Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་དགུ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་པ།  མུ་ཏིག་བུམ་པ།
   
   
   
   
   
   
   
   
   
   
   


 
previousསྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་པ། མུ་ཏིག་བུམ་པ།next

སྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་པ།
མུ་ཏིག་བུམ་པ།


DTG190_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀྵ་ཎ་བྷ་ག་སིདྡྷི་བ་ནཱ་མ། བོད་སྐད་དུ། སྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐད་ཅིག་འཇིག་པ་གྲུབ་པར་བྱེད་པའི་ཚད་མའི་རྒྱུ་ཅན་འགོག་པའི་ཐབས་ཤེས་པར་བྱ་བའི་ཕྱིར་དེ་བརྗོད་པ་ལ་གཞུང་ཉུང་དུས་བདེ་བླག་ཏུ་གཟུང་བར་བྱ་བའི་དོན་ཏུ་རབ་ཏུ་བྱེད་པ་འདི་བརྩམས་སོ། །དེ་ལ་གྲངས་ཅན་ལ་སོགས་པ་རྒོལ་བའི་ཚིགས་ཀྱི་ཕོགས་སྔ་མས་སུན་དབྱུང་བའི་དོན་དུ་འདུས་བྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གྲུབ་པའི་མཐའ་རྗེས་སུ་རྗོད་པར་བྱེད་དོ། །རྒྱུ་དང་རྐྱེན་ཚོགས་པས་སྐྱེད་པའི་ཕྱོགས་འདུས་ནས་བྱས་པ་ནི་འདུས་བྱས་རྣམས་ཏེ། བྱས་པ་ཞེས་བྱ་བའི་དོན་ཏོ། །བློ་དང་མེ་ལྕེ་ལ་སོགས་པ་དུས་གཅིག་ཞིག་པ་མ་ཡིན་པ་དེ་དག་ཅུང་ཟད་ཀྱང་ལོགས་


DTG190_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པ་མེད་ཀྱི་བྱེ་བྲག་མེད་པ་ཡིན་ནོ་ཞེས་ཁྱད་པར་ཉེ་བར་བླངས་པ་ཡིན་ནོ། །ད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་སྐྱོན་རྣམས་ཀྱི་རིམ་པ་སྟོན་པ་ཡིན་ནོ། །གྲུབ་པའི་མཐའ་མངོན་པར་འདོད་པའི་སྐད་ཅིག་གིས་སྒྲའི་དོན་འཇིག་རྟེན་ལ་རབ་ཏུ་མ་གྲགས་ན་དེའི་རྗེས་སུ་འགྲོ་བ་སྐད་ཅིག་མའི་སྒྲའི་དོན་མ་གྲུབ་པོ། །དེའི་ཕྱིར་ཁྱད་པར་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་ཡིན་ནོ་ཞེས་བསམས་པའོ། །དེ་དག་གི་གཞུང་ཞེས་བྱ་བ་འདིས་ནི་རིགས་པ་དང་བྲལ་བར་སྟོན་པར་བྱེད་དོ། །སྐྱེས་པའི་དོན་ནི་ཞེས་བྱ་བ་ལ་སོགས་པ་སྐད་ཅིག་གཞན་དུ་གནས་པར་སྒྲུབ་པར་བྱེད་དོ། །བྱེ་བྲག་པ་དང་རིགས་པ་ཅན་དག་ནི་རང་གི་རྒྱུད་ལ་ཡོད་པ་དང་འདུ་བར་སྐྱེ་བ་ཡིན་ནོ་ཞེས་སྨྲ་ཞིང་གྲུབ་པ་དང་འབྲེལ་བ་དག་ཀྱང་དུས་གཅིག་པ་ཉིད་ཡིན་གྱི་དངོས་པོ་སྐྱེ་བ་ལས་དུས་ཐ་དད་པར་ཡོད་པ་དང་འབྲེལ་བ་ནི་མ་ཡིན་ནོ་ཞེས་ལྟ་བ་མ་ཡིན་ནམ། དཔྱོད་པ་ལ་སོགས་པ་ནི་འདུ་བ་ཉིད་འགའ་ཞིག་བྱེད་ཀྱི་འོན་ཀྱང་ཡོད་པ་ཙམ་ཡིན་ནོ་ཞེ་ན། དེ་ལ་ཁ་ཅིག་གིས་སྨྲས་པ། བདེན་ཏེ། རྫས་སྐྱེ་བ་ལ་ཕྱིས་གཟུགས་ལ་སོགས་པ་དང་འདུ་བ་ཡིན་ནོ་ཞེས་བྱ་བའི་ལུས་འདི་ལ་བསམས་པ་ཡིན་ནོ་ཞེས་ཟེར་ཏེ། ཡོད་པའི་སྒྲ་ནི་ཅི་ཞིག་ལྟར་དེ་དག་ཉིད་ཉེ་བར་མཚོན་པའི་དོན་དུའོ། །འདིས་ཅི་ཞིག་གྲུབ་ཅེ་ན། འདིས་ནི་གྲུབ་སྟེ་རྫས་སྐྱེས་པ་ནི་གཟུགས་ལ་སོགས་པ་དང་འདུ་བའི་དུས་སུ་སྡོད་པས་སྐད་ཅིག་གཞན་དུ་གནས་པར་གྱུར་ཏེ། དེ་ལྟ་མ་ཡིན་ན་རྣམ་པ་དེ་ལྟར་མི་དམིགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་རྫས་ཁོ་ན་སྐད་ཅིག་གཞན་དུ་གནས་པར་བསྟན་པར་འགྱུར་གྱི། ཡོན་ཏན་ལ་སོགས་པ་ནི་མ་ཡིན་པ་མ་ཡིན་ནམ། གལ་ཏེ་དེ་ལྟ་ན་འདི་ལས་ཅིར་འགྱུར་རེ་ཞིག་ཐམས་ཅད་སྐད་ཅིག་མ་ཉིད་དུ་དམ་བཅས་པ་བཏང་བར་འགྱུར་རོ། །དེ་ལྟར་བརྗོད་པ་ན་གྲུབ་པའི་མཐའ་ལ་ཡོད་པ་རྟག་པར་ཁས་མ་བླངས་པའི་སྐྱོན་བསལ་བ་ཡིན་ནོ། །དེའི་ཕྱིར་གཟེགས་ཟན་གྱི་སློབ་མ་ཁ་ཅིག་ཉིད་ཀྱིས་འདི་འདོད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེས་ན་བྱས་པ་སྐད་ཅིག་མ་ཡིན་ནོ་ཞེས་བྱ་བའི་ངག་འདི་ལ་ཚིག་དག་ཕན་ཚུན་འགལ་བའི་དོན་ཉིད་རྗོད་པར་བྱེད་པ་ཡིན་ཏེ། ངའི་མ་མོ་གཤམ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །ཁྱད་པར་མ་


DTG190_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ལ་སོགས་པའི་ཕྱོགས་ཀྱི་སྐྱོན་འབའ་ཞིག་ཏུ་མ་ཟད་དེ་དེ་ལྟ་བུའི་ཆོས་དང་འབྲེལ་བའི་རྒོལ་བ་གཉི་ག་ལ་གྲུབ་པའི་དཔེ་ཡང་ཡོད་པ་མ་ཡིན་ནོ་ཞེས་སྨྲས་པ་ནི་དེས་ན་ཞེས་བྱ་བ་ལ་སོགས་པས་སོ། །འདི་མེད་མོད་ཅེས་ནི་བརྗོད་པར་མི་བྱ་སྟེ། དེ་མེད་ན་ཁྱབ་པ་སྒྲུབ་པར་བྱེད་པའི་ཚད་མ་དྲན་པ་མེད་པའི་ཕྱིར་ལ། ཁྱབ་པ་མ་ངེས་པ་ཅན་གྱི་ཡོད་པ་ཞེས་བྱ་བའི་གཏན་ཚིགས་ནི་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་ནོ། །དེས་སྨྲས་བ་ནི་ཁྱབ་པ་ཞེས་བྱ་བ་ལ་སོགས་པས་སོ། །བློ་ལ་སོགས་པའི་མྱུར་དུ་འཇིག་པ་ཡིན་ན་ཡང་ཡོད་པ་དང་འདུ་བའི་དུས་ལ་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར་སྐྱེ་བ་ཉིད་ན་འཇིག་པར་མ་གྲུབ་པོ། །ཡང་ན་ཐེ་ཚོམ་དུ་གྱུར་མོད་དེ་ལ་བསྒྲུབ་བྱ་ཉིད་ལ་ཐེ་ཚོམ་ཟ་བའི་སྐྱོན་ཡིན་ནོ་ཞེས་བཤད་པ་ནི་བློ་ཞེས་བྱ་བ་ལ་སོགས་པའོ། །ཡོད་པའི་གཏན་ཚིགས་ཀྱང་ལྷག་མ་དང་ལྡན་པའི་མ་ངེས་པ་ཡིན་ནོ་ཞེས་བཤད་པ་ནི་དོན་བྱ་བ་བྱེད་པའོ། །འདི་ཉིད་ཀྱི་འཐད་པ་ནི་འདི་ལྟར་ཞེས་བྱ་བའོ། །གཞན་གྱི་དོགས་པ་བསུ་བ་ནི་འདི་སྙམ་དུ་ཞེས་བྱ་བའོ། ལྷན་ཅིག་བྱེད་པ་རྣམས་རིམ་གྱིས་ཉེ་བར་ལེན་པར་གྱུར་བའི་དངོས་པོ་རིམ་གྱིས་འབྲས་བུའི་ཚོགས་བྱེད་དོ་ཞེས་བྱ་བའི་ལུགས་འདི་ལ་ལན་ཅིག་བྱེད་པ་རྣམས་འདི་ལ་ཅུང་ཞིག་བྱེད་པ་ཡིན་ཏེ། དེ་ལྟར་མ་ཡིན་ན་དེ་ལས་གཞན་པ་བཞིན་དུ་ལྟོས་པ་མེད་པ་ཉིད་དུ་བྲལ་བར་འགྱུར་བའི་ཕྱིར་རོ། །ཐ་མི་དད་པ་འགའ་ཞིག་བྱེད་པ་ནི་མ་ཡིན་ཏེ་དེ་ནི་རང་གི་རྒྱུད་ལ་སྐྱེས་པའི་ཕྱིར་ལ། བྱས་པ་ལ་བྱེད་པ་མི་རུང་བའི་ཕྱིར་རོ། །ཐ་དད་པ་བྱེད་པའི་ཁྱད་པར་བྱེད་ན་ཡང་དེ་ལྟོས་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་གཞན་བྱེད་ན་ཁོ་བོ་ཅག་གི་ཕྱོགས་ཁས་བླངས་པའི་ཕྱིར་སྐད་ཅིག་མ་མ་ཡིན་པའི་རིམ་གྱིས་བྱེད་པ་ནི་མི་འཐད་དོ་ཞེས་བྱ་བའོ། །འདི་བདག་ཉིད་ཀྱི་ལྟ་བའི་དཔེ་བསྟན་པས་སེལ་བ་ནི། དེ་ནི་མི་རིགས་ཏེ་ཞེས་བྱ་བ་རྩོམ་མོ། །བུམ་པ་ལ་སོགས་པ་ཉེ་བར་ལེན་པ་རྣམས་ནི་ཐོབ་པ་ལ་སོགས་པ་བསྣུན་པའི་ཁྱད་པར་གྱི་ལྷན་ཅིག་བྱེད་པའི་རྒྱུ་ཉེ་བར་བླངས་ནས་འཇིག་པ་ཞེས་བྱ་བའི་འབྲས་བུ་སྐྱེད་པར་བྱེད་དེ་ཞེས་གྲགས་གོ །ཐོབ་བས་བུམ་པའི་འཇིག་པ་སྐྱེ་བ་ལ་རྗེས་སུ་མཐུན་པའི་ཁྱད་པར་འགའ་ཞིག་བྱེད་པ་ནི་མ་ཡིན་ནོ། །ཐོ་བ་ལ་སོགས་


DTG190_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇིག་པའི་རྒྱུ་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། དེ་ནི་ཐོ་བ་ལ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །དེ་བཤད་པ་ནི་རྗེས་སུ་འགྲོ་པ་ཞེས་བྱ་བའོ། །ཡང་དཔེར་ན་ཞེས་བྱ་བ་འདིས་རྗེས་སུ་འགྲོ་བ་དང་ལྡོག་པའི་ཚད་མ་ཅན་དངོས་པོའི་ངོ་བོའི་རྣམ་པའི་འབྲས་བུ་སྐྱེད་པ་དཔེར་བྱེད་དོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེ་མ་ཐག་ཏུ་བསྟན་པའི་དཔེ་ཅན་མཇུག་བསྡུ་བའོ། །དེ་ལྟར་རེ་ཞིག་ཐོ་བ་ལ་སོགས་པ་བུམ་པ་ལ་སོགས་པ་ལ་ཅུང་ཞིག་མི་བྱེད་ཀྱང་བདག་ཉིད་ལྡོག་པ་ལ་ལྟོས་པ་ཡིན་ནོ་ཞེས་ས་བོན་ལ་སོགས་པ་བསྟན་པ་སྒྲུབ་པར་བྱེད་དོ། །དེས་ན་ལྷན་ཅིག་བྱེད་པ་རྣམས་ཁྱད་པར་མི་བྱེད་ཀྱང་ལྟོས་པ་ཉིད་དུ་སྔར་བསྟན་པ་དཔེས་བསྒྲུབས་པ་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ་འདྲེས་པ་དང་ཐ་དད་མ་གྲུབ་ཅེས་བྱ་བ་ནི་ཁྱད་པར་དང་འབྲེལ་པ་མ་འཐོབ་པའོ། །དེས་ན་ཞེས་བྱ་བ་ལ་སོགས་པས་ནི་སྔར་དམ་བཅས་པའི་མི་མཐུན་པའི་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བའི་མཚན་ཉིད་ཀྱི་ལྷག་མ་དང་ལྡན་པའི་མ་ངེས་པའི་འཐད་པ་མཇུག་སྡུད་དོ། །ད་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་དེ་ཉིད་མ་གྲུབ་པར་སྟོན་ཏོ། །སྔར་ནི་གྲུབ་པར་ཁས་བླངས་ནས་མ་ངེས་པར་བརྗོད་པ་ཡིན་ཏེ། ཕྱོགས་ཆོས་མེད་པར་ནི་ཐེ་ཚོམ་སྐྱེས་པར་བྱེད་པ་ཉིད་དུ་འཐད་པ་མ་ཡིན་ཏེ། །འབྲེལ་བ་མེད་པའི་ཕྱིར་རམ་པར་དཔྱད་པར་མི་རིགས་སོ་ཞེས་གང་བཤད་པ་ཡིན་ནོ། །མ་གྲུབ་པ་ཡང་མཐོང་བའི་དངོས་པོ་དང་འབྲེལ་བ་འདི་ལ་བསྟན་པ་ཁྱད་པར་བྲལ་བ་ནི་མངོན་སུམ་གྱིས་རྟོགས་པ་མེད་དོ། གནས་པའི་ཁྱད་པར་དུ་རྟོགས་པ་ནི་སྐད་ཅིག་མ་ཉིད་ལས་བཟློག་པ་བསྟན་པས་ཁྱབ་པ་དེས་ན་འགལ་བ་ཉིད་དོ། །འགལ་བའི་ཕྱིར་ནུས་པ་མེད་པས་ཉེ་བར་དགོད་པར་མི་བྱའོ་ཞེས་བརྗོད་པ་ནི་རྣལ་མའི་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་པས་འགལ་བར་བརྗོད་པར་འདོད་ནས་བསྟན་པ་ཡིན་གྱི་བཟློག་པ་བསྒྲུབ་པ་ལ་བསམས་པ་ནི་མ་ཡིན་ནོ་ཞེས་ཁ་ཅིག་བློ་འཁྲུལ་པར་འགྱུར་བས་དེར་མ་གྱུར་ཅིག་ཅེས་ཡང་ཉེ་བར་སྦྱར་ནས་སྨྲས་པ་ནི་ཅི་འདྲ་བ་ཞེས་བྱ་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དམ་བཅའ་བའི་དོན་ལ་མངོན་སུམ་གྱིས་དོན་གནོད་པ་སྡུད་པ་ཡིན་ནོ། །གཞན་དག་མངོན་


DTG190_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་གྱིས་གྲུབ་པའི་དངོས་པོ་སྐད་ཅིག་མ་ཉིད་ཀྱིས་ཕྱོགས་སུ་བྱེད་དོ། །དེ་ནི་སྤྱི་དང་ཁྱད་པར་གྱི་བདག་ཉིད་དོ། །སྤྱིའི་ཆ་ལ་ནི་ངོ་ཤེས་པའི་བདག་ཉིད་ཀྱི་མངོན་སུམ་བསྟན་པར་འཛིན་པར་བསྙོན་དུ་མེད་དོ། །དེས་ན་དེས་གནོད་དོ། །དེ་མངོན་སུམ་མ་ཡིན་པ་ཡང་མ་ཡིན་ཏེ། རྟོག་པ་མེད་པ་དང་མཚུངས་པར་བརྗོད་པའི་ཕྱིར་ཏེ། དོན་ཉེ་བའི་ཡུལ་ཅན་དབང་པོ་ལས་སྐྱེས་པ་ནི་མངོན་སུམ་མོ་ཞེས་བྱ་བ་དང་མཚན་ཉིད་ཁྱད་པར་མེད་པའི་ཕྱིར་རོ། །གསལ་བ་དང་འདུ་བ་ཐ་མི་དད་པའི་ངོ་བོ་ནི་སྤྱི་ཡིན་ནོ། །གཞན་ནི་རྟོགས་པར་སླའོ། །རྗེས་སུ་དཔག་པས་གནོད་པའི་ཕྱོགས་ཀྱི་སྐབས་སུ་འདིར་ཞེས་བྱ་བ་ལ་སོགས་པས་དེའི་འབྲེལ་བ་བསྟན་པའི་དོན་དུ་བཟློག་པ་བཤད་དོ། །འདིར་གཏན་ཚིགས་ནི་ངོ་ཤེས་པ་དང་དྲན་པར་བྱེད་པའོ། །སོགས་པ་སྨོས་པས་ངོ་ཤེས་པ་བོ་བརྗོད་པར་འདོད་དོ། །སྔ་མ་དང་ཕྱི་མའི་དུས་དང་འབྲེལ་པའི་རྩོད་གཞིར་གྱུར་པ་རྣམས་སྐད་ཅིག་གིས་ཐ་དད་པར་བསྒྲུབ་པར་བྱ་བ་ལ་གསལ་བར་ཐ་དད་པའི་ལྷས་བྱིན་དང་མཆོད་སྦྱིན་དག་ནི་མི་མཐུན་པའི་ཕྱོགས་ཡིན་ནོ། །ངོ་ཤེས་ལ་སོགས་པ་དེ་དག་ལས་ལྡོག་པ་ན་རྣམ་པ་གཞན་མེད་པའི་ཕྱིར་ཐ་མི་དད་པས་ཁྱབ་པར་བྱ་བ་ཡིན་ནོ། །དེ་བཤད་པ་ནི་ལྷས་བྱིན་ཞེས་བྱ་བའོ། །གཞན་གྱིས་མཐོང་ཞེས་བྱ་བ་འདི་ནི་དྲན་པ་པོའི་དྲན་པའི་བཟློག་པ་བཤད་དོ། །དེ་ནི་བྱེད་པ་པོ་གཅིག་གིས་མྱོང་བ་ལ་ཡིན་ཏེ། བྱེད་པ་པོ་དུ་མ་ལ་མེད་པའི་ཕྱིར་རོ། །ངོ་ཤེས་པ་ལ་ཡང་འདི་ལྟ་བུ་ཁོ་ནའོ། །དེ་བསྟན་པ་ནི་ལྟ་བ་དང་ངོ་ཤེས་པར་བྱེད་པ་ཞེས་བྱ་བའོ། །གལ་ཏེ་སྐད་ཅིག་གི་བདག་ཉིད་ཐ་དད་པ་དགག་པ་བསྒྲུབ་པར་བྱ་བ་ལ་མི་དམིགས་པའི་གཏན་ཚིགས་བླང་བར་བྱ་བ་མ་ཡིན་ནམ། དགག་པ་གང་ཇི་སྙེད་པ་དེ་ཐམས་ཅད་མི་དམིགས་པ་ལས་ཡིན་ནོ་ཞེས་རྣམ་པར་གཞག་པ་ཡིན་ན་འདི་ལ་མི་དམིགས་པ་གང་ཞིག་ཡིན་ཞེས་སྐབས་ཚོལ་ཞིང་དོགས་པ་ལ་དེས་ན་འདིར་ཞེས་བྱ་བ་ལ་སོགས་པས་ཁྱབ་བྱེད་མི་དམིགས་པ་ཡིན་པར་བསྟན་ཏོ། །དེ་ལྟར་གཏན་ཚིགས་ཀྱི་དོན་བཞག་ནས་སྦྱོར་བ་ལ་འགོད་པར་བྱེད་པ་ནི་གང་ཞེས་བྱ་བའོ། །ལྟ་བ་པོ་དུ་མའི་དབུས་ན་གནས་པའི་གར་རམ་གྱད་ཐ་མི་དད་པར་ཐེ་ཚོམ་མེད་པར་


DTG190_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཅར་མཐོང་བ་ནི་ཆོས་མཐུན་པའི་དཔེའོ། །མཐོང་བ་པོ་རྣམས་ཕན་ཚུན་ངོ་ཤེས་པའི་མཚན་ཉིད་ཀྱིས་མི་སླུ་བ་དེ་ལ་ཡོད་པའི་ཕྱིར་རྗེས་སུ་འགྲོ་བ་གྲུབ་པོ། །དེ་བཞིན་དུ་ཞེས་བྱ་བས་ཕྱོགས་ཀྱི་ཆོས་སྟོན་ཏོ། །དངོས་པོ་འགའ་ཞིག་ཅེས་བྱ་བ་ནི་རྩོད་པའི་གཞིར་བྱས་པའི་སྐད་ཅིག་གི་བདག་ཉིད་སྔ་མ་དང་ཕྱི་མའི་དུས་སུ་ཐ་དད་པ་ཕྱོགས་སུ་བྱས་པ་བསྟན་ཏོ། །རྗེས་སུ་འགྲོ་བ་འཕངས་པ་དང་གཏན་ཚིགས་ཀྱི་ལྡོག་པ་སྔར་བརྗོད་པས་ཚུལ་གསུམ་ཚང་ངོ༌། །དེ་ལྟར་ངོ་ཤེས་པ་ཉིད་ཀྱི་གཏན་ཚིགས་ཀྱི་སྦྱོར་བ་ཉེ་བར་བསྟན་པས་ངོ་ཤེས་པ་ཉིད་མགོ་བསྒྲེས་ཏེ་དོན་གྱིས་སྟོན་པར་བྱེད་པ་ནི། ངོ་ཤེས་པ་པོ་ལ་ལྟོས་པའི་ཐབས་ཞེས་བྱ་བ་ལ་སོགས་པས་སོ། །དྲན་པ་པོ་ཉིད་ཀྱི་གཏན་ཚིགས་ཀྱི་སྦྱོར་བ་ཡང་མགོ་བསྒྲེས་པར་བསྟན་པ་ནི་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་སོ། །འདི་ནི་ལྡོག་པ་འབའ་ཞིག་པའི་གཏན་ཚིགས་ཀྱི་སྦྱོར་བར་བརྗོད་པར་བྱ་སྟེ། མཐུན་པའི་ཕྱོགས་ལ་མེད་ཀྱང་མི་མཐུན་པའི་ཕྱོགས་ལ་ལྡོག་པའི་སྟོབས་ཀྱིས་བསྒྲུབ་བྱ་སྒྲུབ་པའི་ཕྱིར་རོ། །དེས་ན་དེ་ལྟར་ཞེས་བྱ་བས་སྔར་བསྟན་པ་ཉེ་བར་སྡུད་པར་བྱེད་དོ། །མངོན་སུམ་དང་རྗེས་སུ་དཔག་པ་མེད་པར་གང་དུ་བརྗོད་ནས་མཇུག་སྡུད་པར་བྱེད་ཅེ་ན། གཏན་ཚིགས་མ་གྲུབ་པར་སྟོན་པའི་སྐབས་སུ་མངོན་སུམ་མེད་པར་བསྟན་ལ། གཏན་ཚིགས་ལ་སོགས་པའི་སྐྱོན་གྱི་རྗེས་སུ་དཔག་པ་མེད་པར་བསྟན་པ་ཡིན་ནོ། །དམ་བཅས་པའི་དོན་འཇིག་རྟེན་པ་ཐམས་ཅད་ཀྱི་གྲགས་པ་དང་ཡང་འགལ་ཏེ། རི་བོང་ཅན་ཟླ་བ་མ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །ཅི་སྟེ་སྐྱོན་གཅིག་གིས་སྤངས་པ་ལ་གཉེན་པོ་གཞན་དོན་མེད་དོ། །ཐལ་བར་བྱས་པ་ལ་མེ་སྤར་བ་བཞིན་ནོ་ཞེ་ན། རྩོད་ན་བདེན་ཏེ། བསྟན་བཅོས་སུ་ནི་ཐབས་རྣམ་པ་སྣ་ཚོགས་ཉེ་བར་བསྟན་པས་འགའ་ཞིག་ཅི་ཞིག་ལྟར་འགའ་ཞིག་གི་ཚེ་ཉེ་བར་བསྟན་པའི་སྐྱོན་མེད་དོ། །དེས་ན་ཞེས་བྱ་བ་ལ་སོགས་པས་ཕྱོགས་ཀྱི་དོན་སྔ་མ་ཉེ་བར་སྡུད་པར་བྱེད་དོ། །དེའི་ཕྱིར་ཁྱད་པར་མ་གྲུབ་པའི་ཕྱོགས་ཉིད་དང༌། རང་གི་ཚིག་དང་འགལ་བ་དང༌། དཔེས་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བ་ཉིད་དང༌། གཏན་ཚིགས་མ་ངེས་པ་ཉིད་དང༌། མ་གྲུབ་པའམ་འགལ་པ་ཉིད་དང༌། དམ་བཅས་པའི་དོན་མངོན་


DTG190_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དང་རྗེས་སུ་དཔག་པས་གསལ་བ་དང༌། འགྲོ་བའི་གྲགས་པ་དང་འགལ་བའི་ཕྱིར་དངོས་པོ་འཇིག་པར་བརྗོད་པ་ཉིད་ནི་འཇིག་གོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོན་ཏོ། །གྲུབ་པའི་མཐའ་ཉེ་བར་དགོད་པའི་ཕྱིར་སློབ་དཔོན་གཞན་དོན་དུ་གཉེར་བར་བྱེད་པའམ་ཡང་ན་དུས་ལ་བབ་ནས་འདི་ལ་ལན་ཉོན་ཅིག་ཅེས་བྱ་བ་སྨོས་སོ། །སྐད་ཅིག་གི་སྒྲའི་དོན་གྲུབ་པར་བསྟན་པས་དང་པོ་བཀོད་པའི་ཁྱད་པར་མ་གྲུབ་པ་སེལ་བར་བྱེད་དོ། །འཇིག་རྟེན་སྐད་ཅིག་གི་སྒྲ་རབ་ཏུ་སྦྱོར་བ་ནི་ཤིན་ཏུ་ཆུང་བའི་དུས་ཀྱི་དུམ་བུ་ལ་རྗོད་པར་བྱེད་དོ། །དེ་བསྟན་པ་ནི། འདི་ལྟར་ཞེས་བྱ་བའོ། །སྐར་མ་ཤེས་པའི་གཙུག་ལག་དེ་ཉིད་ལ་འདི་གྲགས་པ་ཡིན་ནོ་ཞེས་བསྟན་པ་ནི་སྐད་ཅིག་ཐང་ཅིག་ཅེས་བྱ་བ་ལ་སོགས་པའོ། །དེ་ལ་བསྟན་བཅོས་བྱེད་པ་ནི་སྲོག་ཆགས་རྣམས་ཀྱིས་ལས་སྣ་ཚོགས་བྱས་པས་འབྲས་བུ་སྣ་ཚོགས་པ་སྐྱེ་བ་དང་བག་མར་འགྲོ་པ་ལ་སོགས་པ་དུས་ཐ་དད་པར་སྟོན་པ་ཡིན་ནོ། །དེས་ན་དུས་ཐ་དད་པ་རྣམ་པར་ཕྱེ་བས་དུས་ཤིན་ཏུ་ཉུང་བ་ནི་སྐད་ཅིག་ཏུ་བརྗོད་དོ། །འགའ་ཞིག་རྡུལ་ཕྲ་རབ་གཅིག་འདུས་པའི་དུས་ནི་སྐད་ཅིག་གོ་ཞེས་བྱ་བ་ནི་མཚོན་པ་ཡིན་ནོ། །ཇི་སྲིད་དུ་རྡུལ་ཕྲ་རབ་གཅིག་གིས་རྡུལ་ཕྲ་རབ་གཅིག་རྒལ་བའི་དུས་ཅུང་ཟད་པ་དེ་ནི་སྐད་ཅིག་གོ །དེ་ལྟར་རྡུལ་གཉིས་ལ་ལྟོས་ནས་ཆེས་ཕྲ་བ་རྡུལ་ཕྲ་རབ་ཡིན་པ་དེ་བཞིན་དུ་སྔ་མ་དང་ཕྱི་མའི་ཆ་དང་ལྡན་པའི་དུས་ཅུང་ཞིག་པ་ལ་ལྟོས་ནས་ཆ་དང་བྲལ་བའི་ཤིན་ཏུ་ཉུང་བའི་དུས་ཀྱི་ཆ་ནི་སྐད་ཅིག་ཡིན་པའི་ཕྱིར་རྣམ་པ་དུ་མས་སྐད་ཅིག་གི་དོན་ཤེས་པར་བླ་བས་དེའི་གནས་སྐབས་ནི་སྐད་ཅིག་མའོ། །དེ་བས་ན་ཁྱད་པར་མ་གྲུབ་པ་ཉིད་མ་ཡིན་ནོ། །གཉི་ག་ལ་གྲུབ་པའི་དཔེ་ཡོད་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ལ་ཅི་སྒྲུབ་པར་བྱེད་པའི་ཆོས་ཀྱིས་བྱས་པའི་ཆོས་མཐུན་པའི་དཔེས་ཕྱོགས་ལ་བསྒྲུབ་བྱ་ངེས་ལ་དེ་མེད་པའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་ནོ་ཞེས་ཚེ་དང་ལྡན་པས་བསམས་སམ། ཀྭའི་དཔེ་ཉེ་བར་ལེན་པའི་དགོས་པ་མི་ཤེས་པར་འདི་སྐད་དུ་སྨྲ་བར་བྱེད་དེ། ཁྱབ་པ་བསྒྲུབ་པའི་ཚད་མ་ཞུགས་པ་དྲན་པར་བྱ་བའི་ཕྱིར་ཉེ་བར་ལེན་པ་ཡིན་གྱི་དཔེའི་ཕྱིར་ནི་མ་ཡིན་ནོ། །ཆོས་མཐུན་པ་སྟོན་པ་མ་


DTG190_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བསྒྲུབ་བྱ་སྒྲུབ་པའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །འདི་ནི་ཆོས་མཐུན་པ་ཉིད་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པས་ཚད་མ་བརྟག་པར་ཡང་བསྟན་ཟིན་ཏོ། །ཁྱབ་པ་སྒྲུབ་པའི་ཚད་མ་དྲན་པ་དེ་ཉིད་ཀྱིས་ཅི་ཞིག་བྱ་ཞེ་ན། ཁྱབ་པ་རབ་ཏུ་གྲུབ་པའི་ཞེས་བྱ་བ་ལ་སོགས་པ་འདི་སྨོས་སོ། །ནི་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཏོ། །དེ་ལྟར་ན་ཡོད་པའི་མཚན་ཉིད་ཀྱི་གཏན་ཚིགས་སྐད་ཅིག་མ་ཉིད་དང་ལྷན་ཅིག་ཏུ་དེའི་བདག་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་ཁྱབ་བྱེད་མི་དམིགས་པའི་ངོ་བོ་གང་ལ་ཁ་ཅིག་ཏུ་སྟོན་པ་དེ་ནི་དཔེ་ཡིན་ནོ། །དཔེ་མེད་ཀྱང་གནོད་པར་བྱེད་པའི་ཚད་མ་དཔེར་བྱེད་དོ་ཞེས་གང་བཤད་པ་ཡིན་ནོ། །ལོག་པར་རྟོག་པ་མེད་པར་རྒོལ་བ་གཉི་ག་ལ་དེའི་ངོ་བོར་རབ་ཏུ་གྲགས་པ་མེད་ན་ཡང་འབྲེལ་པ་སྒྲུབ་པར་བྱེད་པའི་ཚད་མ་རྟེན་དུ་བྱས་པ་ཐམས་ཅད་དཔེ་ཡིན་ནོ་ཞེས་བཤད་པ་ནི། དེས་ན་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ན་ཞེས་བྱ་བ་ནི་ཟུར་ན་གནས་བ་ཞིག་རྩོད་པར་བྱེད་དོ། །ཆོས་ཅན་སྒྲ་ལ་སོགས་པ་སྐད་ཅིག་ཉིད་དང་ལྡན་པར་བསྒྲུབ་པར་བྱ་བ་ལ་ཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་ཉེ་བར་སྡུད་པ་བསྒྲུབ་བྱ་དང་འབྲེལ་པ་སྒྲུབ་པར་བྱེད་པ་ན་བུམ་པ་བཞིན་དུ་སྒྲ་ལ་སོགས་པ་སྐད་ཅིག་མ་ལ་སོགས་པའི་བསྒྲུབ་བྱའི་ཆོས་དང་ལྡན་པར་སྟན་པར་བྱེད་དེ། དེ་ན་ཡོད་པ་ལ་སོགས་པའི་གཏན་ཚིགས་ཉེ་བར་བསྡུ་བ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། དེ་ལ་ཆོས་ཅན་ཉིད་ལ་ཞེས་སྨོས་སོ། །འདི་ལ་སྙིང་པོའི་དོན་ནི་འདི་ཡིན་ཏེ་གང་ལ་སྒྲ་ལ་སོགས་པ་སྒྲུབ་པར་བྱེད་པའི་ཆོས་ཅན་ཉིད་ལ་ཁྱབ་བྱེད་མི་དམིགས་པ་ལ་སོགས་པ་གནོད་པར་བྱེད་པའི་ཚད་མ་འཇུག་པ་དེ་བརྗོད་པ་བསྒྲུབ་བྱའི་ཆོས་ཅན་སྤྱི་མཐར་ཐུག་པར་འཇུག་པ་དེ་ལ་བསྒྲུབ་བྱའི་ཆོས་ཀྱི་བློ་སྐྱེ་བ་དེས་ན་དོན་བྱས་པ་ཉིད་ཀྱི་ཕྱིར་སྒྲུབ་བྱེད་ཉེ་བར་སྡུད་པ་དོན་ཕྱིར་རྗེས་སུ་བརྗོད་པར་བྱེད་པ་ནི་གང་ཡང་ཞེས་བྱ་བའོ། །དེའི་ལན་འདེབས་པ་ནི་འདུ་བ་ལྟ་རེ་ཞིག་ཅེས་བྱ་བ་ལ་སོགས་པས་སོ། །གལ་ཏེ་སྐྱེ་བ་དང་ལྡན་པ་རྣམས་ཀྱིས་ཡོད་པ་དང་འདུ་བ་ལ་སོགས་པར་རྟོག་པ་མེད་ན་དེ་ལས་དེའི་གནས་པ་འཕངས་པས་སྐད་ཅིག་མ་མ་ཡིན་པ་ཉིད་དུ་བརྗོད་པ་མཛེས་པར་འགྱུར་རོ། །ཡོད་པ་ཉིད་ནི་ད་འདིར་གཞན་གྱིས་ཁས་བླངས་པའི་རྟོག་པ་ཡོད་པ་དང་མེད་པའི་ཕྱི་


DTG190_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལ་བརྟེན་པས་འདུ་བ་ཐག་བསྲིངས་སོ། །དེས་མ་གྲུབ་པ་གང་ཞིག་མ་གྲུབ་པས་བསྒྲུབ་པར་བྱ་བ་ཡིན། ཇི་སྐད་དུ་ཞེས་བྱ་བས་གཏན་ཚིགས་ལ་ངེས་པ་ཉིད་དུ་བསྒྲུབ་པའི་ཕྱིར་གཞན་གྱིས་འཇིག་པའི་རྒྱུའི་དཔེ་ཉེ་བར་བཀོད་པ་སུན་དབྱུང་བའི་ཆེད་དུ་རྗེས་སུ་རྗོད་པར་བྱེད་དོ། །དེ་ཡང་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པར་བྱེད་དོ། །སཱ་ལུའི་མྱུ་གུ་ལ་ཞིང་ལ་སོགས་པ་བཞིན་དུ་བུམ་པ་ནི་འཇིག་པའི་རྒྱུའི་དངོས་པོ་ལ་བརྟེན་པར་འགྱུར་བར་འོས་པ་མ་ཡིན་ནོ། །དེས་ན་ལྷན་ཅིག་བྱེད་པའི་དངོས་པོ་ཉེ་བར་ལེན་པ་ལ་ཅུང་ཟད་ཀྱང་ལྟོས་པ་ཡིན་ཞེས་བྱ་བའི་བུམ་པའི་དཔེ་མ་གྲུབ་པའི་ཕྱིར་དཔེ་ལས་བྱུང་བའི་མ་གྲུབ་པས་སྐད་ཅིག་མ་མ་ཡིན་པ་ཡང་རིམ་གྱིས་བྱེད་པ་པོ་ཉིད་དུ་སྲིད་པ་ཡིན་ནོ་ཞེས་བྱ་བའི་མ་ངེས་པར་བརྗོད་པ་རྩ་བ་དང་བཅས་ཏེ་སྟོན་པ་ཡིན་ནོ་ཞེས་བྱ་བ་ནི་གཞུང་འདིའི་བསྡུས་པའི་དོན་ཏོ། །ཐོ་བ་ལ་སོགས་པ་བུམ་པའི་འཇིག་པ་བྱེད་དོ་ཞེས་བརྗོད་པ་འདིའི་དོན་ཅི་ཡིན། །ཅི་བུམ་པ་ཉིད་བྱེད་དམ་འོན་ཏེ་འཇིག་པའི་སྒྲས་བརྗོད་པར་བྱ་བའི་དངོས་པོ་དེ་ལས་ཐ་དད་པ་ཞིག་ཡིན། ཕྱོགས་དང་པོ་ནི་མ་ཡིན་ཏེ། བུམ་པ་ནི་འཇིམ་པ་ལ་སོགས་པ་ལས་གྲུབ་པའི་ཕྱིར་བྱས་པ་ལ་བྱེད་པ་མི་རུང་བའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ། འཇིག་པ་ཞེས་བྱ་བ་དངོས་པོ་གཞན་བྱེད་ན་སྣམ་བུ་བཞིན་དུ་བུམ་པ་སྔ་མ་ལྟར་དམིགས་པ་དང་དོན་བྱེད་པ་དག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ནི་འཇིག་བྱེད་དུ་མི་འཐད་དོ་ཞེས་བྱ་བའི་བར་གྱི་གཞུང་གིས་བཤད་དོ། །གྲངས་ཅན་གྱི་འདོད་པ་དགོས་པར་བྱེད་པ་ནི་འདི་སྙམ་དུ་ཞེས་བྱ་བའོ། །དམིགས་པ་ནི་ཡོད་པ་ཉིད་མི་སྣང་བའོ། །དེ་ཡང་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པར་བྱེད་དོ། །དམིགས་པ་གང་ཡིན་དེ་ཉིད་ནི་མི་དམིགས་པ་མ་ཡིན་ཏེ། འགལ་བའི་ཕྱིར་རོ། །དེའི་ཕྱིར་མི་དམིགས་པའི་དུས་ན་སྔ་མའི་རང་བཞིན་ཉམས་པས་འདོད་པར་བྱའོ། །གཞན་ནི་ཤེས་པར་སླའོ། །འདི་སྙམ་དུ་ཞེས་བྱ་བ་གཞན་གྱི་དོགས་པ་བསུ་བར་བྱེད་དེ། འབྲས་བུའི་དངོས་པོའི་ངོ་བོ་ཉིད་ན་གདོན་མི་ཟ་བར་ཐ་དད་པ་དང༌། ཐ་མི་དད་པ་ཉིད་ཀྱི་རྗེས་སུ་བྱ་བ་ཡིན་ནོ་འཇིག་པ་ནི་མེད་པ་ཡིན་པའི་ཕྱིར་ཐ་དད་པ་དང་ཐ་མི་དད་པའི་རྣམ་པར་རྟོག་པ་མི་འཇུག་


DTG190_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གོ །གྲུབ་པའི་མཐའ་ཅན་གྱི་དངོས་པོ་མེད་པ་ལ་རྗེས་སུ་འབྲང་བར་བྱེད་པ་ནི་དངོས་པོ་མེད་པ་ཡང་ཞེས་བྱ་བའོ། །དངོས་པོ་མེད་པ་གཉིས་ཉིད་ཡིན་ཏེ། མ་ཡིན་པར་དགག་པ་དང༌། མེད་པར་དགག་པའོ། །མ་ཡིན་པར་དགག་པ་ནི་བུམ་པ་ལས་གཞན་དོན་གྱི་དངོས་པོ་སྣམ་བུ་ལྟ་བུ་སྟེ། དེ་ལ་ནི་ཐ་དད་པ་དང་ཐ་མི་དད་པའི་རྣམ་པར་རྟོག་པ་སྤངས་པ་མ་ཡིན་ནོ། །མེད་པར་དགག་པའི་ཕྱོགས་ལ་རྒྱུ་ནི་རྒྱུ་མ་ཡིན་པ་ཁོ་ན་སྟེ། མེད་པ་ནི་མེད་པར་དགག་པ་ངོ་བོ་ཉམས་པ་ཅིའི་ངོ་བོ་ཡང་མ་ཡིན་པ་དེ་ནི་རྒྱུའི་བྱ་བའི་ཡུལ་མ་ཡིན་ནོ། །མེད་པ་ནི་གདོན་མི་ཟ་བར་འབྲས་བུ་མ་ཡིན་པར་འདོད་པར་བྱ་སྟེ། འབྲས་བུ་ཉིད་ནི་དངོས་པོའི་ངོ་བོར་ཁས་བླངས་སོ་ཞེས་རིམ་གྱིས་སྒྲུབ་པར་བྱེད་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པས་སོ། །ཁ་ཅིག་ཏུ་ས་བོན་ལ་སོགས་པ་མྱུ་གུ་ལ་སོགས་པ་སྐྱེད་པ་ཉེ་བར་ལེན་པ་ས་བོན་གྱི་གནས་སྐབས་ལས་གནས་སྐབས་ཐ་དད་པ་དང་གཞན་ལས་ཀྱང་ལྡོག་པའི་ལུས་མེད་པར་འགྱུར་རོ་ཞེས་བྱ་བའི་སྐྱོན་འདི་ནི་ནང་གི་ཁྱབ་པ་སྨྲ་བ་ལ་ཡོད་དོ། །དེ་དག་གི་སྨྲ་བ་ནི་རིགས་པའི་རྗེས་སུ་འགྲོ་བ་མ་ཡིན་ཏེ། འདི་ལྟར་ནང་གི་ཁྱབ་པའི་གནོད་པར་བྱེད་པའི་ཚད་མར་རྟོགས་པའི་རིམ་པ་འདི་ཡིན་ཏེ། གལ་ཏེ་སྒྲ་སྐད་ཅིག་མ་ལ་སོགས་པའི་རང་བཞིན་དུ་འགྱུར་ན་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འདི་རིགས་པ་མ་ཡིན་ནོ། །དེས་ན་ཁྱབ་བྱེད་མི་དམིགས་པར་ཐལ་བར་འགྱུར་བས་སྐད་ཅིག་མ་ཡིན་ནོ་ཞེས་ཁས་བླང་དགོས་སོ། །འདི་ལ་ཡང་བརྗོད་ན་གཞན་འདི་དག་སྨ་བར་བྱེད་དོ། །འདི་བསྟན་པ་ཡིན་ཡང་བུམ་པ་བཞིན་དུ་འབྲས་བུ་བྱེད་དོ་ཞེས་སོ། །དེ་ལ་ཡང་གནོད་པར་བྱེད་པ་འཇུག་གོ་ཞེས་སོ། །ཕ་རོལ་དམིགས་པ་དང༌། མི་དམིགས་པ་སྲིད་པར་བྱས་ནས་དེ་བཞིན་དུ་བསྟན་པས་དངོས་པོ་མཐའ་དག་གི་ཡུལ་ཅན་གནོད་པར་བྱེད་པ་ཉེ་བར་འགོད་པས་ཁ་རོག་བསྡད་པར་བྱའོ། །དེ་ལྟར་ཡིན་དང་ཕྱིའི་ཁྱབ་པ་འོངས་པ་ཡིན་ཏེ། བསྒྲུབ་བྱའི་ཆོས་ཅན་ལས་ཕྱི་རོལ་དུ་གྱུར་བའི་བུམ་པ་ལ་སོགས་པ་རྣམས་ལ་གདོན་མི་ཟ་བར་དེ་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་དག་དཔེ་ཡིན་ནོ། །བསྒྲུབ་བྱ་ངེས་པ་མེད་པ་མ་ཡིན་ནམ། ཇི་ལྟར་དེ་ཉིད་ཡིན་ཞེ་ན།


DTG190_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཞན་དུ་སུས་བརྗོད། དེ་ལ་བསྒྲུབ་བྱ་ནི་གནོད་པར་བྱེད་པའི་ཚད་མ་འཇུག་པས་ངེས་པ་ཁོ་ན་ཡིན་ལ་སྒྲུབ་པར་བྱེད་པ་ཡང་མངོན་སུམ་ཡིས་སོ། །དེས་ན་དེ་ལྟར་ཚད་མ་ལ་རག་ལས་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྙིང་པོའི་དོན་བཤད་དོ། །འདིའི་བར་གྱི་གཞུང་གིས་ཡོད་པ་ཞེས་བྱ་བའི་གཏན་ཚིགས་ཉེ་བར་བླངས་པའི་དོན་མེད་པའི་ཀླན་ཀ་ནང་གི་ཁྱབ་པར་ལྟ་བ་དེ་ནི་ལེགས་པ་མ་ཡིན་ཏེ། གཞན་གྱིས་བཀོད་པའི་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་འཇུག་པའི་དོགས་པ་ལས་བཟློག་པའི་ཕྱིར་རོ། །དེ་ལ་བཟློག་པའི་དོན་དུ་གཞན་ལ་འཇུག་པའི་ཕྱིར་འབྲེལ་པ་སྒྲུབ་པར་བྱེད་པའི་ཚད་མ་ལ་ནན་གྱིས་ཕྱིའི་ཁྱབ་པ་བླངས་པ་ཡིན་ནོ་ཞེས་ངེས་པར་བརྗོད་པ་ཡིན་ནོ། །འདི་ལ་ཡང་རྒོལ་བ་ནི་ཡོད་པའི་གཏན་ཚིགས་ཉེ་བར་བསྡུ་བ་དོན་མེད་པའི་རྩོད་པ་མ་སྤངས་པར་གྱུར་ཏེ། འདི་རྩོད་པ་མེད་པ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་ཕྱིའི་ཁྱབ་པ་བསྒྲུབ་བྱའི་ཆོས་ཅན་ཡོངས་སུ་སྤངས་ཏེ་གནོད་པ་བྱེད་པས་དཔེ་ཁོ་ན་ལ་རྗེས་སུ་འགྲོ་བ་དང་ལྡོག་པའི་མཚན་ཉིད་ཅན་གྱི་ཁྱབ་པ་སྒྲུབ་པར་བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་སྤྱི་དང་བྱེ་བྲག་མེད་པར་མཐོང་བ་དང་མ་མཐོང་བའི་དངོས་པོ་མཐའ་དག་གི་ཡུལ་ལ་དུས་གཅིག་ཏུ་བྱེད་པ་ཡིན་ནོ། །ཕྱིའི་ཁྱབ་པ་ཞེས་བྱ་བ་ཕྱི་རོལ་ཉིད་མི་ལྡན་པ་རྣམ་པར་གཅད་པས་ཁྱད་པར་དུ་བྱས་པ་ཡིན་གྱི་ཕྱི་རོལ་ཁོ་ནའི་ཁྱབ་པ་ནི་ཕྱི་རོལ་ཁྱབ་པའོ་ཞེས་བྱ་བ་ནི་མ་ཡིན་ཏེ། ནང་གི་ཁྱབ་བ་བཞིན་ནོ། །དེ་ལྟར་ན་འབྲེལ་པ་སྒྲུབ་པར་བྱེད་པའི་གནོད་པར་བྱེད་པའི་ཚད་མ་ཉིད་ལས་བསྒྲུབ་བྱའི་ཆོས་ཅན་སྐད་ཅིག་མ་ཉིད་དུ་རྟོགས་པ་ལ་གང་གི་དོན་དུ་ཡོད་པའི་གཏན་ཚིགས་ཉེ་བར་སྡུད་པ་ཡིན་དེ་ལྟར་ཡིན་དང་གོ་བར་བྱེད་པའི་གཏན་ཚིགས་ཚུལ་གཉིས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་གཞན་གྱིས་བསམས་པའོ། །བདེན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། འདི་ལ་བསྡུས་པའི་དོན་ནི་འདི་ཡིན་ཏེ། གནོད་པར་བྱེད་པའི་བྱ་བ་ནི་གང་ཡོད་པ་དེ་ནི་སྐད་ཅིག་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་གྱི་དེས་སྒྲའི་ཡོད་པ་དང་དངོས་སུ་འཛིན་པ་མ་ཡིན་ཞིང་ཤུགས་ཀྱིས་ལེན་པ་ཡང་མ་ཡིན་ལ་ཡོད་པའི་རང་བཞིན་སྐད་ཅིག་མར་སྒྲ་མེད་པར་རྟོགས་པར་ནུས་པ་ཡང་མ་


DTG190_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེའི་ཕྱིར་ཚད་མ་གཞན་གྱིས་གྲུབ་པའི་ཡོད་པ་ཉེ་བར་བསྡུ་བར་བྱ་བ་ཁོ་ནའོ། །སྐྱོན་གཞན་སྤང་བར་བྱ་བའི་ཡུལ་དང་དུས་ཐ་དད་པ་ནི་རྒོལ་བ་གཉི་ག་ལ་དངོས་པོའི་རང་བཞིན་དུ་གྲུབ་པོ་ཞེས་གྲག་གོ །གལ་ཏེ་བུམ་པའི་དངོས་པོ་མེད་པ་ཡང་མེད་པའི་གནས་སྐབས་ལས་ཐ་དད་པའི་གནས་སྐབས་ཅན་ཐོ་བ་ལ་སོགས་པས་ལྷན་ཅིག་བྱས་པ་དེའི་ཉེ་བར་ལེན་པས་བསྐྱེད་པས་ཡུལ་དང༌། དུས་ཐ་དད་པར་ཁས་ལེན་པ་ནི་རུང་སྟེ། དེ་ནི་དངོས་པོ་ཉིད་དུ་འགྱུར་རོ། །དངོས་པོའི་ངོ་བོ་ནི་དེའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་སྔར་གྱི་གནས་སྐབས་ལས་ཐ་དད་པ་དང༌། ཐ་མི་དད་པའི་རྣམ་པར་རྟོག་པ་ལས་མ་འདས་སོ། །གལ་ཏེ་དངོས་པོ་ནི་དོན་བྱེད་ནུས་པ་ཡིན་ལ་མེད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་ཟེར་ན། དེ་ལ་དེ་ཉིད་དོན་བྱེད་ནུས་པའི་དངོས་པོ་ཞེས་བྱ་བ་འདི་སྨྲས་སོ། །དེ་ཉིད་སྒྲུབ་པར་བྱེད་པ་ནི་དོན་གཞན་ལས་ཐ་དད་པ་ཞེས་བྱ་བ་ལ་སོགས་པའོ། །འདིར་བརྗོད་པར་ནུས་ཞེས་རྗེས་སུ་དཔག་པས་ཞེས་བྱ་བ་ལྷག་མའོ། །དེ་ཉིད་གསལ་བར་བྱེད་པ་ནི་གང་བྱེད་པ་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཏོ། །རྒྱུ་དག་གི་ཁྱད་པར་ཞེས་བྱ་བ་དོན་གྱིས་ཐོབ་པ་རྗེས་སུ་བརྗོད་པའོ། །འདི་ནི་རང་བཞིན་གྱི་གཏན་ཚིགས་ཏེ་བྱེད་བཞིན་པ་ནི་དོན་བྱེད་པ་པོ་བདག་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་བདག་ཉིད་ཀྱི་འབྲེལ་པ་ནི་འོག་ནས་སྒྲུབ་པར་འགྱུར་རོ། །གལ་ཏེ་ཇི་ལྟར་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པ་སྲིད་པ་ཉིད་ཀྱི་གཏན་ཚིགས་མ་ངེས་པ་ཉིད་དུ་དགོས་པར་བྱེད་དོ། །རྒྱུའི་ནུས་པ་རྣམས་ནི་སྣ་ཚོགས་ཏེ། དཔེར་ན་ཁ་ཅིག་དངོས་པོའི་ངོ་བོའི་འབྲས་བུ་སྐྱེད་པར་བྱེད་ལ། ཡང་གཞན་ནི་མེད་པ་ཡིན་པ་དེ་ལྟར་ས་བོན་ལ་སོགས་པ་རྣམས་གདོན་མི་ཟ་བར་འབྲས་བུ་བྱེད་པར་ནུས་པའི་མྱུ་གུ་ལ་སོགས་པར་བྱེད་དོ། །བུམ་པ་དང་དབྱིག་པའི་ཚོགས་ཕལ་ཆེར་འབྲས་བུ་མཐའ་དག་གི་རྒྱུར་ནུས་པ་མེད་པའི་དངོས་པོ་མེད་པར་སྐྱེད་པར་བྱེད་དོ། །འབྲས་བུ་མེད་པ་བྱེད་པ་མ་ཡིན་ན་ཡང༌། འགའ་ཞིག་ཏུ་འབྲས་བུ་བྱེད་པ་འདི་ལ་འགལ་བ་ཅི་ཡོད། གཞན་གྱི་བསམ་པ་བླངས་ནས་སེལ་བར་བྱེད་པ་ནི་གང་དངོས་པོ་མེད་པའི་ངོ་བོ་གདོན་མི་ཟ་བར་ཁྱེད་ཀྱིས་མངོན་པར་


DTG190_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་རྒྱུས་སྐྱེད་པ། དེ་ཡང་འོག་ནས་འབྱུང་བའི་རིགས་པས་ཁྱད་པར་གྱི་རྣམ་པ་དང་ལྡན་པར་འདོད་པར་བྱའོ། །གལ་ཏེ་དེ་ནི་བདག་ཅག་གིས་མངོན་སུམ་གྱིས་བཟུང་བའི་མཚམས་ལས་འདས་པའི་ཡུལ་ཅན་དུ་འགྱུར་ན་ཡང་རྗེས་སུ་དཔག་པ་ལ་སོགས་པ་རྣམ་པར་རྟོག་པའི་ཡུལ་ཉིད་དུ་ནི་ནམ་ཡང་སྤང་བར་འོས་པ་མ་ཡིན་ནོ། །དེ་ལྟར་ཡིན་དང་རྟོག་པ་པོ་གཅིག་རྒྱུད་དེ་ཡང་དག་པའི་ཁྱད་པར་མཚུངས་པའི་རྣམ་པར་རྟོག་པས་ཡང་ནས་ཡང་དུ་བསླན་པའི་མཚན་ཉིད་ཀྱི་བསྒོམ་པ་རབ་ཀྱི་མཐར་ཐུག་པ་ལས་བྱུང་བའི་གསལ་བར་སྣང་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ངེས་པར་འགྱུར་བའི་དེ་ཉིད་ཀྱི་རྒྱུར་འགྱུར་ཏེ། རྒྱུ་མ་ཡིན་པ་ཡུལ་མ་ཡིན་པ་ཞེས་བྱ་བའི་རིགས་པས་སོ། །དེས་ན་འདི་ནི་གདོན་མི་ཟ་བར་མཐར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྲས་བུ་བྱེད་པར་འགྱུར་རོ། །དེས་ན་ཐམས་ཅད་མཁྱེན་པའི་མངོན་སུམ་གསོལ་བར་བྱ་བ་འམ། འབྲས་བུ་མེད་པ་དེའི་འབྲས་བུ་བྱེད་པ་ཉིད་དུ་ཁས་བླང་བར་བྱའོ། །དེ་སྤོང་བར་བྱེད་པའི་རྒྱུ་ཡང་དག་པར་ནི་ཡོད་པ་ཡིན་ཏེ། དབང་པོ་ལས་འདས་པ་ཉིད་ཀྱི་རང་བཞིན་མི་དམིགས་པའི་བྱ་བ་མ་ཡིན་ལ། དེ་ནི་རྩ་བ་ཉིད་ཡིན་པའི་ཕྱིར་གཞན་གྱིས་ཡང་མ་ཡིན་ནོ། །སྒྲུབ་པར་བྱེད་པ་ནི་སྲིད་པའི་རྗེས་སུ་དཔོག་པར་བྱེད་པ་ཡོད་དོ། ཡང་གོམས་པ་ལས་ཁྱད་པར་དུ་འགྱུར་བ་སྲིད་པ་དེ་ནི་གསལ་བར་སྣང་བའི་ཤེས་པ་སྲིད་པ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན། འདོད་པ་དང་མྱ་ངན་ལ་སོགས་པ་གོམས་པའི་གནས་སྐབས་ཀྱི་བུར་མེད་ཀྱི་ངོ་བོ་ལྟ་བུའོ། །སྒྲ་དང༌། རྣམ་པར་རྟོག་པ་རྗེས་སུ་དཔོག་པས་ཡུལ་དུ་བྱས་པའི་བླང་བར་བྱ་བ་དང་དོར་བར་བྱ་བ་དང༌། དེའི་ཐབས་ཀྱི་ཚོགས་འཛིན་པའི་འགྲོ་བ་ཡང་གོམས་པ་ལས་ཁྱད་པར་སྲིད་དོ་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་དཔག་པ་ནི་གཞན་དུ་བསྟན་ཏོ། །དེ་བཤད་པ་ནི་སྒྲུབ་པར་བྱེད་པ་ཡང་ཡོད་པ་བཞིན་ནོ་ཞེས་བྱ་བའོ། །ལྷག་མ་ནི་གསལ་ལོ། །དེ་ལྟར་རྒྱུ་བྱས་པའི་གཏན་ཚིགས་མ་ངེས་པ་ཉིད་སྤངས་ནས་འགྲེལ་པ་ངེས་པར་བྱས་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་ལྡོག་པ་སྒྲུབ་པར་བྱེད་པའི་ཚད་མ་བཤད་པ་ནི་དེས་ན་


DTG190_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བྱ་བ་མཐའ་དག་ཅེས་བྱ་བའོ། །དངོས་པོ་མེད་པ་ལ་བྱ་བས་དོན་བྱེད་པར་ནུས་པ་བསྒྲུབ་པར་བྱ་བ་ལ་དོན་བྱེད་ནུས་པ་ཐམས་ཅད་དང་བྲལ་བ་ནི་དེའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེ་ལ་བྱ་བ་ཉིད་ཀྱིས་ངོ་བོ་ཉིད་དང་འགལ་བ་མེད་པ་ངོ་བོ་མ་ཡིན་པ་ངོ་བོ་དང་བྲལ་བར་འགྱུར་ལ། ནུས་པ་ཐམས་ཅད་དང་བྲལ་བ་ནི་ངོ་བོ་དང་བྲལ་བའི་བྱ་བ་ངོ་བོ་དང་ལྡན་པར་ཡུལ་དང་དུས་དང་གནས་སྐབས་ཀྱི་ཁྱད་པར་གྱི་རྒྱུས་བྱེད་པ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེས་ན་བྱ་བ་ཉིད་ཀྱི་ངོ་བོ་དང་ལྡན་པ་དང༌། འགལ་བ་ལ་ངོ་བོ་དང་བྲལ་བར་ཐལ་བར་འགྱུར་བས་བསྒྲུབ་བྱ་ལས་བཟློག་པ་དོན་བྱེད་ནུས་པ་དང་བྲལ་བ་ལས་ལྡོག་པས་དོན་བྱེད་ནུས་པ་བསྒྲུབ་བྱ་དང་དེའི་བདག་ཉིད་དུ་སྒྲུབ་པའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་གྲུབ་པོ། །བྱ་བ་ཉིད་ཀྱང་ཕ་རོལ་པོས་ཁས་བླངས་པ་བྱས་པའི་ཕྱིར་མཚན་ཉིད་གསུམ་ཚང་ངོ༌། །འདི་ནི་ཐལ་བར་འགྱུར་བའི་གཏན་ཚིགས་སོ། །གང་གི་དོན་དུ་འདི་བརྗོད་པ་དེ་མཇུག་སྡུད་པར་བྱེད་པ་ནི་དེ་བས་ན་དོན་བྱེད་པ་ཞེས་བྱ་བའོ། །ཁྱེད་ཀྱིས་སྨྲས་པའི་རྣམ་པས་བུམ་པ་མེད་པ་ནི་དངོས་པོ་ཉིད་དུ་འགྱུར་ཏེ། བཤད་པའི་རིགས་པས་དོན་བྱེད་པར་ནུས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་དེ་ནི་བུམ་པ་ལས་ཐ་དད་པའམ། ཐ་དད་པ་མ་ཡིན་པ་ཞེས་བྱ་བའི་ཕྱོགས་གཉིས་སུ་ཐལ་བར་འགྱུར་བའི་སྐྱོན་སོ་ན་འདུག་པ་ཡིན་ནོ། །རང་གི་མངོན་པར་འདོད་པའི་རྣམ་པ་བསྟན་པའི་ཕྱིར་དེས་ན་དངོས་པོ་མེད་པ་ཞེས་བྱ་བ་སྨོས་སོ། །བུམ་པ་མེད་པ་ཞེས་བྱ་བ་རྒྱུས་བྱ་བ་ནི་མ་ཡིན་ཏེ། གང་གིས་འདི་ཡུལ་དང་དུས་དང་རྣམ་པ་ངེས་པའི་ངོ་བོར་འགྱུར། །འོན་ཀྱང་ངོ་བོ་དང་བྲལ་བ་དེ་བུམ་པའི་ཅིའི་ངོ་བོ་ཡང་མ་ཡིན་པ་རང་གི་ངོ་བོ་ཉམས་པ་ཡིན་ནོ། །དེ་ནི་ཅུང་ཟད་མ་ཡིན་ལ་མ་ཡིན་པ་འབའ་ཞིག་གོ་ཞེས་གང་བཤད་པ་ཡིན་ནོ། །ཐལ་བ་ལས་བཟློག་པ་ནི་འདི་ཡིན་ཏེ། གང་དོན་ཐམས་ཅད་བྱེད་པར་མི་རུང་བ་དེ་ནི་དེའི་འབྲས་བུ་མ་ཡིན་ཏེ། ནམ་མཁའི་མེ་ཏོག་བཞིན་ནོ། །བུམ་པ་མེད་པ་ཡང་དོན་ཐམས་ཅད་བྱེད་པར་མི་རུང་བའི་ཕྱིར་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འོ་ན་བུམ་པ་མེད་པ་བྱེད་དོ་ཞེས་བྱ་བ་སྨྲ་བ་འདིའི་དོན་ཅི་ཡིན། དེ་སྟོན་པར་བྱེད་པ་ནི་དངོས་པོ་མེད་པ་བྱེད་དོ་ཞེས་བྱ་བས་ནི་ཞེས་བྱ་བ་ལ་སོགས་པའོ། །བཤད་པའི་རིགས་པས་དངོས་པོ་མེད་པ་བྱེད་ཅེས་བྱ་བ་ལས་ཀྱི་དོན་


DTG190_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འཐད་པ་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་ན་བུམ་པའི་དངོས་པོ་མི་བྱེད་དོ་ཞེས་བྱ་བ་འདི་ཉིད་རིགས་པའི་རྗེས་སུ་འགྲོའོ། །འོ་ན་དེ་ལྟར་བྱེད་དོ་ཞེས་བྱ་བའི་དོན་དང་འབྲེལ་པ་ལ་ལྟོས་པའི་དགག་པ་ནི་ཚིག་ཕྱི་མ་ལྷན་ཅིག་བསྡུ་བར་མི་འགྱུར་ཏེ། ནུས་པ་མེད་པའི་ཕྱིར་རོ། །ད་ནི་ཇི་ལྟར་ཉི་མ་མི་མཐོང་བའི་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དེ་དག་ཉིད་ལ་སྦྱར་བར་འོས་སོ་ཞེ་ན། གཞན་ལ་ཅི་སྟེ་མི་འགྱུར་ནུས་པ་ནི་གཞུང་ལུགས་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ། །འོ་ན་ནི་ཉི་མ་མ་མཐོང་ཞེས་བྱ་བ་ལ་སོགས་པ་སྦྱར་བར་མི་བྱའོ། །དེ་དག་སྦྱོར་བ་ནི་འཆད་པ་པོའི་ཚིག་ཡིན་པའི་ཕྱིར་རོ། །དེའི་བཤད་པར་བྱ་བ་དང་འགལ་བ་འཆད་པ་པོའི་ཚིག་ལ་གུས་པར་བྱ་བ་ནི་མ་ཡིན་ནོ། །འཆད་པ་པོ་དག་ནི་མདོ་བྱེད་པ་ལས་ཆེས་མངོན་པར་བརྩོན་པའི་ཕྱིར་དེའི་ཚིག་ནི་ཚད་མ་ཡིན་ནོ་ཞེ་ན། དེ་དག་གིས་ཆེས་ཁྱད་པར་འཕགས་པ་འགའ་ཞིག་ཅེས་ཁྱད་པར་མི་ཤེས་པའི་ཕྱིར་འཇིག་རྟེན་སྦྱོར་ན་ནི་སླུ་བ་དང་ཅིག་ཤོས་དག་ལས་ཁྱད་པར་ཤེས་པ་ཡིན་ནོ། །དེ་ལྟར་གང་ཉི་མ་མི་མཐོང་བའི་ཞེས་བྱ་བ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པ་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ཡང་འཇིག་རྟེན་སྤྱད་པ་སྦྱོར་བར་འོས་སོ། །སྦྱོར་བ་པོ་དང་རྟོགས་པ་པོ་མཚུངས་པར་རྟོགས་པ་ནི་ཡོད་དེ། དེ་ལ་བསྟན་བཅོས་བྱེད་པས་ཁས་མ་བླངས་པའི་བྱེ་བ་ཅན་སྤོང་བའི་རྒྱུ་ནི་བསྟན་པར་མི་བྱའོ། །དེའི་བྲང་བརྡུངས་ཤིང་ཆོ་ངེས་བཏབ་ཀྱང་འཇིག་རྟེན་མི་ལྡོག་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །གཞན་ཡང་སྐྱེས་བུས་འདོད་རྒྱལ་དུ་ཡོངས་སུ་སྦྱར་བའི་བརྡ་ཙམ་གྱི་རྗེས་སུ་བྱེད་པའི་སྒྲ་རྣམས་རང་དབང་དུ་གནས་པས་སུས་ཟློག་པར་བྱེད། ཟློག་པར་བྱེད་ན་ཡང་གླང་པོ་ཆེ་སྨྱོ་བ་བཞིན་དུ་དེ་དག་འཕམ་པར་འགྱུར་རོ། །འདི་ནི་ཁོ་བོས་རབ་ཏུ་བྱེད་པ་གཞན་དུ་བརྗོད་པའི་ཕྱིར་འདིར་མང་པོ་མི་བརྗོད་དོ། །དེ་ཀྱུས་མ་ལ་སྦྱོར་བར་བྱེད་པ་ནི་མི་བྱེད་པའི་བྱེད་པ་པོ་དེ་ཡང་ཞེས་བྱ་བའོ། །དེ་ལྟ་ཡིན་དང་ཅུང་ཟད་ཀྱང་མི་བྱེད་པའི་ལྷན་ཅིག་ཉིད་ཉེ་བའི་རིམ་གྱིས་འགྱུར་བས་སྐད་ཅིག་མ་མ་ཡིན་པར་རིམ་གྱིས་འབྲས་བུ་བྱེད་པ་ཡིན་ཏེ། འཇིག་པའི་རྒྱུ་བཞིན་ནོ་ཞེས་གང་སྨྲས་པ་དེ་ནི་དཔེ་མ་གྲུབ་པས་བསལ་བ་ཡིན་ནོ། །དེ་ལྟར་རེ་ཞིག་འཇིག་པའི་རང་གི་ངོ་བོ་དཔྱད་པས་ཐོ་བ་ལ་སོགས་


DTG190_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུའི་དངོས་པོ་བསལ་ནས་ད་ནི་གཞིག་པར་བྱ་བར་མངོན་པར་འདོད་པའི་བུམ་པ་ལ་སོགས་པའི་དངོས་པོའི་རང་གི་ངོ་བོ་དཔྱད་པས་དེ་དག་གི་རྒྱུ་ཉིད་བསལ་བར་བྱ་བའི་དོན་དུ་མི་ནུས་པ་དང་དོན་མེད་པ་སྒྲུབ་པར་བྱེད་པ་ནི་གཞན་དང་གཞིག་པར་བྱ་བའི་དངོས་པོ་ཅི་ཞེས་བྱ་བ་ལ་སོགས་པས་སོ། །ཕྱོགས་དང་པོ་ལ་ནི་དོན་མེད་པར་བསྟན་ལ་ཕྱི་མ་ལ་ནི་མི་ནུས་པའོ། །དེ་རྒྱུ་ནུས་པ་མེད་ཕྱིར་དང༌། །གང་ཞེས་དེར་རང་བཞིན་གྱིས་འགྱུར། །ཞེས་ཀྱང་བཤད་ཟིན་ཏོ། །རྣམ་པ་གཞན་དོགས་པར་བྱེད་པ་ནི་འདི་སྙམ་དུ་ཞེས་བྱ་བའོ། །རྫ་མཁན་ལ་སོགས་པ་རང་གི་རྒྱུ་ལས་བུམ་པ་ལ་སོགས་པ་ཐོ་བ་ལ་སོགས་པས་འཇིག་པའི་རྒྱུ་ཉེ་བའི་དུས་ཚུན་ཆད་དུ་མི་འཇིག་པར་སྐྱེ་བ་ཡིན་ནོ། །དེ་བས་ན་འཇིག་པའི་རྒྱུས་བསྐྱེད་པ་ཡོད་པ་ཡིན་ནོ་ཞེས་བྱ་བའོ། །དེས་སེལ་བར་བྱེད་པ་ནི་དེ་ཡང་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལྟར་བརྗོད་པ་ན་དེ་དག་དུས་ཅུང་ཞིག་གནས་པའི་རང་བཞིན་ཅན་ཡིན་ནོ་ཞེས་ཁས་བླངས་པར་འགྱུར་རོ། །དུས་ཅུང་ཞིག་གནས་པའི་ཆོས་ཅན་རྣམས་ལ་ཞེས་བྱ་བ་ནི་དུས་ཅུང་ཞིག་གནས་པ་གང་དག་ལ་ཡོད་པ་དེ་དག་གོ །དུས་ཡུད་ཙམ་མ་མ་མིག་འབྱེད་པའི་དུས་སུ་གནས་པ་འམ། སྐད་ཅིག་གཉིས་སུ་གནས་པ་ཡང་རུང་སྟེ། གང་གི་ཚེ་སྐད་ཅིག་གཉིས་པའི་དུས་སུ་དེ་དག་གི་འཇིག་པའི་རྒྱུ་ལྷགས་པ་དེའི་ཚེ་སྔར་རང་གི་རྒྱུ་ལས་སྐྱེས་པའི་སྐད་ཅིག་གཉིས་སུ་གནས་པའི་རང་བཞིན་སམ་དེ་ཡོད་དམ་འོན་ཏེ་མེད། མེད་པའི་ཕྱོགས་ལ་འོན་ཏེ་ཡང་ཞེས་བྱ་བ་ལ་སོགས་པས་ཕྱིས་སྐྱོན་སྟོན་པར་འགྱུར་རོ། །གལ་ཏེ་ཡོད་དོ་ཞེ་ན། འོ་ན་དེ་ནི་སྐད་ཅིག་གཉིས་སྡོད་པའི་རང་བཞིན་ཡིན་པའི་ཕྱིར་སྐད་ཅིག་གཉིས་པ་དང་གསུམ་པ་ལ་གནས་པར་འཕན་པར་འགྱུར་རོ། །དེ་ལྟར་སྐད་ཅིག་གཉིས་སུ་གནས་པ་མ་བསལ་བའི་ཕྱིར་བཞི་པ་དང་ལྔ་པར་ཡང་རྒ་བ་དང་འཆི་བར་མི་འགྱུར་བ་ཁོ་ནའོ། །འདི་བཤད་པ་ནི་རྣམ་གྲངས་འདི་ཞེས་བྱ་བ་སྟེ། ཟོལ་བརྗོད་པས་སོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བས་ཕྱོགས་གཞན་སྐྱོན་གྱི་གནས་སྐབས་མཚུངས་པར་སྟོན་པར་བྱེད་དོ། །སྔར་ནི་འཇིག་པའི་རྒྱུ་ཉེ་བ་ལ་ལྟོས་པའི་དུས་ལ་བསྡད་ནས་ཅུང་ཟད་གནས་པ་ནི་སྲིད་པར་བྱས་ནས་སུན་ཕྱུང་ལ། ད་ནི་ཡོངས་སུ་བརྩིས་པའི་སྐད་ཅིག་ཅུང་ཟད་ཀྱི་མཚམས་སུ་


DTG190_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཇིག་པར་དངོས་པོ་དེའི་རྒྱུ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ནི་བྱེ་བྲག་གོ །སྐྱོན་ནི་སྔ་མ་བཞིན་ནོ། །དེ་བཤད་པ་ནི་ཕྱོགས་འདི་ཡང་ཞེས་བྱ་བའོ། །དེས་ན་དེ་ལྟར་འཇིག་པའི་རྒྱུ་ཉེ་བའི་དངོས་པོ་སྔར་སྐྱེས་པའི་སྐད་ཅིག་གཉིས་སུ་སྡོད་པའི་རང་བཞིན་དེ་ཡོད་དོ་ཞེས་བྱ་བའི་རྣམ་པ་ལ་སུན་འབྱིན་པ་བརྗོད་ནས་མེད་དོ་ཞེས་བྱ་བའི་ཕྱོགས་འདི་ལ་ཡང་བརྗོད་པ་ནི་འོན་ཏེ་ཡང་ཞེས་བྱ་བ་སྨོས་སོ། །དེ་ལ་བཤད་པ་དེ་ལྟར་ན་ནི་སྔར་གྱིས་ཞེས་བྱ་བ་སྟེ། མཐར་ཕྱིས་སྐྱེས་པའི་རང་བཞིན་གྱིས་སྔ་མའི་མཐའ་ལའོ། །རྟག་པའམ་མི་རྟག་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་འཇིག་པ་མི་འཇིག་པའི་ངང་ཅན་ཞེས་བྱ་བའི་དོན་ཏོ། །ཕྱོགས་གཉིས་ཀ་ལ་ཡང་མི་ནུས་པ་དང་དོན་མེད་པ་སྔ་མ་བཞིན་དུ་བརྗོད་པར་བྱའོ། །ཕྱིས་སྐྱེ་བ་ལ་ཡང་རྣམ་པ་དེ་ལྟར་བརྟག་པ་བྱས་ལ་རྣམ་པ་དེ་ལྟ་བུ་ཉིད་ཀྱི་སྐྱོན་བརྗོད་པར་བྱའོ། །འདིར་ནིའི་སྒྲ་ནི་གཏན་ཚིགས་ཀྱི་དོན་ཏོ། །དེས་ན་ཞེས་བྱ་བས་མཇུག་སྡུད་པར་བྱེད་དོ། །གང་ཕྱོགས་སྔ་མ་སྨྲ་བས་དཔེ་བསྒྲུབ་པར་བྱ་བའི་ཕྱིར་དཔེ་གཞན་བརྗོད་པ་ཐོ་བ་ལ་སོགས་པ་བུམ་པ་ལ་སོགས་པའི་འཇིག་པའི་རྒྱུ་རྣམས་དེའི་འཇིག་པ་སྐྱེད་པ་ལ་རྗེས་སུ་མཐུན་པའི་ཁྱད་པར་ཡང་མ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་མྱུ་གུ་ལ་སོགས་པ་སྐྱེད་པའི་རྒྱུ་ས་བོན་ལ་སོགས་པ་ལ་རྣམ་པ་དེ་སྐྱེ་བའི་རྗེས་སུ་མཐུན་པའི་ཁྱད་པར་མི་བྱེད་པ་ཡིན་ནོ་ཞེས་བྱ་བ་དེ་རྗེས་སུ་བརྗོད་ནས་སུན་འབྱིན་པར་བྱེད་པ་ནི་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། དཔེ་དང་དོན་དག་ཤིན་ཏུ་མི་མཚུངས་ཞེས་བྱ་བའི་ཐ་ཚིག་གོ །དེས་ནི་གང་གི་ཚེ་དེ་ཉིད་ནི་ཉེ་བར་བརྗོད་པ་མེད་བ་འདུ་བྱ་བའི་སྣོད་མ་ཡིན་པ་དེའི་ཚེ་ས་བོན་ལ་སོགས་པ་མྱུ་གུ་སྐྱེད་པའི་སྔར་ཐ་དད་པ་འམ་དེ་ལྟ་བུ་མ་ཡིན་པ་མི་བྱེད་པ་ཉིད་དུ་རིགས་པ་ཡིན་ནོ། །འོ་ན་དེ་དག་འདིའི་ཅི་བྱེད་པ་ཡིན་ཞེས་བྱ་བ་འདི་ལ་བཤད་པ་འདིའི་གཞན་ཞིག་བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་དེ་ཉིད་ཀྱི་སྔ་ན་མེད་པའི་འཇུག་པ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བཤད་པ་ནི་ས་བོན་ལ་སོགས་པ་ཞེས་བྱ་བའོ། །གཞིག་པར་བྱ་བ་དང་འཇིག་པར་བྱེད་པ་དག་ནི་བསྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པ་དང་མི་མཚུངས་པ་ཉིད་དུ་སྟོན་པར་བྱེད་པ་ནི་གཞིག་པར་བྱ་བ་ཞེས་བྱ་བའོ། །གཞིག་པར་བྱ་བ་མངོན་པར་འདོད་པའི་དངོས་པོའི་


DTG190_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཡིན་པའི་ཕྱིར་འཇིག་པའམ་དེ་དང་རྗེས་སུ་མཐུན་པའི་ཁྱད་པར་ཐ་དད་པ་འམ་རྣམ་པ་གཞན་དུ་ཞེས་རྣམ་པར་རྟོག་པ་གཉིས་ལས་མ་འདས་སོ། །དེ་བཞིན་དུ་གཞིག་པར་བྱ་བ་ཡང་ཅི་རང་ལས་ལྡོག་པའི་ཆོས་ཅན་ནམ་འོན་ཏེ་དེ་ལྟ་བུར་གྱུར་པ་མ་ཡིན་པ་ཞེས་བརྒལ་ཞིང་བརྟག་པའི་རིགས་སོ། །དེ་ལྟར་བརྒལ་ཞིང་བརྟགས་པ་ན་ཇི་ལྟར་རིགས་པར་རྒྱུ་ནུས་པ་མེད་པ་དང༌། དོན་མེད་པར་ཐལ་བར་འགྱུར་རོ། །རྩོད་པ་འདི་མི་ནུས་པ་དང་དོན་མེད་པའི་ཁོངས་སུ་འདུས་པར་བསྟན་པར་ནི་ཅི་ཐོ་བ་ལ་སོགས་པ་ཞེས་བྱ་བ་སྨོས་སོ། །གཞིག་པར་བྱ་བ་བསྐྱེད་པར་བྱ་བ་དང་མི་འདྲ་བར་བརྗོད་པར་མཇུག་སྡུད་པར་བྱེད་པ་ནི་གཞིག་པར་བྱ་བའི་ཞེས་བྱ་བའོ། །གང་ཡང་ཞེས་བྱ་བ་ནི་ཐོ་བ་ལ་སོགས་པ་འཇིག་པ་ཉིད་ཀྱི་རྗེས་སུ་གྲོ་ལྡོག་གི་རྗེས་སུ་གྲུབ་པར་བྱེད་པ་སྔར་བསྟན་པ་རྗེས་སུ་བརྗོད་ནས་དེ་ཡང་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པར་བྱེད་དོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་གཞན་མ་ཡིན་པ་ཉིད་དུ་གྲུབ་ན་དེའི་འབྲས་བུ་སྐྱེད་པར་ངེས་པ་ཡིན་ཏེ། རྣམ་པ་གཞན་དུ་གྲུབ་པས་ནི་དེ་དག་བུམ་པ་ལ་འགོག་གོ །འཇིག་པའི་རང་བཞིན་བྱེད་པ་ལ་སྔར་བརྗོད་པའི་ཉེས་པ་བསྟན་པས་ལྷག་མར་གྱུར་པ་གྱོ་མོའི་རྒྱུན་བསྐྱེད་པ་ཉིད་ཁོ་བོའི་རྗེས་སུ་འགྲོ་ལྡོག་བྱེད་པར་འཐད་པ་དེ་ནི་རིགས་པ་དང་ལྡན་པའི་ཕྱིར་ཁོ་བོ་ཅག་གིས་ཁས་བླངས་པ་ཡིན་ནོ། །དེ་བཤད་པ་ནི་དེ་ཡང་ཞེས་བྱ་བའོ། །གང་གི་དོན་དུ་འདི་བརྗོད་པ་དེ་མཇུག་སྡུད་པར་བྱེད་པ་ནི་དེས་ན་ཞེས་བྱ་བ་ལ་སོགས་པའོ། །འཇིག་པའི་རྒྱུ་སེལ་བར་བྱེད་པ་འདི་ཡང་སྔོན་གྱི་སློབ་དཔོན་རྣམས་ཀྱིས། རྒྱུ་མེད་ཕྱིར་ན་འཇིག་པ་ནི། །རང་གི་ངོ་བོས་རྗེས་འབྲེལ་ཉིད། །ཅེས་བྱ་བ་ལ་སོགས་པ་སྐད་ཅིག་མ་འཇིག་པ་གྲུབ་པར་རིགས་པར་གཞན་གྱིས་བརྗོད་དོ། །གཞུང་བྱེད་པ་འདི་ནི་ཡོད་པའི་གཏན་ཚིགས་ཉིད་ཀྱིས་སྟོབས་རྟོགས་པར་བྱ་ལ། དེའི་སྐྱོན་བསལ་བར་བྱ་བའི་ཕྱིར་ཉེ་བར་བཀོད་དོ། །ད་ནི་གཞན་རང་གི་མངོན་པར་འདོད་པའི་གྲུབ་པའི་མཐའ་ལ་འདོད་པ་མེད་པར་རྟོགས་པར་བྱས་ནས་གྲུབ་པའི་མཐའ་སྨྲ་བ་གཡེང་བར་བྱ་བའི་ཕྱིར་སྐབས་ཚོལ་བར་བྱེད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་བཤད་ཟིན་


DTG190_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིགས་པས་སྐད་ཅིག་མ་མ་ཡིན་པ་དོན་བྱེད་པ་ལ་ལྷན་ཅིག་འཐད་པར་འགྲོ་བ་མ་ཡིན་པ་དེ་བཞིན་དུ་འཆད་པར་འགྱུར་བའི་རིགས་པ་སྐད་ཅིག་མ་ཡང་ཞེས་དམ་བཅས་ནས་འཐད་པར་སྨྲས་པ་ནི་འདི་ལྟར་ཞེས་བྱ་བའོ། །ས་བོན་སྐད་ཅིག་མ་ཡང་ཞིང་ལ་སོགས་པའི་ལྷན་ཅིག་བྱེད་པ་ལ་ལྟོས་པ་ནས་མྱུ་གུ་དང་རྗེས་སུ་མཐུན་པའི་རྒྱུད་མཚུངས་པའི་སྐད་ཅིག་གཞན་བྱེད་དོ། །དེ་ལ་གལ་ཏེ་ས་བོན་ཞིང་ལ་སོགས་པའི་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་ལ་ལྟོས་པ་མེད་པར་མྱུ་གུ་དང་རྫས་སུ་མཐུན་པའི་ཁྱད་པར་སྐྱེད་ན་མྱུ་གུ་སྐྱེད་པ་ལ་འང༌། དེ་བཞིན་དུ་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཅི་སྟེ་མྱུ་གུ་བཞིན་དུ་དེས་བྱས་པའི་ཁྱད་པར་ལ་ལྟོས་པ་ཁོ་ནས་དེ་ལ་མངོན་དུ་བྱས་པ་སྐྱེད་ན་ཡང་ཐུག་པ་མེད་དོ། །ཇི་ལྟ་ཞེ་ན། ས་བོན་གྱིས་རང་གི་ཉེ་བར་ལེན་པ་ལས་བྱུང་བའི་འབྲས་བུ་ཐམས་ཅད་ལ་ཆུ་ལ་སོགས་པ་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་ལ་ལྟོས་པར་བྱའོ་ཞེས་ཁས་ལེན་ན་མྱུ་གུ་དང་རྗེས་སུ་མཐུན་པའི་མཐའི་སྐད་ཅིག་གིས་མཚན་ཉིད་ཀྱི་ཁྱད་པར་བསྐྱེད་པར་བྱ་བ་ལ་དེ་སྐྱེད་པའི་རྗེས་སུ་མཐུན་པའི་ཁྱད་པར་ལ་ལྟོས་ལ་དེའི་ཁྱད་པར་བསྐྱེད་པར་བྱ་བ་ལ་ཡང་དེའི་རྗེས་སུ་མཐུན་པའི་ཁྱད་པར་ལ་ལྟོས་པ་དེ་སྲིད་དུ་ས་བོན་ཆུ་ལ་སོགས་པ་དང་ཕྲད་པའི་སྐད་ཅིག་བསྐྱེད་པ་འདི་ནི་གང་ཡང་རུང་བ་གནས་པའི་ཆུ་ལ་སོགས་པ་ཉེ་བས་བྱས་པའི་ཁྱད་པར་ལ་ལྟོས་པར་འདོད་པར་བྱ་དགོས་པའི་ཕྱིར་ཐུག་པ་མེད་དོ། །དེ་ལ་འདི་སྙམ་དུ་ས་བོན་སྐྱེ་བའི་མཚམས་སུ་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་བརྒྱུད་པ་ཡིན་པའི་ཕྱིར་ཐུག་པ་མེད་པས་བྱས་པའི་སྐྱོན་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་ན། སྐྱེས་པ་ནས་ཞས་བྱ་བ་སྨོས་ཏེ། ཇི་ལྟར་ཞེ་ན། འདི་ལ་བཤད་པ་ངེས་པའི་དུས་སུ་ཞེས་བྱ་བའོ། །སྐྱོན་འདི་སྤང་བའི་ཕྱིར་དེ་འདོད་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །ཆུ་ལ་སོགས་པ་ཉེ་བའི་དུས་ཐ་དད་པའི་རྗེས་སུ་བྱེད་པའི་ཕྱིར་ས་བོན་ཁ་ཅིག་ལོ་ཕྱེད་ཀྱི་མཐར་ཐུག་པའམ། ཁ་ཅིག་ལོའི་མཐར་ཐུག་པའི་ངེས་པའི་དུས་སུ་སྐྱེ་བའི་མྱུ་གུ་དེ་གཏན་དུ་འབྱུང་བར་འགྱུར་རོ་ཞེས་རང་གི་དུས་ཚིགས་སུ་ཞེས་བྱ་བའི་འོག་གི་དཔྱད་པ་དང་རྗེས་སུ་འབྲེལ་པར་བྱའོ། །དེ་ཉིད་འབྱེད་པར་བྱེད་པ་ནི། འདི་ལྟར་


DTG190_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའོ། །བཤད་ཟིན་པའི་རབ་ཏུ་བྱེད་པས་ཆུ་ལ་སོགས་ཉེ་བས་ས་བོན་གྱིས་བངས་པ་དང་ཆེས་བངས་པ་ལ་སོགས་པའི་ཁྱད་པར་བྱེད་པ་དང་ཕྲད་པའི་སྐད་ཅིག་སྐྱེ་བའི་རྗེས་སུ་མཐུན་པའི་ཁྱད་པར་ཤིན་ཏུ་རིང་བ་མ་ཡིན་པར་འཇུག་པས་དེའི་གནས་སྐབས་དང་རྗེས་སུ་མཐུན་པ་ཡང་རིང་བར་འཇུག་པ་དེ་ལྟར་གང་ཡང་རུང་བ་ན་གནས་པ་འདི་དག་རྟག་ཏུ་འབྱུང་བར་འགྱུར་བའི་ཕྱིར་མྱུ་གུ་དང་རྗེས་སུ་མཐུན་པ་དང་ཆེས་རྗེས་སུ་མཐུན་པ་དང་ཆེས་ཤིན་ཏུ་རྗེས་སུ་མཐུན་པ་ལ་སོགས་པའི་ཁྱད་པར་འབྱུང་བའི་རིམ་གྱིས་ས་བོན་ལས་ཉི་མ་གཉིས་སམ་གསུམ་ན་མྱུ་གུ་སྐྱེ་བར་འགྱུར་གྱི་ས་བོན་ལ་སོགས་པ་ལྷན་ཅིག་བྱེད་པ་ཉེ་བའི་དུས་ཀྱི་མཚམས་ཐ་དད་པས་ཁ་ཅིག་ཟླ་བའི་མཐར་ཐུག་པའམ། ལོའི་མཐར་ཐུག་པའོ་ཞེས་ནི་མ་ཡིན་ནོ། །ཡང་ན་མྱུ་གུ་ཐམས་ཅད་ཀྱི་ཚེ་འབྱུང་བར་ངེས་ཏེ། ཉི་མ་གཉིས་སམ་གསུམ་ཚུན་ཆད་དུ་མྱུ་གུ་སྐྱེ་བར་ཐལ་བ་དེ་ནི་ངེས་པའི་དུས་སུ་ཞེས་བྱ་བ་འདི་ཉིད་ཀྱི་དོན་དུའོ། །ཅི་སྟེ་འདི་སྐྱེ་བའི་དུས་ཀྱི་མཚམས་ཉི་མ་གཉིས་སམ་གསུམ་ལས་ཡིན་ནོ་ཞེས་གང་ལས་ངེས་པར་བཟུང་ཞེ་ན། བརྗོད་པ་གང་གི་ཚེ་སྐྱེ་བའི་དུས་ཉིད་ན་ཆུ་ལ་སོགས་པ་དག་དང་ཕྲད་པར་བྱེད་པ་དེའི་ཚེ་དུས་དེ་ཙམ་གྱིས་མྱུ་གུ་སྐྱེ་བར་མཐོང་བ་དེ་འདིའི་རང་གི་དུས་ཚིགས་ཡིན་ནོ་ཞེས་དེའི་ཚེ་ཤེས་སོ། །ས་ལ་སོགས་པ་ཉེ་བའི་ས་བོན་གྱི་ཁྱད་པར་བསྐྱེད་པར་བྱ་བའི་ཁྱད་པར་འགའ་ཞིག་ལ་བརྟེན་པ་མ་ཡིན་ཏེ། གང་ཡང་རུང་བ་ན་གནས་པ་བྱེད་པ་པོ་ཉིད་དུ་ཁས་ལེན་པའི་ཕྱིར་དེ་འདྲ་བ་རྟག་ཏུ་ཡོད་པར་འགྱུར་རོ། །ཐལ་བར་འགྱུར་བ་བརྗོད་ནས་དེའི་བཟློག་པ་བཤད་པ་ནི། དེ་ལྟར་ཡང་མ་ཡིན་ནོ་ཞེས་བྱ་བའོ། །ཕན་པར་བྱེད་པ་མ་ཡིན་པའང༌། །ལྟོས་པར་བྱ་བ་མ་ཡིན་ནོ། །ཞེས་བཤད་པ་ནི། དེ་མེད་པའི་ཕྱིར་ཞེས་བྱ་བའོ། །དེ་བཞིན་དུ་ས་བོན་ཡང་ལྟོས་པར་བྱ་བ་མ་ཡིན་ནོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་སྔར་བཀོད་པའི་རྩོད་པ་མཇུག་སྡུད་པར་བྱེད་དོ། །འདི་སྙམ་དུ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཅན་གྱི་འདོད་པ་དོགས་པར་བྱེད་དོ། །གང་གིས་སྔར་བརྗོད་པའི་རིམ་པས་ཐུག་པ་མེད་པ་ལ་སོགས་པའི་ཉེ་བར་ཐལ་བར་འགྱུར་བ་ཆུ་ལ་སོགས་པའི་ནང་ན་གནས་པའི་སྐད་ཅིག་སྐྱེད་པ་ལྟོས་པའི་ས་བོན་ཞིང་ལ་སོགས་པས་བྱས་པའི་ཁྱད་པར་ནི་ཁས་མི་ལེན་ཏོ། །འོ་ན་ཅི་


DTG190_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། ཉེ་བར་འདུ་བའི་རྐྱེན་ཚོགས་པའི་རྒྱུན་རྣམས་ཀྱིས་བྱས་པའི་ཁྱད་པར་ས་ལ་སོགས་པ་དེ་དང་ཕྲད་པའི་སྐད་ཅིག་སྐྱེད་པར་བྱེད་ལ། ཕྱིས་ནི་ས་བོན་ལ་སོགས་པ་མྱུ་གུ་དང་རྗེས་སུ་མཐུན་པའི་ཁྱད་པར་གྱི་དོན་ཉིད་དུ་བྱེད་དོ། །ཉེ་བར་ཚོགས་པའི་རྒྱུ་དག་རྟག་ཏུ་ཡོད་པ་ཡང་མ་ཡིན་ཏེ། དེ་དག་ཀྱང་རང་གི་རྒྱུ་ཉེ་བས་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་སྔར་བརྗོད་པའི་སྐྱོན་དུ་འགྱུར་བ་མ་ཡིན་ནོ། །གཞན་ནི་འདི་ལ་ཡང་ཐུག་པ་མེད་པར་བསྟན་པར་བྱ་བ་ནི་ཉེ་བར་འགོད་པར་བྱེད་པ་ནི་དེ་ལ་ཡང་ཞེས་བྱ་བའོ། །ཉེ་བར་འདུ་བ་རྣམས་ས་བོན་ལ་སོགས་པ་བསྲེ་བའི་གནས་སྐབས་ཀྱི་ཁྱད་པར་སྐྱེ་བ་ཉེ་བར་འདུ་བར་བྱེད་པ་གཞན་གྱིས་བྱས་པའི་ཁྱད་པར་ཉིད་དུ་ལྡན་པར་རིགས་ཀྱི་དེ་ལྟ་མ་ཡིན་ན་རེས་འགའ་བྱེད་པ་མི་རུང་བའི་ཕྱིར་རོ། །དེ་ལྟ་ན་ཡང་ཐུག་པ་མེད་དོ། །ཡིན་མོད་ཅེ་ན། འབྲས་བུ་འགྲུབ་པ་རེ་རེ་ཞིང་རྒྱུ་བཙལ་བར་བྱ་བ་ལ་ཉེ་བར་འདུ་བའི་རྐྱེན་འདི་ཙམ་བརྟག་པར་བྱ་བར་ནུས་པ་མ་ཡིན་ནོ། །འདི་ལ་བརྗོད་པ་ཞེས་བྱ་བ་ལ་སོགས་པས་གྲུབ་པའི་མཐའ་བྱད་དོ། །བསྡུས་པའི་དོན་ནི་འདི་ཡིན་ཏེ། གང་ཞིག་རང་གི་རྒྱུད་དུ་གཏོགས་པའི་ཉེ་བར་ལེན་པ་ལས་བྱུང་བ་འམ། ལྷན་ཅིག་བྱེད་པ་གཞན་གྱི་རྒྱུད་དུ་གཏོགས་པ་ཉིད་ཀྱིས་འབྲས་བུ་སྐྱེད་པར་འགྱུར་བ་རྒྱུད་གཞན་གྱིས་བྱས་པའི་ཁྱད་པར་ལ་རྒྱབ་ཀྱིས་ཕྱོགས་པར་འཇུག་པར་ཉེ་བར་ལེན་པའི་རྒྱུད་འགའ་ཞིག་ནི་སྲིད་པ་མ་ཡིན་ནོ། །འགའ་ཞིག་ལྷན་ཅིག་བྱེད་པར་འགྱུར་བ་ཆུ་ལ་སོགས་པ་རྒྱུད་གཞན་གྱིས་བྱས་པའི་ཁྱད་པར་ལ་ལྟོས་ལ། ཁ་ཅིག་ནི་ཉེ་བར་འདུ་བའི་རྐྱེན་ཞེས་བྱ་བ་རྒྱུད་གཞན་གྱིས་བྱས་པའི་རྗེས་སུ་འཇུག་པའི་ཁྱད་པར་གྱི་དོན་སྣོད་དུ་བྱེད་དོ། །དཔེར་ན་ས་བོན་གྱི་རྒྱུན་ཆུ་ལ་སོགས་པའི་རྒྱུན་གྱིས་བྱས་པའི་བདས་པ་ལ་སོགས་པའི་འདུ་བྱེད་ལ་ལྟོས་ནས་མྱུ་གུ་སྐྱེད་པར་བྱེད་པ་ལ་སོགས་པ་མཚམས་དང་བཅས་པའི་ཡུལ་དུ་འཇུག་པ་འབྲས་བུ་ས་བོན་གྱི་སྐད་ཅིག་གཞན་སྐྱེད་པའི་ཕྱིར་ས་བོན་གྱི་རྒྱུན་གང་ཡང་རུང་བ་ན་གནས་པའི་ཆུ་ལ་སོགས་པའི་ཁྱད་པར་བདག་གིར་བྱས་པ་སྲིད་པ་མ་ཡིན་ན་གང་གིས་ཕྱོགས་སྔ་མས་བརྗོད་པའི་སྐྱོན་དང་བཅས་པར་འགྱུར། འོན་ཀྱང་ཕན་ཚུན་ཉེ་བར་འདུ་བའི་རྒྱུ་རླུང་དང་


DTG190_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པ་པོ་ལ་སོགས་པ་རྒྱུད་གཞན་ཉིད་ཀྱིས་དེའི་གནས་སྐབས་ཐོབ་པའི་ཕྱིར་ལྟོས་པར་བྱེད་དོ། །ཉེ་བར་འདུ་བའི་རྐྱེན་ཐུག་པ་མེད་པར་འགྱུར་བ་ཡང་ས་བོན་དང་མྱུ་གུ་ཐུག་པ་མེད་པ་བཞིན་དུ་གནོད་པར་བྱེད་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་ལན་རྒྱས་པར་བརྗོད་པར་བྱ་སྟེ། རླུང་ལ་སོགས་པ་རང་གི་རྒྱུ་ཚོགས་པ་ཁོ་ན་ལས་ཡང་དག་པར་སྐྱེ་བ་ཐོབ་པའི་ཁྱད་པར་སྐྱེ་བ་དེ་དག་ཉེ་བར་འདུ་བ་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །ཇི་སྲིད་དུ་སྐྱེ་བའི་རྒྱུ་ལ་ཐུག་པ་དེ་སྲིད་དུ་ཞིང་གི་བདག་པོའི་སྐྱེས་བུའི་ལུང་ལས་གཞན་སྐབས་དེ་ལྟ་བུའི་བརྩོན་པ་ཐོབ་ལ་ཞིང་གི་བདག་པོ་ཡང་དེའི་ངོ་བོར་བརྟེན་པ་ནི་གཞན་ལས་ཡིན་ལ། དེ་ཡང་གཞན་ལས་ཡིན་ལ། དེ་ཡང་གཞན་ལས་ཡིན་ནོ་ཞེས་ཐུག་པ་མེད་དོ། །འདིར་སྔ་མ་དང་ཕྱི་མའི་གཞུང་རྣམ་པར་དཔྱད་པས་བ་ལང་དང་གླང་གི་ཚུལ་གྱིས་ས་བོན་ལ་སོགས་པ་ལྷན་ཅིག་བྱེད་པ་ལ་ཉེ་བར་འདུ་བའི་རྐྱེན་ལས་ཐ་དད་པའི་སྒྲ་གཞུང་བྱེད་པས་བྱས་སོ་ཞེས་བཤད་པར་བྱའོ། །དེ་ལ་མྱུ་གུ་ནི་ཁྱད་པར་བརྒྱུད་པ་ལས་སྐྱེ་བའི་ཆོས་ཅན་ཡིན་ལ་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པ་ས་བོན་ལ་སོགས་པས་བྱས་པའི་ཁྱད་པར་བརྒྱུད་ནས་སྐྱེས་པའི་རང་བཞིན་གང་ལ་ཡོད་པ་དེ་ལ་སྐད་ཅིག་ཅེས་བྱའོ། །ཁྱད་པར་དང་པོ་ནི་ཞེས་བྱ་བ་ནི་འདིར་ས་ལ་སོགས་པ་དང་ཕྲད་པས་བརྩམས་པ་དེ་དང་ཚོགས་པའི་ས་བོན་གྱི་སྐད་ཅིག་དང་པོ་ལ་བརྗོད་པར་འདོད་དེ། །དེ་ཉིད་ཐམས་ཅད་ཀྱི་ཐོག་མ་ཡིན་པའི་ཕྱིར་རོ། །དེ་ནི་ལྷན་ཅིག་བྱེད་པ་ས་ལ་སོགས་པ་ཉེ་བས་སྐྱེད་པ་ཕྱི་མ་ཕྱི་མའི་ཁྱད་པར་བརྒྱུད་པ་ལ་ལྟོས་ནས་མྱུ་གུ་དང་རྗེས་སུ་མཐུན་པ་ལ་བརྟེན་པ་མ་ཡིན་ཏེ། ཉེ་བར་འདུ་བ་བྱེད་པ་ཉིད་ལས་འདི་སྐྱེད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ས་བོན་ནི་ཞེས་བྱ་བ་ནི་ཉེ་བར་ལེན་པས་ས་བོན་ལ་སོགས་པ་འབྲས་བུ་རྩོམ་པ་ན་རྒྱུད་གཞན་གྱིས་ཉེ་བར་མ་བྱས་པར་ནི་རྣམ་པ་ཐམས་ཅད་དུ་མི་རྩོམ་སྟེ། གང་གི་ཕྱིར་རེས་འགའ་བར་འགྱུར། རྒྱུད་གཞན་ལ་ལྟོས་པ་མེད་པར་འགྱུར་ན་ཡང་བྱེ་བྲག་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་སྙིང་པོ་བཀྲོལ་བའི་ཕྱིར་ཤེས་པར་སླའོ། །དེས་ན་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་དོན་ཉེ་བར་སྡུད་པར་བྱེད་དོ། །འབྲས་བུ་ལ་ལ་ཆུ་ལ་སོགས་པ་དང་ཕྲད་པའི་ས་བོན་གྱི་གནས་སྐབས་ཀྱི་བདག་ཉིད་ཕན་པར་བྱེད་པ་མ་


DTG190_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའང་གང་ཡང་རུང་བ་ན་གནས་པའི་ཆུ་ལ་སོགས་པ་འཐད་པར་རིགས་ཏེ། དེ་ལ་ནི་ཉེ་བར་འདུ་བའི་རྒྱུ་རྣམས་ཁོ་ན་ཕན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་བངས་པ་དང་ཆེས་བངས་པ་དང་ཆེས་ཤིན་ཏུ་བངས་པའི་གནས་སྐབས་ལ་སོགས་པ་འབྲས་བུ་གཞན་ལ་མྱུ་གུའི་མཐར་ཐུག་པར་ས་བོན་གྱི་བོགས་བྱེད་པར་ནུས་པ་ཡིན་ནོ་ཞས་བྱའོ། །དེས་ན་དེ་ལྟར་བར་ན་གནས་པའི་རྩོད་པ་ཡོངས་སུ་བསལ་ནས་ཕྱོགས་སྔ་མས་བརྗོད་པའི་སྐྱོན་སྤང་བར་བྱ་བའི་ཕྱིར་གང་ཡང་ཞེས་བྱ་བ་འདི་སྨོས་ཏེ། དེ་ཡང་དཔྱད་པའི་སྐད་ཀྱི་དབྱིངས་ནི་དཔྱད་པའི་ཡན་ལག་གི་བསལ་བ་ལ་འཇུག་གོ །དེ་དཔྱད་ནས་བསལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ལ་ཚད་མ་ནི་ཐོབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་བརྩམ་པར་བྱ་བ་ལ་ཚད་མ་བརྟག་པའི་གཞུང་ཤིན་ཏུ་མང་བ་འདིར་ཐ་སྙད་ཀྱི་དབང་དུ་བླངས་པ་ནི་དེ་ཉིད་དུ་བཀྲོལ་པའི་ཕྱིར་ཡང་འདིར་བཤད་པར་མི་བྱའོ། །དེའི་སྙིང་པོའི་དོན་ནི་འདི་ཙམ་ཡིན་ཏེ། ཡོད་པ་དག་ནི་མངོན་སུམ་གྱིས་མ་རྟོགས་པའི་ཕྱིར་མ་གྲུབ་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་ངན་པར་སྨྲས་པ་ཡིན་ཏེ། མི་སླུ་བར་བྱེད་པའི་ཤེས་པ་ནི་ཚད་མ་ཡིན་ནོ། །མི་སླུ་བ་ནི་སླུ་བ་མེད་པའོ། །དེ་ནི་ཐོབ་པར་བྱེད་པའོ། །དེ་ཡང་འཇུག་པར་བྱད་པའོ། །ཤེས་པ་ནི་སྟོན་པར་བྱེད་པ་ཉིད་འཇུག་པར་བྱེད་པ་ཡིན་པའི་ཕྱིར་སྟོན་པར་བྱེད་པ་ཉིད་འཇུག་པར་བྱེད་པ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེས་ན་དེ་ལྟར་ཐ་སྙད་འདོགས་པ་པོ་ཐ་སྙད་ལ་ཉེ་བར་མཁོ་བའི་ཤེས་པ་ནི་ཚད་མ་ཉིད་དུ་སྨྲས་པ་ཡིན་ནོ། །རྗེས་སུ་དཔག་པ་ནི་རྣམ་པར་རྟོག་པའི་རང་གི་རིགས་ལས་སྐྱེས་པ་ཞེན་པའི་བདག་ཉིད་ཡིན་པའི་ཕྱིར་ཐ་སྙད་འདོགས་པར་འཇུག་པ་ལ་སོགས་པའི་ཐ་སྙད་ཀྱི། ཡན་ལག་ཏུ་མི་འཐད་པ་མ་ཡིན་ནོ། །མངོན་སུམ་ཡང་དོན་ལ་ལྟ་བ་ཙམ་ཞེན་པར་མ་བྱས་པ་ནི། ཐ་སྙད་འདོགས་པ་པོ་ཐ་སྙད་ཀྱི་ཡན་ལག་ཉིད་དུ་ནུས་པ་མ་ཡིན་པ་ཁོ་ནའོ། །དེས་ན་མཐོང་བ་ཉིད་དུ་ཞེན་པའི་མཐར་ཐུག་པ་འཇུག་པའི་ཡུལ་སྟོན་པར་བྱེད་པ་ཡིན་ནོ། །སྒྲོ་འདོགས་རེ་རེ་རྣམ་པར་གཅོད་པའི་ཡུལ་ཅན་གྱི་ཞེན་པ་དེ་དག་ཞེན་པ་གཅིག་ཏུ་ལྡོག་པ་གཅིག་གི་མཐར་ཐུག་པའི་དངོས་པོའི་ངོ་བོ་རྟོགས་བ་ནི་ལྡོག་པ་གཞན་ལ་བརྟེན་ནས་


DTG190_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་མ་ཡིན་ནོ། །དེས་ན་ཆོས་ཅན་སྒྲ་ལ་སོགས་པའི་ཡུལ་ཅན་གྱི་མངོན་སུམ་གྱི་ཤེས་པ་ནི་མི་རྟག་པ་ཉིད་དང་སྐད་ཅིག་མ་ཉིད་ཀྱི་ཆོས་སྤངས་ནས་ཡོད་པ་མ་ཡིན་པ་ལས་ལོག་པའི་བདག་ཉིད་ཀྱི་ཡོད་པ་ཉིད་ཀྱིས་མཐར་ཐུག་གོ །དེའི་མཐར་ཐུག་པའི་ཡོད་པ་ནི་མེད་ན་མི་འབྱུང་བ་ཉིད་ཀྱིས་སྐད་ཅིག་མ་ཉིད་འཕེན་པའི་ཕྱིར་གཞན་དག་ཚད་མའི་བྱེད་པའི་ཡུལ་མི་ཤེས་པས་མ་གྲུབ་པ་ལ་སོགས་པ་བརྩད་པ་དེ་ནི་ཇི་སྐད་དུ་བཤད་པའི་ཚད་མའི་བྱ་བའི་བསྟན་པས་དོར་བར་བྱའོ། །སྐྱོན་གཞན་ཡང་བསལ་བའི་ཕྱིར་དྲན་པར་བྱེད་པ་གང་ཡང་ཞེས་བྱ་བའོ། །དེ་ཡང་ཞེས་སྨོས་པས་བསལ་བ་ཡིན་ནོ། །འདི་ལ་ཞེས་བྱ་བ་ལ་སོགས་པའི་དོན་ཕལ་ཆེར་བཤད་ཟིན་པའི་ཕྱིར་ཟོས་ཟིན་པར་ཟ་བར་མི་བྱའོ། །དེ་ནི་དེ་ཉིད་དེའི་ཡུལ་ཡིན་ཞེས་བྱ་བས་མངོན་སུམ་གྱི་ངོ་བོར་བརྗོད་པ་ཡིན་ནོ། །འདི་ལ་གླིང་གཞན་ཞེས་བྱ་བ་ལ་སོགས་པ་ལ་སློབ་དཔོན་གྱིས་འདི་ནི་བ་ལང་སྟེ། རྐང་པས་རེག་པར་མི་བྱའོ་ཞེས་བསྟན་ཞེས་གླིང་གཞན་དུ་འོངས་ཞེས་དེ་ལྟར་གོ་རིམས་བཟློག་པ་ལ་སྦྱར་བར་བྱའོ། །ཡུལ་གཞན་དུ་བ་ལང་མཐོང་བ་ངོ་ཤེས་པ་སྐྱེའོ་ཞེས་བྱ་བ་ལ་ཡུལ་གཞན་གླིང་གཞན་དུ་ཤེས་པར་བྱ་སྟེ། གླིང་གཞན་དང་ལྡན་པའི་རིགས་པའི་ཕྱིར་རོ། །དེ་ལྟར་ཡིན་དང་བ་ལང་གི་གསལ་བ་གསལ་བར་ཐ་དད་པར་བསྟན་པར་འགྱུར་ཏེ། གླིང་གཞན་ནས་དེ་འོང་བ་ནི་འཐད་པར་དཀའ་བའི་ཕྱིར་རོ། །ངོ་ཤེས་པ་སྐྱེ་ཞེས་བྱ་བ་ནི་དེ་ཉིད་འདི་ཡིན་ནོ་ཞེས་སྔར་རྟོག་པ་ལ་མངོན་དུ་ཕྱོགས་པ་སྐྱེ་བའོ། །དེས་ན་ཐ་དད་པར་རྟོགས་པའི་སྙིང་པོ་ཅན་ཐ་མི་དད་པར་རྟོགས་པ་ནི་རང་ཉིད་ཉམས་པ་ཚད་མ་མ་ཡིན་ཏེ། རབ་རིབ་དང་འབྲེལ་བ་ཅན་གྱི་ཟླ་བ་གཉིས་སུ་ཤེས་པ་བཞིན་ནོ། །དེས་ན་བསྟན་པའི་ཟླ་བ་གཅིག་ཤེས་པས་མདུན་དུ་བྱས་པ་གསལ་བ་སྐྱེས་ཀྱང་རབ་རིབ་ལ་སོགས་པའི་རྒྱུ་ལ་བཀོད་པས་འཇིག་པའི་ཕྱིར་ཉམས་པ་ཡིན་ནོ་ཞེས་གྲག་གོ །འདི་སྙམ་དུ་ཞེས་བྱ་བ་ནི་གལ་ཏེ་ཡང་གསལ་བར་རྟོགས་པ་ཐ་དད་པའི་ཁྱད་པར་གྱིས་ཐ་མི་དད་པ་འཇིག་པ་དེར་གཏོགས་པའི་ཐ་མི་དད་པ་འགལ་བའི་ཕྱིར་དེ་འཛིན་པར་མི་ནུས་པ་དེ་ལྟ་ན་ཡང་དེ་དང་འབྲེལ་པའི་སྤྱི་འཛིན་པ་ལ་འགལ་བ་མེད་དོ། །གསལ་བ་ཐ་དད་ཀྱང་དེ་ནི་ཐ་མི་དད་པ་ཡིན་ནོ། །


DTG190_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སེལ་བར་བྱེད་པ་ནི་དེ་ཡང་མི་རུང་སྟེ་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་ཁྱེད་ཅག་ངོ་ཤེས་པ་མངོན་སུམ་དུ་འདོད་པས་དེ་ཉིད་མངོན་སུམ་གྱིས་རྟོགས་སོ་ཞེས་བརྗོད་དོ། །འདི་ཡང་ཉེ་བར་བཀོད་པའི་གནས་སྐབས་ཉིད་དུ་འདི་ལ་དེ་ཉིད་མངོན་སུམ་གྱིས་གཟུང་བ་ཡིན་ནོ་ཞེས་བྱ་བ་འདིར་སྨྲས་ཟིན་ཏོ། །མངོན་སུམ་དུ་མངོན་པར་འདོད་པའི་ངོ་ཤེས་པ་འདི་ནི་བ་ལང་ཉིད་ལ་སོགས་པའི་སྤྱི་མཐོང་བར་ཞེན་པར་བྱེད་པ་མ་ཡིན་ཏེ། སྐྱེ་བ་ལ་སོགས་པ་དང་རྗེས་སུ་འབྲེལ་པའི་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་དངོས་པོ་ཞེན་པར་ཉམས་སུ་མྱོང་བའི་ཕྱིར་རོ། །འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་ནི་གཉི་ག་ངོ་ཤེས་པའི་ཡུལ་ཡིན་ནོ་ཞེས་གཞན་གྱི་འདོད་པ་དོགས་པར་བྱས་ནས་དེ་ནི་མ་ཡིན་ཏེ་ཞེས་ལན་འདེབས་པར་བྱེད་དོ། །གཞན་དང་གི་བསམ་པ་ནི་འདི་ཡིན་ཏེ། སྤྱི་དང་ཁྱད་པར་དག་འདྲེས་པས་ཁྲ་བོ་ལ་སོགས་པ་རང་གི་མཚན་ཉིད་ངོ་ཤེས་པའི་མངོན་སུམ་ཡང་འདྲེས་པར་སྣང་ངོ༌། །གང་གི་ཕྱིར་དེ་ཉིད་འདི་ཡིན་ནོ་ཞེས་དེ་ལྟར་སྐྱེས་ཏེ། དེ་ཞེས་བྱ་བ་ནི་ཐ་དད་པའི་ཆ་ལ་རེག་པ་ཡིན་ཏེ། ཡུལ་དང་དུས་ཐ་དད་པ་ནི་ངོ་བོ་ཐ་དད་པ་ཡིན་པའི་ཕྱིར་རོ། །ཉིད་དོ་ཞེས་བྱ་བ་ནི་ཐ་མི་དད་པའི་ཆ་སྣང་བ་ཡིན་ཏེ། སྔར་རྟོག་པ་གང་ཡིན་པ་དེ་ནི་ལྐོག་ཏུ་མ་གྱུར་བའི་རྣམ་པ་ལ་སོགས་པ་འདི་ཡིན་ནོ་ཞེས་གཞན་དུ་འཛིན་པ་མ་ཡིན་ཏེ། འོན་ཀྱང་ཐ་མི་དད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དང་སྐྱེ་བ་ལ་སོགས་པའི་ཆོས་ཅན་སྣང་བ་དང་འགལ་བ་ཡང་མེད་དོ་ཞེས་བྱའོ། །གྲུབ་པའི་མཐའ་སྨྲ་བ་ནི་སྤྱི་སྣང་བ་མི་དམིགས་པས་སེལ་བར་བྱེད་དེ། གལ་ཏེ་སྤྱི་སྣང་ན་དེ་ལས་ད་ལྟར་ཡང་ཇི་ལྟ་བ་བཞིན་དུ་མ་རྟོགས་པའི་རྒྱལ་བ་དང་རྒྱལ་དཔོག་པའི་སློབ་མ་དག་སྤྱི་ལ་བརྟེན་པའི་རྩོད་པར་མི་འགྱུར་རོ། །དེའི་ཕྱིར་ཐ་དད་པའི་ངོ་བོར་སྣང་བའི་དབང་གིས་ངོ་ཤེས་པ་ལས་ཉམས་པས་དུས་གཞན་དུ་གནས་པའི་དངོས་པོ་གཞག་པར་མི་ནུས་པ་མ་ཡིན་ནོ། །འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པས་ཀུ་མཱ་ར་རི་ལ་སོགས་པའི་འདོད་པ་དོགས་པར་བྱེད་དོ། །འུག་པ་པ་དག་མཐའ་གཅིག་ཏུ་སྤྱི་གསལ་བ་ལས་ཐ་དད་དེ། དེ་དག་ནི་སྤྱིའི་ཤེས་པ་ཐ་མི་དད་པར་སྣང་


DTG190_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འགལ་ཏེ། མ་ངེས་པར་སྨྲ་བ་ལ་ནི་ཅི་ཞིག་ལྟར་ཐ་དད་པ་ལ་ཅི་ཞིག་ལྟར་ཐ་མི་དད་དེ། དེ་ལ་ཐ་དད་པའི་ཕྱོགས་དང་རྗེས་སུ་འབྲེལ་པ་ལ་ནི་ཐ་མི་དད་པའི་ཕྱོགས་ཀྱིས་བསལ་ལ། ཅིག་ཤོས་ཀྱི་ཕྱོགས་ནི་ཐ་དད་པའི་ཕྱོགས་ལ་བརྟེན་ནས་སེལ་པར་བྱེད་པར་འགྱུར་བའི་ཕྱིར་ཐ་དད་པའི་ངོ་བོར་སྣང་བ་འགལ་བར་འགྱུར་བ་མ་ཡིན་ནོ། །སློབ་དཔོན་ནི་མངོན་པར་མི་འདོད་པའི་སྤྱིའི་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་འདི་ཚིག་ཙམ་གྱིས་ཁས་བླངས། ཚད་མས་དགག་པར་འདོད་ནས་བརྗོད་པར་བྱ་བ་མ་ཡིན་མོད་ཅེས་བྱ་བ་སྨོས་སོ། །གང་གི་ཕྱིར་ཐ་དད་པའི་རྣམས་ལས་ཐ་མི་དད་པར་སྣང་བ་ཤེས་པ་དམིགས་པ་དང་བཅས་པ་ཉིད་དུ་སྒྲུབ་པའི་ཕྱིར་གཞན་དག་དེ་ལ་བརྟེན་པས། གང་གི་ཕྱིར་ཡུལ་པར་ནི་བློ། །སྐྱེ་བར་འདོད་པ་མ་ཡིན་པ། །དེས་ན་དེ་དག་ཁྱད་པར་ལས། །སྤྱི་ནི་གཞན་དུ་ངེས་པར་འདོད། །ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལས་ཅིར་འགྱུར་ཞེ་ན། དེས་ན་གལ་ཏེ་ཞེས་བྱ་བ་སྨོས་ཏེ། ཐ་དད་པའི་ཁྱད་པར་ཤེས་པ་དེ་ལ་ཅི་ཡང་བསལ་བ་མེད་པའི་ཕྱིར་གཞུང་འདི་ཐམས་ཅད་དང་འདིའི་རྣམ་གྲངས་སོ། །གསལ་བ་ཡང་གོམས་པ་མྱུར་བ་ལ་སོགས་པ་ལྷན་ཅིག་བྱེད་པའི་སྐྱོན་དང་བྲལ་བའི་ཕྱིར་ཉེ་བར་མི་མཚོན་ནོ་ཞེས་བྱ་བའི་ཚིག་ནི་རིགས་པའི་རྗེས་སུ་འགྲོ་བ་མ་ཡིན་ནོ། །ཐ་དད་པ་རྣམས་ལ་དེའི་རྒྱུ་མཚན་གྱི་སྒྲ་འཇུག་པར་ཁས་ལེན་པའི་ཕྱིར་རྒྱུ་མཚན་མི་དམིགས་པས་རྒྱུ་མཚན་འཇུག་པ་མི་འཐད་དོ། །དེ་ལས་གཞན་ལ་བློ་དང་ནི། །སྒྲ་འཇུག་ཕྱིར་ན་མི་རྟོག་མིན། །དེ་ལས་ཐ་དད་ཡོད་མ་ཡིན། །སྤྱི་ཡི་བློ་ནི་ཐ་དང་ཕྱིར། །ཞེས་ཀྱང་བཤད་དོ། །དེ་ལྟ་ཡིན་དང་ཐ་མི་དད་པའི་རྣམ་པའི་ཤེས་པ་ཉིད་མེད་པས་ཡུལ་གང་ཞིག་བརྟགས་པས་སྤྱི་ཐ་དད་པའམ། ཐ་མི་དད་པའམ་ཐ་དད་པ་དང་ཐ་མི་དད་པ་ཡོངས་སུ་རྟོགས་པར་བྱེད། དེས་ན་གལ་ཏེ་སྤྱིའི་བདག་ཉིད་ཇི་ལྟར་གྱུར་བ་དེ་བཞིན་དུ། དེའི་དམིགས་པ་མི་སྟོན་པས་དེའི་ཚེ་སྤྱི་ངོ་ཤེས་པ་ལོག་པར་ཁས་བླང་བར་བྱས་པའོ། །རང་གི་ཡུལ་དང་རྗེས་སུ་མི་མཐུན་པའི་ཕྱིར་རོ། །སྤྱིའི་ཤེས་པ་ཡང་ལོག་པ་ཡིན་ཏེ། དེའི་རྗེས་སུ་བྱེད་པའི་ཤེས་པ་མེད་པའི་ཕྱིར་རོ། །ཁྱབ་པའི་ངོ་བོ་ཞེས་བྱ་བ་ནི་ཐ་མི་དད་པའི་ཞེས་བྱ་བའི་དོན་ཏོ། །


DTG190_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མི་དད་པ་ཆ་ཉིད་ལ་རྩོད་པ་སྲིད་པས་དེ་སྨོས་པ་ཉིད་ཀྱིས་བསལ་བ་བྱས་པ་ཡིན་ནོ། །གཞུང་ཕྱི་མ་ནི་འདི་ཉིད་ཀྱིས་སྤྲོས་པའི་དོན་ཏེ་ཤེས་པར་སླའོ། །དེ་ལྟར་རྣམ་པ་གཅིག་པ་ཅན་གྱི་ཤེས་པ་བསལ་ནས་གཞན་དག་དུ་མ་ལ་གཅིག་ཡོད་པའི་དབང་པོར་གྱུར་པ་སྒྲ་གཅིག་སྟོན་པར་བྱེད་པ་དེ་དག་ལ་སྣང་བ་མི་དམིགས་པ་སྟོབས་དང་ལྡན་པས་མི་སྣང་བ་ཉིད་དུ་གྲུབ་པའི་མཐའ་ཅན་སེལ་བར་བྱེད་པ་བཤད་པ་ནི་བ་ལང་ངོ་ཞེས་བྱ་བ་ལ་སོགས་པས་སོ། །དམིགས་པར་བྱ་བའི་སྤྱི་གཞན་དག་གིས་ཀུན་དུ་བརྟགས་སོ། །དེ་ལ་མངོན་སུམ་ལས་བླ་ལྷག་པས་མཚོན་པ་མཛེས་པ་མ་ཡིན་ཏེ། གླང་པོ་མཐོང་བ་ལ་དེའི་རྗེས་ཀྱིས་རྗེས་སུ་དཔོག་པ་མ་ཡིན་ནོ་ཞེས་རིགས་པ་ལ་མཁས་པ་སྨྲའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ངོ་ཤེས་པ་ཐ་མི་དད་པའི་རྣམ་པ་བསལ་ནས་གཞན་གྱི་སྒོ་ནས་རྗེས་སུ་བརྗོད་དོ། །ལན་བརྗོད་པར་འདོད་པའོ། །ལན་གྱི་སྐབས་བྱེད་པ་ནི་དེ་ནི་མི་འཐད་དོ་ཞེས་བྱ་བའོ། །ཐ་དད་པ་དག་མཚམས་སྦྱོར་བ་ནི་ངོ་ཤེས་པའི་དོན་ཡིན་ནོ། །འདི་ལ་རྣམ་པ་ཐ་མི་དད་པའི་དྲི་བ་ཡང་ཡོད་པ་མ་ཡིན་ནོ་ཞེས་ལན་བརྒྱར་ངེས་པར་བྱས་སོ། །ཤེས་པ་སྐད་ཅིག་མ་ནི་བསྟན་པ་འཛིན་པར་འཐད་པ་མ་ཡིན་ནོ་ཞེས་བྱ་བའི་རིགས་པ་ནི་ཚད་མ་བརྟག་པར་དཔྱད་ཟིན་ཏོ། །ཁ་ཅིག་ནི་རྣམ་པར་རྟོག་པའི་ཤེས་པ་གསུམ་པོ་འདི་ཉམས་སུ་མྱོང་བའི་བག་ཆགས་ལ་སོགས་པའི་ཚོགས་ལས་སྐྱེས་པའི་ཚིག་གསུམ་པོ་ནི་ཐ་མི་དད་པ་མཚོན་པར་བྱེད་དོ་ཞེས་རྗོད་པར་བྱེད་དོ། །དེ་ཞེས་བྱ་བ་ནི་སྔར་ཉམས་སུ་མྱོང་བའི་ལྐོག་ཏུ་གྱུར་པ་དྲན་པའོ། །འདི་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པ་མ་ཡིན་པ་ཞེན་པའོ། །ཉིད་ཅེས་བྱ་བ་ནི་གཉི་ག་མཚམས་སྦྱོར་བའི་ཤེས་པའོ། །ངོ་ཤེས་པ་ནི་གསུམ་པོ་དེ་དག་ལ་བརྗོད་དོ། །ཡང་ན་ཇི་སྐད་དུ་བསྟན་པའི་སོ་སོའི་ཤེས་པ་དང་འདྲ་བ་རྒྱུ་དང་རྐྱེན་གྱི་ཁྱད་པར་ལས་སྐྱེས་པའི་མིའི་སེང་གེ་འདྲ་བའི་ངོ་ཤེས་པ་གཅིག་ཉིད་ཡིན་ནོ་སྙམ་དུ་གཞན་དག་སེམས་སོ། །ལྟ་བ་གཉི་ག་ལ་ལར་ཐ་དད་པ་མཚམས་སྦྱོར་བའི་ངོ་ཤེས་པ་ཅིག་ཤོས་ཀྱི་ཤེས་པའི་ཁྱད་པར་བྱེད་དོ། །དོན་གཅིག་པ་ནི་མ་ཡིན་ཞེས་བྱ་བ་ནི་གང་ལས་འདི་སྐད་ཅིག་མ་མ་ཡིན་པ་ཉིད་ཀྱི་


DTG190_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མར་འགྱུར་བ་སྔ་མ་དང་ཕྱི་མ་དག་ཐ་མི་དད་པའི་ངོ་བོར་སྣང་བ་ནི་མ་ཡིན་ནོ། །མཚམས་སྦྱོར་བ་ཉིད་ནི་དོན་གཅིག་འཛིན་པ་མ་ཡིན་ནོ་ཞེས་དོགས་ནས་གཞན་ལ་འདྲི་བར་བྱེད་པ་ནི་མཚམས་སྦྱོར་བ་ཞེས་བྱ་བའི་དོན་ཅི་ཞེ་ན་ཞེས་བྱ་བའོ། །སློབ་དཔོན་གྱིས་བསམས་པ་དེ་རིག་ནས་ལན་འདེབས་པ་ནི་འགའ་ཞིག་ལ་ཞེས་བྱ་བའོ། །ཐ་དད་པ་དང་སྣང་བ་ཡོངས་སུ་མ་སྤངས་པ་ཁོ་ནར་རྣམ་པ་གཅིག་གི་འབྲས་བུ་བྱེད་པ་ལ་སོགས་པའི་རྒྱུ་མཚན་ལ་ལྟོས་པ་གཅིག་ཏུ་བརྟགས་པ་ནི་མཚམས་སྦྱོར་བ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་དང་ལྐོག་ཏུ་གྱུར་བའི་ཡུལ་རྣམ་པར་རྟོག་པས་སྒྲོ་བཏགས་པའི་རྣམ་པ་ཐ་དད་པར་ཞེན་པའི་རྒྱུ་མཚན་ཡང་མཚམས་སྦྱོར་བ་འཐད་པ་ནི་གཞན་སེལ་དུ་བསྟན་པ་བཞིན་ནོ། །ལྷག་མ་ནི་བསལ་ལོ། །རྗེས་སུ་དཔག་པས་གནོད་པ་སེལ་བར་བྱེད་པའི་སྐབས་ཀྱི་དོན་བསྡུ་བ་ནི་སྤྱི་འཛིན་པ་མངོན་སུམ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །འདི་སྐད་བསྟན་པ་ཡིན་ཏེ། རེ་ཞིག་ཇི་སྐད་དུ་བཤད་པའི་རིགས་པས་མངོན་སུམ་ལྟར་སྣང་བའི་ངོ་ཤེས་པས་སྐད་ཅིག་གིས་འཇིག་པ་ལ་གནོད་པར་མི་ནུས་སོ། །ཅི་སྟེ་ཇི་ལྟར་འོག་ནས་སྟོན་པས་རྗེས་སུ་དཔག་པ་བླངས་ནས་འདི་ལ་གནོད་པར་ནུས་སོ་སྙམ་དུ་སེམས་ན། འདི་ལ་བརྗོད་པ་སྐད་ཅིག་མའི་བདག་ཉིད་ཅན་གྱིས་ཐ་དད་པ་དགག་པ་བསྒྲུབ་པར་བྱ་བ་ལ་ངོ་ཤེས་པ་པོ་དང་ངོ་ཤེས་པར་བྱ་བའི་ཤེས་པ་པོ་དང་ཤེས་བྱ་དག་སྒྲུབ་བྱེད་དུ་བསྟན་པ་ཡིན་ལ། དེ་དག་ནི་མི་མཐུན་པའི་ཕྱོགས་ཐ་དད་པའང་སྲིད་པས་ལྷག་མ་དང་ལྡན་པའི་མ་ངེས་པ་ཉིད་དོ། །གལ་ཏེ་ཡང་རྒྱུད་ཐ་དད་དུ་གནས་པ་ལ་དེ་མ་མཐོང་བ་དེ་ལྟ་ནའང་རྒྱུ་གཅིག་ཏུ་གཏོགས་པའི་ཉེ་བར་ལེན་པ་དང༌། ཉེ་བར་ལེན་པ་ལས་བྱུང་བ་བྱེད་པ་དག་ལ་ཡང་དེ་འགྱུར་བའི་ཕྱིར་མི་མཐུན་པའི་ཕྱོགས་ལ་ལོག་པ་ལ་ཐེ་ཚོམ་ཟའོ་ཞས་འདི་ལ་མི་རིགས་པ་ཅི་ཡོད་ཅེས་བྱ་བའི་གཞུང་འདིའི་བར་གྱིས་དོའི་དོན་བསྟན་ཏོ། །གང་ཡང་གྲགས་པས་གནོད་དོ་ཞེས་སྨྲས་པ་དེ་ནི་ཁ་ཅིག་ལ་སྐད་ཅིག་མ་ཉིད་དུ་མཐོང་བ་ཡང་གྲུབ་པའི་ཕྱིར་མི་རིགས་སོ། །དེས་ན་ཞེས་བྱ་བ་ལ་སོགས་པས་གཞན་གྱིས་བརྗོད་པའི་སྐྱོན་བསལ་བ་མཇུག་སྡུད་པ་དང༌། རང་གི་ཕྱོགས་སྒྲུབ་པར་བརྗོད་པའི་ཕྱིར་དམ་བཅའ་བར་བྱེད་དོ། །


DTG190_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དེ་བསྒྲུབ་པ་བརྗོད་པ་གང་ཞེས་བྱ་བས་སྒྲུབ་བྱེད་རྗེས་སུ་བརྗོད་ནས་དེ་ཞེས་བསྒྲུབ་བྱ་སྒྲུབ་པོ། །དཔེར་ན་ཞེས་བྱ་བས་ཁྱབ་པའི་ཡུལ་བུམ་པ་ལ་སོགས་པ་དཔེར་བྱེད་དོ། །ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་ཡོད་པ་སྒྲ་ལ་སོགས་པ་ལ་ཕྱོགས་ཀྱི་ཆོས་ཉིད་སྟོན་པའོ། །དེ་ནི་ཚུལ་གསུམ་གོ་བར་བྱེད་པའི་རྒྱུ་ཅན་སྒྲུབ་པར་བྱེད་པའི་ངག་ཡན་ལག་གཉིས་པ་ནི་ཡན་ལག་གཅིག་གི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་སྒྲ་འམ་དོན་གྱི་ནུས་པ་དག་ལ་ཉེ་བར་ལེན་པའི་ཕྱིར་རོ། །ཕྱོགས་ཆོས་སྨོས་པས་ཕྱོགས་ཆོས་ཉིད་བརྗོད་དོ། །འོན་ཀྱང་སྒྲུབ་པར་བྱེད་པའི་ཡན་ལག་རྗེས་སུ་འགྲོ་བ་ལ་སོགས་པ་ནུས་པ་མེད་པའི་ཕྱིར་སྒྲུབ་བྱེད་ཡན་ལག་མི་བརྗོད་པའི་རྒོལ་བ་ཚར་བཅད་པའི་གནས་སུ་ཐལ་བར་འགྱུར་བ་དེའི་དོན་དུ་གཞན་གྱིས་བརྗོད་པའི་མ་ངེས་པ་ཉིད་ཀྱིས་དོགས་པ་སེལ་བར་ནུས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྩ་བར་གྱུར་བའི་རང་བཞིན་འབྲེལ་པ་སྒྲུབ་པར་བྱེད་པའི་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་གནོད་པར་བྱེད་པའི་ཚད་མ་ཁྱབ་པར་བྱེད་པ་མི་དམིགས་པའི་མཚན་ཉིད་འཇུག་པའི་ཕྱིར་ཉེ་བར་འགོད་པ་ནི་གང་ཡང་དངོས་པོ་རྣམས་ཞེས་བྱ་བའོ། །ཕྱོགས་ཀྱི་ཆོས་ཉིད་ཀྱང་མངོན་སུམ་གྱིས་སྒྲུབ་པས་འབད་པར་བྱ་བ་མ་ཡིན་ནོ། །དོན་བྱ་བ་བྱེད་པའི་བདག་ཉིད་ཀྱིས་ཡོད་པ་ནི་ཁྱབ་པར་བྱེད་པ་ཡིན་ལ། རྣམ་པར་བརྟག་པར་བྱ་བ་རིམ་དང་ཅིག་ཅར་དག་ནི་ཁྱབ་པར་བྱེད་པ་ཡིན་ནོ། །གལ་ཏེ་ཟླས་དབྱེ་བ་ནི་རང་གི་དོན་ལ་མཐོང་གི་འམ་གཞན་གྱི་དོན་ལ་མ་ཡིན་པ་མ་ཡིན་ནམ་དེ་ཇི་ལྟར་རིམ་པའམ་ཅིག་ཅར་དག་ཅེས་བྱ་བའི་དོན་འདི་ལ་རིམ་དང་ཅིག་ཅར་དག་གིས་ཞེས་བྱ་ཞེ་ན། བརྗོད་པ། འདིར་དོན་གོ་བས་ཡོད་པ་དང་འདི་དག་ལ་དང་གི་དོན་ཡོད་པ་ཁོ་ན་སྟེ། དོན་བྱེད་པ་ལ་ཉེ་བར་སྦྱོར་བའི་རྣམ་པ་རེ་རེ་ཡིན་གྱི་གཉི་གས་མ་ཡིན་པས་རྣམ་པར་བརྟག་པ་ཡིན་པའི་ཕྱིར་སྐྱོན་མེད་དོ། །ཡང་ན་དང་བཞིན་དུ་འམ་ལ་ཡང་ཟླས་དབྱེ་བ་མཐོང་བའི་ཕྱིར་མ་ཎི་ནིའི་ཚིག་ལ་གདོན་མི་ཟ་བར་གུས་པར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་བྲང་བརྡུངས་ཤིང་ཆོ་ངེས་བཏབ་ཀྱང་འཇིག་རྟེན་མི་ལྡོག་པའི་ཕྱིར་རོ་ཞེས་ཀྱང་བཤད་ཟིན་ཏོ། །ལམ་གྱི་དོན་ལ་ཟླས་དབྱེ་བས་མཐོང་སྟེ། འདི་ལྟ་སྟེ། དཔེར་


DTG190_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ན། སྒྲ་རྣམས་ཐམས་ཅད་དག་གི་ནི། །དངོས་པོ་ཉེ་བར་དཔྱད་པ་ན། །རིགས་སམ་ཡང་ན་རྫས་ཉིད་ལ། །དངོས་པོར་བརྟག་ཏུ་བརྗོད་ཕྱིར་རོ། །ཞེས་བྱ་བ་ལྟ་བུའོ། །འདིར་ཟླས་དབྱེ་བར་མཚུངས་པར་མཐོང་བའི་ཕྱིར་གཅིག་ལྷག་མ་ཡིན་ནོ། །དེས་ན་འདི་དག་ཇི་ལྟར་ཡོད་པའི་ཁྱབ་པར་བྱེད་པ་ཡིན་པ་དེ་ལྟར་བསྟན་པ་ནི་རྣམ་པ་གཞན་ཞེས་བྱ་བ་ལ་སོགས་པས་སོ། །རྣམ་པ་གཞན་སྲིད་པར་འགྱུར་བ་ལ་ནི་ཁྱབ་པར་ཉམས་པར་འགྱུར་ཏེ། །ཡོད་པ་རྣམ་པ་གསུམ་པ་ལ་སྲིད་པའི་ཕྱིར་རོ། །དེ་མི་སྲིད་པར་འགྱུར་ན་གཉིས་ཉིད་དུ་ངེས་པས་དེ་དག་གིས་ཁྱབ་པོ། །ཇི་ལྟར་རྣམ་པ་གཞན་མི་སྲིད་ཅེས་བྱ་བ་འདི་ལ་བཤད་པ་ནི་འདི་ལྟར་ཞེས་བྱ་བའོ། །རྣམ་པ་དེར་འགྱུར་ན་རིམ་དང་ཅིག་ཅར་བཞིན་དུ་དམིགས་པར་བྱ་བ་ཁོ་ནར་འགྱུར་ན་དམིགས་པར་བྱ་བ་ཡང་མ་ཡིན་ཏེ། དེས་ན་མེད་དོ་ཞེས་བྱ་བའོ། །འདི་སྙམ་དུ་རྣམ་པ་དེ་དམིགས་པར་བྱ་བ་མ་ཡིན་པར་འགྱུར་རོ་སྙམ་དུ་སེམས་ན། དེ་ལྟར་ནི་རིགས་པར་འགྱུར་བ་མ་ཡིན་ཏེ། རྣམ་པ་གཞན་རིམ་གྱིས་ཕྱོགས་ལས་ཕྱི་རོལ་དུ་གྱུར་ན་གཅིག་གི་སྟེ་ཚད་དུ་ངེས་པར་བབ་ལ་ཅིག་ཅར་ལས་ཕྱིར་བྱུང་ན་རིམ་གྱིས་བདག་ཉིད་ཀྱི་ནང་དུ་འདུས་པ་ཡིན་ཏེ། དེ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེས་ན་མི་དམིགས་པའི་རྣམ་པ་གཞན་ནི་མེད་དོ། །ཅི་སྟེ་རིམ་དང་ཅིག་ཅར་དང་རིམ་དང་ཅིག་ཅར་ཞེས་བྱ་བའི་རྣམ་པ་གསུམ་པོ་དེ་དག་ཀྱང་ཐ་དད་པ་དང་འདུས་ནས་འབྲས་བུ་བྱེད་པར་གྲུབ་པར་དམིགས་པའི་རང་བཞིན་ཡིན་ནོ་ཞེས་སྨྲའོ། །དེ་བསལ་བར་འདོད་ནས་འདི་ལྟར་ཞེས་བྱ་བ་སྨོས་སོ། །དོན་འདི་ཡིན་ཏེ། རི་ཞིག་མཐོང་བའི་དངོས་པོ་རྣམས་ཀྱི་འབྲས་བུའི་རིམ་པ་མི་སླུ་བ་དང་ལྡན་པའི་མངོན་སུམ་གྱིས་དམིགས་ལ། དེ་བཞིན་དུ་ཅིག་ཅར་ཡང་ངོ༌། །རིམ་པ་ནི་རིམ་དང་ལྡན་པ་དུ་མ་ཡིན་ལ་ཅིག་ཅར་ཡང་གཅིག་དང་དུ་མ་ཡིན་ནོ། །གལ་ཏེ་ཡང་རིམ་དང་ཅིག་ཅར་གྱི་བདག་ཉིད་ཀྱི་རྣམ་པ་གཞན་འགའ་ཞིག་སྲིད་པར་འགྱུར་ན། དེ་ལས་རིམ་དང་ཅིག་ཅར་གྱི་ངོ་བོ་ཐ་དད་པ་ཉིད་མ་འདྲེས་པ་ཉིད་དུ་མཐོང་བར་བྱེད་དོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ལྟ་ཡིན་དང་ཞེས་བྱ་བ་སྨོས་ཏེ། གང་ཞིག་


DTG190_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གང་རིམ་པ་དང་གང་ཡང་ཅིག་ཅར་བ་འབའ་ཞིག་པ་དེ་ཉིད་ནི་ཅིག་ཤོས་ཀྱི་ངོ་བོ་དང་འདྲེས་པར་དམིགས་པར་ཐལ་འགྱུར་བ་དང༌། འབྲས་བུ་སྣ་ཚོགས་བསྐྱེད་པར་ཡང་ཐལ་བར་འགྱུར་རོ། །འབའ་ཞིག་པ་དང་འབའ་ཞིག་མ་ཡིན་པ་དག་དམིགས་པར་ཅིའི་ཕྱིར་ཐལ་པར་འགྱུར། འབའ་ཞིག་པ་དང་འབའ་ཞིག་པ་མ་ཡིན་པ་དག་ནི་རྣམ་པ་ཐ་དད་པར་ཁས་ལེན་པའི་ཕྱིར་རོ་ཞེན་ན་འདི་ལ་དེའི་རིམ་དང་རིམ་མ་ཡིན་པའི་བདག་ཉིད་ཀྱི་རང་བཞིན་གཉིས་པོ་ཡང་དག་ལྟར་བདག་ཅག་གིས་མཐོང་བ་ཅི་འདྲ་བར་དེ་ཐ་དད་པ་དེ་འདྲ་བ་ཁོ་ནར་འགྱུར་རོ་ཞེས་བཤད་ཟིན་ཏོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ལས་འདིར་འགྱུར་ཏེ། ཇི་ལྟར་ཐ་དད་པར་འདྲེས་པ་དང་འདྲ་བར་དེ་བཞིན་དུ་འདྲེས་པའི་ངོ་བོ་ཡང་ཐ་དད་པ་དང་འདྲ་བར་འགྱུར་ཏེ། འདྲ་བ་ནི་གཉིས་ལ་གནས་པའི་ཕྱིར་རོ། །དེ་ལྟར་གྱུར་དང་འདྲེས་པའི་རྣམ་པ་ལ་བརྟེན་པ་དེ་དག་ངོ་བོ་ཕན་ཚུན་འདུ་བས་དམིགས་པ་ཉིད་ཀྱི་ཕྱིར་གང་དང་གང་ན་གནས་པ་དེ་དང་དེར་འདྲེས་པའི་རང་བཞིན་ཉིད་དུ་འགྱུར་རོ། །དེ་ལྟར་ཡིན་དང་རིམ་དང་ཅིག་ཤོས་ཀྱི་ངོ་བོ་ལ་ཅིག་ཅར་ཡང་རིམ་གྱིས་ངོ་བོར་དམིགས་པས་དེ་འདྲ་བའི་དོན་བྱ་བ་བྱེད་པའི་ཕྱིར་རོ་ཞེས་ལེགས་པར་འབྲེལ་ཏོ། །རང་བཞིན་ནམ་ཞེས་བྱ་བ་ལ་སོགས་པའི་ཐལ་བ་ལས་ཟློག་པའི་གཞུང་ནི་གོ་བར་སླའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་ཕན་ཚུན་མ་འདྲེས་པར་དམིགས་པ་ཉིད་ཡིན་ན་དམིགས་པའི་ཚད་མ་སྟོབས་དང་ལྡན་པས་དེ་དག་ཕན་ཚུན་སྤངས་པའི་རང་བཞིན་ཁོ་ནའོ། །དེ་ཇི་ལྟར་དེ་དག་ལས་འདྲེས་པའི་རྣམ་པ་གཞན་ཐ་མི་དད་པའི་རང་བཞིན་དུ་འགྱུར་བར་འོས། །ངོ་བོ་ཐ་དད་པ་འདྲེས་ན་འདྲེས་པའི་རྣམ་པ་རང་གི་ངོ་པོའི་ཁྱད་པར་དུ་འགྱུར་རོ། །ངོ་བོ་ཕན་ཚུན་ནང་དུ་འདུས་པའི་ཕྱིར་ཐ་དད་པ་མ་ཡིན་ཏེ། དངོས་པོ་ཐ་དད་པ་ནི་རང་བཞིན་ཐ་དད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ཐ་མི་དད་པའི་ཕྱོགས་ལ་རེ་རེ་གཉི་གའི་ངོ་བོར་དམིགས་པར་ཐལ་བར་འགྱུར་རོ་ཞེས་བཤད་ཟིན་ཏོ། །རིམ་དང་ཅིག་ཅར་ལས་ཐ་དད་པ་འདྲ་བ་གཉི་གའི་ངོ་བོ་རྣམ་པ་གཞན་མ་རྟོགས་པ་མ་ཡིན་ནམ། གང་གིས་ན་སྔར་གྱི་སྐྱོན་དང་ལྡན་པར་འགྱུར། དེ་ནི་འདྲ་བ་མ་ཡིན་པའི་ངོ་བོའི་ཐ་དད་པ་ཡིན་ནོ་


DTG190_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། དེས་ན་ལན་སྨྲས་པ་ནི་འདི་འདྲ་བ་མ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་འདྲ་བ་མ་ཡིན་པའི་ངོ་བོ་ཐ་དད་པ་དེ་ནི་རིམ་པ་གཞན་ཡིན་པར་འདོད་དོ་ཞེས་ནི་མི་ཟེར་གྱི་འོན་ཀྱང་དེ་ནི་རིམ་དང་ཅིག་ཅར་གྱི་བདག་ཉིད་ཡིན་ནོ་ཞེས་སོ། །གཞན་ལ་ཡང་རིགས་པ་དེ་མགོ་བསྒྲེ་བར་བཤད་པ་དེ་ལྟར་གྱུར་དང་ཞེས་བྱ་བའོ། །མཐོང་བ་ནི་སྔོན་པོ་དང་སྔོན་པོ་མ་ཡིན་པ་ལ་སོགས་པའོ། །བརྟགས་པ་ནི་རྟག་པ་དང་སྐད་ཅིག་མ་ཉིད་ལ་སོགས་པ་སྟེ། ཕན་ཚུན་འགལ་བ་བརྗོད་པར་འདོད་དོ། །དེས་ན་ཞེས་པ་ནི་སྔར་གྱི་གནས་སྐབས་ཉེ་བར་སྡུད་པར་བྱེད་དོ། །དེས་ན་དེ་ལྟར་རིམ་དང་ཅིག་ཅར་དག་ཡོད་པའི་ཁྱབ་པར་བྱེད་པ་གྲུབ་ན་བསྒྲུབ་བྱ་ལས་བཟློག་པ་སྐད་ཅིག་མ་མ་ཡིན་པ་ཉིད་ལ། དེ་དག་མེད་པར་བསྟན་པའི་ཕྱིར་སྐད་ཅིག་མ་མ་ཡིན་པ་ཞེས་བྱ་བ་སྨོས་སོ། །འདི་ལྟར་ཞེས་བྱ་བ་འདིས་ནི་རིམ་པའི་རྣམ་པ་མི་འཐད་པ་སྒྲུབ་པར་བྱེད་དོ། །དེ་ལ་སྙིང་པོའི་དོན་ནི་འདི་ཡིན་ཏེ། སྐད་ཅིག་མ་མ་ཡིན་པར་སྨྲ་བ་རྣམས་ཀྱི་དངོས་པོ་རྣམས་ཀྱི་གནས་སྐབས་ཇི་སྙེད་པ་ནི་མི་གཡོ་བའི་རང་བཞིན་ཡིན་ནོ། །གཡོ་བ་ཉིད་ཡིན་འཇིག་པར་ཁས་བླང་བར་ཐལ་བར་འགྱུར་རོ། །དེས་ན་སྐད་ཅིག་གཞན་དུ་འབྱུང་བའི་འབྲས་བུའི་རྣམ་པ་དེ་ཉིད་དུ་འབྱུང་བར་འགྱུར་ཏེ། ཐམས་ཅད་དུ་རང་བཞིན་གཅིག་པའི་ཕྱིར་དང༌། རང་བཞིན་གྱིས་ཀྱང་འབྲས་བུ་བྱེད་པའི་ཕྱིར་རོ། །དེས་ན་འབྲས་བུ་བྱེད་པ་ནི་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །མཇུག་སྡུད་པར་བྱེད་པ་ནི་དེ་ལྟ་ཡིན་དང་ཞེས་བྱ་བའོ། །ལྷན་ཅིག་བྱེད་པ་ནི་ཉེ་བའི་རིམ་པ་ལ་ལྟོས་ནས་རིམ་གྱིས་བྱེད་པ་ཡང་སྔར་བསལ་ལོ་ཞེས་བསྟན་པ་ནི་ཐ་དད་པ་དང་ཞེས་བྱ་བའོ། །འདི་སྙམ་དུ་ཞེས་བྱ་བ་ནི་ཅིག་ཅར་གྱི་ཕྱོགས་བསལ་བའི་ཕྱིར་རྗེས་སུ་བརྗོད་པའོ། །དེ་ཡང་ཞེས་བྱ་བ་ལ་སོགས་པས་སེལ་བར་བྱེད་པ་སྟེ། འདི་ནི་བསལ་ལོ། །ཁྱབ་པར་བྱེད་པ་མེད་པ་བཤད་ཟིན་ཏོ། །ད་ནི་ཁྱབ་པར་བྱེད་པ་མི་དམིགས་པའི་གཏན་ཚིགས་མི་མཐུན་པའི་ཕྱོགས་སྐད་ཅིག་མ་མ་ཡིན་པ་ལས་ལྡོག་པར་བསྟན་པས་རྣམ་པ་གཞན་མེད་པའི་ཕྱིར་སྣལ་མའི་བསྒྲུབ་བྱ་སྐད་ཅིག་མ་ཉིད་དང༌། དེའི་བདག་ཉིད་ཀྱི་འབྲེལ་བའི་རྒྱུ་ཅན་གྱི་


DTG190_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བ་བསྒྲུབས་ནས་རབ་ཏུ་བྱེད་པ་སྡུད་པར་བྱེད་པ་ནི་དེས་ན་རྣམ་གྲངས་འདིས་ཞེས་བྱ་བ་ལ་སོགས་པས་སོ། །གསར་པའི་ཚིག་མེད་དང་དངོས་པོའང་གསར་པ་མེད། །འདིར་ནི་ཁ་ཅིག་འདོད་པ་མཆོག་ཏུ་སྙིང༌། །དེ་ལྟ་ན་ཡང་ལྷ་ཡི་སྤོབས་ཚིག་གིས། །རབ་ཏུ་དང་བས་དེ་གསུམ་སྣ་ཚོགས་བྱེད། །སློབ་དཔོན་བྲམ་ཟེ་མུ་ཏིག་བུམ་པས་མཛད་པ་སྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ན་ཡ་ཀ་དང༌། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ།། །


previousསྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་པ། མུ་ཏིག་བུམ་པ།next