Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་དགུ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ།  ཆོས་མཆོག།
   
   
   
   
   
   
   
   
   
   
   
   
   
   
   


 
previousགཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཆོས་མཆོག།next

གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ།
ཆོས་མཆོག།


DTG190_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་པོ་ཧ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྟོག་བཅས་བློ་ཡི་གང་གི་རང་བཞིན་གཞན་གྱིས་དཔེན་པར་རབ་བསྟན་པ། །བློ་མིན་ཕྱི་མིན་དེ་ཉིད་མ་ཡིན་སྒྲོ་བཏགས་གང་ཉིད་བརྗོད་པ་ཡིས།། འགྲོ་ལ་དེ་ཉིད་གསུངས་པ་རྣམ་རྒྱལ་མངའ་བ་མ་ལུས་སྐྱོན་བྲལ་བ། །གསུང་མཛད་གང་ཡིན་དེ་ལ་མགོས་ཕྱག་འཚལ་ནས་སེལ་བ་དེ་འདིར་བཤད། །འདི་ལ་མངོན་པར་འདོད་པའི་འབྲས་བུ་སྐྱེད་པར་རུང་བའི་དངོས་པོ་རྟོགས་པར་བྱ་བའི་ཕྱིར་བརྡ་རབ་ཏུ་སྦྱར་བའི་སྒྲ་དག་གིས་ཇི་ལྟ་ཇི་ལྟ་བུའི་དངོས་པོ་རྟོགས་པར་བྱས་ནས་དེ་དག་ལ་ཐ་སྙད་བྱེད་པ་པོ་དོན་དུ་གཉེར་བར་འཇུག་པར་བྱེད་དོ། །དེའི་ཕྱིར་འདི་དག་ཡུལ་མེད་པ་ནི་མ་ཡིན་ནོ། །གསལ་བ་ནི་ཡོད་ཀྱང་བརྗོད་པར་བྱ་བའི་དངོས་པོ་ཡིན་པ་བཟློག་པ་ཡིན་ནོ། །རྣམ་པ་དངོས་པོར་ཡོད་པ་ཡང་ཐག་བསྲིངས་སོ། །དེ་ཉིད་ཀྱི་ཕྱིར་རྣམ་པ་དང་ལྡན་པའི་གསལ་བ་ཡང་ཡོད་པ་མ་ཡིན་ཞིང་དེའི་འབྲེལ་པ་ཡང་མེད་དོ། །དེ་ལ་འདི་དག་གི་དོན་དུ་འདོད་པ་གང་ཞེ་ན་སྨྲས་པ། རྣམ་པར་རྟོག་པ་རྣམས་ཀྱི་ཡུལ་གང་ཡིན་པ་དེ་སྒྲའི་དོན་ཡིན་ནོ། །རྣམ་པར་རྟོག་པ་ལ་སྣང་བ་ཉིད་བརྗོད་པའི་དོན་དུ་སྒྲ་སྦྱོར་ལ། །


DTG190_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཀྱང་བརྗོད་པར་བྱ་བ་ལ་དམིགས་པའི་རྣམ་པར་རྟོག་པ་སྐྱེ་སྟེ། དེའི་ཕྱིར་འབྲས་བུ་དང་ཉེ་བར་ལེན་པ་གཉིས་ཀྱིས་ཉེ་བར་བཟུང་བ་ནི་སྒྲའི་དོན་ཡིན་ནོ། །དེ་ལ་སྤྱི་ནི་མེད་པ་ཉིད་དོ། །རང་གི་མཚན་ཉིད་ནི་ཡོད་ཀྱང་རྣམ་པར་རྟོག་པའི་སྣང་བས་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་མི་བྱེད་པའི་ཕྱིར་རྣམ་པར་རྟོག་པའི་ཡུལ་མ་ཡིན་ནོ། །དངོས་པོ་ཐ་དད་པ་ནི་སྣང་བས་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་ན་ཤེས་པའི་ཡུལ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་རྟོག་པ་ནི་དངོས་པོའི་ཡུལ་ཅན་མ་ཡིན་ནོ། །དངོས་པོ་མ་ངེས་པ་ཡང་མ་ཡིན་ཏེ། འདི་ལྟར་རྣམ་པར་རྟོག་པ་ནི་ཕྱི་རོལ་གྱི་མེ་ལ་སོགས་པ་དངོས་པོ་ངེས་པར་སྐྱེ་བ་དང་འགག་པར་ཉམས་སུ་མྱོང་ངོ༌། །དེ་ཉིད་ཀྱི་ཕྱིར་མངོན་སུམ་གྱི་འཛིན་པ་དང་མི་འཛིན་པ་ནི་སྣང་བའི་དབང་གིས་ཡིན་ལ། རྣམ་པར་རྟོག་པ་ནི་ངེས་པའི་དབང་གིས་ཡིན་ནོ། །གང་གི་ཕྱིར་མངོན་སུམ་ནི་རང་གི་མཚན་ཉིད་ཀྱི་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་བྱེད་པར་སྣང་གི་ཅུང་ཟད་ཀྱང་ངེས་པ་ནི་མ་ཡིན་ནོ། །དེས་ན་དེའི་སྣང་བའི་དབང་གིས་འཛིན་པ་དང་མི་འཛིན་པ་ཡིན་ནོ། །རྣམ་པར་རྟོག་པའི་གཟུང་བའི་རྣམ་པ་ནི་མེ་ལ་སོགས་པ་ཡོད་པ་དང་མེད་པའི་རྗེས་སུ་འགྲོ་བ་མ་ཡིན་གྱི་མེ་ལ་སོགས་པ་ངེས་པ་ཡིན་ནོ། །དེའི་ཕྱིར་འདི་ནི་ངེས་པའི་དབང་ཁོ་ནས་འཛིན་པ་དང་མི་འཛིན་པ་ཡིན་གྱི་གཟུང་བ་སྣང་བའི་སྟོབས་ཀྱིས་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པ་རྣམས་ཀྱི་འཛིན་པའི་བྱེད་པ་ནི་ངེས་པ་ཉིད་ཡིན་ལ། རྣམ་པར་རྟོག་པ་རང་གི་མཚན་ཉིད་ངེས་པར་བྱེད་པ་ཡང་དེ་ལྟ་ཡིན་པ་དེ་ལྟ་ན་འོ་ན་ནི་རང་གི་མཚན་ཉིད་ཁོ་ན་རྣམ་པར་རྟོག་པ་རྣམས་ཀྱིས་ངེས་པར་བྱས་པའི་གཟུང་བ་ཡིན་པ་དེ་ལྟ་ན། ཅིའི་ཕྱིར་རྣམ་པར་རྟོག་པ་དངོས་པོ་མེད་པར་བརྟགས་པའི་ཡུལ་ཅན་དུ་འགྱུར་ཞེ་ན། འདི་ལ་གང་གི་སྣང་བས་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་བྱེད་པའི་དངོས་པོ་ཐ་དད་པ་དེ་ནི་དེའི་ཡུལ་ཡིན་ནོ་ཞེས་བཤད་ཟིན་ཏོ། །རྣམ་པར་རྟོག་པའི་རྣམ་པ་ནི་ཕྱི་རོལ་ཡོད་པ་དང་མེད་པའི་རྗེས་སུ་མི་བྱེད་དེ། དེས་ན་ཡུལ་མ་ཡིན་ནོ། །ཅི་སྟེ་འདིར་ཕ་རོལ་གྱི་བསམ་པ་སྣང་བའི་ཕྱིར་རང་གི་མཚན་ཉིད་རྣམ་པར་རྟོག་པའི་ཡུལ་དུ་འགྱུར་བ་ནི་མ་ཡིན་གྱི། འོན་ཀྱང་ངེས་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་རྣམ་པར་


DTG190_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་རྣམས་ཀྱིས་འཛིན་པར་བྱེད་པ་ཉིད་མངོན་སུམ་ལྟར་གཟུང་བའི་རྣམ་པ་འཛིན་པ་ནི་མ་ཡིན་གྱི། འོན་ཀྱང་ངེས་པར་བྱེད་པ་ཡིན་པ་དེ་བཞིན་དུ་འདིའི་གཟུང་བ་དང་སྣང་བ་ནི་མ་ཡིན་གྱི། འོན་ཀྱང་ངེས་པར་བྱ་བ་ཡིན་ནོ། །རང་གི་མཚན་ཉིད་ཀྱང་ངེས་པ་ཡིན་ཏེ། ངེས་ན་དེ་གཟུང་བ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ལ། འདིར་བཤད་པ་གང་གི་ཕྱིར་རང་གི་མཚན་ཉིད་ཡོད་པ་མ་ཡིན་ཡང་དེ་ངེས་པའི་རྣམ་པར་རྟོག་པ་སྐྱེ་སྟེ། དེའི་ཕྱིར་རྣམ་པར་རྟོག་པ་ནི་རང་གི་མཚན་ཉིད་ངེས་པ་མ་ཡིན་ནོ། །འོ་ན་རང་གི་མཚན་ཉིད་ཡོད་པ་ཡིན་ན་དེ་རྣམ་པར་རྟོག་པས་འཛིན་པར་འགྱུར་རོ་ཞེ་ན། དེ་ལྟར་ནི་མི་ནུས་ཏེ། གང་གི་ཕྱིར་རྣམ་པར་རྟོག་པ་རྣམས་ཀྱིས་ངེས་པའི་དོན་ནི་སྒྲ་དང་འདྲེས་པ་ཡིན་ལ། སྒྲ་དང་འདྲེས་པ་དེ་ཡང་གང་བརྡའི་དུས་སུ་སྒྲ་དང་འདྲེས་པར་མཐོང་བའོ། །འབྲེལ་བར་མཐོང་བ་ཡང་གང་ཞིག་སྒྲ་བརྗོད་པ་ལས་སྣང་བའི་དོན་དེ་ཉིད་ཡིན་ན་དངོས་པོའི་རང་བཞིན་ནི་སྒྲའི་བྱ་བའི་དུས་ན་མི་སྣང་སྟེ། དེའི་ཕྱིར་དེ་ནི་ཡོད་པ་མ་ཡིན་ཡང་རྣམ་པར་རྟོག་པས་ངེས་པ་མ་ཡིན་ནོ་ཞེས་བྱ་བར་གདོན་མི་ཟའོ། །གལ་ཏེ་རྣམ་པར་རྟོག་པ་རྣམས་དངོས་པོ་ངེས་པའི་བདག་ཉིད་དུ་ལེགས་པར་རྟོགས་ཀྱང་རང་གི་མཚན་ཉིད་ངེས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཤིན་ཏུ་ངོ་མཚར་ཆེ་བ་མ་ཡིན་ནམ་ཞེ་ན། འདི་ལ་ངོ་མཚར་ཅུང་ཟད་ཀྱང་མེད་དེ། རྣམ་པར་རྟོག་པ་རྣམས་ནི་སྒྲོ་བཏགས་པའི་རང་བཞིན་རང་གི་མཚན་ཉིད་དུ་མེད་པ་ཉིད་ཞེན་པར་སྐྱེས་པ་ན་དངོས་པོ་ངེས་པ་ཉིད་དུ་སྐྱེས་པ་རྟོགས་པ་ཡིན་གྱི། དེ་དག་དངོས་པོ་ཡོད་པ་ཉིད་ངེས་པ་ནི་མ་ཡིན་ནོ། །དེའི་ཕྱིར་རང་གི་མཚན་ཉིད་དུ་ངེས་པ་མེད་པ་ཉིད་ཉེ་བར་སྟོན་པའི་རྣམ་པར་རྟོག་པ་ནི་དངོས་པོ་མེད་པ་ངེས་པ་ཡིན་གྱི་དངོས་པོ་ངེས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལ་མི་འཐད་པ་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་གཟུང་བའི་རྣམ་པ་རྣམ་པར་རྟོག་པ་རྣམས་ཀྱི་ཡུལ་མ་ཡིན་ནམ་དེས་ན་ཅིའི་ཕྱིར་སྒྲོ་བཏགས་པ་འཛིན་པར་བརྗོད་ཅེ་ན། གཟུང་བའི་རྣམ་པ་ནི་རང་རིག་པའི་ཡུལ་ཡིན་གྱི་རྣམ་པར་རྟོག་པར་རྟོག་པ་ནི་མ་ཡིན་ནོ། །འདི་ལྟར་གང་ཞིག་ངེས་པར་བྱས་པ་དེ་རྣམ་པར་རྟོག་པའི་ཡུལ་ཡིན་ནོ། །གཟུང་བའི་རྣམ་པ་ནི་ངེས་པ་མ་ཡིན་ན་དེ་ཇི་ལྟར་རྣམ་པར་


DTG190_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་ཡུལ་དུ་འགྱུར། དེའི་ཕྱིར་རྣམ་པར་རྟོག་པ་སྒྲ་དང་འདྲེས་པའི་དོན་ངེས་པར་བྱེད་ཀྱང་རང་གི་བདག་ཉིད་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །གང་གི་ཕྱིར་བདག་ཉིད་ནི་མ་ངེས་པ་ཡིན་ལ། མ་ངེས་པ་ཡང་རྣམ་པར་རྟོག་པའི་ཡུལ་མ་ཡིན་ནོ། །དེ་ལྟར་ཡང༌། ངེས་པ་རྣམས་ཀྱི་མ་ངེས་པ། །དེ་ནི་ཇི་ལྟར་དེ་དག་ཡུལ། །ཞེས་བཤད་དོ། །གལ་ཏེ་རྣམ་པར་རྟོག་པ་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ལྷག་པར་ཞེན་པ་མ་ཡིན་ནམ། དེའི་ཕྱིར་དེ་ནི་དེའི་ཡུལ་ཡིན་ནོ་ཞེ་ན། ཅི་ལྷག་པར་ཞེན་པ་ཞེས་བྱ་བ་འདི་ཅི་ཡིན། །ཅི་འཛིན་པ་ཡིན་ནམ། འོན་ཏེ་བྱེད་པ་ཡིན་ནམ། དེ་སྟེ་སྦྱོར་བ་ཡིན་ནམ། ཅི་སྟེ་སྒྲོ་འདོགས་པ་ཡིན། དེ་ལ་རྣམ་པར་རྟོག་པ་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་འཛིན་པར་ཇི་ལྟར་འགྱུར། བྱེད་པར་ཡང་ཇི་ལྟར་འགྱུར་ཏེ། གཞན་ནི་གཞན་གྱི་རང་བཞིན་དུ་བྱ་བར་ནུས་པ་མ་ཡིན་ནོ། །མ་བཟུང་བའི་རང་གི་མཚན་ཉིད་དང་བདག་ཉིད་སྦྱོར་པར་ཡང་ཇི་ལྟར་འགྱུར། སྒྲོ་འདོགས་པ་ཡང་ཉམས་སུ་མྱོང་བ་སྔོན་དུ་འགྲོ་བ་ཅན་ཡིན་ན། རྣམ་པར་རྟོག་པ་ནི་སྔར་རང་གི་སྣང་བ་མྱོང་ནས་ཕྱིས་སྒྲོ་འདོགས་པ་ཡང་མ་ཡིན་ཏེ། དངོས་པོ་སྐད་ཅིག་གཉིས་སུ་སྡོད་པ་ནི་མེད་ན་དེ་ཇི་ལྟར་སྔར་ཉམས་སུ་མྱོང་བའི་བདག་ཉིད་ཕྱིས་དོན་གཞན་ལ་སྒྲོ་འདོགས་པར་བྱེད། །ཅི་སྟེ་རང་གི་རང་བཞིན་ཉམས་སུ་མྱོང་བ་དང༌། དོན་དུ་སྒྲོ་འདོགས་པ་དང་དུས་མཉམ་པ་ཡིན་ན་དེ་ལྟར་ན་ནི་འོ་ན་སྣང་བ་ཉམས་སུ་མྱོང་བ་དང་དུས་མཉམ་དུ་སྒྲོ་བཏགས་པ་སྣང་བའི་རང་བཞིན་མ་ཡིན་པས་དངོས་པོ་མེད་པ་རྣམ་པར་རྟོག་པའི་ཡུལ་ཡིན་ནོ་ཞེས་གནས་པ་དེ་ཡང་འདོད་པ་ཡིན་ནོ། །འོ་ན་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་ནས་འཇུག་པ་ཡིན་ནོ་ཞེས་བཤད་པ་འདིའི་དོན་གང་ཡིན་ཞེ་ན། སྒྲོ་བཏགས་པའི་རང་བཞིན་དེ་ལ་གཟུང་བའི་རྣམ་པ་བྱེ་བྲག་ཏུ་མ་གཏོགས་པ་ཞེས་བྱ་བའི་དོན་འདི་ཡིན་ནོ། །འདི་ལྟར་རྣམ་པར་རྟོག་པ་དེ་ཉིད་ཀྱིས་སྒྲོ་བཏགས་ཀྱི་རང་བཞིན་ཤེས་པའི་བདག་ཉིད་ཀྱིས་རྣམ་པར་ངེས་པ་མ་ཡིན་ལ། རྣམ་པར་རྟོག་པ་གཞན་གྱིས་ཀྱང་མ་ཡིན་ནོ། །འཛིན་པའི་རྣམ་པ་ནི་སྒྲོ་བཏགས་ཀྱི་དོན་བདག་ཏུ་འཛིན་པའི་གཞི་མ་ཡིན་ཞིང༌། བདེ་བ་ལ་སོགས་པའི་རང་བཞིན་མ་ཡིན་པ་


DTG190_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་གཞན་དུ་བདག་ཏུ་འཛིན་པའི་གཞི་ཉིད་དང་བདེ་བ་ལ་སོགས་པའི་རང་བཞིན་དུ་དེ་ལ་རིག་པ་ཡིན་ནོ། །དེ་ལ་སྒྲོ་བཏགས་ཀྱི་རང་བཞིན་ལས་རྣམ་པར་མ་ཕྱེད་པས་རྣམ་པར་རྟོག་པ་ནི་གཟུང་བའི་རྣམ་པ་དོན་མེད་པ་ལ་དོན་དུ་ལྷག་པར་ཞེན་ཏོ་ཞེས་བརྗོད་ཀྱི་རྣམ་པར་རྟོག་པ་བདག་ཉིད་ཀྱི་གཟུང་བའི་རྣམ་པ་ཕྱི་རོལ་གྱི་མེ་ཡིན་པར་ལྷག་པར་ཞེན་ནུས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་གང་ཡང༌། རྣམ་པར་རྟོག་པའི་གཟུགས་བརྙན་ནི། །དེ་ཡི་མཐར་ཐུག་རྣམས་ལ་འབྲེལ། །སྒྲ་ཡི་ཤེས་ལ་ཐ་དད་ལྟར། །དོན་གྱི་གཟུགས་བརྙན་སྣང་གྱུར་པ། །དེ་ཡང་དོན་གྱི་བདག་ཉིད་མིན། །དེ་འཁྲུལ་བག་ཆགས་རང་བཞིན་ཅན། །ཞེས་བྱ་བ་ལ་སོགས་པ་བཤད་པ་གང་ཡིན་པ་ཐམས་ཅད་ཀྱང་རྣམ་པ་དང་སྒྲོ་བཏགས་པ་ཐ་དད་དུ་ལྷག་པར་ཞེན་པ་མེད་པའི་ཕྱིར་གཅིག་ཉིད་ཀྱི་ཐ་སྙད་དུ་ཁས་བླངས་ནས་བཤད་པར་ལྟའོ། །ཡང་ན་ནི་རྣམ་པ་འདི་ལྟ་བུའི་ཕྱོགས་སུ་སྒྲོ་བཏགས་ཉིད་ལ་གཟུགས་བརྙན་དུ་བརྗོད་པ་ཡིན་གྱི་གཟུང་བའི་རྣམ་པ་ནི་མ་ཡིན་ནོ། །གང་གི་ཕྱིར་སྒྲོ་བཏགས་པ་ལ་ནི་ཕྱི་རོལ་དུ་ངེས་པར་བྱས་པ་ཡིན་པའི་ཕྱིར་ཕྱི་རོལ་འདྲ་བ་ཕྱི་རོལ་གྱི་གཟུགས་བརྙན་ཞེས་བརྗོད་པར་ནུས་པ་ཡིན་ནོ། །གང་ཞིག་རྣམ་པར་རྟོག་པ་རྣམས་ཀྱིས་ངེས་པའི་དོན་དེ་ཡང་གང་ཡིན། ཅི་ཤེས་པའི་བདག་ཉིད་ཡིན་ནམ། འོན་ཏེ་གཞན་ཡིན་ཞེ་ན། ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་སྨྲའོ། །མ་ངེས་པ་ནི་ཉམས་སུ་མྱོང་བས་གྲུབ་ལ། ཤེས་པ་ཉིད་ནི་སྲེག་པའི་བསྒྲུབ་བྱ་སྒྲུབ་པའི་མེ་མ་ཡིན་ཞིང་དེའི་ཚེ་ཕྱི་རོལ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། ཇི་ལྟར་ངེས་པ་ནི་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར་ལ། དེ་ཁོ་ན་ཉིད་ཀྱང་ཇི་ལྟ་བ་བཞིན་དུ་མ་ངེས་པའི་ཕྱིར་རོ་ཞེས་གང་བཤད་པ་དང༌། དེ་བཞིན་དུ། སྒྲ་དོན་འདི་དང་གཞི་མཐུན་ཉིད། །ཡོད་པ་མིན་ཡང་ཇི་ལྟ་བུར། །གྲགས་པ་བཞིན་དུ་བརྗོད་བྱ་སྟེ། དངོས་ལ་འདི་ནི་མི་སྲིད་དོ། །ཞེས་ཀྱང་བཤད་དོ། །འོ་ན་རྣམ་རྟོག་གི་ཡུལ་གྱི་དོན་ངོ་བོ་མེད་ཀྱང་རང་བཞིན་དང་ལྡན་པ་ལྟ་བུ་ཇི་ལྟར་སྣང་ཞེ་ན། མ་རིག་པའི་བདག་ཉིད་རྣམ་རྟོག་གི་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་འདི་འདྲ་བ་ཡིན་ཏེ། བདག་ཉིད་རྣམ་པ་དང་ལྡན་པར་ཡོད་པ་ཀུན་དུ་སྟོན་པ་ཉིད་


DTG190_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་མེད་པའི་དོན་ཡང་ཉམས་སུ་མྱོང་བ་ཡོད་པའི་དངོས་པོ་དང་འདྲ་བར་ཡོད་པ་ལྟ་བུར་ཀུན་དུ་སྟོན་པ་གང་ཡིན་པའོ། །ཤེས་པས་མེད་པ་སྟོན་པའི་ཇི་ལྟར་ནུས་དེའི་གསལ་བར་བྱེད་པའི་རང་བཞིན་ཡང་ཅི་འདྲ་བ་ཞིག་ཅེ་ན། མེད་པའི་དོན་གསལ་བར་བྱེད་པ་ནི་ཉམས་སུ་མྱོང་བས་གྲུབ་པོ། །འདི་ལྟར་གསལ་བའི་རང་བཞིན་དེ་ནི་ཤེས་པ་མ་ཡིན་ཤེས་བྱ་ཡང་མ་ཡིན་ཏེ། དེའི་ཕྱིར་ཡང་མེད་པ་ཡིན་ནོ་ཞེས་ངེས་པར་ནུས་སོ། །རྣམ་པར་རྟོག་པའི་དེ་གསལ་བར་བྱེད་པ་ཡང་ཉམས་སུ་མྱོང་བས་གྲུབ་པོ། །ཤེས་པ་རྣམས་ཀྱི་གསལ་བར་བྱེད་པ་ནི་ཐུན་མོང་མ་ཡིན་པ་སྟེ། དེའི་ཕྱིར་ཇི་ལྟར་འདི་གསལ་བར་བྱེད་པ་ཡིན་པ་དེ་བཞིན་དུ་གཞན་ཡང་ཡིན་ནོ་ཞེས་དཔེ་བསྟན་པར་མི་ནུས་སོ། །རྣམ་པར་རྟོག་པ་བདག་ཉིད་དུ་གྱུར་པ་མ་ཡིན་པ་མེད་པའི་དོན་སྟོན་པ་ནི་ཉམས་སུ་མྱོང་བས་གྲུབ་པོ་ཞེས་དེ་ཙམ་ཞིག་ནི་བརྗོད་པར་ནུས་སོ། །ཉམས་སུ་མྱོང་བ་འདི་ལ་གནོད་པར་བྱེད་པའི་ཚད་མ་ནི་མེད་དོ། །དེའི་ཕྱིར་མེད་པའི་དོན་གསལ་བར་བྱེད་པ་ཉམས་སུ་མྱོང་བས་གྲུབ་པ་དང་དཔེ་ཡང་མེད་པ་ཡིན་ནོ། །དཔེར་ན་སྔོན་པོའི་སྔོན་པོ་ཉིད་འདྲ་བ་མེད་པར་ཡང་རྩོད་པ་མེད་པར་འཛིན་པ་དེ་བཞིན་དུ་རྣམ་པར་རྟོག་པའི་གསལ་བར་བྱེད་པ་ཡང་ཡིན་ནོ། །དེའི་ཕྱིར་དོན་དང་རང་གི་རང་བཞིན་ཡོད་པའི་རིག་བྱེད་དུ་ཉམས་སུ་མྱོང་བས་གྲུབ་ལ། ཐུན་མོང་མ་ཡིན་པའི་ཕྱིར་གང་ཞིག་གསལ་བྱེད་ཀྱི་དངོས་པོའི་དཔེར་འགྱུར་བ་ཞེས་པ་དང་འདྲ་བར་གསལ་བར་བྱེད་པའི་དོན་ནི་མེད་དོ། །དཔེས་ནི་དགོས་པ་ཡང་ཅུང་ཟད་ཀྱང་མེད་དོ། །འདི་ལྟར་ཉམས་སུ་མྱོང་བས་གྲུབ་པའི་རང་བཞིན་ལ་གནོད་པར་བྱེད་པ་མེད་ན་མི་སླུ་བ་ཅན་གྱི་མྱོང་བ་ཆད་མ་ཡིན་ནོ། །དེ་ལ་རིགས་པའམ་དཔེས་བྱ་བ་ཅི་ཞིག་ཡོད། དེ་ཉིད་ཀྱིས་ན་མེད་པའི་དོན་གསལ་བར་བྱེད་པའི་ཕྱིར་དང༌། ཉམས་སུ་མྱོང་བས་གྲུབ་པ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་མ་རིག་པའི་རང་བཞིན་དུ་འདོད་པ་ཡིན་ཏེ། མེད་པའི་དོན་གསལ་བར་བྱེད་པ་ཉིད་མ་རིག་པའི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་རྣམ་པར་རྟོག་པ་རྣམས་ཀྱིས་ངེས་པར་བྱས་པའི་ཡུལ་གཟུང་བའི་རྣམ་པའི་བདག་ཉིད་མ་ཡིན་པ་དང༌། རང་གི་མཚན་ཉིད་དུ་མེད་པའི་རང་བཞིན་གྱི་བདག་ཉིད་དུ་བསྒྲུབས་པ་ན་བློའི་གཟུགས་བརྙན་ཉིད་སྒྲའི་


DTG190_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱ་ཡིན་ནོ་ཞེས་འགའ་ཞིག་རྟོགས་པ་གང་ཡིན་པ་དེ་གསལ་བ་ཡིན་ནོ། །གང་ཞིག་རྣམ་པར་རྟོགས་པ་ནི་ཡུལ་ཡིན་པ་དེ་སྒྲའི་ཡུལ་ཡིན་གྱི། རང་རིག་པའི་ཡུལ་ནི་མ་ཡིན་ནོ། །རྣམ་པར་རྟོག་པའི་ཡུལ་གང་ཡང་ངེས་པ་དེ་ཡིན་ན་གཟུང་བའི་རྣམ་པ་ནི་ངེས་པ་མ་ཡིན་ཏེ། ཤེས་པའི་ཆ་ངེས་པ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །ངེས་པ་གང་ཡིན་པ་དེ་ནི་ཕྱི་རོལ་ཉིད་དུ་ངེས་པ་ཡིན་ཏེ། གཟུང་བའི་རྣམ་པ་ནི་མ་ཡིན་ནོ། །དེའི་ཕྱིར་རང་གི་མངོན་སུམ་གྱི་ཡུལ་གཟུང་བའི་རྣམ་པ་ནི་སྒྲའི་དོན་མ་ཡིན་གྱི། རྣམ་རྟོག་གི་ཡུལ་ངེས་པར་བྱས་པ་མེ་ལ་སོགས་པ་སྒྲོ་བཏགས་པར་སྒྲ་རྣམས་ཀྱི་བརྗོད་བྱའི་དངོས་པོར་ཁས་བླངས་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་བློའི་གཟུགས་བརྙན་ཡིན། རྟོག་གེ་རིག་པ་རྒྱུ་མཚན་འགའ་ཞིག་ལས་གཞན་སེལ་པ་སྒྲའི་དོན་དུ་བརྟགས་ནས་རྟོག་པ་མེད་པའི་ཡུལ་ཡང་སྒྲའི་དོན་དུ་ལྷག་པར་ཞེན་པ་ཤེས་པ་དང་ཐ་མི་དད་པའི་ཕྱིར་གཟུགས་བརྙན་རང་གི་མཚན་ཉིད་ཡིན་ཡང་སྒྲའི་བརྗོད་བྱར་ཡོངས་སུ་བརྟགས་པར་ཇི་ལྟར་འགྱུར་ཏེ། ཤེས་པ་དང་ཐ་དད་པ་མ་ཡིན་པ་སྒྲའི་བརྗོད་བྱར་ཡོངས་སུ་བརྟགས་པར་ཇི་ལྟར་འགྱུར་རོ། །ཤེས་དང་ཐ་དད་མ་ཡིན་པ། །ཇི་ལྟར་དོན་གཞན་འབྲང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་བརྗོད་བྱ་ཡིན་པ་སློབ་དཔོན་གྱིས་བགག་པ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པས་སྒྲོ་བཏགས་ཀྱི་རང་བཞིན་ངེས་པར་བྱས་པས་དེ་ཉིད་སྒྲའི་དོན་ཡིན་ན་སྒྲུབ་པའི་རང་བཞིན་སྒྲའི་དོན་ཡིན་མོད་དེ་ངེས་ན་ཡང་མེ་ཉིད་ཆུ་མ་ཡིན་པའི་ཕྱིར་གཞན་འདོགས་པ་ནི་གཅིག་སྒྲུབ་པའི་ཤུགས་ཀྱིས་ངེས་པ་ཡིན་གྱི། གཞན་ལ་ལྡོག་པར་རྟོགས་པར་བྱས་པ་ནི་མ་ཡིན་ནོ། །གཅིག་ངེས་པར་མ་བྱས་པ་ནི་གཞན་ལས་ལྡོག་པ་རྟོགས་པར་མི་འཐད་པའི་ཕྱིར་རོ། །དེས་ན་གལ་ཏེ་སྒྲོ་བཏགས་སྒྲའི་དོན་ཡིན་ན་སྒྲུབ་པའི་ཚུལ་ཉིད་དུ་འགྱུར་གྱི་གཞན་སེལ་བའི་དོན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །འདི་ལ་གལ་ཏེ་ཕྱི་རོལ་སྲེག་པའི་དོན་བྱེད་པར་བཟོད་པ་མཐོང་བ་ཅི་འདྲ་བ་ཁོ་ནར་རྣམ་པར་རྟོག་པས་ཕྱི་རོལ་གྱི་མེ་ཉིད་དུ་སྒྲོ་བཏགས་པ་སྣང་བར་བྱེད་ན་ནི་ཕྱི་རོལ་བཞིན་དུ་ངེས་པར་འགྱུར་གྱི་དོན་དམ་མེད་ཅེས་དངོས་པོ་མེད་པའི་རྣམ་རྟོག་གཞན་ཉེ་བ་ལ་མི་ལྟོས་ཤིང་དེ་དག་དང་འབྲེལ་པར་ཡང་མི་འགྱུར་རོ། །གང་གི་ཕྱིར་ཕྱི་རོལ་


DTG190_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མི་ནི་དངོས་པོ་ཡོད་པ་ལ་མི་ལྟོས་ཏེ། མཐོང་བ་ཉིད་ཀྱི་རང་བཞིན་ནི་ཡོད་པའི་དངོས་པོའི་བདག་ཉིད་དུ་ཡོད་པའི་ཕྱིར་རོ། །དངོས་པོ་མེད་པ་ལ་ཡང་མི་ལྟོས་ཏེ། མཐོང་བ་དེའི་རང་བཞིན་ནི་མེད་པ་དང་འགལ་བའི་ཕྱིར་རོ། །དེ་བཞིན་དུ་མཐོང་བ་དང་འདྲ་བར་སྒྲོ་བཏགས་པ་ཡང་དངོས་པོ་མི་འཁྲུལ་བ་དང༌། དངོས་པོ་མེད་པ་དང་འགལ་བའི་ཕྱིར་དེ་དག་ལ་མི་ལྟོས་པ་དང༌། དེ་དག་དང་གཞི་མཐུན་ཉམས་སུ་མྱོང་བར་མི་འགྱུར་རོ། །ཇི་ལྟར་ཆུ་ཡོད་དོ་ཞེས་ཤེས་ན་ཡང་ཡོད་པ་ཉིད་དང་མེད་པ་ཉིད་ལ་མི་ལྟོས་པ་དེ་བཞིན་དུ་ཆུ་ཡོད་དོ་ཞེས་རྟོགས་ན་ཡང་ལྟོས་པ་དང་འབྲེལ་པར་མི་འགྱུར་རོ། །ཤིང་ཞེས་རྟོགས་པ་ལ་ནི་ཅི་ཡོད་དམ་མེད་ཅེས་དངོས་པོ་ཡོད་པ་དང༌། དངོས་པོ་མེད་པ་ལ་ལྟོས་པ་དང༌། གཅིག་དང་འབྲེལ་བ་ཡང་ཡོད་པ་ཡིན་ནོ། །དེའི་ཕྱིར་སྒྲུབ་པ་དང་དགག་པ་ཐུན་མོང་བ་གཉིས་ཀ་དང་འབྲེལ་པར་རུང་བའི་དོན་རྣམ་པར་རྟོག་པས་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཉམས་སུ་མྱོང་བ་ལས་འོངས་པ་ཡིན་གྱི། ཕྱི་རོལ་གྱི་དངོས་པོ་ཐུན་མོང་མ་ཡིན་པ་བསྒྲུབ་པའི་རང་བཞིན་ནི་དོན་མ་ཡིན་ནོ། །དེའི་ཕྱིར་གཉིས་ཀའི་ཐུན་མོང་བའི་ཕྱི་རོལ་དང་ཆོས་མི་མཐུན་པ་རྣམ་པར་རྟོག་པས་སྒྲོ་བཏགས་པ་འདི་ནི་སྒྲུབ་པའི་ཚུལ་དུ་སྒྲོ་བཏགས་པར་མ་མཐོང་ངོ༌། །གང་གི་ཕྱིར་ཕྱི་རོལ་དང་འདྲ་བར་སྣང་བ་བསྒྲུབ་པའི་རང་བཞིན་གྱི་སྒྲོ་བཏགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་མཐོང་བའི་ཤིང་ལ་སོགས་པ་ལ་ཤིང་མ་ཡིན་མེད་པ། མེད་པར་དགག་པའི་རང་བཞིན་དང་ཤིང་གི་ཡོད་པ་ཉིད་སྒྲུབ་པའི་རང་བཞིན་ཀྱང་ཡོད་པ་ཡིན་ནོ། །དེ་ལ་རྣམ་པར་རྟོག་པས་ནི་བསྒྲུབ་པའི་རང་བཞིན་ལ་རེག་པའམ་སྒྲུབ་པ་དང་འདྲ་བར་སྒྲོ་བཏགས་ནི་མི་ནུས་ཀྱི། འོན་ཀྱང་ཤིང་མ་ཡིན་མེད་པས་ཁྱད་པར་དུ་གྱུར་པ་ཤིང་མ་ཡིན་མེད་པའི་མཐར་ཐུག་པའི་ཤིང་སྒྲོ་འདོགས་པར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ་ཕྱི་རོལ་དང་མི་མཐུན་ལ་སྒྲོ་འདོགས་པར་བྱེད་ཀྱང་ཕྱི་རོལ་ལྟ་བུར་ཀུན་ཏུ་སྟོན་པ་ཡིན། །དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་བའི་ཤིང་ནི་ཕྱི་རོལ་ན་མེད་ལ་རྣམ་པར་རྟོག་པ་ནི་གཉིས་ཀའི་ཐུན་མོང་བ་ཀུན་ཏུ་སྟོན་པར་བྱེད་དོ། །དེས་ན་ཕྱི་རོལ་དང་ཆོས་མི་མཐུན་པར་ངེས་པ་ཡིན་ནོ། །གཅིག་ལ་


DTG190_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཅིག་མེད་པའི་དངོས་པོ་ནི་ཕྱིར་རོལ་ན་ཡོད་ལ་དེའི་ཁྱད་པར་ཅན་དུ་ཡང་སྒྲོ་བཏགས་པ་ཡིན་ཏེ། དེའི་ཕྱིར་སྒྲོ་བཏགས་པའི་ཕྱི་རོལ་སྟོན་པ་ཡིན་ནོ། །དེའི་ཕྱིར་ད་ལྟར་ནི་མཐོང་བའི་མི་རྣམ་པར་རྟོག་པར་མི་བྱེད་དོ་ཞེས་མཐོང་བ་དང་བརྟགས་པ་བྱེ་བྲག་ཕྱེད་པར་རྟོགས་ཀྱང་མཐོང་བ་དང་བརྟགས་པའི་དོན་དག་གཅིག་ཏུ་བྱེད་པ་ཉིད་དོ། །གང་གི་ཕྱིར་གཅིག་ཏུ་བྱས་པའི་ཕྱིར་རྣམ་པར་རྟོག་པ་མེད་པའི་ཡུལ་མཐོང་བའི་མེ་ངེས་པ་ཡིན་ནོ། །གང་གི་ཕྱིར་སྒྲོ་བཏགས་པ་ལ་མཐོང་བའི་མེའི་རང་བཞིན་དུ་ཞེ་ན། ཡང་རྣམ་པར་མི་རྟོག་གོ་ཞེས་རྣམ་པར་རྟོག་པས་སྣང་བའི་མེའི་རང་བཞིན་ཡུལ་དུ་ཞེན་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་ཤིང་མ་ཡིན་མེད་པའི་མཐར་ཐུག་པའི་རང་བཞིན་ལྷག་པར་ངེས་པ་ལས་ཕྱི་རོལ་དང་ཆོས་མི་མཐུན་པར་ངེས་ཀྱང་ཕྱི་རོལ་ངེས་པ་ཡིན་ནོ། །ཡང་གང་དག་སྒྲ་ནི་སོ་སོར་ངེས་པའི་དངོས་པོའི་ཆ་ལ་འཇུག་པ་ཡིན་ལ་རྣམ་རྟོག་ཀྱང་དེ་བཞིན་ནོ་ཟེར་བ་དེ་དག་ལ་འདི་སྐད་ཅེས་དྲི་བར་བྱ་སྟེ། ཅི་འདྲ་བ་མཐོང་བ་དེ་འདྲ་བ་ཉིད་འཛིན་ན་ནི་ཆའི་དབྱེ་བ་ཆུང་ཟད་ཀྱང་མ་བཟུང་ལ། གཞན་འདྲ་བར་རྟོག་ན་ནི་སྒྲོ་བཏགས་པ་དངོས་པོ་ངེས་པ་མ་ཡིན་པར་འགྱུར་རོ། །གལ་ཏེ་གཅིག་ལས་ལྡོག་པའི་མཐར་ཐུག་པའི་ཕྱི་རོལ་དུ་མ་མཐོང་བ་དེ་ལྟ་ན་ཡང་ཤིང་མ་ཡིན་མེད་པ་དེ་སྲིད་དུ་ཕྱི་རོལ་གྲུབ་པོ། །དེའི་མཐར་ཐུག་པའི་རང་བཞིན་གཟུང་ན་ནི་ཕྱི་རོལ་གྱི་རང་བཞིན་ངེས་པར་འགྱུར་ཏེ། སྒྲོ་བཏགས་པའི་དོན་ནི་ཕྱི་རོལ་གྱི་ཤིང་མ་ཡིན་མེད་པའི་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་ཕྱི་རོལ་གྱི་ཤིང་མ་བཟུང་ན་དེའི་མཐར་ཐུག་པའི་ཤིང་མ་ཡིན་པ་མེད་པ་ཡང་གཟུང་བར་མི་འགྱུར་རམ་ཞེ་ན། བདེན་ན་འོན་ཀྱང་སྒྲོ་བཏགས་ཀྱི་ཤིང་ཤིང་གི་བདག་ཉིད་མ་ཡིན་ཀྱང་ཤིང་མ་ཡིན་མེད་པའི་མཐར་ཐུག་པ་སྒྲོ་འདོགས་པར་བྱེད་དོ། །དེའི་ཕྱིར་སྒྲོ་བཏགས་ཀྱི་ཤིང་མ་ཡིན་མེད་པ་ངེས་པར་རྟོགས་པ་ངེས་པར་བྱ་བའི་ཕྱི་རོལ་ངེས་པར་བྱེད་པ་ཡིན་ནོ། །ཤིང་མ་ཡིན་མེད་པའི་ཁྱད་པར་ཅན་སྒྲོ་བཏགས་པ་ལ་འདི་ཤིང་ངོ་ཤེས་ཕྱི་རོལ་ཉིད་དུ་ངེས་པ་ཉིད་ཕྱི་རོལ་གྱི་དོན་ངེས་པ་ཡིན་གྱི་དངོས་སུ་ཕྱི་རོལ་གྱི། །ཤིང་མ་ཡིན་མེད་པ་རྟོགས་པ་ནི་མ་ཡིན་ཏེ། ཕྱི་རོལ་གྱི་དོན་མ་བཟུང་ན་དེ་ངེས་པར་


DTG190_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་སྟོང་པར་མི་རྟོགས་པའི་ཕྱིར་རོ། །དེ་བཞིན་དུ་སྒྲ་ནི་རྟག་པ་མ་ཡིན་ནོ་ཞེས་འགོག་པའི་ཚེ་ན་རྟག་པ་ཉིད་སྒྲ་དང་གཞི་མཐུན་པར་རྟོགས་ལ། གཞི་མཐུན་པ་ཡང་གཅིག་ལ་བརྗོད་དོ། །དངོས་པོ་གང་ཞིག་གང་དང་ལྷན་ཅིག་ཏུ་མཐོང་བ་དེ་མ་བཟློག་པར་ནི་ཅིག་ཤོས་བཟློག་པར་མི་ནུས་ན། སྒྲ་གནས་ཀྱང་གཞི་མཐུན་པའི་རྟག་པ་ཉིད་འགོག་སྟེ། དེའི་ཕྱིར་ཕྱི་རོལ་དང་མི་འདྲ་བ་ངེས་པ་ཡིན་ལ། དེས་ན་དངོས་པོ་དང་དངོས་པོ་མེད་པ་དང་འབྲེལ་བར་རུང་བ་རྟོགས་པ་ཡིན་པའི་ཕྱིར་རོ། །གཞི་མཐུན་པའི་ཆོས་གཞན་བགག་ཀྱང་མ་བགག་པའི་ཕྱིར་གཞན་ལས་ལྡོག་པའི་མཐར་ཐུག་པའི་རང་བཞིན་ཁོ་ན་རྣམ་པར་རྟོག་པས་ངེས་པར་བྱེད་དོ། །གལ་ཏེ་དགག་པའི་ཤེས་པ་ཕྱི་རོལ་ལ་ནི་མ་ཡིན་ཏེ། དེ་མི་སྣང་བའི་ཕྱིར་རོ། །བློ་དང་བཟུང་བའི་རྣམ་པ་ལ་ཡང་མ་ཡིན་ཏེ། དེ་གཉིས་ནི་ཉམས་སུ་མྱོང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །སྒྲོ་བཏགས་པ་ལ་ཡང་མ་ཡིན་ཏེ། དེ་ཡང་དེའི་ཚེ་སྒྲོ་བཏགས་ཀྱི་རང་བཞིན་དུ་གཟུང་བ་དགག་པར་མི་ནུས་པའི་ཕྱིར་རོ། །དེ་བཞིན་དུ་སྒྲུབ་པའི་ཤེས་པ་ཡང་ཕྱི་རོལ་ལ་ནི་མ་ཡིན་ཏེ། མི་སྣང་བའི་ཕྱིར་རོ། །བློ་ལ་སོགས་པ་རྣམས་ཀྱང་ཡོད་པ་ལ་འཁྲུལ་པ་མེད་པའི་ཕྱིར་འདི་དགག་པ་མི་རིགས་མ་ཡིན་ནམ་ཞེ་ན། བདེན་ཏེ། ཕྱི་རོལ་དང་བློ་དང་རྣམ་པ་དང་སྒྲོ་བཏགས་པ་ལ་ཡང་དགག་པ་དང་སྒྲུབ་པར་རྟོག་པ་མ་ཡིན་ནོ། །སྒྲུབ་པ་དང་དགག་པ་དག་ནི་སྒྲོ་བཏགས་གང་ཞིག་ཕྱི་རོལ་ཉིད་དུ་ངེས་པར་བྱས་པ་དེ་དང་འབྲེལ་པ་ཡིན་ཏེ། དཔེར་ན་སྦྲུལ་སྒྲུབ་པ་དང་དགག་པའི་ཤེས་པ་ཐག་པའི་རྫས་ནི་མ་ཡིན་ཏེ། མི་སྣང་བའི་ཕྱིར་རོ། །སྦྲུལ་གྱི་བློ་དང་གཟུང་བའི་རྣམ་པ་དང༌། སྒྲོ་བཏགས་ཀྱི་སྦྲུལ་ལ་ཡང་མ་ཡིན་ཏེ། དེ་དག་ནི་རང་གི་རང་བཞིན་དུ་ཡོད་པ་ལ་མི་འཁྲུལ་པའི་ཕྱིར་རོ། །འོན་ཀྱང་སྒྲོ་བཏགས་ཀྱི་སྦྲུལ་གང་ཞིག་ཕྱི་རོལ་གྱི་སྦྲུལ་ཉིད་དུ་ངེས་པར་བྱས་པ་དེ་ནི་སྒྲུབ་པ་དང་དགག་པར་ངེས་པ་བཞིན་ནོ། །གང་ཞིག་དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་དུ་ཞེན་པས་ངེས་པར་འཛིན་པ་དེ་ནི་གཅིག་ལས་ལྡོག་པ་ངེས་པ་ལྷུར་བྱེད་པ་ཡིན་ཏེ། དཔེར་ན་བུམ་པ་མ་ཡིན་པར་ཤེས་པས་བུམ་པ་མ་ཡིན་པར་ངེས་པར་འཛིན་པ་ན་ཡོད་དམ་མེད་ཅེས་དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་དུ་ངེས་པར་འཛིན་པར་བྱེད་པ་བཞིན་ནོ། །


DTG190_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྟོག་པ་ཐམས་ཅད་ཀྱིས་ཀྱང་དངོས་པོ་དང་དངོས་པོ་མེད་པ་དག་གི་རང་བཞིན་ཐུན་མོང་དུ་ངེས་པར་འཛིན་པར་བྱེད་དོ། །གཏན་ཚིགས་འདི་མ་གྲུབ་པ་ནི་མ་ཡིན་ཏེ། རྣམ་པར་རྟོག་པ་གཉིས་ཀའི་ཐུན་མོང་གི་རང་བཞིན་དུ་དམིགས་པར་ཉམས་སུ་མྱོང་བས་གྲུབ་པའི་ཕྱིར་རོ། །སྔར་བཤད་པའི་ཚུལ་གྱིས་ཐུན་མོང་དུ་འཛིན་པའི་རྒྱུ་མཚན་ནི་གཅིག་ལ་ལྡོག་པ་ལྷུར་ངེས་པ་ཉིད་ཡིན་ཏེ། དེ་ནི་རྒྱུ་མཚན་མེད་པ་མ་ཡིན་ལ། རྒྱུ་མཚན་གཞན་ཡང་མི་དམིགས་པའི་ཕྱིར་རོ། །དེ་ལ་མི་མཐུན་པའི་ཕྱོགས་ལ་འཇུག་ན་ཁྱད་པར་བྱེད་པ་རྒྱུ་མཚན་དང་ལྡན་པ་ཉིད་མེད་པར་འགྱུར་བའི་ཕྱིར་ཁྱབ་པར་བྱེད་པ་མི་དམིགས་པས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ན་ཐུན་མོང་དུ་འཛིན་པ་ལྡོག་པ་གཅིག་གི་མཐར་ཐུག་པ་ལ་གནས་པའི་ཕྱིར་ཁྱབ་པ་གྲུབ་པོ། །གཞན་ཡང་མི་བདེན་པའི་རང་བཞིན་སྟོན་པའི་རྣམ་པར་རྟོག་པ་ཕྱི་རོལ་འདྲ་བ་ཀུན་དུ་སྟོན་པར་ཇི་ལྟར་འགྱུར་ཏེ། དེ་གཉིས་ནི་ཤིན་ཏུ་ཆོས་མི་མཐུན་པའི་ཕྱིར་རོ། །དེའི་ཕྱིར་དེའི་རང་བཞིན་གཞན་ལས་ལྡོག་པར་ཞེན་པ་ན་རྣམ་པར་རྟོག་པ་ཕྱི་རོལ་འདྲ་བར་ཀུན་དུ་སྟོན་པར་འགྱུར་བ་ཡིན་ནོ། །གང་ཞིག་ཤིན་ཏུ་མི་འདྲ་བ་དེའི་རང་བཞིན་དུ་འཛིན་པ་དེ་ནི་གཞན་ལས་བཟློག་པས་བྱས་པའི་འདྲ་བར་འཛིན་པ་ལྷུར་ལེན་པ་ཡིན་ཏེ། དཔེར་ན་སྣམ་བུ་བུམ་པ་དང་ཤིན་ཏུ་མི་འདྲ་ཡང་ཤིང་མ་ཡིན་པར་ཁྱད་པར་ཅན་དུ་ངེས་པར་རྟོགས་པ་ན་འདི་ཡང་ཤིང་མ་ཡིན་ན་འདི་ཡང་ཤིང་མ་ཡིན་ཞེས་ཡིན་ན་བུམ་པ་དང་འདྲ་བར་ངེས་པར་རྟོགས་པ་བཞིན་ནོ། །དེ་བཞིན་དུ་རྣམ་པར་རྟོག་པའི་དོན་ཕྱི་རོལ་དང་ཤིན་ཏུ་མི་མཐུན་པ་ཡང་ཕྱི་རོལ་དུ་ངེས་པར་རྟོགས་པ་ཡིན་ནོ། །རྣམ་པར་རྟོག་པས་ཕྱི་རོལ་ངེས་པར་བྱེད་པ་ཡང་ཉམས་སུ་མྱོང་བས་གྲུབ་པོ། །དངོས་པོ་མེད་པ་ལ་ཕྱི་རོལ་དུ་འཛིན་པ་ནི་རྒྱུ་མཚན་མེད་པ་མ་ཡིན་ཏེ། རྒྱུ་མཚན་གཞན་ཡང་མེད་དེ། ཇི་སྐད་བཤད་པ་བཞིན་ནོ། །དེའི་ཕྱིར་གཞན་ལས་ལྡོག་པ་ནི་འཛིན་ན་ཁྱབ་པར་བྱེད་པ་རྒྱུ་མཚན་དང་ལྡན་པ་མེད་པའི་ཕྱིར་ཕྱི་རོལ་དུ་འཛིན་པ་ཉིད་ལྡོག་པ་ན་གཞན་ལས་ལྡོག་པས་བྱས་པས་ཕྱི་རོལ་ཉིད་དུ་འཛིན་པ་གནས་པའི་ཕྱིར་ཁྱབ་བ་གྲུབ་པོ། །གཞན་ཡང་སྒྲུབ་པའི་ཚུལ་གྱིས་རྣམ་པར་བརྟགས་པ་དོན་ཡིན་ནོ་ཞེས་སྨྲ་བས་ནི་


DTG190_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྟོག་པ་གཞན་ལས་ལྡོག་པ་ཤུགས་ཀྱིས་ངེས་པར་བྱེད་པ་ཡིན་ནོ་ཞེས་གསལ་བར་སྨྲས་པར་གྱུར་ན་དེ་ནི་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་གཅིག་པ་གྲུབ་པར་རྟོགས་པའི་དུས་སུ་དེ་ཅིག་ཤོག་ལས་ལྡོག་པར་མ་རྟོགས་ན་བསྒྲུབ་པའི་ཚུལ་རྣམ་པར་རྟོག་པའི་དོན་དེ་ཉིད་ངེས་པར་རྣམ་པར་བརྟག་མི་ནུས་ཏེ། ཅིག་ཤོས་ཀྱི་རང་བཞིན་ལ་ཐེ་ཚོམ་ཟ་ན་དེར་རྣམ་པར་བརྟག་པར་བྱ་བ་ལ་ཡང་ཐེ་ཚོམ་ཟ་བར་འགྱུར་བའི་ཕྱིར་རོ། །ཕྱི་ནས་བཟློག་པར་བྱ་བ་ལ་དེར་ཐེ་ཚོམ་མི་ཟའོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། དེའི་ཕྱིར་ཅིག་ཤོས་ཀྱི་རང་བཞིན་གྱིས་སྟོང་པ་ཉིད་དུ་རྟོགས་པའི་རྣམ་པར་རྟོག་པ་ནི་ངེས་པའི་དོན་རྟོགས་པར་བྱེད་པ་ཡིན་ནོ། །གང་ཞིག་ངེས་པའི་རང་བཞིན་ངེས་པར་རྟོགས་པར་བྱེད་པ་དེ་ནི་གཞན་ལས་ལྡོག་པའི་ཡུལ་ཅན་ཡིན་ཏེ། དཔེར་ན་འདི་ནི་བུམ་པ་ཁོ་ནའོ་ཞེས་ངེས་པ་ཉིད་ཀྱི་བུམ་པ་ངེས་པར་རྟོགས་པའི་རྟོག་པ་བཞིན་ནོ། །དེ་བཞིན་དུ་རྣམ་པར་རྟོག་པ་ཐམས་ཅད་ཀྱང་ངེས་པ་ཉིད་དུ་འཛིན་པར་ཉམས་སུ་མྱོང་བས་གྲུབ་པ་ཡིན་ནོ། །འདིར་ཡང་སྔར་བཤད་པའི་རྣམ་པར་ངེས་པར་འཛིན་པ་རྒྱུ་མཚན་མེད་པ་མ་ཡིན་ལ། རྒྱུ་མཚན་གཞན་ཡང་མི་འཐད་པའི་ཕྱིར་ཁྱབ་པར་བྱེད་པ་རྒྱུ་མཚན་དང་ལྡན་པ་ཉིད་མེད་པའི་ཕྱིར་ངེས་པར་འཛིན་པ་མི་མཐུན་པའི་ཕྱོགས་ལས་ལྡོག་པས་ན་ལྡོག་པ་དང་ལྡན་པ་འཛིན་པ་ཉིད་ལ་གནས་པས་ན་ཁྱབ་པ་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པ་ཉིད་ཐུན་མོང་དུ་འཛིན་པ་དང་ཕྱི་རོལ་དུ་འཛིན་པ་དང༌། ངེས་པར་འཛིན་པ་དེ་ཉིད་ནི་ལྡོག་པ་འཛིན་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་ཁྱབ་པར་བྱེད་པ་ཡིན་པར་བལྟའོ། །གལ་ཏེ་དངོས་པོ་གཞན་ལས་ལྡོག་པར་སྒྲོ་བཏགས་པ་ཡིན་ན། ལྡོག་པ་གང་ཡིན་པ་དེ་དང༌། ལྡོག་མཚམས་གང་ཡིན་པ་དེ་དང༌། རྒྱུ་མཚན་གང་གིས་ལྡོག་པ་དེ་གསུམ་ཀ་ཡང་རྣམ་པར་རྟོག་པས་རྟོགས་པར་བྱ་བར་འགྱུར་ཏེ། དཔེར་ན་ལྷ་སྦྱིན་མཆོད་སྦྱིན་ལས་ལྡོག་པར་འཛིན་པ་ན་གསུམ་ཀ་ཡང་འཛིན་པ་བཞིན་ནོ། །དངོས་པོ་མེད་པའི་ཕྱིར་ཇི་སྐད་བཤད་པ་གསུམ་ནི་རྣམ་པར་རྟོག་བས་འཛིན་པར་མི་འཐད་ཅིང་ཉམས་སུ་མྱོང་བ་ཡང་མ་ཡིན་ནོ། །ཉམས་སུ་མྱོང་བའི་རང་བཞིན་མ་ཡིན་པའི་རང་རིག་པའི་རྣམ་པར་རྟོག་པ་ཡིན་པར་ཡང་རྟག་པར་མི་འཐད་དོ། །


DTG190_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་གཞན་སེལ་བའི་རང་བཞིན་དུ་སྒྲོ་བཏགས་པ་ཞེས་བྱ་བར་ཇི་ལྟར་འགྱུར་ཞེ་ན། རྣམ་པར་རྟོག་པ་ནི་མ་རིག་པའི་བདག་ཉིད་ཡིན་པའི་ཕྱིར་རང་གི་མཚན་ཉིད་འཛིན་པར་མི་ནུས་སོ། །ཅི་ཞིག་ལྟར་དོན་བྱེད་པར་སྒྲོ་འདོགས་པར་བྱེད་པ་ནི། གང་གི་ཕྱིར་ཡོད་པ་དང་མེད་པ་དང་འབྲེལ་པར་རུང་པ་དང་ཕྱི་རོལ་ཉིད་དང་ངེས་པ་ལྟ་བུར་སྒྲོ་འདོགས་པ་དེའི་ཕྱིར་གཞན་ལས་ལྡོག་པའི་མཐར་ཐུག་པ་ཉིད་དུ་སྒྲོ་འདོགས་པ་ཡིན་ནོ། །འདི་ལྟར་ལྡོག་པ་གཙོར་གྱུར་པའི་དོན་སྒྲོ་བཏགས་ན་ཤིང་མ་ཡིན་པ་ལས་ལྡོག་པར་བཟུང་བའི་ཤིང་གི་དེ་ཉིད་ཡོད་པ་དང་མེད་པ་ལས་ལྡོག་པར་ངེས་པའི་ཕྱིར་ཡོད་པ་དང་མེད་པ་ལ་ལྟོས་པར་རིག་པ་ཡིན་ནོ། །དེ་བཞིན་དུ་ཅིག་ཤོས་ལྡོག་པའི་མཐར་ཐུག་པ་ཉིད་རྟོགས་ན་ངེས་པར་འཛིན་པ་ཡིན་ལ་དེ་བཞིན་དུ་གཞན་ལས་ལྡོག་པ་རྟོགས་པར་འགྱུར་ན། ཕྱི་རོལ་དང་ཤིན་ཏུ་མི་འདྲ་བ་དེ་ཡང་ཕྱི་རོལ་ཉིད་དུ་འཛིན་པར་འཐད་པ་ཡིན་ནོ། །དེའི་ཕྱིར་གཞན་ལས་ལྡོག་པའི་རང་བཞིན་ཉིད་སྒྲོ་འདོགས་པ་ཡིན་ན་ཡོད་པ་དང་མེད་པ་དང་འབྲེལ་པར་རུང་བ་དང་ངེས་པར་འཛིན་པ་དང་དོན་བྱེད་པར་བཟོད་པའི་རང་བཞིན་ཕྱི་རོལ་ལྟ་བུར་ཞེན་པ་ཡིན་ནོ་ཞེས་ངེས་པར་བྱའོ། །གལ་ཏེ་བདག་གིས་གཞན་ལས་ལྡོག་པ་རྟོགས་སོ་ཞེས་རྟོགས་པར་བྱེད་པ་ལ་ཞེན་པ་མེད་པ་མ་ཡིན་ནམ་ཞེ་ན། དཔེར་ན་སྤྱི་དང་ལྡན་པའི་དོན་མཐོང་ངོ་ཞེས་གསལ་བ་དང་སྤྱི་དང་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོར་ཉམས་སུ་མྱོང་བའི་རྟོགས་པ་མེད་མོད་ཀྱི། འོན་ཀྱང་ཁྱད་པར་ཅན་གྱི་རྟོགས་པའི་དབང་གིས་སྤྱིའི་ཁྱད་པར་ཅན་གྱི་གསལ་བ་མཐོང་བར་ཕ་རོལ་གྱིས་བརྟགས་པ་དེ་བཞིན་དུ་ཡོད་པ་དང་མེད་པ་དང་འབྲེལ་པར་རུང་བ་དང་ངེས་པར་འཛིན་པ་དང༌། ཕྱི་རོལ་དང་འདྲ་བར་སྒྲོ་འདོགས་པ་གཞན་དུ་མི་འཐད་པའི་ཕྱིར། གཞན་ལས་ལྡོག་པར་སྒྲོ་བཏགས་སོ་ཞེས་བརྗོད་ཀྱི་རྣམ་པར་རྟོག་པ་བདག་ཉིད་ནི་ལྡོག་པ་དང་ལྡན་པ་རྟོགས་པ་ཡིན་ནོ་ཞེས་ངེས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ལྡོག་པ་དང་ལྡན་པའོ་ཞེས་རྣམ་པར་རྟོག་པ་ན་ངེས་པར་གསུམ་ཆར་བརྟག་པར་འགྱུར་བ་ལྡོག་པ་དང་ལྡོག་མཚམས་དང་ལྡོག་པའི་རྒྱུ་མཚན་རྣམས་ཐ་དད་དུ་བརྟག་པར་བྱ་བ་ནི་མ་ཡིན་ནོ། །འདིར་ནི་གཞན་དང་མ་འདྲེས་པའི་རང་བཞིན་གྱིས་དོན་བྱེད་པར་རྣམ་པར་


DTG190_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པར་བྱེད་པ་ཉིད་ཤུགས་ཀྱིས་གཞན་ལས་ལྡོག་པར་རྟོགས་པར་བྱེད་པ་ཉིད་ཤུགས་ཀྱིས་ལྡོག་པར་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་གསུམ་དུ་རྟོགས་པར་ཐལ་བ་མེད་དོ། །གལ་ཏེ་དངོས་པོ་དོན་གཅིག་བྱེད་པས་གཞན་དེ་མི་བྱེད་པ་དག་ལས་ལྡོག་པར་བརྟག་པར་བྱས་པ་ཡིན་ན། གང་གི་ཚེ་འབྲས་བུ་མཐོང་བར་འགྱུར་བ་དེའི་ཚེ་ནི་དེ་བྱེད་པར་གཟུང་བར་འགྱུར་ན། སྔར་མ་མཐོང་བའི་དངོས་པོ་ལ་གོ་མཐོང་བའི་དེ་མ་ཐག་པའི་ཞེན་པས་མཐོང་བའི་རང་བཞིན་དངོས་པོ་གཞན་ལས་ལྡོག་པར་འཛིན་པ་ཅི་འདྲ་བ་ཞིག་ཡིན། གང་གི་ཕྱིར་འབྲས་བུའི་ཁྱད་པར་བྱེད་པས་ན་རྣམ་པར་རྟོག་པས་དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་ལྡོག་པའི་རང་བཞིན་དུ་གསལ་བར་བྱེད་པ་ཡིན་ནོ། དེའི་ཚེ་ནི་འབྲས་བུ་འགའ་ཞིག་ཀྱང་མཐོང་བ་མེད་པ་ཡིན་ནོ་ཞེ་ན། ཇི་ལྟར་མཐོང་བ་མེད་པ་ཡིན། གང་གི་ཚེ་རྟོགས་པ་པོ་སྣང་བའི་འབྲས་བུ་མཐོང་བ་ཉིད་ཉམས་སུ་མྱོང་ནས་སྣང་བ་ལ་མཐོང་བ་དེ་བྱེད་པར་ངེས་པ་ཡིན་པ་དེའི་ཕྱིར་སྣང་བ་མཐོང་བ་དེ་བྱེད་པ་མ་ཡིན་པ་དག་ལས་ལྡོག་པར་རྣམ་པར་རྟོག་པས་ངེས་པ་ཡིན་ནོ། །གལ་ཏེ་དངོས་པོ་བཞིན་དུ་མཐོང་བ་ཡང་ཐ་དད་པ་མ་ཡིན་ནམ། དེའི་ཕྱིར་དངོས་པོ་མཐོང་བ་དེ་བྱེད་པས་དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་ལྡོག་པར་ངེས་པ་ན་མཐོང་བ་ཐ་དད་པའི་ཕྱིར་འགའ་ཞིག་ཀྱང་འགའ་ཞིག་དང་ཡང་མཚུངས་པར་རྟོགས་པར་མི་འགྱུར་བ་ཞིག་ན། ཤིང་ལ་སོགས་པ་རྣམས་ཀྱི་རང་བཞིན་མཚུངས་པ་ཅུང་ཞིག་རྣམས་རྣམ་པར་རྟོག་པས་རྟོགས་པ་ནི་ཡིན་ནོ་ཞེ་ན། བདེན་ཏེ། བྱེ་བྲག་རྣམས་སོ་སོར་ཐ་དད་པ་ལ་མཐོང་བ་ཐ་དད་པ་ཡིན་ནོ། །མཐོང་བའི་དེ་མ་ཐག་ཏུ་འབྱུང་བའི་ངེས་པར་བྱེད་པས་ནི་ཐ་དད་པ་མེད་པར་ཞེན་པར་བྱེད་དོ། །དེའི་ཕྱིར་མཐོང་བ་གཅིག་བྱེད་པའི་གསལ་བ་རྣམས་འབྲས་བུ་དེ་མི་བྱེད་པ་དག་ལས་ལྡོག་པ་རང་བཞིན་མཚུངས་པར་རྟོགས་པར་བྱེད་དོ། །གལ་ཏེ་རྣམ་པར་རྟོག་པ་ཇི་ལྟར་གསལ་བ་ཐ་དད་པ་གཅིག་བྱེད་པར་ངེས་པར་བཟུང་ནས་དེ་མི་བྱེད་པ་དག་ལས་ལྡོག་པས་ཐ་མི་དད་པར་ངེས་པར་བྱེད་པ་དེ་བཞིན་དུ་མཐོང་བ་རྣམས་ཀྱང་འབྲས་བུ་གཅིག་པ་ཉིད་ཀྱིས་དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་ལྡོག་པ་ངེས་པར་གཟུང་བ་ན་ཐ་དད་པ་མེད་པར་ངེས་པར་འགྱུར་དགོས་ན། ཇི་ལྟར་གསལ་


DTG190_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་འབྲས་བུ་ཐ་མི་དད་པ་དེ་བཞིན་དུ་མཐོང་བ་རྣམས་ལ་འབྲས་བུ་ཐ་མི་དད་པ་ཅུང་ཟད་ཅིག་མཐོང་ན་ནི་མེད་དོ། །དེ་ལྟ་ན་ནི་འོ་ན་མཐོང་བའི་སྟོབས་ཀྱིས་འབྱུང་བའི་རྟོག་པ་ཉིད་མཐོང་བའི་འབྲས་བུ་ཡིན་པར་མཐོང་བས་ན་འབྲས་བུ་གཞན་གྱིས་ཅི་བྱ་ཞེ་ན། དེ་ལྟར་ནི་མི་ནུས་ཏེ། ཇི་ལྟར་གསལ་བ་རྣམས་དང༌། མཐོང་བ་རྣམས་ཐ་དད་པ་དེ་བཞིན་དུ་མཐོང་བའི་མཐུ་ལས་བྱུང་བའི་རྣམ་པར་རྟོག་པ་རྣམས་ཀྱང་ཐ་དད་དོ། །དེའི་ཕྱིར་དེ་དག་གིས་གཅིག་ཉིད་ཀྱང་རྒྱུ་མཚན་འབྲས་བུ་གཞན་ལ་བརྟེན་པར་བྱ་བ་ཡིན་ལ། དེ་ཡང་ཐ་དད་པ་ན་ཡང༌། ཐ་མི་དད་པར་གཞག་པའི་རྒྱུ་མཚན་འབྲས་བུ་གཞན་གྱི་རྗེས་སུ་འགྲོ་དགོས་པ་ས་ཐུག་པ་མེད་པར་འགྱུར་རོ། །གཞན་ཡང་རེ་ཞིག་རྣམ་པར་རྟོག་པའི་ཤེས་པ་གཅིག་ཏུ་རྟོགས་པར་བྱ་བ་ཡིན་ཞིང༌། དེ་ལས་འབྲས་བུ་གཅིག་ཡོད་པ་དེ་དང་ལྡན་པའི་ཕྱིར་མཐོང་བ་རྣམས་ཐ་མི་དད་པར་ངེས་པར་བྱ་བ་ཡིན་ལ། དེ་ལས་ནི་མཐོང་བའི་འབྲས་བུ་གཅིག་དང་ལྡན་པའི་གསལ་བ་གཅིག་ཏུ་བྱ་བ་ཡིན་ནོ། །དེ་ལ་རྣམ་པར་རྟོག་པ་རྣམས་ཀྱིས་གཅིག་པ་ཉིད་ལ་རྣམ་པར་རྟོག་པ་དེ་ཉིད་ཀྱིས་ནི་རེག་པར་མི་ནུས་སོ། །གང་གི་ཕྱིར་གང་ཞིག་ངེས་པར་བྱས་པ་དེ་ལ་རྣམ་པར་རྟོག་པས་གཟུང་བར་ནུས་པ་ཡིན་ན། བདག་ཉིད་ནི་དེས་ངེས་པར་བྱས་པ་མ་ཡིན་ནོ། །རྣམ་པར་རྟོག་པ་གཞན་གྱིས་ཀྱང་མཐོང་བས་བསྐྱེད་པའི་རྣམ་པར་རྟོག་པ་རྣམས་བཟུང་བར་ཐ་དད་པ་མ་ཡིན་ནོ། །གང་གི་ཕྱིར་མཐོང་བའི་དེ་མ་ཐག་ཏུ་བྱུང་བའི་རྣམ་པར་རྟོག་པ་སྐྱེས་པ་ཉིད་ན་མཐོང་བའི་ཡུལ་གསལ་བ་དང་མཐོང་བ་རྣམས་ཐ་མི་དད་པར་རྟོགས་ཏེ། དེའི་ཕྱིར་མཐོང་བ་ལས་བྱུང་བའི་རྣམ་པར་རྟོག་པ་རྣམས་ཐ་མི་དད་པར་བཟུང་ཡང་རྣམ་པར་རྟོག་པ་གཞན་གྱིས་ཅི་ཞིག་བྱ་དེ་ལྟ་ན་ཡང་གསལ་བ་རྣམས་གཅིག་ཏུ་ཞེན་པ་ནི་མཐོང་བ་རྣམས་ཐ་དད་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་མ་ཡིན་གྱི། འོན་ཀྱང་མཐོང་བའི་ཡུལ་དང་མཐོང་བ་རྣམས་ནི་མཐོང་བའི་སྟོབས་ཀྱིས་བྱུང་བའི་ངེས་པས་དུས་གཅིག་ཁོ་ནར་ཐ་མི་དད་པར་རྟོགས་ཏེ། དེས་ན་ཞེན་པ་གཅིག་བྱེད་པ་ཉིད་ཀྱིས་མཐོང་བ་ཐ་དད་མེད་པར་འཛིན་ལ་མཐོང་བ་གཅིག་བྱེད་པ་ཉིད་ཀྱང་གསལ་བ་རྣམས་གཅིག་ཏུ་ཞེན་པ་ཡིན་ཞེས་


DTG190_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་བརྗོད། གཞན་ཡང་ཇི་ལྟར་བུམ་པ་ཆུ་འཛིན་པར་ནུས་པ་བཞིན་དུ་གསལ་བ་རྣམས་མཐོང་བར་བྱེད་པའམ་མཐོང་བར་ཞེན་པར་བྱེད་པར་རྟོགས་པ་ནི་འགའ་ཡང་མེད་ན། དེ་ཇི་ལྟར་གསལ་བ་རྣམས་མཐོང་བར་བྱེད་པ་དང༌། མཐོང་བ་རྣམས་ཀྱང་རྣམ་པར་རྟོག་པར་བྱེད་པ་ཉིད་ཀྱིས་གཅིག་ཉིད་དུ་རྟོགས་སོ་ཞེས་བརྗོད་ཅེ་ན། བཤད་པ་འདིའི་ལན་ཉོན་ཅིག་དོན་མཐོང་བའི་ནུས་པའི་རྒྱུ་མཚན་ཅན་གྱི་རྣམ་པར་རྟོག་པ་རྣམས་ནི་འབྲས་བུ་ཐ་མི་དད་པས་ཐ་དད་པ་མེད་པར་མི་བརྗོད་ཀྱི། འོན་ཀྱང་ཡུལ་ཐ་མི་དད་པས་སོ། །འདི་ལྟར་ཤིང་མཐོང་བ་ལས་བྱུང་བའི་རྣམ་པར་རྟོག་པ་གཅིག་གིས་དོན་ཅི་འདྲ་བ་སྒྲོ་བཏགས་པ་དེ་འདྲ་བར་གཞན་གྱིས་ཀྱང་ཡིན་པའི་ཕྱིར་ཤིང་མཐོང་བས་བྱས་པའི་རྣམ་པར་རྟོག་པ་རྣམས་དོན་མཚུངས་པར་ཞེན་པར་བྱེད་པ་ཡིན་ནོ་ཞེས་པ་དེ་རྣམས་ལ། བདག་གིས་ནི་ཤེས་པ་འདི་དང་མཚུངས་པར་དོན་ཡོངས་སུ་བཅད་དོ་སྙམ་དུ་འཛིན་པའི་བྱ་བ་ནི་མེད་མོད་ཀྱི། འོན་ཀྱང་དེ་རྣམས་ཀྱིས་ཉེ་བར་སྟོན་པའི་དོན་ལ་ཐ་དད་དུ་ཞེན་པ་མེད་པའི་ཕྱིར་དེ་རྣམས་ཀྱི་ཡུལ་ཐ་མི་དད་པར་བརྗོད་པ་འབའ་ཞིག་ཏུ་ཟད་དོ། །དེ་ལ་ཞེན་པའི་དོན་ཐ་མི་དད་པ་ཉིད་ཡིན་ལ་ཐ་མི་དད་པར་ཞེན་པར་བྱ་བ་དེ་ཡང་དེ་ཉིད་ཀྱིས་ཞེན་པར་བྱས་པ་དེའི་ཕྱིར་རྟོག་པ་གཞན་གྱིས་དེ་དག་གཅིག་ཏུ་ངེས་པར་བྱ་བ་མ་ཡིན་ནོ། །གང་གི་ཕྱིར་དེ་དག་ཉིད་ཀྱིས་ཞེན་པར་བྱས་པ་དེའི་ཕྱིར་སྔོན་མཐོང་བ་གང་ཡིན་པ་དེ་ནི་འདི་ཡིན་ནོ་ཞེས་ཞེན་པ་གཅིག་གི་རྣམ་པ་རྗེས་སུ་བྱེད་པའི་ངོ་ཤེས་པ་སྐྱེ་བ་ཡིན་ནོ། །ཐ་མི་དད་པར་བརྟགས་དོན་དེ་ཡང་མཐོང་བ་དེའི་རང་བཞིན་དུ་སྒྲོ་བཏགས་པ་ཡིན་ལ། མཐོང་བའི་དོན་ཡང་ལྟ་བའི་ཡུལ་ཉིད་དོ། །དེས་ན་སྒྲོ་བཏགས་པའི་བདག་ཉིད་ཀྱིས་མཐོང་བ་དང་ལྟ་བ་ཐ་དད་མེད་པར་འཛིན་ཏོ། །གལ་ཏེ་དེ་ལྟར་ན་སྒྲོ་བཏགས་ཀྱི་དོན་གྱིས་གསལ་བ་རྣམས་བསྲེས་པ་ཡིན་ཏེ། མཐོང་བ་གཅིག་བྱེད་པའི་ཕྱིར་ནི་མ་ཡིན་ནོ་ཞེ་ན། མཐོང་བ་གཅིག་བྱེད་པའི་ཕྱིར་མ་ཡིན་ནོ་ཞེས་ཅི་སྟེ་བརྗོད། འདི་ལྟར་མཐོང་བའི་ཡུལ་ཉིད་ཀྱིས་ན་གསལ་བ་དེ་དག་ལ་མཚུངས་པར་རྟོགས་པ་ཡིན་ལ། མཐོང་བའི་ཡུལ་ཡང་མཐོང་བ་བྱེད་པ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །མཐོང་བ་ཐ་མི་དད་བར་བཟུང་བ་ཡང་སྒྲོ་བཏགས་ཀྱི་རང་བཞིན་ཐ་མི་དད་པ་འབའ་ཞིག་གིས་


DTG190_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་འབྲས་བུ་གཞན་ཡང་འབྲེལ་པས་ནི་མ་ཡིན་ནོ། །དེའི་ཕྱིར་འདི་ཐ་མི་དད་པ་འཛིན་པའི་རིམ་པ་ནི་འགའ་ཡང་མེད་དོ། །རྣམ་པར་རྟོག་པ་རྣམས་ཀྱིས་སྒྲོ་བཏགས་ཀྱི་རང་བཞིན་འཛིན་པ་ཉིད་ཡིན་པ་དེ་ཉིད་མཐོང་བ་གཅིག་ཏུ་འཛིན་པ་ཡིན་ནོ། །དེས་ན་རིམ་གྱིས་ཐ་མི་དད་པར་འཛིན་པ་དང་རྣམ་པར་རྟོག་པ་དེ་ཉིད་དམ་གཞན་གྱིས་རྣམ་པར་རྟོག་པ་རྣམས་གཅིག་ཏུ་གཟུང་བར་བྱ་བ་མ་ཡིན་ནོ་ཞེས་གང་བརྗོད་པ་དེ་གཉིས་ཀ་ཡང་བསལ་བ་ཡིན་ནོ། །འབྲས་བུ་འབྲས་བུ་ཉིད་དུ་རྟོགས་པ་ན་རྣམ་པར་རྟོག་པས་དེ་བྱེད་པའི་རང་གི་མཚན་ཉིད་རྣམས་ལ་གཅིག་ཏུ་འཛིན་ཏོ་ཞེས་ནི་ཁོ་བོ་ཅག་མི་སྨྲའོ། །འོན་ཀྱང་ཉམས་སུ་མྱོང་བའི་འབྲས་བུ་དང་འབྲེལ་པར་མཐོང་བ་ན་ཐ་མི་དད་པར་ཞེན་པ་འབའ་ཞིག་ཏུ་ཟད་དོ། །ཇི་ལྟར་རྣམ་པར་རྟོག་པའི་སྒྲོ་བཏགས་པའི་བདག་ཉིད་ཀྱིས་མཐོང་བ་དང་མཐོང་བའི་ཡུལ་ལ་རྣམ་པར་རྟོག་པར་བྱེད་པ་ན་ཐ་དད་པ་མེད་པར་རྟོགས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བཤད་ཟིན་ཏོ། །དེ་ལྟ་ཡིན་ན་ཡང་དོན་གཅིག་ཏུ་ཞེན་པའི་འབྲས་བུ་གཅིག་པ་མཐོང་བ་གཅིག་ཡིན་ལ། འབྲས་བུ་མཐོང་བ་ཐ་མི་དད་པས་ཀྱང་རང་གི་མཚན་ཉིད་ཀྱི་ཚོགས་རྣམས་གཅིག་ཏུ་ངེས་པར་འགྱུར་བ་ཡིན་ནོ། །གལ་ཏེ་ངེས་པ་གཅིག་ཏུ་རྟོགས་པའི་འབྲས་བུ་ནི་མཐོང་བ་གཅིག་ཏུ་བཟུང་བ་མ་ཡིན་གྱི། འོན་ཀྱང་གཅིག་ཏུ་སྒྲོ་བཏགས་པའི་བདག་ཉིད་ལས་མ་ཡིན་ནམ་ཞེ་ན། བདེན་ཏེ། ཐ་མི་དད་པའི་རང་བཞིན་དུ་སྒྲོ་བཏགས་པ་དེ་ཉིད་ནི་མཚུངས་པར་སྣང་བའི་རྣམ་པར་རྟོག་པ་རྣམས་ཀྱིས་འཇུག་པ་ཡིན་ཏེ། གཞན་དུ་ན་རྣམ་པར་རྟོག་པ་ཐམས་ཅད་ཐ་མི་དད་པར་སྒྲོ་འདོགས་པར་འགྱུར་རོ། །མཚུངས་པའི་རྣམ་པ་ཡང་མཐོང་བའི་རྒྱུ་མཚན་ཅན་ཡིན་ཏེ། དེའི་ཕྱིར་མཚུངས་པར་རྟོགས་པའི་འབྲས་བུ་ཅན་ཉིད་ཀྱིས་མཐོང་བ་རྣམས་ཐ་མི་དད་པར་ངེས་པ་ཡིན་ནོ། །གང་གི་ཚེ་སྒྲོ་བཏགས་ཀྱི་བདག་ཉིད་ཁོ་ནས་མཐོང་བ་དང་སྣང་བ་ཐམས་ཅད་ཐ་མི་དད་པ་ཡིན་ལ། སྒྲོ་བཏགས་ཀྱི་རང་བཞིན་ཐ་མི་དད་པར་ངེས་པ་ཡང་མཚུངས་པར་སྣང་བའི་དབང་གིས་ཡིན་པ་དེའི་ཕྱིར་འབྲས་བུ་རང་བཞིན་གཅིག་ཏུ་སྒྲོ་འདོགས་པའི་ཤེས་པ་ཉིད་ཀྱིས་གསལ་བ་རྣམ་པ་དང་མཐོང་བ་རྣམས་མཚུངས་པར་བརྗོད་པ་ཡིན་ནོ། །རྣམ་པ་མཚུངས་པའི་ཤེས་


DTG190_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྔ་ནི་ངོ་བོ་ཉིད་ཁོ་ནས་གསལ་བ་རྣམས་ཀྱི་ནུ་པ་ཁྱད་པར་མེད་དོ། །དེ་ཉིད་ཀྱི་ཕྱིར་སྤྱི་མེད་ཀྱང་གསལ་བ་གཅིག་མཐོང་བ་ལས་བྱུང་བའི་རྣམ་པར་རྟོག་པ་ལ་སྣང་བའི་དོན་ལ་བརྡ་བྱས་པ་ནས་དེ་འདྲ་བའི་རྣམ་པར་རྟོག་པའི་རྒྱུ་ཐམས་ཅད་ལ་བྱས་པར་འགྱུར་རོ། །ཚུལ་འདིས་ཆུ་འཛིན་པ་ལ་སོགས་པའི་འབྲས་བུ་ཐ་མི་དད་པ་རྣམས་ལ་ཡང་རྟོགས་པར་བྱའོ། །གང་གི་ཚེ་རྣམ་པར་རྟོག་པ་གཞན་ལས་ལྡོག་པར་སྒྲོ་འདོགས་པ་ན་ཕྱི་རོལ་གྱིས་གཞན་ལས་བཟློག་པར་རྟོགས་པར་བྱེད་པ་དེའི་ཚེ་དངོས་པོ་གཞན་མེད་པར་བཀག་པ་ཉིད་ཀྱིས་དངོས་པོ་ལ་རེག་པས་དངོས་པོ་རྟོགས་པ་ཡིན་པའི་ཕྱིར་སྒྲ་དང་རྣམ་པར་རྟོག་པ་མེད་པ་དགག་པ་ལ་ཕྱོགས་པ་ཡིན་གྱི། མ་ཡིན་པར་དགག་པ་ལ་འཇུག་པ་ནི་མ་ཡིན་ནོ། །དེའི་ཕྱིར་མེད་པ་དགག་པ་སྒྲོ་འདོགས་པར་རྟོགས་པ་ན་ཐ་མི་དད་པར་ཞེན་པས་ཕྱི་རོལ་གྱི་མེད་པར་དགག་པ་ངེས་པ་ཡིན་ནོ། །དེས་ན་ཕྱི་རོལ་གྱི་ཅིག་ཤོས་ཀྱིས་སྟོང་པ་ནི་རྣམ་པར་རྟོག་པས་ངེས་པར་བྱས་པ་ཡིན་ལ། སྒྲོ་བཏགས་པའི་ཅིག་ཤོས་ཀྱིས་སྟོང་པ་ནི་གཟུང་བར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ན་སློབ་དཔོན་ཆོས་ཀྱི་གྲགས་པ་ཡང་མེད་པར་དགག་པ་ཉིད་བཞེད་པར་གདོན་མི་ཟའོ། །གལ་ཏེ་རྣམ་པར་རྟོག་པ་མ་རིག་པའི་བདག་ཉིད་ཡིན་པས་མེད་པའི་དོན་སྟོན་པ་ཡིན་ན་ཅི་འདྲ་སྟོན་པར་འགྱུར་བ་ཞིག་ན་ངེས་པར་སྟོན་པ་ནི་ཉམས་སུ་མྱོང་ངོ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བའི་བག་ཆགས་ལས་ནི་ངེས་པར་འཛིན་པ་ཡིན་ལ། མ་རིག་པའི་བག་ཆགས་ལས་ནི་མེད་པར་འཛིན་པར་བྱེད་པ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པ་ཐམས་ཅད་ལ་རྒྱུ་མཚན་བག་ཆགས་གཉིས་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་མེད་པ་དབང་ཕྱུག་ལ་སོགས་པ་དང༌། རྟག་པའི་དངོས་པོ་དང༌། དངོས་པོ་མེད་པའི་རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་རོ་ཞེ་ན། བདེན་ཏེ། དེ་དག་སྐྱེ་བ་ཁོ་ན་སྟེ་བག་ཆགས་གཉིས་དང་ནི་འབྲེལ་པར་བལྟ་བར་བྱའོ། །འདི་ལྟར་རྣམ་པར་རྟོག་པ་ཡོད་པ་བུམ་པ་ལ་སོགས་པ་དང༌། མེད་པ་དབང་ཕྱུག་ལ་སོགས་པའི་ཆོས་ཅན་དང་ཡོད་པ་སྔོན་པོ་ཉིད་ལ་སོགས་པ་དང༌། མེད་པ་རྟག་པ་ཉིད་ལ་སོགས་པའི་ཆོས་ཉེ་བར་རྟོགས་པར་བྱེད་པ་ཡིན་ནོ། །དེ་ལ་ཡོད་པའི་ཆོས་དང་ཆོས་ཅན་གྱི་རྣམ་པར་རྟོག་པ་ནི་དེ་མ་ཡིན་པ་ལས་


DTG190_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པའི་རང་བཞིན་གྱིས་དངོས་པོ་མཐོང་བ་སྔོན་དུ་འགྲོ་བ་ཅན་ཁོ་ན་སྟེ། འདི་ལྟར་ཆུ་ཉིད་ལ་འདི་ནི་ཆུའོ་སྙམ་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཆུ་མཐོང་བ་ལ་བརྟེན་པ་ཉིད་དོ། །གང་ཞིག་སྨིག་རྒྱུ་ལ་འདི་ནི་ཆུའོ་ཞེས་ངེས་པར་རྟོགས་པ་དེ་ཆུ་དང་སྨིག་རྒྱུའི་རང་བཞིན་མཐོང་བ་ལས་གྱུར་པ་ཡིན་ནོ། །ཡང་གང་ཞིག་ཆུས་དབེན་པའི་ཕྱོགས་སུ་ཆུའོ་ཞེས་སྒྲོ་འདོགས་པ་གཉིས་ཀ་དང་འདྲེས་པའི་རྣམ་པར་རྟོག་པ་དེ་ཡང་རང་བཞིན་གཉིས་མཐོང་བ་ལ་རག་ལས་པ་ཁོ་ནའོ། །དེའི་ཕྱིར་དེ་ལྟར་དངོས་པོར་གྱུར་པའི་ཆོས་ཅན་གྱི་རྣམ་པར་རྟོག་པ་ནི་གསུམ་ཡིན་ནོ། །ཆོས་གཞན་དང་ཡུལ་གཞན་དང་འབྲེལ་པའི་རྣམ་པར་རྟོག་པ་ནི་ཆོས་ཅན་ཁོ་ནའི་རྣམ་པར་རྟོག་པ་ཡིན་ཏེ། འདི་སྔོན་པོའོ་ཞེ་འམ་འདི་ནི་སྔོན་པོ་ཞེས་བྱ་བ་ལྟ་བུའོ། །ཆོས་ཙམ་གྱིས་ནི་འདི་ནི་སྔོན་པོའོ་ཞེའམ་ཡང་ན་འདི་ནི་སྔོན་པོ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་ཆོས་ཀྱི་རྣམ་པར་རྟོག་པ་ནི་གཅིག་ཁོ་ནའོ། །གང་ཡང་ཡོད་པ་མ་ཡིན་པའི་ཆོས་ཅན་དབང་ཕྱུག་ལ་དམིགས་པའི་སྣང་བ་དེ་ཡང་དེའི་རང་བཞིན་མ་ཡིན་པ་ལ་སོགས་པའི་དངོས་པོ་མཐོང་བ་ལས་སྐྱེས་པ་ཡིན་ཏེ། གང་གི་ཕྱིར་དབང་ཕྱུག་ངེས་པར་བསམས་པ་འདི་ནི་མཐོང་བའི་སྔོན་པོ་ལ་སོགས་པ་ལས་ལྡོག་པར་བརྟགས་པ་ཡིན་ཏེ། གཞན་དུ་ན་དབང་ཕྱུག་ཉིད་དུ་བརྟགས་པར་མི་འགྱུར་རོ། །དབང་ཕྱུག་ལྡོག་པར་བརྟགས་པ་ན་ཡང་ལྡོག་པའི་རང་བཞིན་གཞན་དང་འདྲ་བར་བརྟགས་པ་ཡིན་ཏེ། དེའི་ཕྱིར་རྣམ་པར་རྟོག་པ་འདི་ཡང་ལྡོག་པའི་དངོས་པོ་མཐོང་བ་ལ་རག་ལས་པ་ཡིན་ནོ། །དེ་ལྟར་ནི་ཐ་ན་དངོས་པོ་ཙམ་དུ་དབང་ཕྱུག་དངོས་པོ་གཞན་དང་འདྲ་བར་བརྟགས་པའི་ཕྱིར་ན་ལྡོག་པའི་དངོས་པོ་མཐོང་བ་སྔོན་དུ་འགྲོ་བ་ཅན་ཉིད་དོ། །སྣང་བ་འགའ་ཞིག་ལ་རྟག་པ་ཉིད་དུ་བརྟགས་པ་ན་ལྡོག་པའི་དངོས་པོ་མཐོང་བ་ཉིད་ཀྱིས་རྣམ་པར་རྟོག་པས་བཟུང་བ་ཡིན་ནོ། །དེ་ལྟ་བུ་ཉམས་སུ་མྱོང་བ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི། འོན་ཀྱང་རྟག་པ་ཉིད་སྣང་བ་ལས་གཞན་ཡིན་པར་བརྟགས་པ་ནི་མ་ཡིན་གྱི། འོན་ཀྱང་མཐོང་བ་ཉིད་དུ་ཡིན་ནོ། །དེས་ན་དེ་ལ་ཡང་དངོས་པོ་མཐོང་བའི་བྱ་བ་ཡོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བུམ་པ་མེད་པར་རྟགས་


DTG190_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་སྔོན་དུ་འགྲོ་བ་ཅན་ཉིད་དོ། །འདི་ལྟར་གལ་ཏེ་ལྡོག་པ་ཙམ་འབའ་ཞིག་ཏུ་རྟོགས་ན་ནི་བུམ་པ་མི་རྟོགས་པར་འགྱུར་ཏེ། འབྲེལ་པ་མ་བརྟགས་པའི་ཕྱིར་རོ། །དེའི་ཕྱིར་བུམ་པ་ཉིད་གཉིས་ཀའི་རང་བཞིན་དུ་ངེས་པ་ནི་ཡོད་པའམ། མེད་པར་རྟོགས་པ་ཡིན་པའི་ཕྱིར་བུམ་པ་མེད་པ་ནི་དངོས་པོའི་ཆོས་ཡིན་ནོ། །གང་གི་ཚེ་དངོས་པོ་ཅུང་ཟད་ཀྱང་མེད་དོ་ཞེས་རྟོགས་པ་དེ་ལྟ་ན་ཡང་དངོས་པོ་ཙམ་མཐོང་བའི་བྱ་བ་ཡོད་པ་ཡིན་ནོ། །གལ་ཏེ་བུམ་པའི་རྣམ་པར་རྟོག་པ་བུམ་པ་མཐོང་བ་སྔོན་དུ་འགྲོ་བ་ཅན་ཡིན་གྱི་མེད་པའི་རྟོགས་པ་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན་ཡང་དེ་ལྟ་ན་ཡང་ཡོད་པ་ལས་ལོག་པར་ངེས་པ་གང་ཡིན་པ་དེ་ཉིད་བུམ་པ་དང་མི་འདྲ་བའི་ཕྱིར་ལོག་པ་ཡིན་ཏེ། དེའི་ཕྱིར་བུམ་པ་མཐོང་བའི་བྱ་བ་ཡང་ཡོད་དོ་ཞེས་བརྗོད་ལ། བུམ་པ་མེད་པའི་རྣམ་པར་རྟོག་པ་ལ་བུམ་པའི་རང་བཞིན་གྱིས་སྟོང་པའི་རང་གི་མཚན་ཉིད་གཞན་གྱིས་ཡང་བྱེད་པ་ཡོད་པ་ཉིད་དོ། །གལ་ཏེ་བུམ་པ་འགའ་ཞིག་ཅེས་མཐོང་ན་ནི་བུམ་བ་མེད་ན་རྟག་མི་ནུས་པའི་ཕྱིར་རོ། །བུམ་པ་མེད་པའི་རྣམ་པར་རྟོག་པ་ལ་ནི་བུམ་པ་ཉམས་སུ་མྱོང་བའི་བྱེད་པ་པོ་ཡོད་ལ་རག་ན། ཅི་དབང་ཕྱུག་མེད་དོ་སྙམ་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ལ་ཡང་དབང་ཕྱུག་མཐོང་བའི་བྱེད་པ་ཡོད་དམ་ཞེ་ན། མེད་དོ་ཞེས་སྨྲའོ། །འོ་ན་ཇི་ལྟར་ཞེ་ན། ཇི་ལྟར་དབང་ཕྱུག་རྟོག་པ་འདྲ་བའི་དངོས་པོ་མཐོང་བ་སྔོན་དུ་འགྲོ་བ་ཅན་ཡིན་པ་དེ་བཞིན་དུ་མེད་པའི་རྣམ་པར་རྟོག་པ་ཡང་དབང་ཕྱུག་གི་ཆོས་ཀྱི་རྣམ་པར་རྟོག་པ་ཡིན་པའི་ཕྱིར་འདྲ་བའི་དངོས་པོ་མཐོང་བའི་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །དེའི་ཕྱིར་རྣམ་པར་རྟོག་པ་བཞི་ཆར་གྱི་སྣང་བ་ཡང་འདྲ་བའི་དངོས་པོ་མཐོང་བ་ལས་ཡིན་ལ། ལོག་པར་འཛིན་པའི་ཤེས་པ་ལས་ནི་རང་གི་རྣམ་པ་དང་མཐུན་པ་སྒྲོ་འདོགས་པ་ཡིན་ནོ། །དེས་ན་རྣམ་པར་རྟོག་པས་སྒྲོ་བཏགས་པའི་དོན་འདི་ནི་གཏན་མེད་པ་ཡིན་ནོ། །དེ་གཞན་ལས་ལོག་པར་རྟོག་པ་ན་ཡང་འདྲ་བའི་ཕྱིར་ཕྱི་རོལ་ན་ཡང་གཞན་ལས་ལྡོག་པར་རྟོགས་པར་འགྱུར་རོ། །དེའི་ཕྱིར་ཅིག་ཤོས་ཀྱི་རང་བཞིན་དང་མ་འདྲེས་པའི་སྒོ་ནས་ཕྱི་རོལ་ཡང་རྣམ་པར་རྟོག་པའི་བྱེད་པས་ཁྱབ་པར་འགྱུར་གྱི། དངོས་པོའི་ཆ་ལ་ཡང་རེག་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཕྱི་རོལ་ཡང་དངོས་པོ་


DTG190_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཉིད་རྣམ་པར་རྟོག་པའི་ཡུལ་ཡིན་ནོ། །དེས་ན་གང་གཟུང་བ་དང་གང་ཡང་ཞེན་པར་བྱས་པ་དེ་གཉིས་ཀ་ཡང་གཞན་ལས་ལྡོག་པ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ། །དེའི་ཕྱིར། །ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་གནས་མིན་རྟོག་པའང་མེད། །སྤྱི་ཡི་བློ་ཡང་བསླད་པ་ཡིན། །དེས་ན་སུན་དབྱུང་བ་ཡང་མེད། །ཅེས་བཤད་དོ། །རྣམ་པར་རྟོག་པའི་དོན་གང་ཡིན་པ་དེ་ཉིད་སྒྲའི་དོན་ཡིན་ནོ། །དེས་ན་སྒྲའི་དོན་ནི་དོན་དམ་པར་མེད་པ་ཉིད་དེ། སྒྲ་དོན་འདི་དང་གཞི་མཐུན་ཉིད། །ཡོད་པ་མིན་ཡང་ཇི་ལྟ་བུར། །གྲགས་པ་བཞིན་དུ་བརྗོད་བྱ་སྟེ། །དངོས་ལ་འདི་ནི་མི་སྲིད་དོ། །ཞེས་བཤད་པ་ཡིན་ནོ། །སྒྲོ་བཏགས་དེ་རྟོགས་པ་ན་དེ་དང་འདྲ་བའི་ཕྱི་རོལ་རྟོགས་པར་འགྱུར་བ་དེས་ན་ཕྱི་རོལ་ཡང་སྒྲའི་དོན་དུ་བཏགས་པ་ཡིན་ཏེ། ཇི་སྐད་དུ། དེ་ཡི་ངོ་བོར་སྒྲོ་བཏགས་པ། །རྟོགས་པས་གཞན་བཟློག་རྟོགས་པའི་ཕྱིར། །སྒྲ་དོན་གང་ཡིན་དེ་ཉིད་ཅེས། །བརྗོད་པ་ལ་ནི་འགལ་བ་མེད། །ཅེས་བཤད་དོ། །སྒྲ་སྦྱོར་བའི་དུས་ན་ནི་རྣམ་པར་རྟོག་པའི་ཡུལ་གྱི་གཞན་སེལ་བའི་བདག་ཉིད་ཀྱང་ངེས་པའི་རང་བཞིན་གྱིས་བརྗོད་བྱ་ཉིད་དུ་སྦྱོར་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཞན་སེལ་བ་གཅིག་ཉིད་བརྗོད་བྱར་ཇི་ལྟར་འགྱུར། དེས་ན་རྣམ་པར་རྟོག་པའི་ཡུལ་ནི་གཞན་སེལ་བ་ཡིན་ལ། དེ་ཡང་གཞན་དང་བྲལ་བ་བརྗོད་བྱར་སྦྱོར་བ་ཡིན་ཏེ། ཇི་སྐད་དུ། བུམ་པ་དང་སྙིམ་པ་ཅི་འདྲ་བ་ཞིག་གིས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེའི་ཕྱིར་སེལ་བ་གཉིས་བརྗོད་པར་བྱ་བ་ཡིན་ཏེ། ངེས་པའི་རང་བཞིན་དང་རྣམ་པར་རྟོག་པའི་ཡུལ་ལོ། །ཇི་སྐད་དུ་དེ་ལས་གཞན་པ་ཡོངས་སྤངས་ནས། །འཇུག་འགྱུར་ཞེས་ཀྱང་སྒྲ་བརྗོད་དེ། །དེ་ཡིས་དེ་དག་རྣམས་ལས་འདི། །རྣམ་མི་གཅོད་ན་དེ་ཇི་ལྟར། །ཞེས་བཤད་པ་ཡིན་ནོ། །གང་ཞིག་དངོས་སམ་དངོས་ལས་གཞན་སེལ་འགར་ཡང་བརྗོད་པར་མི་ནུས་ཤིང༌། །བསྟན་བཅོས་རིག་པའི་བློ་ཡིས་ཆེ་བའང་གང་དུ་ཉམས་འགྱུར་བརྗོད་བྱའི་མཐའ། །སེལ་བ་རྣམ་པར་ཕྱེ་བས་ཆོས་མཆོག་བདག་གིས་དགེ་བ་གང་ཐོབ་པ། །དེས་བདག་འགྲོ་འདི་མུན་པ་མཚམས་མེད་རྒྱུན་ནི་གཅོད་པར་བྱེད་གྱུར་ཅིག །སློབ་དཔོན་ཆོས་མཆོག་གིས་མཛད་པ་གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་རྫོགས་སོ།། །།


DTG190_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཆེའི་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བའོ།། །།


previousགཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཆོས་མཆོག།next