་ཙམ་དང་རྗེས་སུ་འབྲེལ་བ་ཡིན་ན་འགའ་ཞིག་རྩོད་པར་ཡང་མི་འཐད་དེ། སྒྲ་རྟག་ཏུ་གྲུབ་པའི་ཕྱིར་དེ་ཞེས་བྱ་བ་མི་རྟག་པའི་ངོ་བོར་གྲུབ་པའི་ཕྱིར་རོ། །འདི་སྙམ་དུ་སྒྲ་ལ་མི་རྟག་པ་ཉིད་རྗེས་སུ་འགྲོ་བར་མ་མཐོང་ལ་རྗེས་སུ་འགྲོ་བར་མ་མཐོང་


DTG187_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་མི་རྟག་པ་ཉིད་མ་གྲུབ་པོ། །དེས་ན་རྩོད་པ་ཡོད་པའི་ཕྱིར་སྒྲུབ་པར་བྱེད་པ་འགོད་དོ་སྙམ་ན། གལ་ཏེ་དེ་ལྟར་རྗེས་སུ་འགྲོ་བ་ལ་ལྟོས་ནས་སྒྲ་རྟག་པ་ཡིན་ན། ཡིན་ལ་རག་ན་དེ་ཅི་ཆོས་ཅན་ཆོས་ཅན་གཞན་ལ་རྗེས་སུ་འགྲོ་འམ། འདི་ནི་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །དེས་ན་གལ་ཏེ་སྒྲ་གོ་བར་བྱེད་པ་ཡིན་ན་རང་གི་ངོ་བོ་ཙམ་ལས་གོ་བར་བྱེད་པར་འདོད་པ་ཡིན་བའི་ཕྱིར་རྩོད་པ་མེད་པར་འགྱུར་རོ། །འདི་སྙམ་དུ་ཁྱེད་ཀྱིས་ཀྱང་ཆོས་ཅན་ཡིན་ཡང་བདག་ཉིད་རྟོགས་པའི་ཡན་ལག་ཏུ་མ་གྲུབ་པ་ཅི་བརྗོད་དེ། གང་གི་ཕྱིར་སྒྲོན་མ་ལ་སོགས་པ་བདག་ཉིད་གསལ་བར་བྱེད་པ་ཡང་མཐོང་བ་ཡིན་ནོ་ཞེ་ན། བཤད་པ། སྒྲོན་མ་ལ་སོགས་པ་ནི་རང་གི་ངོ་བོ་རུང་བ་ཉིད་ཀྱིས་བདག་ཉིད་རྣམ་པར་ཤེས་པ་སྐྱེད་པ་ན་ཤེས་པའི་ཡུལ་ཉིད་དུ་གསལ་བས་བདག་ཉིད་གསལ་བར་བྱེད་པ་ཞེས་བརྗོད་དོ། །རྟགས་དང་རྟགས་ཅན་ནི་དེ་ལྟར་མ་ཡིན་ཏེ། བདག་ཉིད་གཅིག་པའི་ཕྱིར་བདག་ཉིད་གསལ་བར་བྱེད་པར་ཤེས་པར་མི་ནུས་སོ། །རྟགས་དང་རྟགས་ཅན་དེའི་དངོས་པོ་ནི་ཐ་དད་པའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ། །ཅི་ལྟར་ཐ་དད་པ་རྟེན་ཅེ་ན། གང་གི་ཕྱིར་རྟགས་རང་ཉིད་རྣམ་པར་ཤེས་པ་ཡུལ་དུ་གྱུར་པ་ཉིད་ཀྱིས་ནི་རྟགས་ཅན་རྟོགས་པ་མ་ཡིན་ན། གང་གིས་རྟགས་དང་རྟགས་ཅན་གྱི་དངོས་པོ་ཐ་དད་པ་མེད་པར་འགྱུར། གང་རྟོགས་པ་ན་གང་མ་རྟོགས་པར་འགྱུར་བ་དེའི་རྟགས་ནི་དེ་ཡིན་ཏེ། དཔེར་ན་དུ་བ་རྟོགས་པ་ན་མ་རྟོགས་པའི་མེའི་དུ་བ་ཡིན་པ་བཞིན་ནོ། །གང་རྟོགས་པ་ཉིད་ན་གང་རྟོགས་པར་འགྱུར་བ་དེའི་རྟགས་ནི་དེ་མ་ཡིན་ཏེ། དཔེར་ན་བུམ་པས་དབེན་པའི་ས་ཕྱོགས་རྟོགས་པ་ཉིད་ན་མེད་པ་རྟོགས་པའི་ཕྱིར་བུམ་པས་དབེན་པའི་ས་ཕྱོགས་མེད་པའི་རྟོགས་མ་ཡིན་ནོ། །དེའི་ཕྱིར་གང་དེས་ན་གང་མ་ངེས་པ་དེ་དག་ནི་ངེས་པ་དང་མ་ངེས་པ་དག་གིས་ཐ་དད་ཕན་རྗེས་སུ་འགྲོ་བ་ཤེས་པ་ལ་ལྟོས་ཏེ་ངེས་པར་གྱུར་པ་ནི་ཅིག་ཤོས་ཀྱི་རྟགས་ཡིན་གྱི། སྒྲོན་མ་བཞིན་དུ་བདག་ཉིད་གསལ་བར་བྱེད་པ་ནི་མ་ཡིན་ནོ། །ཆོས་ཅན་ཡང་ཐ་དད་པ་ཉིད་ཀྱིས་རྟགས་སུ་འགྱུར་ཞེ་ན། བཤད་པ། ཆོས་ཅན་གྱི་རང་གི་ངོ་བོ་སྒྲུབ་པར་བྱེད་པར་


DTG187_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་ལེན་ན་ནི་བདག་ཉིད་གསལ་བར་བྱེད་པའི་ཐལ་བ་འདིར་འགྱུར་ཏེ། འདི་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །རང་གི་ངོ་བོས་ངེས་པ་ཡིན་ན་ཆོས་ཅན་བདག་ཉིད་དུ་གྱུར་པའི་མི་རྟག་པ་ཉིད་གསལ་བར་བྱེད་པར་འགྱུར་ཏེ། སྒྲོན་མ་བཞིན་ནོ། །དེ་ལྟ་ཡིན་དང་སྒྲ་རང་གི་ངོ་བོས་རྟག་ཏུ་གྲུབ་པའི་ཕྱིར་མི་རྟག་པ་ཉིད་ཀྱང་གྲུབ་པས་རྩོད་པ་མེད་པར་འགྱུར་རོ། །འདི་སྙམ་དུ་གལ་ཏེ་གཏན་ཚིགས་དང་བསྒྲུབ་པ་དག་ཐ་དད་པའི་ཕྱིར་བསྒྲུབ་བྱའི་ཆོས་ཅན་རང་ཉིད་ལ་གཏན་ཚིགས་སུ་མ་གྲུབ་པ་བརྗོད་ན། འོ་ན་དངོས་པོ་ཐམས་ཅད་ལ་ཆོས་དང་ཆོས་ཅན་ནམ། བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ཆོས་ཀྱི་དབྱེ་བ་མ་གྲུབ་པའི་ཕྱིར་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་བའི་སྐྱོན་འདི་རང་བཞིན་གྱི་གཏན་ཚིགས་ཐམས་ཅད་ལ་མཚུངས་སོ། །བྱས་པ་ཉིད་ནི་སྒྲ་དང་ཐ་དད་པ་མ་ཡིན་ཏེ། དེས་ན་བྱས་པ་ཡང་དམ་བཅའི་དོན་གྱི་ཕྱོགས་གཅིག་ཡིན་པར་འགྱུར་རོ་ཞེ་ན། རྩོད་པ་འདི་ལ་བརྗོད་པར་བྱ་བ་གང་ཡིན་པ་དེ་ནི་རང་བཞིན་གྱི་གཏན་ཚིགས་བསམ་པ་ཉིད་དུ་བཤད་ཟིན་ཏོ། །དེ་དང་དེ་ལས་ལོག་པའི་དངོས་པོ་རྣམས་ཀྱི་ལྡོག་པ་ལ་བརྟེན་པས་ངེས་པའི་ཡུལ་གྱི་རང་བཞིན་ཐ་སྙད་ཐ་དད་པའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཐ་དད་དེ། གཅིག་ལས་ལྡོག་པའི་རྒྱུ་མཚན་གྱིས་ནི་མ་གྲུབ་པ་བསྒྲུབ་བྱའི་རང་བཞིན་ཡིན་ལ། གཞན་ལས་བཟློག་པའི་རྒྱུ་མཚན་གྱིས་ནི་སྒྲུབ་བྱེད་ཀྱི་རང་བཞིན་གྲུབ་པ་ཡིན་ནོ་ཞེས་སོ། །གལ་ཏེ་དོན་དམ་པར་ཆོས་དང་ཆོས་ཅན་དག་ཐ་མི་དད་ལ། བརྟགས་པ་ཐ་དད་པ་ཡིན་ན་དེ་ཅི་ལྟར་གཞན་དུ་དེ་ཉིད་དུ་དང་གཞན་ཉིད་འགོག་ཅེ་ན། བཤད་པ། དེ་ཁོ་ན་ཉིད་དང་ལྡན་པའི་རང་བཞིན་རྣམ་པར་དཔྱད་པའི་སྐབས་སུ་ནི་ཆོས་དང་ཆོས་ཅན་གྱི་རང་བཞིན་དེ་ལྟ་བུར་གྱུར་པ་མ་གྲུབ་པའི་རྒྱུའི་ཕྱིར། ཀུན་རྫོབ་པའི་ཆོས་དང་ཆོས་ཅན་གྱི་དོན་རྣམས་ལ་དེ་ཉིད་དང་གཞན་ཉིད་འགོག་པ་ཡིན་ནོ། །འདི་ལྟར་གལ་ཏེ་ཆོས་ཅན་དང་ཆོས་རྣམས་ཀྱང་ཕན་ཚུན་ཡང་ཐ་དད་པ་ཡིན་ན་གཞི་མཐུན་པར་མི་འགྱུར་ཏེ། ལྷ་སྦྱིན་དང་གནོད་སྦྱིན་ལ་སོགས་པའི་སྒྲ་རྣམས་ནི་གཞི་


DTG187_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་མ་ཡིན་ནོ། །འོན་ཏེ་ཆོས་ཅན་ལས་དང་ཕན་ཚུན་ཡང་ཐ་མི་དད་པ་ཡིན་ན་ནི། དེ་ལྟ་ན་ནི་འོ་ན་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་རྣམས་རྣམ་གྲངས་པར་ཐལ་ལ། སྒྲའི་བྱས་པ་ཉིད་ཅེས་ཐ་དད་པའི་རྒྱུ་མཚན་ཅན་དྲུག་པར་ཡང་མི་འགྱུར་རོ། །དེའི་ཕྱིར་སྒྲ་རྣམས་ཀྱི་དོན་འདི་ལྟ་བུ་ནི་དོན་དམ་པ་རྣམ་པར་དཔྱད་ན་ཆོས་ཅན་དང་ཆོས་རྣམས་ཀྱང་དོན་དམ་པ་ལ་མ་ཡིན་པའི་ཕྱིར། དེ་ཉིད་ཀྱང་མ་ཡིན་ལ་གཞན་ཡང་མ་ཡིན་ནོ་ཞེས་དགག་པ་ཡིན་ནོ། །འོ་ན་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་དོན་དམ་པའི་ཡུལ་ཅན། ཅི་ལྟར་དོན་དམ་པར་དེ་ཉིད་གང་གཞན་ཉིད་དང་བྲལ་བའི་ཆོས་དང་ཆོས་ཅན་ཐ་དད་པ་ལ་བརྟེན་ནས་འཇུག་ཅེ་ན། རྗེས་སུ་དཔག་པ་དང་ཞེས་སྨོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ནི་གོ་བྱ་གོ་བྱེད་ཀྱི་དངོས་པོ་ཡིན་ལ། གོ་བྱ་གོ་བྱེད་ཀྱི་དངོས་པོ་ཡང་ངེས་པའི་ཡུལ་རང་བཞིན་ལ་འཐད་ཀྱི། ངེས་པ་ལ་མི་གནས་པའི་དངོས་པོ་ལ་ནི་མ་ཡིན་ནོ། །ངེས་པ་ལ་གནས་པའི་རང་བཞིན་དེ་ལ་ཡང་ལྡོག་པ་ཐ་དད་པ་བརྟགས་པའི་ཐ་དད་པ་ཡོད་པ་ཉིད་དོ། །དེས་ན་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་འཐད་པ་ཉིད་དོ། འོ་ན་རྗེས་སུ་དཔག་པ་རང་གི་མཚན་ཉིད་ཀྱི་མཐར་ཐུག་པར་ཅི་ལྟར་འགྱུར་ཞེ་ན། གང་གི་ཕྱིར་ཀུན་བརྟགས་པའི་རང་བཞིན་རྗེས་སུ་དཔག་པས་ངེས་པ་གང་ཡིན་པ་དེ་ནི་དེའི་རང་བཞིན་མ་ཡིན་པ་ལས་ལྡོག་པས་ཕྱི་རོལ་གྱི་བདག་ཉིད་དུ་ཞེན་པར་བྱས་པ་ཡིན་ལ། འདིས་ཅི་ལྟར་ངེས་པ་དེ་འདྲ་བ་ཡང་ཕྱི་རོལ་ན་ཡོད་པའི་ཕྱིར་འཇུག་པ་ལ་མི་བསླུ་བས་རྗེས་སུ་དཔག་པ་ཕྱི་རོལ་གྱི་དོན་གྱི་མཐར་ཐུག་པ་ཡིན་ནོ། །འོ་ན་འདི་ཉིད་ཚིགས་སུ་བཅད་པ་དག་གིས་བསྟན་པའི་ཕྱིར་བཤད་པ། ཤེས་པ་གང་ཞིག་བདག་ཉིད་ཀྱི་ཐ་དད་པ་གཞན་ལས་རྣམ་པར་དཔྱད་པ་གང་ཡིན་པ་སྟེ། ཐ་དད་པ་དེའི་མཐར་ཐུག་པ་ཡོངས་སུ་རྫོགས་པའི་ཤེས་པ་གང་ཡིན་པའོ། །གང་གི་ཕྱིར་དེ་དག་ནི་བསྒྲུབ་པའི་ཚུལ་ལ་རེག་པར་མི་ནུས་པས་གཞན་ལ་ལོག་པ་འབའ་ཞིག་གིས་བདག་ཉིད་ཀྱང་སྣང་བ་ལ་ཕྱི་རོལ་ཉིད་དུ་ལྷག་པར་ཞེན་པ་ཡིན་ནོ།།


DTG187_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་ཕྱི་རོལ་གྱི་དོན་ལ་མི་ལྟོས་པར་ཐ་དད་པ་ཙམ་གྱི་མཐར་ཐུག་པའི་ཤེས་པ་དེ་དག་ལ་ཐ་དད་པར་ཆོས་དང་ཆོས་ཅན་སྣང་བ་ཡིན་ལ། རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ཀྱང་ཐ་དད་པ་དེ་ལ་བརྟེན་པ་ཡིན་ནོ། །ཆོས་ཅན་སྒྲུབ་པར་བྱེད་པ་འདིར་ནི་ཐ་སྙད་རྣམ་པར་རྟོག་པའི་ཤེས་པས་བཞག་པ། བསྒྲུབ་བྱའི་ཆོས་ཅན་གང་ཡིན་པ་དེ་ཉིད་སྒྲུབ་བྱེད་དུ་བཞག་པ་ཡིན་ནོ། །ཅི་ལྟར་དེ་ཉིད་ཡིན་ཞེ་ན། ཆོས་ཅན་གང་ཡིན་ཐ་དད་པ་གཞན་གྱི་བློ་གང་ཡིན་པ་དེ་ལ་མ་རེག་པ་འབྲེལ་པ་མེད་པ་ཅན་དེ་ལ་དེ་སྐད་བརྗོད་དོ། །ཆོས་ཅན་དེ་ནི་ལྡོག་པ་གཞན་གྱི་རྒྱུ་མཚན་ཅན་གྱི་བློས་གཏན་ཚིགས་ཀྱི་དངོས་པོར་མ་བཟུང་སྟེ། སྒྲ་མ་ཡིན་པ་ལས་ཐ་དད་པ་གང་ཞིག་བསྒྲུབ་བྱའི་རང་བཞིན་བསྟན་པ་དེ་ཉིད་སྒྲུབ་བྱེད་ཀྱི་རང་བཞིན་ཡིན་པའི་ཕྱིར་ཆོས་ཅན་དུ་བསྟན་པ་དེ་ནི་གཏན་ཚིགས་ཉིད་དུ་མ་གྲུབ་བོ། །ཆོས་ཅན་མ་གྲུབ་པར་བརྗོད་པ་འདིས་ནི་ཆོས་ཀྱང་མ་གྲུབ་པར་བཤད་པ་ཡིན་ནོ། །དེ་ཡང་བདག་ཉིད་སྒྲུབ་པ་ལ་གཏན་ཚིགས་ཉིད་དུ་མ་གྲུབ་པ་ཁོ་ནའོ། །དེར་ཡང་གལ་ཏེ་བསྒྲུབ་བྱའི་རང་བཞིན་དེ་ཉིད་ལས་འགྲུབ་པ་ཡིན་ན་དེ་ནི་སྔ་མ་ཁོ་ནར་བསྒྲུབ་བྱའི་དུས་སུ་བསྟན་པའི་ཕྱིར་དེས་འགྲུབ་པར་འགྱུར་བ་དང༌། འགར་ཡང་རྩོད་པ་མེད་པར་འགྱུར་ཏེ། མི་རྟག་པ་ཉིད་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཐལ་བ་སྔ་མ་ཅི་ལྟར་རིགས་པ་བརྗོད་དོ། །ཅི་སྟེ་ཡང་མི་རྟག་པ་ཉིད་བདག་ཉིད་ཀྱི་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་དེ་ཙམ་གྱིས་སྒྲ་མི་རྟག་པ་ཉིད་དུ་མི་ངེས་སོ་ཞེ་ན། རྗེས་སུ་འགྲོ་བ་མ་གྲུབ་པར་བརྗོད་པ་དེ་ལ་ཡང་འབྲེལ་བ་མེད་པ་དེ་ཉིད་འོངས་ཏེ། མི་རྟག་པ་ཉིད་ཀྱི་མཚན་ཉིད་ཀྱི་ཆོས་དེ་ཉིད་ཅི་ལྟར་བདག་ཉིད་ལ་རྗེས་སུ་འགྲོ་ཞེས་སོ། །གལ་ཏེ་དེ་ལ་ཆོས་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ན། རང་གི་ངོ་བོ་མཐོང་བ་ཙམ་གྱིས་དོན་ངེས་པར་བྱེད་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་བསྒྲུབ་པར་བྱ་བའི་ཆོས་ཅན་ནམ་ཆོས་ལ་མ་གྲུབ་པ་ཉིད་དུ་བསྟན་ནས། མི་མཐུན་པའི་ཕྱོགས་མ་ཡིན་པ་ཞེས་བྱ་བ་གཏན་ཚིགས་ཉིད་དུ་དགོད་པར་བྱེད་པ་གང་ཡིན་པ་དེ་ཡང་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར་བཤད་པ། འོ་ན་གང་གི་ཚེ་མི་མཐུན་པའི་ཕྱོགས་མེད་པ་གཏན་


DTG187_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་སུ་བརྗོད་པ་དེའི་ཚེ་ཅི་ལྟར་ཞེ་ན། མི་མཐུན་པའི་ཕྱོགས་ལས་ཐ་དད་པ་གཏན་ཚིགས་སུ་བརྗོད་པ་དེ་ལ་ཡང༌། གང་གི་ཕྱིར་བསྒྲུབ་པར་བྱ་བ་མེད་པར་མི་མཐུན་པའི་ཕྱོགས་ཡིན་པ་དེ་བས་ན། མི་མཐུན་པའི་ཕྱོགས་དེ་ལས་གཞན་པ་གང་ཡིན་པ་དེ་ནི་བསྒྲུབ་བྱའི་ཆོས་ཉིད་ཡིན་ལ། བསྒྲུབ་བྱའི་ཆོས་ཀྱང་མ་གྲུབ་བོ། །ཅིག་ཤོས་ཀྱི་ཕྱོགས་དང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་རྣམས་ཐ་དད་པའི་ཕྱིར་བསྒྲུབ་བྱའི་ཆོས་ཅན་དང་དཔེའི་ཆོས་ཅན་མི་མཐུན་པའི་ཕྱོགས་ལས་གཞན་ཡིན་ནོ། །དེ་བས་ན་བསྒྲུབ་བྱའི་ཆོས་འབའ་ཞིག་ནི་མ་ཡིན་ཏེ། འོན་ཀྱང་ཤེས་པར་འདོད་པའི་བྱེ་བྲག་ཉིད་ཀྱང་ཡིན་པས་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ཕྱོགས་ལ་ཡོད་པ་ཉིད་དོ། །དེས་ན་མ་གྲུབ་པ་ཞེས་ཅི་ལྟར་བརྗོད་ཅེ་ན། ཅིག་ཤོས་ཀྱིས་མ་གྲུབ་པ་ཉིད་བསྟན་པར་བྱ་བའི་ཕྱིར་ཕྱོགས་གང་ཡིན་ཞེས་དྲི་པར་བྱེད་དོ། །གཞན་གྱི་ཕྱོགས་དང་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་སྨྲས་པ་ནི་གང་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འོ་ན་ནི་ཕྱོགས་དེའི་འདོད་པས་བྱས་པའི་མཚན་ཉིད་ཡིན་པའི་ཕྱིར་དངོས་པོའི་དབང་གིས་བྱས་པའི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་གནས་པ་གང་ཡིན་པ་སེལ་བར་ཅི་ལྟར་འགྱུར། འདི་ལྟར་དོན་དམ་པར་ནི་བསྒྲུབ་པར་བྱ་བ་དང་བྲལ་བ་གང་ཡིན་པ་དེ་མི་མཐུན་པའི་ཕྱོགས་ཡིན་ནོ། །གང་ལ་ཆོས་འགའ་ཞིག་བསྒྲུབ་པར་འདོད་པ་དེ་ནི་ཕྱོགས་ཡིན་ནོ། །དེས་ན་གང་ཞིག་ཕྱོགས་སུ་བྱས་པ་དེ་ཡང་དོན་དམ་པར་མི་མཐུན་པའི་ཕྱོགས་སུ་ཡང་རེས་འགའ་འགྱུར་བའི་ཕྱིར་ཅི་སྙེད་ཕྱོགས་སུ་བྱས་པ་དེ་ཐམས་ཅད་མི་མཐུན་པའི་ཕྱོགས་མ་ཡིན་ནོ་ཞེས་ནི་ཤེས་པར་མི་ནུས་སོ། །དེས་ན་ཕྱོགས་ཀྱིས་མི་མཐུན་པའི་ཕྱོགས་འཇིག་པ་མ་ཡིན་ནོ། །གལ་ཏེ་འཇིག་ན་ནི་ཆོས་འགའ་ཡང་མ་ངེས་པར་མི་འགྱུར་རོ། །མི་མཐུན་པའི་ཕྱོགས་ཀྱང་འདོད་བས་བྱས་པའི་ཕྱིར་ཏེ། འདོད་པས་ཕྱོགས་སུ་བྱས་པ་ལས་གཞན་མི་མཐུན་པའི་ཕྱོགས་ཡིན་པ་དེའི་ཕྱིར་འདི་ཡང་འདོད་པས་བྱས་པར་འགྱུར་རོ། །དེས་ན་མི་མཐུན་པའི་ཕྱོགས་ལ་འཇུག་པས་མ་ངེས་པར་འགྱུར་བ་འགའ་ཡང་མེད་པར་འགྱུར་རོ་ཞེས་འདི་ནི་སྔ་མ་ཉིད་དུ་བསལ་ཟིན་ཏོ། །གཞན་


DTG187_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གལ་ཏེ་བསྒྲུབ་པར་བྱ་བ་མ་ཡིན་པ་མི་མཐུན་པའི་ཕྱོགས་ཡིན་ལ། མི་མཐུན་པའི་ཕྱོགས་དེ་ལས་གཞན་པ་མེད་པ་ཡང་ཆོས་ཅན་ལ་གྲུབ་ན་དགག་པ་བཀག་པ་སྒྲུབ་པ་ཡིན་པའི་ཕྱིར། གང་ཞིག་བསྒྲུབ་པའི་དོན་དུ་གཏན་ཚིགས་བརྗོད་པ་ཅི་ཞིག་ཡོད། ཅིག་ཤོས་ཀྱིས་ནི་མཐུན་པའི་ཕྱོགས་ལ་སོགས་པ་ཐ་དད་པར་མཐོང་ནས་ཡང་སྨྲས་པ། བསྒྲུབ་པར་བྱ་བ་མ་གྲུབ་པ་ཙམ་གྱི་རྒྱུས་ནི་ཐམས་ཅད་དུ་མི་མཐུན་པའི་ཕྱོགས་མ་ཡིན་ནོ། །འོ་ན་ག་ལས་ཤེ་ན། བཤད་པ། བསྒྲུབ་པར་བྱ་བ་དེ་མེད་པ་དེ་ལ་ཡིན་པར་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ལ་ངེས་པ་གང་ཡིན་པ་དེ་ཉིད་མི་མཐུན་པའི་ཕྱོགས་ཡིན་ནོ། །དེས་ན་ཆོས་ཅན་དེ་ལ་ནི་བསྒྲུབ་བྱ་མེད་པར་མ་ངེས་པ་དེའི་ཕྱིར་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་རེ་ཞིག་གྲུབ་པ། བསྒྲུབ་བྱ་གྲུབ་པ་ཡང་མ་ཡིན་པ་དེས་ན་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་གྲུབ་ན་གཞན་ཅི་ཞིག་བསྒྲུབ་པར་བྱ་ཞེས་ཅི་ལྟར་བརྗོད་ཅེ་ན། གལ་ཏེ་དེ་ལྟ་ན་ནི་མཚན་ཉིད་འདིས་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བའི་དཔེ་ཡང་མི་མཐུན་པའི་ཕྱོགས་མ་ཡིན་པར་འགྱུར་ཏེ། དེ་ལ་ཡང་བསྒྲུབ་པར་བྱ་བ་མེད་པར་མ་ངེས་པའི་ཕྱིར་རོ། །དེ་ལས་ཅིར་འགྱུར་ཞེ་ན། གཏན་ཚིགས་དེས་ན་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་འདི་ཅི་ལྟར་སྒྲུབ་པར་བྱེད་པར་འགྱུར། ཅི་ལྟར་མི་འགྱུར་ཞེ་ན། གང་གི་ཕྱིར་མི་མཐུན་པའི་ཕྱོགས་མ་ཡིན་པ་འདི་ནི་བསྒྲུབ་པར་བྱ་བ་མེད་པ་ལས་ལྡོག་པར་མ་ངེས་པའི་རང་བཞིན་ཡིན་པ་དེའི་ཕྱིར་མི་འགྱུར་རོ། །བསྒྲུབ་པར་བྱ་བ་མེད་པ་ལས་ལྡོག་པ་མ་ངེས་ཀྱང་སྒྲུབ་བྱེད་ཉིད་དུ་ཅི་ལྟར་མི་འགྱུར་ཞེ་ན། གང་གི་ཕྱིར་འདི་ལ་དེའི་ཤེས་བྱ་སྒྲུབ་པར་བྱེད་པའི་མཚན་ཉིད་མ་ངེས་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་མེད་པ་ལས་ལྡོག་པ་ནི་སྒྲུབ་པར་བྱེད་པའི་ཚུལ་གསུམ་པ་ཡིན་ལ། དེ་ཡང་འདི་ལ་མ་ངེས་པའི་ཕྱིར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི་རྟགས་མ་ཡིན་པ་ཉིད་དོ། །མི་མཐུན་པའི་ཕྱོགས་མ་ཡིན་པར་ཉེ་བར་བཀོད་པ་དེ་ཉིད་ཀྱིས་བསྒྲུབ་པར་བྱ་བ་མེད་པ་ལས་ལྡོག་པ་ངེས་པར་བྱེད་དོ་ཞེ་ན། གལ་ཏེ་དེ་ན་ཅི་


DTG187_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མ་ངེས་པ་ཉིད་ཀྱི་རྒྱུ་ལས་ངེས་པར་འགྱུར་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ལས་ངེས་པར་བརྗོད་པས་མ་ངེས་པར་བརྗོད་པས་མ་ངེས་པ་ཉིད་ལས་ཡིན་པར་ཅི་ལྟར་བརྗོད་པར་འགྱུར་ཞེ་ན། བཤད་པ། གང་གི་ཕྱོགས་མི་མཐུན་པའི་ཕྱོགས་མ་ཡིན་པའི་སྒྲས་ནི་བསྒྲུབ་བྱ་ལྡོག་པ་མ་ངེས་པ་བརྗོད་པ་དེའི་ཕྱིར་ཅི་ལྟར་བསྒྲུབ་པར་བྱ་བ་མེད་པར་ཐེ་ཚོམ་ཟ་བ་དེ་ཉིད་ཀྱིས་བསྒྲུབ་པར་བྱ་བ་མེད་པ་ལས་ལྡོག་པར་ངེས་ཏེ། ཅི་ལྟར་བསྒྲུབ་བྱ་ངེས་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པར་བྱ་བ་མེད་པ་ནི་བསྒྲུབ་བྱ་ཡིན་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུ་ཕྱོགས་ལ་སོགས་པའི་མཚན་ཉིད་ཡིན་ན། མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་གཏན་ཚིགས་སུ་བཅད་པས་ཤིན་ཏུ་མ་འབྲེལ་པ་ཅི་འདྲ་བ་ཞིག་བརྗོད་པར་འགྱུར་བ་དེ་ལ་བཞད་གད་དུ་སྟོན་པ་ནི། གང་གི་ཕྱིར་བསྒྲུབ་པར་བྱ་བ་མེད་པའི་མཚན་ཉིད་ཀྱི་དངོས་པོ་འདི་ཆོས་ཅན་འདིས་ཐེ་ཚོམ་ཟ་བ་དེའི་ཕྱིར་འདིས་འདི་ན་མེད་དོ་ཞེས་བྱ་བར་ངེས་ཞེས་བྱ་བ་ཁྱེད་ཀྱིས་དེ་སྐད་སྨྲས་པ་དེ་ནི་ཤིན་ཏུ་མཛེས་པ་ཡིན་ནོ། །གང་གི་ཕྱིར་འགའ་ཡང་མ་ངེས་པར་མི་འགྱུར་བ་དང༌། མི་མཐུན་པའི་ཕྱོགས་ལ་ལྡོག་པར་ཐེ་ཚོམ་ཟ་བ་གཏན་ཚིགས་སུ་འགྱུར་བ་དང་མ་འབྲེལ་བར་བརྗོད་པར་འགྱུར་བ་དེའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་རྣམས་ཀྱི་ཡོད་པ་དང་མེད་པ་གང་དག་ཕྱོགས་རྣམ་པར་གཞག་པ་ལ་མི་ལྟོས་པ་དེ་འདྲ་བ་དེ་དག་ནི་ཕན་ཚུན་སྤངས་ནས་གནས་པ་ཡིན་པའི་ཕྱིར་མི་རྟག་པ་ཉིད་ལ་སོགས་པའི་ཡོད་པ་དང་མེད་པ་ལས་རྣམ་པར་གྲོལ་བ་ཕུང་པོ་གསུམ་པ་ལྡོག་པར་བྱེད་པ་མ་ཡིན་ཏེ། ཐ་དད་དུ་བྱེད་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་འཇུག་པ་དང་ལྡོག་པ་དེ་དག་ལས་ཡོད་པའམ་མེད་པ་གཅིག་ལྡོག་པ་གང་ཡིན་པ་དེ་ཉིད་ཟླ་བོ་གཞན་ཡོད་པ་ཡིན་ཏེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་མི་རྟག་པ་མེད་པ་ལས་ལྡོག་པ་སྟེ་མེད་པ་མི་རྟག་པའི་བདག་ཉིད་ཡིན་པས་སྐབས་སུ་བབ་པ་བསྒྲུབ་པར་བྱ་བའི་ཆོས་ལ་མི་རྟག་པར་ཅི་ལྟར་འགྲུབ། གལ་ཏེ་ཕྱོགས་ལ་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་མ་གྲུབ་ན། འོ་ན་དེ་ཉིད་ཀྱི་ཕྱིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཕྱིར་ཕྱོགས་


DTG187_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཡང་དངོས་པོ་ལ་བསྒྲུབ་བྱས་སྟོང་པའི་ཕྱིར་མི་མཐུན་པའི་ཕྱོགས་སུ་འགྱུར་རམ་ཅི། ཕྱོགས་དང་མི་མཐུན་པའི་ཕྱོགས་གཅིག་པར་ནི་མི་འཐད་དོ་ཞེ་ན། ཅིག་ཤོས་ཀྱིས་སྨྲས་པ། རྣམ་གྲངས་ཀྱིས་ཏེ་ཚུལ་འགའ་ཞིག་གིས་ཕྱོགས་ཀྱང་མི་མཐུན་པའི་ཕྱོགས་སུ་འགྱུར་བ་ཡང་ཡིན་ཏེ། མི་འདོད་པ་ཅུང་ཟད་ཀྱང་མེད་དོ། །བྱས་པའམ་རྩོལ་བ་ལས་བྱུང་བས་སྒྲ་རྟག་པར་བསྒྲུབ་པ་ན་ཕྱོགས་ཀྱང་མི་མཐུན་པའི་ཕྱོགས་སུ་འགྱུར་རོ། །འོ་ན་མཚན་ཉིད་འཆོལ་བར་ཐལ་ལོ་ཞེས་དོགས་ན། བཤད་པ། མཚན་ཉིད་ཀྱི་དབྱེ་བ་ནི་རང་གི་ངོ་བོ་དང༌། རྒོལ་བ་འདོད་པ་དང༌། མངོན་སུམ་ལ་སོགས་པས་མ་གསལ་བ་ནི་ཕྱོགས་ཡིན་ལ། བསྒྲུབ་པར་བྱ་བ་མེད་པ་ནི་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་འདི་ནི་བརྗོད་ཟིན་ཏེ། འཆོལ་བའི་དོགས་པ་ག་ལ་ཡོད། ཕྱོགས་ཡིན་ཡང་མི་མཐུན་པའི་ཕྱོགས་སུ་འགྱུར་བ་ནི་ཐམས་ཅད་ཀྱི་འདོད་པ་ཡིན་ཏེ། འདི་ལྟར་མི་མཐུན་པའི་ཕྱོགས་སུ་ཐེ་ཚོམ་མི་ཟ་བ་ཡིན་ན་གཏན་ཚིགས་བརྗོད་པ་ཡིན་ནོ། །དེ་ག་ལས་ཤེ་ན། གང་གི་ཕྱིར་བསྒྲུབ་པར་བྱ་བ་མེད་པ་མི་མཐུན་པའི་ཕྱོགས་ཏེ། དེ་རྣམ་པར་བཅད་པའི་དོན་དུ་གཏན་ཚིགས་སུ་རབ་ཏུ་སྦྱར་བ་དེའི་ཕྱིར་དེ་ལྟ་ཡིན་ནོ། །གཞན་ཡང་ཕྱོགས་ལ་སོགས་པའི་རྣམ་པར་གཞག་པ་ཡོད་པ་གང་ལས་ཕྱོགས་ཀྱང་མི་མཐུན་པའི་ཕྱོགས་ཉིད་ཡིན་པའི་སྐྱོན་འདིར་འགྱུར་བ་གནོད་པར་བྱེད་པའི་ཚད་མས་བསྒྲུབ་བྱ་རྗེས་སུ་འགྲོ་བར་བསྟན་པ་དེ་ནི་གཏན་ཚིགས་ཡིན་ནོ། །གནོད་པར་བྱེད་པའི་ཚད་མས་གཏན་ཚིགས་ཀྱི་འབྲེལ་པ་སྟོན་པའི་དུས་ན་ནི་ཕྱོགས་ལ་སོགས་པའི་རྣམ་པར་གཞག་པ་སྟེ་དབྱེ་བ་ཡོད་པ་མ་ཡིན་ནོ། །ཅི་ལྟར་ཕྱོགས་ལ་སོགས་པ་རྣམ་པར་གཞག་པ་མེད་ཅེ་ན། གང་གི་ཕྱིར་མི་རྟག་པ་ཉིད་ལ་སོགས་པའི་ཆོས་དེ་ཕྱོགས་ལ་སོགས་པའི་རྣམ་པར་དབྱེ་བ་དང་བྲལ་བ་འབའ་ཞིག་ཉིད་མི་རྟག་པ་ཉིད་ལ་སོགས་པ་འགའ་ཞིག་ཡོད་པ་དང་མེད་པ་དག་ཏུ་འཇུག་པ་དང་ལྡོག་པ་ཅན་ཏེ། ཡོད་པ་དང་མེད་པ་ཅན་དུ་བསྟན་པ་ཡིན་ཏེ། ཕྱོགས་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་དབྱེ་བ་ལ་ལྟོས་པ་མེད་པ་ཁོ་ནས་དངོས་པོ་ལ་བསྒྲུབ་པར་བྱ་བ་གཏན་


DTG187_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་ཀྱི་རྗེས་སུ་འགྲོ་བའོ། །གང་གི་ཕྱིར་དོན་ཐམས་ཅད་བསྡུས་པ་ཉིད་ཀྱིས་རྗེས་སུ་འགྲོ་བ་ནི་ཚད་མས་བསྟན་པར་ནུས་པ་ཡིན་ཏེ། དངོས་པོ་གཅིག་ལ་ལོག་ན་ཡང་ཐེ་ཚོམ་མི་ལྡོག་པའི་ཕྱིར་རོ། །དེ་ལྟར་འབའ་ཞིག་རྗེས་སུ་འགྲོ་བ་དང་ལྡན་པར་བསྟན་པ་དེ་རང་ཉིད་ཆོས་ཅན་ལ་ཡོད་པའི་ཤུགས་ཀྱིས་ཏེ། བསྒྲུབ་བྱའི་ཆོས་མེད་པར་དེ་མི་འཐད་པས་ཆོས་ཅན་དེས་ཆོས་ཅི་ལྟ་བུ་ཞིག་དང་རང་ཉིད་འབྲེལ་པ་དེ་ལྟ་བུའི་ཆོས་དང་འབྲེལ་པར་སྒྲུབ་པར་བྱེད་དོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་གཏན་ཚིགས་སུ་དེའི་ཤུགས་གཞན་དུ་མི་འཐད་པའི་ཡུལ་རྗེས་སུ་ཐོགས་པ་རྗེས་སུ་འགྲོ་བ་བསྟན་པའི་འོག་རོལ་གྱི་རྗེས་སུ་འབྱུང་བ་ཅན་དེ་ནི་ཕྱོགས་ཞེས་བརྗོད་དོ། །དེས་ན་གང་གི་ཕྱོགས་ཀྱང་མི་མཐུན་པའི་ཕྱོགས་སུ་འགྱུར་རོ་ཞེས་བྱ་བའི་སྐྱོན་དུ་འགྱུར་བ་དེ་འདྲ་བའི་ཕྱོགས་མི་མཐུན་པའི་ཕྱོགས་མ་ཡིན་པ་ག་ལ་ཡིན། གང་གིས་ཕྱོགས་རྗེས་སུ་འགྲོ་བའི་ཕྱི་ནས་འགྱུར་བ་དེས་ན་ཕྱོགས་ཀྱི་མཚན་ཉིད་ཀྱི་སྒོ་ནས་འོངས་པ་མི་མཐུན་པའི་ཕྱོགས་མ་ཡིན་པ་ཞེས་བྱ་བའི་རང་བཞིན་གྱི་ཆོས་སོ། །འདི་ལྟར་ཕྱོགས་མེད་པ་ནི་མི་མཐུན་པའི་ཕྱོགས་ཡིན་ལ། མི་མཐུན་པའི་ཕྱོགས་མེད་པ་ཡང་མི་མཐུན་པའི་ཕྱོགས་མ་ཡིན་པ་ཡིན་ཏེ། དེས་ན་དེའི་མཚན་ཉིད་ཀྱི་སྒོ་ནས་འོངས་པ་ནི་དེས་ན་ངེས་པར་འགྱུར་རོ། །གཏན་ཚིགས་སྟོན་པའི་དུས་ན་ཕྱོགས་ངེས་པ་ནི་མ་ཡིན་ཏེ་རྗེས་སུ་ཐོགས་པ་ཡིན་པའི་ཕྱིར་རོ། །དེས་ན་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ནི་སྟོན་པའི་དུས་ན་མེད་པར་ཤིན་ཏུ་ཡང་གསལ་ལོ། །འབྲེལ་པ་སྟོན་པའི་དུས་དང་གཏན་ཚིགས་སྟོན་པའི་དུས་ན་འབྲེལ་པ་ངེས་ལ་གཏན་ཚིགས་ཡིན་པའི་ཕྱིར་ཏེ། དེས་ན་རྟགས་མ་ཡིན་ནོ། །སྔར་ནི་དམ་བཅའ་བ་སྔོན་དུ་འགྲོ་བའི་སྦྱོར་བ་ཁས་བླངས་ནས་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ཐེ་ཚོམ་ཟ་བར་བརྗོད་ལ། ད་ལྟ་ནི་ཕྱོགས་མི་མཐུན་པའི་ཕྱོགས་མ་ཡིན་པར་ངེས་ཀྱང་རྟགས་མ་ཡིན་ཏེ། ཁྱབ་པའི་དུས་ན་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ།


DTG187_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་གཙོ་བོ་ནི་ཡོད་པ་ཡིན་ཏེ། དེ་ལས་བཟློག་པ་གཞན་ལས་རྣམ་བར་གྲོལ་བའི་ཕྱིར་ཞེས་བྱ་བ་གང་ཡིན་པ་འདི་རྟགས་ཡིན་ནོ། །ཅི་ལྟར་འདི་མ་གྲུབ་པའམ་ཁྱབ་པའི་དུས་ན་མེད་པ་ཡིན། དེ་ལས་བཟློག་པ་ནི་ཡོད་པ་དེ་ལས་བཟློག་པ་མེད་པ། གཙོ་བོ་ལས་གཞན་པའི་གཙོ་བོ་ནི་ཕ་རོལ་པོ་མེད་པར་འདོད་ཞེས་གྲགས་ཏེ། དེ་ལས་གཞན་པའི་མེད་པ་གང་ཡིན་པ་དེ་ལས་གཙོ་བོ་རྣམ་པར་གྲོལ་བ་དེའི་ཕྱིར་ཡོད་པར་ཁས་བླངས་ཏེ་བུམ་པ་ལ་སོགས་པ་བཞིན་ནོ། །འདི་ལྟར་དཔེར་ན་གཙོ་བོ་མེད་པ་ལས་གཞན་པའི་མེད་པ་བུམ་པ་མེད་པ་ཞེས་བྱ་བ་གང་ཡིན་པ་དེ་ལས་རྣམ་པར་གྲོལ་བའི་བུམ་པ་ཡོད་པ་དེ་བཞིན་དུ་གཙོ་བོ་ལ་ཡིན་ནོ། །རྟགས་དེ་ལ་ནི་མ་གྲུབ་པ་ཉིད་ཀྱི་སྐྱོན་འདི་མེད་དོ། །ཅི་ལྟར་ཞེ་ན། གཞན་སྨོས་པའི་ཕྱིར་རོ། །དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པ་ཉིད་ཀྱིས་མ་གྲུབ་པ་ཉིད་དུ་འགྱུར་བ་ཡིན་ལ། དེ་ལས་བཟློག་པ་གཞན་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་དམ་བཅས་པའི་དོན་མ་ཡིན་ཏེ། གང་གི་ཕྱིར་ཡོད་པ་བསྒྲུབ་པར་བྱ་བ་ལ་ཁྱད་པར་དང་བྲལ་བ་ཡོད་པ་ལས་བཟློག་པ་དང་བྲལ་བ་འབའ་ཞིག་བསྒྲུབ་བྱའི་ཆོས་སུ་འགྱུར་གྱི། མེད་པ་འགའ་ཞིག་ཉིད་དང་བྲལ་བ་མ་ཡིན་ནོ། །རི་བོང་གི་རྭ་མེད་པ་ནི་རྟའི་རྭ་མེད་པ་ལས་རྣམ་པར་གྲོལ་བ་ཡིན་ཡང་དེ་ཙམ་གྱིས་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་གཞན་སྨོས་པ་འགའ་ཞིག་ལས་ལྡོག་པ་ནི་གཏན་ཚིགས་ཡིན་ལ། མེད་པ་ཙམ་ལས་ལྡོག་པའི་ཡོད་པ་ནི་བསྒྲུབ་བྱ་ཡིན་ནོ། །དེས་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཁྱད་པར་ཡོད་དོ་ཞེ་ན། ཚད་མ་འདི་ལ་ཡང་གཞན་ཞེས་ཁྱད་པར་བཟུང་བ་གང་ཡིན་པ་དེ་ནི་འདོད་པ་ཡོད་པ་བསྒྲུབ་པར་བྱ་བ་ཉིད་ལ་གནོད་པར་བྱེད་དོ། །ཅི་ལྟར་གནོད་པར་བྱེད་ཅེ་ན། གང་གི་ཕྱིར་གཙོ་བོ་དེ་མེད་པར་ཁས་མི་ལེན་ན་ནི་གཞན་སྨོས་པར་ནུས་པ་མ་ཡིན་ཏེ། དོན་འབྲེལ་བར་འགྱུར་བ་མ་ཡིན་ནོ། །དཔེར་ན་མ་ཐ་རའི་བུ་བྲམ་ཟེ་ཡིན་ན་མ་ཐ་རའི་བུ་ལས་གཞན་པའི་བྲམ་ཟེ་ལ་ཟན་བྱིན་ཅིག་ཅེས་གཞན་སྨོས་པ་ལྟ་བུའོ། །དེ་ལྟ་མ་ཡིན་ན་ནི་བྲམ་ཟེ་ལ་ཟན་བྱིན་ཅེས་བྱ་བ་འདི་ཙམ་


DTG187_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བརྗོད་པར་འགྱུར་ཏེ། མ་ཐ་རའི་བུ་ལ་ཐལ་བར་འགྱུར་བ་མེད་པའི་ཕྱིར་རོ། །དེས་ན་གཞན་སྨོས་པ་ནི་འདོད་པའི་ཡོད་པ་ལ་གནོད་པར་བྱེད་དོ། །གྲངས་ཅན་པ་དག་འདོད་པ་ལ་གནོད་པ་སྤངས་པའི་ཕྱིར་སྨྲས་བ། གཙོ་བོ་མེད་པ་ཞེས་བྱ་བ་ནི་འདི་ནི་ཕྱིར་རྒོལ་བ་ཕ་རོལ་པོའི་བསམ་པ་ཡིན་ཏེ། དེའི་བསམ་པའི་དབང་གིས་དེ་ལས་བཟློག་པ་གཞན་ལས་རྣམ་པར་གྲོལ་བའི་ཕྱིར་ཞེས་བརྗོད་དོ། །གང་གི་ཕྱིར་དེའི་བསམ་པའི་དབང་གིས་ཡིན་པ་དེས་ན་གཏན་ཚིགས་ཀྱི་དོན་ནི་འདི་ཡིན་ཏེ། མེད་པ་གཞན་གང་ཡིན་པ་དེ་དང་བྲལ་བར་ཏེ། དེ་ལས་གཞན་ཉིད་དུ་ཕྱིར་རྒོལ་བ་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། གཞན་གྱི་གཙོ་བོ་ཅི་འདྲ་བ་ཞིག་ཏུ་མེད་པར་འདོད་པ་དེ་འདྲ་བ་ཉིད་ཀྱི་མེད་པ་ལ་གཙོ་བོ་ཡོད་པར་ཕ་རོལ་བ་ལ་བསྒྲུབ་པར་བྱ་བ་ཡིན་གྱི་ཁོ་བོ་ཅག་གི་རང་གི་བསམ་པས་དེ་སྐད་བརྗོད་པ་ནི་མ་ཡིན་ནོ་ཞེ་ན། དེ་ལ་ཡང་སྟེ་གཏན་ཚིགས་ཀྱི་དོན་དེ་ལ་དོན་དམ་པར་མེད་པ་ལ་ཕན་ཚུན་རྣམ་པར་དབྱེ་བ་ཅི་ཞིག་ཡོད་པར་འདོད་དེ་ཅུང་ཟད་ཀྱང་མི་སྲིད་པ་ཉིད་དོ། །ཁྱོད་ཀྱིས་ནི་གང་གི་ཕྱིར་གཙོ་བོའི་མེད་པ་ནི་མེད་པ་གཞན་ལས་ཐ་དད་པ་དེའི་ཕྱིར་ཡོད་པ་ཡིན་ནོ་ཞེས་བརྗོད་དོ། །མེད་པ་ལ་ནི་ཐ་དད་པ་ཡོད་པ་མ་ཡིན་ནོ། །དོན་དམ་པའི་ཐ་དད་པ་ཉིད་ལས་ནི་ཡོད་པར་འགྱུར་རོ། །ཅི་ལྟར་རྣམ་པར་དབྱེ་བ་མེད་ཅེ་ན། གང་གི་ཕྱིར་རྣམ་པ་ཁྱད་པར་ཅན་དང་ལྡན་པའི་སྔོན་པོ་གཅིག་གི་རང་བཞིན་རྣམ་པ་གཞན་དང་ལྡན་པའི་རང་བཞིན་སེར་པོ་ལ་མ་དམིགས་པས། འདི་འདི་ལས་ཐ་དད་པ་ཡིན་ནོ་ཞེས་བློས་མཐོང་བ་དེའི་རང་བཞིན་གཞན་དེ་ལས་ཐ་དད་པར་རྟོགས་པ་ཡིན་ན། རི་བོང་གི་རྭ་ལ་སོགས་པ་དངོས་པོ་མེད་པ་ལ་དེ་འདྲ་བའི་རྣམ་པར་དབྱེ་བ་དེ་གང་ཡོད་དེ། རྣམ་པ་ཉིད་མེད་པའི་ཕྱིར་རོ། །རྣམ་པ་དང་ལྡན་པའི་རང་བཞིན་ཐ་དད་པ་ཡོད་ན་དེ་ལྟ་བུའི་རང་བཞིན་ཅན་ཡང་མེད་པར་མི་འགྱུར་ཏེ། རྣམ་པ་ཐ་དད་པ་དང་ལྡན་པའི་རང་བཞིན་དེ་ནི་ཡོད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དོན་བྱེད་པ་ཉིད་ཡོད་པ་མ་ཡིན་ནམ་ཞེ་ན་བདེན་ཏེ། ཤེས་པ་


DTG187_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐ་དད་པའི་རང་བཞིན་གང་ཡིན་པ་དེ་དག་ནི་རང་གི་རྒྱུ་དང་ཤེས་པའི་རྒྱུ་ཡིན་པས་དོན་བྱེད་པ་ཉིད་དོ། །གལ་ཏེ་དོན་དམ་པར་མེད་པ་ལ་རྣམ་པར་དབྱེ་བ་མེད་ན་འོ་ན་བུམ་པ་མེད་དོ། །རི་བོང་རྭ་མེད་དོ་ཞེས་འཇིག་རྟེན་གྱི་ཐ་སྙད་ཅི་ལྟར་ཞེ་ན། རྣམ་པར་རྟོག་པས་ཞེས་སྨོས་སོ། །རྣམ་པར་རྟོག་པའི་ཤེས་པས་བཀོད་པ་འདི་དག་བདག་ཉིད་ཐ་དད་པ་མེད་པ་ཡིན་ཡང་སྨྲ་བ་པོ་དག་རྣམ་པར་རྟོག་པའི་ཤེས་པ་ལ་གནས་པ་ཉིད་བརྗོད་པ་གཞན་དང་གཞན་གྱིས་རྣམ་པར་དབྱེ་བ་དང་ལྡན་པ་ལྟ་བུ་ཐ་སྙད་བྱེད་པ་ཡིན་ནོ། །རྣམ་པར་རྟོག་པ་དང་དེའི་རྗེས་སུ་འབྲང་བའི་སྒྲ་དག་གིས་རྣམ་པ་གཞན་ཞིག་གིས་རྣམ་པར་དབྱེ་བ་དང་ལྡན་པར་བྱས་པའི་རྣམ་པར་དབྱེ་བ་གང་ཅི་སྙེད་པ་དེ་ཐམ་ཅད་དངོས་པོ་ཡོད་པའི་རྟེན་མ་ཡིན་ན། གང་གིས་མེད་པ་གཞན་ལས་ལྡོག་པའི་ཕྱིར་དེ་ཡོད་པར་འགྱུར། ཅིའི་ཕྱིར་ཞེ་ན། ཧ་ཅང་ཐལ་པར་འགྱུར་བའི་ཕྱིར་ཏེ། གང་གིས་ཅི་ལྟར་ཀུན་དུ་བརྟགས་པ་དེ་དེ་ལྟར་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་ཧ་ཅང་ཐལ་བར་འགྱུར་རོ་ཞེས་སྔར་བཤད་ཟིན་ཏོ། །ཉེས་པ་གཞན་ཡང་བསགས་པའི་ཕྱིར་བཤད་པ། དངོས་པོ་པའམ་དངོས་པོ་མ་ཡིན་ཡང་རུང་སྟེ་གཅིག་ལས་གཅིག་རྣམ་པར་ཕྱེ་བ་ཡོད་པ་དང་རྗེས་སུ་འབྲེལ་པ་ཡོད་པས་ཁྱབ་པ་སྟོན་པ་ནི་ཐམས་ཅད་དུ་མེད་པ་འཇིག་པར་འགྱུར་རོ། །འདི་ལྟར་མེད་པ་རྣམ་པ་བཞི་ནི་ཕན་ཚུན་ཐ་དད་པར་འདོད་པ་ཡིན་ལ། བུམ་པ་མེད་པ་ལ་སོགས་པ་ཡང་ཕན་ཚུན་ལྡོག་པར་ཐ་སྙད་བྱེད་དོ། །རྣམ་པར་དབྱེ་བའི་རྒྱུ་མཚན་གྱིས་ཀྱང་ཡོད་པ་མ་ཡིན་པའི་ཕྱིར། མེད་པ་ཐམས་ཅད་ཡོད་པར་འགྱུར་རོ། །གལ་ཏེ་འདི་ནི་འདོད་པ་ཉིད་དོ་ཞེ་ན། གལ་ཏེ་ཡང་འདོད་པ་དེ་ལྟ་ན་ཡང་མེད་པ་གཞན་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་འདི་མ་གྲུབ་པ་ཉིད་དོ། །གལ་ཏེ་མེད་པ་གཞན་འགའ་ཞིག་ཡོད་ན་དེའི་ཕྱིར་འདི་དེ་དང་བྲལ་བར་འགྱུར་པ་ཡིན་ན། དེ་མེད་པའི་ཕྱིར་གཏན་ཚིགས་མ་གྲུབ་པོ། །རྣམ་པར་དབྱེ་བ་ཡོད་པ་ཉིད་འགའ་ཞིག་ཏུ་ནི་ཡོད་པ་ཉིད་ལ་ལ་ལར་ནི་མེད་པ་ཉིད་དོ་ཞེ་ན། དེ་ལྟར་ན་ཡང་རྟགས་འཁྲུལ་བར་འགྱུར་རོ། །འདི་ལྟར་མེད་པ་གཞན་དང་བྲལ་


DTG187_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡོད་པ་ཡིན་ཡང་འགའ་ཞིག་ནི་ཡོད་ལ་གཞན་ནི་མེད་པ་དེའི་ཕྱིར་གཉི་ག་ལ་ཡང་རྣམ་བར་དབྱེ་བ་མཐོང་བས་མ་ངེས་པ་ཉིད་དོ། །དེ་ནི་བདེན་ཏེ། མེད་པ་ལས་ལོག་པ་འགའ་ཞིག་ནི་ཡོད་པ་མ་ཡིན་ལ་འགའ་ཞིག་ནི་མེད་པ་ཡིན་ནོ། །འོ་ན་ཀྱང་གལ་ཏེ་གཙོ་བོ་མེད་པ་འགའ་ཞིག་ལས་ལོག་པར་གཟུང་ན་དེའི་ཚེ་ཡོད་པར་ཐེ་ཚོམ་ཟ་བར་འགྱུར་རོ། །འདི་ལྟར་རྟའི་རྭ་མེད་པ་ལས་ལྡོག་པ་ཡིན་ཡང་དེ་ཙམ་གྱིས་དངོས་པོ་ནི་མ་ཡིན་ནོ། །འོ་ན་ཀྱང་རྒོལ་བ་དེའི་མངོན་པར་འདོད་པ་འགའ་ཞིག་ཅེས་བྱ་བ་མེད་པ་ཐམས་ཅད་ལས་ཐ་དད་པ་ཡིན་ཏེ། ལོག་པ་ཡིན་ན་དེ་ལྟར་ཞེས་བྱ་བ་ཡོད་པར་གྱུར་ནའོ། །མེད་པ་ཐམས་ཅད་གཙོ་བོའི་ལྡོག་མཚམས་སུ་འདོད་དེ། དེས་ན་འཁྲུལ་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་འོ་ན་ནི་དེ་ལས་ཐ་དད་པ་ཡིན་པའི་ཕྱིར་ཞེས་བྱ་བ་མེད་པ་གཞན་དང་བྲལ་བའི་ཕྱིར་ནི་མ་ཡིན་ནོ། །འོ་ན་ག་ལས་ཤེ་ན། རྒོལ་བ་དེའི་འདོད་པ་སྟེ་བསམ་པ་ཁོ་ན་ལས་ཡོད་པ་ཉིད་ཡིན་ནོ། །མེད་པ་ཐམས་ཅད་གཙོ་བོའི་ལྡོག་མཚམས་སུ་གཟུང་བ་དེས་ན་ཡོད་པ་ནི་མ་ཡིན་ཏེ། འོན་ཀྱང་འདོད་པ་ཙམ་ལས་ཡིན་ནོ། །འདི་ག་ལས་ཤེ་ན། བཤད་པ། ཡང་ཡུལ་གཞན་དང་འབྲེལ་པས་འདོད་པ་གཞན་དུ་གྱུར་པ་ཡིན་ན། མེད་པ་ཐམས་ཅད་ལས་ལྡོག་པའི་ངོ་བོ་གཞན་ལ་ཡང་དེ་ལྟ་བུ་ཡིན་པར་ཏེ། ཡོད་པ་ཉིད་ཡིན་པར་འདོད་པ་སྟེ་མངོན་པར་འདོད་པའི་ཕྱིར་རོ། །གལ་ཏེ་གང་ལ་ལར་འདོད་པ་དེ་ཉིད་དངོས་པོ་ཡོད་པར་བྱེད་པ་དེ་ལྟར་ན་འདི་གོ་བར་བྱེད་པའི་གཏན་ཚིགས་སུ་འགྱུར་རོ། །དེ་ལྟ་ཡིན་དང་གང་གི་ཚེ་རི་བོང་གི་རྭ་མེད་པ་གཞན་ཐམ་ཅད་ལས་ལྡོག་པའི་ཕྱིར་ཡོད་དོ་ཞེས་བརྗོད་པ་དེའི་ཚེ་གཙོ་བོ་ཞིན་དུ་རི་བོང་གི་རྭ་ཡང་ཡོད་པར་འགྱུར་རོ། །དེ་ལྟར་གྱུར་ན་གང་གི་ཚེ་འདོད་པ་དེའི་ཚེ་དངོས་པོ་མེད་པ་ཐམས་ཅད་དངོས་པོ་བྱེད་པར་འགྱུར་རོ། །དེས་ན་རྒོལ་བའི་འདོད་པ་ཉིད་ཀྱིས་དངོས་པོ་མེད་ལ་ལྡོག་མཚམས་ཀྱི་རང་ཉིད་ཀྱིས་ནི་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་དབྱེ་བ་ལས་ནི་ཡོད་པ་ཉིད་ཀྱི་ཡིན་གྱི། འོ་ན་ཀྱང་དེའི་འདོད་པ་ཉིད་ལས་ཡིན་ནོ། །གཏན་ཚིགས་དེའི་ཕྱིར་


DTG187_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་འདིར་འདོད་པ་ཉིད་ལ་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་ནུས་པ་རྣམ་པར་གནས་པ་མཐོང་སྟེ། དེའི་ཕྱིར་འདོད་པ་དེ་ཉིད་འདོད་པའི་ཡུལ་གྱི་དངོས་པོའི་རང་བཞིན་གྱི་སྒྲུབ་བྱེད་དེ་གོ་བྱེད་དུ་བརྗོད་པར་འགྱུར་རོ། །དེའི་ཕྱིར་མེད་པ་འདི་དག་གི་ཕན་ཚུན་དབེན་པ་གཏན་ཚིགས་སུ་བཀོད་པས་ཅི་ཞིག་བྱ་སྟེ། འདོད་པ་དེ་ཉིད་གཏན་ཚིགས་སུ་བརྗོད་པར་འགྱུར་རོ། །དེ་ཉིད་གཏན་ཚིགས་སུ་འགྱུར་མོད་ཅེ་ན། འདོད་པ་དེ་ལ་བསྒྲུབ་བྱའི་དངོས་པོ་དང་འབྲེལ་པ་བརྗོད་དགོས་སོ། །ཅིའི་ཕྱིར་ཞེ་ན། དེ་ལྟ་མ་ཡིན་ན་ཞེས་སྨོས་ཏེ། འབྲེལ་པ་མེད་ན་གཏན་ཚིགས་ཉིད་དུ་མི་འགྲུབ་པའི་ཕྱིར་རོ། །དེའི་ཕྱིར་འདི་ལ་དངོས་པོའི་ནུས་པ་ཅུང་ཟད་ཀྱང་མེད་ལ། འདོད་པ་ཡང་འབྲེལ་པ་མེད་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་པས་འདི་འདྲ་བའི་གཏན་ཚིགས་ཐམས་ཅད་ནི་མ་ངེས་པ་ཉིད་དོ། །འདོད་པ་ཙམ་གྱིས་དེ་ཉིད་ཅན་གྱི་གཏན་ཚིགས་འཁྲུལ་པ་ཉིད་དུ་བརྗོད་པ་དེས་ནི་ངས་ཁས་བླངས་པའི་ཕྱིར་རོ། །ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་རོ། །ཡུ་བུ་གཉི་གས་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་དངོས་སུ་འདོད་པ་རྗོད་པར་བྱེད་པ་འཁྲུལ་པར་བརྗོད་པ། གང་ཞིག་དངོས་སུ་འདོད་པ་རྗོད་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་སྐྱེས་བུས་དངོས་པོའི་རང་བཞིན་རྣམ་པར་གཞག་པར་བརྟགས་པ་ལ་བརྟེན་པ་གང་ཡིན་པའི་གཏན་ཚིགས་དེ་ཐམས་ཅད་འཁྲུལ་པ་དང་བཅས་པར་བརྗོད་པ་ཡིན་ཏེ། དཔེར་ན་མི་མཐུན་པའི་ཕྱོགས་མ་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་སྤྱིའི་ཕྱོགས་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །འདི་ལྟར་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་ཚོགས་ནི་བསྒྲུབ་བྱ་ཡིན་པས། དེའི་ཕྱོགས་གཅིག་ཉིད་དང༌། ཕྱོགས་དང་མཐུན་པའི་ཕྱོགས་གང་ཡང་རུང་བ་ཉིད་དང༌། མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་འདོད་པས་ཕྱོགས་སུ་མ་བྱས་པ་ལས་འོངས་པ་ཡང་འདོད་པས་སྤྲུལ་པ་ཡིན་ཏེ། དེ་ལྟ་བུ་ལ་སོགས་པ་གཏན་ཚིགས་སྐྱེས་བུས་རྣམ་པར་གཞག་པ་ལ་བསྟེན་པ་སྐྱེས་བུའི་འདོད་པ་དམ་པར་གྱུར་པ་ཡང་འཁྲུལ་པ་ཅན་དུ་བརྗོད་པ་ཡིན་ནོ། །འདིས་ནི་ཕྱོགས་ཙམ་


DTG187_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བསྟན་པ་ཡིན་ཏེ། འདིས་སྦྱོར་བ་ཐམས་ཅད་ལ་བརྗོད་པ་ཡོངས་སུ་གྱུར་པ་གཞན་ཉིད་དུ་གྱུར་པ་སྟེ། དེས་བྱས་པའི་འཁྲུལ་པའོ། །འདོད་པའི་ཕྱིར་རོ་ཞེས་མི་བརྗོད་ཀྱི། འོན་ཀྱང་དེ་ལས་བཟློག་པ་གཞན་ལས་རྣམ་པར་གྲོལ་བའི་ཕྱིར་རོ་ཞེས་བརྗོད་དོ། །དེས་ན་དེ་ལས་བཟློག་པ་གཞན་ལས་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་ནི་དངོས་པོའི་རྟགས་ཡིན་ནོ་སྙམ་དུ་འཁྲུལ་པར་འགྱུར་རོ། །དོན་དམ་པར་ནི་ངེས་འདོད་པའི་ཕྱིར་ཞེས་བྱ་བ་འདིར་གཏན་ཚིགས་ཀྱི་དོན་ཡིན་ཏེ། འདོད་པས་རྣམ་པར་གཞག་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྒྲ་གཞན་དུ་གྱུར་པས་བྱས་པའི་འཁྲུལ་པ་སྤངས་ཏེའོ། །དོན་རྣམ་པར་གཞག་པའི་ཚུལ་ནི་དོན་དམ་པ་སྟེ། ཅི་འདིར་འདོད་པས་རྣམ་པར་གཞག་པའི་དོན་ཡིན་ནམ། འོ་ན་ཏེ་དངོས་པོའི་དབང་གིས་ཡིན་ཞེས་བྱ་བ་ཚུལ་འདིའི་རྗེས་སུ་འབྲང་བར་བྱའོ། །དེ་དེ་ལྟར་གཏན་ཚིགས་སུ་འདོད་པ་རྣམས་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་དུ་བསྟན་པ་ན། ཡང་དག་པའི་གཏན་ཚིགས་དང་བཅས་པའི་དོན་གྱི་ཕྱོགས་གཅིག་ཏུ་དགོས་པར་བྱ་བའི་ཕྱིར་སྨྲས་པ། སྒྲ་ནི་ཞེས་བྱ་བ་ནི་ཆོས་ཅན་ནོ། །རྩོལ་བ་ལས་བྱུང་བ་ཞེས་བྱ་བ་ནི་ཚོས་ཅན་གྱི་ཁྱད་པར་རོ། །མི་རྟག་སྟེ་ཞེས་བྱ་བ་ནི་བསྒྲུབ་བྱའི་ཆོས་བསྟན་པའོ། །རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། འདི་ཅི་ལྟར་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་མ་ཡིན་ཞེ་ན། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་སྤང་བར་འདོད་པ་དེ་ཉིད་ཀྱི་དེ་ཁོ་ན་སྟོན་པར་བྱེད་དོ། །ཐ་སྙད་ཀྱི་ཉེ་བར་གཞག་པ་བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ཉིད་དེ། རྣམ་པར་རྟོག་པའི་ཡུལ་གྱི་ཐ་སྙད་ཀྱི་ཉེ་བར་གཞག་པ་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ན་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པར་བརྗོད་དོ། །ཆོས་ཅན་དེ་ཉིད་སྒྲུབ་པར་བྱེད་པ་དེ་ཡིན་ནོ་ཞེས་བྱ་བ་ག་ལས་ཤེ་ན། བློ་ཐ་མི་དད་པ་ཞེས་སྨོས་ཏེ། རྟོགས་པ་རྣམས་གཅིག་པ་ཅན་གྱི་ཡུལ་ཡིན་པའི་ཕྱིར་རོ། །རྣམ་པ་གཅིག་པ་ཉིད་ཅིའི་ཕྱིར་ཞེ་ན། བློ་གང་ཞིག་ལྡོག་པ་ཐ་མི་དད་པ་གཅིག་ལ་བརྟེན་པ་སྟེ། །


DTG187_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པ་གཅིག་གི་མཐར་ཐུག་པའི་ཕྱིར་རྣམ་པ་གཅིག་ཉིད་ཡིན་ནོ། །དཔེར་ན་སྒྲ་མི་རྟག་སྟེ་སྒྲ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །ཁྱད་པར་བསྒྲུབ་བྱའི་ཆོས་ཅན་དུ་བྱས་ཏེ། སྤྱི་གཏན་ཚིགས་སུ་བྱེད་པ་ལ་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ཆོས་ཐ་དད་པའི་ཕྱིར་གོ་བྱ་གོ་བྱེད་མི་འགལ་ལོ། །འདིར་ཡང་ཁྱད་པར་ཆོས་ཅན་ཡིན་ལ་སྤྱི་གཏན་ཚིགས་ཡིན་ཏེ། འདི་ལྟར་རྩོལ་བ་ལས་མ་བྱུང་བས་བཟློག་པའི་ཁྱད་པར་ཆོས་ཅན་ནི་མ་ཡིན་ཏེ། སྒྲ་ཙམ་གྱི་མཐར་ཐུག་པའི་ཕྱིར་རོ། །བུམ་པ་དང་སྒྲ་ལ་སོགས་པའི་ཐུན་མོང་བ་གཏན་ཚིགས་ཀྱང་གཞན་ཡིན་ནོ། །དེས་ན་ལྡོག་པ་གཅིག་ལ་བརྟེན་པ་ཉིད་མ་ཡིན་པའི་ཕྱིར། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་མ་ཡིན་པས་གོ་བྱ་གོ་བྱེད་ཀྱི་དངོས་པོར་འགྱུར་བ་ཉིད་དོ། །དོན་འདི་ཚིགས་སུ་བཅད་པས་སྟོན་ཏེ། ཁྱད་པར་དང་སྤྱི་ནི་རྟགས་དང་རྟགས་ཅན་ཡིན་ཏེ། ཆོས་ཐ་དད་པའི་ཕྱིར་རོ། །དཔེར་བརྗོད་པ་བཤད་པ་ནི་དཔེ་རྣ་ཞེས་བྱ་བའོ། །རྩོལ་བ་ལས་བྱུང་བའི་སྒྲ་ནི་མི་རྟག་སྟེ། རྩོལ་བ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་བཞིན་ནོ། །ཡང་ན་ཕྱོགས་ཀྱི་ཁྱད་པར་ཉིད་ཡིན་ནའང་གནོད་མེད་ཕྱིར་ཏེ། མི་འགལ་བའི་ཕྱིར་འདིར་གཏན་ཚིགས་ཡིན་ཏེ། གཏན་ཚིགས་ལས་ཆོས་ཅན་ཐ་དད་པ་མ་གྲུབ་པ་མ་ཡིན་ནོ། །གང་གི་ཕྱིར་ཆོས་ཅན་ཐ་དད་པ་དེའི་ཕྱིར་རྩོལ་བ་ལས་བྱུང་བ་ཉིད་དེའི་ཁྱད་པར་ཡིན་ནོ། །ཁྱད་པར་ཡང་གྲུབ་པའི་ཕྱིར་དང༌། བསྒྲུབ་བྱའི་ཆོས་དང་འབྲེལ་པ་ཡིན་པའི་ཕྱིར་གཏན་ཚིགས་ཉིད་དུ་མི་འགལ་ལོ། །དེས་ན་དོན་འདོད་པ་བརྗོད་པ་ཡིན་ཏེ། གལ་ཏེ་ཆོས་ཐ་དད་པ་མ་ཡིན་པ་དེ་ལྟ་ན་ཡང་བསྒྲུབ་བྱའི་ཆོས་ཅན་ནམ་ཆོས་ཀྱི་ཁྱད་པར་ནི་གཏན་ཚིགས་ཉིད་དུ་མི་འགལ་ཏེ། གྲུབ་པའི་ཕྱིར་རོ་ཞེས་བྱ་བའོ། །དཔེར་བརྗོད་པ་སྨྲས་པ་ནི་དཔེར་ན་ཞེས་བྱ་བའོ། །གོང་བུ་འདི་ཞེས་བྱ་བ་ནི་ཆོས་ཅན་ནོ། །ཁྭ་ཅན་ཞེས་བྱ་བ་ལ་རྭ་ནི་དེའི་ཁྱད་པར་ཡིན་ནོ། །དེས་ན་རྭ་ཅན་ཉིད་ཡིན་པའི་ཕྱིར་ཞེས་དེ་གཏན་ཚིགས་ཉིད་དུ་མི་འགལ་ལོ། །ངོ་བོས་ནི་གོང་བུ་ཁྱད་པར་ཅན་དུ་གྱུར་པ་མ་ཡིན་ལ། རྭ་ཅན་ཉིད་ནི་རྟ་མ་ཡིན་


DTG187_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒྲུབ་པ་ལ་གཏན་ཚིགས་སུ་ཡང་འགྱུར་རོ། །དེ་བཞིན་དུ་རྩོལ་བ་ལས་བྱུང་བ་ཉིད་གྲུབ་པའི་རང་བཞིན་བསྒྲུབ་བྱ་དང་འབྲེལ་པར་རུང་བ་ནི་ཆོས་ཅན་ཁྱད་པར་དུ་བྱེད་པ་ཡིན་ཞིང༌། གྲུབ་པའི་རང་བཞིན་དེ་ཉིད་ཀྱིས་གཏན་ཚིགས་ཉིད་དུ་གྲུབ་པ་ཡིན་ནོ། །ཡང་ན་མ་འབྲེལ་པ་རྣམ་པར་བཅད་པ་རྟོགས་པར་བྱ་བའི་ཕྱིར་འཇུག་པ་བསྒྲུབ་བྱའི་དུས་སུ་ཉེ་བ་གང་ཡིན་པ་དེ་ཉིད་བསྒྲུབ་བྱའི་ཆོས་ཅན་ཡིན་ན། རྩོལ་བ་ལས་བྱུང་བ་ཞེས་བྱ་བ་ནི་བསྒྲུབ་བྱ་རྟོགས་པར་བྱེད་པའི་དུས་སུ་ཡན་ལག་མིན་ཏེ། ཆོས་ཅན་གྱི་ཁྱད་པར་མ་ཡིན་ནོ། །གང་གི་ཕྱིར་རྩོལ་བ་ལས་བྱུང་བ་འདི་ནི་ཆོས་ཅན་དེ་མཚོན་ནས་ལྡོག་པ་ཡིན་ནོ། །འདི་ལྟར་རྩོལ་བ་ལས་བྱུང་བ་ཉིད་ནི་རྩོལ་བ་ལས་བྱུང་བ་མཐོང་བའི་སྒྲ་གང་ཡིན་པ་དེ་མི་རྟག་པ་ཡིན་ནོ་ཞེས་སྒྲ་དེ་ཉིད་ཀྱི་རང་གི་ངོ་བོ་ཉེ་བར་མཚོན་པའི་དོན་དུ་གཟུང་བ་ཡིན་ནོ། །ཁྱད་པར་གང་ཞིག་བྱ་བ་གཞན་ཉེ་བར་མཚོན་པ་ལ་དོན་བྱས་ཟིན་པ་དེ་ནི་བྱ་བའི་དུས་སུ་གདོན་མི་ཟ་བར་ཉེ་བར་གནས་པ་མ་ཡིན་ཏེ། དཔེར་ན་གོས་དཀར་པོ་ཅན་དུ་མཐོང་བ་གང་ཡིན་པ་དེ་ཁྲིད་དེ་ཤོག་ཤིག་ཅེས་བྱ་བ་ལ། གོས་དཀར་པོ་ནི་གདོན་མི་ཟ་བར་ཁྲིད་ནས་འོང་བའི་བྱ་བའི་ནང་དུ་འདུ་བ་མ་ཡིན་པ་བཞིན་ནོ། དེ་བཞིན་དུ་ཁྱོད་ཀྱིས་ཆོས་ཅན་ཉེ་བར་མཚོན་པ་ལ་དོན་བྱས་ཟིན་པའི་རྩོལ་བ་ལས་བྱུང་བ་ཉིད་ཀྱི་དམ་བཅའ་བའི་དོན་ཆོས་དང་ཆོས་ཅན་གྱིས་སྤྱི་འཛི་པའི་དུས་སུ་ནང་དུ་འདུ་བ་མ་ཡིན་ནོ། །དེའི་ཕྱིར་ཁྱད་པར་ནི་དམ་བཅས་པའི་དོན་མ་ཡིན་ཏེ། ཁྱད་པར་གྱི་མཚན་ཉིད་ཀྱི་ཆོས་དེ་ནི་སྒྲ་ཞེས་བྱ་བའི་ཆོས་ཅན་ལས་ཐ་དད་པའི་ཕྱིར་རོ། །ཐ་དད་པ་མེད་ན་ནི་འདིར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བ་ནི་ཕལ་ཆེ་བས་བསྟན་པ་སྟེ། འདིའི་དང་པོ་ནི་བསྡུ་བའི་ཚིགས་སུ་བཅད་པ་ཉིད་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཕྱོགས་ཀྱི་ཆོས་ཉིད་མ་གྲུབ་ན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བར་བསྟན་ནས། ཐེ་ཚོམ་ཟ་ན་མ་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། རང་ཉིད་བདག་ཉིད་དམ་གཏན་ཚིགས་དེའི་གཞི་ཆོས་ཅན་ལ་ཐེ་ཚོམ་ཟ་ན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །


DTG187_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅི་ལྟ་བུ་ཞིག་ཅེ་ན། བཤད་པ། དཔེར་ན་མེ་བསྒྲུབ་པ་ལ་བླངས་པ་ལ་སོགས་པའི་དངོས་པོ་ཐེ་ཚོམ་ཟ་བའི་འབྱུང་བ་འདུས་པ་དུ་བ་ཞེས་བྱ་བར་རབ་ཏུ་སྦྱར་བ་ནི་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཡིན་པ་ལྟ་བུའོ། །དེ་བཞིན་དུ་གཞི་ལ་ཐེ་ཚོམ་ཟ་ན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བར་འགྱུར་བ་ཡང་དཔེར་ན་རི་སུལ་འདི་ན་ཞེས་བྱ་བ་ནི་ཆོས་ཅན་ནོ། །རྨ་བྱ་ཡོད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །རྨ་བྱའི་སྒྲ་གྲག་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །འདི་ལྟར་ཐེ་ཚོམ་ཟ་བ་ཡིན་ཞེ་ན། རྨ་བྱའི་སྒྲ་གྲག་པ་དེའི་ཡུལ་ཏེ་གང་ནས་འོངས་པ་སྟེ། དེའི་འབྱུང་ཁུངས་སུ་གྱུར་པའི་ཡུལ་དེ་ལ་འཁྲུལ་བས་སོ། །རི་སུལ་མང་པོ་ཡོད་པ་ན་གང་གི་ཚེ་རྨ་བྱའི་སྒྲ་ཐོས་ནས་ཁྱད་པར་ཅན་གྱི་རི་སུལ་གྱི་གཞིར་བསྒྲུབ་བྱ་མ་ངེས་ལ། གཞི་ཁྱད་པར་ཅན་གྱི་རྨ་བྱ་བ་སྒྲུབ་པར་འདོད་པ་དེའི་གཞི་ལ་ཐེ་ཚོམ་ཟ་བས་ཐེ་ཚོམ་ཟ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། རང་གི་ངོ་བོ་ནི་ངེས་པ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པར་བྱ་བའི་ཆོས་ཅན་མ་གྲུབ་ན་ཡང་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །དཔེར་བརྗོད་སྨྲས་པ་ནི། དཔེར་ན་བདག་ནི་ཁྱབ་པ་ཡིན་ཏེ། བདེ་བ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ན་ཡོད་པའི་རྒྱུའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །བདག་ཐམས་ཅད་དུ་སོང་བ་ཉིད་དུ་བསྒྲུབ་པ་ལ། དེའི་ཡོན་ཏན་བདེ་བ་ལ་སོགས་པ་ཐམས་ཅད་དུ་དམིགས་པ་ཉིད་གཏན་ཚིགས་སུ་གཞག་གོ །ཆོས་ཅན་བདག་དེ་ཡང་མ་གྲུབ་པས་ཡིན་ནོ། །དེ་ལྟར་ན་ཞེས་བྱ་བ་ནི་མཇུག་སྡུད་པའོ། །ཕྱོགས་ཀྱི་ཆོས་མ་གྲུབ་པའམ་ཐེ་ཚོམ་ཟ་ནམ་གྲུབ་པའི་མིང་ཅན་གྱི་གཏན་ཚིགས་ལྟར་སྣང་བ་སྟེ། མ་འབྲེལ་པར་ལས་མི་རྟོགས་པའི་ཕྱིར་མི་རྟོགས་པའི་རྒྱུ་ཡིན་ནོ། །དེ་བཞིན་དུ་ཚུལ་གཞན་གཅིག་ལྡོག་པ་མ་གྲུབ་པ་འམ་ཐེ་ཚོམ་ཟ་ན་མ་ངེས་པ་ཞེས་བྱ་བའི་མིང་ཅན་ཐེ་ཚོམ་གྱི་རྒྱུར་འགྱུར་བ་ཡིན་ནོ། །དེ་ལ་རེ་ཞིག་མ་གྲུབ་པ་ནི། ཐུན་མོང་པ་རྣམ་པ་བཞི་དཔེར་བརྗོད་པར་བྱའོ། །འདི་ལྟར་གང་གི་ཚེ་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་འཇུག་པ་དེའི་ཚེ་མི་མཐུན་པའི་ཕྱོགས་ལ་མེད་པ་མ་གྲུབ་པ་ཡིན་ནོ། །ཐུན་མོང་བ་རྣམ་པ་བཞི་ཡང་མཐུན་པའི་ཕྱོགས་


DTG187_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་མཐུན་པའི་ཕྱོགས་ལ་འཇུག་པ་ཡིན་ནོ། །དེ་ཡང་ཕྱོགས་ཆོས་ཀྱི་རབ་ཏུ་དབྱེ་བར་བསྟན་པ་ཉིད་དོ། །སྒྲ་རྟག་སྟེ་གཞལ་བྱའི་ཕྱིར་རོ་ཞེས་བྱ་བ་ལ། གཞལ་བྱ་ཉིད་ནི་གཉི་ག་ལ་ཁྱབ་པ་ཡིན་ནོ། །སྒྲ་ནི་རྩོལ་བ་ལས་བྱུང་བ་མ་ཡིན་ཏེ། མི་རྟག་པའི་ཕྱིར་ཞེས་བྱ་བ་ལ་མི་རྟག་པ་ཉིད་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་ལ་མི་མཐུན་པའི་ཕྱོགས་ལ་ཁྱབ་པ་ཡིན་ནོ། །སྒྲ་ནི་རྩོལ་བ་ལས་བྱུང་སྟེ་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་ལ། མི་རྟག་པ་ཉིད་མཐུན་པའི་ཕྱོགས་ལ་ཁྱབ་པ་ཡིན་ལ་མི་མཐུན་པའི་ཕྱོགས་ཀྱི་ནི་ཕྱོགས་གཅིག་ལ་ཡོད་པ་ཡིན་ནོ། །སྒྲ་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། ལུས་ཅན་མ་ཡིན་པ་ཉིད་གཉི་གའི་ཕྱོགས་དེ་ལ་ཡོད་པ་ཡིན་ཏེ། འདི་ནི་ཐུན་མོང་གི་མ་ངེས་པ་རྣམ་པ་བཞིའོ། །ལྡོག་པ་ཉིད་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ནི། དཔེར་ན་བརྗོད་པར་འདོད་པའི་སྐྱེས་བུ་ནི་ཆོས་ཅན་ནོ། །ཐམས་ཅད་མཁྱེན་པ་མ་ཡིན་པ་ཞེས་བྱ་བ་ལ། ཐམས་ཅད་རིག་པ་མ་ཡིན་པ་ནི་བསྒྲུབ་པར་བྱ་བའོ། །འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཞན་ཡིན་ནོ། །སྨྲ་བའི་ཕྱིར་རོ་ཞེས་བྱ་བ་ནི་བསྒྲུབ་བྱ་གཉི་གའི་ཐུན་མོང་གི་གཏན་ཚིགས་སོ། །སོགས་པ་སྨོས་པས་ནི་བསྐུམ་པ་དང༌། བརྐྱང་བ་དང༌། མིག་འབྱེད་པ་དང་འཛུམས་པ་ལ་སོགས་པ་བཟུང་ངོ༌། །གཏན་ཚིགས་འདིར་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །གལ་ཏེ་ཐམས་ཅད་མཁྱེན་པ་སྨྲ་བ་མ་དམིགས་པའི་ཕྱིར་མ་དམིགས་པ་ལས་ལྡོག་པ་གྲུབ་པོ་ཞེ་ན། བཤད་པ། ཐམས་ཅད་མཁྱེན་པ་སྨྲ་བ་མ་དམིགས་སོ་ཞེས་བྱ་བ་མ་དམིགས་པའི་རྣམ་པ་འདི་ལྟ་བུ་གང་ཡིན་པ་དེ་ནི་ཡུལ་བལྟར་མི་རུང་བའི་དོན་ཡིན་ནོ། །གལ་ཏེ་སྨྲ་བ་མཐོང་ཡང་གཞིར་གྱུར་པའི་ཐམས་ཅད་མཁྱེན་པ་ཉིད་ནི་བལྟར་མི་རུང་བ་ཡིན་ཏེ། ཐམས་ཅད་མཁྱེན་པ་ནི་ཤེས་པའི་ཁྱད་པར་ཡིན་པའི་ཕྱིར་རོ། །ཡུལ་བལྟར་རུང་བ་རང་བཞིན་ཡིན་པའི་ཕྱིར་མི་དམིགས་འདི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ་ཞེས་མི་དམིགས་པའི་སྐབས་སུ་ཤད་ཟིན་ཏོ། །དེས་ན་མི་དམིགས་བ་ལས་ཐམས་ཅད་མཁྱེན་པ་ལ་སྨྲ་བ་མེད་པར་ངེས་པ་མ་ཡིན་ནོ། །གང་གིས་ན་འགལ་བ་དམིགས་པས་ཐམས་ཅད་མཁྱེན་པ་ཉིད་ཟློག་པ་ཐམས་ཅད་མཁྱེན་པ་ཉིད་དང་སྨྲ་


DTG187_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བ་འགལ་བ་ཡང་མ་ཡིན་ནོ། །གང་གི་ཕྱིར་འདི་ལ་འགལ་བ་ཅི་ཞིག་ཡོད་ཅེས་བྱ་བ་ཡིན་ནོ། །འདི་སྙམ་དུ་ལྷན་ཅིག་གནས་པར་མ་དམིགས་པ་ཉིད་ཀྱིས་འགལ་བ་ཡིན་ནོ། །གང་ཞིག་གང་དང་མི་འགལ་བ་དེ་ནི་དེ་དང་ལྷན་ཅིག་མ་མཐོང་བ་ཡིན་ཏེ། དཔེར་ན་བུམ་པ་དང་སྣམ་བུ་བཞིན་ནོ། །སྨྲ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་མ་མཐོང་སྟེ་དེས་ན་འགལ་བ་ཡོད་དོ་ཞེ་ན། བཤད་པ། གལ་ཏེ་འགྲོ་བ་འདིར་བློ་ཞན་པ་ཡིན་ཏེ། མཐོང་བའི་དོན་ཡང་སྐད་ཅིག་མ་ཉིད་མ་ཡིན་པ་ལ་སོགས་པའི་རྣམ་པར་ངེས་པར་བྱེད་པ་ཁྱེད་ནི་བློ་ཞན་པ་ཡིན་ནོ། །མཐོང་བ་ཉིད་ལ་སོགས་པ་ཐམས་ཅད་ངེས་པར་བྱེད་པ་ནི་བློ་གྲོས་ཆེན་པོ་ཡིན་གྱི་གཞན་ནི་མ་ཡིན་ནོ། །མིག་ཀྱང་ཞན་པ་ཡིན་ཏེ་རྒྱང་རིང་བ་དང་ཕྲ་བ་དང་ཆོད་པའི་དོན་མི་མཐོང་བས་སོ། །དེ་ལ་གལ་ཏེ་བློ་དང་མི་གཞན་པ་ཁྱོད་ཀྱིས་མི་དམིགས་པའི་དོན་མཐོང་བ་སྦྱིན་པའི་སེམས་པ་ལ་སོགས་པ་བདེ་བ་རྒྱུ་ཉིད་ལ་སོགས་པ་དང༌། གཏན་མ་མཐོང་བ་དག་སྤོངས་ན། འོ་ན་ཁྱོད་འཇིག་རྟེན་གྱི་ལུགས་ལས་ཉམས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཕའི་ཐ་སྙད་ཀྱི་རྒྱུ་མ་ལ་མང་ལ་འཇོག་པར་བྱེད་པ་གང་ཡིན་པ་དེ་མ་དམིགས་པས་ལྡོག་པར་ཐལ་བའི་ཕྱིར་རོ། །དེས་ན་སྐྱེད་བྱེད་དུ་མ་ཤེས་པ་ལ་ཕ་ཞེས་པར་ཐ་སྙད་བྱས་པ་གང་ཡིན་པ་དེ་མི་འཐད་པར་འགྱུར་བ་དེས་ན་ཁྱེད་ཉམས་པར་འགྱུར་རོ། །དེའི་ཕྱིར་ལྷན་ཅིག་གནས་པ་མ་མཐོང་བ་ཙམ་གྱིས་ལྷན་ཅིག་གནས་པ་ལྡོག་པ་ནི་མ་ཡིན་ན། གང་གིས་འགལ་བར་འགྱུར། གལ་ཏེ་སྨྲ་བ་དང་ཐམས་ཅད་མཁྱེན་པ་ཉིད་ལ་འགལ་བ་རྣམ་པ་གཉི་ག་ཡང་མེད་པའི་ཕྱིར་མི་འགལ་ལོ་ཞེ་ན་ནི་མ་མཐོང་དུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཐམས་ཅད་སྨྲ་བ་ཡིན་ནོ་ཞེས་བྱ་བ་འདི་འདྲ་བའི་ལྡོག་པ་ནི་མི་འགྲུབ་བོ། །མཐོང་བ་ཡིན་ན་ནི་མི་འགྲུབ་ན། མ་མཐོང་ན་ཅི་ལྟར་མི་འགྲུབ་ཅེ་ན། བཤད་པ། ཐེ་ཚོམ་ཟ་བའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ཉིད་སྨྲ་བ་མཐོང་ཡང་ཐེ་ཚོམ་ཟའོ། །ཐེ་ཚོམ་ཟ་བ་ཉིད་སྒྲུབ་པའི་བཤད་པ། གནོད་པར་བྱེད་པ་ཡོང་ན་ནི་གཞན་མེད་པར་ངེས་པར་བྱེད་དོ། །གལ་ཏེ་སྨྲ་བ་ཐམས་ཅད་མཁྱེན་པའི་གནོད་བྱེད་དུ་རྟོགས་ནས་སྨྲ་བ་པོ་ཐམས་ཅད་མཁྱེན་པ་ཉིད་ལྡོག་པར་འགྱུར་རོ། །ཚིག་


DTG187_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པར་བྱེད་པ་ཅི་ལྟར་མ་ཡིན་ཞེ་ན། གང་གི་ཕྱིར་དབང་པོ་ལས་འདས་པའི་དངོས་པོའི་གནོད་པ་ནི་ཤེས་པར་བླ་བ་མ་ཡིན་ཏེ། གནོད་པར་ཤེས་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྟག་པ་ཉིད་དབང་པོ་ལས་འདས་ཀྱང་མི་རྟག་པ་ཉིད་ལ་གནོད་བྱེད་དུ་ཤེས་པ་མ་ཡིན་ནམ། དེ་ལྟར་ཡིན་ན་སྒྲ་རྟག་པར་དོགས་པ་ཡང་དགག་ཏུ་མེད་པར་འགྱུར་རོ་ཞེ་ན། མཚན་ཉིད་མི་འགལ་བ་ཞེས་སྨོས་སོ། །གང་ཞིག་གང་ཡོངས་སུ་སྤངས་ཏེ་གནས་པའི་རང་བཞིན་དེ་ནི་དེ་དང་འགལ་བའི་རང་བཞིན་དེའི་གནོད་པར་བྱེད་པ་ཉིད་དེ། དཔེར་ན་རྟག་པ་ཉིད་ལ་མི་རྟག་པ་ཉིད་བཞིན་ནོ། །དེ་བཞིན་དུ་སྨྲ་བ་པོ་ཉིད་ནི་ཐམས་ཅད་མཁྱེན་པ་ཡོངས་སུ་སྤངས་ཏེ་གནས་པ་མ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་གནོད་པ་ནི་ཤེས་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་སྨྲ་བ་པོ་ཐམས་ཅད་ནི་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་ཐམས་ཅད་ཉེ་བར་བསྡུས་པ་དང་ལྡན་པ་ཁྱབ་པར་མ་གྲུབ་པོ། །ཅི་ལྟར་མ་ཁྱབ་གང་གི་ཕྱིར་སྨྲ་བ་པོ་འགའ་ཞིག་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་ལ་སོགས་པའི་ཆོས་ཇི་སྙེད་དང་ལྡན་པར་མཐོང་བ་དེ་ཐམས་ཅད་ནི་སྨྲ་བ་དེ་ཐམས་ཅད་ལ་འགྱུར་བ་ཡིན་ཏེ། དེས་ན་མི་དམིགས་པའམ་འགལ་བའི་ཕྱིར་ནི་སྨྲ་བ་པོ་ཐམས་ཅད་མཁྱེན་པ་མ་ཡིན་པ་མ་ཡིན་གྱི། འོན་ཀྱང་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་ངེས་པས་འགལ་བའི་རང་བཞིན་ཐམས་ཅད་མཁྱེན་པ་ཉིད་འགོག་པ་ཡིན་ནོ། །བཤད་པ། སྨྲ་བ་པོ་ཐམས་ཅད་ཀྱིས་ཆོས་ཉིད་གང་ཡིན་པ་སྟེ། གདོན་མི་ཟ་བར་འགྱུར་བའི་རང་བཞིན་གང་ཡིན་པ་དེ་ཡོངས་སུ་གཅད་པར་བྱ་མི་ནུས་པའི་ཕྱིར་རོ། །སྨྲ་བ་པོ་ཐམས་ཅད་ཀྱིས་ཆོས་ཉིད་ཡོངས་སུ་གཅོད་པ་ནི་གདོན་མི་ཟ་བར་མེད་པ་ཡིན་ཏེ། སྨྲ་བ་པོ་ཐམས་ཅད་ཀྱིས་ཆོས་ཉིད་ཡོངས་སུ་གཅོད་པ་དེ་ཉིད་ཐམས་ཅད་མཁྱེན་པར་འགྱུར་བ་དེས་ན་ཐམས་ཅད་མཁྱེན་པ་ཉིད་བཀག་པ་མ་ཡིན་ནོ། །འདི་སྙམ་དུ་སྨྲ་བ་སོ་སོ་ལ་ཁོ་བོ་ཅག་གིས་ཆོས་ཡོངས་སུ་གཅད་པར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་བདག་ཉིད་རང་གིས་རིག་པ་སྨྲ་བ་པོའི་ཆོས་དེས་གཞན་ལ་ཡང་དེ་དང་འདྲ་བར་ཡོངས་སུ་གཅོད་པར་བྱེད་དོ་ཞེ་ན། གལ་ཏེ་དེ་ལྟར་བདག་ལ་ཚིག་དང་ལྷན་ཅིག་རྒྱུ་བར་མཐོང་བ་གང་ཡིན་པ་དེ། ཚིག་མཐོང་བ་ལས་གཞན་ལ་ཡོངས་སུ་གཅོད་ན་བདག་ལ་ཚིག་དང་


DTG187_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་ཏུ་མཐོང་བ་དཀར་ཤམ་ཉིད་དམ་ལུས་ཆེ་བ་ཉིད་གང་ཡིན་པ་དེ་ཡང་ཚིག་ལས་གཞན་ལ་རྗེས་སུ་དཔག་པར་བྱ་བར་འགྱུར་རོ། །དེ་རྗེས་སུ་དཔོག་ན་ཡང་མངོན་སུམ་དང་འགལ་བས་ཧ་ཅང་ཐལ་བར་འགྱུར་རོ། །ཅིག་ཤོས་ཀྱིས་སྨྲས་པ། སྐྱེས་བུ་གཞན་ལ་མཐོང་བ་སྡོ་བསངས་ཉིད་གང་ཡིན་པ་དེ་དང་འགལ་བ་བདག་ཉིད་ལ་མཐོང་བའི་དཀར་ཤམ་ཉིད་མི་སྒྲུབ་པ་ཉིད་དོ་ཞེ་ན། རིགས་པ་མཚུངས་ན་མཐོང་བ་དང་འགལ་བ་ཡང་ཅི་སྟེ་མི་སྒྲུབ། འདི་ལྟར་བདག་ལ་ཚིག་དང་ལྷན་ཅིག་རྒྱུ་བར་མཐོང་བའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པ་བཞིན་དུ་དཀར་ཤམ་ཉིད་ཀྱང་གཞན་ལ་རྗེས་སུ་དཔག་པར་བྱ་བ་ཉིད་དོ། །འོན་ཏེ་ཐམས་ཅད་བསྒྲུབ་པར་མི་ནུས་ན་དེའི་ཚེ་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མཚན་ཉིད་དང་ལྡན་པ་དཀར་ཤམ་ཉིད་ལ་འགལ་བ་སྲིད་པའི་ཕྱིར་རོ། །ཚིག་དང་ལྷན་ཅིག་རྒྱུ་བར་མཐོང་བའི་མཚན་ཉིད་དང་ལྡན་པའི་རིགས་པ་ནི་ཚིག་དང་ལྷན་ཅིག་རྒྱུ་བར་མཐོང་བའི་དཀར་ཤམ་ལ་གནོད་པའི་ཕྱིར་འཁྲུལ་པས་ན་རིགས་པ་སུན་ཕྱུང་བར་འགྱུར་རོ། །ཅིའི་ཕྱིར་འདི་རིགས་པ་མ་ཡིན་ཞེས་བརྗོད། གང་གི་ཕྱིར་བདག་རང་ཉིད་ལ་ཆོས་གང་དང་ཚིག་ལྷན་ཅིག་མ་མཐོང་བ་དེའི་མཐོང་བ་ཙམ་གྱིས་ནི་ཚིག་གོ་བར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལྡོག་པ་ལས་ཀྱང་ཡིན་ཏེ། གལ་ཏེ་ལྷན་ཅིག་སྤྱོད་པར་མཐོང་བའི་ཆོས་ལྡོག་ནི་ཚིག་ཀྱང་ལྡོག་ན་ནི་གོ་བར་བྱེད་པར་འགྱུར་རོ། །དཀར་ཤམ་ཉིད་ནི་སྐྱེས་བུ་གཞན་ལས་ལྡོག་པ་ན་ཚིག་ལྡོག་པ་མ་ཡིན་ནོ། །དེས་ན་དཀར་ཤམ་ཉིད་ལྡོག་ན་ཚིག་ལྡོག་པ་མེད་པའི་ཕྱིར་ལྡོག་པའི་ཡུལ་མ་ཡིན་པ་མཐོང་བ་དང་འགལ་བ་གཞན་ནི་མི་སྒྲུབ་པོ་ཞེ་ན། གལ་ཏེ་དེ་ལྟ་ན་ཅི་ལྟར་སྔོ་བསངས་ལ་ཚིག་འཇུག་པར་དཀར་ཤམ་ལྡོག་པ་ལ་མེད་པར་མ་གྲུབ་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པར་ཐེ་ཚོམ་ཟ་བས་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་མེད་པ་ལ་མེད་པར་མ་གྲུབ་པར་མཚུངས་སོ། །ཅི་སྐད་དུ་བསྒྲུབ་པར་བྱ་བ་དང་འགལ་བ་ལ་ཞུགས་པའམ། ཞུགས་པར་ཐེ་ཚོམ་ཟ་བས་བསྒྲུབ་པར་བྱ་བ་མེད་ན་ཚིག་མེད་པར་མ་གྲུབ་པར་མཚུངས་སོ་ཞེས་བཤད་དོ། །དེས་ན་མཐོང་བ་ཐམས་ཅད་སྒྲུབ་པ་ནི་མ་ཡིན་ནོ། །གཞན་ཡང་དཀར་ཤམ་མ་ཡིན་པ་


DTG187_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ནི་བདག་ཉིད་བལྟར་རུང་བ་ཉིད་ཀྱིས་ཕན་ཚུན་སྤངས་པ་འགལ་བ་དམིགས་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དཀར་ཤམ་མ་ཡིན་པ་ཡོད་པ་ལ་དཀར་ཤམ་བསྒྲུབ་པར་མི་ནུས་པས་བསྒྲུབ་པར་བྱ་བ་མ་ཡིན་གྱི། འགལ་བར་ངེས་པ་གང་གི་ཕྱིར་མཐུན་པའི་ཕྱོགས་གསལ་ནས་ཏེ། རང་དང་འགལ་བ་སྤངས་ཏེ་གཅིག་ཏུ་མ་ངེས་པར་བྱེད་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་བལྟར་མི་རུང་བ་རྣམས་ནི་མི་མཐུན་པའི་ཕྱོགས་རང་གི་འགལ་ཟླ་དག་དང་འགལ་བར་ཡང་ངེས་པར་མི་འགྱུར་རོ། །རྟགས་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པ་ལ་སོགས་པ་དེ་དག་གི་ངོ་བོ་ངེས་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། རང་གི་ངོ་བོ་ངེས་པ་ཡོད་དུ་ཆུ་ག་ཀྱང་རང་གི་མི་མཐུན་པའི་ཕྱོགས་དག་དང་འགལ་བར་ཡང་ངེས་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཡང་གི་སྒྲའི་དོན་ཏོ། །འདི་སྐད་བརྗོད་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པར་རྟོགས་སུ་བཅུག་ཀྱང་དེ་ཙམ་གྱིས་མི་མཐུན་པའི་ཕྱོགས་དང་བྲལ་བར་ནི་མི་འགྱུར་རོ། །ཅི་སྟེ་འགལ་བར་མ་ངེས་ན་ཅི་ལྟར་མི་མཐུན་པའི་ཕྱོགས་ཡིན། མི་མཐུན་པའི་ཕྱོགས་ནི་འགལ་བ་ཉིད་དོ། །མི་མཐུན་པའི་ཕྱོགས་ན་ཡང་ཅི་ལྟར་མི་མཐུན་པའི་ཕྱོགས་སྤངས་པ་མ་ཡིན་ཞེ་ན། བདེན་ཏེ། བལྟར་མི་རུང་བ་རྣམས་ལ་ཕན་ཚུན་སྤངས་པས་འགལ་བ་ཡོད་པ་ཉིད་ཡིན་ལ། འགལ་བ་གཅིག་ངེས་ན་གཉིས་པ་ལྡོག་པ་ཡོད་པ་ཉིད་དོ། །འོན་ཀྱང་བདག་ཉིད་བལྟར་རུང་བ་ཉིད་ཀྱིས་རྒྱུ་འགལ་བར་ཡོངས་སུ་མི་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པའི་རྒྱུ་ལ་ཡང་ཐམས་ཅད་མཁྱེན་པ་ཉིད་འགྱུར་བ་ཡིན་ནོ། དེས་ན་འགལ་བར་ཡང་མི་འགྱུར་རོ། །འདིར་རྒྱུ་འགལ་བ་འགོག་པ་ཡིན་ནོ། །རྒྱུ་འགལ་བ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བ་མ་བཀག་ན་ཐམས་ཅད་མཁྱེན་པ་ཡིན་པ་ཉིད་མི་མཐུན་པའི་ཕྱོགས་མ་བཀག་པ་འགྱུར་རོ། །འདི་ལ་སྤྲོས་པ་དང་རྗེས་སུ་སྤྲོས་པ་ནི་ལེའུ་གཉིས་པར་བདག་གིས་བཤད་ཟིན་ཏོ། །དེས་ན་དེ་ལྟར་ཚིག་ལས་ལྷན་ཅིག་སྤྱོད་པའི་ཆོས་རྗེས་སུ་དཔོག་པ་བཀག་ནས། རྗེས་སུ་དཔོག་པར་སྨྲ་བ་ལ་བཞད་གང་དུ་བྱེད་པ་ནི། བདག་ཉིད་ནང་གིས་ཞེས་བྱ་བ་སེམས་ལ་ཡོད་པས་སོ། །གཞན་གྱིས་ཤེས་པར་བྱ་བར་མི་ནུས་པ་


DTG187_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བལྟར་མི་རུང་བའི་ཆོས་དང་ལྡན་པར་མཐོང་ནས། ཚིག་ཙམ་མཚུངས་པར་མཐོང་བའི་ཕྱིར་ཐམས་ཅད་དུ་ཆོས་དེ་དག་གི་ཉེ་བར་བསྒྲུབ་པས་དེ་ཉེ་བར་འཇོག་པས་ཐ་སྙད་དུ་བྱེད་བ་སྟེ། ཅི་ལྟར་སྨྲ་བ་པོ་བདག་ཆོས་དེ་དག་དང་ལྡན་པ་ཡིན་ནོ་ཞེས་སྨྲ་བའི་སྐྱེས་བུ་འདི་རིག་པའི་ཡུལ་ལ་ངལ་བའི་འབྲས་བུ་ཡོངས་སུ་རྫོགས་པ་སྟེ་མཐར་ཕྱིན་པར་གྲུབ་པོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ཞིག་བསྟན་བཅོས་ཡོངས་སུ་ཤེས་པ་དང་བྲལ་བ་བུད་མེད་རྣམས་དང༌། དམངས་རིགས་རྣམས་དང་ཡང་ཐུན་མོང་བའི་ཁྱད་པར་མི་རྟོགས་པ་དེ་ནི་འཇིག་པའི་འབྲས་བུ་གྲུབ་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་དག་ལས་དེ་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད། དེ་དག་ནི་ངའི་བློ་ཅི་ལྟར་ལྷ་སྦྱིན་མ་ཡིན་ནོ་ཞེས་སྨྲ་བ་མཐོང་བ་མ་ཡིན་ཞེས་བཞད་གང་དུ་བྱེད་པའོ། །གང་གི་ཕྱིར་མི་ཤེས་པས་ཀྱང་དེ་ལྟར་རྟོགས་པར་མི་ནུས་པ་དེའི་ཕྱིར། བདག་ལ་ཆོས་ཚིག་དང་ལྷན་ཅིག་རྒྱུ་བར་མཐོང་བ་ཙམ་གྱིས་ནི་དེ་གཞན་ལ་ཚིག་ལས་ཉེ་བར་སྒྲུབ་པ་མ་ཡིན་ཏེ། བདག་ལ་ཚིག་དང་ལྷན་ཅིག་སྤྱོད་པར་མཐོང་བར་དེ་ཙམ་གྱིས་ནི་སྨྲ་བ་ལ་ཐམས་ཅད་མཁྱེན་པ་མ་ཡིན་པས་ཁྱབ་པ་མ་གྲུབ་པའི་རྒྱུའི་ཕྱིར་རོ། །དེ་དེ་ལྟར་མ་དམིགས་པའི་ཕྱིར་ཐམས་ཅད་མཁྱེན་པ་ལས་ཚིག་ལོག་པ་མ་ཡིན་འགལ་བའི་ཕྱིར་མ་ཡིན། འགལ་བས་ཁྱབ་པ་ཉིད་ལས་ཀྱང་མ་ཡིན་པ་དེའི་ཕྱིར་མ་ངེས་པར་བརྗོད། སྔར་བཤད་པའི་མི་དམིགས་པའི་མཚན་ཉིད་ལས་ཀྱང་འདི་འདྲ་བའི་སྦྱོར་བ་བྱས་པ་དང་བྱེད་པར་འགྱུར་བ་དང༌། གཞན་རྣམས་ཐེ་ཚོམ་གྱི་རྒྱུ་ཡིན་པར་རྟོགས་པར་བྱ་སྟེ། མཚན་ཉིད་འདི་ཙམ་ཞིག་ནི་བརྗོད་པར་ནུས་པ་ཡིན་ནོ། །འདི་ལྟར་འདི་ནི་མི་དམིགས་པའི་མཚན་ཉིད་ཡིན་ཏེ། དེ་ཉིད་བལྟར་རུང་བ་ལས་མི་དམིགས་པའི་ཕྱིར་རམ། དེ་དང་འགལ་བའམ་འགལ་བའི་འབྲས་བུ་ལ་སོགས་པའམ། འགལ་བས་ཁྱབ་པ་དམིགས་པའི་ཕྱིར་ཅིག་ཤོས་འགོག་པའོ། །མཚན་ཉིད་དེ་ལས་སྦྱོར་བ་ཐམས་ཅད་ཐེ་ཚོམ་གྱི་རྒྱུར་རྟོགས་པར་བྱའོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་དང་ལྡན་པར་བསྒྲུབ་པར་བྱ་བ་ལས་འདི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། འདོད་ཆགས་ལ་སོགས་པ་ཡང་དོན་གཞན་ཡིན་པའི་ཕྱིར་ཚིག་ལས་


DTG187_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོགས་པར་རྟོགས་པར་བྱའོ། །གལ་ཏེ་ཚིག་དོན་གཞན་ཡིན་མོད། དེ་ལྟར་ན་ཡང་ཅི་ལྟར་ཚིག་ལས་མི་རྟོགས་ཤེ་ན། བཤད་པ། ཚིག་འདོད་ཆགས་ལ་སོགས་པ་དང་འབྲེལ་པ་མེད་པའི་ཕྱིར་རོ། །འབྲེལ་བ་མེད་པ་ལས་ཀྱང་ཅི་ལྟར་མི་ལྡོག་ཅེ་ན། རྗེས་སུ་དཔག་པའི་མཚན་ཉིད་ཀྱིས་ཏེ། འབྲེལ་པ་མེད་པར་ཅི་ལྟར་གོ་བྱེད་མ་ཡིན་པ་དེ་ལྟར་ནི་རྗེས་སུ་དཔག་པའི་མཚན་ཉིད་ལས་རྟོགས་པར་བྱ་བ་ཡིན་ནོ། །འདི་སྙམ་དུ་འདོད་ཆགས་ཡོད་ན་ཚིག་ཡོད་ལ་མེད་ན་ནི་མེད་པ་དེའི་ཕྱིར་ཚིག་འདོད་ཆགས་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པས་ཅི་ལྟར་དེ་དང་མ་འབྲེལ་ཞེ་ན། བཤད་པ། འདོད་ཆགས་མེད་ན་ཚིག་མེད་དོ་ཞེས་དེ་ལྟར་འདོད་ཆགས་ལོག་ན་ཚིག་ལྡོག་པ་ངེས་པ་ནི་མེད་དོ། །ཅི་ལྟར་ངེས་པ་མེད། གང་གི་ཕྱིར་སྨྲ་བ་པོ་ཆགས་པ་ན་འདོད་ཆགས་ལས་ཚིག་མཐོང་བ་ཡིན་ནོ་ཞེ་ན། འདི་ལྟར་ལུས་ཀྱི་གཡོ་བ་དང་ངག་གི་ཚིག་ལ་སོགས་པ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཉིད་ཀྱི་འབྲས་བུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ། བརྗོད་པར་འདོད་པ་སྤྱིའི་དོན་བསྟན་པར་འདོད་པ་ཙམ་མ། སྒྲ་བརྗོད་པར་འདོད་པ་ཙམ་རྒྱུ་ཅན་ཡིན་པའི་ཕྱིར་རོ། །དོན་དང་ལྡན་པའི་སྒྲ་ལ་ནི་གཉི་ག་རྒྱུ་ཡིན་ལ་དོན་མེད་པ་ལ་ནི་སྒྲ་བརྗོད་པར་འདོད་པ་ཙམ་རྒྱུ་ཡིན་ནོ། །འདོད་ཆགས་ཡོད་ཀྱང་ཚིག་དེའི་རྗེས་སུ་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་བརྗོད་པར་འདོད་པ་ཙམ་གྱིའོ། །དེས་ན་ཚིག་ནི་བརྗོད་པར་འདོད་པའི་སྤྱིའི་རྒྱུ་ཅན་ཡིན་པའི་ཕྱིར་འདོད་ཆགས་ཀྱི་འབྲས་བུ་མ་ཡིན་ནོ། །མི་ཚངས་པར་སྤྱོད་པ་ལུས་ཀྱི་བྱ་བ་ནི་འདོད་ཆགས་ཀྱི་འབྲས་བུ་ཡིན་གྱི། ཚིག་ནི་འགའ་ཡང་མ་ཡིན་པ་དེས་ན་དེ་ཉིད་བརྗོད་པར་འདོད་པའི་སྤྱིའི་རྒྱུ་ཅན་ཡིན་པར་བརྗོད་དོ། །གལ་ཏེ་འདོད་ཆགས་ནི་ཞེན་པ་ཉིད་ཡིན་ལ། སྒྲ་བརྗོད་པ་དང་དོན་བསྟན་པར་འདོད་པ་ཡང་ཞེན་པ་ཡིན་ཏེ། དེས་ན་དེ་ཉིད་འདོད་ཆགས་ཡིན་ནོ་ཞེ་ན། འདོད་ཆགས་ཡིན་མོད། ཚིག་བརྗོད་པར་འདོད་པའི་འབྲས་བུ་ཡིན་པར་འདོད་པ་ཡིན་ཏེ། འདོད་པའི་ཕྱིར་འདི་ལ་སྐྱོན་མེད་དོ། །བརྗོད་པར་འདོད་པ་ལ་ནི་འདོད་ཆགས་སུ་མི་སྨྲ་སྟེ། འོན་ཀྱང་རྟག་པ་དང་བདེ་བ་དང་བདག་གིར་མངོན་པར་ཞེན་པས་འཕངས་བ་ལ་འདོད་ཆགས་སུ་བརྗོད་དོ། །འདི་ལྟར་བདག་རྟག་པ་དང༌། བདེ་བ་དང༌། བདག་གི་བདེ་བའི་རྒྱུ་ཉིད་དུ་སྒྲོ་


DTG187_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་ནས་ཆགས་པར་འགྱུར་རོ། །འདིར་ཐེར་ཟུག་ཏུ་གནས་པ་ཉིད་ནི་རྟག་པ་མ་ཡིན་གྱི། ཐ་ན་སྔ་མ་དང་ཕྱི་མའི་སྐད་ཅིག་གཉིས་གཅིག་ཏུ་བྱེད་པ་ཡང་རྟག་པར་འཛིན་པ་ཡིན་ནོ། །དར་འཛིན་པ་བདག་ཏུ་ལྟ་བ་ཡང་དེའི་ཡུལ་ཅན་ཡིན་ནོ། །འདོད་ཆགས་ཅན་བདག་བདེ་བར་འདོད་པ་ནི་ཅི་ལྟར་གཞན་གྱི་དོན་ལ་མི་འཇུག་པ་དེ་བཞིན་དུ་འབྱུང་བར་འགྱུར་བའི་བདེ་བ་དང་ལྡན་པ་སྐད་ཅིག་མ་ཕྱི་མ་རྣམས་ཤིན་ཏུ་ཐ་དད་པ་ཡིན་པར་མཐོང་ནས་འཇུག་པར་མི་འགྱུར་རོ། །དེའི་ཕྱིར་སེམས་ཡོངས་སུ་བསླང་པ་མི་རྟག་པ་དང་བདག་མེད་པར་སྨྲ་བ་རྣམས་ཀྱང་འདོད་ཆགས་སྐྱེས་པའི་དུས་ན་སྔ་མ་དང་ཕྱི་མ་སྐད་ཅིག་ཅི་ཙམ་པ་ཞིག་གཅིག་ཏུ་མངོན་པར་ཞེན་པ་ཡིན་ནོ། །བདག་ཏུ་འཛིན་པའི་ཡུལ་ཡང་དེ་ཡིན་ཏེ། དེས་ན་འདོད་ཆགས་ནི་རྟག་པ་དང་བདག་དང་བདག་གིར་ལྟ་བ་སྔོན་དུ་འགྲོ་བ་ཅན་ལ་འཁྲུལ་པ་མེད་དོ། །གང་ཞིག་གཞན་གྱི་དོན་དུ་འཇུག་གི་བདག་གི་དོན་དུ་མི་འཇུག་པ་ནི་བདག་གཞན་ལ་ཕན་འདོགས་པ་ཡིན་ནོ་ཞེས་དེ་ལྟར་འཇུག་པས་སྐད་ཅིག་ཐམས་ཅད་སྔ་ཕྱི་གཅིག་ཏུ་འགྱུར་བ་ལ་མི་ལྟོས་ཏེ། འཇུག་པའི་འབྲས་བུ་བདག་གྱུར་པར་མི་འདོད་པའི་ཕྱིར་རོ། །རྟག་པར་འཛིན་པ་སྔོན་དུ་འགྲོ་བ་ཅན་གྱི་དང་འཛིན་པ་ནི་ཉེས་པ་དང་ལྡན་པ་ཡིན་གྱི། སྐད་ཅིག་ཙམ་ལ་དམིགས་པ་ནི་མ་ཡིན་ཏེ། དེའི་དོན་ནི་གཞན་ལ་ཕན་འདོགས་པར་བྱེད་པ་ལས་ལྡོག་པ་ཡིན་པའི་ཕྱིར་རོ། །འདིས་ནི་འདོད་ཆགས་ཀྱི་རྒྱུ་བསྟན་ཏོ། །ཉོན་མོངས་པ་ཟག་པ་དང་ལྷན་ཅིག་པ་ཟག་པ་དང་བཅས་པའི་ཆོས་ནི་བདག་ལ་སོགས་པར་སྒྲོ་འདོགས་པ་དང་རྗེས་སུ་འབྲེལ་པ་སྒྲོ་བཏགས་པའི་བདག་དང་རྗེས་སུ་མཐུན་པའི་རང་བཞིན་ཅན་ཏེ། དེའི་ཡུལ་ཅན་ཡིན་ནོ། །འདིས་ནི་ཡུལ་བརྗོད་དོ། །བདག་དང་བདེ་བའི་རྒྱུ་མི་བདེན་པ་ལ་མངོན་པར་དགའ་བ་ནི་མངོན་པར་འདོད་པ་སྟེ། འདིས་ནི་འདོད་ཆགས་ཀྱི་རྣམ་པ་བརྗོད་དོ། བདག་ལ་སོགས་པར་ལྟ་བ་ཅན་སྒྲོ་བཏགས་པ་ལ་འཛིན་པ་མི་བདེན་པའི་ཡོན་ཏན་ལ་ཞེན་པའི་རྣམ་པ་ཅན་ནི་འདོད་ཆགས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དགའ་བ་དེའི་ཡུལ་བདག་དང་བདེ་བ་དང་བདེ་བའི་རྒྱུ་གང་ཡིན་པ་དེ་དང་མི་མཐུན་པ་ལ་དེས་ཞེས་བྱ་བ་མི་མཐུན་པས་བྱས་པ་སྟེ། འདིས་ནི་བདག་ལ་


DTG187_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་ལྟ་བ་སྔོན་དུ་འགྲོ་བ་ཅན་དང་ཟག་པ་དང་བཅས་པའི་ཡུལ་ཅན་དུ་བསྟན་པ་ཡིན་ནོ། །འདི་ལྟར་བདག་ལ་སོགས་པར་ལྟ་བ་ཡོད་ན་དེ་དང་མི་མཐུན་པར་མཐུན་པར་མཐོང་བ་ཡིན་ནོ། །བདག་ལ་སོགས་པ་དང་མི་མཐུན་པ་ཡང་སྒྲོ་བཏགས་ཉིད་དེ། བདག་ལ་སོགས་པ་མེད་པའི་ཕྱིར་རོ། །འཁྲུལ་པ་ནི་འདི་ནི་བདག་གི་གཞོམ་པར་བྱ་བ་ཡིན་ནོ་ཞེས་གཏོང་བའི་རྣམ་པ་སྟེ། འདི་ནི་ཞེ་སྡང་གི་རྣམ་པ་བཤད་པ་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་གཉི་གའི་རྟེན་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་ནི་གཏི་མུག་གོ །སྒྲོ་བཏགས་ཀྱི་རང་བཞིན་འཛིན་པ་འདོད་ཆགས་ལ་སོགས་པ་ནི་དེ་ཁོ་ན་ཉིད་འཛིན་པའི་བདག་ཉིད་ཅན་གྱི་སེམས་ཀྱི་སྐྱོན་ཡིན་པས་འགའ་ཞིག་འདི་དག་དང་བྲལ་བ་ཡང་སྲིད་དེ། དེ་དག་ནི་ཚིག་གི་རྒྱུར་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་བརྗོད་པར་འདོད་པ་དང༌། སྙིང་རྗེ་ལ་སོགས་པ་ཡང་བདག་ཏུ་ལྟ་བ་སྔོན་དུ་འགྲོ་བ་ཅན་དང༌། སྒྲོ་བཏགས་པ་འཛིན་པར་འགྱུར་རོ་ཞེ་ན། བཤད་པ། སྙིང་རྗེ་ལ་སོགས་པ་ནི་བདག་ཏུ་སྒྲོ་འདོགས་པ་སྔོན་དུ་འགྲོ་བ་ཅན་དེ་ལྟ་བུ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གཞན་དུ་སྲིད་པའི་ཕྱིར་རོ། །བདག་ཏུ་ལྟ་བ་ཡོད་པ་ལ་མཐོང་བའི་ཕྱིར་ནི་བདག་ཏུ་ལྟ་བ་སྔོན་དུ་འགྲོ་བ་ཅན་མ་ཡིན་གྱི། འོན་ཀྱང་དེ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །དེ་ཡང་ཅི་ལྟར་སྔར་ས་བོན་ཡོད་ན་ཕྱིས་མྱུ་གུ་ཡོད་པ་ནི་ས་བོན་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཅན་ཡིན་པ་ལྟར་སྔ་མ་དང་ཕྱི་མ་ལས་ནི་མ་ཡིན་གྱི། འོན་ཀྱང་བདག་ཏུ་ལྟ་བའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཏེ། བདག་ཉིད་དུ་མཐོང་བ་ན་བདག་དང་རྗེས་སུ་མཐུན་བའམ་ཅིག་ཤོས་ཀྱི་དངོས་པོ་མཐོང་བར་འགྱུར་བའི་ཕྱིར་བདག་ཏུ་ལྟ་བ་སྔོན་དུ་འགྲོ་བ་ཅན་ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་ནོ། །སྙིང་རྗེ་ལ་སོགས་པ་ནི་དེ་ལྟ་བུ་མ་ཡིན་ཏེ། འདི་ལྟར་ཡོད་པའི་སྡུག་བསྔལ་དང་བྲལ་བར་འདོད་པ་ནི་སྙིང་རྗེའོ། །མེད་པའི་ཕན་པ་མངོན་པར་འདོད་པ་ནི་བྱམས་བའོ། །འོན་པར་འདོད་པའི་ཕན་པས་དགའ་བ་ནི་དགའ་བའོ། །སྡུག་བསྔལ་དང་བྲལ་བ་དང་བདེ་བ་ཐོབ་པར་འདོད་པའི་འོག་ཏུ་བདེ་སྡུག་བཏང་སྙོམས་པ་ནི་བཏང་སྙོམས་སོ། །བརྗོད་པར་འདོད་པ་ཉིད་ནི་རྣམ་པ་གཉིས་སུ་བརྗོད་དོ། །དེའི་ཕྱིར་འདི་དག་ནི་བདག་ལ་དམིགས་ནས་འཇུག་


DTG187_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ལ། གཞན་ལ་ཕྱིན་ཅི་ལོག་གི་རང་བཞིན་དུ་རྟོགས་པ་ཡང་མ་ཡིན་ནོ་ཞེས་འདི་ཐམས་ཅད་ནི་རྣམ་འགྲེལ་དུ་བཤད་ཟིན་ཏོ། །འདོད་ཆགས་ལ་སོགས་པ་ཕྱིན་ཅི་ལོག་དང༌། བརྗོད་པར་འདོད་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་གྱུར་པ་དེ་ལ་ཅི་ལྟར་འདོད་ཆགས་དང་བཅས་པ་སྨྲ་བ་ལྟར་ཏེ། ཅི་སྐད་བཤད་པའི་འདོད་ཆགས་དང་འབྲེལ་པར་སྨྲ་བ་དེ་ལྟར་འདོད་ཆགས་དང་བྲལ་བ་ཡང་བརྗོད་པར་འདོད་པ་ཉིད་ལས་སྨྲའོ། །དེས་ན་ལྡོག་པ་མེད་པས་འབྲས་བུ་མ་ཡིན་པའི་ཕྱིར་ཚིག་ཙམ་ལས་ནི་འདོད་ཆགས་ལ་སོགས་པ་མི་རྟོགས་སོ། །ཅི་ལྟར་ཚིག་ཙམ་ལས་མ་ཡིན་པ་དེ་བཞིན་དུ་ཚིག་གི་ཁྱད་པར་ལས་ཀྱང་རྟོགས་པ་མ་ཡིན་ཏེ། འདོད་ཆགས་ཀྱི་འབྲས་བུར་གྱུར་པའི་ཚིག་གི་ཁྱད་པར་ཉིད་མ་གྱུར་པའི་ཕྱིར་རོ། །གང་ཞིག་འདོད་ཆགས་ལ་སོགས་པ་ལ་མི་འཁྲུལ་པའི་ཚིག་གི་ཁྱད་པར་དེ་ནི་ཡོད་པ་མི་ཡིན་ནོ། །ཚིག་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་ལ་འཁྲུལ་པའི་ཕྱིར་འབྲས་བུ་ཉིད་མ་ཡིན་ནོ། །འཁྲུལ་པ་ཡང་ཅིའི་ཕྱིར་ཞེ་ན། འདོད་ཆགས་ལ་སོགས་པའི་འབྲས་བུའི་ཐ་སྙད་ཀྱང་ཞེ་སྡང་ལ་སོགས་པའི་འབྲས་བུར་མཐོང་བ་ཡིན་ཏེ། ཐ་སྙད་འཆོལ་བ་དེས་ན་འཁྲུལ་པ་ཡིན་ནོ། །ཡང་ཅི་ལྟར་འདོད་ཆགས་དང་བྲལ་བ་རྗེས་སུ་ཆགས་པའི་ཡུལ་ཐ་སྙད་འཇུག་པར་བྱེད་ཅེ་ན། བསམ་པ་རྟོགས་པར་དཀའ་བའི་ཕྱིར་རོ། །ཡུལ་ཅན་བསམ་པས་ཡུལ་མངོན་པར་བསམ་པའི་དོན་བརྗོད་པ་ཡིན་ཏེ། ཐ་སྙད་ཀྱི་དགོས་པ་ནི་རྣམ་པ་དུ་མ་ཡོད་པ་དེ་བས་ན་དགོས་པ་གང་ཡང་བསམས་ནས་འདོད་ཆགས་དང་བྲལ་བ་འདོད་ཆགས་དང་ལྡན་པ་ལྟ་བུར་སྤྱོད་པ་མངོན་པར་བསམས་པའི་དོན་དེ་ནི་ཤེས་པར་དཀའོ། །འཆོལ་བ་ཡང་མཐོང་བ་ཡིན་ཏེ། དེ་བས་འཁྲུལ་པའི་ཕྱིར་འབྲས་བུ་ཉིད་མ་ཡིན་ནོ། །གལ་ཏེ་བདག་མཐོང་ན་དོན་དུ་གཉེར་བར་འགྱུར་གྱི། བདག་ཏུ་ལྟ་བ་སྤངས་པ་ལ་ནི་དགོས་པ་མེད་པའི་ཕྱིར་རྟོགས་པ་དང་ལྡན་པའི་ཐ་སྙད་དགོས་པ་དང་ལྡན་པས་ཁྱབ་པ་མི་འཐད་དོ། །དེས་ན་ཐ་སྙད་ཉིད་ལས་འདོད་ཆགས་ལ་སོགས་པ་རྗེས་སུ་དཔོག་གོ་ཞེ་ན། མི་སྨྲ་བ་མ་ཡིན་ཏེ། གཞན་གྱི་དོན་ཡིན་པའི་ཕྱིར་རོ། །བདག་མ་མཐོང་བ་ནི་བདག་གི་དོན་དུ་ཐ་སྙད་བྱེད་པར་མི་འགྱུར་གྱི། གཞན་གྱི་དོན་དུ་ནི་


DTG187_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ཉིད་དེ་བདག་ཏུ་ལྟ་བ་ལ་མི་ལྟོས་པའི་ཕྱིར་རོ། །གཞན་གྱི་དོན་གྱི་ཐ་སྙད་ལ་ཡང་དོན་དུ་གཉེར་བ་ཉིད་ཀྱིས་ཁྱབ་ལ། དོན་དུ་གཉེར་བ་ཡང་འདོད་ཆགས་ཡིན་ནོ། །དེས་ན་བདག་མེད་པར་རིག་པ་འདོད་ཆགས་དང་བྲལ་བ་ལ་དོན་དུ་གཉེར་བ་མེད་པའི་ཕྱིར་མི་འཐད་དོ་ཞེ་ན། མི་འཐད་པ་མ་ཡིན་ཏེ། སྙིང་རྗེས་ཀྱང་ཐ་སྙད་འཇུག་པའི་ཕྱིར་རོ། །གཞན་གྱི་དོན་ལ་འཇུག་པ་ནི་རྣམ་པ་གཉིས་ཏེ། བདག་ཉིད་བདེ་བ་དོན་དུ་གཉེར་བ་དང༌། གཞན་སྡུག་བསྔལ་དང་བྲལ་བ་དོན་དུ་གཉེར་བའོ། །དེ་ལ་བདག་དང་སྲེད་པ་དང་བྲལ་བ་ལ་བདག་གི་དོན་མེད་ཀྱང་གཞན་སྡུག་བསྔལ་དང་བྲལ་བ་དོན་དུ་གཉེར་བས་འཇུག་པ་ནི་མི་འགལ་ལོ། །གལ་ཏེ་དེ་ལྟར་ན་དོན་དུ་གཉེར་བའི་རང་བཞིན་ཅན་སྙིང་རྗེ་དེ་ཉིད་འདོད་ཆགས་ཡིན་ནོ་ཞེ་ན། དོན་དུ་གཉེར་བ་ཙམ་ལ་འདོད་ཆགས་ཞེས་ཁྱེད་འདོད་པ་ནི་མི་འགོག་གོ །ཁོ་བོ་ཅག་འདོད་པའི་འདོད་ཆགས་དང་བྲལ་བ་ཡང་འདོད་ཆགས་དང་ལྡན་པར་ཐལ་བ་ནི་མ་ཡིན་ཏེ། འདི་ལྟར་སྙིང་རྗེ་དང་འདོད་ཆགས་རང་བཞིན་ནི་ཐ་དད་དོ། །གལ་ཏེ་བདག་ཏུ་སྒྲོ་འདོགས་པ་དང་མི་འདོགས་པ་དག་གི་རང་བཞིན་ཐ་དད་པ་དེ་ལྟར་ན་ཡང་དོན་དུ་གཉེར་བ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་འཁོར་བར་གནས་པའི་རྒྱུ་ཡིན་ལ། སྲིད་པ་ཡང་འབྱུང་བ་ཅན་ཡང་འདི་ཉིད་ཡིན་ནོ། དེའི་ཕྱིར་འདི་གཉིས་འཁོར་བར་གནས་པའི་རྒྱུ་ཉིད་དུ་ནི་རང་བཞིན་ཐ་མི་དད་དོ་ཞེ་ན། བཤད་པ། མི་སྡུག་པ་སྒྲོ་བཏགས་པ་ལ་མངོན་པར་དགའ་བའི་སྐྱེས་བུ་གང་ཡིན་པ་དེ་སྐྱེ་བར་ཉིང་མཚམས་འབྲེལ་པར་བྱེད་པའི་ཕྱིར་འཁོར་བའི་རྒྱུ་ཉིད་དུ་ཡང་རང་བཞིན་ཐ་དད་དོ། །འདི་ལྟར་བདག་ཏུ་ལྟ་བ་ཡོང་ན་བདག་ལ་ཆགས་པར་འགྱུར་རོ། །བདག་ལ་ཆགས་པ་ལ་ནི་སྨག་པའི་མངལ་གྱི་གནས་སྡུག་བསྔལ་བ་ལ་བདེ་བར་ཕྱིན་ཅི་ལོག་པ་ལས་ནི་བདག་གི་བདེ་པ་དོན་དུ་གཉེར་ཞིང་དེ་ལས་ནི་མངལ་ཡོངས་སུ་འཛིན་པར་བྱེད་ལ། མངལ་ཡོངས་སུ་འཛིན་པ་དང་མི་མཐུན་པ་བདག་གི་བདེ་བ་དོན་དུ་གཉེར་བའི་ལས་ཀྱང་བྱེད་དོ། །ཅི་སྐད་དུ་རྣམ་འགྲེལ་ལས། སྡུག་བསྔལ་ཕྱིན་ཅི་ལོག་བློ་དང༌། །སྲེད་པ་ཀུན་ལས་འཆིང་བའི་རྒྱུ། །སྐྱེ་བོ་གང་ལ་དེ་མེད་པ། །དེ་ཡི་སྐྱེ་བོ་མི་འབྱུང་ངོ༌། །ཞེས་བཤད་པ་ཡིན་ནོ། །རང་གི་བདག་ལ་སྲེད་པ་མེད་པ་ནི་བདག་གི་དོན་དུ་ཅུང་ཞིག་ལེན་པའམ་སྤོང་


DTG187_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡོད་པ་མ་ཡིན་ཏེ། དེ་གང་ལས་སྐྱེ་བ་ཡོངས་སུ་འཛིན་པར་འགྱུར། གང་གི་ཕྱིར་ཕྱིན་ཅི་ལོག་དང་མངོན་པར་དགའ་བ་དག་སྐྱེ་བ་ཡོངས་སུ་འཛིན་པ་དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པ་ལས་བྱུང་བ་ན་སྙིང་རྗེ་ནི་སྐྱོན་མེད་དོ། །གལ་ཏེ་སྙིང་རྗེ་ཡང་སྐྱོན་འཛིན་པར་བྱེད་ན་ནི་ཕྱིན་ཅི་ལོག་ལས་བྱུང་བ་ཉིད་མ་ཡིན་ཡང་སྐྱོན་ཉིད་དུ་འགྱུར་རོ། །གལ་ཏེ་སྙིང་རྗེ་ཡང་ཕྱིན་ཅི་ལོག་ལས་བྱུང་བ་ཉིད་མ་ཡིན་མོད། བདག་མེད་པ་མཐོང་བ་ལ་ནི་དེ་མི་འཐད་དོ། །གང་གི་ཕྱིར་སྙིང་རྗེ་ལ་འཇུག་པར་འགྱུར་བ་དེ་བདག་མ་མཐོང་བ་ཡིན་ན། གཞན་སྡུག་བསྔལ་དང་བྲལ་བ་གང་གིས་བྱེད་ཅེ་ན། སྙིང་རྗེ་ནི་ཞེས་སྨོས་སོ། །བདག་ཏུ་འཛིན་པ་མེད་ཀྱང་རེ་ཞིག་སྐད་ཅིག་མ་སྡུག་བསྔལ་ཙམ་ནི་མཐོང་བ་ཡིན་ནོ། །སྔར་སེམས་ཅན་དུ་འཛིན་པའི་དུས་ན་ཡང་སྡུག་བསྔལ་གྱི་རྒྱུ་ཅན་གྱི་སྙིང་རྗེ་གོམས་པ་ཡིན་ཏེ། དེས་ན་སྡུག་བསྔལ་ཙམ་མཐོང་བས་སྔོན་གོམས་པའི་སྟོབས་ལས་སྐྱེ་བ་ཡིན་ནོ། དེའི་ཕྱིར་ཅི་ལྟར་བདག་གི་དོན་ལ་འཇུག་པ་ལྟར་སྐད་ཅིག་སྔ་ཕྱི་དག་གཅིག་ཏུ་བྱེད་པའི་ཕྱིར་བདག་ཉིད་སྡུག་བསྔལ་དང་བྲལ་བའི་བྱེད་པ་པོར་བསམས་ནས་འཇུག་པ་ནི་མ་ཡིན་གྱི། འོན་ཀྱང་སྡུག་བསྔལ་དང་བྲལ་བའི་དོན་དུ་གཉེར་བའི་སྐད་ཅིག་ཐམས་ཅད་སྔོན་གོམས་པ་ལས་ངའོ་ངའོ་སྙམ་པ་དེ་ལྟར་སྐྱེའོ། །དེ་ལ་རང་གི་འབྲས་བུ་ལ་སྦྱོར་བར་བྱེད་པ་ནི་འགའ་ཞིག་ཁོ་ན་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ། །འདི་རིགས་པ་ཙམ་གྱིས་རང་འདོད་དུ་སྨྲས་པ་ནི་མ་ཡིན་ཏེ། འདི་ལྟར་མདོ་ལས། བཅོམ་ལྡན་འདས་ཀྱིས་བྱམས་པ་དང་སྙིང་རྗེ་ལ་སོགས་པ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཅན་ལ་དམིགས་པ་དང༌། གང་ཟག་ལ་བདག་མེད་པ་རིག་པའི་ཆོས་ལ་དམིགས་པ་དང༌། གཟུང་བ་དང་འཛིན་པ་གཉིས་ཀྱི་རྣམ་པ་དང་བྲལ་བ་རྣམས་ཀྱིས་དམིགས་པ་མེད་པར་བསྟན་ཏོ། །གལ་ཏེ་སེམས་ཅན་ལ་དམིགས་པ་ནི་སོ་སོའི་སྐྱེ་བོས་གོམས་པར་བྱས་པས་ཡིན་ན་ཆོས་ལ་དམིགས་པ་གོམས་པ་མེད་པར་ཅི་ལྟར་སྐྱེ་ཞེ་ན། བཤད་པ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དེ་དག་ཀྱང་རིགས་མཐུན་པ་གོམས་པ་ལས་འཇུག་པ་གང་དག་ལ་ཡོད་པའོ། །ཁྱད་པར་ནི་འདི་ཙམ་དུ་ཟད་དེ། ཅི་སྲིད་སེམས་ཅན་དུ་མཐོང་


DTG187_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་སྲིད་དུ་ནི་སེམས་ཅན་ལ་དམིགས་པ་ཡིན་ལ། ཅི་སྲིད་ཆོས་མཐོང་བ་དེ་སྲིད་དུ་ནི་ཆོས་ལ་དམིགས་པ་ཡིན་ནོ། །འདི་དག་གི་རིགས་མཐུན་པ་གོམས་པ་ཡོད་པ་དང་ཁྱད་པར་དུ་གྱུར་པའི་རྗེས་སུ་བྱེད་པར་ནི་མཐོང་བ་ཉིད་དོ། །འོ་ན་བདག་ཏུ་ལྟ་བ་ལོག་ཀྱང་བདག་ཏུ་ལྟ་བ་སྔོན་དུ་འགྲོ་བ་ཅན་དག་ལས་གཞན་པའི་འདོད་ཆགས་ལ་སོགས་པ་གོམས་པ་ལས་འཇུག་པར་འགྱུར་ཏེ། སྙིང་རྗེ་ལ་སོགས་པ་བཞིན་ནོ་ཞེ་ན། བཤད་པ། གང་གིས་བདག་ཏུ་ལྟ་བ་ལོག་པ་ལ་ཡང་འཇུག་པར་འགྱུར་བ་འདོད་ཆགས་ལ་སོགས་པ་ནི་རིགས་མཐུན་པ་གོམས་པ་ལ་འཇུག་པ་དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་མེད་ན་མེད་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ཕྱིན་ཅི་ལོག་གི་རྗེས་སུ་བྱེད་པ་ཡང་དེ་མ་ཐག་ཏུ་བཤད་པ་ཡིན་ནོ། །འོ་ན་སྐྱོན་མེད་པའི་ཕྱིར་འདོད་ཆགས་དང་བྲལ་བ་ལ་ཡང་སྙིང་རྗེ་ལ་སོགས་པ་ཡོད་དུ་ཆུག་མོད། དེ་ལྟ་ན་ཡང་སྙིང་རྗེ་ཅན་གྱིས་གཞན་གྱི་དོན་རྩོམ་པ་འབྲས་བུ་མེད་པ་ཡང་ཕྱིན་ཅི་ལོག་ཉིད་ལས་ཡིན་ནོ། །འདི་ལྟར་རྟོགས་པ་དང་ལྡན་པའི་འཇུག་པ་ནི་འབྲས་བུ་མེད་པ་མ་ཡིན་ནོ། །སྐད་ཅིག་མ་འབྲས་བུ་དང་ལྡན་པ་མ་ཡིན་ཏེ་མི་གནས་པའི་ཕྱིར་རོ། །དེའི་ཕྱིར་བདག་ཉིད་ཡུན་རིང་དུ་གནས་པ་གཞན་གྱི་དོན་གྱི་འོག་ཏུ་འབྲས་བུ་ལྡན་པར་མཐོང་ནས་འཇུག་པ་ཡིན་ནོ། །དེ་ལྟ་ཡིན་དང་ཕྱིན་ཅི་ལོག་ཉིད་ལ་འཇུག་པ་ཡིན་ནོ་ཞེ་ན། དེ་ལྟ་ནི་མ་ཡིན་ནོ། །གང་གི་ཕྱིར་གལ་ཏེ་གཞན་གྱི་དོན་ལས་མ་གཏོགས་པ་བདག་ཉིད་ལ་གནས་པའི་འབྲས་བུར་འདོད་པ་ཡིན་ན་ནི་ཕྱིན་ཅི་ལོག་ལས་འཇུག་པར་འགྱུར་རོ། །འདོད་པ་ནི་མ་ཡིན་ཏེ་གཞན་གྱི་དོན་དེ་ཉིད་འཇུག་པའི་འབྲས་བུར་འདོད་པའི་ཕྱིར་རོ། །འདོད་མོད་དེ་ཉིད་འབྲས་བུར་ཅི་ལྟར་འགྱུར་ཞེ་ན། འབྲས་བུའི་མཚན་ཉིད་ནི་འདོད་པ་ཡིན་པའི་ཕྱིར་རོ། །གང་ཞིག་མངོན་པར་འདོད་པ་དེ་ཉིད་འབྲས་བུ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེས་ན་གཞན་གྱི་དོན་ལ་འཇུག་པ་ཕྱིན་ཅི་ལོག་མ་ཡིན་ནོ། །དེའི་ཕྱིར་སྙིང་རྗེས་ཐ་སྙད་དུ་འགྱུར་བའི་འདོད་ཆགས་དང་བྲལ་བ་ལ་སོགས་པའི་དབང་གིས་ཆགས་པ་དང་བཅས་པ་ལྟ་བུར་འགྱུར་བ་ཡིན་པའི་ཕྱིར་ཚིག་གི་ཁྱད་པར་ལས་འདོད་ཆགས་རྗེས་སུ་དཔོག་པ་མ་ཡིན་ཏེ། འབྲས་བུ་མ་ཡིན་པའི་ཕྱིར་རོ། །གལ་


DTG187_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་འདོད་ཆགས་ཀྱི་འབྲས་བུ་ཡིན་པའི་ཕྱིར་ཚིག་ལས་འདོད་ཆགས་རྗེས་སུ་དཔོག་པ་ནི་མ་ཡིན་གྱི། འོན་ཀྱང་སྨྲ་བ་པོ་བདག་ལ་འདོད་ཆགས་ལ་སོགས་པ་སྨྲ་བ་པོ་ཉིད་དང་ལྷན་ཅིག་སྤྱོད་པར་མཐོང་བས་གཞན་ལ་ཡང་སྨྲ་བ་པོ་ཉིད་མཐོང་བ་ལས་ལྷན་ཅིག་སྤྱོད་པའི་འདོད་ཆགས་ལ་སོགས་པ་རྗེས་སུ་དཔོག་པ་ཡིན་ནོ་ཞེ་ན། འདི་ལས་སྨྲ་བ་པོ་བདག་ལ་དཀར་ཤམ་ཉིད་མཐོང་བའི་ཕྱིར་སྨྲ་བ་པོ་ནག་པོ་ལ་ཡང་དཀར་ཤམ་ཉིད་རྗེས་སུ་དཔོག་པས་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བཤད་ཟིན་ཏོ། །འོན་ཏེ་ཚིག་དཀར་ཤམ་ཉིད་ལ་འཁྲུལ་པའི་ཕྱིར་རྗེས་སུ་མི་དཔོག་ན་འདོད་ཆགས་ལ་སོགས་པ་རྗེས་སུ་དཔོག་པས་ན་འདི་ལ་ཡང་མི་འཁྲུལ་བར་ཅི་ལྟར་ངེས། མ་མཐོང་བའི་ཕྱིར་རོ་ཞེ་ན། མཐོང་བ་ལ་ཡང་ཞུགས་པ་དང་ཐེ་ཚོམ་ཟ་བ་དག་གིས་མི་འཁྲུལ་པར་ངེས་པ་མེད་པར་མཚུངས་སོ་ཞེས་གོང་ཉིད་དུ་བཤད་ཟིན་ཏོ། །གཞན་ཡང་དཀར་ཤམ་དང་དཀར་ཤམ་མ་ཡིན་པ་བལྟར་རུང་བའི་བདག་ཉིད་དག་ནི་འགལ་བ་མེད་པའི་ཕྱིར་ལྷན་ཅིག་ཏུ་འགྱུར་བ་འམ། རང་བཞིན་འགལ་བའི་ཕྱིར་དང་རྒྱུ་འགལ་བའི་ཕྱིར་ལྷན་ཅིག་ཏུ་འགྱུར་བ་མ་ཡིན་པར་མཐོང་གི །ལྐོག་ཏུ་གྱུར་པ་དབང་པོ་ལས་འདས་པ་འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པར་རྗེས་སུ་དཔག་ཀྱང་མེད་པར་ངེས་པ་རྙེད་པར་དཀའོ། །འདི་ལྟར་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་གང་གི་ཚེ་ཆགས་པ་དང་བཅས་པ་དེ་ཉིད་ཀྱི་ཚེ་འདོད་ཆགས་དང་བྲལ་བ་མ་ཡིན་ཡང་འདོད་ཆགས་དང་བྲལ་བལྟར་མི་རུང་བའི་རྒྱུ་མ་མཐོང་བའི་ཕྱིར་འདོད་ཆགས་ཅན་གྱི་རྒྱུད་ལ་དུས་གཞན་གྱི་ཚེ་སྐྱེ་བ་མེད་པར་ངེས་པ་ནི་འགའ་ཡང་མེད་དོ། །དེའི་ཕྱིར་རྒྱུ་འགལ་བ་མཐོང་བ་མེད་པས་ན་རྒྱུད་གཅིག་ལ་རིམ་གྱིས་འབྱུང་བའི་འདོད་ཆགས་དང་ལྷན་ཅིག་ཏུ་འབྱུང་བར་འགྱུར་རོ། །གང་གི་ཕྱིར་བདག་ལ་ལྷན་ཅིག་སྤྱོད་པ་ལས་རྗེས་སུ་དཔོག་པ་མ་ཡིན་པའི་རྒྱུ་དེའི་ཕྱིར་ཚིག་གིས་ནི་ལྕེ་རྩེ་ལ་སོགས་པའི་ཡོན་ཏན་བརྗོད་པར་ནུས་པ་དང༌། དོན་དང་ལྡན་པ་ལས་ནི་བརྗོད་པར་འདོད་པ་རྣམ་པ་གཉིས་རྗེས་སུ་དཔོག་པར་བྱེད་ལ། དོན་མེད་པས་ནི་སྒྲ་བརྗོད་པར་འདོད་པ་ཉིད་རྗེས་སུ་དཔོག་པར་བྱེད་དོ། །གལ་ཏེ་རྗེས་སུ་དཔག་པ་འདིར་ཡང་སྨྲ་བ་པོ་བདག་ལ་བྱེད་པའི་ཡོན་ཏན་ལ་སོགས་པ་མཐོང་བས་


DTG187_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་རྗེས་སུ་དཔོག་པ་མ་ཡིན་པ་ཞེས་བྱ་བའི་ཐལ་བ་འདི་མཚུངས་སོ་ཞེ་ན། མཚུངས་པ་མ་ཡིན་ཏེ། ཚིག་དང་བརྗོད་པར་འདོད་པ་དེ་དག་རང་གི་རྒྱུད་འདིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྒྱུ་དང་འབྲས་བུ་ཉིད་དུ་གྲུབ་པ་གང་ཡིན་པ་དེས་རྒྱུད་གཞན་ལ་ཡང་རྗེས་སུ་དཔོག་པ་རྒྱུའི་ཕྱིར་རོ། །བྱེད་པའི་ཡོན་ཏན་དང་བརྗོད་པར་འདོད་པ་ཡོད་པའམ། ཁྱད་པར་དུ་གྱུར་ན་ཚིག་ཡོད་པ་དང་ཁྱད་པར་དུ་འགྱུར་བའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་ངེས་པས་གཞན་དུ་རྟོགས་པར་བྱེད་དོ། །དཔེར་ན་ཚང་བང་དུ་མེ་དང་དུ་བ་དག་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་མཐོང་བས་ས་ཕྱོགས་སུ་མ་གྲུབ་པ་རྗེས་སུ་རྟོགས་པར་བྱེད་པ་བཞིན་ནོ། །མི་སྡུག་པ་ལ་དགའ་བ་འདོད་ཆགས་དང་བདག་ཏུ་ལྟ་བ་ཞེས་བྱ་བའི་ཕྱིན་ཅི་ལོག་དང་ཚིག་ནི་ལྷན་ཅིག་དེ་ལྟར་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་རང་གི་རྒྱུད་ལ་གྲུབ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཉིད་ལ་གཞན་དུ་ཞེས་བྱ་བ་ཕྱིན་ཅི་ལོག་དང༌། མི་སྡུག་པ་ལ་དགའ་བ་མེད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་འདོད་ཆགས་ཉིད་ཚིག་ལས་མི་དཔོག་གི །འོན་ཀྱང་འདོད་ཆགས་སྐྱེད་པར་རུང་བ་ཉིད་དོ། །འདོད་ཆགས་བཞིན་དུ་འདོད་ཆགས་སྐྱེད་པར་རུང་བ་ཉིད་ལ་ནི་ཚིག་འཁྲུལ་པ་མ་ཡིན་ཏེ། རུང་བ་ཉིད་མེད་པར་ཚིག་མ་མཐོང་བའི་ཕྱིར་རོ་ཞེ་ན། དེ་ཞེས་སྨོས་ཏེ། ཚིག་ལས་རུང་བ་ཉིད་དེ་རྗེས་སུ་དཔོག་པར་ཁས་ལེན་ན་འདོད་ཆགས་སྐྱེད་པར་རུང་བ་ཉིད་དང་བྲལ་བ་ལ་སྨྲ་བ་མ་མཐོང་བའི་ཕྱིར་རྒྱུ་དང་འབྲས་བུ་ཉིད་དུ་གྲུབ་པར་འདོད་པ་གང་ཡིན་པ་དེ་ནི་མེད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། རུང་བ་ཉིད་མེད་ན་ཚིག་ལྡོག་པར་མ་གྲུབ་པའི་ཕྱིར་རོ། །ཅི་ལྟར་མ་གྲུབ། གང་གི་ཕྱིར་སེམས་པ་མེད་པ་དག་ལས་འདོད་ཆགས་དག་སྐྱེད་པར་རུང་བ་ཉིད་ལོག་ན་ཚིག་ལྡོག་པའི་ཕྱིར་སེམས་མེད་པ་ཉིད་ལྡོག་པའི་ཡུལ་ཡིན་ནོ་ཞེ་ན། གང་གི་ཕྱིར་འདི་འདྲ་བའི་ལྡོག་པས་ནི་རྒྱུའི་འབྲས་བུ་སྐྱེད་པར་ནུས་པ་མི་འགྲུབ་པོ། །ཅི་ལྟར་ཞེ་ན། འདི་ལྟར་ཞེ་ན། འདི་ལྟར་ནུས་པ་ཤེས་པར་བྱ་བ་གཅིག་པོ་དེ་ལས་གཞན་པའི་རྒྱུ་དག་ཡོད་པ་ན་འབྲས་བུ་མེད་པའི་ཕྱིར་ལྟོས་པས་བྱ་བ་གཞན་རྗེས་སུ་དཔོག་པར་བྱེད་དོ། །དེའི་ཕྱིར་འདི་འདྲ་བ་རྒྱུ་གཞན་མཐའ་དག་ཉེ་བ་མེད་པའི་ལྡོག་པ་ནི་རྒྱུ་ཉིད་


DTG187_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲུབ་པའི་རྒྱུ་མཚན་མ་ཡིན་གྱི། རྒྱུ་གཞན་མཐའ་དག་ཉེ་བ་དང་ལྡན་པའི་ལྡོག་པ་ཡིན་ནོ། །རྣམ་པ་འདི་ལྟ་བུ་ནི་སེམས་མེད་པ་དག་ལ་མི་འགྲུབ་པོ། །ཅིའི་ཕྱིར་ཞེ་ན། དེ་དག་ལ་སེམས་པ་དང་བྱེད་པའི་ཡོན་ཏན་དང༌། བརྗོད་པར་འདོད་པ་སྒྲ་སྐྱེད་པ་ལ་ནུས་པ་མཐོང་བའི་རྒྱུ་ཉིད་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཅི་ནུས་པ་མཐོང་བའི་རྒྱུ་མེད་པའི་ཕྱིར་ཚིག་མེད་པ་ཡིན་ནམ། འོན་ཏེ་འདོད་ཆགས་སྐྱེད་པར་རུང་བ་ཉིད་མེད་པས་ཡིན་ཞེས་ཐེ་ཚོམ་ཟ་བའི་རྒྱུ་ཉིད་དུ་ངེས་པ་ནི་མ་ཡིན་ནོ། །གཞན་ཡང་འདོད་ཆགས་སྐྱེད་པར་རུང་བ་ཉིད་ཚིག་གི་རྒྱུ་ཡིན་ན་འདོད་ཆགས་དང་ཚིག་གཉིས་ཚོགས་པ་གཅིག་ལ་རག་ལས་བས་དངོས་སུ་ཡིན་ནམ། རུང་བ་ཉིད་ཀྱི་འབྲས་བུ་འདོད་ཆགས་ཚིག་གི་རྒྱུ་ཡིན་པས་བརྒྱུད་ནས་ཡིན། དེ་ལ་གལ་ཏེ་དངོས་སུ་རྒྱུ་ཡིན་ན་འདོད་ཆགས་ཀྱིས་ཕན་མི་འདོགས་ན་ཅི་ལྟར་འདོད་ཆགས་དེའི་ནུས་པས་ཕན་འདོགས་ཏེ་ཚིག་སྐྱེད་པ་ལས་བྱེད་པ་འཇུག །འདི་ལྟར་གནས་དང་བྱེད་པ་འཕྲོད་པའི་རྒྱུ་ཡིན་པའི་སྒོ་ནས་དེ་མ་ཐག་པའི་རྐྱེན་ཚིག་གི་རྒྱུར་འགྱུར་རོ། །དེ་མ་ཐག་པའི་རྐྱེན་དེ་ལས་འདོད་ཆགས་སྐད་ཅིག་གཉིས་པ་ལས་འགྱུར་ལ། བྱེད་པ་འཕྲོད་པ་ནི་སྐད་ཅིག་དུ་མ་ཁྱབ་པ་ཡིན་ནོ། །དེས་ན་ཅི་ལྟར་ཚིག་བརྗོད་པར་འདོད་པའི་རྒྱུ་ཅན་ཡིན་པ་དེ་བཞིན་དུ་འདོད་ཆགས་ཀྱི་འབྲས་བུ་ཡང་ཡིན་ཏེ། གཉི་གའི་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །འོན་ཏེ་གཉི་ག་ཡང་སྐད་ཅིག་གཉིས་པ་ལ་ཡང་འགྱུར་བ་ཡིན་ནོ། དེ་ལྟ་ན་ཡང་རྗོད་པར་བྱེད་པ་ཡི་གེའི་ཚོགས་སྐད་ཅིག་དུ་མར་གནས་པ་ཡིན་པའི་ཕྱིར་འདོད་ཆགས་ཀྱི་འབྲས་བུ་ཉིད་དུ་འགྲུབ་པ་ཉིད་དོ། །འདོད་ཆགས་ཀྱི་འབྲས་བུ་ཡང་མ་ཡིན་ཏེ། དེས་ན་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་འདོད་ཆགས་སྐྱེད་པར་རུང་བ་ཉིད་ཚིག་གི་རྒྱུ་མ་ཡིན་ནོ། །འདོད་ཆགས་ཀྱིས་དངོས་སུ་ཕན་མི་འདོགས་ན་དེའི་ནུས་པ་བརྒྱུད་པས་ཀྱང་ཕན་འདོགས་པར་འགྱུར་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྲས་བུའི་རང་གི་ངོ་བོ་ཡོན་ཏན་སྐྱེད་པར་བྱེད་པ་ཉིད་ལ་སོགས་པའི་ཆོས་རྒྱུ་ནུས་པ་ལ་ཉེ་བར་བཏགས་པའི་རྒྱུའི་ཕྱིར་རོ། །འབྲས་བུ་གང་ལ་འབྲས་བུའི་རང་གི་ངོ་བོ་དེས་མི་ནུས་པ་དེ་ལ་རྒྱུའི་ནུས་པས་ཀྱང་ནུས་པར་བརྟག་


DTG187_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ནོ། །བརྒྱུད་པ་འགའ་ཞིག་འགའ་ཞིག་གི་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི་མེད་དེ། དེ་མེད་ཀྱང་ཆོད་པའི་འབྲས་བུ་ནི་ཐམས་ཅད་ཀྱི་ཚེ་གཞན་ལས་ཡོད་པའི་ཕྱིར་རོ། །དེའི་ཕྱིར་རྒྱུའི་རྒྱུ་ཡིན་པས་ཉེ་བར་བཏགས་ནས་རྒྱུར་བརྗོད་པ་ཡིན་ནོ། །འབྲས་བུས་ཕན་མི་འདོགས་ན་ནི་ས་བོན་མེད་པའི་ཕྱིར་རྒྱུ་ནུས་པ་ཡིན་ནོ་ཞེས་བརྗོད་པར་ནུས་པ་མ་ཡིན་ནོ། །གལ་ཏེ་ཚོགས་པ་གང་ལས་ཚིག་འཇུག་པ་དེ་བརྒྱུད་ནས་འདོད་ཆགས་ལ་རུང་བ་ཡིན་པར་རྗེས་སུ་དཔོག་གོ་ཞེ་ན། དེ་ཡང་མི་རིགས་ཏེ། གང་གི་ཕྱིར་འདོད་ཆགས་ནི་བདག་ཏུ་ལྟ་བ་ལས་ཡིན་ན་བདག་ཏུ་ལྟ་བ་ཚིག་གི་རྒྱུ་ནི་མ་ཡིན་ནོ། །དེས་ན་རྒྱུའི་ཚོགས་པ་མེད་པའི་ཕྱིར་རུང་བ་ཉིད་རྗེས་སུ་དཔག་པ་མ་ཡིན་ནོ། །ཚོགས་པ་ཡིན་ཡང་གེགས་བྱེད་པ་སྲིད་པའི་ཕྱིར་ངེས་པར་འདོད་ཆགས་རྗེས་སུ་དཔོག་པ་མ་ཡིན་ནོ། །གང་གི་ཕྱིར་ལྡོག་པ་ལ་ཐེ་ཚོམ་ཟ་བས་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་མ་ཡིན་པ་དེ་པས་ན་ལྡོག་པ་ངེས་པ་མེད་ན་མི་འབྱུང་བ་གང་ཡིན་པ་དེ་ཉིད་རྒྱུ་ཡིན་ལ། དེ་ཡང་འབྲས་བུས་རྗེས་སུ་དཔོག་པར་བྱེད་དོ། །དེའི་ཕྱིར་རྒྱུ་ཉིད་རྗེས་སུ་དཔོག་པར་བྱེད་དེ། འབྲས་བུ་དེར་འབྲེལ་པའི་ཕྱིར་རོ། །གཞན་འབྲས་བུ་མ་ཡིན་པ་ནི་མ་ཡིན་ནོ། །གལ་ཏེ་བསྒྲུབ་བྱ་མེད་པ་ལ་མ་མཐོང་བ་གང་ཡིན་པ་དེ་ནི་གོ་བར་བྱེད་པ་ཡིན་ནོ་ཞེ་ན། བཤད་པ། བསྒྲུབ་པར་བྱ་བ་མེད་པ་ལ་མ་མཐོང་ཡང་གོ་བར་བྱེད་པ་ཅུང་ཟད་མ་ཡིན་ནོ། །གང་གི་ཕྱིར་བསྒྲུབ་པར་བྱ་བ་མེད་པ་ལ་གཏན་ཚིགས་མེད་པར་གོ་བར་བྱེད་པས་མ་མཐོང་བ་གཏན་ཚིགས་གོ་བར་བྱེད་པ་ཡིན་གྱི། རང་གི་ངོ་བོ་ཙམ་གྱིས་ནི་མ་ཡིན་ནོ། །ཐམས་ཅད་གཟིགས་པའི་གཟིགས་པ་ལོག་པས་ནི་མ་མཐོང་བ་ཐམས་ཅད་མེད་པར་གོ་བར་བྱེད་པ་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ། །དེའི་ཕྱིར་མི་མཐུན་པའི་ཕྱོགས་ལ་མ་མཐོང་ཡང་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་ནོ། གལ་ཏེ་རྣམ་པར་ཤེས་པར་རིགས་དྲུག་ཡོད་ལ། དེ་དག་ཀྱང་ཐམས་ཅད་འདོད་ཆགས་སྐྱེད་པར་རུང་བར་མཐོང་བ་ཡིན་ནོ། །དེས་ན་རྟོགས་པའི་རང་བཞིན་ལྟར་འདོད་ཆགས་ལ་སོགས་པ་སྐྱེད་པར་རུང་བ་ཉིད་ཀྱང་ཤེས་པ་ཐམས་ཅད་ཀྱི་རང་བཞིན་མཐོང་བ་ཡིན་ལ། ཚིག་རྣམས་དེ་ལྟ་


DTG187_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་འབྲས་བུ་ཡིན་པ་དེས་ན་གཞན་དུ་མ་མཐོང་བའི་ཕྱིར་ལྡོག་པར་འགྱུར་རོ་ཞེ་ན། དེ་ནི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། ཡུལ་ལམ། དུས་ལ་ན་དེ་ལྟར་ཞེས་བྱ་བ་བསྐལ་པ་དང་ཚད་ཆུང་དུ་ན་དུ་མཐོང་བ་རྣམས་ཀྱང་ཡུལ་གྱི་ཁྱད་པར་དང༌། དུས་ཀྱི་ཁྱད་པར་དང༌། འདུ་བྱ་བའི་ཁྱད་པར་ལས་གཞན་དུ་ཞེས་བྱ་བ་དང་རབ་དང་འབྲས་བུ་ཆེན་པོར་སྣང་བའི་རྒྱུའི་ཕྱིར་རོ། །དཔེར་ན་སྐྱུ་རུ་རའི་ཤིང་དག་འོ་མས་བཅུས་པའི་འདུ་བྱ་བའི་ཁྱད་པར་གྱིས་ནི་འབྲས་བུ་རོ་མངར་པོ་འཆགས་ལ། ཕལ་ཆེར་ནི་དེ་ལྟར་འབྲས་བུ་མངར་པོ་ཆགས་པར་མི་སྣང་བ་ལྟ་བུའོ། །དེས་ན་ལ་ལར་འགའ་ཞིག་ཕལ་ཆེར་མཐོང་བ་དེ་ལྟར་ཐམས་ཅད་དུ་འགྱུར་བ་འམ། ཅི་ལྟར་མ་མཐོང་བ་དེ་ལྟར་མི་འགྱུར་བ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་བཞིན་དུ་ཡུལ་གྱི་ཁྱད་པར་གྱིས་འབྲས་བུ་གོ་སྲིད་པ་དང༌། དུས་ཀྱི་ཁྱད་པར་གྱིས་མེ་ཏོག་ལ་སོགས་པ་སྲིད་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པ་འགའ་ཞིག་སྨྲ་པ་ལ་རུང་བ་ཉིད་ཡང་འདོད་ཆགས་སྐྱེད་པར་རུང་བ་ལ་རུང་བ་མ་ཡིན་པར་འགྱུར་རོ། །འདི་ལྟར་གཟུགས་ལ་སོགས་པའི་རང་བཞིན་སྐྱུ་རུ་ར་ལ་ལར་གཟུགས་དང་རོ་དང་ཆེན་པོ་ཉིད་ལ་སོགས་པ་གཞན་དུ་མཐོང་ཡང༌། འདུ་བྱེད་པའི་བྱེ་བྲག་གིས་ཐ་དད་པར་འགྱུར་པ་དེ་བཞིན་དུ་རྣམ་པར་ཤེས་པ་རྟོགས་པའི་རང་བཞིན་ཅན་འགའ་ཞིག་རེས་འགའ་འདོད་ཆགས་སྐྱེད་པར་རུང་བ་ཉིད་དུ་མཐོང་ཡང་རྒྱུའི་སྟོབས་ཀྱིས་གཞན་དུ་རུང་བ་མ་ཡིན་པར་འགྱུར་རོ། །འདི་ལྟར་འོ་མས་བཅུས་པ་བཞིན་དུ་རྣམ་པ་མི་གསལ་བའི་ཤེས་པ་གསལ་བའི་རྒྱུ་ནི་གོམས་པ་ཡིན་ནོ། །བདག་མེད་པ་དམིགས་པའི་ཤེས་པ་གསལ་བར་སྣང་བ་ཉིད་ནི་འདོད་ཆགས་དང་བྲལ་བ་ཡིན་ལ། ཆོས་ཐམས་ཅད་སྐད་ཅིག་མ་ཉིད་ལ་སོགས་པ་ལ་དམིགས་པ་གསལ་བར་སྣང་བའི་ཤེས་པ་ནི་ཐམས་ཅད་མཁྱེན་པ་ཡིན་ནོ། །གལ་ཏེ་རྟོགས་པ་བཞིན་དུ་འདོད་ཆགས་ཀྱི་རུང་བ་རྣམ་པར་ཤེས་པའི་རང་བཞིན་ཡིན་ན། རྣམ་པར་ཤེས་པ་གང་ཡང་གོམས་བ་ལས་གསལ་བར་སྣང་བར་མི་འགྱུར་རོ། །དེ་བས་ན་མངོན་སུམ་དུ་བྱས་པའི་གསལ་བར་སྣང་བ་གོམས་པའི་རྒྱུ་མཚན་གྱིས་འཕེལ་བ་ཉིད་འདོད་ཆགས་ལ་སོགས་པའི་རུང་བ་ཤེས་པའི་རང་བཞིན་


DTG187_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ལ་གནོད་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་གཞན་དུ་མཐོང་བ་ཡང་རྒྱུའི་སྟོབས་ཀྱིས་གཞན་དུ་ཡང་འགྱུར་བ་དེ་ཡང་ཚིག་ཙམ་ལས་ནི་མ་ཡིན་གྱི། འོན་ཀྱང་བདག་ལྟ་བུ་སྨྲ་བ་པོ་བདག་དང་འདྲ་བའི་ཁྱད་པར་ཅན་གྱི་སྨྲ་བ་ལས་འདོད་ཆགས་ཀྱི་རུང་བ་ཉིད་རྗེས་སུ་དཔག་པར་རིགས་པ་ཡིན་ནོ། །དེ་ལས་ཀྱང་ཅི་ལྟར་རིགས་ཤེ་ན། བཤད་པ། དེ་དང་འདྲ་བའི་སྨྲ་བ་པོ་ནི་འདོད་ཆགས་སྐྱེ་བའི་རྒྱུ་བདག་ཏུ་ལྟ་བ་དང༌། ལོག་པའི་རྣམ་པར་རྟོག་པ་དང་ལྡན་པའི་ཕྱིར་རོ། །འོ་ན་འདི་ཉིད་ཁྱད་པར་དུ་འགྱུར་རོ་ཞེ་ན། གང་གི་ཚེ་ལ་ལར་ཁྱད་པར་འདི་འདྲ་བ་འགྲུབ་པར་འགྱུར་བ་དེའི་ཚེ་ཡང་སྨྲ་བ་པོ་ཉེ་བར་བཀོད་པ་ནི་དོན་མེད་དོ། །ཁྱད་པར་འདི་ནི་འགའ་ཞིག་ཏུ་ཡང་གྲུབ་པ་མ་ཡིན་ཏེ། ཐབས་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ཡང་མ་མཐོང་བ་ཡོད་ཀྱང་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །ལྡོག་པ་ལས་ཐེ་ཚོམ་ཟ་བའི་ཕྱིར་མ་ངེས་པ་ཡིན་ནོ། །ཚུལ་རེ་རེ་མ་གྲུབ་པ་དང༌། མ་ངེས་པའི་གཏན་ཚིགས་ལྟར་སྣང་བར་བརྗོད་ནས། གཉིས་མ་གྲུབ་པ་འམ་ཐེ་ཚོམ་ཟན་ཅི་རིགས་པར་བརྗོད་པའི་ཕྱིར་བཤད་པ། ཚུལ་གཉིས་མ་གྲུབ་ན་འགལ་བའི་གཏན་ཚིགས་ལྟར་སྣང་བའོ། །དཔེར་བརྗོད་པ་སྨྲ་བ་ནི་དཔེར་ན་ཞེས་བྱ་བའོ། །རྟག་པ་ཉིད་སྒྲུབ་པ་ལ་རང་བཞིན་བྱས་པ་ཉིད་དང༌། འབྲས་བུ་རྩོལ་བ་ལས་བྱུང་བ་ཉིད་ནི་འགལ་བ་ཡིན་པ་བཞིན་ནོ། །ཅི་ལྟར་འདི་ལ་ཚུལ་གཉིས་མ་གྲུབ་ཅེ་ན། གང་གི་ཕྱིར་གཏན་ཚིགས་དེ་དག་ནི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དང༌། མི་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཡིན་ཏེ། དེའི་ཕྱིར་ཚུལ་གཉིས་མ་གྲུབ་པ་ཡིན་ནོ། །གལ་ཏེ་མ་གྲུབ་པ་ཙམ་གྱིས་ནི་འགལ་བ་མ་ཡིན་གྱི། འོན་ཀྱང་ཕྱིན་ཅི་ལོག་ཏུ་གྲུབ་པ་ལས་མ་ཡིན་ནམ་ཞེ་ན། བདེན་ཏེ། འོན་ཀྱང་གང་དུ་གང་ཞིག་ཕྱིན་ཅི་ལོག་ཏུ་གྲུབ་པ་དེ་དེར་མ་གྲུབ་པ་ཡང་ཡིན་ཏེ། དེ་ན་མ་གྲུབ་པས་ཕྱིན་ཅི་ལོག་ཏུ་གྲུབ་པ་མཚོན་བ་ཡིན་ནོ། །དེས་ན་ཕྱིན་ཅི་ལོག་ཏུ་གྲུབ་པོ་ཞེས་ཅི་སྲིད་བརྗོད་པ་དེ་སྲིད་མ་གྲུབ་པར་བརྗོད་དོ། །གང་གི་ཕྱིར་ཕྱིན་ཅི་ལོག་ཏུ་གྲུབ་པ་དེས་ན་གཏན་ཚིགས་འདི་དག་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པ་དེའི་ཕྱིར་འགལ་བའི་གཏན་ཚིགས་ཡིན་ནོ།


DTG187_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་མ་གྲུབ་པ་ན་ཕྱིན་ཅི་ལོག་ཏུ་གྲུབ་པ་ཡིན་ན། །གལ་ཏེ་བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་གྲུབ་པའི་འགལ་བ་འདི་གཉིས་ལས་གཞན་འདོད་པའི་བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པ་སྟེ། འགོག་པའི་འགལ་པ་གསུམ་པ་ཡང་ཡོད་པ་མ་ཡིན་ནམ། དེ་ཅི་འདྲ་བ་ཞིག་ཅེ་ན། དཔེར་ན་ཞེས་བྱ་བ་སྨོས་ཏེ། མིག་ལ་སོགས་པ་ནི་ཆོས་ཅན་ཏེ། གཞན་གྱི་དོན་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ། །འདུས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དཔེར་ན་མ་ལ་ཆ་དང་སྟན་དང་སྐྱེས་བུའི་ཉེ་བར་སྤྱོད་པའི་ཡན་ལག་འདུས་པའི་རང་བཞིན་གཞན་རུང་བ་བཞིན་ཏེ། འདི་ནི་འདོད་པ་ལ་གནོད་པར་བྱེད་པའོ། །ཅི་ལྟར་ཞེ་ན། དེ་ནི་འདོད་པ་འདུས་པ་ཡིན་པ་གཞན་གྱི་དོན་བྱེད་པ་ལས་ཕྱིན་ཅི་ལོག་འདུས་པ་གཞན་གྱི་དོན་བྱེད་པ་དེ་སྒྲུབ་པའི་ཕྱིར་འདོད་པ་ལ་གནོད་པར་བྱེད་པའི་འགལ་བ་ཡིན་ནོ། །ཁྱོད་ཀྱིས་ཀྱང་དེའི་ཕྱིར་མ་སྨོས་ཤེ་ན། གཏན་ཚིགས་བཤད་པ། འདོད་པ་དང་སྨྲས་པ་བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་མེད་པའི་རྒྱུའི་ཕྱིར་མ་སྨོས་སོ། །མདོར་གཞག་པའི་ཚིག་འདི་ཉིད་རྣམ་པར་དགྲོལ་བའི་ཕྱིར་བཤད་པ། གང་གི་ཕྱིར་དེ་དག་ལས་འདི་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ཉིད་ནི་བྱེ་བྲག་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདོད་པ་དང་སྨྲས་པ་དག་བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་འགའ་ཡང་མེད་དོ་ཞེས་ཕྱོགས་ཀྱི་མཚན་ཉིད་ཀྱི་སྐབས་སུ་བཤད་ཟིན་ཏོ། །དེ་བས་ན་བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་འདི་འགལ་བ་དེ་ཉིད་ཀྱི་ནང་དུ་འདུས་པར་ལོགས་ཤིག་ཏུ་མ་བརྗོད་དོ། །འདོད་པ་དང་སྨྲས་པ་དག་བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་ཡོད་པ་ཁས་ལེན་ན་ནི་ཅི་ལྟར་འདོད་པ་ལ་གནོད་པར་བྱེད་པའི་འགལ་བ་ལོགས་ཤིག་ཏུ་བརྗོད་པ་དེ་བཞིན་དུ་འདོད་པ་སྒྲུབ་པར་བྱེད་པའི་གཏན་ཚིགས་ཀྱང་བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་ལས་ལོགས་ཤིག་ཏུ་བརྗོད་པར་འགྱུར་རོ། བརྗོད་པ་ཡང་མ་ཡིན་ཏེ། དེས་ན་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་གཏན་ཚིགས་གཅིག་ཉིད་ཀྱི་ཚིག་གིས་བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་མེད་པར་བསྟན་ཏོ། གང་གི་ཕྱིར་བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་མེད་བ་དེ་ཉིད་ཀྱི་ཕྱིར་དེ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་འགལ་བ་ཡང་གཅིག་


DTG187_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །གལ་ཏེ་བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་འགལ་བ་གཅིག་ཉིད་ཡིན་ན། འོ་ན་ཅི་ལྟར་འདོད་པ་ལ་གནོད་པ་བྱེད་བའི་འགལ་བ་གཞན་དུ་བཤད་ཅེ་ན། བཤད་པ། འགལ་བདེའི་ཐ་དད་པ་ནི་སྦྱོར་བ་སྒྲའི་བྱེད་པའི་བྱེ་དྲག་ལ་སྟེ། གང་དུ་སྒྲས་ཉེ་བར་བཀོད་པའི་བསྒྲུབ་བྱ་གནོད་པ་དེ་ནི་འགལ་བ་ཡིན་ལ། གང་དུ་དོན་གྱིས་ཐོབ་པ་གནོད་པར་བྱས་པ་དེར་ནི་འདོད་པ་ལ་གནོད་པར་བྱེད་པ་ཡིན་ནོ། །གང་དུ་འདོད་པ་ལ་གནོད་པར་བྱེད་པ་དེར་ཡང་དཔེར་ན་འདི་དག་ནི་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་པ་ཡིན་ནོ་ཞེས་བྱ་བ་ལྟ་བུར་གལ་ཏེ་འདོད་པ་དེ་ཆོས་ཀྱི་ཁྱད་པར་དུ་བྱེད་པ་དེའི་ཚེ་ནི་ཆོས་ཀྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་འགལ་བ་ཡིན་ལ། གང་གི་ཚེ་འདོད་པ་དེ་ཆོས་ཅན་གྱི་ཁྱད་པར་དུ་བྱེད་པ་དེའི་ཚེ་ཆོས་ཅན་གྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་འགལ་བ་ཡིན་ནོ། །གལ་ཏེ་སྦྱོར་བའི་བྱེ་བྲག་ལས་ཐ་དད་པ་ཡིན་ན་དེ་བཞིན་དུ་གཏན་ཚིགས་ཀྱང་ཅི་སྟེ་ཐ་དད་པར་མི་འདོད་ཅེས་དོགས་ན། བཤད་པ། གཏན་ཚིགས་རྣམ་པར་འབྱེད་པར་བྱེད་པ་ལ་སུ་ཞིག་འགོག །གལ་ཏེ་གཏན་ཚིགས་ཀྱང་ཐ་དད་པར་བྱེད་པ་ཡིན་ན་འོ་ན་ཅི་ལྟར་འགལ་བ་ཉིད་ཐ་དད་པར་བརྗོད་ཅེ་ན། བཤད་པ། དོན་གྱིས་འཕངས་པ་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་དངོས་པོ་མ་བརྗོད་པ་ཡང་ཕ་རོལ་པོས་བསྒྲུབ་པར་བྱ་བར་འདོད་པ་ཡིན་པའི་ཕྱིར་ལ། བརྗོད་པའི་དོན་ཉིད་ལ་གཞན་གྱི་སྐྱོན་བརྗོད་པར་བྱ་བ་ཡིན་གྱི། དོན་གྱིས་འཕངས་པ་ལ་ནི་ཡིན་ནོ་ཞེས་སེམས་པ་ན། དེའི་བསམ་པའི་དབང་གིས་འདོད་པ་ལ་གནོད་པར་བྱེད་པའི་འགལ་བ་བརྗོད་པ་ཡིན་ཏེ། ཅི་ལྟར་དོན་གྱིས་འཕངས་པ་ཁྱེད་ཀྱི་བསྒྲུབ་བྱ་ཡིན་པ་དེ་བཞིན་དུ་དོན་གྱིས་འཕངས་པ་ལ་གནོད་པའི་ཕྱིར་ཁྱེད་ཀྱི་གཏན་ཚིགས་འགལ་བ་ཡིན་པར་ངེད་བརྗོད་དོ་ཞེས་རྩོད་པ་འདི་ཙམ་གྱིས་ན་འདོད་པ་ལ་གནོད་པ་བྱེད་པ་ལོགས་ཤིག་ཏུ་བརྗོད་ཀྱི། འགལ་བའི་མཚན་ཉིད་གང་ཡིན་པ་དེ་ཐ་དད་པའི་ཕྱིར་ནི་མ་ཡིན་ནོ། །གང་གི་ཕྱིར་མཚན་ཉིད་ཐ་དད་པའི་ཕྱིར་ནི་མ་ཡིན་གྱི། འོན་ཀྱང་དོགས་པ་གཞན་གྱིས་ལོགས་ཤིག་ཏུ་བརྗོད་པ་དེ་ཉིད་


DTG187_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱིར་གཏན་ཚིགས་ཀྱང་ལོགས་ཤིག་ཏུ་བསྟན་པ་མ་ཡིན་པར་སྔ་མ་ཉིད་དུ་བཤད་དོ། །མཚན་ཉིད་ཐ་དད་ན་ནི་གཏན་ཚིགས་ཀྱང་ལོགས་ཤིག་ཏུ་བསྟན་པར་བྱ་བར་འགྱུར་རོ། །གལ་ཏེ་གཏན་ཚིགས་འདི་མ་ངེས་པ་ཉིད་མ་ཡིན་ནམ། ཅིའི་ཕྱིར་ཞེ་ན། འདུས་པ་རྣམས་འདུས་པ་ལམ་ཡིན་པའི་གཞན་གང་ཡིན་པ་དེ་ལ་ཕན་འདོགས་པར་བྱེད་པ་ཉིད་དུ་མ་ངེས་པའི་ཕྱིར་རོ། །དེའི་ཕྱིར་འགལ་བ་མ་ཡིན་ནོ། །འདི་ལྟར་བསྒྲུབ་པར་བྱ་བ་ལས་ཕྱིན་ཅི་ལོག་གིས་ཁྱབ་པ་འགལ་བ་ཡིན་ན་ངེས་པར་མེད་པའི་ཕྱིར་ཕྱིན་ཅི་ལོག་གིས་ཁྱབ་པ་ནི་མ་ཡིན་ནོ། །ཅི་ལྟར་ངེས་པ་མེད་ཅེ་ན། གང་གི་ཕྱིར་འདུས་པ་གཞན་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ལ་ངེས་པ་ཅི་ཞིག་ཡོད་དེ། ཅུང་ཟད་ཀྱང་མེད་དོ། །ཁ་ཅིག་ཏུ་ནི་འདུས་པ་རྣམས་གཞན་ལ་ཕན་འདོགས་པར་མི་བྱེད་པ་ཉིད་དོ། །གང་དག་གཞན་ལ་ཕན་འདོགས་པར་བྱེད་པ་ཙམ་དུ་ངེས་པ་དེ་དག་ཀྱང་འདུས་པ་གཞན་ལ་ཕན་འདོགས་པར་ངེས་པར་ག་ལ་འགྱུར་ཏེ། དེའི་ཕྱིར་འགལ་བ་མ་ཡིན་ནོ། །གལ་ཏེ་འབྲས་བུ་གཅིག་ལ་མངོན་དུ་ཕྱོགས་པའི་རྒྱུ་ཚོགས་པ་འདུས་པ་ཡིན་པས་དེ་ཅིའི་ཕྱིར་འབྲས་བུ་ངེས་པ་མེད་ཅེ་ན། གལ་ཏེ་ཡང་འབྲས་བུ་འགའ་ཞིག་ལ་རང་གི་རྒྱུ་ལས་མངོན་དུ་ཕྱོགས་པའི་ནུས་པ་རྣམས་ཚོགས་ཤིང་ཕྲད་པ་འདུས་པ་ཡིན་པ་དེ་ལྟ་ན་ཡང་ནུས་པའི་གནས་སྐབས་ལས་སྔར་གགས་བྱེད་པ་དང་མ་ཚང་བ་སྲིད་པའི་ཕྱིར་རྒྱུ་རྣམས་གདོན་མི་ཟ་བར་འབྲས་བུ་དང་འབྲེལ་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་འཁྲུལ་པ་ཉིད་ཡིན་ནོ། །འདི་སྙམ་དུ་འོ་ན་ཐོགས་པ་མེད་པར་ཕན་འདོགས་པ་མི་ལ་སོགས་པ་ཐ་མའི་གནས་སྐབས་ཐོབ་པ་གང་ཡིན་པ་དེ་དག་ནི་ངེས་པར་གཞན་ལ་ཕན་འདོགས་པ་ཡིན་ནོ་ཞེ་ན། བདེན་མོད་ཀྱི། འོན་ཀྱང་ཕྱོགས་དེ་ལ་ཡང་འདུས་པ་ལ་ཕན་འདོགས་པར་བྱ་བ་ལ་འབྲེལ་པ་ངེས་པ་མེད་དོ། །ཅི་འདྲ་བ་ཞིག་ཅེ་ན། འདི་དག་ནི་འདུས་པ་གཞན་ལ་ཕན་འདོགས་པར་བྱེད་པ་ཉིད་དོ་ཞེས་བྱ་བ་འདི་འདྲ་བའོ། །འདི་ལྟར་དེ་མཐའ་དག་ལས་མིག་གི་རྣམ་པར་ཤེས་པ་རང་བཞིན་གཅིག་ཉིད་སྐྱེ་བ་ཡིན་ཏེ།


DTG187_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་འདིར་ཡང་འདུས་པ་གཞན་ལ་ཕན་འདོགས་པའི་ངེས་པ་མེད་དོ། །དེ་ལྟར་ལ་ལར་ཕན་འདོགས་པར་བྱེད་པ་ཉིད་མེད་པའི་ཕྱིར་དང༌། ལ་ལར་ནི་འདུས་པ་མ་ཡིན་པ་ལ་ཕན་འདོགས་པར་བྱེད་པའི་ཕྱིར་འདུས་པའི་རང་བཞིན་ལ་འདུས་པ་གཞན་གྱི་དོན་བྱེད་པས་མ་ཁྱབ་པའི་ཕྱིར་ཅི་ལྟར་འགལ་བ་ཡིན་ཞེ་ན། སློབ་དཔོན་གྱིས་དེ་དག་ལ་ཉེ་བར་སྦྱོར་བ་རེ་རེ་ཞེས་ལེན་འདེབས་སོ། །ནུབ་པ་ཐོགས་པ་མེད་པའི་མིག་ལ་སོགས་པ་སྐད་ཅིག་རེ་རེ་ཞིང་ཉེ་བར་སྦྱོར་བ་དང་ཉེ་བར་སྦྱོར་བ་ལ་ཕན་འདོགས་པར་བྱ་བ་མིག་གི་རྣམ་པར་ཤེས་པ་ལ་སྐད་ཅིག་དང་སྐད་ཅིག་ལ་རང་བཞིན་གཞན་སྐྱེ་བའི་རྒྱུའི་ཕྱིར། དེ་ལྟར་དེ་འདུས་པ་འམ་རིམ་གྱིས་ཉེ་བར་སྦྱོར་བ་མིག་ལ་སོགས་པ་རྣམས་ཅིག་ཅར་རམ་ཅིག་ཅར་མ་ཡིན་ཡང་རུང་སྟེ། ཁྱད་པར་མེད་པར་རང་བཞིན་དུ་མར་གྱུར་པའི་ཕན་པར་བྱེད་པ་ཉིད་སྒྲུབ་པར་བྱེད་པ་འདི་ཡིན་གྱི། དུས་གཅིག་ཏུ་དུ་མའི་ཕན་པ་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །འདིར་རྣམ་པར་ཤེས་པ་སྔོན་པོའི་རྣམ་པ་དང༌། རྟོགས་པའི་རང་བཞིན་དང༌། གཟུགས་འཛིན་པར་ངེས་པ་ཉིད་དུ་སྐྱེ་བ་དེའི་ཕྱིར་སྐད་ཅིག་གཅིག་ཉིད་ལ། མིག་ལ་སོགས་པ་དུ་མའི་རང་བཞིན་དུ་གྱུར་པའི་ཕན་འདོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་ནི་མ་ཡིན་ཏེ། གང་གི་ཕྱིར་རང་བཞིན་དུ་མ་ཉིད་ནི་རྣམ་པར་ཤེས་པ་གཅིག་ལ་སྒྲོ་བཏགས་པ་ཡིན་ཏེ། དེས་ན་འདི་འདྲ་བའི་འདུས་པ་གཞན་གྱི་དོན་བྱེད་པ་ནི་དངོས་པོ་པ་མ་ཡིན་པར་འགྱུར་རོ། །འདི་ནི་འདོད་པ་ཡང་མ་ཡིན་ཏེ། དུས་གཅིག་ཏུ་རང་བཞིན་དུ་མ་གྲུབ་པར་བྱེད་པ་ནི་མ་ཡིན་ནོ་ཞེས་གང་བཤད་པ་ཡིན་ནོ། །གང་གི་ཕྱིར་ཉེ་བར་སྦྱོར་བ་རེ་རེ་ཞིང་རང་བཞིན་གཞན་སྐྱེ་བའི་ཕྱིར་ཞེས་བྱ་བའི་གཞུང་འདི་ནི་གཏན་ཚིགས་ཡིན་ལ། རང་བཞིན་དུ་མའི་ཕན་པ་སྒྲུབ་པར་བྱེད་པ་ཡིན་གྱི། དུས་གཅིག་ཏུ་དུ་མའི་ཕན་པ་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་བསྒྲུབ་བྱའི་གཞུང་ཡིན་པ་དང༌། །བསྡུ་བའི་དོན་ནམ་སྨོས་པ་ཡང་མེད་པ་དེའི་ཕྱིར་གཞུང་སྔ་མར་ནི་ཆོས་དུ་མ་བྱེད་པར་བཤད་ལ། ཕྱི་མར་ནི་རིམ་གྱིས་རང་བཞིན་དུ་མ་བྱེད་པར་བཤད་པ་ཡིན་ནོ་ཞེས་བྱ་བར་དོགས་པ་དེ་ཡང་ལེགས་པ་མ་


DTG187_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ལྟ་ན་ཡང་སྔ་མ་ཉིད་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །འདི་སྙམ་དུ་དོན་གང་ལ་མིག་ལ་སོགས་པས་རིམ་གྱིས་ཕན་པ་བྱས་པ་དེ་ལས་ཕན་པ་དོན་གཞན་བྱེད་པ་ཡིན་ཏེ། དེས་ན་རང་བཞིན་གཞན་བྱེད་པ་མ་ཡིན་ནོ་སྙམ་ན། དེ་ནི་མི་རིགས་ཏེ། ཕན་པ་དོན་གཞན་ཉིད་ཡིན་པར་ཁས་ལེན་ན་ཕན་པ་འདི་ཕན་གདགས་པར་བྱ་བ་དེའི་ཕན་པ་ཡིན་ནོ་ཞེས་འབྲེལ་པར་མི་འགྱུར་བ་དང་ཕན་པ་གཞན་ཁས་ལེན་ན་ཐུག་པ་མེད་པར་ཐལ་བ་དང་ཕན་པ་ཙམ་བྱེད་པ་ཡིན་པར་འགྱུར་རོ་ཞེས་བཤད་ཟིན་ཏོ། །ཐ་དད་པ་དང་ཐ་དད་པ་མེད་པར་གཉི་ག་མ་ཡིན་པར་བྱེད་པ་ནི་ཅུང་ཟད་ཀྱང་མི་བྱེད་པ་གཉིས་ཀྱིས་ཅུང་ཟད་ཀྱང་དོན་མེད་པ་ཡིན་ནོ། །དོན་མེད་པའི་ཕྱིར་མངོན་པར་འདོད་པའི་དོན་བྱེད་པ་དེའི་དོན་དུ་སྒྲུབ་པར་བྱེད་པ་འགལ་བ་ཡིན་ནོ། །དེའི་ཕྱིར་མིག་ལ་སོགས་པ་ཕན་འདོགས་པ་ནི་ཁྱད་པར་སྐྱེད་པ་ཉིད་ཀྱིས་ཕན་འདོགས་པ་ཡིན་ནོ། །ཁྱད་པར་སྐྱེད་པ་དེ་ཡང་གང་ཞེ་ན། ཉེ་བར་སྦྱོར་བ་སོ་སོ་ལ་ངོ་བོ་ཉིད་དུ་མར་གྱུར་པ་གང་ཡིན་པའོ། །ཁྱད་པར་སྐྱེད་པ་ཉིད་ཀྱི་གཏན་ཚིགས་དེ་བས་ན་རང་བཞིན་དུ་མར་གྱུར་པའི་ཕྱིར་ཁྱབ་པ་གྲུབ་པས་འགལ་བ་ཡིན་ནོ། །ཚིག་ལེའུར་བྱས་པར་སྨོས་པའི་ངང་གི་སྒྲས་དོན་གང་བསྡུས་པ་དེ་བཤད་པ་ནི་གཉིས་ལས་གཅིག་མ་གྲུབ་ལ། གཞན་ལ་ཐེ་ཚོམ་ཟ་ན་འཁྲུལ་པ་ཅན་ཉིད་དོ། །དཔེར་བརྗོད་པ་ནི་འདོད་ཆགས་དང་བྲལ་བ་འམ་ཞེས་བྱ་བ་དང༌། ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །སྨྲ་བའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །དཔེ་ནི་འདོད་པའི་སྐྱེས་བུ་ཡིན་ཏེ། དེས་ན་སྨྲ་བ་པོ་དེ་ཉིད་དཔེར་འགྱུར་རོ། །སྨྲ་བ་པོ་དེ་བདག་ཉིད་ཐམས་ཅད་མཁྱེན་པ་མ་ཡིན་པ་དང༌། འདོད་ཆགས་ལ་སོགས་པ་དང་ལྡན་པ་ལ་སྨྲ་བ་མཐོང་པ་དེའི་ཕྱིར་གཏན་ཚིགས་འདི་ལ་ལྡོག་པ་མ་གྲུབ་པ། རྗེས་སུ་འགྲོ་བ་ལ་ནི་ཐེ་ཚོམ་ཟ་བ་ཡིན་ནོ། རྒྱུ་བཤད་པ་ནི་སེམས་ཀྱི་ཁྱད་པར་ཐམས་ཅད་མཁྱེན་པ་དང༌། འདོད་ཆགས་དང་བྲལ་བ་ལ་བསྐལ་པའི་ཕྱིར་ཏེ། དེ་ལ་ཚིག་ལ་སོགས་པ་ཡོད་པའམ་མེད་པ་ཉིད་དུ་ཐེ་ཚོམ་ཟ་བའི་ཕྱིར་རོ། །གཉིས་ལ་ཐེ་ཚོམ་ཟ་བ་ཡིན་ན་འཁྲུལ་པ་ཅན་དེ་མ་ངེས་པ་ཡིན་ནོ། །འདིར་གཉིས་


DTG187_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་མེད་པ་ཡིན་ནམ་ཞེ་ན། གཉིས་ཞེས་སྙེགས་སོ་ཞེས་སྨོས་ཏེ། གཉིས་མ་གྲུབ་ན་འགལ་བ་དང་ཞེས་བྱ་བའི་སྐབས་ཀྱི་གཉིས་ཞེས་བྱ་བ་དེ་འདིར་ལྟོས་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་ཀྱི་ཆོས་གང་ལ་རྗེས་སུ་འགྲོ་བ་དང་ལྡོག་པར་ཐེ་ཚོམ་ཟ་བ་དེ་ཡང་མ་ངེས་པ་ཡིན་ནོ། །དཔེར་བརྗོད་པ་སྨྲས་པ་ནི་དཔེར་ན་ཞེས་བྱ་བའོ། །གསོན་པོའི་ལུས་ནི་ཞེས་བྱ་བ་ནི་ཆོས་ཅན་ཏེ། ཤི་བའི་ལུས་ལ་བདག་ཡོད་པར་མི་འདོད་པའི་ཕྱིར་རོ། །བདག་དང་བཅས་པ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །འདི་རྒྱུ་གཉིས་ཀྱིས་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཐེ་ཚོམ་གྱི་རྒྱུར་འགྱུར་བ་ཡིན་ནོ། །བྱེ་བྲག་གང་དག་ལ་གཏན་ཚིགས་ཐེ་ཚོམ་ཟ་བ་དེ་དག་གིས་དངོས་པོ་ཐམས་ཅད་བསྡུས་པའི་ཕྱིར་དང༌། དེ་དག་ལས་གཅིག་ལ་ཡང་ངེས་པ་མེད་པའི་ཕྱིར་རོ་ཞེས་བཤད་པའོ། །དེ་ལམ་ངེས་པའི་ཡན་ལག་བྱེ་བྲག་གི་དངོས་པོ་ཐམས་ཅད་བསྡུས་པ་བསྟན་པའི་ཕྱིར་བཤད་པ། གང་གི་ཕྱིར་གང་ལ་དངོས་པོའི་ཆོས་སྲོག་ལ་སོགས་པ་གནས་པར་འགྱུར་བ་ཐ་དད་པའི་ཕུང་པོ་གཞན་ནི་མེད་དོ། །གལ་ཏེ་ཕུང་པོ་གཞན་ཡོད་ན་དེའི་ཚེ་བདག་མེད་པ་ཉིད་མེད་པ་ནི་གདོན་མི་ཟ་བར་བདག་དང་བཅས་པར་འགྱུར་རོ་ཞེས་བྱ་བའི་ངེས་པར་མི་འགྱུར་ཏེ། རྣམ་པ་གཞན་ཡང་ཡོད་པའི་ཕྱིར་རོ། །རྣམ་གྲངས་ཀྱི་གཉིས་ལས་གཅིག་ལ་ངེས་པར་མཐོང་ན་ཐེ་ཚོམ་དུ་འགྱུར་གྱི་དེ་ལྟ་མ་ཡིན་ན་ནི་མི་རྟོགས་པ་ཉིད་དོ། །ཅིའི་ཕྱིར་ཕུང་པོ་གཞན་མེད་ཅེ་ན། བདག་ཡོད་པ་དང་མེད་པ་དག་གིས་དངོས་པོ་ཐམས་ཅད་བསྡུས་པའི་ཕྱིར་རོ། །གལ་ཏེ་དངོས་པོ་ལ་བདག་མེད་པ་ནི་བདག་མེད་པ་ཉིད་དོ། །དེ་སྟེ་ཡོད་ན་ནི་བདག་དང་བཅས་པ་ཉིད་དོ། །དེས་ན་བདག་ཡོད་པ་དང་མེད་པ་དག་གིས་ཐམས་ཅད་བསྡུས་པ་ཡིན་ནོ། །གཅིག་ལ་ཡང་ངེས་པ་མེད་པ་བསྟན་པའི་ཕྱིར་བཤད་པ། བདག་དང་བཅས་པ་དང་བདག་མེད་པ་འདི་གཉིས་ལས་གཅིག་ལ་གནས་པར་ཏེ། ཡོད་པར་ངེས་པ་མེད་དོ། །འཇུག་པར་ངེས་པ་ཤེས་ན་ནི་གོ་བར་བྱེད་པ་ཉིད་དུ་འགྱུར་རོ། །


DTG187_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

མ་ངེས་ན་ནི་ཅི་རིགས་པར་མཐུན་པའི་ཕྱོགས་སམ་མི་མཐུན་པའི་ཕྱོགས་ལ་ལྡོག་པར་ཐེ་ཚོམ་ཟ་བ་འམ། ལྡོག་པ་མ་གྲུབ་པའི་མ་ངེས་པ་དང༌། གཉིས་ལ་མ་ངེས་པར་འཇུག་ན་ཐུན་མོང་མ་ཡིན་པ་ཡིན་ནོ། །དེའི་ཕྱིར་གཅིག་ལ་ཡང་འཇུག་པར་མ་ངེས་པར་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་ཐུན་མོང་མ་ཡིན་པའི་ངེས་པ་ཡིན་ནོ། །གལ་ཏེ་དངོས་པོ་གཞན་མེད་ན་སྲོག་ལ་སོགས་པ་དེ་དག་ཉིད་འགའ་ཞིག་ལ་གདོན་མི་ཟ་བར་གནས་པར་འགྱུར་བའི་ཕྱིར་ངེས་པ་ཡོད་དོ་ཞེ་ན། བདེན་ཏེ། སྲོག་ལ་སོགས་པ་ནི་གདོན་མི་ཟ་བར་འདི་དག་གཅིག་ལ་གནས་པ་ཡིན་ནོ། །འོན་ཀྱང་དེའི་བདག་ཉིད་དུ་ཞེས་བྱ་བ་བདག་དང་བཅས་པ་འམ་བདག་མེད་པ་ཉིད་དུ་གྲུབ་པ་སྟེ། ངེས་པའི་དངོས་པོ་ལ་སྲོག་ལ་སོགས་པ་མ་གྲུབ་པའི་ཕྱིར་ངེས་པ་མེད་དོ། །དངོས་པོའི་ཆོས་ཡིན་པའི་ཕྱིར་སྲོག་ལ་སོགས་པ་ནི་ཕྱིས་འདི་ཉིད་འགའ་ཞིག་ལ་གནས་སོ་ཞེས་ཤེས་ཀྱི། བདག་དང་བཅས་པ་འམ། བདག་མེད་པ་འགའ་ཞིག་ལ་གནས་པར་ནི་མི་ཤེས་པའི་ཕྱིར་ངེས་པ་མེད་དོ། །འདིས་ནི་གཉིས་ལ་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བ་བཤད་དོ། །དེ་ཉིད་ཀྱི་ཕྱིར་ལྡོག་པ་ལ་ཡང་ཐེ་ཚོམ་ཟ་བ་ཡིན་ནོ། །གལ་ཏེ་ཕུང་པོ་གཉིས་ཡིན་ན་དངོས་པོའི་ཆོས་སུ་འགྱུར་བ་འགའ་ཞིག་ལས་ལྡོག་ན་གདོན་མི་ཟ་བར་གཞན་ལ་གནས་པར་ངེས་པར་འགྱུར་རོ། །དེས་ན་རྣམ་པ་འདིས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ཐེ་ཚོམ་ཟ་བར་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་གཏན་ཚིགས་ཀྱི་ཐེ་ཚོམ་ཟ་བའི་རྒྱུ་རྣམ་པ་གཉིས་ལས་ཕྱི་རོལ་དུ་གྱུར་པ་མེད་པ་དང༌། ཐུན་མོང་མ་ཡིན་པའི་རྒྱུ་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ་བསྟན་ནས་མཇུག་བསྡུ་བའི་ཕྱིར་བཤད་པ། དེ་བས་ན་གསོན་པོའི་ལུས་དང་འབྲེལ་པ་ཅན་གྱི་སྲོག་ལ་སོགས་པ་ནི་ཞེས་བྱ་བས་ནི་ཕྱོགས་ཀྱི་ཆོས་ཉིད་དེ། མིག་གིས་གཟུང་བ་ཉིད་ལས་ནི་སྒྲ་ལ་རྟག་པ་པ་དང་མི་རྟག་པའི་དཔྱོད་པ་མི་འཇུག་གོ །དེའི་ཕྱིར་ཕྱོགས་ཀྱི་ཆོས་ནི་དཔྱོད་པ་འཇུག་པའི་རྒྱུ་ཡིན་ནོ། །གཉིས་ཀྱིས་བདག་ཉིད་ལས་ཕྱི་རོལ་དུ་གྱུར་བའི་དངོས་པོ་འགའ་ཡང་མེད་པའི་ཕྱིར་ཐེ་ཚོམ་གྱི་གཞི་དེ་དག་ལས་ལྡོག་པ་མ་


DTG187_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། འདིས་ནི་རྣམ་པ་གཉིས་སུ་ངེས་པའི་ཕྱིར་ཐེ་ཚོམ་གྱི་རྒྱུ་ཉིད་ཡིན་པར་མཇུག་བསྡུས་པ་སྟེ། གཉིས་སུ་ངེས་པ་གང་ཡིན་པ་དེ་ཉིད་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །དེ་ལ་རྗེས་སུ་འགྲོ་བ་མ་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ་མཇུག་སྡུད་པའོ། །བདག་དང་བཅས་པ་འམ་བདག་མེད་པའི་བདག་ཉིད་གཅིག་ལ་ཡང་མ་གྲུབ་པའི་རྒྱུའི་ཕྱིར་རྗེས་སུ་འགྲོ་བ་མེད་དོ། རྗེས་སུ་འགྲོ་བ་ངེས་པ་མེད་པ་ཉིད་ཀྱི་ཕྱིར་ཏེ། ལྡོག་པ་ངེས་ན་རྗེས་སུ་འགྲོ་བ་མ་ངེས་པར་ནི་མི་འཐད་དོ་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་པར་འགྱུར་བ་ཡིན་ནོ། །དེས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ཐེ་ཚོམ་ཟ་བའི་ཕྱིར་དང༌། སྡར་བཤད་པ་རྣམ་པ་གཉིས་ངེས་པའི་ཕྱིར་དང༌། ཕྱོགས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་མ་ངེས་བ་སྟེ། ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། གཏན་ཚིགས་དེ་ལས་བསྒྲུབ་པར་བྱ་བ་འམ་ཅིག་ཤོས་དག་ཏུ་ངེས་པ་མེད་པའི་ཕྱིར་རོ། །མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཏུ་ཐེ་ཚོམ་ཟ་བའི་ཕྱིར་འདི་ལས་འདོད་པ་འམ་མི་འདོད་པ་ངེས་པ་མ་ཡིན་པ་དེས་ན་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །གལ་ཏེ་དེ་ལྟར་ན་མཐུན་པ་དང་མི་མཐུན་པའི་ཕྱོགས་དག་ལ་མ་མཐོང་བའི་ཕྱིར་མི་རྟོགས་པའི་ཡན་ལག་ཏུ་འགྱུར་རོ་ཞེ་ན། སྲོག་ལ་སོགས་པ་དང་ལྡན་པ་འདི་ལས་མི་རྟོགས་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འགའ་ཞིག་དང་འབྲེལ་པའི་ཕྱིར་ཏེ། ཐེ་ཚོམ་གྱི་གཟུང་བའི་བྱེ་བྲག་གང་ཡང་རུང་བ་ཞིག་དང་འབྲེལ་པའི་ཕྱིར་རོ། །གང་གི་ཕྱིར་དངོས་པོ་ཐམས་ཅད་ནི་དེ་གཉིས་ཀྱིས་བསྡུས་ལ། འདི་ཡང་དངོས་པོའི་ཆོས་ཡིན་ནོ། །བྱེ་བྲག་གང་རུང་དང་འབྲེལ་པ་ཡིན་ཡང་ཆོས་ཆོས་ཅན་གང་དང་འབྲེལ་པ་མེད་པའི་ཆོས་ཅན་དེ་ལ་ནི་ཆོས་དེ་ལས་ཐེ་ཚོམ་སྐྱེ་བ་མ་ཡིན་ཏེ། དཔེར་ན་མིག་གིས་གཟུང་བ་ཉིད་རྟག་པ་དང་མི་རྟག་པ་གང་རུང་དང་འབྲེལ་པ་ཡིན་ཡང༌། སྒྲ་དང་མ་འབྲེལ་པ་ལས་དེ་ལ་ཐེ་ཚོམ་ཟ་བའི་རྒྱུ་མ་ཡིན་པ་བཞིན་ནོ། །སྲོག་ལ་སོགས་པའི་ཆོས་ལས་ནི་ཆོས་ཅན་འདི་བདག་དང་བཅས་པ་དང་བདག་མེད་པའི་ཆོས་གཉིས་ལས་གང་དང་འབྲེལ་པར་གནས་ཞེས་ཅི་ལྟར་ཐེ་ཚོམ་


DTG187_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད། ཅི་ལྟར་ཞེ་ན། དཔེར་ན་སྐྱེས་བུ་གཅིག་དང་འབྲེལ་པ་ཡོངས་སུ་ཤེས་པ་མེད་པའི་མངལ་ཆགས་པ་ལས་རྟོགས་པའི་བུད་མེད་ལས་སྐྱེས་བུའི་ཁྱད་པར་དང་འབྲེལ་པར་ཐེ་ཚོམ་ཟ་སྟེ། མ་འབྲེལ་པར་མངལ་ཆགས་པ་མི་རུང་བའི་ཕྱིར་རོ། །སྲོག་ཆགས་གང་ལ་མངལ་ཆགས་པར་ནི་མཐོང་ལ་སྐྱེས་བུ་གཅིག་དང་འབྲེལ་པར་མ་ངེས་པ་དེ་ལ། སྲིད་པའི་སྐྱེས་བུ་དག་དང་འབྲེལ་བར་རྟོགས་པ་པོ་དེ་ཐེ་ཚོམ་སྐྱེད་པར་བྱེད་དོ། །དེ་བཞིན་དུ་འདིར་ཡང་དངོས་པོ་ཐམས་ཅད་དང་བདག་ངང་བཅས་པ་དང༌། བདག་མེད་པའི་ནང་དུ་མ་འདུས་པ་མི་རུང་བའི་ཕྱིར་ཏེ། ནང་དུ་འདུས་པའི་ཕྱིར་དངོས་པོའི་ཆོས་སྲོག་ལ་སོགས་པ་ལས་ཐེ་ཚོམ་ཟ་བ་ཡིན་ནོ། །འོན་མི་རྟོགས་པར་ཅི་སྟེ་མི་འདོད་ཅེ་ན། གང་གི་ཕྱིར་མ་རྟོགས་པ་ཞེས་བྱ་བ་བདག་ཡོད་པ་དང་མེད་པ་གཉི་གར་རྟོགས་པ་དང་ཐེ་ཚོམ་ཟ་བ་དེ་གཉིས་མེད་པས་གཉི་གར་རྟོགས་པ་དང་ཐེ་ཚོམ་མེད་པ་དེའི་རང་བཞིན་ཅན་གང་ཡིན་པ་དེ་འདྲ་བའི་མི་རྟོགས་པ་ནི་བདག་དང་བཅས་པ་དང༌། བདག་མེད་པ་གཉིས་ལས་ཕྱི་རོལ་དུ་གྱུར་པའི་དོན་འགའ་ཞིག་ཡོད་ན་འགྱུར་གྱི། དངོས་པོ་ཐམས་ཅད་བྱེ་བྲག་གཉིས་ཀྱི་ནང་དུ་འདུས་ན་ཅི་ལྟར་མི་རྟོགས་པ་ངེས་པ་མེད་པའི་རང་བཞིན་དུ་འགྱུར་ཏེ། ཐེ་ཚོམ་ཟ་བར་ནི་རིགས་སོ། །སྲོག་ལ་སོགས་པ་འདི་ནི་བདག་དང་བཅས་པའམ་བདག་མེད་པ་ཞིག་ཏུ་འགྱུར་གྱི། རྣམ་པ་གཞན་མེད་པའི་ཕྱིར་རོ། །གལ་ཏེ་ཐམས་ཅད་ནང་དུ་འདུས་པའི་ཕྱིར་སྲོག་ལ་སོགས་པ་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །དེ་ལྟ་ན་རྟག་པ་དང་མི་རྟག་པ་ལས་ཕྱི་རོལ་དུ་གྱུར་བ་མེད་པའི་ཕྱིར་མིག་གིས་གཟུང་བ་ཉིད་ལས་ཀྱང་ཐེ་ཚོམ་ཟ་བར་འགྱུར་རོ་ཞེ་ན། གཉིས་ལས་ཕྱི་རོལ་དུ་གྱུར་པ་མེད་པ་ཉིད་འདིས་ཐེ་ཚོམ་གྱི་རྒྱུར་བརྗོད་པ་ཡིན་ནོ་ཞེས་བསམས་པ་ཡིན་ནོ། །མ་ཡིན་ཏེ་མ་འབྲེལ་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །གཉིས་ལས་ཕྱི་རོལ་དུ་གྱུར་པ་མེད་པ་ཅི་སྙེད་པ་དེ་ཐམས་ཅད་དུ་ཐེ་ཚོམ་གྱི་རྒྱུ་ནི་མ་ཡིན་གྱི། འོན་ཀྱང་དངོས་པོའི་ཆོས་ཅན་གང་ལ་ཡོད་པ་དེ་ཉིད་ལ་དེ་གཉིས་ལས་ཕྱི་རོལ་དུ་གྱུར་པ་མེད་པའི་ཕྱིར་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ནོ། །མིག་གིས་གཟུང་བ་ཉིད་ནི་གཉིས་ལས་ཕྱི་རོལ་དུ་གྱུར་པ་མེད་ཀྱང་


DTG187_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དང་འབྲེལ་པ་མེད་པའི་ཕྱིར་ཐེ་ཚོམ་གྱི་རྒྱུ་མ་ཡིན་ནོ། །གང་གི་ཕྱིར་བྱེ་བྲག་གཉིས་ལས་ཕྱི་རོལ་དུ་གྱུར་པ་མེད་པ་དང༌། བྱེ་བྲག་དག་ལ་རྗེས་སུ་འགྲོ་བ་དང་ལྡོག་པར་ཐེ་ཚོམ་ཟ་བ་དེའི་ཕྱིར་རང་གི་གཞི་ཉིད་ལ་ཡོད་པ་ཐུན་མོང་མ་ཡིན་པའི་ཆོས་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །སྲོག་ལ་སོགས་པ་ནི་ཁྱད་པར་དུ་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། འདི་ལྟར་མཉན་པར་བྱ་བ་ཉིད་རྟག་པ་དང་མི་རྟག་པ་དག་ཏུ་རབ་ཏུ་གྲུབ་པ་བུམ་པ་དང་ནམ་མཁའ་ལ་སོགས་པ་ལས་ལྡོག་པར་ངེས་པ་ཡིན་གྱི། བདག་ནི་རང་བཞིན་གྱིས་བསྐལ་བས་བུམ་པ་ལ་སོགས་པ་འགའ་ཞིག་ལ་ཡང་ཡོད་པ་དང་མེད་པར་མ་གྲུབ་པར་རྒྱུའི་ཕྱིར་སྲོག་ལ་སོགས་པ་ཡང་དེ་ལ་འཇུག་པ་དང་ལྡོག་པར་མ་གྲུབ་པའི་ཕྱིར་སྲོག་ལ་སོགས་པ་ཁྱད་པར་དུ་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ནོ། །བུམ་པ་ལ་སོགས་པ་བདག་དང་བཅས་པའམ་བདག་མེད་པ་ཉིད་དུ་མ་ངེས་པས་དེ་ལས་ལྡོག་ཀྱང་བདག་དང་བཅས་པའམ་བདག་མེད་པ་གཅིག་ལས་ཀྱང་ལྡོག་པར་ངེས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདིས་ནི་དོན་འདི་བརྗོད་པ་ཡིན་ཏེ། ཐུན་མོང་མ་ཡིན་པ་ཅི་སྲིད་པ་ནི་འགའ་ཞིག་ལས་ལོག་པར་ངེས་ཀྱང་མ་ཡིན་ན་སྲོག་ལ་སོགས་བ་འགའ་ལས་ཀྱང་ལྡོག་པར་མ་ངེས་པ་གང་ཡིན་པ་ཅི་ལྟར་མ་ངེས་པ་མ་ཡིན་ཞེས་བྱ་བ་ཡིན་ནོ། །དོན་གཞན་འབྲས་བུ་མ་ཡིན་པ་ལས་དོན་གཞན་མི་འགྲུབ་པའི་ཡང་ཕྱིར་ཐེ་ཚོམ་གྱི་རྒྱུ་ཉིད་དོ། །གོ་བར་བྱེད་པ་སྲོག་ལ་སོགས་པ་ནི་བདག་ལས་ཐ་དད་པའི་ཕྱིར་དེའི་བདག་ཉིད་ཀྱི་འབྲེལ་པ་མེད་དོ། །འབྲས་བུ་ཉིད་ཀྱང་མ་ཡིན་ནོ། །ཅི་ལྟར་འབྲས་བུ་མ་ཡིན་ཞེ་ན། འདི་ལྟར་སྲོག་ལ་སོགས་པ་དང༌། བདག་ནི་ལྷན་ཅིག་རྒྱུ་དང་འབྲས་བུའི་དངོས་པོར་མི་འགྲུབ་པོ་ཅི་ལྟར་ཞེ་ན། རྒྱུ་འབྲས་ཀྱི་དངོས་པོ་དེ་ནི་དམིགས་པ་དང་མི་དམིགས་པ་ལ་བརྟེན་པའི་ཕྱིར་རོ། །གང་ལ་རྒྱུ་དང་འབྲས་བུའི་དངོས་པོར་འགྲུབ་པའི་རྒྱུ་མཚན་དམིགས་པ་དང་མི་དམིགས་པ་ཡོད་པར་འགྱུར་བ་བདག་ནི་བལྟར་རུང་བ་མ་ཡིན་ནོ། །འདི་སྙམ་དུ་རང་བཞིན་འབྲེལ་པས་ཅི་ཞིག་བྱ་སྙམ་ན། བཤད་པ། འབྲེལ་པ་མེད་པ་འགའ་ཞིག་ཡོད་ན་དེ་ལས་གཞན་ཡོད་པར་ངེས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་


DTG187_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཐེ་ཚོམ་ཟ་བའི་རྒྱུ་ཉིད་དོ། །གཞན་དག་སྲོག་ལ་སོགས་པ་ནི་བདག་གོ་བར་བྱེད་པ་ཉིད་ཡིན་ཏེ། སྲོག་ལ་སོགས་པ་དེའི་མི་མཐུན་པའི་ཕྱོགས་ལས་ལྡོག་པའི་ལྡོག་པ་ན་གཅིག་ཏུ་ངེས་པའི་ཕྱིར་ཏེ། ངེས་པ་ཉིད་ཡིན་པའི་ཕྱིར་རོ་ཞེའོ། །ཅི་ལྟར་གཅིག་ཏུ་ངེས་ཤེ་ན། གང་གི་སྲོག་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་བདག་མེད་པ་ཁོ་ན་ལས་ལྡོག་པ་ཡིན་གྱི། མཐུན་པའི་ཕྱོགས་ལ་ནི་མ་ཡིན་པ་དེའི་ཕྱིར་ངེས་པ་ཡིན་ནོ། །ཅི་ལྟར་མཐུན་པའི་ཕྱོགས་ལས་མི་ལྡོག་ཅེ་ན། མེད་པ་ལས་ལྡོག་པར་མི་རུང་བའི་ཕྱིར་རོ། །ཡོད་པ་གང་ཡིན་པ་དེ་ནི་བྱེད་པའི་ནུས་པ་དང་ལྡན་པའི་ཕྱིར་ལྡོག་མཚམས་སུ་འགྱུར་གྱི། བདག་ནི་ཕ་རོལ་པོ་ལ་མེད་པའི་ཕྱིར་མེད་པ་དེ་ཅི་ལྟར་ལྡོག་མཚམས་ཡིན། བྱེད་པའི་ནུས་བ་དང་བྲལ་བས་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་མ་ཡིན་ལ། གང་ཞིག་ཚད་མའི་ཡུལ་མ་ཡིན་པ་མ་ངེས་པ་དེ་ལ་ནི་འགའ་ཡང་ཡོད་པ་དང་མེད་པར་ངེས་པར་བྱར་ནུས་པ་མ་ཡིན་ནོ། །གང་གི་ཕྱིར་སྲོག་ལ་སོགས་པ་ལྡོག་པ་གཅིག་ཏུ་ངེས་པ་ཡིན་པ་དེ་བས་ན་ཅི་ལྟར་གཞལ་བྱ་ཉིད་ལ་སོགས་པ་རྗེས་སུ་འགྲོ་བ་གཅིག་ཏུ་ངེས་པ་ལྟར་ལྡོག་པ་གཅིག་ཏུ་ངེས་པ་ཡང་གོ་བར་བྱེད་པ་ཉིད་དོ། །གལ་ཏེ་སྲོག་ལ་སོགས་པ་གོ་བར་བྱེད་པ་ཡིན་ན་འོ་ན་ཅི་ལྟར་མཉན་བྱ་ཉིད་གོ་བར་བྱེད་པ་མ་ཡིན་ཞེ་ན། གང་གི་ཕྱིར་གང་ལས་གོ་བྱེད་དུ་འགྱུར་བ་མཉན་བྱ་ཉིད་ནི་དེ་ལྟར་ལྡོག་པ་གཅིག་ཏུ་ངེས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉི་ག་ལས་ལྡོག་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡོངས་སུ་རྫོགས་པར་གནས་པའོ། །སློབ་དཔོན་གྱིས་བཤད་པ་ནི་མི་མཐུན་པའི་ཕྱོགས་ལ་ངེས་པ་ལྡོག་པའི་རྣམ་པ་དེ་ལྟ་བུ་སྨྲ་བ་ཕ་རོལ་པོ་དེས་མི་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བའི་འབྲེལ་པ་ཉིད་བརྗོད་པར་འགྱུར་རོ། །ག་ལས་ཤེ་ན། གང་གི་ཕྱིར་བདག་མེད་པ་ཉིད་ལ་མེད་པ་ཡིན་གྱི་བདག་ལ་ནི་མེད་པ་མ་ཡིན་ནོ། །དེ་ལ་ཡང་མེད་པ་ཉིད་ཡིན་གྱི་ཡོད་པ་ནི་མ་ཡིན་ནོ་ཞེས་དེ་ལྟར་བདག་མེད་པ་ལ་ངེས་པ་དང་ལྡན་པའི་དགག་པ་གཉིས་བརྗོད་པའི་ཤུགས་ཀྱིས་བདག་ལ་གནས་པ་སྟེ་ཡོད་པའི། །


DTG187_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འདྲ་བ་ཞིག་ཅེ་ན། གནས་པ་ལས་གཞན་བདག་དེ་ཉིད་ལ་མེད་པ་དང༌། གཞན་ལ་ཡོད་པ་གཞན་དེ་གཉིས་དང་མ་འབྲེལ་པར་བརྗོད་པར་འགྱུར་རོ། །འདི་ལྟར་བདག་མེད་པ་ཉིད་ལ་ཞེས་བྱ་བ་འདི་ནི་བདག་མེད་པ་ལ་དགག་པ་ངེས་པ་ཡིན་ཏེ། དེ་ཉིད་ལ་མེད་པ་ཡིན་ཏེ། བདག་ལ་ཡང་མེད་པ་ནི་མ་ཡིན་ནོ། །མེད་པ་ཉིད་དོ་ཞེས་བྱ་བ་འདིས་ནི་བདག་མེད་པ་ལ་མེད་པ་ཁོ་ནའི། ཡོད་པ་ནི་མ་ཡིན་ནོ། །སྲོག་ལ་སོགས་པ་མེད་པ་ལ་བདག་མེད་པ་ངེས་པ་ཡིན་ནོ། །བདག་ལ་སྲོག་ལ་སོགས་པའི་གནས་པ་དེ་འདྲ་བ་ནི་བདག་མེད་ན་མི་འབྱུང་བ་ཡིན་ནོ། །མེད་ན་མི་འབྱུང་བ་ཡིན་པ་དེ་ཉིད་ཀྱིས་ན་རྗེས་སུ་འགྲོ་བ་གྲུབ་པའི་འགའ་ཡང་ལྡོག་པ་ཡན་འགར་བས་ལྡོག་པ་ཅན་མ་ཡིན་ནོ། །མེད་ན་མི་འབྱུང་བར་འགྱུར་མོད་ངེད་ལ་ཅི་ཆད་ཅེ་ན། གལ་ཏེ་འགྱུར་ན་ཅུང་ཟད་ཀྱང་མེད་མོད་ཀྱི་ཡོད་པ་ནི་མ་ཡིན་ནོ། །གང་གི་ཕྱིར་མེད་ན་མི་འབྱུང་བ་ནི་འབྲེལ་པ་ཡིན་ནོ། དེ་ཡང་བདག་ཉིད་ཀྱིས་འབྲེལ་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ཡིན་དང་བདག་ཉིད་འབྲེལ་པ་དེ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བ་ལས་གཞན་མེད་དོ་ཞེས་ལེའུ་གཉིས་པར་བཤད་ཟིན་ཏོ། །དེས་ཅིར་འགྱུར་ཞེ་ན། དེས་ན་དེའི་བདག་ཉིད་དང་དེ་ལས་འབྱུང་བ་དེ་དག་ཀྱང་གང་ལ་མཐོང་བ་ཡོད་པ་དེ་ཉིད་ལ་འགྲུབ་ལ། བདག་ནི་མཐོང་བ་མེད་པ་དེའི་ཕྱིར་སྲོག་ལ་སོགས་པ་བདག་མེད་ན་མི་འབྱུང་བ་ཡིན་ནོ། །ལྡོག་པ་གཅིག་ཏུ་ངེས་པ་ནི་མེད་ན་མི་འབྱུང་བ་ཡིན་ན་དེ་ནི་མེད་པའི་ཕྱིར་དེ་ཇི་ལྟར་ལྡོག་པ་གཅིག་ཏུ་ངེས་པ་ཡིན་ཞེས་གང་བཤད་པ་ནི་བདག་དང་མེད་ན་མི་འབྱུང་བ་མེད་པ་དེ་སྙིད་ཀྱི་ཕྱིར་རྒྱུ་གང་ལས་འདི་ལྡོག་པ་ཅན་ཞེས་བརྗོད་པས་བདག་ལྡོག་ཀྱང་སྲོག་ལ་སོགས་པ་འདི་ལྡོག་པ་མ་ཡིན་ནོ། །ཅི་ལྟར་འབྲེལ་པ་མེད་པ་གཞན་ལོག་ན་ལྡོག་པར་མི་འགྱུར་ཞེ་ན། གང་གི་ཕྱིར་གང་ཞིག་དང་འབྲེལ་པ་མེད་པ་དེ་ནི་དེའི་འབྲེལ་པའི་ཡུལ་མ་ཡིན་པ་འགའ་ཞིག་ལྡོག་ན་ངེས་པར་ལྡོག་པ་མ་ཡིན་ནོ། །དེ་དེ་ལྟར་ལྡོག་པ་གཅིག་ཏུ་ངེས་པ་ནི་འབྲེལ་པར་འགྱུར་བ་ཡིན་ན། འབྲེལ་ཡང༌། རྗེས་སུ་འགྲོ་བ་ཡིན་པ་དེས་ན་རྗེས་སུ་འགྲོ་བ་མེད་པར་ལྡོག་པ་གཅིག་ཏུ་ངེས་པ་ནི་འགའ་


DTG187_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡོད་པ་མ་ཡིན་ནོ། །ཁྱད་པར་ལ་ནི་རྗེས་སུ་འགྲོ་བ་ངེས་པ་ཡང་མ་ཡིན་ཏེ། དེ་བས་ན་ལྡོག་པ་ངེས་པ་མེད་པ་དང་རྗེས་སུ་འགྲོ་བ་ཡང་ངེས་པ་མེད་པ་ཡིན་ནོ། །འོ་ན་ཅི་ལྟར་སློབ་དཔོན་གྱིས་མཉན་བྱ་ཉིད་ལྡོག་པ་ཅན་དུ་བཤད་ཅེ་ན། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་མ་མཐོང་བ་ཙམ་ཚད་མ་མ་ཡིན་པ་གཟུང་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཉན་བྱ་ཉིད་ལྡོག་པ་ཅན་དུ་བཤད་དོ། །མཉན་བྱ་ཉིད་ནི་མཐུན་པའི་ཕྱོགས་ལ་མ་མཐོང་ལ་མི་མཐུན་པའི་ཕྱོགས་ལ་ཡང་མཐོང་བ་མེད་དོ། །མཐོང་བ་མེད་པ་དེ་ཙམ་གྱིས་མེད་པར་ངེས་པ་ཡང་མེད་དོ་ཞེས་ལན་ཅིག་མ་ཡིན་པར་བཤད་ཟིན་ཏོ། །གལ་ཏེ་མཐོང་བ་མེད་པ་ལས་མེད་པ་རྟོགས་པར་འགྱུར་ན་ཐེ་ཚོམ་གྱི་རྒྱུ་ཉིད་དུ་མི་འགྱུར་རོ། །ཇི་ལྟར་མི་འགྱུར་ཞེ་ན། གང་གི་ཕྱིར་གང་ཞིག་ལ་གང་མེད་དོ་ཞེས་དེ་ལྟར་ངེས་པར་དེ་དམིགས་པར་འགྱུར་བ་ན་མི་སྲིད་པའི་ཡུལ་དེ་ལ་ཐེ་ཚོམ་ཟ་བར་ནི་མི་རིགས་སོ། །འདི་དེ་ལ་མེད་པ་ཉིད་དོ་ཞེས་ངེས་པ་དང༌། ཡོད་དམ་ཞེས་ཐེ་ཚོམ་ཟ་བ་ཅིག་ཅར་དུ་ནི་མི་རིགས་སོ། །དེས་ན་མཉན་བྱ་ཉིད་ལ་སོགས་པ་ནི་མཐུན་པའི་ཕྱོགས་དག་དང་མི་མཐུན་པའི་ཕྱོགས་དག་ལ་རྗེས་སུ་འགྲོ་བ་དང་ལྡོག་པར་ཐེ་ཚོམ་ཟ་བ་ཉིད་དོ། །ཕ་རོལ་པོ་དག་ལ་ཡང་སྲོག་ལ་སོགས་པ་གོ་བར་བྱེད་པ་ཉིད་དུ་སྒྲུབ་པའི་ཕྱིར་སྨྲས་པ། སྲོག་ལ་སོགས་པ་མེད་པས་བདག་མེད་པ་ལ་ཁྱབ་པའི་ཕྱིར་གསོན་པོའི་ལུས་ལ་བདག་ལྡོག་པར་འགྱུར་ཏེ། ཁྱབ་བྱ་བདག་མེད་པ་ཡོད་ན་ཁྱབ་བྱེད་སྲོག་ལ་སོགས་པ་མེད་པར་འགྱུར་བ་ཡིན་ན་ཁྱབ་པར་བྱེད་པ་སྲོག་ལ་སོགས་པ་ཡང་འདི་ལ་ཡོད་དོ། །དེའི་ཕྱིར་ཁྱབ་པར་བྱེད་པ་དང་འགལ་བ་དམིགས་པས་ཁྱབ་པར་བྱེད་པ་མེད་པའི་ཕྱིར་ཁྱབ་པར་བྱ་བ་བདག་མེད་པ་ལྡོག་གོ །དེས་ན་རྣམ་པ་གཞན་མི་སྲིད་པའི་ཕྱིར་གསོན་པོའི་ལུས་བདག་དང་བཅས་པར་འགྲུབ་པོ་ཞེས་དོགས་པ་ལ་བཤད་པ། བདག་ལྡོག་ན་སྲོག་ལ་སོགས་པ་ལྡོག་པར་ཐལ་བ་མ་ཡིན་ནོ། །གང་ལས་ཤེ་ན། བདག་དང་མ་འབྲེལ་པ་སྲོག་ལ་སོགས་པ་འབྲེལ་པ་མེད་ལ་ཉེ་བར་མི་སྦྱོར་བའི་དོན་གྱི་མེད་པ་གང་ཡིན་པ་དེ་ལ་ཁྱབ་པ་མ་གྲུབ་པའི་རྒྱུའི་ཕྱིར་རོ། །མེ་དང་འབྲེལ་བས་ན་


DTG187_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བ་ནི་དེ་མེད་ན་མེད་པའི་ཕྱིར་བདག་ཉིད་མེད་པས་མེ་མེད་པ་ལ་ཁྱབ་པ་ཡིན་ནོ། །དེ་བཞིན་དུ་སྲོག་ལ་སོགས་པ་དེའི་བདག་ཉིད་དམ་དེ་ལས་བྱུང་བས་བདག་དང་འབྲེལ་བ་ཡིན་ནོ། །འབྲེལ་པའི་ཡུལ་ཉེ་བར་སྦྱོར་བ་དེ་ལྡོག་ན་ལྡོག་པར་འགྱུར་རོ། །དེ་ལྟར་ན་ཡང་སྲོག་ལ་སོགས་པ་མེད་པས་བདག་མེད་པ་ལ་ཁྱབ་པར་འགྱུར་རོ། །ཡང་ཅིའི་ཕྱིར་བདག་དང་འབྲེལ་བ་གྲུབ་པའི་ཕྱིར་སྲོག་ལ་སོགས་པ་མེད་པ་བདག་མེད་པ་ལ་ཁྱབ་ཀྱི། དེ་ལྟར་མ་ཡིན་པར་མ་ཡིན་ཞེ་ན། གང་གི་སྲོག་ལ་སོགས་པ་མེད་པ་དེ་མེད་དེ་སྲོག་ལ་སོགས་པ་ཡོད་ན་ཁྱབ་པར་བྱ་བ་བདག་མེད་པ་མེད་པར་ཏེ། བདག་གྲུབ་པའི་རྒྱུས་སྲོག་ལ་སོགས་པ་མེད་པས་བདག་མེད་པ་ལ་ཁྱབ་པའི་གཏན་ཚིགས་ཀྱི་ཕྱིར་ཁྱབ་པ་དེ་ཡང་མི་འགྲུབ་པོ། །ཅིའི་ཕྱིར་ཞེ་ན། བདག་མེད་པ་བཟློག་པ་བདག་དང་སྲོག་ལ་སོགས་པ་ལ་འགྲེལ་པ་གྲུབ་པའི་ཕྱིར་རོ། །འབྲེལ་པ་ཡོད་ན་ནི་སྲོག་ལ་སོགས་པ་མེད་པ་མེད་དེ་སྲོག་ལ་སོགས་པ་ཡོད་ན་བདག་མེད་པ་བདག་འགྲུབ་པར་འགྱུར་རོ། །དེ་བས་ན་བདག་མེད་པ་ལ་སྲོག་ལ་སོགས་པ་མེད་པས་ཁྱབ་པའི་ཕྱིར་གྲུབ་པའི་ཡུལ་འབྲེལ་པ་ཡིན་ན་མེད་པ་དག་ཁྱབ་པར་འགྱུར་བ་ཡིན་ནོ། །ཅིའི་ཕྱིར་འབྲེལ་པ་མ་གྲུབ་ཅེ་ན། གང་གི་ཕྱིར་བདག་དང་སྲོག་ལ་སོགས་པ་དེ་དག་གི་འབྲེལ་བ་ནི་དམིགས་པ་དང་མི་དམིགས་པ་དག་ལས་ཤེས་པ་ཡིན་ནོ། །དེ་ལས་ཅིར་འགྱུར་ཞེ་ན། དམིགས་པ་དང་མི་དམིགས་པ་དེ་དག་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་མི་འགྲུབ་བོ། །དམིགས་པ་ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་མི་འགྲུབ་མོད། མི་དམིགས་པ་གོ་ཅི་ལྟར་མེད་ཅེ་ན། རྒྱུ་འབྲས་ཀྱི་དངོས་པོ་ལ་ནི་སྣང་བ་མི་དམིགས་པ་དབང་དུ་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་མེད་དོ་ཞེས་བརྗོད་དོ། །དེ་དེ་ལྟར་གལ་ཏེ་བདག་མེད་པ་འགའ་ཞིག་སྲོག་ལ་སོགས་པ་མེད་པ་དང་ལྡན་པར་མཐོང་བ་དེ་ལྟར་ན་ཡང་ཁྱབ་པར་མེད་དོ་ཞེས་བརྗོད་ནས། ད་ནི་བདག་མེད་པ་ཉིད་མ་གྲུབ་པོ་ཞེས་བརྗོད་པ་ནི་གཞན་ཡང་སྲོག་ལ་སོགས་པ་མེད་པས་ཁྱབ་པར་མཐོང་བའི་བདག་མེད་པ་ཡང་གང་ཡིན། བུམ་པ་ལ་སོགས་པའོ་ཞེ་ན། ཡུལ་ཐ་དད་པ་གཞན་དུ་མཐོང་བ་མེད་པའི་བདག་གང་ཡིན་


DTG187_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་བུམ་པ་ལ་སོགས་པ་སྣང་བ་ལ་མེད་དོ་ཞེས་ག་ལས་ཤེས་པ་ཡིན། དོན་གཞན་ལ་བལྟར་རུང་བའི་དོན་ནི་ཤེས་པ་གཅིག་ལ་འབྲེལ་པ་ཅན་གཟུང་བ་ན་མེད་པར་ངེས་པར་འགྱུར་བ་ཡིན་ནོ། །དེས་ན་བུམ་པ་ལ་སོགས་པ་ལ་ལྡོག་པ་ཤེས་པ་མེད་པ་བདག་གི་ལྡོག་པའི་སྟེ། མེད་པའི་སྲོག་ལ་སོགས་པ་མེད་པས་ཁྱབ་པ་མི་འགྲུབ་བོ། །གང་གི་ཕྱིར་སྲོག་ལ་སོགས་པ་ཡང་མཐོང་བ་ཉིད་ལས་ལ་ལར་ཡོད་པའམ་མེད་པར་རྟོགས་པ་ཡིན་ནོ། །གང་གི་ཕྱིར་མཐོང་བའི་དངོས་པོ་འགའ་ཞིག་ན་ཡོད་པར་རྟོགས་པ་ནི་མཐོང་བ་ཉིད་ལས་ཡིན་ནོ། །ཤེས་པ་གཅིག་ལས་འདྲེ་བ་ཅན་རྟོགས་ན་ཤེས་པ་གཅིག་ལ་འདྲེ་བ་རྟོགས་པའི་དུས་སུ་མེད་པ་རྟོགས་པར་བྱེད་དོ། །གང་ཞིག་ལ་ལར་མཐོང་བས་ཡོད་པར་རྟོགས་པ་དང་ཤེས་པ་གཅིག་ལ་འདྲེ་བ་རྟོགས་པས་མེད་པར་རྟོགས་པར་འགྱུར་བ་བདག་ནི་བལྟར་རུང་བ་དེ་ལྟ་མ་ཡིན་ཏེ། དེའི་ཕྱིར་བདག་དེ་ཡོད་པ་དང་མེད་པར་མི་རྟོགས་སོ། །དེ་བས་ན་སྲོག་ལ་སོགས་པ་དང་བྲལ་བའི་བུམ་པ་ལ་སོགས་པ་ནི་བདག་མེད་པར་མ་གྲུབ་སྟེ། དེས་ན་བདག་མེད་པ་སྲོག་ལ་སོགས་པ་མེད་པས་ཁྱབ་པར་ག་ལ་འགྱུར། གང་ཡང་གལ་ཏེ་གསོན་པོའི་ལུས་བདག་དང་བཅས་པ་མ་ཡིན་ན་དེ་སྲོག་ལ་སོགས་པ་དང་མི་ལྡན་པར་ཐལ་བར་འགྱུར་ཏེ། བདག་མེད་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་ཕ་རོལ་པོས་བརྗོད་པ་དེ་ཡང་སྲོག་ལ་སོགས་པ་དང་བདག་རྒྱུ་དང་འབྲས་བུའི་དངོས་པོ་མེད་པར་མི་འགྲུབ་པོ། །རྒྱུ་དང་འབྲས་བུའི་དངོས་པོར་མ་གྱུར་མོད། བདག་ལྡོག་པ་ན་སྲོག་ལ་སོགས་པ་ལྡོག་པར་གོ་ཇི་ལྟར་མི་འགྱུར་ཞེ་ན། གང་གི་ཕྱིར་རྒྱུ་དང་འབྲས་བུ་མ་ཡིན་པ་གཞན་བཀག་པ་ནི་གོ་བར་བྱེད་པ་མ་ཡིན་ནོ་ཞེས་མི་དམིགས་པར་ཏེ། མི་དམིགས་པའི་སྦྱོར་བ་རྣམས་སུ་སྔར་བཤད་ཟིན་ཏོ། །ཐ་དད་པ་མེད་པ་ཡིན་ན་ནི་ཁྱབ་པར་བྱེད་པ་བཀག་པ་གོ་བར་བྱེད་པ་ཡིན་ནོ། །ཐ་དད་བས་ནི་འབྲས་བུ་བཀག་པ་རྒྱུ་ནུས་པ་ཐོགས་པ་མེད་པ་བཀག་པའི་གོ་བར་བྱེད་པ་ཡིན་པའམ། རྒྱུ་བཀག་པས་འབྲས་བུ་བཀག་པའི་གོ་བྱེད་ཡིན་ནོ། །འདིས་ནི་སྲོག་ལ་སོགས་པ་དང་བདག་ཉིད་གཅིག་པ་ཉིད་མེད་པའི་ཕྱིར་


DTG187_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དང་འབྲས་བུའི་དངོས་པོ་བཙལ་བར་བྱ་བ་ཡིན་ནོ། །བདག་འབྲས་བུ་ནི་མ་ཡིན་ཏེ། རྟག་པའི་ཕྱིར་རོ། །ལྷག་མར་གྱུར་པས་རྒྱུ་ཉིད་ཡིན་གྲང་ན། རྒྱུའི་དངོས་པོ་དེ་བདག་བལྟར་མི་རུང་བའི་ཕྱིར་མི་འགྲུབ་པོ་ཞེས་ལན་ཅིག་མ་ཡིན་པར་བཤད་ཟིན་ཏོ། །བདས་མཐོང་བ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་ལྡོག་པ་མ་གྲུབ་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་མི་འགྲུབ་པོ། གང་ཞིག་མཐོང་ན་གང་མཐོང་ཞིང༌། ནུས་པའི་རྒྱུ་གཞན་དག་ཡོད་ཀྱང་དེ་མེད་པར་མཐོང་བ་དེ་ནི་དེའི་འབྲས་བུ་ཡིན་ན། བདག་མེད་པ་ནི་འགར་ཡང་མཐོང་བ་མེད་དེ་རྟག་པའི་ཕྱིར་རོ། །དེས་ན་བདག་ལྡོག་པ་མེད་པའི་ཕྱིར་རྒྱུའི་དངོས་པོ་མ་ཡིན་ནོ། །གལ་ཏེ་བུམ་པ་ལ་སོགས་པ་བདག་མེད་པ་ལ་སྲོག་ལ་སོགས་པ་མ་མཐོང་བ་དེའི་ཕྱིར་བུམ་པ་ལ་སོགས་པ་ཉིད་ལྡོག་པའི་ཡུལ་ཡིན་ནོ་ཞེ་ན། ནུས་པའི་རྒྱུ་གཞན་ཉེ་བ་མེད་པ་ཅན་རྣམ་པ་དེ་ལྟ་བུའི་ལྡོག་པ་ལ་ནི་རྒྱུའི་ནུས་པ་མི་འགྲུབ་བོ། །འདི་ལྟར་ནུས་པ་གཞན་མེད་པ་ཉིད་ཀྱིས་འབྲས་བུ་མ་སྐྱེས་སམ། འོན་ཏེ་མངོན་པར་འདོད་པ་དེ་མེད་པས་ཞེས་ཐེ་ཚོམ་ཟ་བའི་ཕྱིར་ནུས་པ་མི་འགྲུབ་པོ། །འོ་ན་གང་ལས་ནུས་པ་འགྲུབ་ཅེ་ན། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ནུས་པ་ཤེས་པའི་ནུས་པ་གཞན་དག་ཀྱང་ཡོད་ཀྱང་འབྲས་བུ་མི་སྐྱེ་བས་རྒྱུ་གཞན་ཡོད་པར་སྟོན་པར་བྱེད་དོ་ཞེས་ལན་ཅིག་མ་ཡིན་པར་བཤད་ཟིན་ཏོ། །གལ་ཏེ་དེ་ལྟར་ཡིན་པ་དེ་ལྟ་ན་ཡང་ཅི་ལྟར་བདག་ལྡོག་པ་ནུས་པ་མེད་པ་ཡིན་ཞེ་ན། གང་གི་ཕྱིར་བུམ་པ་ལ་སོགས་པ་ལ་ནི་སྲོག་ལ་སོགས་པའི་རྒྱུ་བློ་ལ་སོགས་པ་ཡང་མེད་ལ། ཁྱེད་མངོན་པར་འདོད་པའི་བདག་ཀྱང་མེད་དོ། །དེ་ལ་ཅི་བདག་མེད་པས་སྲོག་ལ་སོགས་པ་མེད་དམ། འོ་ན་ཏེ་བློ་ལ་སོགས་པ་མེད་པས་ཞེས་ཐེ་ཚོམ་ཟ་སྟེ། དེ་བས་ན་ལྡོག་པ་ནུས་པར་ཐེ་ཚོམ་ཟ་བ་མ་ཡིན་ནོ། །སྲོག་ལ་སོགས་པ་ལ་བློ་ལ་སོགས་པ་རྣམས་ཀྱི་ནུས་པ་གང་ཡིན་པ་དེ་ནི་བདག་ཉིད་ཀྱི་ནུས་པ་མ་ཡིན་ནམ། འདི་ལྟར་འབྲས་བུ་ཉིད་ཀྱི་ཕྱིར་བློ་ལ་སོགས་པ་དག་ཀྱང་བདག་མེད་པ་ལ་མི་འགྱུར་ཏེ། དེའི་ཕྱིར་བརྒྱུད་པས་བདག་ལྡོག་པ་ཡང་ནུས་པ་མ་ཡིན་ནོ་ཞེ་ན། དགག་པའི་ཕྱིར་བཤད་པ། བློ་ལ་སོགས་པ་ནི་བདག་དང་འབྲེལ་པ་མ་ཡིན་ནོ། །ག་ལས་ཤེ་ན།


DTG187_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ལ་སོགས་པ་དེ་ལ་ནི་བདག་ལས་གཞན་ཉིད་ཀྱི་ནུས་པ་མཐོང་བའི་ཕྱིར་རོ། །རེ་ཞིག་བློ་ནི་དབང་པོ་ལ་བརྟེན་པ་དང་ཡིད་ལ་བརྟེན་པའོ། །དེ་ལ་མིག་ལ་སོགས་པའི་བློའི་རྒྱུ་ནི་གང་གི་བདག་ཉིད་ཀྱི་དབང་པོའམ་ཡུལ་ཡིན་ཏེ། དེ་དག་གི་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་བྱེད་པའི་ཕྱིར་རོ། །ནུས་པ་ཉམས་པ་མེད་པའི་རྣམ་པར་ཤེས་པ་སྔ་མ་ཡང་རྒྱུ་ཡིན་ནོ། །ཅི་སྟེ་གཏན་དུ་གནས་པའི་རྣམ་པར་ཤེས་པའི་ལྡོག་པ་མཐོང་བ་མེད་པའི་ཕྱིར་ཅི་ལྟར་ཤེས་པ་ཕྱི་མ་སྐྱེ་བའི་རྒྱུའི་དངོས་པོ་ཡིན་ཞེ་ན། རྣམ་པར་ཤེས་པ་སྔ་མ་དེ་རྣམ་པར་ཤེས་པ་ཕྱི་མའི་གཟུང་བ་ལས་ཡུལ་གཞན་ལ་ཡེངས་ཏེ་ཆགས་སམ། འཁམས་པ་ནི་སྡང་བ་སྟེ་དེ་དག་ལ་སོགས་པ་གཉིད་ལོག་པ་དང་སྨྱོ་བ་དང་རྨུགས་པ་ལ་སོགས་པ་གང་ཡིན་པར་གྱུར་ན། རྣམ་པར་ཤེས་པ་ཕྱི་མ་གང་ཡིན་པ་དེ་ནི་མི་སྐྱེ་བ་དང༌། མདོ་མདོར་རྣམ་པར་ཆད་པར་འཆོལ་བ་ཉིད་དང༌། སོགས་པ་སྨོས་པས་མི་གསལ་བ་ཉིད་དེ་དེ་ལྟར་མཐོང་བའི་ཕྱིར་སྔ་མ་རྒྱུ་ཡིན་ནོ། །རྣམ་པར་ཤེས་པ་སྔ་མ་ནུས་པ་ཉམས་ན་དོན་གཞན་གྱི་ཡུལ་ཅན་ཕྱི་མ་མི་སྐྱེ་བ་ཉིད་དམ། བར་དང་བཅས་པ་དང་བར་མེད་པ་འཆོལ་བ་དང༌། མི་གསལ་བར་སྣང་བ་སྐྱེ་བ་ཡིན་ནོ། །འདི་ལྟར་ཡིད་གཞན་ལ་ཆགས་པ་ན་མིག་དང་རྣ་བ་གཏད་ཀྱང་ཡུལ་གང་ན་གནས་པའི་གཟུགས་དང་སྒྲ་ཅི་འདྲ་བ་ཞིག་ལན་ཅིག་མ་ཡིན་པར་རང་གི་རྣམ་པར་ཤེས་པ་སྐྱེད་པར་རུང་བར་མཐོང་བའི་ཡུལ་དེ་ན་གནས་པ་དེ་དག་ཉིད་རྣམ་པར་ཤེས་པ་མི་སྐྱེད་དེ། །དོན་གཞན་ལ་ཡིད་ཆགས་པ་དང་ཉམས་པར་གྱུར་ན་རོ་དང་དྲི་དང་རེག་བྱ་དག་གི་དབང་པོ་དང་ཕྲད་ནས་གཟུང་བར་བྱ་བ་ཡིན་པའི་ཕྱིར་མི་གསལ་བར་འཛིན་ཏོ། །ཁྱད་པར་གྱི་རྗེས་སུ་བྱེད་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ཏེ། ཞིང་དང་མྱུ་གུ་གཉིས་ལྟ་བུའམ། ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་ཕྱིར་ས་བོན་དང་མྱུ་གུ་གཉིས་བཞིན་ནོ། །གཉི་ག་གཟུང་བའི་ཕྱིར་མི་སྐྱེ་བ་དང་འཆོལ་བ་སྨོས་སོ། །གང་གི་ཚེ་དེ་དག་ཀྱང་ཤིན་ཏུ་ཉེ་བ་ན་འདུག་པར་འགྱུར་བ་དེའི་ཚེ་སྔར་མཐོང་བའི་དུས་བཞིན་དུ་མི་གསལ་བར་


DTG187_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བར་བྱེད་དོ། །མི་གསལ་བར་མྱོང་བ་ནི་རྣམ་པར་ཕྱེ་བར་ངེས་པ་མེད་པའི་ཕྱིར་ཡིན་ན་བར་དང་བཅས་པ་དང་བར་མེད་པ་གོ་ཅི་ལྟར་ཞེ་ན། ཡོད་པའི་དངོས་པོ་ཉེ་བར་གནས་པ་ཉིད་ལ་ཡིད་གཞན་ལ་ཆགས་པའམ། ཡིད་ཉམས་པ་མེད་དེ་མདོར་རྣམ་པར་ཕྱེ་པའི་ངེས་པ་སྐྱེ་བ་སྟེ་གཏན་དུ་ནི་མ་ཡིན་ནོ། །འདི་ལྟར་དགོས་པ་གང་ཞིག་གི་དབང་གིས་རིངས་པར་འགྲོ་བ། གཟུགས་ལ་སོགས་པ་མིག་ལ་སོགས་པ་ལ་སྣང་བར་གྱུར་ཀྱང་རྣམ་པར་ཕྱེད་པ་མེད་པར་འགྱུར་རོ། །འདི་ལྟར་བདག་གིས་ཅི་ཞིག་ཅིག་མཐོང་ཡང་དེ་ཅི་ཡིན་ཞེས་རྣམ་པར་ཕྱེ་བ་ནི་མེད་དོ་ཞེས་སྨྲ་བར་གྱུར་པ་ཡིན་ནོ། །དེ་བཞིན་དུ་གཉིད་ལ་སོགས་པའི་གནས་སྐབས་སུ་ཡུལ་ཉེ་ཡང་རྣམ་པར་ཤེས་པ་མི་སྐྱེ་སྟེ། འདི་ལྟར་གཉིད་ལོག་ན་མིག་ཕྱེ་ཞིང་གཟུགས་ཀྱང་མིག་ལ་མངོན་དུ་ཕྱོགས་པ་དང༌། རྣ་བ་ལ་སྒྲ་ཉེ་བར་འགྱུར་བ་དང༌། ཤིན་ཏུ་བསུང་བའི་དྲི་སྣ་ལ་བདུག་པ་དང༌། རེག་བྱ་ཉེ་བར་གནས་པ་དང༌། རོ་ཁར་བཅུག་པ་ཡིན་ཡང་ཅི་ལྟ་ཅི་ལྟ་བུའི་དེ་ལ་དམིགས་པའི་ཤེས་པ་གཉིད་ལོག་པ་ལ་མི་སྐྱེའོ། །དེའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ནི་ནུས་པ་ཉམས་པ་མེད་པའི་རྣམ་པར་ཤེས་པ་སྔ་མའི་རྗེས་སུ་འགྲོ་པར་རྗེས་སུ་རྟོགས་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་ཡང་ནུས་པ་ཉམས་པ་མེད་པའི་རྣམ་པར་ཤེས་པ་སྔ་མ་ཡིན་ཏེ། དེའི་ཁྱད་པར་གྱི་རྗེས་སུ་བྱེད་པའི་ཕྱིར་རོ། །འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྣམ་པ་དུ་མ་སྟེ། ཉམས་སུ་མྱོང་བ་ཙམ་ལ་རྣམ་པར་རྟོག་པའི་རང་བཞིན་དང༌། ལ་ལ་ནི་མངོན་པར་འདོད་པའི་རང་བཞིན། ལ་ལ་ནི་བསྟན་བཅོས་ཀྱི་དོན་སེམས་པ་ལ་སོགས་པའི་བདག་ཉིད་ཅན་ནོ། །དེ་ལ་ཉམས་སུ་མྱོང་བ་རྣམ་པར་རྟོག་པའི་བདག་ཉིད་ཅན་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ཉམས་སུ་མྱོང་བའི་ཤེས་པ་ལས་དངོས་སུ་རྣམ་པ་བླངས་པར་མཐོང་བ་ཡིན་པས་དེའི་འབྲས་བུ་ཡིན་ནོ། །མངོན་པར་འདོད་པའི་བདག་ཉིད་ཅན་ནི། ཕལ་ཆེར་འབད་རྩོལ་ཅན་ལས་བྱུང་བར་མཐོང་བས་འབད་རྩོལ་གྱི་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་བྱེད་པ་ཅན་དེའི་འབྲས་བུ་ཡིན་ནོ། །བསྟན་བཅོས་ལ་སོགས་


DTG187_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པ་སེམས་པའི་ཤེས་པ་ནི་འདོད་པས་སྐྱེ་བ་དང་གནས་པ་དང་ལྡོག་པའི་ཕྱིར་སྐྱེ་བ་དང་གནས་པ་དང་ལྡོག་པ་ལ་འདོད་པ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཅན་དེའི་འབྲས་བུ་ཡིན་ནོ། །རྣམ་པར་རྟོག་པའི་རྣམ་པ་ནི་གཉིད་ལོག་པ་དང༌། སད་པའི་གནས་སྐབས་སུ་དངོས་སམ་བརྒྱུད་ནས་ཉམས་སུ་མྱོང་བའི་ཤེས་པའི་རྗེས་སུ་བྱེད་པ་ཅན་ནོ། །དེ་བཞིན་དུ་བསྟན་བཅོས་ཀྱི་དོན་རྣམ་པར་རྟོག་པ་ལ་སོགས་པ་རྣམས་ཀྱང་སྔར་གོམས་པའི་ཤེས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་གསལ་བར་སྣང་བ་ཉིད་དོ། །འདོད་པ་དང་མི་འདོད་པའི་རྣམ་པར་རྟོག་པ་འཕེལ་བ་དང༌། འདོད་ཆགས་དང་ཞེ་སྡང་འཕེལ་བ་ཡང་གོམས་པ་ཉིད་ལས་ཡིན་ནོ། །དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་ནི་ནུས་པ་ཉམས་པ་མེད་པའི་རྣམ་པར་ཤེས་པ་སྔ་མ་སྔ་མ་ལ་རག་ལས་ཏེ་སྐྱེ་བ་ཡིན་ནོ། །དེ་བཞིན་དུ་དབང་པོ་ལ་སོགས་པའི་ཉེ་བར་ལེན་པའི་རྒྱུ་ཡང་སྐལ་བ་མཉམ་པ་སྟེ། འདྲ་བའི་གནས་སྐབས་ཀྱི་ཁྱད་པར་སྔ་མ་སྔ་མ་ཡིན་ནོ། །རྣམ་པར་ཤེས་པ་གཅིག་ལས་ནི་ཉེ་བར་ལེན་པ་ལས་བྱུང་བ་རྟོགས་པའི་རང་བཞིན་དང༌། རྟོགས་པའི་རང་བཞིན་མ་ཡིན་པ་སྐྱེ་བ་མེད་དོ་ཞེས། དེ་དང་དེ་མིན་རང་བཞིན་དངོས་ཞེས་བྱ་བ་དེར་བཤད་ཟིན་ཏོ། །དེ་བས་ན་མངལ་ཡོངས་སུ་བཟུང་བ་ནས་བརྩམས་ཏེ། རྗེས་སུ་མཐུན་པའི་ཁྱད་པར་ནི་ཉེ་བར་ལེན་པའི་རྒྱུ་ཡིན་ལ། བློ་ནི་རྐྱེན་ཡིན་ནོ། །ཅི་ལྟར་བློ་རྐྱེན་ཡིན། གང་གི་ཕྱིར་བློ་ལྡོག་སྟེ། བློ་མེད་ན་ལུས་མེད་པ་མ་ཡིན་ནོ། །རྗེས་སུ་འགྲོ་བ་འབའ་ཞིག་གིས་ནི་རྒྱུ་འབྲས་བུའི་དངོས་པོ་མ་ཡིན་ནོ་ཞེ་ན། བརྗོད་པ། ལུས་ཀྱི་བྱེད་པ་ནི་རྣམ་པར་ཤེས་པ་དང་འབྲེལ་པས་འཇུག་པ་དང་ལྡོག་པ་ཡིན་ནོ། །བློས་བྱས་པའི་གཡོ་བའི་ཁྱད་པར་འགའ་ཞིག་དང་བྲལ་བའི་ལུས་ནི་ནམ་ཡང་མེད་དོ། །དེས་ན་བྱེད་པའི་ཚོགས་དང་བཅས་པའི་ལུས་ནི་བློས་བྱས་པའི་སྤྱོད་པ་འགའ་ཞིག་དང་ལྡན་པ་ཡིན་ནོ། །དེ་ཡང་བློའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་བློ་ཅན་ཡིན་པར་འགྲུབ་བོ། །བྱེད་པའི་ཚོགས་དང་ལྡན་པའི་ལུས་ནི་ཡིད་ཀྱི་


DTG187_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པའི་རྐྱེན་མ་ཡིན་ཏེ། གང་གི་ཕྱིར་རྣམ་པར་ཤེས་པ་ནི་ལུས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མ་ཡིན་ནོ། །ཅི་ལྟར་རྗེས་སུ་བྱེད་པ་མ་ཡིན་ཏེ། གང་གི་ཚེ་ལུས་མེད་པ་རྩིག་པ་ལ་སོགས་པ་ལ་རྣམ་པར་ཤེས་པ་མེད་དོ་ཞེ་ན། དེ་ལ་ཡང་རྣམ་པར་ཤེས་པ་ཐེ་ཚོམ་ཟ་བ་མ་ཡིན་ནམ། རྣམ་པར་ཤེས་པ་ཡོད་ན་ཅི་ལྟར་རྩིག་པ་ཡོངས་སུ་གཡོ་བར་མི་བྱེད་ཅེ་ན། མི་ནུས་པའི་ཕྱིར་ཏེ། མེད་པའི་ཕྱིར་ནི་མ་ཡིན་ནོ། །དེ་བས་ན་རྩིག་པ་ལ་སོགས་པ་ལ་བློ་ལྡོག་པར་ཐེ་ཚོམ་ཟའོ། །དེ་ཞིང་ལ་ས་བོན་ལྟར་ལུས་ཀྱི་ཁྱད་པར་གྱི་རྗེས་སུ་བྱེད་པ་ཡང་མ་ཡིན་ནོ། །གལ་ཏེ་ལུས་རྒྱས་པ་ལ་སོགས་པས་འདོད་ཆགས་ལ་སོགས་པ་འཕེལ་བར་མཐོང་བའི་ཕྱིར་ཡིད་ཀྱི་བློ་དེའི་ཁྱད་པར་རྗེས་སུ་བྱེད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། གང་གི་ཕྱིར་འདོད་ཆགས་དང་སྡང་བ་ནི་ཡིད་བདེ་བ་དང་ཡིད་མི་བདེ་བ་མེད་པར་མ་ཡིན་ནོ། །དེ་གཉིས་ཀྱང་བདེ་བ་མྱོང་བར་འགྱུར་བ་དང༌། སྡུག་བསྔལ་མྱོང་བར་འགྱུར་བའི་རྣམ་པར་རྟོག་པ་མེད་པར་མི་འགྱུར་ལ། དེ་ཡང་ལུས་ཀྱིས་བྱས་པ་ལུས་ཀྱིས་མྱོང་བ་མེད་པར་མ་ཡིན་ནོ། །དེས་ན་ནང་གི་རེག་པའི་ཁྱད་པར་ཉམས་སུ་མྱོང་བ་ལས་བདེ་བ་མྱོང་བར་འགྱུར་བ་རྣམ་པར་རྟོག་པ་ཡིན་ལ། དེ་ལས་ཀྱང་ཡིད་བདེ་བ་ལ་སོགས་པ་དང་ལྡན་པས་འདོད་ཆགས་ལ་སོགས་པ་འབྱུང་ངོ༌། །དེ་བས་ན་ལུས་ཉམས་སུ་མྱོང་བའི་ཤེས་པའི་ཡུལ་དུ་གྱུར་པ་ན་བག་ཆགས་སད་པའི་རྒྱུ་ཡིན་གྱི། དངོས་སུ་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་ནི་མ་ཡིན་ནོ། །མིག་བཞིན་དུ་གཞན་དུ་མི་འཐད་པས་ཀྱང་ལུས་རྒྱུ་མ་ཡིན་ནོ། །གཞན་ཡང་ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པའི་བྱེ་བྲག་གི་ཉམས་སུ་མྱོང་བ་ལས་ཡིན་ལ། གསལ་བ་ཉིད་དང༌། འདོད་པ་ཉིད་དང༌། འདོད་ཆགས་ལ་སོགས་པ་ནི་གོམས་པ་ལས་ཡིན་ཞིང་རྟོགས་པའི་རང་བཞིན་ཉིད་ནི་དེ་མ་ཐག་པའི་རྐྱེན་ལས་ཡིན་ན། དེ་ལས་ཁྱད་པར་གང་ཞིག་སྒྲུབ་པས་ལུས་རྒྱུ་ཡིན་པར་འགྱུར། །དེ་ལྟར་ན་དབང་པོ་མ་ཡིན་པའི་ལུས་ནི་རྒྱུ་མ་ཡིན་ནོ། །དབང་པོའི་ཚོགས་ཀྱང་ཡིན་གྱི་རྣམ་པར་ཤེས་པའི་རྒྱུ་མ་ཡིན་


DTG187_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གསལ་བར་སྣང་བ་ཉིད་དང༌། ཡུལ་ཅན་ཉིད་དུ་ཐལ་བའི་ཕྱིར་རོ། །དབང་བོ་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པ་རེ་རེའི་རྒྱུ་ཡིན་ན། ངེས་པ་མེད་པར་འགྱུར་ན་གསལ་བར་སྣང་བ་གོ་ཅི་ལྟར་ཡིན། །གལ་ཏེ་རྣམ་པ་ཐམས་ཅད་དང་ལྡན་པའི་ཤེས་པ་དབང་པོ་རེ་རེས་བྱེད་ནུས་ན་དབང་པོ་ལྔར་རྟོག་པ་དོན་མེད་དོ། །དེའི་ཕྱིར་ཡིད་ཀྱི་བློ་ཉིད་ལུས་ཀྱི་རྒྱུ་ཡིན་གྱི། ལུས་ནི་ཡིད་ཀྱི་བློའི་མ་ཡིན་ནོ། །རྒྱུའི་ཚོགས་དེ་ཙམ་དང་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བརྟེན་པ་ཡིན་པ་དེའི་ཕྱིར་དེའི་ཕྱིར་དེ་ཉིད་གྲུབ་པའི་རྒྱུ་ཡིན་གྱི་བདག་ནི་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་རྗེས་སུ་བྱས་པའི་རྒྱུའི་ཚོགས་ལས་གཞན་རྟག་ན་ནི་དེ་ལས་རྒྱུ་གཞན་བརྟག་པར་བྱ་ཞིང་དེ་ལས་ཀྱང་གཞན་ཡིན་པའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །བཤད་ཟིན་པའི་དོན་སྡུད་པ་ནི་རྒྱུའི་ཚོགས་གང་ཞིག་ཡོད་ན་གང་འགྱུར་ཉིད་དེ། ནམ་ཡང་མི་འགྱུར་བ་མ་ཡིན་པའི་རྒྱུའི་ཚོགས་དེ་ལས་གཞན་པ་ཡང་དེའི་རྒྱུར་རྟོགས་པ་ཡིན་ན། བསྐྱེད་པར་བྱ་བའི་དངོས་པོ་ཐམས་ཅད་ལ་རྒྱུ་རྣམས་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །གཞན་ཡང་ཁྱོད་ཀྱིས་མཉན་བྱ་ཉིད་ལ་སོགས་པ་དང་ལྡན་པ་ཁྱད་པར་དུ་འགྱུར་བ་ལ་བརྟེན་ནས་ལྡོག་པ་འཁྲུལ་པ་མེད་པ་ཅན་དུ་བརྗོད་པ་ཡིན་ན་མཉན་བྱ་ཉིད་ལས་འདི་ཁྱད་པར་ནི་ཅི་ཡང་མེད་དོ། །གང་གི་ཕྱིར་སྲོག་ལ་སོགས་པ་མཉན་བྱ་ཉིད་དང་འཁྲུལ་བར་ཡང་མཚུངས་སོ། །ཅི་ལྟར་ན་མཉན་བྱ་ཉིད་མཐུན་པའི་ཕྱོགས་ལས་ལྡོག་པ་ཡོད་པས་འཁྲུལ་བ་དེ་བཞིན་དུ་སྲོག་ལ་སོགས་པའི་ལྡོག་པ་ཡང་མཐུན་པའི་ཕྱོགས་ལ་འཇུག་པས་འཁྲུལ་པ་ཅན་ཡིན་ནོ། །གཞན་གྱིས་སྨྲས་པ། མཚུངས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མཉན་བྱ་ཉིད་དེའི་ལྡོག་པ་འཁྲུལ་པའི་ཕྱིར་རོ། །ཁྱད་མ་མཐོང་ནས་ཅི་ལྟར་ཞེས་གསུངས་སོ། །གཞན་གྱིས་སྨྲས་པ། གང་གི་ཕྱིར་མཉན་བྱ་ཉིད་དེ་ནི་མཐུན་པའི་ཕྱོགས་མ་ཡིན་པ་ཁོ་ན་ལས་ལྡོག་པ་མ་ཡིན་གྱི། འོན་ཀྱང་བུམ་པ་ལ་སོགས་པ་མཐུན་པའི་ཕྱོགས་ལས་ཀྱང་ཡིན་པ་དེའི་ཕྱིར་འཁྲུལ་པ་ཡིན་ནོ། །དོན་འདི་ཉིད་ཁས་བླངས་ནས་བཤད་པ། ཁྱད་ཀྱིས་ད་སྐད་བརྗོད་པ་དེ་ནི་མཉན་བྱ་ཉིད་འདི་


DTG187_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་ཕྱོགས་ལ་འཇུག་པ་ཡོད་པ་མེད་པར་བརྗོད་པ་མ་ཡིན་ནམ། མཐུན་པའི་ཕྱོགས་ལ་འཇུག་པ་མེད་པ་དེ་ནི་གཞན་སྲོག་ལ་སོགས་པ་ལ་ཡང་མཚུངས་པའི་ཕྱིར་ཅི་ལྟར་གྲོག་ལ་སོགས་པ་མཉན་བྱ་ཉིད་དང་མི་མཚུངས། གཉི་ག་ཡང་མཐུན་པའི་ཕྱོགས་ལ་འཇུག་པ་མེད་པས་ལྡོག་པ་འཁྲུལ་པའི་ཕྱིར་མཚུངས་སོ། །གཞན་ཡང་སྲོག་ལ་སོགས་པ་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་མེད་དོ་ཞེས་བརྗོད་པས་ནི་སྲོག་ལ་སོགས་པ་འདི་མཐུན་པའི་ཕྱོགས་ལ་ཡོད་པར་བརྗོད་པ་ཡིན་ནོ། །འདི་ག་ལས་ཤེ་ན། དགག་པ་གཉིས་ཀྱི་རྣམ་ལ་སྟེ། དགག་པ་དང་པོའི་བསྒྲུབ་པ་རྟོགས་པའི་ཕྱིར་རོ། །འདི་ལ་མེད་དོ་ཞེས་དང་པོས་ཡོད་པ་དགག་པར་བྱ་བ་ཡིན་ནོ། །དགག་པ་དེ་མཐུན་པའི་ཕྱོགས་ལ་ཡང་ཐལ་བས་མཐུན་པའི་ཕྱོགས་མ་ཡིན་པའི་ཚིག་གིས་ཡང་འགོག་པ་ཡིན་ནོ། །དགག་པ་བཀག་ན་ནི་རྣལ་མ་ཡོད་པ་ཉིད་གོ་བར་འགྱུར་ཏེ། འདི་ནི་ལྷ་སྦྱིན་མ་ཡིན་པ་མ་ཡིན་ནོ་ཞེས་བརྗོད་ན་ལྟ་སྦྱིན་རྣལ་མ་རྟོགས་པ་བཞིན་ནོ། །གལ་ཏེ་འདིར་མཐུན་པའི་ཕྱོགས་མེད་པ་ལ་ཡོད་པ་དགག་པ་སྒྲུབ་པ་མ་ཡིན་ནམ། དེ་ཅི་ལྟར་མཐུན་པའི་ཕྱོགས་ལ་ཡོད་པར་འགྱུར་ཞེ་ན། བཤད་པ། དེ་ལྟ་མ་ཡིན་ཏེ། གལ་ཏེ་མཐུན་པའི་ཕྱོགས་ལ་ཡོད་པ་སྒྲུབ་པར་མི་འདོད་ན་དེའི་ཚེ་རྣམ་པར་བཅད་པར་བྱ་བ་མེད་པའི་ཕྱིར་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ལ་མེད་པ་ཞེས་ཉིད་ཀྱིས་སྒྲ་ངེས་པར་གཟུང་བའི་འབྲས་བུ་ཅིར་འགྱུར་ཏེ་ཅིར་ཡང་མི་འགྱུར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། དགག་པ་གཉིས་ཀྱིས་མཐུན་པའི་ཕྱོགས་ལ་ཡོད་བར་འགྱུར་བ་འབའ་ཞིག་ཏུ་ནི་མ་ཟད་ཀྱི། འོན་ཀྱང་ངེས་པར་གཟུང་བ་དང་བཅས་པས་ཀྱང་ཡིན་ནོ་ཞེས་སོ། །འོ་ན་ངེས་པར་གཟུང་བར་མི་བྱའོ་ཞེ་ན། བཤད་པ། ངེས་པར་གཟུང་བ་མེད་ན་ནི་མི་མཐུན་པའི་ཕྱོགས་ལ་མེད་པར་མ་བརྗོད་པར་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ལྡོག་པ་མི་འཁྲུལ་པར་མི་འགྱུར་བའི་ཕྱིར་གདོན་མི་ཟ་བར་ངེས་པར་གཟུང་བར་བྱ་དགོས་སོ། །དེ་ལྟ་ཡིན་དང་མཐུན་པའི་ཕྱོགས་ལ་ཡོད་པར་བརྗོད་པ་ཉིད་དོ། །གང་གི་ཕྱིར་ངེས་པར་གཟུང་བའི་འབྲས་བུ་རྣམ་པར་བཅད་པ་ཡིན་པ་དེ་ཉིད་


DTG187_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱིར་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ། མཐུན་པའི་ཕྱོགས་མ་ཡིན་བ་ཉིད་ལ་མེད་པ་ཞེས་ངག་གི་དོན་དཔེ་དག་གིས་རྟོགས་པར་བྱ་བ་ཡིན་པས་ཆོས་མཐུན་བ་དང་ཆོས་མི་མཐུན་བའི་དཔེ་འདི་གཉིས་ལས་གང་ཡང་རུང་བས་རྗེས་སུ་འགྲོ་བ་དང་ལྡོག་པ་གཉི་ག་བསྟན་པར་སློབ་དཔོན་ཕྱོགས་ཀྱི་གླང་བོས་བརྗོད་དོ། །བསྒྲུབ་པ་ལ་ངེས་པར་གཟུང་བས་དགག་པ་འཕེན་ལ་དགག་པ་ངེས་པར་གཟུང་བས་ཀྱང་སྒྲུབ་པ་འཕེན་ཏེ། ངེས་བར་གཟུང་བ་ནི་གཉི་གའི་རང་བཞིན་ཡིན་བའི་ཕྱིར་རོ། །གང་གི་ཕྱིར་ངེས་པར་གཟུང་བ་དང་བཅས་པའི་ལྡོག་བས་སྒྲུབ་པ་འཕེན་པ་དེའི་ཕྱིར་ལྡོག་པ་མི་འཁྲུལ་པ་འདི་འདྲ་བ་ནི་རྗེས་སུ་འགྲོ་བ་མེད་བར་མི་འགྲུབ་བོ། །གང་ཞིག་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་པ་དེ་ནི་མཐུན་པའི་ཕྱོགས་ལས་ལྡོག་པ་ཡིན་ཏེ། ཡོད་བ་བཀག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་ཅི་ལྟར་མཐུན་བའི་མེད་པ་ལ་ངེས་པར་འགྱུར། དེས་ན་འཁྲུལ་པ་མེད་པ་འདི་འདྲ་བ་གྲུབ་ན་ནི་དོན་གྱི་ཤུགས་ཀྱིས་རྗེས་སུ་འགྲོ་བ་སྒྲུབ་བར་བྱེད་དོ། །ག་ལས་ཤེ་ན། དགག་པ་ནི་ལྡོག་པ་ཡིན་ལ་དགག་པ་དེ་བཀག་པ་ནི་སྒྲུབ་པའི་རང་བཞིན་ཡིན་ཏེ། གཏན་ཚིགས་དེའི་ཕྱིར་ལྡོག་པ་བཀག་པ་ན་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་འགུགས་པར་བྱེད་དོ། །འདི་སྙམ་དུ་མཐུན་པའི་ཕྱོགས་མེད་པ་ལས་གཏན་ཚིགས་ལྡོག་པ་ནི་མེད་དེ། མེད་པ་ལ་ནི་འབྱུང་ཁུངས་ལ་སོགས་པའི་ནུས་བ་མེད་དོ་ཞེས་ལན་ཅིག་མ་ཡིན་པར་བརྗོད་དོ། །དེའི་ཕྱིར་སྲོག་ལ་སོགས་པ་ནི་མཐུན་བའི་ཕྱོགས་མ་ཡིན་པ་བདག་མེད་པ་ཡོད་བ་ཉིད་ལ་མེད་པ་ཡིན་ནོ། །གཞན་གྱིས་ནི་བདག་དང་བཅས་པ་འགའ་ཡང་མི་འདོད་པ་དེས་ན་མཐུན་པའི་ཕྱོགས་མེད་པ་ཡིན་ནོ་སྙམ་ན། གལ་ཏེ་དེ་ལྟ་ན་མེད་པ་ལས་ལྡོག་པ་མེད་ཅེས་སྨྲས་ན་ལྡོག་པ་དེ་ཉིད་མེད་པ་ལས་ལྡོག་པར་ཅི་ལྟར་འདོད། །ཅི་ལྟར་ལྡོག་པའི་མཚམས་མ་ཡིན་པ་བཞིན་དུ་ལྡོག་པའི་ལྡོག་པ་ཡང་མ་ཡིན་ནོ། །གཞན་ཡང་གང་གི་ཕྱིར་མེད་བ་བཀག་པ་ཡོད་པ་དེ་ནི་དངོས་བོ་མེད་པའི་མེད་པ་ལ་ཡང་ཡོད་ལ་དངོས་པོ་བཀག་པ་ལྡོག་པ་ཙམ་ནི་མེད་དོ་ཞེས་བརྗོད་པ་ནི་ལྷ་རྣམས་དགའ་བ་སྟེ།


DTG187_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པ་རྣམས་དགའ་བ་ཁྱེད་ཤེས་རབ་འཁྲུལ་པ་མེད་པ་ཡིན་ནོ། །འདི་ནི་དེའི་ཤེས་རབ་འཁྲུལ་པ་མེད་པ་གཞན་ཡིན་ཏེ། ཡུལ་དེ་ལ་དགག་པ་མི་འདོད་བ་དང༌། ཡོད་པ་མ་ཡིན་པ་དང་དངོས་པོ་མེད་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེའི་ཡུལ་ཅན་གྱི་སྒྲ་ཡང་སྦྱོར་བ་གང་ཡིན་པའོ། །གང་ཞིག་བློས་བརྟགས་པར་ནུས་པ་དེ་ནི་སྒྲས་བརྗོད་བར་བྱ་བ་ཡིན་ལ། བརྗོད་པར་བྱ་བ་གང་ཡིན་བ་དེ་ནི་སྒྲའི་ཐ་སྙད་ཀྱིས་ཟིན་པ་འབྱུང་ཁུངས་ལ་སོགས་པའི་ནུས་པ་དང་ལྡན་པ་ཡིན་པའི་ཕྱིར་ཅི་ལྟར་དེ་ལ་སྒྲ་ཡང་སྦྱོར་བ་དང་འབྱུང་ཁུངས་ལ་སོགས་པའི་ནུས་པ་མེད་པའི་ཕྱིར་དེ་ལ་མེད་པ་ཉིད་ཀྱང་ཟློག་པར་བྱེད། དེའི་ཕྱིར་དེ་ལྟར་གལ་ཏེ་མེད་པ་ལྡོག་པའི་གཞི་མ་ཡིན་ན་ལྡོག་པའི་གཞི་ཡང་མ་ཡིན་ནོ། །དེ་བཞིན་དུ་མེད་པ་བཀག་ན་ཡང་ཡོད་བསྒྲུབ་པར་འགྱུར་ན། དེ་ཡང་མི་རིགས་པ་དང༌། དེ་བཞིན་དུ་གཞི་ལ་སོགས་པ་དང་མི་ལྡན་བའི་ཕྱིར་སྒྲས་བརྗོད་པར་བྱ་བར་ཡང་མི་འགྱུར་རོ་ཞེས་སྐྱོན་གསུམ་བརྗོད་དོ། །དེའི་སྤྲོས་པ་དང་ཉེ་བར་སྤྲོས་པའི་དོན་གང་ཡིན་པ་དེ་ཐམས་ཅད་ནི་མེད་པ་ལ་མེད་པ་ཞེས་ཚུལ་གསུམ་པ་མེད་པ་བཤད་པ་ཆེད་དུ་བྱས་པས་བསལ་ཟིན་ཏེ། དེས་ན་འདིར་ཡང་མི་དཔྱད་དོ། །གཞན་ཡང་བདག་མེད་ན་ལྡོག་པར་མི་འགྱུར་མོད། བདག་མེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདག་ཡོད་པའི་སྒྲུབ་བྱེད་འཇུག་པའི་ཕྱིར་རོ། །བསལ་བའི་ཕྱོགས་གང་ཡིན་པ་དེ་ལ་ནི་སྒྲུབ་བྱེད་འཇུག་པ་མ་ཡིན་ནོ། །དེས་ན་བདག་གྲུབ་པའི་ཕྱིར་གཏན་ཚིགས་སྦྱོར་བས་ན་མེད་པ་མ་ཡིན་གྱི་ཐེ་ཚོམ་དུ་འགྱུར་རོ། །ཁོ་བོ་ཅག་བདག་མེད་པ་ནི་མ་ཡིན་གྱི། འོན་ཀྱང་གཞན་གྱིས་བདག་དེ་ལྟར་མེད་པས་ཁས་བླངས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གཞན་གྱིས་དེ་ལྟར་མེད་པར་ཁས་བླངས་པ་དེའི་ཕྱིར་ན་ཁས་བླངས་པ་ཚད་མ་མ་ཡིན་པ་དེ་ལས་དེ་ལྟར་མེད་པར་འགྱུར་བ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་གྱིས་ནི་གསོན་པོའི་ལུས་ཀྱང་བདག་མེད་པར་ཁས་བླངས་པ་དེས་ན་དེ་བཞིན་དུ་འགྱུར་བས་ཁྱེད་ཀྱི་སྒྲུབ་བྱེད་དོན་མེད་དོ་ཞེས་བྱ་བ་ནི་ཧ་ཅང་ཐལ་བའོ། །གང་ཞིག་ཁོ་བོ་ཅག་གིས་བདག་མེད་པར་འདོད་པ་དེ་ཉིད་ལ་


DTG187_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་ཁས་བླངས་པ་ཚད་མ་ཡིན་གྱི། གཞན་ལ་ནི་ངེད་ཀྱི་ཚད་མས་གཞན་གྱིས་ཁས་བླངས་པ་གནོད་པར་བྱ་བའི་ཕྱིར་ཚད་མ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཁས་བླངས་པའི་སྟོབས་ཀྱིས་མཐུན་པའི་ཕྱོགས་མེད་བ་དང༌། མི་མཐུན་པའི་ཕྱོགས་ཡོད་པར་བྱས་ནས་མཐུན་པའི་ཕྱོགས་མེད་པ་ལ་ནི་ལྡོག་ཅིང༌། མི་མཐུན་པའི་ཕྱོགས་ཡོད་བ་ལས་ལྡོག་པའི་ཕྱིར་རོ། །ལྡོག་པ་གཅིག་ཏུ་ངེས་པར་བརྟགས་ཏེ་ཁྱོད་ཀྱིས་སྒྲུབ་བྱེད་འཇུག་པར་བྱེད་པ་ཡིན་ན། ཁས་བླངས་པའི་སྟོབས་ཀྱིས་མཐུན་པའི་ཕྱོགས་དང༌། མི་མཐུན་པའི་ཕྱོགས་རྣམ་པར་གཞག་ནས་ཚད་མ་འཇུག་པ་ནི་མ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་ཚད་མ་འཇུག་པ་ནི་བདག་ལུང་གིས་གྲུབ་པར་འགྱུར་རོ། །མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཁས་བླངས་པས་བྱས་ན་བསྒྲུབ་བྱ་ལ་མི་འཁྲུལ་བ་ཡང་ཁས་བླངས་པར་བྱས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པས་གྲུབ་པ་ནི་མ་ཡིན་ནོ། །དེའི་ཕྱིར་གཞན་གྱིས་ཁས་བླངས་བས་མཐུན་པའི་ཕྱོགས་མེད་པ་ནི་མ་ཡིན་ནོ། །དེ་བས་ན་རེ་ཞིག་མཐུན་པའི་ཕྱོགས་མེད་པ་ལས་ཀྱང་ལྡོག་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །བདག་ཐེ་ཚོམ་ཟ་བ་དེའི་ཕྱིར་མཐུན་པའི་ཕྱོགས་མེད་པ་ལས་ལྡོག་པ་མེད་ཀྱང་སྲོག་ལ་སོགས་པར་ལྡོག་པར་ཐེ་ཚོམ་ཟ་བར་འགྱུར་རོ། །གང་གི་ཕྱིར་མཐུན་པའི་ཕྱོགས་ལས་ལྡོག་པར་ཐེ་ཚོམ་ཟ་བ་དེ་ཉིད་ཀྱི་ཕྱིར་མི་མཐུན་པའི་ཕྱོགས་ལས་ཀྱང་ལྡོག་པར་ཐེ་ཚོམ་ཟའོ། །འདི་ག་ལས་ཤེ་ན། གང་གི་ཕྱིར་དངོས་པོའི་ཆོས་ནི་བྱེ་བྲག་གཅིག་ལ་ངེས་པར་ཡོད་པ་ཉིད་དུ་གྲུབ་ན་གཞན་ལས་ལྡོག་པར་གྲུབ་པའི་ཕྱིར་རོ། །བྱེ་བྲག་གཉིས་ཀྱིས་མ་བསྡུས་པའི་དངོས་པོ་ནི་མེད་དེ། དེ་ན་ཅི་སྲིད་ཅིག་ལ་ངེས་པར་མ་གྲུབ་པ་དེ་སྲིད་དུ་གཞན་ལ་ལྡོག་པ་མ་ཡིན་ནོ། །གལ་ཏེ་གཅིག་ལས་ངེས་པར་གྲུབ་པ་ཉིད་ཀྱིས་གཞན་ལས་ལྡོག་པས་མ་ཡིན་གྱི། །འོན་ཀྱང་གཞན་ལས་ལྡོག་པར་མཐོང་བ་ལས་ཀྱང་ཡིན་ནོ། །བདག་མེད་པ་ལས་ཀྱང་སྲོག་ལ་སོགས་པ་ལྡོག་པ་ཡིན་ནོ་ཞེས་བཤད་པ། ད་ལྟ་མ་ཡིན་ཏེ། གལ་ཏེ་གཅིག་ལ་ཡོད་པར་ངེས་པ་མ་ཡིན་ན། མཐོང་བའི་དངོས་


DTG187_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འགའ་ཞིག་ལ་བལྟར་རུང་བའི་སྲོག་ལ་སོགས་པ་མེད་པར་གྲུབ་ཀྱང་མ་མཐོང་བའི་དོན་རྣམས་ལ་སྲོག་ལ་སོགས་པ་ཐེ་ཚོམ་དུ་འགྱུར་རོ། །གལ་ཏེ་སྲོག་ལ་སོགས་པ་བདག་མེད་པ་གཞན་རྣམས་ལ་འཇུག་པ་ཡིན་ན་བདག་མེད་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་བུམ་བ་ལ་སོགས་པ་ལ་ཡང་འཇུག་པར་འགྱུར་རོ། །དེས་ན་ལ་ལ་ལ་མི་འཇུག་པའི་ཕྱིར་དེའི་རིགས་ཅན་ལ་མི་འཇུག་གོ་ཞེས་དོགས་པ་ལ་ཐེ་ཚོམ་བསྒྲུབ་པར་བྱ་བའི་ཕྱིར་བཤད་པ། གང་གི་ཕྱིར་གསལ་བའི་བྱེ་བྲག་མཐའ་དག་ལ་ཁྱབ་པ་མ་ཡིན་པའི་དངོས་པོ་གང་ཡིན་པ་དེ་ཡང་དེའི་རིགས་ལ་གནས་པའི་གསལ་བ་ཉུང་ཟད་ལ་སྲིད་པ་མཐོང་སྟེ། དཔེར་ན་དངོས་པོ་སྲ་བ་རྣམས་ཀྱི་ནང་ནས་རྡོ་རྗེ་ལ་སོགས་པ་སྲ་བ་འགའ་ཞིག་ལ་མཚོན་གྱིས་མི་ཆོད་པ་མཐོང་བ་བཞིན་ནོ། །དེ་ཙམ་གྱིས་ནི་སྲ་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་མཚོན་གྱིས་མི་ཆོད་པར་འགྱུར་རོ་ཞེས་ནི་བརྗོད་པར་མི་ནུས་སོ། དེ་བཞིན་དུ་བདག་མེད་པ་འགའ་ཞིག་ལ་སྲོག་ལ་སོགས་པ་མ་མཐོང་ཡང་གསལ་བ་འགའ་ཞིག་ལ་གནས་པར་འགྱུར་རོ། །གཞན་ཡང་སྲོག་ལ་སོགས་པ་དང་བདག་འགའ་བ་མཐོང་བ་མེད་པའི་ཕྱིར་རོ། །མདོར་གཞག་པ་དགྲོལ་བའི་ཕྱིར་བཤད་པ། བདག་མེད་པ་དང་སྲོག་ལ་སོགས་པ་རྣམ་པ་གཉིས་པོ་ཕན་ཚུན་སྤངས་ཏེ་གནས་པ་དང༌། ལྷན་ཅིག་མི་གནས་པའི་རང་བཞིན་གྱིས་བཤད་ཟིན་པའི་རང་བཞིན་གྱི་འགལ་བ་མ་གྲུབ་པའི་རྒྱུའི་ཕྱིར་སྲོག་ལ་སོགས་པ་བདག་མེད་པ་ལས་ལྡོག་པར་ཐེ་ཚོམ་ཟའོ། །བདག་མེད་པ་སྤངས་པས་སྲོག་ལ་སོགས་པ་གནས་པ་ཡང་མ་ཡིན་ལ། སྲོག་ལ་སོགས་པ་རྒྱུ་མ་ཚང་བ་མེད་པར་འཇུག་པ་ལ་བདག་མེད་པ་ཉེ་བས་ལྡོག་པ་ཡང་མ་ཡིན་ཏེ། དེ་ལྟར་མི་རུང་བའི་ཕྱིར་རོ། །གལ་ཏེ་སྲོག་ལ་སོགས་པ་བདག་མེད་པ་དང་འགལ་བ་བདག་གིས་ཁྱབ་པའི་ཕྱིར་འགལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། བཤད་པ། གང་གི་ཕྱིར་སྲོག་ལ་སོགས་བ་བདག་ལ་ངེས་པ་ཡིན་ན་འགལ་བས་ཁྱབ་པའི་ཕྱིར་བདག་མེད་བ་དང་ལྷན་ཅིག་འགལ་བར་འགྱུར་ལ། ངེས་པ་ཡང་དེའི་འབྲས་བུ་འམ་དེའི་བདག་ཉིད་རང་བཞིན་འབྲེལ་པའི་བདག་ཉིད་ཅན་གྱིས་ཡིན་ན།


DTG187_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འབྲས་བུ་དང་བདག་ཉིད་ཀྱིས་བྱས་པའི་བདག་ལ་ངེས་པ་དེ་ནི་ཐ་དད་པས་དེའི་བདག་ཉིད་མེད་པའི་ཕྱིར་འབྲས་བུ་ཉིད་དུ་མ་གྲུབ་པའི་ཕྱིར་མེད་དོ། །སྐྱོན་གཞན་ཡང་བསྟན་པའི་ཕྱིར་གཞན་གྱིས་འདོད་པ་ཁས་བླངས་ནས་བཤད་པ་ནི། སྲོག་ལ་སོགས་པ་བདག་མེད་པ་ལས་ལྡོག་བ་དང་ཞེས་བྱ་བ་ཡིན་ནོ། །དོན་འདི་ཡིན་ཏེ། བདག་མེད་པ་སྲོག་ལ་སོགས་པ་མེད་པས་ཁྱབ་པ་དང༌། སྲོག་ལ་སོགས་པ་དེ་དག་ཡོད་པར་ཁྱབ་པར་བྱེད་པ་སྲོག་ལ་སོགས་པ་མེད་པ་ལྡོག་པས་ཁྱབ་པར་བྱ་བ་བདག་མེད་པ་ལྡོག་ཏུ་ཆུག་པ་དེ་ལྟ་ན་ཡང་བདག་མེད་པ་མེད་པས་གསོན་པོའི་ལུས་ལ་བདག་ཡོད་པར་མི་འགྲུབ་པོ། །ཅི་ལྟར་བདག་མེད་པ་ལོག་ན་བདག་མེད་པ་ལྡོག་པའི་རང་བཞིན་བདག་མི་འགྲུབ་ཅེ་ན། བཤད་པ། འདི་ལྟར་བདག་མེད་པ་བདག་ལྡོག་པ་མེད་བས་བདག་ཡོད་བར་འགྱུར་བ་རིག་པ་ཅན་འདི་ལྡོག་པ་སྟེ། དངོས་པོ་མེད་པ་མེད་པར་དངོས་པོར་འདོད་པ་ནི་མ་ཡིན་ནོ། །ཅི་ལྟར་ཞེ་ན། དཔེར་ན་ཞེས་སྨོས་ཏེ། ཅི་ལྟར་སྲོག་ལ་སོགས་པ་ལྡོག་པ་མེད་ཀྱང་མཐུན་པའི་ཕྱོགས་ལ་སྲོག་ལ་སོགས་པ་མི་འདོད་པ་བཞིན་ནོ། །དོན་འདི་ཉིད་ཚིགས་སུ་བཅད་པས་སྡུད་པ་ནི། གལ་ཏེ་གཏན་ཚིགས་མཐུན་པའི་ཕྱོགས་ལ་ལྡོག་པ་ཅན་མ་ཡིན་ན། འོ་ན་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་ཅན་ཡིན་ཏེ། ལྡོག་པ་བཀག་པ་ཉིད་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར་རོ། །འོན་ཏེ་གཏན་ཚིགས་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་ཀྱང་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་མི་འདོད་ན། དེ་ལྟ་ན་ནི་འོ་ན་དགག་པ་བཀག་པ་སྒྲུབ་བར་ཁས་མ་བླངས་བ་དེས་ན་བདག་མེད་པ་ཡོད་པ་མ་ཡིན་ན་ཡང་གསོན་བོ་ནི་ལུས་གང་ཡིན་པ་དེ་བདག་དང་བཅས་པར་མི་འགྲུབ་པོ། །བདག་བཀག་པ་ནི་བདག་མེད་པ་ཡིན་ལ། དེ་བཀག་པ་ནི་སྒྲུབ་པ་མ་ཡིན་པ་དེའི་ཕྱིར་བདག་མི་འགྲུབ་པོ། །ཅིག་ཤོས་ཀྱིས་སྨྲས་པ། གལ་ཏེ་གང་ལས་བདག་མེད་པ་བཀག་ཀྱང་བདག་རྟོགས་པར་མི་འགྱུར་བ་སྲོག་ལ་སོགས་པ་ཡོང་པས་ཁྱབ་པར་བྱེད་པ་སྲོག་ལ་སོགས་པ་མེད་པ་ལྡོག་པས་བདག་མེད་བ་བཟློག་པའི་ཕྱིར་བདག་རྟོགས་པ་ནི་


DTG187_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་གྱི། །འོན་ཀྱང་སྲོག་ལ་སོགས་པ་ནི་སྒྲུབ་པའི་སྒོ་ཁོ་ནས་བདག་གོ་བར་བྱེད་པ་ཡིན་ཏེ། ཉེ་བར་འཇོག་པ་ཉིད་ཀྱིས་ཡིན་གྱི་བདག་མེད་པ་ལྡོག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་དེ་ལྟར་ན་འོ་ན་བདག་མེད་པ་ལས་ལྡོག་པ་ལ་འབྲས་བུ་ཅི་ཡོད་དེ་ཅི་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སྲོག་ལ་སོགས་པ་དེ་བདག་མེད་པ་དེ་ལ་མི་སྲིད་པ་སྟེ། མི་སྲིད་པའི་རྒྱུས་གང་ན་རང་ཡོད་པ་དེ་རང་ཡོད་པས་བདག་མེད་པ་དེ་མེད་པར་གོ་བར་བྱེད་པ་ན་བདག་རྟོགས་པར་བྱེད་པའི་རྒྱུ་དེའི་ཕྱིར་བདག་མེད་པ་དེ་ལས་ལྡོག་པ་ཅན་ཡིན་པས་ན་གོ་བར་བྱེད་པར་བརྗོད་པ་ཡིན་ཏེ། ལྡོག་པ་འབྲས་བུ་དང་བཅས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་མ་ཡིན་ན་ཞེས་བྱ་བ་བདག་མེད་པ་ལས་ལྡོག་པས་གོ་བར་བྱེད་པ་ཉིད་དུ་བྱས་པ་མ་ཡིན་ན། གང་གི་ཕྱིར་བདག་མེད་པས་ལྡོག་པ་ཅན་གོ་བར་བྱེད་པར་བརྗོད་པ་སྲོག་ལ་སོགས་པ་བདག་མེད་པ་ལས་ལྡོག་པ་བདག་གྲུབ་པ་ལ་ཅི་ཕན། དེའི་ཕྱིར་བདག་མེད་པ་ལས་ལྡོག་པའི་སྒོ་ནས་གོ་བར་བྱེད་པར་འདོད་པར་བྱའོ། །ཡང་ན་སྲོག་ལ་སོགས་པ་སྒྲུབ་པའི་སྒོ་ནས་གོ་བར་བྱེད་པ་ཡིན་མོད། འོན་ཀྱང་འདི་ལ་འདི་སྐད་ཅེས། དེའི་བདག་ཉིད་དང་དེའི་འབྲས་བུ་ཉིད་ཀྱིས་བདག་ཉིད་ངེས་པར་མ་གྲུབ་པའི་སྲོག་ལ་སོགས་པ་གང་དག་ཡིན་པ་དེ་དག་གིས་བདག་ཅི་ལྟར་གྲུབ་པ་བརྗོད་པར་བྱའོ། །གལ་ཏེ་འབྲེལ་པ་མེད་པ་ཉིད་ཀྱིས་སྒྲུབ་པར་བྱེད་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལྟར་ཡིན་ན་ཐམས་ཅད་ཀྱི་གོ་བྱེད་དུ་འགྱུར་རོ། །གང་གི་ཕྱིར་འབྲེལ་པ་མ་གྲུབ་པས་ན་བདག་མེད་པ་སྲོག་ལ་སོགས་པ་མེད་པ་ལ་མ་ཁྱབ་པ་དང༌། ལྡོག་པ་གཅིག་ཏུ་ངེས་པ་ཡང་མ་ཡིན་པ་དེ་བས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་ལྡོག་པ་དང་ལྡན་པའི་གཏན་ཚིགས་ནི་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་སྐབས་ཀྱིས་མཇུག་སྡུད་པའོ། །རྩོད་ཕྱིར་ཁྱད་པར་སྤྱི་དག་སྟེ་ཞེས་གང་བཤད་པ་དེ་ལ་ཁྱད་པར་ལ་རྩོད་པ་བསྟན་ཏེ། བཟློག་ནས་སྤྱི་ལ་ཡང་བཟློག་པའི་ཕྱིར་སྟོན་པ་ནི་གཞལ་བྱ་ཉིད་ཐུན་མོང་བ་ཡང་ནམ་མཁའ་ལ་སོགས་པ་འདུས་མ་བྱས་ལ་སྐུར་པ་མདོ་སྡེ་པ་གང་ཡིན་པའི་ནམ་མཁའ་ལ་སོགས་པ་མེད་པ་ལ་གཞལ་


DTG187_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཉིད་རྗེས་སུ་འགྲོ་བ་མི་རུང་བའི་ཕྱིར་འདི་ནི་མི་རྟག་བ་ཉིད་ལ་རྗེས་སུ་འགྲོ་བ་ཡིན་ནོ། །དེས་ན་འདིའི་རྗེས་སུ་འགྲོ་བ་ནི་འཁྲུལ་པ་མེད་པ་ཅན་མཐུན་པའི་ཕྱོགས་ཙམ་གྱི་མཐར་ཐུག་པ་ཡིན་ཏེ། གཞོལ་བྱ་ཉིད་ནི་མཐུན་པའི་ཕྱོགས་མི་རྟག་པ་ཉིད་ལ་ཡོད་པ་ཡིན་གྱི་མི་མཐུན་པའི་ཕྱོགས་རྟག་པ་ལ་མ་ཡིན་ཏེ། དེ་ཉིད་མེད་པའི་ཕྱིར་རོ། །དེས་ན་ལྡོག་པ་མེད་པའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡན་པ་ཉིད་ཀྱི་གཏན་ཚིགས་སུ་རིགས་པ་ཅན་སྨྲའོ། །རྗེས་སུ་འགྲོ་བ་ཅན་གྱི་གཏན་ཚིགས་དེ་ལ་ཡང་གལ་ཏེ་འདི་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཡིན་ན། ཅི་ལྟར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པ་ཡིན་ཏེ། དེ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ལས་ལྡོག་པར་ཡང་འགྱུར་བའམ། མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་ན་ཡང་ཅི་ལྟར་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་བརྗོད། གང་གི་ཕྱིར་གལ་ཏེ་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་རྣམ་པར་བཅད་པ་མ་ཡིན་ན། སྒྲ་ངེས་པར་གཟུང་པའི་འབྲས་བུ་ཅི་ཡང་མ་ཡིན་ནོ། །གང་གི་ཕྱིར་ལྡོག་པ་ནི་ཡོད་པ་ཉིད་རྣམ་པར་བཅད་པ་ལས་གཞན་མ་ཡིན་པའི་ཕྱིར་ཡོད་པ་རྣམ་པར་གཅོད་པར་བྱེད་ན་ཡང་ཅི་ལྟར་མི་ལྡོག་སྟེ། ལྡོག་པ་དེའི་ཕྱིར་མི་མཐུན་པའི་ཕྱོགས་ལས་ཡོད་པ་ཉིད་རྣམ་པར་བཅད་པ་ཉིད་འདིའི་ལྡོག་པ་ཡོད་པ་ཡིན་ནོ། །འདི་སྙམ་དུ་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་དེ་ལ་ལྡོག་པ་དང་རྗེས་སུ་འགྲོ་བ་མེད་དོ་སྙམ་ན། བཤད་པ། རྗེས་སུ་འགྲོ་བ་ཡང་མ་ཡིན་ལ། ལྡོག་པ་ཡང་མ་ཡིན་ནོ་ཞེས་གཉི་ག་འགོག་པ་འདི་ནི་འགལ་བ་ཡང་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མེད་དོ་ཞེས་མི་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་བཀག་པ་གང་ཡིན་པ་དེ་ཉིད་ལྡོག་པ་སྒྲུབ་པ་ཡིན་པའི་ཕྱིར་ཏེ། དེ་དག་ནི་ཕན་ཚུན་སྤངས་པས་གནས་པའི་ཕྱིར་རོ། །དེས་ན་འདི་ནི་རྗེས་སུ་འགྲོ་ལྡོག་དང་ལྡན་པ་ཡིན་ནོ། འདིར་རིགས་པ་ཅན་གྱི་བརྗོད་པར་བྱ་བ་མེད་པ་ནི་གཞི་འམ་གཞན་མ་ཡིན་པའི་ཕྱིར་མེད་པ་ལ་ལྟོས་ཏེ་ལྡོག་པ་དང༌། མི་རུང་བའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པ་ལས་རྣམ་པར་གཅོད་པ་མ་ཡིན་ཏེ་ཞེས་བྱ་བ་དེ་ཉིད་ཡང་འོངས་པ་ཡིན་པས། གལ་ཏེ་མེད་པ་ལས་ལྡོག་


DTG187_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་ན། ཅི་ལྟར་མེད་པ་ལ་རྗེས་སུ་འགྲོ་བ་དགག་པར་འདོད་ཅེས་ཡང་དེ་ཉིད་ལན་དུ་བརྗོད་པར་བྱ་བ་ཡིན་ནོ། །ལྡོག་པ་ནི་རྗེས་སུ་འགྲོ་བ་བཀག་པ་ལས་གཞན་མ་ཡིན་བའི་ཕྱིར་རོ། །འདི་ལས་ཀྱང་ལྡོག་པ་ཡིན་ཏེ། གང་གི་ཕྱིར་ལྡོག་པ་ནི་གཏན་ཚིགས་བཀག་པ་ཡིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ། དངོས་པོའི་རང་བཞིན་འཕེན་པ་མ་ཡིན་པར་བཀག་པ་དང༌། དངོས་པོའི་རང་བཞིན་ལ་ལྟོས་པ་མེད་པ་མེད་པར་དགག་པ་ཙམ་མོ། །དེ་ལ་དངོས་པོའི་རང་བཞིན་ལ་རེག་པ་ཅན་མ་ཡིན་པར་དགག་པ་མེད་བ་ལ་མི་སྲིད་ཀྱང༌། མེད་པར་དགག་པ་གང་ཡིན་པ་དེ་གོ་ཅི་ལྟར་མི་སྲིད། འདི་ལྟར་གང་གིས་ན་ཐམས་ཅད་དངོས་པོ་ལ་རེག་པ་ཅན་ཡིན་པས་གང་གིས་དངོས་པོ་མེད་པ་ལ་མི་སྲིད་པར་འགྱུར་བ་མ་ཡིན་པར་དགག་པ་གཅིག་པུ་ནི་དགག་པའི་ཡུལ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཞན་མེད་པར་དགག་པ་ཡང་ཡིན་ལ། དེ་ནི་དངོས་པོ་མེད་པ་ལ་མི་འགལ་ལོ། །གཞན་གྱིས་སྨྲས་པ། མེད་པར་དགག་པ་དེ་ཡང་མེད་པ་ལ་མི་སྲིད་དོ། །ཅིའི་ཕྱིར་ཞེ་ན། གཞི་དང་ཡང་དག་པར་སྦྱིན་པ་ལ་སོགས་པའི་ནུས་པའི་ཁྱད་པར་གྱི་དོན་ཅན་ཏེ། བརྗོད་བར་བྱ་བ་ཅན་དགག་པའི་ཡུལ་སྟོན་པའི་རྣམ་པར་དབྱེ་བ་གང་ཡིན་པ་དེ་རྣམས་དང་མི་ལྡན་པའི་རྒྱུའི་ཕྱིར་རོ། །གང་ཞིག་གཞི་ལ་སོགས་པའི་རང་བཞིན་དུ་བློས་རེག་པར་མི་ནུས་པ་དེ་ནི་སྒྲས་ཀྱང་བརྗོད་པར་མི་ནུས་པ་ཉིད་དོ། །རྣམ་པར་རྟོག་པ་དང་སྒྲས་ཡུལ་དུ་མ་བྱས་པ་ནི་གཞན་སྒྲུབ་པ་འམ་དགག་པ་དང་འབྲེལ་པར་ནུས་པ་མ་ཡིན་ནོ། །ནུས་པ་ཐམས་ཅད་དང་བྲལ་བའི་མེད་པ་ཡང་གཞི་ལ་སོགས་པའི་རང་བཞིན་དུ་བརྟག་པའམ་བརྗོད་པར་ནུས་པ་མ་ཡིན་པ་དེའི་ཕྱིར་གཞན་སྒྲུབ་པ་དང་དགག་པ་དང་འབྲེལ་པ་མ་ཡིན་ནོ་ཞེ་ན། རྩོད་པ་འདི་ལ་ནི། དེའི་ཕྱིར་དངོས་དངོས་མེད་རྟེན་ཅན། །ཕྱི་རོལ་རྟེན་མིན་སྒྲ་དོན་ལ། །བརྟེན་ནས་འདིར་ནི་བསྒྲུབ་པ་དང༌། །དགག་པ་ཐམས་ཅད་འདོད་པ་ཡིན། །ཞེས་ལན་བཏབ་ཟིན་པས་དེ་ཉིད་ལས་རྟོགས་པར་བྱའོ། །གང་གི་ཕྱིར་གང་ཞིག་མཐུན་པའི་ཕྱོགས་ལ་ངེས་པར་ཡོད་པ་དེ་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཉིད་ཡིན་པ་དེའི་ཕྱིར་རྗེས་


DTG187_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྲོ་བ་ཅན་ཞེས་བྱ་བའི་གཏན་ཚིགས་ནི་འགའ་ཡང་མེད་དོ། །ལྡོག་པ་ནི་རྗེས་སུ་འགྲོ་བ་ངེས་པ་ཙམ་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །དེ་དེ་ལྟར་ན་གལ་ཏེ་མི་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་མ་ཡིན་ན། འོན་ལྡོག་པ་ཡང་ཡིད་པར་འགྱུར་རོ་ཞེས་བཤད་དོ། །གཞལ་བྱ་ཉིད་ནི་མི་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་དང་མི་ལྡན་པ་ཡང་མ་ཡིན་ཏེ། དེ་ཅི་ལྟར་རྗེས་སུ་འགྲོ་བ་འཁྲུལ་བ་མེད་པ་ཅན་ཡིན་དངོས་པོ་ལ་མཐོང་བའི་གཞལ་བྱ་དངོས་པོ་མེད་པ་ལ་ཅི་ལྟར་འགྱུར་ཞེ་ན། གང་གི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་དང་གཉི་ག་ལ་བརྟེན་པ་ཉིད་ཀྱིས་ན་ཆོས་རྣམ་པ་གསུམ་མོ་ཞེས་བཤད་ཟིན་ཏོ། །དེས་ན་གཞལ་བྱ་ཉིད་ནི་གཉི་གའི་ཆོས་ཡིན་པའི་ཕྱིར་དངོས་པོ་ལ་མཐོང་བ་ཡང་དངོས་པོ་མེད་པ་ལ་མི་འགལ་ལོ། །གལ་ཏེ་དངོས་པོ་མེད་པ་ལ་ཆོས་འགའ་ཞིག་ཡོད་ན་དེ་ལྟར་འགྱུར་བ་ཡིན་ན་ཡོད་པ་ཡང་མ་ཡིན་ནོ། །ཆོས་ནི་བསྟན་པའི་དོན་ཡིན་ན་མེད་པ་ལ་ནི་འགར་ཡང་བརྟེན་པ་མ་ཡིན་ཏེ། དེ་ནི་རྟེན་ཉིད་དུ་མི་རུང་བའི་ཕྱིར་རོ་ཞེ་ན། དེ་སྐད་སྨྲ་བ་ནི་རང་གི་ཚིག་ཉིད་ཀྱིས་མེད་པ་ལ་ཆོས་ཁས་བླངས་པར་བསྟན་པའི་ཕྱིར་བཤད་པ། དངོས་པོ་མེད་པ་ལ་ནི་ཆོས་འགའ་ཡང་མེད་དོ་ཞེས་བྱ་བའི་ངག་འདི་ལ་མེད་པའི་སྒྲས་བརྗོད་པར་བྱ་བ་རྣམ་པར་རྟོག་པའི་ཡུལ་གྱི་དོན་ནི་ཆོས་ཅན་ཡིན་ལ། དངོས་པོའི་ཆོས་མཐའ་དག་དང་བྲལ་བ་དེ་ཉིད་དེའི་ཆོས་མ་ཡིན་ནམ། དེ་ཅི་ལྟར་ཁྱོད་མེད་པའི་ཆོས་བརྗོད་པ་ཉིད་མེད་དོ་ཞེས་སྨྲ། གལ་ཏེ་ཆོས་དང་བྲལ་བ་ཆོས་མེད་པ་མ་ཡིན་ནམ། དེ་ཅི་ལྟར་ཆོས་ཡིན་ཞེ་ན། གང་གི་ཕྱིར་གང་གིས་ཆོས་དང་བྲལ་བ་ཆོས་སུ་མི་འགྱུར་བ་དངོས་པོའི་རང་བཞིན་ཉིད་ནི་ཆོས་མ་ཡིན་ནོ། །ཅིའི་ཕྱིར་དངོས་པོ་མེད་ཀྱང་ཆོས་དང་ཆོས་ཅན་ཡིན་ཞེ་ན། གང་གི་ཕྱིར་མེད་དུ་ཟིན་ཀྱང་ཐ་སྙད་ཀྱི་རྣམ་པ་འགའ་ཞིག་གིས་ཆོས་དང་ཆོས་ཅན་གྱི་སྒྲ་དེའི་ཐ་སྙད་དུ་བྱེད་པ་ཡིན་ནོ། །གང་གི་ཕྱིར་དེ་དག་ལས་ཀྱང་ངོ་བོ་འགའ་ཞིག་ནི་རྟེན་ཆོས་གཞན་མ་སྤངས་པར་སྒྲ་དང་རྟོགས་པ་ཡུལ་དུ་བྱེད་ལ། འགའ་ཞག་ཆོས་གཞན་སྤངས་པར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཐ་སྙད་ཀྱིས་བྱས་པ་རྣམ་པར་


DTG187_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་ཡུལ་གྱི་ཆོས་དང༌། ཆོས་ཅན་གྱི་དངོས་པོ་མེད་པ་ཡིན་ན་དངོས་པོ་མེད་པ་དེ་ལ་སྒྲ་འཇུག་པའི་ཐ་སྙད་མེད་པ་ཉིད་དུ་འགྱུར་རོ། །སྒྲའི་ཐ་སྙད་ནི་ཆོས་དང་ཆོས་ཅན་གྱི་དངོས་པོ་ལ་བརྟེན་པ་ཡིན་ནོ། །གལ་ཏེ་ཆོས་དང་ཆོས་ཅན་གྱི་དངོས་པོ་ནི་དོན་རྣམས་ཀྱི་དེ་ཁོ་ན་ཉིད་དང་ལྡན་པ་མ་ཡིན་ནམ། དེ་ཅི་ལྟར་དངོས་པོ་མེད་པ་ལ་འགྱུར་ཞེ་ན། གལ་ཏེ་ཡོད་པ་རྣམས་ཀྱིས་དེ་ཁོ་ན་ཉིད་དང་ལྡན་པ་ཡིན་ན་མེད་པ་ལ་ཆོས་དང་ཆོས་ཅན་གྱི་དངོས་པོར་མི་འགྱུར་རོ། །དོན་དམ་པར་ནི་མེད་པ་བཞིན་དུ་ཡོད་པ་ལ་ཡང་ཆོས་དང་ཆོས་ཅན་གྱི་དངོས་པོའི་འགའ་ཡང་ཡོད་པ་ཡང་མ་ཡིན་ནོ། །འོ་ན་ཆོས་དང་ཆོས་ཅན་གྱི་དངོས་པོ་ཅི་ལྟར་ཡིན་ཞེ་ན། མེད་ཀྱང་ཆོས་དང་ཆོས་ཅན་དང༌། དེ་དག་གི་འབྲེལ་པ་ནི་རྣམ་པར་རྟོག་པ་ཅན་གྱི་བློས་བཀོད་པ་འབའ་ཞིག་ཏུ་ཟད་དོ། །གལ་ཏེ་ཆོས་དང་ཆོས་ཅན་དོན་དམ་པར་ཡིན་ན་དེའི་ཚེ་དེ་ཉིད་དམ་གཞན་ཡིན། དེ་ཉིད་ནི་མ་ཡིན་ཏེ་ཆོས་བརྗོད་པའི་སྒྲ་ཐམས་ཅད་རྣམ་གྲངས་པར་ཐལ་བར་འགྱུར་རོ། །ཐ་དད་པར་ནི་མཐོང་བ་ཡིན་ནོ། །ཆོས་དང་ཆོས་ཅན་དུ་མ་ཉིད་ཡིན་ན་ལྷ་སྤྱིན་པ་སོགས་པའི་སྒྲ་ལྟར་གཞི་མཐུན་པར་མི་འགྱུར་ན་ཡོད་པ་ཡང་ཡིན་ཏེ། དེ་བས་ན་དོན་དམ་པར་དེ་ཉིད་དང་གཞན་ཉིད་མི་རུང་བའི་ཕྱིར་དང༌། དངོས་པོ་ལ་རྣམ་པ་གཞན་ཡང་མེད་པའི་ཕྱིར་ཆོས་དང་ཆོས་ཅན་གྱི་དབྱེ་བ་ནི་དངོས་བོ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་འགྲེལ་དུ་བཤད་ཟིན་ཏེ། དེ་ཉིད་ལས་རྟོགས་པར་བྱའོ། །གང་གི་ཆོས་དང་ཆོས་ཅན་གྱི་འབྲེལ་པ་བློས་བྱས་པ་དེའི་ཚེ་ཡོད་པ་བཞིན་དུ་མེད་པ་ལ་ཡང་མཚུངས་པའི་ཕྱིར་གང་གིས་བཟློག །ཡོད་པ་བཞིན་དུ་མེད་པ་ལ་ཡང་ཆོས་དང་ཆོས་ཅན་གྱི་དངོས་པོར་འགྱུར་མོད། གཞལ་བྱ་ཉིད་གོ་ཇི་ལྟར་ཚད་མ་ནི་གཞལ་བྱའི་འབྲས་བུ་ཡིན་ན། དངོས་པོ་མེད་པ་ནི་འགའི་ཡང་རྒྱུ་ཚད་མ་ཡིན་ནོ། །ཚད་མ་ནི་དོན་བྱེད་པ་ལ་འཇུག་པར་བྱེད་པ་ཡིན་ན། དངོས་པོ་མེད་པ་ལ་ནི་ནུས་པ་མེད་དོ། །དེས་ན་དེའི་ཡུལ་ཅན་གྱི་ཤེས་པ་ཚད་མ་མ་ཡིན་པའི་ཕྱིར་དེ་ཡང་གཞལ་བྱ་མ་ཡིན་ནོ་ཞེ་ན། བཤད་པ། ཡོད་པ་དང་མེད་པ་དང་གཉི་ག་དང་གཉི་ག་མ་ཡིན་པའི་རྣམ་པར་གནས་པ་སྟེ་རབ་ཏུ་གྲགས་པའོ། །སུའི་


DTG187_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། དེ་ཡིན་པ་དང་དེ་མ་ཡིན་བ་ནི་དེ་དང་དེ་མ་ཡིན་པ་སྟེ། ཡོད་པ་དང་མེད་པའོ། །དེ་དག་གི་བརྡ་ནི་ཐ་སྙད་དོ། །དེ་གང་ལ་ཡོད་པའི་ཐ་སྙད་བྱེད་པ་བོ་དེ་རྣམས་ཀྱི་རྣམ་པར་གནས་པ་ནི་གོ་བར་བྱེད་པ་མ་ངེས་བ་ཡིན་བས་གཅིག་ཏུ་ངེས་བར་འཛིན་པར་མི་འགྱུར་ཏེ། དངོས་པོ་མེད་པ་གཞལ་བྱ་ཡིན་ན་ངེས་པ་དང་ལྡན་པར་འཛིན་པར་མི་འགྱུར་རོ། །འདི་ལྟར་མེད་པ་གཞལ་བྱ་མ་ཡིན་པའི་ཕྱིར་རྣམ་པར་བཅད་བ་མེད་པས་ཡོད་པ་དང་མེད་པ་དང་གཉི་ག་དང་གཉི་ག་མ་ཡིན་བར་རྣམ་པར་གཞག་བར་བྱ་བར་འདོད་པ་གང་ཡིན་པ་དེ་ཉིད་ངེས་པ་མེད་པས་རྣམ་པར་གཞག་པར་བྱ་མི་ནུས་ཏེ། མི་མཐུན་པ་མེད་པར་ངེས་པ་མེད་པར་ནི་ངེས་པར་རྣམ་པར་གནས་བའི་རྒྱུ་སྒྲུབ་པར་བྱེད་པ་མེད་པའི་ཕྱིར་རོ། །གང་གི་ཚེ་དངོས་པོ་མེད་པ་ཉིད་རྣམ་པར་གནས་པར་བྱ་བ་ཡིན་པ་དེའི་ཚེ་མེད་བའི་ཕྱིར་མི་མཐུན་པ་མ་ངེས་པས་རྣམ་པར་གནས་པར་བྱ་བ་སྒྲུབ་བྱེད་ངེས་པ་མེད་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི། འོན་ཀྱང་རང་ཉིད་ཀྱང་མེད་པའི་ཕྱིར་སྒྲུབ་བྱེད་མ་ངེས་པ་ཡིན་ནོ། །ཡོད་བ་ལ་སོགས་པར་རྣམ་པར་གནས་པ་མ་ཡིན་བར་ནི་འཇིག་རྟེན་གྱི་ཐ་སྙད་ཡོད་པ་མ་ཡིན་ནོ། །འདི་ལྟར་སྔོན་པོ་ཡོད་པ་དང་སྔོན་པོ་མ་ཡིན་པ་མེད་པ་དང༌། གཉི་ག་མེད་པ་འམ། དེ་བཞིན་དུ་འདི་ནི་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་དེ་ཉིད་འདོད་པའི་ཡུལ་ན་ཡོད་པ་དང༌། གཞན་མེད་པར་རྣམ་པར་གཞག་ནས་ཐ་སྙད་བྱེད་པ་པོ་ཐམས་ཅད་འཇུག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དང་དེ་མ་ཡིན་པའི་བརྡ་ཅན་ཞེས་གཏན་དང་ལྡན་པ་ལ་ལྡན་པའི་དོན་བརྗོད་པ་ཡིན་ནོ། །གང་གི་ཕྱིར་ཐམས་ཅད་ཀྱི་ཡོད་པ་ལ་སོགས་པའི་ཐ་སྙད་སྟོན་པར་བྱས་པ་མ་ཡིན་པ་དེའི་ཕྱིར་ཅི་ལྟར་རུང་སྟེ་ཞེས་བྱ་བ་རྣམ་པ་འགའ་ཞིག་གིས་སོ། །གལ་ཏེ་དངོས་པོ་ལས་ལོགས་ཤིག་ཏུ་དངོས་པོ་མེད་པ་གཞལ་བར་བྱ་བ་མ་ཡིན་དུ་ཆུག་ཀྱང། དངོས་པོ་འཛིན་པའི་སྒོ་ནས་ནི་དེས་གཞལ་བྱ་ཡིན་པར་བརྗོད་པར་བྱའོ། །དེ་གཞལ་བྱ་མ་ཡིན་ན་མི་མཐུན་པ་མེད་པའི་དངོས་པོ་ཡང་ཡོངས་སུ་མ་བཅད་པར་ཐལ་བའི་ཕྱིར་རོ། །གལ་ཏེ་དངོས་པོའི་ཡུལ་ཅན་ཉིད་ཚད་མར་སྔར་བརྗོད་པ་མ་ཡིན་ནམ། དེ་ཅི་ལྟར་མེད་པ་གཞལ་བྱ་


DTG187_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེ་ན། བཤད་པ། གང་གི་ཕྱིར་དངོས་བོའི་ཡུལ་ཅན་ཉིད་ནི་ཚད་མ་མ་ཡིན་ནོ། །ཅི་ལྟར་ཞེ་ན། ཚད་མའི་མཚན་ཉིད་ནི་ངེས་པའི་དོན་ཐོབ་བར་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དོན་དམ་པ་མེད་ཀྱང་རུང་སྟེ་ཐོབ་བར་བྱ་བ་ངེས་བའི་ཡུལ་ཡིན་གྱི། དངོས་པོ་ཉིད་ནི་མ་ཡིན་ནོ། །གང་གི་ཕྱིར་མི་སླུ་བ་ཚད་ཡིན་པ་དེའི་ཕྱིར་གལ་ཏེ་ངེས་པར་བྱས་པའི་རང་གི་ཡུལ་དེ་ལ་མངོན་སུམ་དང་རྗེས་སུ་དཔག་པས་གནོད་པ་མེད་ན་ཡོད་པ་དང་མེད་པ་ལ་ཤེས་པས་ཡོད་པ་དང་མེད་པ་ངེས་པར་བྱེད་དོ། །གནོད་པ་མེད་པ་དེ་བས་ན་ཤེས་པ་འདི་ལ་ཚད་མའི་རང་བཞིན་དོན་ཐོབ་པར་ནུས་པ་ཡོད་པ་ཡིན་ནོ། །དོན་ཐོབ་པར་ནུས་པ་གནོད་པ་མེད་པའི་ཡུལ་ཅན་ཉིད་ཡོད་པས་ཚད་མ་ཡིན་ནོ། །འགའ་ཞིག་གི་མེད་པ་ཐོབ་པ་ནི་འདི་ཉིད་ཡིན་ཏེ། འཇུག་པའི་མངོན་པར་འདོད་པའི་ཡུལ་ལ་སོགས་པར་དེའི་དོན་བྱ་བར་བཟོད་པའི་རང་བཞིན་ཐོབ་པར་མེད་པ་གང་ཡིན་པའོ། །དེའི་ཕྱིར་མེད་པའི་ཡུལ་ཅན་ཡང་ཚད་མ་ཡིན་པས་མེད་པ་གཞལ་བྱ་ཡིན་ནོ། །གལ་ཏེ་དངོས་བོ་མེད་པའི་ཡུལ་ཅན་ཡང་ཚད་མར་འདོད་ན། འོ་ན་ཅི་ལྟར་གཏན་ཚིགས་ཐིགས་པར་སྒྲོ་བཏགས་ཀྱི་རང་བཞིན་འཛིན་པའི་རྣམ་པར་རྟོག་པ་ནི་དོན་བྱ་བ་སྒྲུབ་པ་མི་འཛིན་པའི་ཕྱིར་ཚད་མ་མ་ཡིན་ནོ་ཞེས་བྱ་བ་དང༌། རྣམ་འགྲེལ་དང༌། ལེའུ་གཉིས་པར་མི་དམིགས་པ་ཐམས་ཅད་དོན་བྱེད་པར་རུང་བའི་དངོས་པོ་སྟོན་པའི་བྱེད་པ་ཅན་ཡིན་པར་བཤད། འདི་དག་གིས་དོན་བྱེད་པ་ལ་མི་སླུ་བའི་ཕྱིར་རོ་ཞེས་ཀྱང་ཅི་ལྟར་བཤད་ཅེ་ན། དངོས་པོ་འབའ་ཞིག་ལ་ནི་ཚད་མ་ཆུང་ཟད་ཀྱང་ཡོད་པར་མི་བརྗོད་ཀྱི། འོན་ཀྱང་དངོས་པོ་འཛིན་པའི་ཚད་མ་ཉིད་དངོས་པོ་མེད་པའི་ཡུལ་ཅན་ཡིན་ནོ་ཞེས་འདི་གཉིས་ཀྱིས་དོན་ཡོངས་སུ་བཅད་ནས་ཞེས་བྱ་བ་དེར་བཤད་ཟིན་ཏོ། །དེ་ཡོངས་སུ་གཅོད་པར་བྱེད་ཅིང། དོན་གཞན་རྣམ་པར་གཅོད་བར་བྱེད་ལ། རྣམ་པ་གཞན་གསུམ་པ་ཡང་མེད་པར་སྟོན་པར་བྱེད་ཅེས་བཤད་པའི་ཡང་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཚད་མ་དངོས་པོའི་འབྲས་བུ་ཡིན་པས་དངོས་པོ་ཉིད་ཐོབ་པར་བྱེད་པ་ན། གཞན་རྣམ་པར་བཅད་པ་ཐོབ་པར་བྱེད་པའི་ཕྱིར་


DTG187_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ངེས་པ་ན་འཁྲུལ་པ་མེད་པར་ངེས་བ་གཞན་ངེས་པ་ལ་ཡང་ཚད་མ་ཡིན་གྱི། གང་གིས་འབྲས་བུ་མ་ཡིན་བ་དང༌། དངོས་པོ་ཐོབ་པར་མི་ཕྱེད་པའི་སྐྱོན་དུ་འགྱུར་བ་རང་རྒྱུད་པ་ནི་མ་ཡིན་ནོ། །དེས་ན་དངོས་པོ་མེད་པའི་ཡུལ་ཅན་ཚད་མ་ཡིན་ཡང་སྐྱོན་མེད་དོ། །རིགས་པ་ཅན་གྱིས་ཡང་སྨྲས་པ་ནི། གལ་ཏེ་དངོས་པོ་མེད་པ་ཐམས་ཅད་ཤེས་བྱ་དང་གཞལ་བྱ་ལ་སོགས་པ་རྣམ་པ་འགའ་ཞིག་ལྟར་ཡོད་པའི་ཕྱིར་འགའ་ཡང་རྣམ་པ་ཐམས་ཅད་དུ་དངོས་པོ་མེད་པ་མ་ཡིན་ནོ། །དངོས་པོ་ཡང་ཐམས་ཅད་ཀྱི་རང་བཞིན་དུ་གཅིག་ཏུ་ཡོད་པ་ནི་འགའ་ཡང་མེད་དོ། །མེ་ཆུའི་རང་བཞིན་དུ་ཡོད་པ་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་རྣམ་པ་གང་གིས་མེད་པའི་རྣམ་པ་དེ་དངོས་བོ་མེད་པ་ཡིན་ནོ། །དེས་ན་དངོས་པོ་མེད་པ་ཡོད་པ་ཡིན་ལ། དེ་ཡང་གཞལ་བྱ་ཡིན་པས་གཞལ་བྱ་ཉིད་གཉི་གའི་ཆོས་སུ་གྲུབ་པོ།། དེ་བཞིན་དུ་བདག་ནི་ཡོད་པ་མ་ཡིན་ཏེ། མ་དམིགས་བའི་ཕྱིར་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བའི་ཚད་མ་ལ་རི་བོང་ཡང་ཡོད་ལ་རྭ་ཡང་ཡོད་པའི་ཕྱིར་དཔེ་གཉི་གས་སྟོང་པ་ཡིན་པར་མཐོང་ནས། རི་བོང་གི་རྭ་མེད་པར་སྨྲ་བ་ལ་གསལ་བྱེད་ཀྱིས་བཞད་གང་དུ་བྱས་པ། རི་བོང་དང་རྭ་དག་ཡོད་པར་མཐོང་བའི་རྒྱུའི་ཕྱིར་སངས་རྒྱས་པ་རི་བོང་གི་རྭ་མེད་པར་སྨྲ་བ་ལ་བཞད་གང་དུ་བྱེད་པ་དེ་ནི་མི་ཤེས་པར་སྟོན་བས་བདག་ཉིད་ལ་བཞད་གང་བྱེད་པ་ཡིན་ནོ། །ཅི་ལྟར་ཞེ་ན། འདི་ལྟར་རི་བོང་གི་རྩོམ་བྱེད་ཡན་ལག་ཏུ་འགྱུར་བའི་རྭ་མེད་དོ་ཞེས་རྗོད་པར་བྱེད་པར་འགྱུར་ལ། རྭ་དང་མ་འབྲེལ་པའི་རི་བོང་ཡང་ཡོད་ལ། རི་བོང་གི་ཡན་ལག་ཏུ་གྱུར་པ་མ་ཡིན་པའི་རྭ་ཡང་ཡོད་དོ་ཞེས་བྱ་བའི་ལན་འདིའི་སྐབས་ནི་ཅི་ཡང་མེད་དོ། །དེ་བས་ན་བདག་ཉིད་ལ་མི་ཤེས་པས་བྱེད་པར་བཞད་གང་བྱེད་པ་ཡིན་ཏེ། སྐབས་སུ་མ་བབ་པ་བརྗོད་པའི་ཕྱིར་རོ།། ཅི་ལྟར་ལན་སྐབས་སུམ་བབ་ཅེ་ན། གང་གི་ན་རི་བོང་དང་རྭ་ཡོད་པར་བརྗོད་པ་དེས་ན་གནོད་པར་འགྱུར་བ་སྟེ། སུན་ཕྱུང་བར་འགྱུར་བ་སངས་རྒྱས་པ་དེ་རྭ་ཙམ་མམ། རི་བོང་ཙམ་ལ་བསྙོན་པ་ནི་མ་ཡིན་ནོ། །འོ་ན་ཅི་འདྲ་བ་ཞིག་ཅེ་ན། ཁྱད་པར་ཅན་རི་བོང་དང་འབྲེལ་པ་ཅན་


DTG187_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། དེ་ཉིད་ཀྱི་ཕྱིར་རི་བོང་གི་ཞེས་ཚིག་རྣམ་པར་སྦྱོར་བ་ཡིན་ནོ། །གལ་ཏེ་དེ་ལྟར་ན་རི་བོང་དང་རྭ་གཉིས་ཀྱི་འབྲེལ་པ་མེད་ཅེས་བརྗོད་པར་བྱ་བའི་རྭ་ནི་མ་ཡིན་ནོ། །འབྲེལ་པ་ལས་འབྲེལ་པ་ཅན་དུ་འགྱུར་བ་ཡིན་ཏེ། དེའི་ཕྱིར་འབྲེལ་པ་དགག་པར་བྱ་བ་ཡིན་ཞེ་ན། ཅིག་ཤོས་རང་གི་ཚིག་ཉིད་ཀྱིས་རྭ་བཀག་པར་བརྗོད་པའི་ཕྱིར་བཤད་པ། ཅི་བ་ལང་ལ་སོགས་བ་རྭ་ཅན་རྣམས་ཀྱི་འབྲེལ་པ་ཅན་རྭ་ལ་འབྲེལ་པ་ཙམ་ཁྱད་པར་ཡོད་ཀྱི། རྫས་རྭ་མ་ཡིན་ནམ། གལ་ཏེ་རྭ་ཅན་ཐམས་ཅད་ཀྱི་རྭ་ཐ་དད་པ་མེད་པར་གཅིག་ཉིད་དུ་འགྱུར་ལ། དེའི་ཚེ་གཞན་བཞིན་དུ་ཐམས་ཅད་ཀྱི་ཐུན་མོང་གི་རྭ་དང་རི་བོང་གི་འབྲེལ་པ་དགག་པར་འགྱུར་གྱི་རྫས་ནི་མ་ཡིན་ནོ། །གཞན་གྱིས་སྨྲས་པ། རྭ་ཅན་རྣམས་ལ་རྭའི་རང་བཞིན་ཡང་ཐ་དད་དོ། །ག་ལས་ཤེ་ན། འབྲས་བུ་སོ་སོ་ལ་རྒྱུའི་རང་བཞིན་ཐ་དད་པའི་ཕྱིར་རོ། །རྭ་ལ་སོགས་པ་ནི་འབྲས་བུ་ཡན་ལག་ཅན་གྱི་རྫས་ཀྱི་རྩོམ་པར་བྱེད་པ་ཡིན་ནོ། །རྩོམ་པར་བྱེད་པ་ཡང་འབྲས་བུ་ཐ་དད་པའི་ཕྱིར་ཐ་དད་དོ་ཞེ་ན། འོ་ན་ནི་རྒྱུ་ཐ་དད་པ་བྱེད་པའི་ཕྱིར་འབྲེལ་པ་མེད་ཅེས་བརྗོད་པར་བྱའོ་ཞེས་བྱ་བའི་ཀླན་ཀ་འདི་མེད་དོ། །རི་བོང་དང་འབྲེལ་བའི་རྭ་གང་ཡིན་པ་དེ་ཉིད་མེད་པ་དེ་བས་ན་བརྗོད་པར་བྱ་བ་མ་ཡིན་པ་ཅི་ཞིག་བརྗོད། ཀླན་ཀའི་གོ་སྐབས་སྨྲས་པ་ནི། རྭ་ཡོད་པ་རྣམས་ཀྱི་རྭ་དག་རང་བཞིན་ཐ་དད་པ་ཡོད་བ་ཡིན་གྱི། རྭ་དང་ལྡན་པ་རི་བོང་གི་རྭ་རང་བཞིན་གྱི་ཁྱད་པར་ཅན་ནི་མེད་དོ། །འདི་སྐད་ཅེས་བརྗོད་པ་ཡིན་ཏེ། གང་ལ་རྭ་ཡོད་པ་དེའི་ཁྱད་པར་ཅན་དུ་འགྱུར་གྱི། རི་བོང་ལ་ནི་རྭ་མེད་པ་ཉིད་ཀྱི་ཁྱད་པར་ཅན་ཡོད་པ་མ་ཡིན་ནོ། །དེས་ན་རི་བོང་དེའི་རྭ་ཁྱད་པར་ཅན་ཅི་ཞིག་དགག་པར་བྱ། ཡོད་པའི་ཕྱིར་རྭ་ཙམ་ཡང་དགག་པར་བྱ་བ་ཡིན་ཏེ། དེས་ན་འབྲེལ་བ་དགག་པར་བྱ་བ་ཡིན་པའི་ཕྱིར་ཀླན་ཀ་འགའ་ཡང་མེད་དོ། །གང་གི་ཕྱིར་ཅི་ལྟར་ཁྱེད་འབྲེལ་པ་དགག་པར་བྱ་བར་སྒྲུབ་པར་འདོད་པས་དེ་བཞིན་དུ་རི་བོང་གི་རྭ་ཁྱད་པར་ཅན་ནི་མེད་དོ་ཞེས་བརྗོད་པ་ལྟར་ཁོ་བོ་དེ་ཉིད་སྨྲའོ། །གདོན་མི་ཟ་བར་ཁྱེད་ཀྱིས་གང་གི་ཕྱིར་རྭ་ཅན་ལྟར་རི་བོང་ལ་ཁྱད་བར་ཅན་གྱི་རྭ་མེད་པ་དེའི་ཕྱིར་


DTG187_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པ་དགག་པར་བྱ་བ་ཡིན་ནོ་ཞེས་བརྗོད་དགོས་སོ། །ཁོ་བོས་ཀྱང་རི་བོང་ལ་ཁྱད་པར་ཅན་གྱི་རྭ་མེད་དོ་ཞེས་བརྗོད་དོ། །དེས་ན་གང་གི་ཕྱིར་ང་ལ་ཀླན་ཀར་འགྱུར་ལ་བདག་ཉིད་མ་ཡིན་པ་ཡུ་བུ་ཅག་གཉིས་ལ་ཁྱད་པར་མེད་དོ། །ཡང་ན་ཁྱད་ཀྱིས་དགག་པར་བྱ་བའི་འབྲེལ་པ་གང་ཡིན་པ་དེ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་དངོས་པོ་མེད་པ་ཡིན་ནོ། །དེ་ལྟ་ཡིན་དང་དངོས་པོ་མེད་པས་འདོད་པ་ཡིན་ནོ། །དེ་ལྟ་ཡིན་དུ་ཟད་མོད། ཁྱོད་ཀྱིས་ཀྱང་འབྲེལ་པ་དགག་བར་བྱ་བ་ཡིན་གྱི་འབྲེལ་བ་ཅན་ནི་མ་ཡིན་ནོ། །འབྲེལ་པ་ཅན་ཡོད་པའི་ཕྱིར་རོ། །འདི་ནི་ཁྱེད་ཀྱི་ཚིག་གི་ཚུལ་དོན་འབྲེལ་བ་མེད་པ་ཅན་གཞན་ཡིན་ཏེ། འབྲེལ་པ་ཅན་ཡོད་ལ་འབྲེལ་པ་མེད་དོ་ཞེས་བྱའོ། །འབྲེལ་པ་ཅན་ནི་འབྲེལ་པའི་ཁྱད་པར་ཅན་ཡིན་པའི་ཕྱིར་འབྲེལ་པ་མེད་ན་ཅི་ལྟར་འགྱུར། དབྱིག་པ་མེད་པར་ནི་དེའི་ཁྱད་པར་ཅན་དབྱིག་པ་ཅན་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཚིག་བརྟག་པ་མ་ཡིན་ནོ། །འབྲེལ་པ་མེད་པ་འབའ་ཞིག་ཏུ་ནི་མ་ཟད་དེ་ཁས་བླངས་པའི་འབྲེལ་པ་ཅན་རི་བོང་དང་འབྲེལ་པ་ཅན་གྱི་རྭའི་རྫས་ཀྱང་མེད་དོ། །དེ་སྐད་སྨྲ་ན། འོ་ན་ནི་ཁྱོད་ཀྱིས་ངེད་ཀྱི་འདོད་པ་ཆེན་པོ་བསྒྲུབས་ཏེ། གང་གི་ཕྱིར་ངེད་ཀྱང་རི་བོང་དང་འབྲེལ་པ་ཅན་གྱི་རྭ་ཁྱད་པར་ཅན་མེད་དོ་ཞེས་བརྗོད་དོ། །གལ་ཏེ་མཐར་འདི་ཉིད་གདོན་མི་ཟ་བར་བརྗོད་དགོས་པ་ཡིན་ནོ། །ཁྱོད་ཀྱིས་འདི་ཉིད་དང་པོར་བརྗོད་ན་འདོད་པ་སྨྲ་བ་ཁྱོད་འགལ་བ་འདུ་བ་བརྗོད་པ་ལ་སོགས་པས་ངས་ཉོན་མོངས་པར་མི་བྱ་བ་ཞིག་གོ །དེ་ཉིད་ཀྱི་ཕྱིར་ཁྱོད་ནི་ལྷ་རྣམས་དགའ་བ་ཡིན་ཏེ། དང་པོར་བརྗོད་པར་བྱ་བ་དང་པོར་མི་བརྗོད་པའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་མེད་པ་ནི་ཡོད་པ་མ་ཡིན་ལ། དེ་ཡང་གཞལ་བྱ་ཡིན་པའི་ཕྱིར་གཞལ་བྱ་ཉིད་ཀྱང་ཐུན་མོང་གི་མ་ངེས་པ་ཡིན་ནོ། །དེ་ལྟར་མ་ངེས་པ་བརྗོད་ནས་འགལ་པ་འཁྲུལ་པ་མེད་པ་ཅན་ཡང་སློབ་དཔོན་གྱིས་རྒྱུར་བཤད་ནི། དེ་མ་ངེས་པ་གང་གི་ནང་དུ་འདུ་ཞེ་ན། དེ་རྗེས་སུ་དཔག་པའི་ཡུལ་འདིར་བཤད་པས་མ་ངེས་པའི་ནང་དུ་བསྡུ་བས་ཅི་ཞིག་བྱ། ཅིའི་ཕྱིར་མ་བཤད་ཅེ་ན། རྗེས་སུ་དཔག་པའི་ཡུལ་ནི་


DTG187_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མས་གྲུབ་པའི་ཚུལ་གསུམ་པ་སྟེ། ཡུལ་དེ་ལ་འགལ་བ་མི་འཁྲུལ་པ་ཅན་མི་སྲིད་པའི་ཕྱིར་རོ། །ཅི་ལྟར་མི་སྲིད་ཅེ་ན། ཇི་སྐད་བཤད་པའི་མཚན་ཉིད་ཅན་རང་བཞིན་དང་འབྲས་བུ་རང་བཞིན་འབྲེལ་པ་ཅན་དག་གམ། བལྟར་རུང་བའི་ཡུལ་མི་དམིགས་པ་ལ་ནི་འགལ་བ་མི་འཁྲུལ་པ་ཅན་མི་སྲིད་དོ། །གང་གི་རང་གིས་བསྒྲུབ་བྱ་ལ་འཁྲུལ་པ་མེད་པ་ཅན་གྱི་སྒྲུབ་པར་བྱེད་པ་གཉིས་གཅིག་ལ་འགྱུར་བ་གཅིག་ནི་འགལ་བའི་རང་བཞིན་གཉིས་དང་ལྡན་པ་མ་ཡིན་ནོ། །གང་ཞིག་འགལ་བ་མི་འཁྲུལ་པ་ཅན་དུ་འགྱུར་བར་དག་ལས་མི་འཁྲུལ་པ་ཅན་གཞན་ནི་མེད་དོ། །དེ་བས་ན་ཚད་མས་གྲུབ་པའི་ཚུལ་གསུམ་པའི་ཡུལ་ལ་འགལ་བ་མི་འཁྲུལ་པ་ཅན་མི་སྲིད་དོ། །འོ་ན་སློབ་དཔོན་གྱིས་འགལ་བ་མི་འཁྲུལ་པ་ཅན་གང་དུ་བརྗོད་ཅེ་ན། གང་གི་ཕྱིར་རྗེས་སུ་དཔག་པའི་ཡུལ་ལ་མ་བཤད་པ་དེའི་ཕྱིར་ལུང་གི་དོན་དབང་པོ་ལས་འདས་པ་དེ་དཔྱོད་པའི་སྐབས་སུ་ལུང་ལ་བརྟེན་པའི་རྗེས་སུ་དཔག་པ་གང་ཡིན་པ་སྟེ། དབང་པོ་ལས་འདས་པ་དཔྱོད་པ་ན་དངོས་པོ་མ་མཐོང་པ་ཚད་མ་མ་ཡིན་པའི་རྣམ་པར་རྟོག་པ་གང་ཡིན་པ་དེའི་སྟོབས་ཀྱིས་ལུང་ལས་གྲུབ་པའི་ཚུལ་གསུམ་པ་ལས་རྗེས་སུ་དཔག་པ་གང་ཡིན་པ་དེ་འཇུག་པར་འགྱུར་ལ། དེ་ལ་བརྟེན་ནས་འགལ་བ་མི་འཁྲུལ་པ་ཅན་བཤད་དོ། །གལ་ཏེ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ལ་འགལ་བ་མི་འཁྲུལ་པ་ཅན་མི་སྲིད་ན་ལུང་དང་ལྡན་པའི་དོན་ལ་ཅི་སྲིད་ཅེ་ན། བསྟན་བཅོས་བྱེད་པ་རྣམས་ནི་འཁྲུལ་པས་དོན་རྣམས་ལ་རང་བཞིན་ལོག་པར་སྟོན་པ་སྲིད་པའི་རྒྱུའི་ཕྱིར་རོ། །གལ་ཏེ་འཁྲུལ་པས་རང་བཞིན་ལོག་པར་སྟོན་སྲིད་པའི་ཕྱིར་ལུང་གི་དོན་ལ་འགལ་བ་མི་འཁྲུལ་པ་ཅན་སྲིད་པ་ཡིན་ན། འོ་ན་ངེད་འདྲ་བས་བྱས་བའི་རྗེས་སུ་དཔག་པ་ལ་ཇི་ལྟར་མི་སྲིད་ཅེ་ན། འདི་ལྟར་བདག་དང་འབྲས་བུ་དང་མི་དམིགས་པ་དེ་རྣམས་ལ་སྟེ། དེ་རྣམས་ཀྱི་ནང་དུ་ནི་འགལ་བ་མི་འཁྲུལ་པ་ཅན་མི་སྲིད་དོ། །དོན་དམ་པའི་རྣམ་པར་གནས་པ་ནི་དངོས་པོ་ཞེས་བྱ་བ་ལ། དེ་ལས་མ་འདས་པར་འདུག་པ་སྟེ་གནས་པ་གང་ཡིན་པ་དེ་


DTG187_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སྟེ། འདི་ནི་གཏན་ཚིགས་སོ། །གང་གི་ཕྱིར་དངོས་པོའི་དེ་ཁོ་ན་ཉིད་ཅི་ལྟར་གནས་པ་དེ་བཞིན་དུ་བདག་དང་འབྲས་བུ་མི་དམིགས་པ་རྣམ་པར་གཞག་པ་ཡིན་པ་དེའི་ཕྱིར་འདི་རྣམས་ལ་འཁྲུལ་པའི་དབང་གིས་འགལ་བ་མི་འཁྲུལ་པ་ཅན་དུ་འགྱུར་བའི་གོ་སྐབས་ཡོད་པ་མ་ཡིན་ནོ། །འབྲེལ་པ་མ་མཐོང་བ་ནི་འབྲས་བུ་འམ་རང་བཞིན་གྱི་གཏན་ཚིགས་མ་ཡིན་ལ། འབྲེལ་པ་མ་མཐོང་བ་ནི་འཁྲུལ་པ་མེད་དོ། །དེ་ལས་འགལ་བ་མི་འཁྲུལ་པ་ཅན་གྱི་དཔེར་བརྗོད་པ་ནི་འདི་ཡིན་ནོ། །འདི་ལ་དྲང་སྲོང་ཆེན་པོ་གཟིགས་ཟན་གྱི་ཐམས་ཅད་དུ་སོང་བ་ཡིན་ནོ་ཞེས་བཤད་པའི་དངོས་ཀྱི་སློབ་མ་གཉིས་ལས། བེ་ལུ་ཀས་ནི་སྤྱི་ཐམས་ཅད་དུ་སོང་བ་དང༌། པེ་ཐ་རས་ནི་རང་གི་རྟེན་ཙམ་ཐམས་ཅད་དུ་སོང་པར་གཟུང་ངོ༌། །དེ་དག་གི་མཁན་པོ་འདས་ནས་རྩོད་པ་ན་པེ་ལུ་ཀས་ཅིག་ཤོས་ལས་ཚད་མའི་ལན་སྨྲས་པ། བ་ལང་ཉིད་ལ་སོགས་པའི་སྤྱི་ནི་ཐམས་ཅད་ན་ཡོད་པ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ། །ཡུལ་ཐམས་ཅད་ན་གནས་པ་དང་འབྲེལ་པ་ཅན་འདུ་བའི་རྟེན་གྱི་གོང་བུ་དག་དང་ཅིག་ཅར་མངོན་པར་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ནམ་མཁའ་བཞིན་ཞེས་བྱ་བ་ནི་ཁྱབ་པའི་ཡུལ་ལོ། །ནམ་མཁའ་ནི་ཡུལ་ཐམས་ཅད་ཡོད་པ་རང་དང་ལྡན་པ་ཅན་དང་འདུ་བ་ཅན་གྱི་རྫས་རྣམས་དང་ཅིག་ཅར་མངོན་པར་འབྲེལ་པ་ཡུལ་ཐམས་ཅད་ན་ཡོད་པ་དེ་བཞིན་དུ་སྤྱི་ཡང་ཐམས་ཅད་ན་ཡོད་པར་འགྱུར་རོ། །རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་སྦྱར་བའི་ཕྱིར་བཤད་པ། སྤྱིའི་རང་བཞིན་གང་ཞིག་ཡུལ་དུ་མ་ན་ཡོད་པའི་རྫས་དེ་དག་དང་འབྲེལ་པ་ཅན་གྱི་སྤྱིའི་རང་བཞིན་དེ་ཙམ་དང་རྗེས་སུ་འབྲེལ་པ་དེ་དག་གི་ཡུལ་ན་འདུག་པའི་རང་བཞིན་ཉིད་དོ། །ཡང་ཅིའི་ཕྱིར་གང་ཞིག་གང་དང་འབྲེལ་པ་ཅན་གྱི་རང་བཞིན་གང་ཡིན་པ་སྟེ། དེའི་ཡུལ་ན་འདུག་པའི་རང་བཞིན་དུ་འགྱུར་ཞེ་ན། གང་གི་ཕྱིར་གང་ཞིག་ཡུལ་གང་ན་མེད་པ་ནི་ཡུལ་དེ་གང་ལ་ཡོད་པའི་དོན་དེའི་ཡུལ་ཅན་དེར་དེ་ན་མེད་པའི་དོན་གྱི་རང་གི་ངོ་བོས་ཁྱབ་པར་བྱེད་པ་མ་ཡིན་ནོ། །གང་གིས་ཐག་རིང་པོ་ན་འདུག་པ་རྣམས་ལ་ཡང་འགྱུར་བ། སྤྱི་དང་དེ་དང་ལྡན་པ་རྣམས་ནོར་དང་བདག་


DTG187_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་འབྲེལ་པ་ནི་ཡོད་པ་མ་ཡིན་གྱི། འོན་ཀྱང་འདུ་བས་ཡིན་ལ། དེ་ཡང་ཡུལ་གཅིག་པ་རྣམས་ཀྱི་ཡིན་ནོ། །ཕ་རོལ་པོ་དག་འཁྲུལ་པ་བརྗོད་པའི་ཕྱིར་སྨྲས་པ་ནི། གལ་ཏེ་གཟུགས་ལ་སོགས་པ་ནམ་མཁའ་ལ་མེད་ཀྱང་སྟེ། དེ་དག་ནི་ཡོན་ཏན་ཡིན་ཡང་ཡོན་ཏན་ཅན་བུམ་པ་ལ་སོགས་པ་ལ་འདུ་བ་ཡིན་གྱི། ནམ་མཁའ་ལ་ནི་མ་ཡིན་ཏེ། དེས་ན་དེའི་ཡུལ་ཅན་མ་ཡིན་ནོ། །བུམ་པ་ལ་སོགས་པ་ནི་ནམ་མཁའ་དང་སྦྱོར་བ་དེའི་ཡུལ་ཅན་ཡིན་པ་དེས་ན་གཟུགས་ལ་སོགས་པ་དེའི་ཡུལ་ཅན་མ་ཡིན་ཡང་ནམ་མཁའི་ཡུལ་ཅན་བུམ་པ་ལ་སོགས་པ་ཁྱད་པར་བྱེད་པ་ཡིན་ཏེ། འཕྲོད་པ་འདུ་བའི་ཕྱིར་རོ། །དེ་བས་ན་གང་གིས་གང་ཁྱབ་པར་བྱ་བ་དེས་ནི་ཁྱབ་བྱའི་ཡུལ་ཅན་དུ་གྱུར་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་མ་ངེས་སོ་ཞེ་ན། གང་ལས་གཟུགས་ལ་སོགས་པ་དང་བུམ་པ་ལ་སོགས་པ་ཡུལ་ཐ་མི་དད་པར་འགྱུར་བ་གྲུབ་པའི་མཐའ་ལས་གྲགས་པར་ལྡན་པ་དང་འདུ་བ་དག་ལས་ཡུལ་དང་ཡུལ་ཅན་གྱི་དངོས་པོ་གང་ཡིན་པ་ཡུལ་ལ་གནས་པ་ཉིད་འདི་ནི་རེ་ཞིག་བཞག་སྟེ། འཇིག་རྟེན་པ་ཉམས་སུ་མྱོང་བས་རྟོགས་པ་ཐ་དད་པ་འམ་ཐ་མི་དད་པ་ལ་བརྟེན་ནས་གང་གང་ན་མེད་པ་དེས་ནི་དེའི་ཡུལ་ཅན་བདག་ཉིད་ཀྱིས་ཁྱབ་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་དོ། །ཉམས་སུ་མྱོང་བས་གྲུབ་པའི་ཡུལ་ཐ་དད་པ་དང་ཐ་མི་དད་པ་དེ་ཉིད་བརྗོད་པར་རྣམ་པར་ཆད་པ་དང་མ་ཆད་པའི་དོན་དག་ཏུ་སྣང་བའི་རྣམ་པར་ཤེས་པ་སྐྱེད་པར་རུང་བའི་རང་བཞིན་གྱི་ཡུལ་ལ་བརྟེན་ནས་ཏེ། དོན་གཉིས་པོ་དག་རྣམ་པར་ཕྱེ་བར་སྣང་བའི་རྣམ་པར་ཤེས་པ་སྐྱེད་པར་དྲུང་བའི་རང་བཞིན་ནི་ཡུལ་ཐ་དད་པ་ཡིན་ལ། རྣམ་པར་ཕྱེ་བ་མེད་པར་སྣང་བའི་རྣམ་པར་ཤེས་པ་སྐྱེད་པར་རུང་བའི་མཚན་ཉིད་ནི་ཐ་མི་དད་པ་ཡིན་ནོ། །གཟུགས་དང་བུམ་པ་ལ་སོགས་པ་རྣམས་ལ་ནི་རྣམ་པར་བཅད་པར་སྣང་བའི་རྣམ་པར་ཤེས་པ་སྐྱེ་བ་མ་ཡིན་གྱི། འོན་ཀྱང་རྣམ་པར་མཆོད་པར་སྣང་བ་ཡིན་ནོ། །དེས་ན་བུམ་པ་དང་དེའི་གཟུགས་ལ་སོགས་པ་ནི་ཡུལ་ཐ་མི་དད་པ་ཉིད་དོ། །གལ་ཏེ་འདི་འཇིག་རྟེན་པ་ལ་བརྟེན་པའི་རྣམ་པར་སྤྱོད་པ་ནི་མ་ཡིན་ན། དེས་ན་འདིར་འཇིག་རྟེན་པའི་ཡུལ་གྱིས་ཅི་ཞིག་བྱ་ཞེ་ན། བཤད་པ།


DTG187_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་གྲུབ་པ་དག་ལ་ནི་ལྡན་པའི་འབྲེལ་པ་ཡིན་ལ། སོ་སོར་མ་ཡིན་པར་འགྲུབ་པར་གྲུབ་པ་དག་ལ་ནི་འདུ་བའི་འབྲེལ་པ་ཡིན་ནོ་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་ཡང་རྣམ་པར་གཞག་པ་ཡིན་པར་མཐོང་ངོ༌། །དེ་ལ་སོ་སོར་གྲུབ་པ་ནི་ཡུལ་ཐ་དད་པར་གྲུབ་པའོ། །སོ་སོར་མ་ཡིན་པར་གྲུབ་པ་ནི་ཡུལ་ཐ་དད་པར་མ་གྲུབ་པ་ཡིན་པའི་ཕྱིར་འདུ་བའི་འབྲེལ་པ་ཡིན་ནོ། །གལ་ཏེ་ཡུལ་ཐ་དད་བ་དང་ཐ་མི་དད་པ་ཉིད་བསྟན་བཅོས་ལས་གདོན་མི་ཟ་བར་བསྟེན་པར་བྱ་བ་ཡིན་ཡང་དེ་ཉིད་ཁོ་བོ་ཅག་བརྗོད་པའི་ཕྱིར་མི་རིགས་པ་ཅི་ཞིག་ཡོད། དེས་ན་འདིར་རང་གི་ངོ་བོས་ཁྱབ་པ་ནི་ཡོད་པས་ཁྱབ་པ་ཡིན་ལ། དེས་ན་ཉེ་བར་མི་གནས་པ་ཡང་དེ་ན་ཡོད་པ་མ་ཡིན་བའི་ཕྱིར་ཁྱབ་པར་བྱེད་པ་མེད་པས་འབྲེལ་པ་ཅན་ཉིད་ཉེ་བར་གནས་པ་མ་ཡིན་པ་ལས་ལྡོག་པ་ན་དེ་ན་ཉེ་བར་གནས་པས་ཁྱབ་པ་ཡིན་ནོ། །དེའི་ཕྱིར་སྤྱི་འདིའི་རང་ཡོད་པ་ཙམ་དང་འབྲེལ་པ་ཅན། འབྲེལ་པ་ཅན་གྱི་རྫས་ཀྱི་ཡུལ་ན་གནས་བར་བསྒྲུབ་པར་བྱ་བ་དེའི་ངོ་བོས་ཁྱབ་པས་དེ་དང་འབྲེལ་པ་ཅན་གང་ཡིན་པ་དེ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །གཟུ་བོ་འགའ་ཞིག་མཚུངས་པར་སྟོན་པ་ནི། གལ་ཏེ་རང་གི་རྟེན་ལ་ཁྱབ་པར་སྨྲ་བས་ཀྱང་རང་གི་རྟེན་གྱི་ཡུལ་ན་སྤྱི་གནས་པར་འདོད་པ་ཉིད་མ་ཡིན་ནམ། དེའི་ཕྱིར་ཕྱིར་རྒོལ་བ་མི་འདོད་པ་ཅི་ཞིག་ཡོད་ཅེ་ན། མི་འདོད་པ་གང་ཡིན་པ་དེ་བསྟན་པའི་ཕྱིར་བཤད་པ། སྤྱི་ནི་གཉིས་ཀྱང་བྱ་བ་མེད་པར་འདོད་པ་ཡིན་ནོ། །གཅིག་དང་འབྲེལ་པ་ཅན་གསལ་བ་དེ་སྐྱེ་བ་ལས་སྔོན་ཡུལ་དེ་ན་མེད་པའི་སྤྱི་དེ་ནི་གསལ་བ་དེའི་ཡུལ་ལས་ཡུལ་གཞན་དུ་སྔ་ན་མེད་པའི་གསལ་བ་སྐྱེ་བ་ན། བྱ་བ་མེད་པས་མི་འགྲོ་བའི་ཕྱིར་ཕྱིས་ཀྱང་གསལ་བ་དེ་དང་འབྲེལ་པར་མི་རུང་ངོ༌། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཡུལ་ཐ་དད་བ་དག་དང་ཅིག་ཅར་མངོན་པར་འབྲེལ་པ་ནི་སྤྱིའི་ཡུལ་ཐམས་ཅད་ཁྱབ་པ་ཡིན་ན་གྲུབ་བོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དངོས་པོ་གཅིག་དང་འབྲེལ་པ་ཅན་གྱི་དོན་གྱི་ཡུལ་གཞན་པ་སྔོན་མེད་སྐྱེས་པ་དག་དང་འབྲེལ་པ་ནི་སྔོན་ནས་ཡིན་ནོ། །དུ་མ་ནི་མ་སོང་ཡང་སྔ་ན་མེད་པ་དང་ལྷན་ཅིག་གནས་


DTG187_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་གྱི། སྤྱི་གཅིག་ནི་བྱ་བ་མེད་བའི་ཕྱིར་མ་སོང་བར་ཡུལ་གཞན་བ་དག་དང་ཅིག་ཅར་མངོན་པར་འབྲེལ་པ་ནི། གསོལ་བའི་ཁྱད་པར་དེ་དག་གི་བར་དེ་དག་གསལ་བ་གཞན་གྱི་བདག་ཉིད་དང༌། གསལ་བས་སྟོང་པའི་ཡུལ་གྱི་བདག་ཉིད་གང་ཡིན་པ་དེ་ཁྱབ་པ་སྟེ་ཟིན་པ་དེ་མེད་ན་མི་འབྱུང་བ་དེར་མི་འཁྲུལ་པ་ཡིན་ནོ། །དཔེ་བཤད་པ་ནི། དཔེར་ན་ཡུལ་དུ་མན་གནས་བའི་བུམ་པ་ལ་སོགས་པ་དང་མངོན་པར་འབྲེལ་པ་ཉི་མ་ལ་སོགས་པ་དེ་བཞིན་དུའོ། །རང་གི་རྟེན་ཙམ་ཐམས་ཅད་ལ་ཡོད་པར་སྨྲ་བ་པེ་ཐ་རེའི་སྦྱོར་བ་ཡང་སྤྱི་ནི་ཐམས་ཅད་དུ་སོང་བ་མ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ། །དམིགས་པའི་ཡུལ་དུ་འགྱུར་བ་ལས་གསལ་བའི་བར་དག་ཏུ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །སྤྱིའི་དམིགས་པའི་མཚན་ཉིད་དུ་གྱུར་པ་ཡང་གང་ཞིག་ཡིན་ཞེ་ན། མངོན་པར་གསལ་བ་དེར་འཛིན་པའི་ཤེས་པ་སྐྱེད་པའི་ཕྱིར་སྤྱི་གསལ་བར་བྱ་བ་ཡིན་ནོ། །དེས་ན་གསལ་བ་རྣམས་ཀྱི་ཤེས་པའི་ཡུལ་ཉིད་དུ་བསྒྲུབ་པ་ནི་མངོན་པར་གསལ་བ་ཡིན་ནོ། །གལ་ཏེ་དེ་ལྟ་ན་གསལ་བ་ལ་ལར་དེ་མངོན་པར་གསལ་བ་ཡིན་གྱི་ཐམས་ཅད་དུ་ནི་མ་ཡིན་ནོ་ཞེ་ན། བཤད་པ། སྤྱི་ཐ་དད་པ་མེད་བའི་ཕྱིར་གསལ་བ་གཅིག་ལ་གསལ་བའི་རྒྱུས་ཡུལ་ཐམས་ཅད་དུ་གསལ་བའི་ཕྱིར་མི་གསལ་བའི་རང་བཞིན་དང་བྲལ་བའོ། །འདི་སྙམ་དུ་ཆོད་པས་ཐམས་ཅད་དུ་མངོན་པར་གསལ་བ་མ་ཡིན་ནོ་ཞེ་ན། བཤད་པ། ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་མཆོད་པ་ཡིན་ནོ། །སྤྱི་གཅིག་ཉིད་ནི་ཆོད་པ་དང་མ་ཆོད་པར་འགྱུར་བ་མ་ཡིན་ལ། མཆོད་པའི་ཡུལ་དུ་ཡང་དམིགས་པ་མེད་དོ། །འོ་ན་ཐག་རིང་པོར་གནས་པས་མི་གསལ་བ་ཡིན་ནོ་ཞེ་ན། ཐ་མི་དད་པ་ཉིད་ཀྱི་ཕྱིར་ཐག་རིང་པོར་གནས་པ་མ་ཡིན་ནོ། །ཐག་རིང་པོར་གནས་པ་མ་ཡིན་པར་ཡང་མི་དམིགས་སོ། །འོ་ན་བལྟར་མི་རུང་བའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། བལྟར་རུང་བའི་བདག་ཉིད་ཀྱང་ཐ་དད་བ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་བལྟར་རུང་བ་དང་མི་རུང་བ་མ་ཡིན་ལ། གང་དུ་ལན་ཅིག་མ་ཡིན་པར་མཐོང་བ་དེ་ཡང་དམིགས་བ་མེད་དོ། །འོ་ན་རང་གི་རྟེན་དང་དབང་པོ་འབྲེལ་བ་


DTG187_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཕྱིར་ཐམས་ཅད་དུ་གསལ་བ་མ་ཡིན་ནོ་ཞེ་ན། བཤད་པ། སྤྱིའི་རང་གི་བརྟེན་ཏེ་རང་གི་རྟེན་དེ་དང་དབང་པོ་འབྲེལ་པ་ཡང་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སྤྱི་གཅིག་ཡིན་པའི་ཕྱིར་རྟེན་གཅིག་དབང་པོ་དང་འབྲེལ་བ་ཡིན་ན་གང་དུ་ཡང་རྟེན་དབང་པོ་དེ་དང་མ་འབྲེལ་པར་མི་འགྱུར་རོ། །དེ་ལྟ་ན་ནི་འོ་ན་རང་བཞིན་ཅི་སྲིད་རྟེན་དང་འབྲེལ་པ་དེ་སྲིད་ཉིད་དམིགས་པ་ཡིན་ཏེ། དེས་ན་ཐམས་ཅད་དུ་མངོན་པར་གསལ་བ་མ་ཡིན་ནོ་ཞེ་ན། བཤད་པ། རྟེན་དང་འདུ་བ་མེད་པའི་རང་བཞིན་དང་བྲལ་བ་ཡང་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་རོ། གཅིག་པོ་དེ་ལ་རང་གི་རྟེན་དང་འདུ་བའི་རང་བཞིན་མི་འདུ་བའི་རང་བཞིན་ནི་མེད་དོ། །འདི་སྙམ་དུ་སྤྱི་དང་ཡུལ་མཚུངས་པའི་སྤྱིའི་རྟེན་དབང་པོ་དང་སྦྱོར་བ་ལ་ལྟོས་ཏེ། སྤྱི་དམིགས་པ་ཡིན་ནོ། །སྤྱི་ནི་གང་ན་བདག་ཉིད་དང་མཚུངས་པའི་རྟེན་དབང་པོ་དང་སྦྱོར་བ་ཡོད་པ་དེར་གསལ་བར་འགྱུར་བ་ཡིན་ན། གསལ་བའི་བར་དག་ན་ནི་དབང་པོ་དང་ལྡན་པའི་རྟེན་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དེར་སྤྱི་དམིགས་པ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་སྤྱི་འདི་རྟེན་དང་ཡུལ་མཚུངས་པའི་རང་བཞིན་དང༌། རྟེན་དང་ཡུལ་མི་མཚུངས་པའི་རང་བཞིན་དུ་ཐལ་ལ། འགལ་བའི་ཆོས་དག་ལ་ཐ་དད་པ་མེད་པར་འགལ་ལོ། །དེ་བཞིན་དུ་བལྟར་རུང་བ་དང་མི་རུང་བ་ཉིད་ལ་སོགས་པ་སྔར་བརྗོད་པ་ཐམས་ཅད་དུ་ཐལ་བར་འགྱུར་རོ། །རྟེན་གྱི་དབང་གིས་བལྟར་རུང་བ་དང་མི་རུང་བའི་བདག་ཉིད་ནི་གཅིག་པར་འགལ་ལོ་ཞེས་བསྟན་ནས། མཇུག་སྡུད་པར་བྱེད་པ་ནི་དེ་བས་ན་མི་དམིགས་པ་འདི་འདྲ་བ་འདི་དང༌། སྔར་བཤད་པའི་རང་བཞིན་ནི་ཕན་ཚུན་འགལ་བའི་དོན་བསྒྲུབ་པ་ཡིན་ལ། གཅིག་ལ་འགལ་བའི་ཆོས་འདུ་བར་ཡང་མི་འཐད་པ་དེས་ན། འགལ་བ་མི་འཁྲུལ་བ་ཅན་དག་ནི་ཐེ་ཚོམ་སྐྱེད་པར་བྱེད་དོ། །གལ་ཏེ་མ་མཐོང་བ་དང་ཅིག་ཅར་མངོན་པར་འབྲེལ་བ་དག་མ་ཁྱབ་པ་དང༌། ཐམས་ཅད་དུ་སོང་བ་འགལ་བ་གཉིས་ཀྱིས་ཁྱབ་པ་ནི་དངོས་པོ་ལ་འགལ་བ་མ་ཡིན་ནམ། དེ་ཅིའི་ཕྱིར་བསྟན་བཅོས་བྱེད་པས་སྨྲས་པ་ཡིན་ཞེ་ན། བཤད་པ། དེ་དག་དངོས་སུ་འགལ་བ་མེད་པའི་ཕྱིར་མ་དམིགས་


DTG187_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཐམས་ཅད་དང་འབྲེལ་པ་ཅན་དག་གིས་འགལ་བ་མ་ཁྱབ་པ་དང༌། ཐམས་ཅད་དུ་སོང་བ་དག་མེད་ན་མི་འབྱུང་བ་ཉིད་མ་མཐོང་བས་ཆོས་དེ་གཉིས་བཤད་པ་ཡིན་ཏེ། དེས་ན་འགལ་བ་མི་འཁྲུལ་པ་ཅན་སྲིད་དོ། །དངོས་པོ་དང་འབྲེལ་པའི་རྗེས་སུ་དཔག་པ་ལ་ནི་ཚུལ་འདི་མ་ཡིན་ཏེ། གང་གི་ཕྱིར་དེང་ནི་ཚད་མས་གྲུབ་པའི་ཆོས་གཟུང་བར་བྱ་བ་ཡིན་ནོ། །ཅི་ལྟར་འགལ་བའི་དངོས་པོ་དག་གཅིག་ལ་མི་སྲིད་པ་དེ་བཞིན་དུ་དེ་དག་གིས་ཁྱབ་པ་དག་ཀྱང་གཅིག་ལ་མི་སྲིད་པ་དེ་ཡིན་པ་དེའི་ཕྱིར་འགའ་བས་ཁྱབ་པ་དེ་དག་གཅིག་ལ་ཡོད་པ་མ་ཡིན་ནོ། །དེས་ན་འདིར་དངོས་པོ་དང་འབྲེལ་པའི་རྗེས་སུ་དཔག་པ་ལ་ནི་མ་ཡིན་ནོ། །དེ་བས་ན་འགལ་བ་ནི་མི་འཁྲུལ་པ་ཅན་འདི་ནི་ཁས་བླངས་པའི་སྟོབས་ཀྱིས་འཇུག་པ་ཡིན་གྱི། དངོས་པོ་ལ་བརྟེན་པ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་བྱས་པ་ཉིད་འགལ་བ་མི་འཁྲུལ་པ་ཅན་གྱི་དཔེར་བརྗོད་ཅེ་ན། ཕྱོགས་ཙམ་ཞིག་བསྟན་པའི་ཕྱིར་རོ། །གལ་ཏེ་བྱས་པ་ཉིད་ལུང་ལས་གྲུབ་པ་གཟུང་བ་ཡིན་ན། དེ་སྒྲ་ཉིད་བཞིན་དུ་དཔེར་བརྗོད་པའི་ཕྱིར་འདི་ནི་ཕྱོགས་ཙམ་ཡིན་ནོ། །སྒྲ་རྟག་སྟེ་མཉན་བྱ་ཡིན་པའི་ཕྱིར་ཞེས་བྱ་བའི་སྦྱོར་བ་འདི་ལ་ནི་ཚད་མ་ཅན་མ་ཡིན་པའི་དངོས་པོ་གསུམ་སྟེ། སྒྲ་ལས་ཐ་དད་པའི་སྒྲ་ཉིད་དང༌། དབང་པོས་རྟོགས་པར་བྱ་བ་དར། རྟག་པ་སྟེ། ཚད་མ་ཅན་མ་ཡིན་པ་གསུམ་པོ་དེ་ལས་སྒྲ་རྟག་སྟེ་མཉན་བྱ་ཡིན་པའི་ཕྱིར་ཞེས་བྱ་བའི་ཚད་མ་འདི་འཇུག་པ་ཡིན་ནོ། །དེའི་ཕྱིར་ཉེ་བར་བཀོད་ཀྱང་འདི་ནི་ཚད་མས་གྲུབ་པའི་ཚུལ་གསུམ་པ་བྱས་པ་ཉིད་ཀྱིས་གེགས་བྱེད་པ་མ་ཡིན་ནོ་བྱས་པ་ཉིད་ཉེ་བར་འགོད་པའི་སྐབས་སུ་ནི་འདི་སྲིད་པ་ཡང་མ་ཡིན་ནོ། །གང་གི་ཕྱིར་འདི་ལུང་ལ་བརྟེན་པ་དང༌། དངོས་པོས་བྱས་པ་ཉེ་བར་འགོད་པ་ནི་ལུང་ལ་བརྟེན་པ་མ་ཡིན་པའི་ཕྱིར་ལུང་ཉེ་བར་དགོད་པ་མི་རིགས་པ་དེའི་ཕྱིར་གང་གིས་བྱས་པ་ཉིད་གེགས་བྱེད་པར་འགྱུར་བ་འདི་ག་ལ་སྲིད། སྒྲ་ཉིད་ཅི་སྐད་བཤད་པའི་ཡོན་ཏན་དང་ལྡན་པ་ཚད་མས་གྲུབ་པ་དེ་ལྟ་ན་ཡང༌། མཉན་བྱ་ཉིད་དང་བསྒྲུབ་པར་བྱ་བ་རྟག་པར་བྱ་བ་ནི་འབྲེལ་པ་ནི་འབྲེལ་པ་ཡིན་ཏེ། འབའ་ཞིག་ཏུ་ནི་ལྷན་ཅིག་པ་ཙམ་གྱིས་ནི་གང་མཉན་བྱ་དེ་ནི་རྟག་པ་ཉིད་དོ་


DTG187_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དེ་དག་དེ་ལྟར་མི་འཁྲུལ་པ་ཅན་དུ་མི་འགྲུབ་པོ། །དེས་ན་མཉན་བྱ་ཉིད་ནི་བྱས་པའི་གེགས་བྱེད་པ་མ་ཡིན་པའི་ཕྱིར་འདི་ནི་ཕྱོགས་ཙམ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ལེའུ་གཉིས་པར་གཏན་ཚིགས་ཀྱི་མཚན་ཉིད་དང༌། འདི་ནི་སྦྱོར་པ་དང༌། གཏན་ཚིགས་ལྟར་སྣང་བ་རྣམས་ཀྱི་མཚན་ཉིད་བཤད་དོ། །དེ་ལ་གཏན་ཚིགས་ཀྱི་སྦྱོར་བ་དཔེ་དང་བཅས་པ་ཉིད་ཡིན་པ་དེས་ན་ཅི་ལྟར་དཔེའི་མཚན་ཉིད་མི་བརྗོད་ཅེ་ན། བཤད་པ། གཏན་ཚིགས་མཚན་ཉིད་གསུམ་ཡིན་ཕྱིར། །དཔེ་ནི་གཏན་ཚིགས་ལས་ལོགས་ཤིག་བརྗོད་བྱ་མིན། གལ་ཏེ་གཏན་ཚིགས་ཀྱི་མཚན་ཉིད་གསུམ་མིན་མོད། དཔེ་གོ་ཅི་སྟེ་མི་བརྗོད་ཅེ་ན། གཏན་ཚིགས་ཀྱི་མཚན་ཉིད་གསུམ་བཤད་པ་ཞེས་སྨོས་སོ། །འདི་སྙམ་དུ་དེ་ཙམ་གྱིས་དོན་མི་རྟོགས་པས་སོ་སྙམ་ན། བཤད་པ། དེ་ཙམ་གྱིས་བསྒྲུབ་བར་བྱ་བའི་དོན་རྟོགས་ཏེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དཔེ་ཞེས་བྱ་བ་གྲུབ་པའི་ཡན་ལག་གཞན་ནི་ཡོད་པ་མ་ཡིན་བ་གང་ཡིན་པ་དེས་ན་དཔེ་དེའི་མཚན་ཉིད་ལོགས་ཤིག་ཏུ་མ་བཤད་དེ། སྒྲུབ་པའི་ཡན་ལག་གཞན་མེད་མོད། གཏན་ཚིགས་ཀྱི་རྗེས་སུ་འགྲོ་ལྡོག་སྒྲུབ་པར་བྱེད་པ་གནོད་པར་བྱེད་པའི་ཚད་མ་དེ་ནི་དཔེ་ལ་བརྟེན་བར་བཤད་དེ། དེས་ན་དེའི་མཚན་ཉིད་ལོགས་སུ་བཤད་པར་བྱའོ། །ཞེ་ན་བརྗོད་པར་མི་བྱ་སྟེ། དཔེ་བརྗོད་པའི་འབྲས་བུ་ནི་གྲུབ་ཟིན་པའི་ཕྱིར་རོ། །དཔེ་དེ་ཁོ་ན་ཉིད་ནི་གཏན་ཚིགས་ཀྱི་མཚན་ཉིད་ཤེས་པ་ཉིད་ཀྱིས་ཤེས་ལ། མཚན་ཉིད་བརྗོད་པའི་དགོས་པ་ཡང་དེ་ཁོ་ན་ཤེས་པ་ཡིན་ནོ། །ཅི་ལྟར་གཏན་ཚིགས་ཀྱི་མཚན་ཉིད་ལས་དཔེ་ཤེས་བ་དེ་ལྟར་བསྟན་པའི་ཕྱིར་བཤད་བ། གཏན་ཚིགས་ནི་མི་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ལྡོག་པའི་ཚུལ་དུ་བྱེ་བྲག་མེད་པར་བཤད་ལ། ངེས་པ་ན་ཡང་གསལ་བའི་བྱེ་བྲག་ལ་ཁྱད་བར་ཅན་དུ་འགྱུར་བ་ཡིན་པས། དེས་ན་འབྲས་བུ་བསྒྲུབ་པར་བྱ་བ་ལས་སྐྱེ་བ་དང༌། རང་བཞིན་བསྒྲུབ་བར་བྱ་བ་སྒྲུབ་པར་བྱེད་པ་ཙམ་གྱིས་རྗེས་སུ་འབྲེལ་པའི་ཁྱད་པར་ཅན་གྱི་ཚུལ་དུ་བསྟན་བར་བྱ་བར་བཤད་དོ། །དེ་ལྟ་མ་ཡིན་ན་སྤྱི་བསྟན་པར་མི་ནུས་པའི་ཕྱིར་རོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚུལ་དེ་ཡང་གང་ན་ཞེས་བྱ་བ་ལ་སོགས་པ་རྗེས་སུ་འགྲོ་བའི་


DTG187_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གམ། ལྡོག་པའི་ངག་གིས་སྟོན་པར་བྱེད་པས་ཚང་མང་དང་གཞན་བ་དག་གམ། བུམ་པ་དང་ནམ་མཁའ་དག་བསྟན་པར་བྱ་བ་ཡིན་ཏེ། གང་དུ་མངོན་སུམ་དང་མི་དམིགས་པའི་སྒྲུབ་པར་བྱེད་པ་ཅན་རྒྱུ་དང་འབྲས་བུའི་དངོས་པོ་གནས་བ་ཚང་མང་ལ་སོགས་པ་དེ་ནི་མངོན་སུམ་དང་མི་དམིགས་པའི་ཚད་མའི་ཡུལ་དུ་བསྟན་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྗེས་སུ་འགྲོ་བ་དང་ལྡོག་པའི་རྒྱུ་མཚན་འབྲེལ་བ་ཉིད་མི་འགྲུབ་བོ། །ལྡོག་པའི་ངག་ལ་ཡང་རྒྱུ་དང་འབྲས་བུའི་དངོས་བོ་ཉིད་ཀྱིས་མེ་ལོག་ན་དུ་བ་ལྡོག་པའི་ཡུལ་གཞན་མཚེའུ་ཆེན་པོ་ལ་སོགས་པ་ཡང་བསྟན་པར་བྱའོ། །རང་བཞིན་གྱི་གཏན་ཚིགས་ཀྱི་དངོས་པོ་ཐམས་ཅད་ཀྱི་ཡུལ་ཅན་གནོད་པར་བྱེད་པའི་ཚད་མས་རང་གི་བསྒྲུབ་བྱས་ཁྱབ་པར་བསྒྲུབ་པར་བྱ་བ་ཡིན་ནོ། །དེས་ན་དེ་དག་གི་ནང་ནས་བུམ་པ་ལ་སོགས་པའི་ཆོས་ཅན་གང་ཡང་རུང་སྟེ། གནོད་པར་བྱེད་པའི་ཚད་མའི་ཡུལ་ཉེ་བར་མཚོན་པའི་ཕྱིར་བསྟན་པར་བྱའོ། །དེའི་བདག་ཉིད་ཡིན་པ་ཉིད་ཀྱིས་མི་རྟག་པ་ལོག་ན་བྱས་པ་ལྡོག་པའི་ཡུལ་ནམ་མཁའ་ལ་སོགས་པར་བསྟན་པར་བྱའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་འབྲེལ་བ་སྒྲུབ་བྱེད་ཀྱི་ཚད་མའི་ཡུལ་རབ་ཏུ་མ་བསྟན་ན། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པ་དག་བསྟན་པར་མི་ནུས་ཏེ། ཁྱད་པར་མ་རྟོགས་པར་སྤྱི་མི་རྟོགས་པའི་ཕྱིར་རོ། །བསྒྲུབ་བྱའི་འབྲས་བུའི་རང་བཞིན་རང་གི་བསྒྲུབ་བྱ་ལ་ངེས་པའི་འབྲས་བུའམ་རང་གི་བསྒྲུབ་བྱའི་རང་གི་ངོ་བོས་ཁྱབ་པ་ཡང་བསྟན་པར་མི་ནུས་ཏེ། འབྲེལ་པ་སྒྲུབ་བྱེད་ཀྱི་ཚད་མ་རབ་ཏུ་མ་བསྟན་པའི་ཕྱིར་རོ། །དེས་ཅིར་འགྱུར་ཞེ་ན། དེས་ན་སྤྱི་དང་ཁྱད་པར་གྱི་རང་བཞིན་གྱི་དོན་བསྟན་པར་བྱ་བ་འདི་བསྟན་ན་ཡང་དཔེ་བསྟན་པ་ཉིད་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དཔེའི་ཚུལ་ནི་འདི་ཙམ་དུ་ཟད་པའི་ཕྱིར་ཏེ། སྤྱི་དང་ཁྱད་པར་གྱི་མཚན་ཉིད་བསྒྲུབ་པའི་རང་བཞིན་དུ་ཟད་པའི་ཕྱིར་རོ། །སྤྱི་དང་ཁྱད་པར་གྱི་མཚན་ཉིད་བསྟན་པར་བྱ་བ་སྟོན་པར་ནུས་པའི་དོན་གང་ཡིན་པ་དེ་ཉིད་ནི་དཔེ་ཡིན་ནོ། །གཏན་ཚིགས་ཀྱི་མཚན་ཉིད་བསྒྲུབ་པའི་ཡུལ་དཔེ་འདིས་ནི་དཔེ་ལྟར་སྣང་བ་ཡང་གསལ་བ་ཡིན་ཏེ། གཏན་ཚིགས་ཀྱི་ཁྱབ་པ་བསྒྲུབ་པའི་ཕྱིར་ཉེ་བར་བཀོད་པ་དེར་མི་ནུས་པ་ནི་དཔེ་ལྟར་སྣང་བའོ་ཞེས་དོན་


DTG187_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཤད་པར་འགྱུར་རོ། །དཔེའི་ཉེས་པ་དེ་དག་ཉིད་དཔེར་བརྗོད་པའི་ཕྱིར་བཤད་པ་ནི། དཔེར་ན་ཞེས་བྱ་བའོ། །སྒྲ་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ཞིང༌། ལུས་ཅན་མ་ཡིན་པ་གཏན་ཚིགས་སུ་བཀོད་པ་ན། ལས་དང་རྡུལ་ཕྲ་རབ་དང་བུམ་པ་རྣམས་བསྒྲུབ་པར་བྱ་བ་ལ་སོགས་པ་གང་ཡིན་པ་དེ་དག་གིས་སྟོང་པ་ཡིན་ནོ། །ལས་ནི་བསྒྲུབ་པར་བྱ་བ་རྟག་པས་སྟོང་པ་ཡིན་ནོ། །རྡུལ་ཕྲ་རབ་ནི་སྒྲུབ་པར་བྱེད་པས་སྟོང་པ་སྟེ། ལུས་ཅན་རྫས་ཐམས་ཅད་དུ་སོང་བ་མ་ཡིན་པའི་ཚད་ནི་རྡུལ་ཕྲ་རབ་ལ་ཡོད་དེ། ལུས་ཅན་མ་ཡིན་པ་ནི་མ་ཡིན་ནོ། །བུམ་པ་ནི་མི་རྟག་པ་དང་ལུས་ཅན་ཡིན་པ་དེས་ན་གཉིས་ཀས་སྟོང་པ་ཡིན་ནོ། །ཐེ་ཚོམ་ཟ་བ་ཡང་བསྒྲུབ་བར་བྱ་བ་ལ་སོགས་པ་ཉིད་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །དཔེར་བརྗོད་པ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པར་བསྒྲུབ་པར་བྱ་ཞིང༌། གཏན་ཚིགས་སྨྲ་བ་ལ་སོགས་པ་ལ་ལམ་པོ་ཆེའི་མི་ནི་བསྒྲུབ་བྱའི་ཆོས་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །འཆི་བའི་ཆོས་ཅན་དུ་བསྒྲུབ་པ་ལ་ནི་ལམ་པོ་ཆེའི་མི་ལ་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཉིད་དུ་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་བསྒྲུབ་པར་བྱ་བ་དང༌། འདོད་ཆགས་ལ་སོགས་པ་དང་ལྡན་པ་གཏན་ཚིགས་སུ་བྱས་པ་ལ་ནི་ལམ་པོ་ཆེའི་མི་གཉི་ག་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་བཞིན་དུ་རྗེས་སུ་འགྲོ་བ་མེད་པའི་དཔེ་དང་རྗེས་སུ་འགྲོ་བ་ཡོད་ཀྱང་གང་ལ་སྐྱེས་བུས་རྗེས་སུ་འགྲོ་བ་མ་བསྟན་པ་དེ་ནི་རྗེས་སུ་འགྲོ་བ་མ་བསྟན་པའི་དཔེའོ། །རྗེས་སུ་འགྲོ་བ་མེད་པ་དཔེར་བརྗོད་པ་ནི་དཔེར་ན་གང་ཅུང་ཟད་སྨྲ་བ་དེ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པ་སྟེ་ཞེས་ཁྱད་པར་བསྟན་པའི་ཕྱིར་འདོད་པའི་མི་དཔེར་བྱས་པའོ། །གལ་ཏེ་བདག་རང་ཉིད་ལ་སྨྲ་བ་ཉིད་དང༌། འདོད་ཆགས་ལ་སོགས་པ་དང་ལྡན་པ་ཉིད་མཐོང་བ་དེ་ལྟ་ན་ཡང་འདིར་དོན་ཐམས་ཅད་ཉེ་བར་བསྡུས་པས་རྗེས་སུ་འགྲོ་བ་བསྟན་པར་ནི་མི་ནུས་པས་རྗེས་སུ་འགྲོ་བ་མེད་པ་ཡིན་ནོ། །སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་བྱ་བའི་སྦྱོར་བ་ལ་དཔེ་བུམ་པ་ནི་རྗེས་སུ་འགྲོ་བ་རབ་ཏུ་མ་བསྟན་པ་ཡིན་ནོ། །འདིར་དོན་གང་བསྟན་པའི་ཕྱིར་དཔེ་ཉེ་བར་བླངས་པ་རྗེས་སུ་འགྲོ་བ་རབ་ཏུ་བསྟན་བར་འགྱུར་བ་རྗེས་སུ་འགྲོ་བའི་ངག་སྦྱོར་བ་མེད་


DTG187_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དོན་དམ་པར་ནི་རྗེས་སུ་འགྲོ་བ་ཡོད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་འདི་ནི་སྨྲ་བ་པོའི་སྐྱོན་ཡིན་ན། །དཔེ་བུམ་པ་ལ་མི་རྟག་པ་ཉིད་ལ་མི་འཁྲུལ་བར་ཤེས་པའི་བྱས་པ་ཉིད་ལས་སྒྲ་མི་རྟག་བར་རྟོགས་པ་ཡིན་ན། འདིར་ནི་མི་རྟག་པ་ཉིད་ལ་བྱས་པ་མི་འཁྲུལ་པར་མ་བརྗོད་དོ། །འོན་ཀྱང་ངག་འདི་ལ་ནི་ཆོས་མཐུན་པས་བྱས་པའི་ལྷན་ཅིག་སྤྱོད་པར་བརྗོད་དེ། ཅི་ལྟར་བུམ་པ་བྱས་པ་མི་རྟག་པ་དེ་བཞིན་དུ་སྒྲ་ཡང་བྱས་པ་ཡིན་པས་ནི་རྟག་པར་འགྱུར་རོ། །ཆོས་འགའ་ཞིག་གིས་ཆོས་མཐུན་པ་ཙམ་གྱིས་ནི་གཞན་གྱི་ཆོས་གཞན་གྱིས་ཀྱང་མཚུངས་པར་ནི་འོས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་དཔེ་གང་ལ་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ཡོད་པ་དེ་ནི་དེ་སྐད་ཅེས་བྱའོ། །འདི་སྐད་གང་བྱས་པ་དེ་ནི་མི་རྟག་པ་ཉིད་དོ་ཞེས་བྱས་པ་ཉིད་མི་རྟག་པ་ཉིད་ལ་ངེས་པར་བསྟན་པར་བྱ་བ་ཡིན་ཏེ། དེ་ལྟ་ན་ནི་དེ་ལས་བསྒྲུབ་བྱ་རྟོགས་པར་འགྱུར་རོ། །གང་གི་ཚེ་གང་མི་རྟག་པ་དེ་ནི་བྱས་པ་ཉིད་དོ་ཞེས་བྱས་པ་ཉིད་ལ་མི་རྟག་པ་ངེས་པར་བྱས་པ་དེའི་ཚེ་ནི་བྱས་པ་མི་རྟག་པ་ལ་ངེས་པར་མ་བརྗོད་པ་དེས་ན་གཞན་ལ་ཡང་འཇུག་པར་དོགས་པས་གོ་བར་བྱེད་པར་མི་འགྱུར་རོ། །དེའི་ཕྱིར་རང་བཞིན་གང་གིས་གཏན་ཚིགས་གོ་བར་བྱེད་པའི་རང་བཞིན་དེ་དཔེས་མ་བསྟན་པའི་ཕྱིར་སྨྲ་བ་པོའི་ཉེས་པས་དཔེ་སྐྱོན་ཆགས་པ་ཡིན་ནོ། །དཔེ་སྐྱོན་དགུ་བོ་འདི་དག་ནི་ཆོས་མཐུན་པ་ཡིན་ནོ། །ཆོས་མི་མཐུན་པས་ཀྱང་གང་རྟག་པ་མ་ཡིན་པ་དེ་ནི་ལུས་ཅན་མ་ཡིན་པ་མ་ཡིན་ནོ་ཞེས་བསྒྲུབ་བྱ་ལོག་པས་སྒྲུབ་བྱེད་ལྡོག་པ་ལ། རྡུལ་ཕྲ་རབ་དང་ལས་དང་ནམ་མཁའི་དཔེ་རྣམས་ནི་བསྒྲུབ་པར་བྱ་བ་ལ་སོགས་པ་ལྡོག་པ་མེད་པ་ཅན་ཡིན་ནོ། །རྡུལ་ཕྲ་རབ་ནི་རྟག་པས་རྟག་པ་ཉིད་ལོག་པ་མེད་དོ། །ལས་ནི་ལུས་ཅན་མ་ཡིན་པས་ལུས་ཅན་མ་ཡིན་པ་མེད་པ་མ་ཡིན་ནོ། །ནམ་མཁའ་ནི་རྟག་པ་དང་ལུས་ཅན་མ་ཡིན་པས་གཉི་ག་ལྡོག་པ་མེད་དོ། །དཔེ་གང་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བ་དེ་ལ་སོགས་པ་ཡང་བརྗོད་པ་སྟེ། དེས་ན་རིགས་པའི་ཐིགས་པ་ཅི་ལྟ་བ་བཞིན་ནོ། །ལྡོག་པ་རབ་ཏུ་མ་བསྟན་པ་ནི་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་ནམ་མཁའ་བཞིན་ནོ་ཞེས་བྱ་བའོ། །ལྡོག་པ་ཕྱིན་ཅི་ལོག་པ་ནི་གང་མ་བྱས་པ་དེ་ནི་རྟག་པ་སྟེ། དཔེར་ན་ནམ་མཁའ་བཞིན་ནོ་ཞེས་བརྗོད་བ་ཡིན་ནོ། །གང་གི་ཕྱིར་


DTG187_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མི་མཐུན་པའི་དཔེ་ལ་ནི་བསྒྲུབ་པར་བྱ་བ་ལོག་པ་སྒྲུབ་བྱེད་ལོག་པ་ལ་ངེས་པར་བསྟན་པར་བྱ་བ་ཡིན་ཏེ། དེ་ལྟར་ན་གང་ན་སྒྲུབ་བྱེད་ཡོད་པ་དེར་བསྒྲུབ་བྱ་འགྲུབ་པར་འགྱུར་རོ། །འདིར་གཅིག་ལ་ནི་ཅི་ལྟར་ནམ་མཁའ་རྟག་བར་བྱས་པ་མ་ཡིན་པ་དེ་བཞིན་དུ་སྒྲ་ནི་བྱས་པ་མ་ཡིན་པ་མ་ཡིན་ཏེ། འོན་ཀྱང་བྱས་པ་ཡིན་ནོ་ཞེས་མ་བྱས་པ་ཉིད་ཀྱིས་ཆོས་མི་མཚུངས་པ་ཙམ་ཞིག་བསྟན་པ་ཡིན་ནོ། །ཆོས་གཅིག་གིས་ཆོས་མི་མཐུན་པ་ཙམ་གྱིས་ནི་ཆོས་ཐམས་ཅད་ཀྱི་ཆོས་མི་མཐུན་པར་ངེས་པ་མ་ཡིན་ཏེ། ཐམས་ཅད་ཐམས་ཅད་དང་ཆོས་མཐུན་པ་དང་མི་མཐུན་པར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་གོ་བར་བྱེད་པའི་རྒྱུ་མཚན་གྱི་ལྡོག་པས་བསྟན་པའི་ཕྱིར་སྐྱེས་བུའི་ཉེས་པས་དཔེ་སྐྱོན་ཆགས་པ་ཡིན་ནོ། །གཞན་ལ་ནི་སྒྲུབ་བྱེད་ལོག་པ་བསྒྲུབ་བྱ་ལྡོག་པ་ལ་ངེས་པར་བསྟན་ཏོ། །གང་མ་བྱས་པ་དེ་ནི་ཞེས་སྒྲུབ་བྱེད་ལོག་པ་རྗེས་སུ་བརྗོད་ནས། དེས་ནི་རྟག་པའོ་ཞེས་བསྒྲུབ་བྱ་ལོག་པ་བསྒྲུབ་པའི་ཕྱིར་རོ། །གལ་ཏེ་བསྒྲུབ་བྱ་རྩོལ་བ་ལས་བྱུང་བ་ཉིད་ཡོད་པ་ལས་སྒྲུབ་བྱེད་མི་རྟག་པ་ཉིད་ལྡོག་པ་མེད་པ་དེ་ལྟ་ན་ཡང་མི་རྟག་བ་ཉིད་གོ་བར་བྱེད་པ་མ་ཡིན་ནོ། །དེས་ན་ལྡོག་པ་ཕྱིན་ཅི་ལོག་ཀྱང་སྐྱེས་བུའི་ཉེས་པ་ལས་ཡིན་ནོ། །ཡང་ཅིའི་ཕྱིར་འདི་དག་སྐྱོན་ཆགས་པ་ཡིན་ཞིང་ཅི་ལྟར་ན་གསལ་བ་ཡིན་ཞེ་ན། གང་གི་ཕྱིར་འདི་དག་གིས་ནི་གཏན་ཚིགས་ཀྱི་སྤྱིའི་མཚན་ཉིད་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་བ་དང་མེད་པ་ཉིད་དམ། བྱེ་བྲག་གི་མཚན་ཉིད་དེའི་བདག་དང་དེ་ལས་བྱུང་བ་བསྟན་པར་མི་ནུས་ཏེ། དེའི་ཕྱིར་དོན་གྱི་འོངས་པས་དེ་དག་གསལ་བར་བྱའོ། །གལ་ཏེ་དཔེ་གཏན་ཚིགས་ཀྱི་ཚུལ་གྱིས་གནོད་པར་བྱེད་པའི་ཚད་མའི་ཡུལ་ཉིད་ལ་མ་རེག་པར་དེ་ཡན་ལག་མ་ཡིན་པར་རང་རྒྱུད་ཉིད་དུ་སྒྲུབ་པར་བྱེད་པའི་ཡན་ལག་ཡིན་ན་དེའི་ཚེ། གཏན་ཚིགས་ཀྱི་ཚུལ་ལ་མ་རེག་པ་ཡིན་ནའང་བསྒྲུབ་བྱའི་དོན་དང་དཔེ་མ་འབྲེལ་པའི་ཕྱིར་དཔེ་དོན་མེད་པར་འགྱུར་རོ། །དེ་ཉིད་དགྲོལ་བའི་ཕྱིར་བཤད་པ་ནི། གལ་ཏེ་དེའི་ཚེ་ཚད་མའི་ཡུལ་སྟོན་པའི་དཔེ་དེའི་བདག་ཉིད་དང༌། དེ་ལས་བྱུང་བས་བྱས་པ་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་བ་ཉིད་མི་སྟོན་ན། བསྒྲུབ་བྱ་བསྒྲུབ་པ་ལ་དཔེ་ཉེ་བར་མཁོ་བ་


DTG187_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཀྱང་མེད་པར་འགྱུར་ཏེ། བསྒྲུབ་བྱ་དང་འབྲེལ་པ་མེད་པའི་ཕྱིར་རོ། །གལ་ཏེ་དཔེ་ནི་བསྒྲུབ་བྱ་སྒྲུབ་བྱེད་དང་བཅས་པར་བསྒྲུབ་པ་ཡིན་ཏེ། དེའི་ཕྱིར་སྒྲུབ་པར་བྱེད་པའི་ཆོས་ཀྱི་ཆོས་ཅན་དེ་ཡང་དཔེའི་ཆོས་ཅན་བཞིན་དུ་བསྒྲུབ་བྱའི་ཆོས་དང་ཡང་ལྡན་པར་འགྱུར་བའི་ཕྱིར་འདྲ་བ་ལས་བསྒྲུབ་པར་བྱ་བ་འགྲུབ་པ་ལ་ཉེ་བར་མཁོ་བ་ཡིན་ནོ། །བསྒྲུབ་པར་བྱ་བ་དང་འདྲ་བ་ཉིད་ཀྱང་དཔེའི་བསྒྲུབ་པར་བྱ་བ་དང་འབྲེལ་བ་ཡིན་ནོ་ཞེ་ན། འདི་ནི་སྙིང་པོ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གང་གིས་ན་ཉེ་བར་འཇལ་བ་ལས་དོན་འགའ་ཞིག་འགྲུབ་པར་འགྱུར་བ་དོན་རྣམས་དོན་འགའ་ཞིག་དང་རྣམ་པ་འགའ་ཞེས་བྱ་བའི་དངོས་པོ་ཉིད་ལ་སོགས་པའི་ཆོས་གཅིག་དང་འདྲ་བ་ཙམ་གང་ཡིན་པ་དེས་རང་བཞིན་གཞན་དུ་ངེས་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་འདྲ་བ་ལས་རང་བཞིན་གཞན་དུ་མི་ངེས་ཤེ་ན། གང་གི་ཕྱིར་དོན་འགའ་ཞིག་དང༌། རྣམ་པ་འགའ་ཞེས་བྱ་བ་ཐ་ན་གཞལ་བྱ་ཉིད་ཀྱིས་མི་མཚུངས་པའི་དོན་ནི་འགའ་ཡང་མེད་དོ། །འོན་ཀྱང་མཚུངས་པ་ཉིད་དེ། མཚུངས་པ་དེས་ན་གང་དང་གང་མཚུངས་པའི་དོན་དེའི་བདག་ཉིད་ཡིན་ན། དོན་ཐམས་ཅད་ཐམས་ཅད་ཀྱི་རང་བཞིན་དུ་འགྱུར་ན་དེ་ནི་མངོན་སུམ་དང་འགལ་ཏེ། དེས་ན་རང་བཞིན་གཞན་ངེས་པ་ནི་མ་ཡིན་ནོ། །འདྲ་བ་ཙམ་གྱི་རང་བཞིན་གཞན་ངེས་པ་མ་ཡིན་པ་དེའི་ཕྱིར་བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་ལ་སོགས་པ་དེས་ཁྱབ་པའི་ཆོས་གང་ཡིན་པ་བྱས་པ་ཉིད་ལ་སོགས་པ་དང་དེ་དང་ལྡན་པ་ཉིད་ལས་སྒྲ་ལ་སོགས་པ་བསྒྲུབ་པར་བྱ་བ་དང་ལྡན་པ་ཡིན་གྱི་གཞན་ལས་ནི་མ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་འདིའི་བསྒྲུབ་བྱ་རྟོགས་པའི་ཡན་ལག་བསྒྲུབ་བྱས་ཁྱབ་པ་དཔེར་ཁྱབ་པའི་ཚད་མ་རབ་ཏུ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བསྒྲུབ་བྱ་སྒྲུབ་བྱེད་དང་ལྡན་བར་རབ་ཏུ་གྲུབ་པ་ཙམ་གྱིས་ནི་ཁྱབ་པ་རབ་ཏུ་སྟོན་པའི་ཡུལ་དཔེ་མ་ཡིན་ཏེ། དཔེར་ན་སྨྲ་བ་དང་ཐམས་ཅད་མཁྱེན་པ་མ་ཡིན་པ་དང་ལྡན་ཡང་འདོད་པ་སྐྱེས་བུ་དཔེ་མ་ཡིན་པ་བཞིན་ནོ། །བསྒྲུབ་བྱ་མ་གྲུབ་པས་དཔེ་མ་ཡིན་པ་ཡང་མ་ཡིན་ཏེ། སྒྲུབ་པར་བྱེད་པ་དང་ལྡན་པར་གྲུབ་པ་ལ་གལ་ཏེ་ཁྱབ་པར་བསྒྲུབ་པའི་མཚན་མའི་ཡུལ་ཡིན་ན་དཔེར་འགྱུར་ཏེ། དཔེར་ན་ཡོད་པ་དང་སྐད་ཅིག་མ་ཉིད་ལ་བུམ་པ་ཞེས་དོན་གྱིས་བརྗོད་པར་འགྱུར་བ་བཞིན་ནོ། །གང་གི་ཕྱིར་བསྒྲུབ་བྱ་ཁྱབ་པའི་ཆོས་དང་


DTG187_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ལས་བསྒྲུབ་བྱ་སྒྲུབ་པར་འགྱུར་གྱི། གཞན་ལས་ནི་མ་ཡིན་པ་དེས་ན་འདིར་རང་རྒྱུད་པ་དངོས་སུ་བསྒྲུབ་བྱ་ལས་ཉེ་བར་མཁོ་བ་མ་ཡིན་ནོ། །གཏན་ཚིགས་དེ་དང་མ་འབྲེལ་བའི་ཕྱིར་དོན་མེད་པར་མི་འགྱུར་བ་ཡང་མ་ཡིན་ནོ། །དངོས་སུ་ཉེ་བར་མཁོ་བ་མ་ཡིན་མོད། མ་འབྲེལ་ན་དོན་མེད་པར་གོ་ཅི་ལྟར་འགྱུར་ཞེ་ན། གཏན་ཚིགས་དེ་ཉིད་ཀྱིས་བསྒྲུབ་བྱ་འགྲུབ་པའི་རང་བཞིན་གྱི་དོན་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེའི་ཕྱིར་དཔེ་ནི་གཏན་ཚིགས་ཀྱི་དོན་གྱི་ནང་དུ་འདུན་པ་ཉིད་དོ། །གཏན་ཚིགས་ལྟར་སྣང་བ་དང་བཅས་པ་བརྗོད་པ་ན། སུན་འབྱིན་པ་ལྟར་སྣང་བ་དང་བཅས་པའི་སྐབས་སུ་བབ་ནས་བརྗོད་པའི་ཕྱིར་བཤད་པ། མ་ཚང་བ་ལ་སོགས་པ་མ་ངེས་པའི་མཐར་ཐུག་པ་གང་བརྗོད་པ་གང་ཡིན་པ་སྟེ། འདིས་བརྗོད་པའི་ཕྱིར་ཚིག་གོ །དེ་ནི་སུན་འབྱིན་པ་ཡིན་ནོ། །འདི་ཉིད་དགྲོལ་བའི་ཕྱིར་བཤད་པ་ནི་མ་ཚང་བ་ཉིད་ལ་སོགས་པ་ཞེས་བྱ་བའོ། །འདིས་བརྗོད་པའི་ཕྱིར་བརྗོད་ཚིག་གོ །ཡང་ཇི་ལྟར་སུན་འབྱིན་པ་ཡིན་ཞེ་ན། བརྗོད་པ་དེས་ཕ་རོལ་བོ་འདོད་པའི་དོན་གྲུབ་པ་གང་ཡིན་པ་དེ་ལ་གེགས་བྱེད་པའི་ཕྱིར་རོ། །གལ་ཏེ་སྐྱོན་མ་བརྗོད་ཀྱང་གཏན་ཚིགས་ཀྱི་དོན་ཉིད་སྐྱོན་ཆགས་པའི་ཕྱིར་ནུས་པ་མེད་པས་དེ་ལས་ཕ་རོལ་པོའི་འདོད་པའི་དོན་འགྲུབ་པའོ་མི་འགྱུར་བམ་ཡིན་ནམ། དེ་ཅི་ལྟར་སྐྱོན་བརྗོད་པ་སུན་འབྱིན་པ་ཡིན་ཞེས་བརྗོད་ཅེ་ན། དོན་ཉིད་ནུས་པ་མེད་པས་འདོད་པ་མི་འགྲུབ་པ་དེ་ནི་དེ་ལྟར་ཡིན་མོད་ཀྱི། འོན་ཀྱང་སྒྲུབ་པར་བྱེད་པས་བསྒྲུབ་བྱའི་རང་བཞིན་གྲུབ་པར་བྱེད་པའམ། སུན་འབྱིན་པས་གྲུབ་པ་ལྡོག་པར་བྱེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བྱས་པ་དང་མི་རྟག་པ་ཉིད་ལ་སོགས་པ་དེ་དག་ནི་ཐམས་ཅད་དུ་སྔ་མའི་རང་བཞིན་ཉིད་དང་ལྡན་པ་ཡིན་པའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་ཞེ་ན། སྒྲུབ་པ་དང་སུན་འབྱིན་པས་ནི་གོ་རིམས་བཞིན་དུ་རྒོལ་བ་དང་ཕྱིར་རྒོལ་བའི་རྣམ་པར་གནས་པའི་དངོས་པོ་གསལ་བར་བྱེད་པའི་ནུས་པ་གྲུབ་པར་བྱེད་པ་ཡིན་ནོ། །རྒོལ་བས་ནི་རྟགས་འགའ་ཞིག་བསྒྲུབ་བྱ་འགྲུབ་པ་ལ་ནུས་པར་འགྲུབ་པ་ཡིན་ལ། ཕྱིར་རྒོལ་བས་ནི་མི་ནུས་པར་རོ། །ནུས་པ་དང་མི་ནུས་པར་དེ་ཡང་རང་བཞིན་གནས་པ་ཡིན་ནོ། །རྣམ་པར་གནས་པར་བྱེད་སྒྲུབ་པར་བྱེད་པའི་ནུས་པ་འགྲུབ་པ་དེ་


DTG187_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གང་གི་ཕྱིར་ཚིག་མེད་པར་མི་འགྲུབ་པ་དེའི་ཕྱིར་རྒོལ་བ་དེ་ལྟ་བུ་ཉིད་དུ་འགྱུར་པའི་རྟགས་སྟོན་པར་བྱེད་པ་ན། བསྒྲུབ་བྱ་དེའི་བྱེད་པ་པོ་སྒྲུབ་པར་བྱེད་པ་པོ་ཡིན་བ་དེ་དང་དེའི་ཚིག་ནི་བྱེད་པར་བརྗོད་པ་དང༌། ཕྱིར་རྒོལ་བ་དེ་ལྟ་བུ་ཉིད་དུ་གྱུར་པའི་རྟགས་ནུས་པ་མེད་པར་སྟོན་པ་ན། བསྒྲུབ་བྱ་མི་ངེས་པ་དེའི་བྱེད་པ་པོ་སུན་འབྱིན་པ་པོ་དང༌། དེའི་ཚིག་སུན་འབྱིན་པར་བྱེད་པ་ཡིན་པར་བརྗོད་ཀྱི། རྣམ་པར་མི་གནས་པར་བྱེད་པའི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་གལ་ཏེ་ཉེས་པ་བརྗོད་པ་ན་མ་ཚང་པ་མེད་པ་དང༌། གྲུབ་པ་ལ་སོགས་པའི་ཚིག་གིས་ཡང་ལན་བཏབ་པ་ན། ངག་དེ་དེའི་ཚེ་འདོད་པའི་གེགས་ཡོད་པ་མ་ཡིན་པས་སྔར་བརྗོད་པ་དེ་སུན་འབྱིན་པ་མ་ཡིན་པར་འགྱུར་རོ་ཞེ་ན། འདི་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་མ་ཚང་བ་མེད་པ་ལ་སོགས་པའི་ཚིག་གིས་བརྗོད་པ་གང་ཡིན་པ་དེ་ནི་སྒྲུབ་པར་བྱེད་པ་གཞན་ཡིན་ལ། སྔར་གྱི་གྲུབ་པར་བྱེད་པ་ནི་སུན་ཕྱུང་བ་ཉིད་དོ། །གལ་ཏེ་དེ་ལྟ་ན་སྒྲུབ་པར་བྱེད་པའི་ངག་ཡོངས་སུ་མ་རྫོགས་པ་ཉིད་དུ་སུན་འབྱིན་པ་པོས་ཅུང་ཟད་སྨྲས་པ་གང་ཡིན་པ་དེ་སུན་འབྱིན་པ་ཡིན་ནོ་ཞེ་ན། དེ་ལྟ་ནི་མ་ཡིན་ཏེ། གང་གི་ཕྱིར་གལ་ཏེ་ཕྱོགས་སྔ་མ་སྨྲ་བ་ལྟོས་པ་དང་བཅས་པ་ཡིན་ན། སུན་འབྱིན་པའི་སྐབས་མ་ཡིན་ནོ། །གང་ལས་ལྟོས་པ་དང་བཅས་པར་རྟོགས་ཤེ་ན། ངག་མ་རྫོགས་པ་ཉིད་ཀྱིས་སོ། །འོ་ན་ནམ་སུན་འབྱིན་པའི་སྐབས་ཡིན་ཞེ་ན། ངག་རྫོགས་པ་ན་ཞེས་སྨོས་སོ། །ཚིག་འཕྲོ་རྫོགས་པ་ན་དེ་ལ་སྐྱོན་རྗོད་པར་བྱེད་པ་ནི་སུན་འབྱིན་པ་ཉིད་དོ། །རྒོལ་བས་ཡང་ལན་བརྒྱ་བཏབ་ཀྱང་སྔར་གྱི་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་སུན་དབྱུང་བ་ཉིད་ལ། ཕྱོགས་བརྗོད་བ་ནི་སྒྲུབ་པར་བྱེད་པ་གཞན་ཡིན་པར་འགྱུར་རོ། །དེར་སྣང་བ་ནི་ཞེས་བྱ་བ་ནི་སུན་འབྱིན་པ་བཞིན་དུ་སྣང་བའི་ཕྱིར་རོ། །ལྟག་ཆོད་ཅེས་བྱ་བ་ནི་སུན་འབྱིན་པ་དང་འདྲའོ། །ལྟག་ཆོད་ཀྱི་སྒྲ་ནི་འདྲ་བའི་ཚིག་ཡིན་ཏེ། དེས་ན་ལན་དང་འདྲ་བའི་ཚིག་གང་ཡིན་པ་ད་དག་ནི་ལྟག་ཆོད་ཅེས་བརྗོད་དོ། །དེ་དག་ཀྱང་གང་ཞེ་ན་བཤད་པ། ལོག་པའི་ལན་ལ་མཐའ་མེད་པའི་རྒྱུའི་ཕྱིར་དེ་དག་འདིར་ནི་སྤྲོ་བའི་བྱ་བ་མ་ཡིན་ནོ། །འདི་ཉིད་རྣམ་པར་འགྲེལ་པ་ནི་ལན་ལོག་པ་ནི་ལྟག་ཆོད་ཡིན་ལ། ལྟག་ཆོད་ཀྱི་རྒྱུ་ལོག་པའི་རྣམ་པར་རྟོག་པ་རྣམས་གནས་པ་མེད་པ་སྟེ་


DTG187_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་པ་མེད་པའི་ཕྱིར་རོ། །ཀུན་བརྟགས་པའི་ལྟག་ཆོད་དག་ལ་མཐའ་མེད་པ་ཉིད་བསྟན་པའི་ཕྱིར། ནང་དུ་མ་འདུས་པའི་ལན་ལོག་བ་སྟོན་པ་ནི། དཔེར་ན་རིགས་བ་ཅན་དག་བདག་མེད་དོ་ཞེས་བྱ་བ་ནི་འདིར་དམ་བཅས་པའི་དོན་ཉིད་ནི་ཕན་ཚུན་འགལ་བས་ན་དམ་བཅས་པ་དང་འགལ་བ་ཞེས་བྱ་བ་ནི་དམ་བཅས་པའི་སྐྱོན་ཡིན་ནོ་ཞེས་བརྗོད་དོ། །འགལ་བ་དེ་ཉིད་སྟོན་པ་ནི་བདག་གི་སྒྲའི་དོན་ལ་སྐུར་བ་འདེབས་ན་བདག་གི་སྒྲ་སྦྱོར་མི་སྲིད་བའི་ཕྱིར་བདག་གི་སྒྲ་སྦྱོར་བའི་རྒོལ་བས་ནི་དོན་ཉེ་བར་འཇོག་པ་ཡིན་ལ། མེད་དོ་ཞེས་སྐུར་བ་ཡང་ཡིན་པ་དེའི་ཕྱིར་ངག་གཅིག་ཉིད་ལ་དོན་དེ་ཉིད་སྒྲུབ་པ་དང་འགོག་པ་ནི་འགལ་བ་ཡིན་ནོ། །དེས་ན་དམ་བཅས་པའི་ཚིག་གཉིས་དག་འགལ་བས་འདི་ནི་དམ་བཅས་པའི་སྐྱོན་ཡིན་ནོ་ཞེས་བྱ་བ་ལྟ་བུ་དང༌། དེ་བཞིན་དུ་གཞན་དག་གཏན་ཚིགས་ཀྱི་སྐྱོན་རྩོལ་བ་ལས་བྱུང་བའི་སྒྲ་ནི་མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཆོས་ཅན་གྱི་ཁྱད་པར་དུ་ཉེ་བར་བཀོད་པའི་ཕྱིར་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཡིན་ནོ་ཞེས་ཟེར་བ་ལྟ་བུའོ། །དེ་ལྟ་བུ་ལ་སོགས་པ་དམ་བཅའ་བ་དང་གཏན་ཚིགས་ཀྱི་སྐྱོན་དངོས་མ་ཡིན་པའི་ཕྱིར་ལྟག་ཆོད་ཡིན་ཡང་བསྟན་པའི་མཚན་ཉིད་ཀྱིས་ལྟག་ཆོད་དག་ཏུ་འདུལ་བ་མ་ཡིན་ནོ། །འདི་སྙམ་དུ་འོ་ན་དེ་ལྟ་བུ་དག་སུན་འབྱིན་པ་ཉིད་ཡིན་ནོ་སྙམ་ན། བཤད་པ། སུན་འབྱིན་པ་ཡང་མ་ཡིན་ནོ། །ཅི་ལྟར་ཞེ་ན། སྒྲའི་དོན་ལ་མི་བསྙོན་པས་སོ། །གལ་ཏེ་བདག་གིས་སྒྲས་བརྗོད་པར་བྱ་བའི་དོན་རྣམ་བ་ཅི་ཞིག་ལྟར་བསྙོན་ནས་དེའི་ཚེ་འགལ་བར་འགྱུར་ན་སྒྲའི་དོན་ནི་མི་བསྙོན་གྱི། དེའི་ཉེ་བར་ལེན་པར་གྱུར་བ་རང་གི་མཚན་ཉིད་ཁོ་ན་འགོག་པ་ཡིན་ནོ་ཞེས་ཡོད་མེད་ཕྱོགས་ཀྱི་བྱེ་བྲག་གིས་ཞེས་བྱ་བ་དེར་བཤད་ཟིན་ཏོ། །དེ་བཞིན་དུ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་མ་གྲུབ་པའི་གཏན་ཚིགས་སུ་བརྗོད་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་བར་བྱ་བའི་ཆོས་ཅན་ལས་ཕྱི་རོལ་ཏུ་འགྱུར་བའི་ཕྱིར་རོ། །དེ་ལ་སྒྲ་ནི་བསྒྲུབ་པའི་ཆོས་ཅན་ཡིན་ནོ། །རྩོལ་བ་ལས་བྱུང་བ་ནི་ཉེ་བར་མཚོན་པ་ཡིན་པས་བསྒྲུབ་བྱའི་དུས་ནི་མི་གནས་སོ་ཞེས་བྱ་བ་ལ་སོགས་པ་ཡང་བཤད་ཟིན་ཏོ། །འདི་སྙམ་དུ་གལ་ཏེ་དེ་དག་ཀྱང་འདྲ་བའི་ཆ་


DTG187_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

འགས་ཏེ། འདྲ་བ་འགའ་ཞིག་ལས་སོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་བརྗོད་པའི་ལྟག་ཆོད་འདི་དག་ཀྱང་འདྲ་བའི་ཆ་འགས་ཕན་ཚུན་དེ་ལྟར་ཞེས་བྱ་བ་ནང་དུ་འདུ་བར་ཐལ་བར་འགྱུར་རོ། །དེའི་ཕྱིར་ཏེ་ལྟག་ཆོད་ཀྱི་དབྱེ་བའི་ཚུལ་མཐའ་ཡས་བ་དང་འདྲ་བའི་ཆའི་སྐབས་སུ་ནི་གཅིག་ཏུ་ཐལ་བས་འགྱུར་བའི་ཕྱིར་སྤྱིའི་མཚན་ཉིད་གཅིག་ཉིད་དུ་ཅུང་ཟད་བརྗོད་པར་བྱ་བ་ཡིན་ཏེ། ཁྱད་པར་གྱི་མཚན་ཉིད་བྱས་ན་ནང་དུ་མི་འདུ་བའི་རྒྱུའི་ཕྱིར་རོ། །འོ་ན་སྤྱིའི་མཚན་ཉིད་བརྗོད་ཅིག་ཅེ་ན། བཤད་པ། ལྟག་ཆོད་ཀྱི་སྤྱིའི་མཚན་ཉིད་དེ་ནི་སུན་འབྱིན་པར་སྣང་བ་ལྟག་ཆོད་དོ་ཞེས་བརྗོད་ཟིན་ཏོ། ཡང་དག་པ་མ་ཡིན་པའི་སྐྱོན་བརྗོད་པ་ནི་ལྟག་ཆོད་དོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྙམ་དུ་བྱེ་བྲག་གི་མཚན་ཉིད་མེད་ན་ཅི་ལྟར་ལྟག་ཆོད་ཤེས་པར་ནུས་ཤེ་ན། བཤད་པ། ལྟག་ཆོད་དེ་ནི་བསྒྲུབ་པ་དང་སུན་འབྱིན་པའི་མཚན་ཉིད་ཤེས་པ་ཉིད་ལས་ལན་ལྟར་སྣང་བ་ཉིད་དུ་བདེ་བླག་ཏུ་ཤེས་པར་འགྱུར་རོ། །ཅི་ལྟར་གྲུབ་པ་དང་སུན་འབྱིན་པ་དག་གི་མཚན་ཉིད་ཤེས་པས་ལན་ལྟར་སྣང་བ་ཉིད་ཤེས་ཤེ་ན། ཡུལ་མ་ཡིན་པ་ཚུལ་གསུམ་པའི་རྟགས་ཆད་པ་དང་བྲལ་བ་མ་གྲུབ་པར་བྱེད་པའི་མཚན་ཉིད་ཚུལ་གསུམ་པའི་རྟགས་ཆད་པ་ཉིད་མི་འཇུག་པའི་ཕྱིར་བསྒྲུབ་པ་མ་ཡིན་ནོ། །སྒྲུབ་བྱེད་ཀྱི་དངོས་པོ་མ་ཡིན་པར་ཤེས་པ་ཡང་སུན་འབྱིན་པ་མཚན་ཉིད་ཀྱི་ཡུལ་བདེན་པའི་བསྒྲུབ་བྱ་རྟོགས་པའི་གེགས་མ་ཡིན་པའི་ཕྱིར་ནི་སུན་འབྱིན་པ་མ་ཡིན་ལ། གེགས་ཀྱི་ཁྱད་པར་གྱི་མཚན་ཉིད་གང་བཤད་པ་ཡིན་པ་དེ་དང་མི་ལྡན་པའི་ཕྱིར་ནི་ཁྱད་པར་དུ་སུན་འབྱིན་པ་མ་ཡིན་པར་ཤེས་སོ། རྣམ་པ་གཞན་ཡང་མེད་པའི་ཕྱིར་རང་ཉིད་ཀྱིས་བརྟགས་ནས་ལན་ལྟར་སྣང་བར་ཤེས་པར་ནུས་སོ། །འདི་དག་གི་རབ་ཏུ་དབྱེ་བ་ཁྱད་པར་གྱི་རྣམ་པར་དབྱེ་བ་ནི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་མཐའ་ཡས་པས་མཐའ་མེད་ལ་མཐའ་མེད་པའི་ཕྱིར་ནི་བསྟན་པར་མི་ནུས་སོ། །དཔེར་ན་ཡང་དག་པའི་ཤེས་པ་བསྟན་པར་བྱ་བ་ལ་རྟགས་བརྗོད་པ་ཡང་སྟོན་པ་དེ་བཞིན་དུ་རྟགས་འགོག་པ་བརྗོད་པ་དང༌། འགོག་པར་སྣང་བ་ཡང་བྱིས་པ་ལ་བསྟན་པར་བྱ་བ་ཡིན་ཏེ། རྟགས་ཡང་དག་པར་བརྗོད་པ་ལ་ཡང་ཕ་རོལ་པོ་རྣམ་པ་འགའ་ཞིག་ལྟར་ཀླན་ཀ་བརྗོད་པ་ན། རྒོལ་བ་ལ་བརྗོད་


DTG187_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མི་སྨོས་པར་བྱ་བའི་ཕྱིར་རམ། ཡང་དག་པ་མ་ཡིན་པ་བརྗོད་ལ་ཕྱིར་རྒོལ་བ་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་པ་བརྗོད་པ་མི་ཤེས་པར་མི་འགྱུར་བར་བྱ་བའི་ཕྱིར་རོ། །རྒོལ་བ་དང་ཕྱིར་རྒོལ་བདག་གིས་གྲངས་བཞིན་དུ་ཡང་དག་པའི་ཤེས་པའི་ཡན་ལག་ཏུ་འགྱུར་བ་བརྗོད་པ་མི་མཐུན་པའི་ཕྱོགས་དང་བཅས་པ་དང་ཡན་ལག་མ་ཡིན་པ་མི་མཐུན་པའི་ཕྱོགས་དང་བཅས་པ་ཤེས་པར་བྱ་བ་ཡིན་པའི་ཕྱིར་སུན་འབྱིན་པ་ལྟར་སྣང་བ་དང་བཅས་ཏེ་བཤད་དོ། །ཅི་སྟེ་གལ་ཏེ་ཀུན་ལས་བཏུས་པ་བསྟན་པར་འདོད་ན། ཅི་ལྟར་དེ་ཉིད་ལ་ལར་སྦོང་སྟེ། དཔེར་ན་འདི་ནི་ངེས་པར་བྱ་བའི་དོན་ཡིན་ཏེ། མེད་པ་ཉིད་ལ་མེད་པ་ཡིན་གྱི་གཞན་པ་ལ་མ་ཡིན་ལ་འགལ་བ་ལ་ཡང་མ་ཡིན་ནོ་ཞེས་ཚུལ་གསུམ་པ་ངེས་པའི་དོན་ཡིན་བར་བཤད་ལ། ཁྱོད་ཀྱིས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་སྦྱོར་བ་ཤེས་པར་བྱ་བའི་དོན་དུ་བརྗོད་པ་ལྟ་བུ་སྟེ། དེ་བཞིན་དུ་ཡང་སྦྱར་རོ་ཞེ་ན། བཤད་པ། མདོ་དག་གིས་བསྟན་གྱི། འགྲེལ་བས་ནི་མ་ཡིན་གྱི་འགྲེལ་པ་ནི་འདི་ཉིད་མ་ཡིན་ནོ། །དབང་ཕྱུག་སྡེ་དང་དེའི་ཕྱོགས་པ་གཞན་སྔ་མ་དག་གིས་ནི་འབྲེལ་པ་ཕྱིན་ཅི་ལོག་ཏུ་བྱས་སོ། །མདོ་ནི་འགྲེལ་པའི་དབང་གིས་གཞུང་གཞན་དུ་བྱ་བར་མི་ནུས་པ་དེའི་ཕྱིར་དེ་ཉིད་བཤད་དོ། །ཅི་ལྟར་ན་དེ་སློབ་དཔོན་གྱི་གཞུང་ཡང་མ་ཡིན་ཞེ་ན། གང་གི་ཕྱིར་དོན་ཡོད་དེ་འབྲས་བུ་དང་བཅས་པའི་ལུགས་རྟོག་གེའི་ཚུལ་གང་ཡིན་པ་གཟིགས་པ་དེའི་ཕྱིར་འགྲེལ་པ་འགལ་བ་ནི་དེའི་མ་ཡིན་ནོ། །གལ་ཏེ་འགྲེལ་པ་ལ་ཡང་ཡིད་མི་རྟོན་ན། གང་ལས་ལུང་ཐོབ་ནས་འཆད་ཅེ་ན། འགའ་ལས་ཀྱང་མ་ཡིན་ཏེ། ལུང་ཡང་ཡལ་བར་དོར་ནས་ཏེ། འཆད་པ་པོ་རྣམས་ལས་འོངས་པའི་དོན་ཡལ་བར་དོར་ནས་བཤད་དེ། དེ་དག་ཀྱང་མངོན་པར་མི་བརྩན་པས་བློ་བསླད་པའི་ཕྱིར་ཡང་དག་པར་མཐོང་བ་མ་ཡིན་ནོ། །གལ་ཏེ་ལུང་བཏང་ན་ཅི་ལྟར་འཆད་ཅེ་ན། དེ་ན་འདི་རིགས་སོ་ཞེས་ཏེ། དེ་ལ་དེ་ལྟ་བུར་རོ། །ལུང་ཡོད་དམ་མེད་ཀྱང་བླ་སྟེ། འདིའི་དོན་ནི་འདི་ཡིན་བར་ཚད་མས་འཐད་དོ་ཞེས་འཆད་དོ། །འོ་ན་ནི་བསམ་པ་འདི་ཁྱོད་ཉིད་ཀྱི་ཡིན་གྱི། སློབ་དཔོན་གྱི་ནི་མ་ཡིན་ཏེ། སློབ་མ་བརྒྱུད་པ་མ་ཆད་པ་མེད་པའི་ཕྱིར་རོ་ཞེ་ན། རྣམ་དག་ཐུགས་ཞེས་སྨོས་ཏེ། རྣམ་


DTG187_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པའི་ཐུགས་མངའ་བས་ན། སློབ་དཔོན་དེའི་དགོངས་པ་ངེས་བར་ཏེ། གདོན་མི་ཟ་བར་འདི་ཉིད་ཡིན་ནོ། །རྣམ་བར་དག་པའི་བློ་མངའ་བ་ནི། ཚད་མ་དང་མི་ལྡན་བའི་དོན་རྟོགས་པ་མ་ཡིན་ནོ། །གལ་ཏེ་དེའི་ཡང་དགོངས་པ་འདི་ཉིད་ཡིན་ན། ཅི་ལྟར་ཊཱི་ཀ་བྱེད་པ་དེ་ཉིད་ཀྱིས་མ་རྟོགས་ཤེ་ན། མི་གསལ་བ་དོན་གསལ་བ་མེད་པའི་བློ་གང་ལ་ཡོད་པའི་སྐྱེ་བོ་གང་ཡིན་པ་དེས་དགོངས་པ་འདི་རྟོགས་པ་མ་ཡིན་ཏེ། ཤེས་རབ་གསལ་བས་ནི་སློབ་དཔོན་གྱི་དགོངས་པ་འདི་ཉིད་ཡིན་བར་ངེས་སོ། །དེ་ལྟར་ཕྱོགས་ཉམས་དོགས་པས་གསུང་རབ་རྒྱ་མཚོ་ཡི། །རིགས་གཟིགས་རྒྱ་ཆེན་རྣམ་ངེས་འདི་ནི་མི་བརྟེན་པའི། །ལྟ་བར་ལྟུང་བསམ་རྟོགས་དེས་དེ་རབ་ནུས་བཞིན། །བདག་གིས་འབད་བས་འདི་བྱས་བྱས་རྣམས་ཁོ་ནས་ཤེས། །བདག་གིས་ཚད་མས་ཕྱེ་བས་མ་ཕྱེད་ཅུང་ཟད་ཙམ་ཡང་རྣམ་བཀྲལ་བས། །འདི་ལྟར་ཐར་པ་ཕུན་ཚོགས་འབྲས་ཅན་ལེགས་པར་བྱ་བ་བྱས་འགྱུར་བ། །ལེགས་སྤྱད་དེས་ནི་འགྲོ་རྣམས་འཕོ་མེད་གོ་འཕང་བྱང་ཆུབ་ཀུན་གྱི་ནི། །ཆོས་མཆོག་ཐོབ་ནས་འཁོར་བའི་རྒྱ་མཚོ་ལས་ནི་རབ་ཏུ་རྒལ་བར་ཤོག །གྲོགས་པོ་རྣམས་ཀྱིས་བསྐུལ་བས་མི་འདོད་ཀྱང༌། །རྣམ་པར་ངེས་པའི་འགྲེལ་བཤད་ངེས་བྱས་ཏེ། །འདི་ལྟར་འཇིག་རྟེན་སྤྲོ་བ་མེད་པ་ཡང༌། །གྲོགས་པོས་ལག་གིས་འཇུག་ནས་འབྲས་ལ་སྦྱོར། །གཞན་ཟེར་རྗེས་འཇུག་ཤིན་ཏུ་ཆེར་སེམས་མི་མཐུན་པར་ནི་གནས་པ་དག །རྣམ་གཡེང་སྐྱེ་མཆེད་དེས་འདིར་གལ་ཏེ་ལེགས་བཤད་གཟིགས་མ་ཡོད་ན་དེར། །གང་དག་ཞལ་སྔ་ཆོས་འབྱུང་བྱིན་དང་དགེ་བསྲུངས་ཞེས་བྱས་ས་སྟེང་ན། །སྒྲིབ་མེད་རབ་གྲགས་དེ་དག་གིས་ནི་རྟོགས་པའི་མྱུ་གུ་ཅུང་ཟད་ཡིན། །ལེགས་འབྲེལ་ཕྱོགས་གནས་གཞན་གྱིས་བགྲོད་པ་ཡིས། །རིང་དུ་སྤངས་ནས་རབ་ཏུ་འཇུག་བགྲོད་དཀའི། །བགྲོད་བྱའི་མཐར་ཕྱིན་ཤེས་རབ་དེ་དག་གི །ཚུལ་ནི་བྱ་ཡི་རྒྱལ་པོ་དག་དང་མཚུངས། །ཉི་ཤར་འོད་འཇོམས་མུན་སྟུག་གིས་བསྒྲིབས་གངས་རུམ་དུ། །གནས་པའི་མིའམ་ཁ་བས་འཁྱགས་པའི་པདྨ་དག །རབ་ཏུ་རྒྱས་བར་འགྱུར་བ་དག་ནི་ག་ལ་ཡོད། །


DTG187_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཆེ་རྣམས་དཔྱོད་མེད་བདག་ལ་མི་མཉེས་མེད། །སྟོང་ཕྲག་བཞི་དང་གསུམ་དང་བཞི། །བརྒྱ་ཕྲག་ལྔ་དང་དྲུག་དང་གསུམ། །ཉི་ཤུ་གཉིས་དང་སུམ་ཅུ་སྟེ། །དེ་ནི་གཉིས་དྲུག་གསུམ་བཅས་སོ། །སློབ་དཔོན་ཆོས་མཆོག་གིས་སྦྱར་བ་རྣམ་པར་ངེས་པའི་ཊཱི་ཀ་འཐད་ལྡན་ཞེས་བྱ་བ་རྫོགས་སོ།། །། བསྟན་བཅོས་ཆེན་པོའི་དོན་དང་ཚིག་ཏུ་བཅས། །ལེགས་རྟོགས་འགྲོ་ན་ཉི་བཞིན་གསལ་བྱེད་པ། །ཚུལ་ཁྲིམས་གཙང་མའི་དྲི་དང་ལྡན་པ་གང༌། །སློབ་དཔོན་ཆོས་མཆོག་རྟོག་གེ་ངན་འཇོམས་མཆོག །ཡང་དག་དོན་གསལ་ཚད་མའི་བསྟན་བཅོས་འདི། །ལེགས་བར་བསྒྱུར་ལས་བྱུང་བའི་བསོད་ནམས་གང༌། །དེས་ནི་ལོག་ལྟའི་རྒྱུན་ཕྱོགས་སྐྱེ་བོ་རྣམས། །ཡང་དག་རིགས་པའི་ལམ་དུ་འཇུག་པར་ཤོག །ཁ་ཆེའི་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བའོ།། །།


no previousཚུལ་གསུམ་པའི་རྟགས་ཤེས་ཀྱང་བརྗོད་པ་ལ་མི་མཁས་པའི་བྱིས་པ་ལ་བསྟན་པར་བྱ་བའི་ཕྱིར་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པའི་མཚན་ཉིད་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྐབས་སུ་བབ་ནས་བཤད་པ། ཆོས་མཆོག།next