Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་དགུ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེལ་བ་གྲུབ་པ།  བདེ་བྱེད་དགའ་བ།
   
   
   
   
   
   
   
   
   


 
previousསེལ་བ་གྲུབ་པ། བདེ་བྱེད་དགའ་བ།next

སེལ་བ་གྲུབ་པ།
བདེ་བྱེད་དགའ་བ།


DTG190_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱ་པོ་ཧ་སིདྡྷི། བོད་སྐད་དུ། སེལ་བ་གྲུབ་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་འཁྲུལ་བྲལ་དུས་གསུམ་གནས་པ་ཡི། །དོན་རྣམས་ཇི་བཞིན་གཟིགས་པ་ལ་བཏུད་དེ། །བརྩེ་ལ་གནས་ནས་སེལ་བ་ལ་བརྟེན་པའི། །བདག་གཞན་རབ་ཏུ་སྨྲ་བའི་འཁྲུལ་བསལ་བྱ། །སེལ་བ་གཞན་གཅོད་དོན་ལ་ནི། །སྒྲུབ་པ་མེད་པ་ལས་བྱུང་བའི། །ཤེས་པའི་བྱ་བ་དེ་རྣམ་གཉིས། །དེ་དག་ལ་ནི་བརྗོད་པ་ཡིན། །


DTG190_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་དང་རྣམ་པར་གཅོད་པ་དག་གི་དོན་ལ་ཤེས་པ་བྱ་བ་གཉིས་དང་ལྡན་པ་ཡིན་པའི་ཕྱིར་སྒྲུབ་པའི་བདག་ཉིད་ཀྱི་བྱེད་པ་མེད་ན་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་བཞིན་དུ་དོན་ལ་རྣམ་པར་རྟོག་པ་རྣམས་འབྲས་བུ་མེད་པ་ཉིད་ནི་མ་ཡིན་ཏེ། རྣམ་པར་གཅོད་པས་འཇུག་པའི་ཕྱིར་རོ། །རྣམ་པར་གཅོད་པ་ཉིད་ནི་གཞན་སེལ་བ་ཡིན་ནོ། །དེ་ལ་སྒྲུབ་པ་མྱོང་ཉིད་རྣམ་གཅོད་ནི། ཐ་དད་དངོས་པོ་ལ་རྣམ་པར་ཤེས་པའི་བསྒྲུབ་པའི་བྱ་བ་ནི་དོན་མྱོང་བ་ཉིད་བྱ་བ་ཡིན་ལ། རྣམ་པར་གཅོད་པ་ནི་རང་བཞིན་གཞན་དུ་གྱུར་བ་དང་འདྲེས་པ་ཐ་དད་པའོ། །འདི་ལྟར་དེ་ནི་རང་རྒྱུ་ལས། །བྱུང་ཡང་སྒྲོ་བཏགས་པ་ལས་ནི། །གཞན་དུ་གྱུར་པ་བསལ་བྱ་ཡིན། །དོན་རྣམས་རང་གི་རྒྱུ་ལས་ཐ་དད་པར་སྒྲུབ་པ་ཡིན་ཡང་དངུལ་ལ་སོགས་པའི་ཤེས་པས་ཉ་ཕྱིས་ལ་སོགས་པ་དག་ལ་བཞིན་དུ་སྒྲོ་བཏོགས་ཀྱི་རང་བཞིན་གཞན་སྒྲོ་བཏགས་པས་ཐ་དད་པ་མེད་པར་བྱས་པ་དག་རྣམ་པར་གཅོད་པར་བྱེད་པའི་ཤེས་པས་ཐ་མི་དད་པ་སེལ་བར་བྱེད་དོ། །ཇི་ལྟར་ན་ཤེས་པ་འཁྲུལ་པའི་དབང་གིས་དེ་ལྟ་བུའི་ངོ་བོར་གྱུར་པས་རྣམ་པ་དེ་ལྟ་བུ་མ་ཡིན་པའི་དོན་ཡང་དེ་ལྟར་འགྱུར་ཞིང༌། གང་གིས་སྒྲོ་བཏགས་པས་དོན་རྣམས་ཐ་མི་དད་པར་འགྱུར་ཞེ་ན། དོན་ཉིད་དེ་ལྟར་གྱུར་པར་ནི་མི་སྨྲ་སྟེ། སྒྲོ་བཏགས་པ་ཉིད་མེད་པར་ཐལ་བའི་ཕྱིར་རོ། །འོན་ཀྱང༌། དོན་ལ་ཤེས་པའི་བྱེད་ཡོད་པ། །དེ་ལ་ཅུང་ཟད་བྱས་པ་མེད། །ཤེས་པ་བཞིན་དུ་དེར་ཡང་ནི། །རྟོགས་པའི་འབྲས་བུ་ལ་ལྟོས་ཡིན། །དོན་ལ་རྟོགས་པ་འཇུག་པ་ན། །ཕྱི་རོལ་གྱི་དོན་ལ་ནི་ཅུང་ཟད་བྱས་པ་མེད་པ་ཉིད་དེ། དེ་ལ་འགའ་ཞིག་ཡོད་པས་རང་བཞིན་གྱིས་ཁྱད་པར་གྲུབ་པ་མེད་པའི་ཕྱིར་རོ། །གལ་ཏེ་ཤེས་པས་དོན་རྟོགས་པར་བྱེད་པའི་ཕྱིར་ཇི་ལྟར་ཅུང་ཟད་ཀྱང་མི་བྱེད་པ་ཉིད་ཅེ་ན། མ་ཡིན་ཏེ། རྟོགས་པ་ཞེས་བྱ་བས་ནི་རྟོགས་པ་པོ་ཉིད་ཀྱིས་ཅི་ཞིག་ལྟར་གྱུར་པ་བརྗོད་པ་ཡིན་གྱི་དོན་གྱི་ངོ་བོར་གྱུར་བའི་ཁྱད་པར་ནི། འགའ་ཡང་མ་ཡིན་པའི་ཕྱིར། རྟོགས་པར་བྱས་པས་དོན་ལ་འགའ་ཞིག་བྱས་པ་ནི་མ་ཡིན་ནོ། །དོན་རིག་པས་དོན་ཡུལ་དུ་བྱེད་དོ་ཞེ་ན། ཡུལ་དུ་བྱེད་པ་ཞེས་བྱ་བ་རང་བཞིན་གྱི་ཁྱད་པར་སྒྲུབ་པ་ནི་མ་ཡིན་ནོ། །ཅི་ལྟར་མི་སྒྲུབ། གང་གི་ཕྱིར་


DTG190_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བྱེད་པས་དངོས་པོ་གསལ་བར་བྱེད་དོ་ཞེ་ན། གལ་ཏེ་དེ་ལྟ་ན་གཞན་རྟོགས་པའི་དོན་དུ་གཞན་གྱི་དབང་པོ་ལ་སོགས་པའི་བྱེད་པ་ལ་མི་ལྟོས་པར་འགྱུར་ཏེ། དཔེར་ན་བྱས་པ་ཡང་གཞན་གྱིས་མི་བྱེད་པ་བཞིན་ནོ། །དོན་གྱི་བདག་ཉིད་ཐམས་ཅད་ལ་ཐུན་མོང་ཡིན་པའི་ཕྱིར་གསལ་བའི་བདག་ཉིད་ཀྱང་ཐ་དད་པ་མེད་པར་ཐལ་བའི་ཕྱིར་རོ། །འོ་ན་ཅི་ལྟར་དོན་ལ་འཇུག་ཅེ་ན། དེ་ལ་བརྟེན་ནས་རྟོགས་པ་པོ་ལ་འབྲས་བུ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ཅི་ལྟར་རྟོགས་པ་པོ་དེ་ནི་ཁོང་དུ་ཆུད་པ་དོན་ལ་བྱ་བ་འཇུག་པ་ཡིན་པ་དེ་བཞིན་དུ་རྣམ་པ་གཞན་དུ་འགྱུར་བ་ཡང་ཡིན་ནོ། །འདི་ལྟར། དེ་ཡི་ངོ་བོ་མ་སྤངས་པར། །ངོ་བོ་གཞན་རིག་བྱེད་པ་དེ། །རྣམ་གཞན་འབྲས་ཅན་དོན་རྣམས་ནི། །རྣམ་པ་གཞན་དུ་རིག་ཕྱིར་རོ། །ཉ་ཕྱིས་ལ་དངུལ་དུ་ཤེས་པས་ཉ་ཕྱིས་ཀྱི་རང་བཞིན་གྱི་ཡུལ་ཡོངས་སུ་སྤངས་ནས་གམ་དུ་དངུལ་རྟོགས་པར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་ཉ་ཕྱིས་ཀྱི་རང་གི་ངོ་བོའི་ཡུལ་ནོན་པས་ཉ་ཕྱིས་ཀྱི་རྣམ་པར་རྗེས་སུ་ཞུགས་པ་བཞིན་དུ་རྟོགས་སོ། །དེའི་ཕྱིར་ཉ་ཕྱིས་འདི་ལ་དངུལ་ཉིད་དུ་རྟོགས་པར་བྱེད་དོ་ཞེས་བརྗོད་དོ། །དེ་བཞིན་དུ་འདི་རྟོགས་པར་བྱེད་པ་ན་རྟོགས་པ་པོ་ལ་གཞན་རྣམ་པ་གཞན་གྱི་ངོ་བོར་བྱེད་པའི་ཕྱིར་དེ་ལ་འདིས་དེ་ཐ་མི་དད་པའི་འབྲས་བུ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཉ་ཕྱིས་ཀྱི་རང་གི་ངོ་བོ་མངོན་སུམ་ཡིན་ཡང་མི་སྣང་བར་མི་འཐད་དོ། །དེའི་རྣམ་པ་འདྲེས་པ་ཐ་དད་པ་མེད་པ་སྣ་ཤེས་པས་རྟོགས་པ་པོ་ལ་རྣམ་པ་གཞན་དུ་གྱུར་པར་བྱས་པས་ན་རང་གི་ངོ་བོ་སོ་སོར་མི་སྣང་བར་འཐད་པ་ཡིན་ནོ། །གལ་ཏེ་དོན་གཞན་གྱི་ངོ་བོར་རྟོགས་པར་བྱེད་ཀྱི་རྣམ་པ་གཞན་དུ་བྱེད་པ་ནི་མ་ཡིན་པ་མ་ཡིན་ནམ་ཞེ་ན། ལྷ་རྣམས་དགའ་བ་རང་གིས་སྨྲས་པ་ཡང་ངེས་པར་མི་ཟིན་པ་ནི་ཁྱད་དུ་གསད་པར་བྱ་བ་ཉིད་དེ། ཐ་དད་པ་མེད་པར་ཕྱེད་པ་ནི་གཞན་དུ་རྟོགས་པར་བྱེད་པ་ལ་ཁས་བླངས་པའི་ཕྱིར་རོ། །དེའི་ཕྱིར་དེས་རྟོགས་པ་པོ་ལ་དོན་ཐ་མི་དད་པར་བྱས་སོ་ཞེས་བརྗོད་ཀྱི། དངོས་པོ་ལ་ནི་མ་ཡིན་ནོ། །འདིའི་དེ་ཐ་དད་པ་མེད་པར་བྱེད་པའི་འབྲས་བུ་ནི་དེ་ཉིད་ལ་ཡིན་གྱི་དངོས་པོ་ལ་ནི་མ་ཡིན་ཏེ་གཞན་དུ་རྟོགས་པ་ཉིད་ཀྱིས་དོན་བསྲེ་བར་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དེ་ནི་དེ་ཉིད་ལ། །བསལ་བ་རྣམ་དཔྱོད་བློ་འབྲས་


DTG190_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དེ་ཇི་ལྟར་ཤེས་པའི་དོན་གྱི་ཁྱད་པར་དུ་བྱེད་པའི་རྟོགས་པར་བྱེད་པ་ནི་འཇལ་བར་བྱེད་པ་པོ་ལ་ཡིན་གྱི་དོན་ལ་ནི་མ་ཡིན་ལ། སྒྲོ་འདོགས་ཀྱི་འབྲས་བུ་གཞན་དུ་རྟོགས་པས་ཐ་དད་པ་མེད་པར་བྱས་པ་ཡང་དེ་ཉིད་ལ་ཡིན་པ་དེ་བཞིན་དུ་རྣམ་པར་གཅོད་པའི་བློའི་དགོས་པ་དེ་ལས་གཞན་དུ་གྱུར་པ་ཉིད་བསལ་བ་ཡང་འཇལ་བར་བྱེད་པ་པོ་ཉིད་ལ་ཡིན་ནོ། །ཤེས་པ་ལྟ་བུར་སྒྲུབ་པའི་འབྲས་བུ་དང༌། རྣམ་པར་གཅོད་པའི་གཞན་ལས་ཐ་དད་པ་དེ་ཡང་རྟོགས་པ་པོ་ལ་ཡིན་ནོ། །རང་བཞིན་གཞན་དུ་རྟོགས་པར་བྱ་བའི་དངོས་པོ་དེའི་རང་བཞིན་དང་ཐ་མི་དད་པར་གྱུར་པ་རྟོགས་པ་པོའི་དེ་ཉིད་དུ་རྟོགས་པ་བཟློག་པས་དེ་ལས་ལྡོག་པ་གང་ཡིན་པ་དེ། གལ་ཏེ་བཟློག་ནས་རང་གི་ངོ་བོ་རྟོགས་པ་དེ་ལྟ་ན་ཡང་བཟློག་པ་ཡང་རྟོགས་པ་ཡིན་པའི་ཕྱིར། གཉིས་པོ་འདི་བྱ་བ་ཡིན་ཏེ། སྒྲུབ་པ་དང་རྟོགས་པར་ཁྱད་པར་མེད་པའི་ཕྱིར་རོ། །ཐ་དད་པར་བྱེད་པ་ཉིད་ནི་རྣམ་པར་གཅོད་པའི་བྱེད་པ་ཐུན་མོང་མ་ཡིན་པ་ཡིན་ནོ། །དེས་ན་གལ་ཏེ་རྟོགས་པར་གྱུར་པ་ཡང་ལྡོག་པའི་སྒོ་ཉིད་ནས་འཇུག་པས་ཁྱད་པར་ཅན་དུ་གྱུར་པ་ཡིན་ནོ་ཞེས་ཀྱང་བསྟན་པར་བྱའོ། །དེའི་ཕྱིར་ཐ་མི་དད་པ་སེལ་བ་ཉིད་དོན་ལ་རྣམ་པར་གཅོད་པའི་བློའི་དགོས་པའི་གཙོ་བོ་ཡིན་ནོ། །དེའི་ཕྱིར་གཅིག་ནའང་ཐ་དད་ཕྱིར། །དོན་རིག་པ་ལས་ཉམས་པས་ན། །བློ་དོན་ཐ་དད་གཅིག་ལ་ནི། །འཁྲུལ་པ་ཐ་དད་སྲིད་ཕྱིར་རོ། །གང་གི་ཕྱིར་དོན་ལ་དོན་གྱི་མཐར་ཐུག་པའི་ཤེས་པའི་བྱེད་པ་སྒྲུབ་པ་དང༌། རྣམ་པར་གཅོད་པ་གཉིས་ཡིན་པ་དེའི་ཕྱིར་དོན་རིག་པའི་བདག་ཉིད་ཅན་སྒྲུབ་པའི་བྱེད་པ་ཉམས་པ་ན། སྔོན་པོ་ལ་སོགས་པའི་ཤེས་པ་དག་རྣམ་པར་གཅོད་པའི་དོན་ཉིད་ཀྱིས་དོན་ལ་འཇུག་པ་ཡིན་གྱི་ངོ་བོ་རྟོགས་པར་བྱ་བའི་དོན་དུ་ནི་མ་ཡིན་ནོ། །ཡང་ཇི་ལྟར་ན་དོན་རིག་པ་མེད་ཅེ་ན། དེ་ཡོད་ན་ཤེས་པ་དེ་དོན་ཅི་ལྟ་བ་དེ་ལྟ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་གང་ཞིག་གང་རིག་པར་བྱེད་པ་དེ། གལ་ཏེ་དེའི་རང་བཞིན་མ་ཡིན་པར་རིག་པར་བྱེད་ན་ནི་དེ་རིག་པར་བྱེད་པ་མ་ཡིན་པ་ཉིད་དུ་འགྱུར་ཏེ། དུང་སེར་པོར་ཤེས་པ་ལ་སོགས་པ་བཞིན་ནོ། །རྣམ་པར་རྟོག་པའི་ཤེས་པ་ནི་དོན་ཐ་དད་པ་མེད་ན་ཡང་ཐ་དད་པའི་རྣམ་པས་འཇུག་སྟེ། བ་ལང་


DTG190_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོར་གས་མོ་ཐུང་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་བ་ལང་བ་ལང་ཞེས་ཁྲ་བོ་ལ་སོགས་པ་ལ་བློ་ཐ་མི་དད་ན་ཡང༌། དེ་ཐུན་མོང་མ་ཡིན་པ་ཉིད་ཀྱིས་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་དོན་ལ་ཐ་དད་པ་དང་འདྲེས་པ་དག་ཏུ་རྟོགས་པར་བྱེད་པས་དེའི་རྟོགས་པའི་བྱེད་པ་བསལ་བར་གྱུར་པ། འདི་ཅི་སྲིད་དུ་བྱེད་པ་གཞན་དང་ལྡན་པ་བསལ་བར་མ་གྱུར་གྱི་བར་དུ་ད་རུང་ཡང་དངུལ་ལ་སོགས་པའི་ཤེས་པ་བཞིན་དུ་ཟླ་བ་གཉིས་ལ་སོགས་པའི་ནང་དུ་གཞུག་པར་མི་བྱའོ། །དངུལ་གྱི་བློ་ནི་ཉ་ཕྱིས་རྟོགས་པའི་བྱེད་པ་དང་བྲལ་ཡང་ཉ་ཕྱིས་ཉ་ཕྱིས་མ་ཡིན་པ་ལས་ཐ་དད་པ་ལ་བྱེད་པ་ཡོད་པ་མ་ཡིན་ནོ། །དེས་ན་དེའི་ངོ་བོ་ལ་མ་རིག་པར་དོན་ལ་སྒྲོ་འདོགས་པའི་རང་བཞིན་ཅན་འདི་འཁྲུལ་པ་ཁོ་ན་ཡིན་པ་དེ་བཞིན་དུ་སྔོན་པོ་ལ་སོགས་པའི་ཤེས་པ་ནི་དེ་ལྟ་མ་ཡིན་ཏེ། རྣམ་པར་གཅོད་པའི་འཇུག་པ་གྲུབ་པའི་ཕྱིར་ཏེ། དེ་ནི་འདིའི་ཤེས་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་བཞིན་དུ་ཆ་མེད་པ་ཉིད་ཀྱི་དོན་གྱི་རང་བཞིན་ཐ་དད་པ་མེད་པའི་བདག་ཉིད་ཡིན་ན་ཡང༌། དེ་ཐུན་མོང་མ་ཡིན་པའི་ཕྱིར་དང༌། གང་དང་གང་ལས་དེ་ཐུན་མོང་མ་ཡིན་པ་དེ་དག་ཀྱང་མང་པོའི་ཕྱིར་དེ་ལ་འཁྲུལ་པ་ཐ་དད་པ་མང་པོ་སྐྱེ་བར་འཐད་པ་ཡིན་ཏེ། དེ་ནི་ཟློག་པ་སྒྲོ་འདོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང༌། དེ་དག་ཀྱང་མང་པོ་ཉིད་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཤེས་པ་ནི་ཆ་མེད་པ་ལ་རྣམ་པ་དུ་མར་སྣང་བར་མི་འགྱུར་གྱི་ཕྱིན་ཅི་ལོག་ནི་མ་ཡིན་ནོ། །དེའི་ཕྱིར་འཁྲུལ་པ་སེལ་བ་ཉིད་ཀྱིས་དོན་ཐ་དད་པ་ཅན་དག་ནིག་གཅིག་ལ་སྟེ། ཐ་མི་དད་པར་འགྱུར་རོ། །འཁྲུལ་པ་ཐ་དད་པ་དག་ནི་ཤེས་པ་ཐ་དད་པ་དག་ཁོ་ནས་བཟློག་པའི་ཕྱིར་རོ། །དེའི་ཕྱིར་དོན་ཐ་མི་དད་ན་ཡང་ཤེས་པ་ཐ་དད་པ་ཐུན་མོང་མ་ཡིན་པའི་འབྲས་བུ་ཅན་རྣམས་རྣམ་པར་གཅོད་པའི་དོན་ཅན་ཉིད་ཀྱིས་ཕྱིན་ཅི་མ་ལོག་པ་ཡིན་ཡང་འཇུག་པར་འགལ་ལམ། ཕྱིན་ཅི་མ་ལོག་པ་དེ་ཡང་གང་ཡིན་ཞེ་ན། དཔེར་ན་སྒྲུབ་པ་དོན་ཅི་ལྟ་བ་དེ་ལྟར་ཤེས་པ་དེ་བཞིན་དུ་རྣམ་པར་གཅོད་པ་ཡང་དོན་ཇི་ལྟ་བ་ཁོ་ནར་ཟློག་པར་བྱེད་པ་ཡིན་ཏེ། དངུལ་ལ་སོགས་པའི་ཤེས་པ་ལྟར་ལོག་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རང་གི་མཚན་ཉིད་རྣམ་པ་ཐ་དད་པ་ལ་འཁྲུལ་པ་ཐ་


DTG190_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་ནི་ཁྱད་པར་ཏེ། སྐབས་ཀྱི་ཐ་དད་པ་ལ་ལྟོས་པ་ཉིད་དོ། །དེ་ཡང་གལ་ཏེ་ཐ་དད་པ་དེ་དག་ལ་ཐ་མི་དད་པར་འགྱུར་བ་དེ་ལྟར་ན་འགྱུར་བ་ཡིན་ནོ། །དེའི་ཕྱིར་ན་བདག་ཉིད་ཐ་དད་པའི་ཁྲ་བོ་ལ་སོགས་པ་སོ་སོ་རེ་རེ་ཞིང་བ་ལང་མ་ཡིན་པའི་སྒྲོ་འདོགས་དང་འབྲེལ་པ་དག་ལ་དེ་བཟློག་པའི་ཕྱིར་པ་ལང་གི་ཤེས་པ་གཅིག་འཇུག་པ་སྲིད་པ་ཡིན་ནོ། །དེ་དག་ལ་ཡང་དག་པའི་ཤེས་པ་ནི་རང་བཞིན་གཅིག་པར་མི་འགྱུར་གྱི་འཁྲུལ་པ་དང༌། དེ་བཟློག་པའི་འབྲས་བུ་ཅན་རྣམ་པར་གཅོད་པའི་ཤེས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་མེད་ན་རྟོགས་པ་དང་འདྲ་བའི་རྣམ་པར་གཅོད་པ་ཉིད་ཀྱི་ནི་དོན་རྣམས་ལ་རྣམ་པར་རྟོག་པའི་བྱེད་པ་ཡིན་ནོ། །གང་གི་ཐ་དད་པའི་སྒྲོ་འདོགས་པ་དག་ཐ་དད་པ་ལ་རྣམ་པར་གཅོད་པ་ཐ་དད་པར་འགྱུར་པ་བརྗོད་དུ་མེད་པའི་རང་བཞིན་ཅན་གྱི་རང་བཞིན་ལ་བདག་ཉིད་གང་གིས་མི་འདྲ་བ་ཅི་ཞིག་ཡོད། དོན་ཐ་མི་དད་པ་ལ་ནི་མི་རྟག་པ་དང་བྱས་པ་ལ་སོགས་པའི་ཆོས་ཡོད་པ་མ་ཡིན་ན་དེ་ཇི་ལྟར་འདི་རྟག་པའམ་མ་བྱས་པ་ལས་དབྱེ་བར་འགྱུར་ཞེ་ན། ཁྱེད་ཀྱིས་ཡང་དག་པར་མ་རྟོགས་ཏེ། དེ་ཐ་མི་དད་ཀྱང་བྱས་པ་ཉིད་ལ་སོགས་པ་ཐ་དད་པར་མི་འགྱུར་གྱི། མེད་པ་ཉིད་དུ་ནི་མ་ཡིན་ནོ་ཞེས་བཤད་པར་བྱའོ། །དེའི་ཕྱིར་དེ་ལས་དེའི་ངོ་བོ་ཐ་དད་པ་མེད་པ་ཅན་ཇི་ལྟར་མི་དབྱེ་བར་འགྱུར། གལ་ཏེ་འདི་ནི་སྔོན་པོ་མ་ཡིན་པ་མ་ཡིན་ནོ་ཞེས་རྣམ་པར་གཅོད་པར་བྱ་བ་ལ་བརྟེན་པའི་དགག་པའི་དོན་གཅོད་པར་བྱེད་པའི་ཤེས་པ་ཉིད་རྣམ་པར་གཅོད་པར་བྱེད་པ་བརྗོད་པ་མ་ཡིན་ནམ། སྔོན་པོའོ་ཞེས་བྱ་བ་ནི་མ་ཡིན་ཏེ། དེས་ན་རྣམ་པར་གཅོད་པ་སྒྲུབ་པ་ལས་གཞན་པའི་ཤེས་པའི་བྱ་བ་ཡིན་ཡང་དགག་པའི་དོན་གཅོད་པར་མ་རྟོགས་པའི་ཤེས་པ་ནི་རྣམ་པར་གཅོད་པའི་ཡུལ་ཅན་མ་ཡིན་ནོ་ཞེ་ན། འདི་ནི་གཏན་དུ་གྲགས་པ་ཡིན་ཏེ། འདི་ལྟར། དགག་དོན་སྒྲུབ་པ་མ་ཡིན་གྱི། །བཀག་ནས་ཁྱད་པར་བྱེད་མིན་ཏེ། །ཁྱད་པར་ལ་ནི་རྟེན་ཕྱིར་ཡང༌། །འདི་ལ་འདི་ནི་སྔོན་པོ་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་སྔོན་པོ་མ་ཡིན་པ་ལ་བརྟེན་པའི་དགག་པའི་དོན་གྱིས་ནི་རྣམ་པར་གཅོད་པའི་རྟེན་དུ་གྱུར་པ་འདི་ནི་སྔོན་པོའོ་ཞེས་རྟོགས་པར་འགྱུར་པ་གཅོད་པར་ནུས་པ་མ་ཡིན་ཏེ། དགག་པའི་དོན་ནི་དགག་པར་བྱ་བ་མེད་པ་ཙམ་


DTG190_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྔོན་པོ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བས་སྔོན་པོ་མ་ཡིན་པ་མེད་དོ་ཞེས་བྱ་བ་དེ་ཙམ་ཞིག་རྟོགས་པ་ན་བཟློག་ནས་འདི་ཞེས་བྱ་བར་རྟོགས་པ་དང་དེ་འབྲེལ་པར་ཁོང་དུ་ཆུད་པར་ནུས་པ་ནི་མ་ཡིན་ནོ། །གང་གིས་དེ་ཁྱད་པར་དུ་བྱེད་པར་འགྱུར། ཇི་ལྟར་མི་འགྱུར་ཞེ་ན། སྒྲུབ་པ་མ་ཡིན་པའི་ཕྱིར་རོ། །དེ་མ་ཡིན་ནོ་ཞེས་རྟོགས་ཀྱི་གཞན་ཅུང་ཟད་ཅིག་ཡིན་ནོ་ཞེས་ནི་མ་ཡིན་པའི་ཕྱིར་འདིར་གང་ཞིག་ཁྱད་པར་དུ་བྱེད་པ་ཡིན། དགག་པའི་དོན་བསྒྲུབས་པ་ནི་བགག་པ་མ་ཡིན་གྱི། འོན་ཀྱང་དགག་བྱ་མེད་པར་རྟོགས་པ་ཙམ་ཡིན་ནོ། །དེའི་ཕྱིར་སྔོན་པོ་མ་ཡིན་པ་བགག་པ་ན་དགག་པའི་དོན་འདིའོ་ཞེས་རྟོགས་པར་རུང་བ་རྟོགས་པ་ཉིད་ཁྱད་པར་ཉིད་དུ་བཟོད་པ་ནི་མེད་དོ། །དེ་མ་ཡིན་ནོ་ཞེས་བྱ་བ་དེ་ཙམ་ཞིག་རྟོགས་པའི་ཕྱིར་རོ། །སྒྲུབ་ན་ནི་དགག་པ་མ་རྟོགས་པར་འགྱུར་བའི་ཕྱིར་རོ། །དཔེར་ན་དངོས་པོ་མེད་པ་བྱེད་པ་ལ། དེ་བྱས་པས་གཞན་ལ་ཅིར་འགྱུར་ཞེས་བརྒལ་ཞིང་བརྟགས་པས་དངོས་པོ་མེད་པར་མི་འགྲུབ་པ་དེ་བཞིན་དུ། ཤེས་པ་ལས་གཞན་བསྒྲུབས་པས་དགག་པ་རྟོགས་པར་ནི་མི་འགྱུར་རོ། །དེ་མེད་དོ་ཞེས་རྟོགས་པར་བྱ་བ་ལ་སྒྲུབ་པ་ཁོང་དུ་ཆུད་པར་མེད་པའི་ཕྱིར་རོ། །འདིར་སྔོན་པོ་ལ་འདི་ནི་སྔོན་པོ་མ་ཡིན་པའོ་ཞེས་སྔོན་པོ་མ་ཡིན་པས་ཁྱད་པར་ཅན་དུ་སྣང་བ་མ་ཡིན་ཏེ། མདུན་ན་སྣང་བ་ལ་སྔོན་པོ་མ་ཡིན་ནོ་ཞེས་བྱ་བར་རྟོགས་པའི་ཕྱིར་རོ། །དགག་པའི་དོན་ཡང་སྔོན་པོ་མ་ཡིན་པ་ལ་བརྟེན་པ་ཡིན་ནོ། །ཁྱད་པར་ལ་བརྟེན་པའི་ཆོས་ཀྱིས་ནི་ཁྱད་པར་ཅན་རྟོགས་པར་བྱེད་པ་མ་ཡིན་ཏེ། འདི་ནི་བ་ཁྲ་མོ་ཅན་ནོ་ཞེས་རྟོགས་པས་ན་ལྷས་བྱིན་ལ་ཡོན་ཏན་ཁྲ་བོ་ཉིད་ཡིན་ནོ། །ཇི་ལྟར་དེ་ལ་ཡོན་ཏན་དེ་དང་ལྡན་པའི་རྫས་གཅོད་པ་དེ་བཞིན་དུ། འདི་ལ་དགག་པའི་དོན་གྱིས་ཉེ་བར་བསྒྱུར་བའི་སྔོན་པོ་མ་ཡིན་པ་གཅོད་པར་ནི་ཁོང་དུ་ཆུད་པར་མི་བྱ་སྟེ། དེའི་བདག་ཉིད་སྔོན་པོ་མ་ཡིན་པ་དགག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་བརྟེན་པའི་དགག་པ་དེ་ཡང་སྔོན་པོའི་ཁྱད་པར་དུ་འགྱུར་བ་ནི་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་གཅོད་པར་བྱ་བ་ལ་བརྟེན་པའི་དགག་པའི་དོན་གཅོད་པའི་ཤེས་པ་ནི་རྣམ་པར་གཅོད་པར་བྱེད་པ་མ་ཡིན་ནོ། །འོན་ན་འདིར་རྣམ་པར་གཅོད་པ་


DTG190_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ཅི་ལྟར་ཡིན་ཞེ་ན་བརྗོད་པ། དགག་བྱ་ཐ་དད་མེད་གནོད་བྱེད། །སྒྲོ་འདོགས་ཀྱིས་ནི་དབེན་པ་འདིར། །རྣམ་གཅོད་གཞན་དུ་ཇི་ལྟར་ཡིན། །སྔོན་པོ་ཡོད་དོ་མེད་དོ་ཞེས་བྱ་བའི་སྒྲུབ་པ་དང་དགག་པ་དག་ལས་གཞན་པ་འདི་ནི་སྔོན་པོ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་གཅོད་པའི་བྱེད་པ་ཡིན་ནོ། །དེ་ལ་རྟོགས་པ་ཙམ་ནི་སྒྲུབ་པའི་བྱེད་པ་ཡིན་ལ་དེ་མེད་པར་རྟོགས་པ་ཙམ་ནི་དགག་པ་ཡིན་ནོ། །དེའི་ཕྱིར་འདི་ཞེས་སྔོན་པོ་རྟོགས་པ་ཙམ་ནི་སྒྲུབ་པ་འབའ་ཞིག་ཏུ་འགྱུར་ལ། སྔོན་པོ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་དགག་པ་འབའ་ཞིག་ཏུ་འགྱུར་རོ། །སྔོན་པོ་མ་ཡིན་པ་བཀག་པས་ཀྱང་སྔོན་པོ་ལ་བྱེད་པ་དང་ལྡན་པའི་ཤེས་པ་སྔོན་པོའི་ཡུལ་ཅན་དུ་གྱུར་པ་ནི་རྣམ་པར་གཅོད་པའི་ཡུལ་ཅན་ཡིན་ནོ། །དེའི་ཕྱིར་སྔོན་པོ་མ་ཡིན་པ་ལ་བརྟེན་པའི་དགག་པའི་དོན་ཉེ་བར་སྒྱུར་བར་བྱེད་པ་ཉིད་ཀྱིས་སྔོན་པོ་ལ་ནི་དེའི་འདི་མི་འཐད་དོ། །དེས་ན་སྔོན་པོ་མ་ཡིན་པ་ལ་བརྟེན་པའི་དགག་པའི་དོན་རྟོགས་པ་ན། སྔོན་པོ་ལ་འདི་ནི་སྔོན་པོ་མ་ཡིན་ནོ་ཞེས་བྱ་བར་ཐ་དད་པ་མེད་པ་གང་ཡིན་པ་དེ། དེའི་ཤེས་པ་ལོག་པ་བསལ་བ་དེ་ཉིད་ཀྱིས་འདིའི་སྔོན་པོའི་མཐར་ཐུག་པ་དང༌། སྔོན་པོ་མ་ཡིན་པ་རྣམ་པར་གཅོད་པ་ཡིན་གྱི། དེ་བཀག་པས་ནི་སྔོན་པོ་ལ་རྣམ་པར་རྟོག་པར་བྱ་བ་ཅུང་ཟད་ཀྱང་ཡོད་པར་འགྱུར་བ་མ་ཡིན་ནོ། །རྣམ་གཅོད་ལ་བརྟེན་དངོས་མེད་པ། །རྟོགས་པའམ་ཡང་ན་འགལ་བ་ལས། །འཁྲུལ་སེམས་རྣམ་གཅོད་དེ་མེད་པའི། །ཤེས་པ་ལ་ཡང་ཁྱད་པར་མེད། །སྔོན་པ་ལ་འདི་ནི་སྔོན་པོ་མ་ཡིན་པ་མ་ཡིན་ནོ་ཞེས་རྣམ་པར་གཅོད་པའི་ཤེས་པ་ནི་སྒྲོ་འདོག་སྐྱིས་ཤེས་པ་བཟློག་པ་ཉིད་བྱ་བ་ཡིན་པའི་ཕྱིར་འདི་ནི་དངུལ་མ་ཡིན་ནོ་ཞེས་བྱ་བ་ལྟར་དེའི་ཡུལ་རྟོགས་པ་ལས་ཀྱང་དེར་འགྱུར་བ་ཡིན་ནོ། །དེ་ལ་དངུལ་མེད་པར་རྟོགས་ན་དེ་ལས་དངུལ་གྱི་ཤེས་པ་ལྡོག་པར་འགྱུར་རོ། །གལ་ཏེ་དེ་ལ་དངུལ་མེད་པར་ཤེས་པ་རྣམ་པར་གཅོད་པ་ཡིན་པར་འགྱུར་རོ་ཞེ་ན། གལ་ཏེ་དེ་མེད་པ་ལ་གཞི་གྲུབ་ན་ནི་འགྱུར་རོ། །དེ་ལ་ནི་དངུལ་ཡིན་པ་དེ་ལ་ཡང་དངུལ་མ་ཡིན་ནོ་ཞེས་དགག་པའི་དོན་ཡིན་ནོ། །དེ་ལྟར་ན་ཉ་ཕྱིས་རྟོགས་པར་ཅི་ལྟར་འགྱུར་ཏེ། དེས་ན་འདི་ཅི་


DTG190_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཉ་ཕྱིས་ཀྱི་ཡུལ་ཅན་ཡིན། འདིས་ནི་དངུལ་གྱིས་དབེན་པ་དང་དངུལ་ལས་ལྡོག་པར་ཤེས་པ་ལ་སོགས་པ་ཡང་བསྟན་པ་ཡིན་ནོ། །ཆོས་གཞན་སྒྲུབ་ན་ནི་དངུལ་ལོ་ལྟོས་ནས་ཅུང་ཟད་ཀྱང་མ་རྟོགས་པར་འགྱུར་ལ། དེ་ལྡོག་པ་ཙམ་གྱི་རང་བཞིན་ཉིད་ཡིན་ན་ཡང་ཉ་ཕྱིས་སྒྲུབ་པ་མེད་པའི་ཕྱིར་རོ། །དེས་སྒྲོ་འདོགས་ཀྱིས་ཤེས་པ་ལྡོག་པ་ཉིད་བྱ་བ་ཡིན་ལ། དེ་ནི་དངུལ་བགག་པའི་དོན་རྟོགས་པའམ། ངེས་པ་དང་སྒྲོ་འདོགས་དག་འགལ་བ་ལས་ཀྱང་འགྱུར་བ་ཡིན་ནོ། །དངུལ་མེད་པར་མ་རྟོགས་ཀྱང་ཉ་ཕྱིས་ཤེས་ན་དངུལ་དུ་ཤེས་པ་མེད་བར་འགྱུར་བའི་ཕྱིར་ཉ་ཕྱིས་ཤེས་པ་ནི། འདི་དངུལ་མ་ཡིན་ནོ་ཞེས་བྱ་བ་འདི་ལས་རྣམ་པར་གཅོད་པར་བྱེད་པ་ཉིད་དུ་ཁྱད་པར་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་སེལ་བ་ནི་འཁྲུལ་བ་ཡོད་པ་ལ་ལྟོས་པ་མ་ཡིན་ནམ། དེ་མེད་པར་ནི་མ་ཡིན་ནོ་ཞེ་ན། དེ་ནི་མེད་དེ། སྒྲོ་འདོགས་གནས་ལ་དེ་ལྟོས་མིན། །སྒྲོ་འདོགས་ཡོད་པ་ལ་ལྟོས་ཏེ། །སྒྲོ་འདོགས་པར་བྱེད་པ་ཟློག་པ་ཉིད་ནི་གཞན་རྣམ་པར་གཅོད་པར་བྱེད་པ་མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྣམ་པར་རྟོག་པའི་སྒྲོ་འདོགས་ཉིད་རྣམ་པར་རྟོག་པས་བཟློག་པར་བྱ་བ་ཡིན་གྱི། རྣམ་པར་རྟོག་པ་མེད་པ་ཟླ་བ་གཉིས་ལ་སོགས་པ་ནི་མ་ཡིན་ནོ། །རང་གི་རྒྱུའི་དབང་གིས་བཟློག་པ་རྟོགས་ཀྱང་མི་ཟློགས་པའི་ཕྱིར་རོ། །དེ་ཡང་རྣམ་པར་རྟོག་པ་ཉིད་ཀྱིས་རྣམ་པར་གཅོད་པའི་ཡུལ་ཅན་ཡིན་པའི་ཕྱིར་དེ་ཡང་སྒྲོ་འདོགས་གཞན་ལ་ལྟོས་པས་ན་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །འོན་ཇི་ལྟར་ཟློག་པར་བྱེད་པ་ཉིད་ཡིན་ཞེ་ན། གཞན་གྱི་དོན་རྟོགས་ནུས་པ་དག །ཇི་ལྟར་གནས་བཞིན་འབྱུང་གྱུར་པ། །དེ་ལྟར་གཞན་དུ་རིག་པ་སྤོངས། །ཤེས་པ་སྐད་ཅིག་མ་དག་ནི་ཤེས་པ་གཞན་གྱིས་ཟློག་པར་མི་འཐད་དོ། །དེ་ཉིད་ཀྱི་ཕྱིར་འགལ་བའི་དོན་མངོན་སུམ་དུ་བྱས་ཀྱང༌། མངོན་སུམ་རྟོག་པ་མེད་པ་གཞན་གྱིས་ཟློག་པར་བྱེད་པ་མ་ཡིན་ཏེ། མགལ་མེ་འཁོར་བ་མེད་པས་འཁྲུལ་པ་ལྡོག་ཅིང༌། རང་གི་ངོ་བོ་ཇི་ལྟ་བ་བཞིན་མངོན་དུ་བྱེད་པའི་ཤེས་པ་སྐྱེས་པ་ན་དེས་འཁོར་ལོར་འཁྲུལ་པ་མེད་པ་བསལ་བའི་ཕྱིར་ཏེ། གཅིག་རང་


DTG190_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱུ་མེད་པས་ལོག་པ་ན་རྒྱུ་གཞན་གྱི་དབང་གིས་གཞན་སྐྱེ་བའི་ཕྱིར་ཕན་ཚུན་བཟློག་པ་མ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ནི་དེ་ལྟ་མ་ཡིན་ཏེ། འགལ་བའི་རྣམ་པར་རྟོག་པ་སྐྱེས་པ་ན་ཡང་རྣམ་པར་རྟོག་པ་གཞན་འབྱུང་བ་སྲིད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་འདི་དང་ལ་མ་ཡིན་ནོ་ཞེས་བྱ་བར་མེ་འགྱུར་རོ། །དེ་ཕྱིར་ཉ་ཕྱིས་ཀྱི་རྣམ་པར་རྟོག་པའི་སྔོན་རོལ་བཞིན་དུ་དེ་ལྟར་ཡང་དངུལ་གྱི་ཤེས་པ་ཡོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་དགག་པ་མེད་པར་འགྱུར་བའི་ཕྱིར་རོ། །དངུལ་དུ་ཤེས་པའི་ཡུལ་རྣམ་པར་དཔྱོད་པར་ནུས་པ་ཉ་ཕྱིས་ཀྱི་ཤེས་པས་དངུལ་གྱི་རྣམ་པ་སྣང་པར་མ་རྟོགས་ཤིང༌། རང་གི་ཡུལ་རྣམ་པར་རྟོག་པ་ལས་དངུལ་དུ་ཤེས་པའི་སྤོང་བར་བྱེད་དེ། དེ་ལས་བཟློག་པའི་རང་གི་ཡུལ་བདེན་པར་ངེས་ན། དེ་བདེན་པར་མངོན་པར་ཞེན་པར་མི་སྲིད་པའི་ཕྱིར་རོ། །དངུལ་ལ་མི་བདེན་པར་ངེས་བ་དག་ལ་དགག་བྱའི་ཡུལ་ཉེ་བར་འཇོག་པ་ཉིད་ཀྱིས་དེ་ཡོད་པ་ཡིན་ཡང་ཉེ་བར་བརྟགས་པའི་དོན་དང་ཡིད་ཀྱིས་རྒྱལ་སྲིད་ལ་སོགས་པ་ལྟར་རྟོགས་བཞིན་པ་མི་བདེན་པའི་ངོ་བོ་ཉིད་དུ་འགྱུར་བ་ཡིན་ནོལ་།དེ་ཉིད་ཀྱི་ཕྱིར་སྒྲོ་འདོགས་པའི་དུས་སུ་དེ་ལས་བཟློག་པའི་དངོས་པོ་མི་བདེན་པར་ཤེས་པས་ན་ཉ་ཕྱིས་ཀྱི་ཤེས་པས་ཉ་ཕྱིས་ཤེས་པ་ནི་རྣམ་པ་ཇི་ལྟར་དངུལ་རྟོགས་པ་དེ་ལྟ་བུར་འགྱུར་རོ། །དེའི་ཕྱིར་འགལ་བའི་ཤེས་པ་བསྟན་པར་འགྱུར་ན་གཞན་དག་འབད་པས་མངོན་སུམ་དུ་གྲུབ་ཀྱང་ཞེན་པར་འཇུག་པ་གང་ཡིན། འདི་ཉིད་དེ་དག་གིས་གནོད་པར་བྱེད་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྣང་བའི་རྩ་བ་ཅན་ཉིད་ཀྱིས་བསྟན་པར་རྟོགས་པར་ཁས་བླངས་ན་སྒྲོ་འདོགས་ཡོད་ན་ངེས་པ་མེད་ལ། ངེས་པ་ཡོད་ན་སྒྲོ་འདོགས་མེད་དོ་ཞེས་བརྗོད་པ་ཡིན་ནོ། །དེས་ན་རྟོགས་པ་ཕལ་པ་ལ་རྟག་པའི་ཤེས་པ་སྤང་བར་མི་ནུས་ཀྱང༌། སྐད་ཅིག་མ་ཉིད་རྗེས་སུ་དཔོག་པའི་དུས་སུ་ཚད་མ་ཅན་མ་ཡིན་པར་ཤེས་པ་ནི་བཟློག་པར་བརྗེད་པ་ཅན་ཡིན་ནོ། །སླར་སྐྱེ་བའི་ཆོས་ཅན་ཡིན་ཡང་དེའི་དུས་སུ་མེད་པ་ཡིན་ནོ། །དེ་ལྟ་ན་འོ་ན་ནི་ཟླ་བ་གཉིས་སུ་སྒྲོ་འདོགས་པ་རྣམ་པར་རྟོག་པ་མེད་པ་ལ་ཡང༌། རྒྱུའི་སྐྱོན་རྟོགས་པའི་རྩ་བ་ཅན་གྱིས་ཤེས་པ་ཟློག་པར་བྱེད་པ་ཡིན་པར་འགྱུར་རོ་


DTG190_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། མ་ཡིན་ཏེ། ཤེས་པ་དེའི་རྩ་བ་ཅན་དེ་ལྟ་བུའི་རྣམ་པར་རྟོག་པས་བྱས་པ་ཐ་མི་དད་པའི་ཟློག་པར་བྱེད་པ་ཉིད་དེ། དེ་ལོག་ན་ཡོངས་སུ་གཅོད་པའི་རང་བཞིན་གཅིག་ཏུ་སྦྱོར་བར་བྱེད་པ་དབང་པོའི་བསླད་པ་ཡོད་ཀྱང་སྦྱོར་བར་བྱེད་པ་མ་ཡིན་པ་ཉིད་དོ། །དེའི་ཕྱིར་དབང་པོའི་ཤེས་པ་ཡང་རྣམ་པར་རྟོག་པ་ཅན་དུ་གྱུར་པ་རྣམ་པར་རྟོག་པས་བཟློག་པར་བྱ་བ་ཡིན་ལ། རྣམ་པར་རྟོག་པ་ཅན་དུ་གྱུར་པའི་དབང་པོ་ཤེས་པ་གསལ་བར་སྣང་བས་ཀྱང་རྣམ་པར་རྟོག་པ་ཟློག་པ་ཡིན་པའི་ཕྱིར་མངོན་སུམ་ནི་སྒྲོ་འདོགས་སེལ་བའི་བྱེད་པ་ཅན་མ་ཡིན་ནོ། །དེ་བཞིན་དུ་བརྟག་པའི་ཤེས་པ་རྗེས་སུ་འཇུག་པ་རྒྱུན་མ་ཆད་ཀྱང༌། དེའི་དུས་ན་བདེན་པ་ཉིད་དུ་མངོན་པར་ཞེན་པ་མེད་པ་ཡིན་ནོ། །ཐ་དད་སྒྲུབ་པས་དོན་ལ་ནི། །བྱེད་བཅས་གྲུབ་འདིའི་རྟོགས་པ་ནི། །རྣམ་ཕྱེའི་དོན་གྱིས་མཐར་ཐུག་ཕྱིར། །ལྡོག་པའི་ཡུལ་ཅན་ཡིན་པར་བརྗོད། །དེའི་ཕྱིར་དེ་ལྟར་ཐ་དད་པའི་འབྲས་བུ་ཅན་དུ་གྲུབ་པའི་ཤེས་པ་དག་ཀྱང་སྒྲོ་འདོགས་རྣམ་པར་གཅོད་པ་ཉིད་ཀྱིས་ཐ་དད་པར་བྱེད་པ་ཡིན་པའི་ཕྱིར་དང༌། དེའི་འབྲས་བུ་ཅན་ཉིད་དུ་ཡང་འཐད་པའི་ཕྱིར་སྔོན་པོ་ལ་སོགས་པའི་ཤེས་པ་དག་ནི་ཐ་དད་པ་སྒྲུབ་པ་ཉིད་ཀྱིས་དོན་གྱི་ཡུལ་ལ་བྱེད་པ་དང་བཅས་པར་གྲུབ་པོ། །སྒྲོ་འདོགས་པར་བྱེད་པའི་ཤེས་པའི་དབང་གིས་སྦྱར་བའི་རིགས་མི་མཐུན་པ་དང་ཐ་མི་དད་པར་གྱུར་པའི་དངོས་པོ་སྒྲོ་འདོགས་སེལ་བས་ལྡོག་པར་བྱེད་པ་ཡུལ་དུ་གྱུར་པའི་ཕྱིར་རིགས་པའི་བྱེད་པ་ཅན་ཡང་འདི་དག་ལྡོག་པའི་ཡུལ་དུ་བརྗོད་དེ། དཔེར་ན་ཉ་ཕྱིས་ཀྱི་རྣམ་པར་རྟོག་པས་ཉ་ཕྱིས་མ་ཡིན་པ་དང་ཐ་མི་དད་པར་གྱུར་པའི་ཉ་ཕྱིས་ལྡོག་པར་བྱས་པ་ལྡོག་པའི་ཚུལ་གྱིས་ཉ་ཕྱིས་ཀྱི་རང་བཞིན་ཡུལ་དུ་བྱེད་པ་བཞིན་ནོ། །གཞན་དང་མ་འདྲེས་པའི་དངོས་པོའི་རང་བཞིན་ཡུལ་དུ་བྱེད་པ་ཙམ་གྱིས་ནི་ལྡོག་པའི་ཡུལ་ཅན་ཉིད་མ་ཡིན་ཏེ། མངོན་སུམ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །བསལ་ནས་རྟོགས་པ་གོ་སེལ་བའི་ཡུལ་ཅན་དུ་ཇི་ལྟར་མི་འགྱུར། མངོན་སུམ་ནི་སེལ་བར་བྱེད་པ་མ་ཡིན་ཏེ། རྟག་པའི་སྒྲོ་འདོགས་ཡོད་ཀྱང་སྐད་ཅིག་མ་དང༌། དངུལ་གྱི་སྒྲོ་འདོགས་ཡོད་ཀྱང་ཉ་ཕྱིས་རྟོགས་པའི་ཕྱིར་རོ།།


DTG190_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་བ་ལང་ལ་བ་ལང་མ་ཡིན་པ་མེད་པ་ལྡོག་པ་ཡིན་གྱི། བ་ལང་ཉིད་ནི་མ་ཡིན་བ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་བསལ་ནས་བ་ལང་རྟོགས་པས་ལྡོག་པ་རྟོགས་པར་འགྱུར་ཞེ་ན། ཐ་དད་དོན་ཤེས་བཞིན། དཔེར་ན་འདི་ནི་སྔོན་པོ་མ་ཡིན་ནོ་ཞེས་བྱ་བ་ཐ་དད་པའི་དོན་ཅན་གྱིས་ཤེས་པ་རྒོལ་བ་གཉི་ག་ལ་གྲུབ་པ་ལྡོག་པའི་ཡུལ་ཅན་དུ། བརྗོད་པ་དེ་བཞིན་དུ་འདི་ཡང་ཡིན་ནོ། །དེ་ཡང་འདིའོ་ཞེས་རྟོགས་པའི་དོན་གྱིས་མཐར་ཐུག་པའམ། སྔོན་པོ་མ་ཡིན་པ་ཞེས་བྱ་བ་འདིའི་མཐར་ཐུག་པ་ཡིན་གྲང༌། དེ་ལ་གལ་ཏེ་ཕྱོགས་ཕྱི་མ་ལྟར་ན་ནི་འདི་དགག་བའི་ཤེས་པ་ཉིད་དུ་འགྱུར་རོ། །དེས་ན་ཇི་ལྟར་ཤེས་པ་ལྡོག་པའི་ཡུལ་ཅན་དུ་ཡང་འགྱུར་ལ། དངོས་པོ་གཞན་གྱི་ཡུལ་ཅན་དུ་ཡང་བརྗོད་པར་བྱ། ཤེས་པ་འདི་ནི་སྔོན་པོའི་ཡུལ་ཅན་ཉིད་ཀྱི་འཇུག་པ་ཡིན་ནོ། །སྔོན་པོ་མ་ཡིན་པ་བཀག་པ་ཞེས་བྱ་བ་འདི་ནི་སྔོན་པོའི་ཅི་ཡང་མ་ཡིན་པའི་ཕྱིར་ཇི་ལྟར་དེ་རྟོགས་པས་སྔོན་པོའི་ཡུལ་ཅན་ཉིད་དུ་འགྱུར། དེ་ནི་སྔོན་པོ་མ་ཡིན་པ་ཉིད་ཀྱི་ཡིན་ལ། དེ་ཡང་སྔོན་པོ་ལ་སྦྱར་བ་ཡིན་ནོ། །དེ་ལ་སྔོན་པོ་མ་ཡིན་པ་ཉིད་རྟོགས་པར་བྱ་བ་ནི་མ་ཡིན་ལ། དགག་པ་ཡང་མ་ཡིན་ཏེ། དེའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །འདི་ནི་ལྡོག་པའི་ཡུལ་ཅན་ཡིན་ལ་ལྡོག་པ་གང་ཡིན་པ་དེ་ཉིད་ལོག་པ་ཡིན་ནོ། །འདི་ནི་རིགས་པ་ཡིན་ཏེ། དེ་ཚད་མའི་ཡུལ་ཉིད་ཡིན་ན་དངོས་པོ་གཞན་ཉིད་དངོས་པོ་མེད་པ་ཡིན་པའི་ཕྱིར་རོ་ཞེས་མ་དམིགས་པའི་སྐབས་སུ་བསྟན་ཟིན་ཏོ། །དེའང་འདིར། དེ་བཞིན་དུ་ཁོ་ནར་རྟོགས་པར་བྱེད། །ཇི་ལྟར་ཐ་དད་པའི་ཡུལ་ཅན་གྱི་ཤེས་པ་དེ་ཐ་དད་པའི་སྒོ་ནས་རྟོགས་པར་བྱེད་པ་དེ་བཞིན་དུ། སྔོན་པོ་ལ་སོགས་པའི་ཤེས་པ་ཡང་ཡིན་ཏེ། འདི་ལྟར་དེ་དག་གིས་ཀྱང་རྣམ་པར་གཅོད་པ་ཡུལ་དུ་བྱེད་པ་ཡིན་ནོ། །རང་གི་དོན་ལ་ཐ་དད་བློ། །བྱེ་བྲག་མེད་ཕྱིར་འཇུག་ཁྱད་ཡིན། །ཐ་དད་པ་ཞེས་བྱ་བ་དངོས་པོའི་རང་གི་བདག་ཉིད་རྣམ་པར་གནས་པ་ལས་གཞན་པ་ནི་མེད་དོ། །དེ་ལ་དངོས་པོ་གཞན་མེད་དོ་ཞེས་བཀག་ཀྱང་དེའི་ཁྱད་པར་འགའ་ཡང་བརྗོད་པ་མེད་པའི་ཕྱིར་ཏེ། རང་གི་བདག་ཉིད་ལ་རྣམ་པར་གནས་བའི་དངོས་པོ་


DTG190_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་དེ་སྐད་བརྗོད་པའི་ཕྱིར་རོ། །དེས་ན་ཐ་དད་པ་རྟོགས་པས་རང་བཞིན་ཉིད་རྟོགས་པར་བྱ་བ་ཡིན་པའི་ཕྱིར་དོན་ཐ་མི་དད་པ་ཉིད་ན་རྟོགས་པ་དུ་མར་མི་འགྱུར་རོ། །འོ་ན་ཇི་ལྟར་ཐ་དད་ཅེ་ན། བྱད་པ་ཐ་དད་པའི་ཕྱིར་རོ་ཞེས་སྨྲའོ། །རང་གི་བདག་ཉིད་ཙམ་ལ་རྣམ་པར་གནས་པའི་དངོས་པོ་གཞན་དང་མ་འདྲེས་པའི་ལུས་ཀྱི་དངོས་པོ་རང་གི་རྒྱུ་ཉིད་ལས་བྱུང་ཡང༌། ལོག་པའི་ཤེས་པས་རྣམ་པ་གཞན་དུ་རྟོགས་པས་དངོས་པོ་གཞན་གྱི་བདག་ཉིད་དུ་བྱས་པ་གང་ཡིན་པ་དེ་བསལ་བས་རྟོགས་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་སྲེ་བར་བྱེད་པའི་ཤེས་པ་སེལ་བས་རང་བཞིན་རྟོགས་པ་ནི་གཞན་སེལ་བའི་ཡུལ་ཅན་ཡིན་ནོ། །གལ་ཏེ་དོན་ཐ་དད་པ་མེད་པ་དང་ཐ་དད་པ་ལ་འཁྲུལ་བ་ལ་ལྟོས་ཏེ་ཤེས་པ་ཐ་དད་པ་དང་ཐ་མི་དད་པ་སྐྱེ་བ་ན། རྟོགས་པར་འགྱུར་བའི་རང་བཞིན་ལ་ཐ་དད་པ་འམ་ཐ་མི་དད་པར་ཇི་ལྟར་རྟོགས་ཏེ། དེ་ནི་དེ་ལ་མེད་པའི་ཕྱིར་རོ། །གཅིག་ལ་དུ་མ་འམ། དུ་མ་ལ་གཅིག་ཡོད་པ་ནི་མ་ཡིན་ནོ། །ཐ་མི་དད་པ་ལ་ཐ་མི་དད་པར་རྟོགས་ན་ཡང་ཐ་མི་དད་པའི་ཤེས་པ་ཐ་དད་པའི་སྒྲོ་འདོགས་རྣམ་པར་གཅོད་པའི་འབྲས་བུ་ཅན་དེ་མི་འགྱུར་བ་ནི་ཕྱིར་ཐ་དད་པའི་ཡུལ་ཅན་ཉིད་མ་ཡིན་ནོ། །དེ་བཞིན་དུ་ཐ་དད་པ་ཐ་དད་པ་ཉིད་དུ་རྟོགས་པ་ཐ་དད་པའི་ཤེས་པའི་རྟེན་དུ་གྱུར་པ་ལ་ཐ་མི་དད་པའི་སྒྲོ་འདོགས་རྣམ་པར་གཅོད་པར་བྱེད་པ་ཉིད་ཀྱིས་ཐ་དད་པའི་དོན་ཅན་ཉིད་མ་ཡིན་ནོ་ཞེ་ན། འདིར་བརྗོད་པ། ཐ་དད་རྗེས་མཐུན་ལག་པའི་དོན། །ཐ་དད་འདྲེས་པའི་རང་བཞིན་ཆོས། །དེར་བརྟེན་བདག་གིས་རྟོགས་ཞེས་འབྲེལ་ཏོ། །རྣམ་པར་རྟག་པས་བརྟགས་པའི་ཆོས་བ་ལང་དང༌། དཀར་པོ་དང་འགྲོ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་བདག་ནི་ལོག་པའི་དོན་ཡིན་ཏེ། ཕྱི་རོལ་མེད་པའི་ཕྱིར་དང༌། རྟོག་པ་ཙམ་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །ཐ་དད་པའི་རྗེས་སུ་མཐུན་པས་ན་ཐ་དད་པ་དང་འདྲེས་པའི་རང་བཞིན་གྱི་ཆོས་དེ་དག་གིས་ཤེས་པ་དེ་ལྡོག་པའི་ཡུལ་ཅན་ཡིན་ནོ། །ཇི་ལྟར་འཁྲུལ་བ་ཐ་དད་པ་ལས་གཅིག་ལ་ཐ་དད་པ་ཐ་དད་པ་དག་དང༌། འཁྲུལ་བ་གཅིག་ལས་ཐ་མི་དད་པ་ཡིན་པ་དེ་བཞིན་དུ་ངོ་བོ་ཡང་ཐ་དད་པ་དང་འདྲེས་པར་རྟོགས་པ་ཡིན་ནོ། །འདི་ལྟར་


DTG190_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་མ་ཡིན་པ་དང་བ་ལ་དམ་ཡིན་པའི་འཁྲུལ་པའི་གཞིར་གྱུར་བ་གཅིག་ཉིད་ལ་དེ་བཟློག་པའི་འབྲས་བུ་ཅན་གྱི་ཤེས་པ་ཐ་དད་པ་འཇུག་པ་དག་རྣམ་པ་ཐ་དད་པ་མེད་པར་ནི་ཐ་དད་པར་མི་འགྱུར་རོ། །རྟོགས་པའི་བདག་ཉིད་ཀྱིས་ནི་བློ་ཐ་དད་པ་མ་ཡིན་ཏེ། འོན་ཀྱང་འཛིན་པ་ཐ་དད་པ་ཉིད་ལས་ཡིན་ནོ། །དེའི་ཕྱིར་འདི་རྟོགས་པར་བྱ་བ་ཐ་དད་པ་འགོག་པས་ཐ་དད་པ་ཐ་དད་པས་ན། ཐ་མི་དད་པ་ལ་ཐ་དད་པའི་འཁྲུལ་པ་བཟློག་པ་ཡིན་ནོ། །ཐ་དད་པ་ལ་ཐ་མི་དད་བ་ཡང་དེ་བཞིན་ནོ། །དེའི་ཕྱིར་ཐ་དད་པ་དང་འདྲེས་པ་དག་དེ་ལྟར་ཐ་དད་པའི་རྗེས་སུ་མཐུན་པ་ཡིན་ལ། རྣམ་པར་དབྱེ་བར་བྱ་བ་དང་མི་མཐུན་པར་རྟོགས་པའི་ཕྱིར་ཡང་ཐ་དད་བའི་རྗེས་སུ་མཐུན་པ་ཡིན་ནོ། །འབྱེད་པར་བྱེད་པ་ནི་རྣམ་པ་གང་ཞིག་བརྟགས་པས་འཁྲུལ་པ་སེལ་བར་ནུས་པ་དེའི་བདག་ཉིད་ཅན་དུ་འགྱུར་དགོས་སོ། །དེས་ན་བ་ལང་མ་ཡིན་པར་སྒྲོ་འདོགས་པ་ཟློག་པར་བྱེད་པ་ནི་བ་ལང་དུ་རྟོགས་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་རྣམ་པ་གཅིག་ལ་བ་ལང་གི་རྣམ་པ་ཉིད་ཐ་དད་པ་ཡིན་ལ། ཐ་དད་པ་འདྲེས་པ་དེ་ཉིད་ཡིན་ནོ། །དེའི་ཕྱིར་ཐ་དད་པ་དང་ཐ་མི་དད་པར་རྟོགས་པ་དག་ནི་ཐ་དད་པའི་ས་བོན་ཅན་ཡིན་ཏེ། གང་ཞིག་གང་ལ་མེད་པ་དེ་སྒྲོ་འདོགས་པར་བྱེད་པ་ནི་འཁྲུལ་པ་ཡིན་ལ། དེ་ཟློག་པ་ཡང་རྣམ་པར་རྟོག་པ་ཡིན་པའི་ཕྱིར་ཐ་དད་པའི་ས་བོན་ཅན་ཡིན་ནོ། །དེ་སྐད་དུ་ཕན་ཚུན་དུ་ཐ་དད་པ་འདིའི་ས་བོན་ཡིན་ཞེས་བཤད་དོ། །དེ་ལྟ་ན་ཡང་འཁྲུལ་པའི་རྣམ་པའི་གཉེན་པོ་ཉིད་ཀྱིས་དེ་ཟློག་པར་བྱེད་པ་ཐ་དད་པ་དང་འདྲེས་པ་ལྟ་བུའི་ཁྱད་པར་ཅན་གྱི་རྣམ་བ་རྟོག་བར་བྱེད་པས་དེ་ལས་བཟློག་པའི་དངོས་པོ་དེའི་བདག་ཉིད་ཀྱིས་རྟོགས་པར་ཇི་ལྟར་འགྱུར། དོན་ཇི་ལྟ་བུ་དེ་ལྟ་བུའི་རྣམ་པ་ཅན་གྱི་ཤེས་པ་ནི་དེ་གསལ་བར་བྱེད་པའི་རང་བཞིན་ཉིད་ཀྱིས་དེ་རྟོགས་པར་འགྱུར་བ་ཡིན་ན། ཐ་མི་དད་པའི་དོན་ལ་ཐ་དད་པར་འཛིན་པ་དང༌། ཐ་དད་པ་ལ་ཐ་མི་དད་པར་ཤེས་པ་གོ་ཅི་ལྟར་དེའི་ཡུལ་ཅན་ཡིན། དེའི་ཕྱིར་ཇི་ལྟར་གཞན་བཟློག་པའི་སྒོ་ནས་རྟོགས་བ་འདི་དོན་གྱི་ཡུལ་ཅན་ཡིན་ཞེ་ན། དེ་ནི་བདེན་ཏེ། དེ་ཉིད་ཀྱི་ཕྱིར། དེ་ནི་དེ་དོན་ཅན་མིན་ཏེ། །དེ་དག་ཏུ་འཁྲུལ་དེར་ངེས་པ། །དེ་ཡི་བློ་ལ་བརྟེན་ཕྱིར་རོ། །ཤེས་པ་དེ་ནི་ཐ་དད་པ་


DTG190_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲེས་པའི་རྣམ་པའི་བདག་ཉིད་ཀྱིས་ན་དེ་ལས་བཟློག་པའི་དངོས་པོའི་ཡུལ་ཅན་བསལ་པ་ཡིན་ཏེ། ཐ་དད་པ་དང་འདྲེས་པའི་རང་བཞིན་དུ་འཁྲུལ་པ་ཉིད་དོ། །དེ་ལྟ་མོད་ཀྱི་ཉ་ཕྱིས་ལ་དངུལ་གྱི་རྣམ་པ་ལྟར་འདི་དེ་ལ་དེའི་བདག་ཉིད་རྣམ་པ་ཐམས་ཅད་དུ་འཁྲུལ་པ་ནི་མ་ཡིན་ཏེ། ཡོད་པའི་དོན་གྱི་བློ་ལ་བརྟེན་པའི་ཕྱིར་རོ། །འདི་ལྟར་སྔོན་པོ་ཉམས་སུ་མྱོང་བའི་འདུ་བྱེད་ཀྱི་མཐུ་ལས་བྱུང་བའི་སྔོན་པོའི་རྣམ་པར་རྟོག་པ་ནི། ཚལ་དམིགས་པ་དང༌། དངོས་པོ་གཞན་དང་འདྲེས་པ་དེའི་རང་བཞིན་ཡུལ་དུ་བྱེད་པ་ཡིན་ནོ། །དེའི་ཕྱིར་འདི་ནི་སྔོན་པོ་ཉིད་རྟོགས་པ་ཡིན་ནོ། །དེའི་ཕྱི་རོལ་གྱི་སྔོན་པོ་དང་ནི་མི་མཐུན་ཏེ། ཐ་དད་པ་དང་འདྲེས་པ་དག་དང༌། ལོང་བ་དང་འོན་པ་ལ་སོགས་པ་མེད་པར་ཐལ་བར་མི་འགྱུར་བའི་རྒྱུ་མཚན་སྔོན་པོ་རྟོགས་པར་ཁྱད་མེད་ཀྱང༌། མངོན་སུམ་དང་མངོན་སུམ་མ་ཡིན་པའི་རྒྱུ་སྣང་བ་ཐ་དད་པའི་ཡང་ཕྱིར་རོ། །དཔེར་ན་མི་གསེར་གྱི་ནད་དང་ལྡན་པས་དུང་ཉིད་རྟོགས་པས་དེ་ལ་སེར་པོར་གཅོད་པ་ཕྱི་རོལ་གྱི་དང་མི་འདྲ་བའི་ཕྱིར་དེ་རྟོགས་པ་མ་ཡིན་པ་བཞིན་ནོ། །གལ་ཏེ་སྔོན་པོའི་རྣམ་པར་རྟོག་པ་དང་སེར་པོར་སྣང་བ་དེའི་དངོས་པོའི་ཡུལ་ཅན་མ་ཡིན་པ་དེ་ལྟ་ན་ཡང༌། སེར་པོར་སྣང་བ་ནི་ཕྱི་རོལ་གྱི་དངོས་པོའི་ཡུལ་ངེས་པར་བྱེད་པ་མ་ཡིན་ནོ། །སྔོན་པོའི་རྣམ་པར་རྟོག་པ་ནི་དེ་ལྟ་མ་ཡིན་ཏེ། མཐོང་བའི་དངོས་པོའི་རང་བཞིན་དུ་ཞེན་པས་རང་གི་ཡུལ་ལ་འཇུག་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་སྔོན་པོ་ཉིད་རྟོགས་པ་ཡིན་ལ། ཕྱི་རོལ་ཡང་སྔོན་པོ་ཡིན་ནོ། །མཐོང་བ་དང་མི་མཐུན་པ་ནི་དེ་ལ་མཐོང་བ་ཉིད་དུ་ཞེན་པས་བསྒྲིབས་པ་དེས་ན་དེ་ལ་ཕྱི་རོལ་རྟོགས་པར་བརྗོད་ཀྱི་དངོས་པོ་ལ་ནི་མ་ཡིན་ནོ། །དུད་སེར་པོ་ལ་ཡང་གནོད་བྱེད་སྐྱེས་པའི་སྔོན་རོལ་དུ་དོན་གྱི་ཡུལ་ཅན་ཉིད་དུ་ཞེན་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི། དེ་ལྟ་བུ་ནི་ཡོད་པ་མ་ཡིན་གྱི། སེར་པོར་ཞེན་པའི་ཕྱིར་དང༌། དེ་ཡང་མེད་པའི་ཕྱིར་རོ། །འདིར་མཐོང་བའི་སྔོན་པོར་ཞེན་པར་བྱེད་པ་ད་ལ་ཡང་དེ་ཁོ་ན་ལྟར་ཡིན་ནོ། །དེ་ལ་ནི་གནོད་པ་ཡོད་པའི་ཕྱིར་ཐ་དད་དུ་རྟོགས་ཀྱི། འདིར་ནི་དེ་ལྟ་མ་ཡིན་ནོ། །དེའི་ཕྱིར་སྔོན་པོ་ཙམ་རྟོགས་པ་དང༌། ཇི་ལྟ་བ་བཞིན་དུ་ཞེ་ན་པ་ལ་ལྟོས་ཏེ།


DTG190_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་རྟོགས་པ་ཉིད་དོ། །ཐ་དད་རྗེས་འགྲོས་སྟོང་པ་ཡིན། །ཕྱི་དོན་ཡོད་ཕྱིར། དོན་ལ་བ་ལང་དཀར་པོ་དག་ཐ་དད་པ་མེད་ཀྱི་རང་གི་ངོ་བོ་ནི་མ་ཡིན་ནོ། །ཇི་ལྟ་བུ་ཞིག་ཆོས་ཉིད་གཅོད་པས་རྟོགས་པ་དེ་ལྟ་བུ་དངོས་སུ་གཅིག་པ་ཡིན་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུའི་རང་བཞིན་ཅན་དེ་ནི་པ་ལང་ཉིད་ཡིན་ཏེ། ཐ་དད་བའི་འཁྲུལ་པ་སེལ་བ་ཉིད་ཀྱིས་ཐ་དད་པར་གྱུར་པའི་རྣམ་པར་རྟོག་པས་དེའི་རང་བཞིན་ཐ་དད་པར་བྱས་པ་ཡིན་ནོ། །བ་ལང་མ་ཡིན་པ་འཁྲུལ་པས་ནི་རྟ་ལ་སོགས་པར་སྒྲོ་འདོགས་པ་ཡིན་ལ། དཀར་པོ་མ་ཡིན་པར་འཁྲུལ་པས་ནི། དེ་ལ་བ་ལང་ནག་པོ་ལ་སོགས་པ་ཡང་ཡིན་ནོ། །དེ་བཞིན་དུ་ཁྲ་བོ་དང་སེར་པོ་ལ་སོགས་པ་དག་ཐ་མི་དད་པའི་བ་ལང་གི་བདག་ཉིད་ཀྱིས་མི་བདེན་པ་ཡིན་གྱི། བ་ལང་གི་རང་བཞིན་ཉིད་ནི་མ་ཡིན་ནོ། །དེ་ཐམས་ཅད་ལ་བ་ལང་མ་ཡིན་པ་མ་ཡིན་པར་སྒྲོ་འདོགས་པར་བཟོད་པའི་ཕྱིར་རེ་རེ་ཞིང་འཁྲུལ་པ་ཐ་དད་པས་འཁྲུལ་པ་ཟློག་པར་བྱེད་པའི་རྣམ་པར་རྟོག་པ་ཡང༌། རྣམ་པ་ཐ་མི་དད་པའི་ཕྱིར་ཐ་མི་དད་པར་འགྱུར་བ་ཡིན་ནོ། །གཞན་དུ་ན། དེ་ཡི་ཐ་དད་ཀྱང་མེད་འགྱུར། །གལ་ཏེ་བདེ་བར་གཤེགས་པ་དག་ཐ་དད་པ་དང་འདྲེས་པ་དང་བྲལ་བའི་བ་ལང་ཉིད་དཀར་པོ་ཉིད་ཀྱང་མི་འདོད་ན་ནི། །དེ་ལ་བ་ལང་མ་ཡིན་པ་ལས་ཐ་དད་པ་འམ། །དཀར་པོ་མ་ཡིན་པ་ལས་ཐ་དད་པར་ཡང་མི་འགྱུར་ཏེ། །བ་ལང་མ་ཡིན་པ་ཉིད་བ་ལང་མ་ཡིན་པ་ལས་ལྡོག་པ་འམ། །དཀར་པོ་མ་ཡིན་པ་ཉིད་ལ་ཟློག་པ་ནི་མེད་དོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་མེད་པའི་ཆོས་ཉིད་ཀྱང་མ་ཡིན་ཏེ། །དེའི་རང་གི་ངོ་བོ་ཉིད་དེ་ལྟར་སྣང་བའི་ཕྱིར་རོ། །དངོས་པོ་ལ་གཅིག་དང་དུ་མར་འཛིན་པ་ནི་འཁྲུལ་པ་ཡིན་ནོ་ཞེས་བཤད་དོ། །དོན་ལ་བརྟེན་པ་ཡིན་ན་ཡང༌། །དེས་སྟོང་མ་ཡིན་ཕྱིར་ཏེ་ཡང༌། །གལ་ཏེ་ཐ་དད་པ་དང་འདྲེས་པ་དག་ཉིད་འཁྲུལ་པ་ཉིད་ཀྱི་རང་གི་ངོ་བོ་ལ་མ་ཡིན་པ་དང༌། དེར་རྟོགས་པ་ཡང་ཞེན་པ་ལ་ལྟོས་ནས་ཡིན་ན། དེའི་ཕྱིར་ཞེན་པ་ལ་ལྟོས་ནས་སྒྲུབ་པ་ཉིད་རང་གི་སྒྲའི་དོན་དུ་འགྱུར་མོད། འཐད་པར་དཀའ་བའི་གཞན་སེལ་བའི་ཡུལ་ཅན་གྱིས་ཅི་ཞིག་བྱ་སྙམ་ན། དེ་ལ་བརྗོད་པ། དངོས་པོ་ལ་བརྟེན་ནས་


DTG190_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་རྣམ་པར་ཤེས་པ་དོན་ལ་བརྟེན་པ་ཡིན་ཡང་དེ་གཏོང་བ་མ་ཡིན་པའི་ཕྱིར་རོ། །དོན་རིག་པ། ཡོད་ཀྱང་དེ་ནི་གནས་ཕྱིར་རོ། །སྒྲོ་འདོགས་རྣམ་པར་གཅོད་པར་བྱེད་པ་ཉིད་ཀྱང་རྟོགས་པའི་ཕྱིར་དང༌། །རྣམ་པར་གཅོད་པའི་ཤེས་པ་རྣམས་ཀྱི་རྣམ་པར་གཅོད་པར་བྱེད་པ་ཉིད་ཀྱང༌། དེ་ཉིད་ལས་སྒྲུབ་པའི་ཕྱིར་འདི་སྔོན་པོ་མ་ཡིན་ནོ་ཞེས་བྱ་བའི་ཤེས་པ་དང་ཁྱད་པར་མེད་པས་ན། སྔོན་པོ་ལ་སོགས་པའི་ཤེས་པ་གལ་ཏེ་དོན་གྱི་ཡུལ་ཅན་ཡིན་ཡང་སེལ་བའི་ཡུལ་ཅན་ཁོ་ནའོ། །ཐ་དད་པ་དང་རྗེས་སུ་འགྲོ་བ་འགལ་བའི་ཕྱིར་དང༌། རྣམ་པར་གཅོད་པའི་ཡུལ་ཅན་ཉིད་དུ་ཡང་དེ་འཐད་པའི་ཕྱིར། དེའི་ཡུལ་ཅན་ཉིད་མ་ཡིན་ན་ནི། རྣམ་པར་གཅོད་པའི་ཡུལ་ཅན་ཉིད་དུ་གསལ་བ་ཉིད་དོ། །གལ་ཏེ་འདི་དག་གི་དོན་ལ་བརྟེན་པའི་བྱེད་པ་འདི་མེད་ན་ནི་ཇི་སྐད་བཤད་པའི་ཚུལ་གྱིས་བསྒྲུབས་པའི་ཡུལ་ཅན་དུ་འགྱུར་བ་ཁོ་ནའོ། །གལ་ཏེ་གང་གི་རྣམ་བཅད་ཀྱི་བདག་ཉིད་དེ་རང་རིག་པས་རྟོགས་པས་ན་གང་གི་རྣམ་པ་འཛིན་པ་དེ་ལ་དོན་རིག་པར་འགྱུར་བ་མ་ཡིན་ན། སྣང་བ་ཐ་དད་པ་ལ་སོགས་པས་དངོས་པོ་དང་མི་མཐུན་པའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པའི་ཤེས་པ་ནི་དངོས་པོ་སྣང་བ་ཅན་མ་ཡིན་པས་ཇི་ལྟར་དངོས་པོ་དེས་པའི་རང་བཞིན་དུ་འགྱུར་ཞེ་ན། ཉེས་པ་འདི་ནི་མེད་དེ། འདི་ལྟར། དོན་ངེས་པ་ནི་མྱོང་བ་མིན། །དེ་ཉིད་མིན་པ་མྱོང་བ་ནི། །ཅི་བཞིན་མྱོང་བྱ་གནས་པའི་ཕྱིར། །མེད་པར་རྟོགས་འགྱུར་ཆུ་སོགས་བཞིན། །གང་གི་དེ་མི་སྣང་ན་དེ་མ་ངེས་པར་འགྱུར་བ་དོན་ངེས་པ་ཞེས་བྱ་བ་དོན་མྱོང་པ་ཡིན་པར་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། རེ་ཞིག་ཡུལ་མེད་པར་སྨྲ་བའི་ཤ་ཟ་ཉིད་ལྡང་བར་འགྱུར་བའི་ཕྱིར་རོ། །དེས་ནི་རེ་ཞིག་འདི་ཉིད་བཟློག་པ་ན་མྱོང་བའི་རང་བཞིན་ཉིད་གཞག་པར་བྱ་སྟེ། དེས་ན་དེའི་འདོད་པ་བརྗོད་དོ། །གང་གི་ཕྱིར་དོན་མྱོང་བ་ཡིན་ན་གང་མྱོང་བ་དེ་ཉིད་ཡུལ་དུ་འགྱུར་ཏེ། མྱོང་བ་ནི་མྱོང་པར་འགྱུར་བའི་ཆོས་ལས་ལྷག་པ་མེད་པར་རིག་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་བདག་ཉིད་དོན་དུ་ཞེ་ན་པར་བྱེད་པའི་ཕྱིར་བདག་ཉིད་ཡུལ་དུ་བྱེད་པར་ནི་མི་ནུས་ཏེ། བདག་ཉིད་ནི་དོན་ལས་གཞན་ཡིན་པའི་ཕྱིར་དོན་རིག་པའི་ཡུལ་བདག་ཉིད་མ་ཡིན་པའི་ཕྱིར་རོ། །དཔེར་ན་


DTG190_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

སྨིག་རྒྱུ་ལ་ཆུར་རིག་པའི་ཡུལ་ནི་ཆུ་ཉིད་ཡིན་ནོ། །འོན་ཀྱང་སྨིག་རྒྱུ་ལ་ཉམས་སུ་མྱོང་བ་ནས་ཆུར་ཞེན་པ་ཡིན་པའི་ཕྱིར་གང་ལས་སྨིག་རྒྱུ་ལ་ཆུར་ངེས་སོ་ཞེས་བྱ་བའི་ཐ་སྙད་དུ་འགྱུར་བ་དེ་ལ་དེ་སྒྲོ་བཏགས་པར་བརྗོད་པ་ཡིན་ནོ། །དེ་ལྟར་བདག་ཉིད་ཉམས་སུ་མྱོང་བ་ནས་དོན་དུ་སྒྲོ་འདོགས་པ་ནི་མ་ཡིན་ཏེ། སྐད་ཅིག་གཉིས་སུ་གནས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་བདག་ཉིད་ཉམས་སུ་མྱོང་བ་དང་དུས་མཚུངས་པར་ངེས་པའི་ཡུལ་ནི་དངོས་པོ་མེད་པ་ཡིན་ནོ། །དེ་བདག་ཉིད་དུ་གྱུར་བའི་ཡུལ་གྱི་རྣམ་པ་ལས་ཐ་དད་པར་མ་ངེས་པ་ཉིད་ཀྱིས་བདག་ལ་སྒྲོ་བཏགས་པ་ཡིན་དུ་ཆུག་ཀྱང༌། འདི་དེ་བཞིན་དུ་མྱོང་བར་ནི་མི་བརྗོད་དོ། །བདག་ཉིད་ཅེས་ངེས་པ་ནི་མ་ཡིན་གྱི། འོན་ཀྱང་དོན་ནོ་ཞེས་ངེས་པ་ཡིན་ནོ། །དེའི་ཕྱིར་རྣམ་པར་རྟོག་པ་ནི་བདག་ཉིད་དང་འགའ་བའི་དོན་མྱོང་བའི་རང་བཞིན་ཡིན་ནོ། །དེ་ཡང་གལ་ཏེ་རྣམ་པ་དེ་ལྟ་བུའི་དོན་ཡོད་ན་ནི། དོན་གྱི་ཡུལ་ཅན་ཉིད་དུ་འགྱུར་བ་ཡིན་ན། དེ་མེད་པའི་ཕྱིར་ཡུལ་མེད་པ་ཉིད་དུ་འགྱུར་རོ། །འདི་ནི་ཟླ་བ་གཉིས་སོགས་བཞིན། །སྣང་བ་མེད་ཕྱིར་མྱོང་མིན་ཏེ། །ལུགས་ངན་སེལ་བར་བྱེད་པ་དང༌། །རང་བདག་རིག་བྱེད་ཡིན་པར་འདོད། །གལ་ཏེ་ངེས་པ་དོན་རིག་པ་ཡིན་ན་དེ་དེ་ལྟར་འགྱུར་བ་ཞིག་ཡིན་ན། རིག་པ་མ་ཡིན་པས་ཇི་སྐད་བརྗོད་པའི་ལྟ་བ་ངན་པ་ཟློག་པར་བྱེད་པ་དག་རང་གི་བདག་ཉིད་རིག་པར་བྱེད་པར་འདོད་དོ། །ཇི་ལྟར་རིག་པ་མ་ཡིན་ན། ཟླ་བ་གཉིས་ལ་སོགས་པ་ལྟར་སྣང་བ་མེད་པའི་ཕྱིར་རོ། །དོན་རིག་པར་བྱེད་པ་རྣམ་པར་རྟོག་པ་མེད་པས་དོན་རྟོགས་པ་ནི་རྣམ་པ་གཞན་ཡིན་ལ། རྣམ་པར་རྟོག་པས་རྟོགས་པ་ཡང་གཞན་ཡིན་ཏེ། དེ་ལྟ་མ་ཡིན་ན་མངོན་སུམ་དང་མངོན་སུམ་མ་ཡིན་པར་རྟོགས་པ་མེད་པར་འགྱུར་རོ། །དེའི་ཕྱིར་རིག་པར་བྱ་བ་ཇི་ལྟ་བ་བཞིན་གྱི་དོན་ལ་དོན་དུ་རྟོགས་པར་བྱེད་པ་དེ་ཉིད་དོན་རྟོགས་པ་ཡིན་ཏེ། དཔེར་ན་གང་ལ་སྔོན་པོ་གསལ་བ་དེ་ཉིད་སྔོན་པོ་རྟོགས་པ་ཡིན་པ་བཞིན་ནོ། །འདི་ལྟར། དེ་ལྟའི་དོན་ནི་མེད་ཀྱང་བླ། །དོན་གྱི་ཡུལ་ཅན་གྲུབ་པ་ཡིན། །ཤེས་ལས་རྣམ་གཞན་རྟོགས་པ་ནི། །དེ་ལྟའི་དོན་ཀྱང་དངོས་བློ་མིན། །དོན་གྱི་ཡུལ་གྱི་དངོས་པོ་ལ་གནོད་པ་མེད་པའི་རྟོགས་པ་གང་


DTG190_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ནི་ཅི་ལྟར་སྣང་བའི་དོན་ཡོད་པས་དེ་རྟོགས་པ་ཉིད་དུ་གྲུབ་པ་ནི་ཡོད་པའི་དོན་རྟོགས་པར་འགྱུར་བ་ཡིན་ནོ། །མེད་ན་ནི་དོན་རྟོགས་པ་ཉིད་འཁྲུལ་པ་ཡིན་ཏེ། དོན་མེད་པར་རབ་རིབ་ལ་སོགས་པས་དེ་ལྟར་བསྐྱེད་པའི་ཕྱིར་རོ། །རྟོགས་པ་དེ་དང་མི་མཐུན་པར་སྣང་བ་ནི་དེ་ལྟ་བུའི་དོན་ཡོད་ཀྱང་དོན་རྟོགས་པ་མ་ཡིན་ཏེ། །རྗེས་སུ་དཔག་པའི་ཤེས་པ་བཞིན་ནོ། །དེའི་ཕྱིར་གལ་ཏེ་རྣམ་པར་རྟོག་པ་དོན་མེད་ཀྱང་དོན་དུ་ཞེ་ན་པའི་རང་བཞིན་དོན་རྟོགས་པ་ཉིད་ཡིན་ན་རྨི་ལམ་དུ་དམིགས་པའི་རྣམ་པར་རྟོག་པ་མེད་པ་སྔོན་པོ་གསལ་བ་ལྟར་སྔོན་པོར་རྣམ་པར་རྟོག་པ་སྔོན་པོར་རིག་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་འདི་ལ་ནི་འཁྲུལ་ཀྱང་དོན་རྟོགས་པ་མེད་དོ། །བློ་ལ་ཇི་ལྟར་དོན་སྣང་བ། །དེ་ལྟར་སྔོན་པོ་དངོས་པོ་ཉིད། །དེ་ཡོད་ན་ཡང་ཅི་བཞིན་དུ། །སྣང་དང་འགལ་ཏེ་དངོས་བློ་མིན། །ཅི་སྟེ་ཡང་སྔོན་པོ་ནི་དོན་བྱེད་ནུས་པའི་དངོས་པོ་ཡིན་ལ། རྣམ་པར་རྟོག་པ་ལ་ཡང་དེ་ལྟར་རྟོག་པ་ཡོད་པའི་ཕྱིར་དེ་ཉིད་དངོས་པོར་ཞེན་པ་ཡིན་ནོ། །བདག་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཏེ་བདག་གི་ཡུལ་ཅན་མ་ཡིན་ལ། དེ་ལྟ་བུར་གྱུར་པ་ཡང་མེད་པའི་ཕྱིར་མེད་པ་སྣང་བ་ཡིན་ནོ། །དེ་ནི་མ་ཡིན་ཏེ། གང་གི་ཕྱིར་སྔོན་པོ་དོན་བྱེད་པར་ནུས་པའི་དངོས་པོ་ཡིན་ནོ་ཞེས་གང་ལས་རྟོགས། །འདི་དེ་ལྟར་ཚད་མས་རྟོགས་པའི་ཕྱིར་རོ་ཞེ་ན། འོ་ན་དེ་ལ་ཅི་ལྟ་བུར་གྱུར་པ་ཉིད་དུ་སྣང་བ་དེ་ལྟ་བུར་གྱུར་པ་ཉིད་དངོས་པོ་དེ་ཡིན་ལ་དེ་ལྟ་བུར་གྱུར་བ་ཉིད་ནི་སྣང་བའི་བློ་ཡིན་ནོ། །རྣམ་པར་རྟོག་པའི་བློ་ལ་ནི་དེ་ལྟར་སྣང་པ་མེད་དེ། དེའི་ཕྱིར་དེ་དངོས་པོ་མ་ཡིན་པ་ལ་དེ་དངོས་པོ་ཤེས་པ་ཡང་མ་ཡིན་ནོ། །རྨི་ལམ་ན་ནི་དེ་ལྟར་སྣང་བ་ཡོད་པའི་ཕྱིར་དེ་དངོས་པོ་ཤེས་པ་ཡིན་ནོ། །གལ་ཏེ་དངོས་པོ་གྲུབ་ན་ནི་དངོས་པོ་ཡོད་པ་ལ་ཡིན་ལ། དེ་མེད་པའི་ཕྱིར་ནི་དངོས་པོ་མེད་པ་ལ་རྣམ་པར་ཤེས་བ་འཁྲུལ་བ་ཉིད་དོ། །རྣམ་པར་རྟོག་པའི་ཤེས་པ་པ་དེ་ལྟར་སྣང་བ་དང་མི་མཐུན་པ་ཉིད་ཀྱིས་དངོས་པོ་རྟོགས་པ་མ་ཡིན་བ་ལས། གལ་ཏེ་སྔོན་པོ་ཡོད་པ་ལ་དེ་ལྟར་འཛིན་ནུས་ན་འདི་དངོས་པོའི་བློར་འགྱུར་རོ། །དེ་ལྟར་ནི་མ་ཡིན་ཏེ། དེ་སྣང་ན་རང་གི་ངོ་བོ་ཅི་ལྟ་བ་བཞིན་སྣང་བའི་ཕྱིར།


DTG190_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་མཚོན་པའི་སྣང་བ་སྐྱེ་བར་ཐལ་བར་འགྱུར་རོ། །རྒྱུ་ཐ་དད་པའི་ཕྱིར་སྣང་བ་ཐ་དད་དོ་ཞེ་ན། རྒྱུ་ཐ་དད་ལ་འགལ་ཏེ་དེ། །སྣང་ན་བློ་དབྱེ་གང་ལས་ཡིན། །གལ་ཏེ་སྒྲ་འམ་བློ་ལས་རིག་པར་བྱ་བ་ལ་བློ་ཐ་དད་པར་བྱས་ན་དེ་སྡང་བ་མེད་པར་ཐལ་བར་འགྱུར་རོ། །དེའི་བློ་སྐྱེས་པ་ལ་དེ་སྣང་བའི་ཕྱིར་དེ་ཡུལ་དུ་འགྱུར་བ་ཡིན་ནོ། །གལ་ཏེ་དེ་སྣང་ན་བློ་ཐ་དད་པ་ག་ལས་ཡིན། དེས་ན་གང་གི་ཚེ་སྣང་བའི་དོན་སྣང་བར་མི་བཟོད་པ་དེས་ན་འདི་དངོས་པོའི་བློ་མ་ཡིན་ནོ། །དངོས་པོ་རྟོགས་པ་མེད་ན་ནི། །གང་ལས་རང་བདག་དམིགས་མ་ཡིན། །གང་གི་ཚེ་དེ་ལྟར་དངོས་པོའི་བློ་མེད་པ་དེའི་ཚེ་དངོས་པོར་ཞེན་པས་ཉམས་སུ་མྱོང་བས་གྲུབ་པ་གང་ཞིག་ཡིན། གང་གིས་བདག་གི་ཡུལ་ཅན་ཉིད་དུ་མི་འགྱུར། དེས་ན། གང་སྣང་དེ་འདིར་བདག་ཉིད་དེ། །གཞན་གང་དེ་ནི་མི་སྣང་ཉིད། །དངུལ་སོགས་སྣང་དང་ཉི་ཕྱིས་ལས། །གཞན་ཉིད་དུ་ཡང་རྟོགས་པ་ཡིན། །སྔོན་པོའི་རང་བཞིན་དེ་ལ་སྣང་བའི་ཕྱིར་དེ་ཤེས་པ་ཉིད་དུ་མི་འགལ་ལོ། །ཕྱི་རོལ་དུ་ཞེན་པ་གང་ཡིན་པ་དེ་ནི་རིག་པར་བྱ་བ་མ་ཡིན་པའི་ཕྱིར་དེ་ལྟ་བུར་གྱུར་པ་མེད་པས་མེད་པའི་ཡུལ་ཅན་ཉིད་དུ་མི་འགྱུར་རོ། །གལ་ཏེ་མི་གསལ་བར་སྣང་བས་དངོས་པོ་རིག་པ་མ་ཡིན་ན། ཐག་རིང་པོར་དོན་རྣམས་དེ་ལྟར་རྟོགས་པའི་ཕྱིར་དབང་པོའི་ཤེས་པ་དངོས་པོའི་ཡུལ་ཅན་མ་ཡིན་པར་འགྱུར་རོ། །དངོས་པོའི་ཡུལ་ཅན་མ་ཡིན་པ་ཁོ་ནའོ་ཞེ་ན། མི་གསལ་བར་སྣང་བས་ཟླ་བ་གཉིས་ལ་སོགས་པ་དང་མི་མཐུན་པར་ཤེས་པ་འདི་རྣམ་པར་རྟོག་པ་བཞིན་དུ་འཁྲུལ་པས་དངོས་པོ་རིག་པར་ཡང་མི་འགྱུར་རོ། །མ་ཡིན་ཏེ། ཐག་རིང་པོ་མ་ཡིན་པ་དང་བསྐལ་བར་མི་གསལ་བར་སྣང་བ་ཉིད་ཀྱིས་ཉེ་བར་མཚོན་པའི་ཕྱིར་རོ། །འདི་འབའ་ཞིག་ནི་ཁྱད་པར་མ་ཡིན་ཏེ། འདིར་མི་མཐུན་པ་ཉིད་ནི་ཉམས་སུ་མྱོང་བས་གྲུབ་པ་ཉིད་དོ། །དེ་ལྟ་མ་ཡིན་ན། ཐག་རིང་པོ་ནས་སྔོན་པོ་དམིགས་པ་དང༌། དེ་ཉིད་དུ་རྟོག་པ་དབང་པོའི་བྱེད་པ་འཇུག་པ་ལ་མཐོང་བ་དང་བརྟགས་པ་ཉིད་དུ་རྣམ་པར་ཕྱེ་ནས་རྟོགས་པར་མི་འགྱུར་རོ། །དེའི་ཕྱིར་མི་གསལ་བར་སྣང་ཡང་རྣམ་པར་རྟོག་པ་དང་མི་མཐུན་པ་ཟླ་བ་གཉིས་བཞིན་དུ་འདི་ནི་སྔོན་པོ་


DTG190_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ཉིད་ཡིན་ནོ། །དེ་ལྟར་རྣམ་པར་རྟོག་པ་ལ་དངོས་པོ་རྟོགས་པ་འགའ་ཡང་མེད་པས་ན་རྣམ་པ་དེ་ལྟ་བུའི་དངོས་པོ་མེད་པའི་ཕྱིར་མེད་པའི་ཡུལ་ཅན་ཉིད་མ་ཡིན་ནོ། །དངུལ་ལ་སོགས་པ་ལ་ནི་དངུལ་སྣང་བ་དང༌། ཉ་ཕྱིས་ལ་སོགས་པ་ལས་གཞན་ཡིན་པའི་ཕྱིར་མྱོང་བ་དེ་ཉ་ཕྱིས་ཀྱི་ཡུལ་ཅན་མ་ཡིན་ཏེ། འོན་ཀྱང་དངུལ་གྱི་ཡུལ་ཅན་ཉིད་དོ། །ཉ་ཕྱིས་ཀྱི་ཡུལ་ཉིད་དུ་དེ་ལྟར་རྟོགས་པས་ཕྱིན་ཅི་ལོག་ཏུ་རྟོགས་པར་བརྗོད་ཀྱི་ཉམས་སུ་མྱོང་བ་ཉིད་ཀྱིས་དེ་ལྟར་རྟོགས་པའི་ཕྱིར་ནི་མ་ཡིན་ཏེ། ཁྱད་པར་དང་ཁྱད་པར་ཅན་གྱི་ངོ་བོ་རྟོགས་པ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པའི་སྔོན་པོའི་རྣམ་པ་ནི་ཤེས་པ་ལ་ཡང་སྲིད་པ་དང༌། དོན་དུ་ངེས་པ་དོན་མྱོང་བ་ཡང་མ་ཡིན་པ་དེའི་ཕྱིར་འདི་མེད་པའི་ཡུལ་ཅན་ཉིད་འཇུག་པ་མ་ཡིན་ནོ། །གཞན་ཡང༌། དེ་ཡི་ངོ་བོར་སྣང་བ་ལས། །མྱོང་བ་གཞན་འགའ་ཡོད་མ་ཡིན། །དོན་གྱི་ངོ་བོར་སྣང་ཡང་ནི། །དེ་ནི་བློ་ཡི་འདྲ་ཉིད་ཡིན། །ལྷག་པར་ཞེན་པ་དོན་རིག་པ་ཉིད་ཡིན་ན་བདག་ཉིད་མ་ངེས་པའི་ཕྱིར་ཡུལ་མ་ཡིན་ལ། དོན་ངེས་པའི་ཕྱིར་དོན་ཉིད་ཡུལ་ཡིན་ཞིང༌། དེ་ལྟ་བུ་ཡང་ཡོད་པ་མ་ཡིན་པའི་ཕྱིར་མེད་པའི་ཡུལ་ཅན་ཉིད་དུ་འགྱུར་ཏེ། དེ་ལྟ་མ་ཡིན་ན་དེའི་ཡུལ་ཅན་ཉིད་དུ་ཡང་མི་འགྲུབ་པའི་ཕྱིར་རོ། །དོན་མྱོང་བ་ཉིད་ཡིན་ཡང་བདག་ཡུལ་ཡིན་པར་ནི་མི་འགལ་ཏེ། ཟླ་བ་གཉིས་ལ་སོགས་པའི་ཤེས་པ་བཞིན་ནོ། །འདི་ལྟར་མྱོང་བ་ཞེས་བྱ་བ་དོན་གསལ་བ་ཉིད་མ་གཏོགས་པ་གཞན་ནི་འགའ་ཡང་མེད་དོ། །དེའི་ཕྱིར་གསལ་བ་དེ་ནི་དོན་ཡིན་ལ། བདག་ནི་དེ་ལས་གཞན་ཡིན་པའི་ཕྱིར་བདག་ཡུལ་མ་ཡིན་ཞེ་ན། དེ་ལྟ་བུ་མེད་པའི་ཕྱིར་ཡུལ་མེད་པ་ཉིད་ཡིན་ནོ། །ཤེས་པ་ཡང་དོན་ཅི་ལྟ་བུར་གྱུར་པ་རྣམ་པ་དེ་ལྟ་བུའི་གཟུགས་བརྙན་དང་འབྲེལ་པས་གང་སྣང་བ་ན་སྣང་བ་འདི་ནི་དོན་ཡིན་ནོ་ཞེས་བརྗོད་དེ། དེ་ལྟར་སྣང་བ་དེ་ཤེས་པ་ལས་ཡང་མི་སྲིད་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟར་སྣང་བ་དེ་དོན་གྱིས་བྱས་པ་ཡིན་པ་དེ་ལྟ་ན་དེ་ལྟར་སྣང་བ་དེ་དོན་གསལ་བའི་རང་བཞིན་ཡིན་པའི་ཕྱིར་དོན་རྟོགས་པ་ཉིད་དོ། །གཏོད་པར་བྱེད་པ་དོན་གྱི་བྱེད་པ་མེད་ན་ནི་དེ་ཤེས་པ་དེ་ཙམ་སྣང་བར་བྱེད་དེ། ཟླ་བ་གཉིས་ལ་


DTG190_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བའི་ཤེས་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་ནི་རྣམ་པར་རྟོག་པ་མེད་པའི་ཤེས་པ་ཡང་དོན་གྱི་རྣམ་པ་ཅན་དུ་མི་འགྱུར་རོ། །གལ་ཏེ་རྣམ་པར་རྟོག་པ་མེད་པ་ནི་སྣང་བ་དོན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཅན་ཡིན་གྱི། འགའ་ཡང་ངེས་པ་ནི་མ་ཡིན་ནོ། །དེས་ན་འདིའི་འཛིན་པ་དང་མི་འཛིན་མིན་སྣང་བ་ལ་ལྟོས་པ་ཡིན་ནོ། །རྣམ་པར་རྟོག་པ་ནི་ཕྱི་རོལ་གྱི་སྲེག་པ་དང་རྗེས་སུ་འབྲེལ་བ་ཡོད་པ་དང་མེད་པར་སྣང་བ་མ་ཡིན་ཡང་ཕྱི་རོལ་ངེས་པ་ཡིན་ཏེ། དེའི་ཕྱིར་ངེས་པ་ཉིད་དེའི་བཟུང་བ་ཡིན་ནོ། །དེ་ཡང་ཕྱི་རོལ་ཉིད་ཡིན་གྱི་རང་གི་ངོ་བོ་ནི་མ་ཡིན་ཞིང༌། རྣམ་པ་དེ་ལྟ་བུ་ཡང་མེད་པའི་ཕྱིར་ཡུལ་མེད་པ་ཉིད་དོ་ཞེ་ན། འདི་ལ་བཤད་ཟིན་ཏོ། །ཞེན་པ་ཞེས་བྱ་བ་གལ་ཏེ་རིག་པར་བྱེད་པ་མ་ཡིན་ན། དེ་ལས་ཡུལ་གནས་པ་མེད་པའི་ཕྱིར་དེ་ལ་ལྟོས་ནས་འཛིན་པ་དང༌། འཛིན་པ་མ་ཡིན་ནོ། །འོན་ཏེ་མྱོང་བར་བྱེད་པ་ཡིན་ན་དེ་མྱོང་བ་ཞེས་བྱ་བ་ནི་ཞིག །དེ་ལྟ་བུར་གྱུར་པའི་དོན་གསལ་བར་བྱེད་པའོ། །ཇི་ལྟ་བུར་གྱུར་པ་གསལ་བར་བྱེད་པ་དེ་ལྟ་བུ་ཉིད་དུ་གྱུར་ནས་རང་ཉིད་སྣང་བའི་ཕྱིར་གང་གིས་མེད་པའི་ཡུལ་ཅན་དུ་འགྱུར་བ། བློ་གྲོས་ངན་པས་བརྟགས་པའི་དངོས་པོ་མེད་པ་སྣང་བ་ཞེས་བྱ་བ་འདི་བཟུང་བའི་རྣམ་པ་ལས་དཔག་པ་ཅི་ཡོད། གལ་ཏེ་དེ་ལྟ་ན་རྟོག་པ་མེད་པ་དང་ཁྱད་པར་མེད་པར་ཐལ་བར་འགྱུར་རོ། །བདེན་ཏེ་མྱོང་བའི་བདག་ཉིད་ཀྱིས་ཡིན་ནོ། །ཁྱད་པར་ནི་མྱོང་བའི་རང་བཞིན་མ་ཡིན་པ་ཞེན་པ་ཉིད་ལས་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །གལ་ཏེ་ཤེས་པའི་རྣམ་པར་ཤེས་པ་དང་ཐ་མི་དད་པའི་ཕྱིར་དེའི་དུས་པ་ཉིད་ཀྱིས་སྔ་མ་དང་ཕྱི་མར་ཡོད་པ་མ་ཡིན་པའི་ཕྱིར་དང༌། རང་གི་མཚན་ཉིད་ཀྱི་རང་བཞིན་ཡིན་པས་རྗེས་སུ་འགྲོ་བ་མེད་པའི་ཕྱིར་མཚམས་སྦྱོར་བའི་རང་བཞིན་གྱིས་རྟོགས་པ་མི་འཇུག་པས་རྣམ་པར་རྟོག་པ་ཉིད་དུ་མི་འཐད་དོ། །གལ་ཏེ་འདི་རང་རིག་པས་རང་གི་བདག་ཉིད་ཇི་ལྟ་བ་བཞིན་སྣང་བ་དེ་ཙམ་གྱིས་མཐར་ཕྱིན་པ་ཡིན་ན་ནི་དེའི་ཚེ་ཟླ་བ་གཉིས་ཀྱི་ཤེས་པ་བཞིན་དུ་རང་གི་བདག་ཉིད་ལ་རྣམ་པར་རྟོག་པ་མེད་པ་ཉིད་དོ། །འོན་ཏེ་སྔོན་པོ་ལ་སོགས་པའི་ཤེས་པ་བཞིན་དུ་མྱོང་བའི་རང་བཞིན་དེ་དོན་གྱི་མཐར་ཐུག་པ་ཉིད་ཡིན་ན། དེའི་ཚེ་


DTG190_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྣང་བ་དེ་དང་ཐ་མི་དད་པའི་ཕྱིར་རང་གི་ངོ་བོས་དེ་ལྟ་བུའི་རྣམ་པ་ཅན་ཡིན་པས་དེ་གསལ་བ་ཉིད་དུ་འགྱུར་བའི་ཕྱིར། །དེ་ལྟ་ན་ཡང་རྟོག་པ་མེད་པ་ཉིད་དོ། །དེའི་ཕྱིར་སྔོན་པོའི་རྣམ་པ་ཡོད་ཀྱང་རྣམ་པར་རྟོག་པ་ནི་ཐ་དད་པར་སྔ་མ་དང་ཕྱི་མ་དང༌། ཕྱི་རོལ་གྱི་རང་བཞིན་དུ་སྣང་བ་དང་རྗེས་སུ་འགྲོ་བ་རིག་པའི་རང་བཞིན་ཉིད་དུ་འདོད་པར་བྱ་བ་ཁོ་ནའོ། །དེས་ན་རྣམ་པར་རྟོག་པ་འདིའི་དེ་རྣམ་པ་ཅན་མ་ཡིན་ཡང་དེའི་རིག་པ་ཡིན་ལ་དེའི་ཡུལ་དེ་འདྲ་བ་དེ་ཡང་མེད་པའི་ཕྱིར་བདག་ཉིད་དུ་གྱུར་པ་མ་ཡིན་པ་ཉིད་འདི་ནི་སྒྲོ་འདོགས་པ་ཞེས་བྱའོ་ཞེ་ན། འདི་ལ་སྨྲས་པ། ཤེས་པའི་དངོས་པོར་མི་འཐད་རྣམས། །གལ་ཏེ་རིག་ན་འཁྲུལ་མ་ཡིན། །མིན་ན་དེ་དག་ཤེས་པར་ཡང༌། །རྣམ་པར་རྟོག་པས་ནི་སྔ་མ་དང་ཕྱི་མ་མཐོང་བ་ཉིད་དང༌། ཐ་མི་དད་པར་ཡུལ་རྟོགས་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་དེ་སྒྲའི་ཡུལ་ཉིད་དུ་མི་འགྲུབ་པའི་ཕྱིར་རོ། །བརྗོད་པར་བྱ་བ་མ་ཡིན་པའི་ཡུལ་ཅན་ཉིད་ཡིན་ན་ནི་རྣམ་པར་རྟོག་པ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གལ་ཏེ་ཤེས་པའི་ངོ་བོར་མི་འཐད་པའི་ཆོས་དེ་དག་རིག་པར་འདོད་ན་ནི་དེ་ཤེས་པའི་ངོ་བོར་མི་སྲིད་པར་འགྱུར་བ་ཡིན་ནོ། །གལ་ཏེ་འདིར་ནི་སྔར་མཐོང་བ་ཉིད་རིག་པར་བྱ་བ་ཡིན་ནོ། །ཤེས་པ་ནི་ད་ལྟར་བྱུང་བ་ཡིན་པའི་ཕྱིར་སྔར་མཐོང་བ་མ་ཡིན་པས་དེ་དེའི་རྣམ་པར་རིག་པར་མི་འགྱུར་རོ། །དེ་ལྟ་ཡིན་དང་རྣམ་པར་རྟོག་པ་འཁྲུལ་པ་ཞེས་བྱ་བར་མི་འཐད་པར་འགྱུར་རོ། །དེའི་ཕྱིར་དོན་མེད་པར་ག་ལ་འགྱུར། །གལ་ཏེ་དོན་སྔར་མཐོང་བ་དེ་ལྟར་རིག་ན་དོན་ཉིད་རིག་པར་འགྱུར་རོ། །རིག་པ་དེ་ལྟར་ཞུགས་ཀྱང་དོན་གཞན་རིག་པ་ཞེས་བྱ་བ་ནི་མ་ཡིན་ནོ། །དེས་ན་མཐོང་བ་སྔ་མས་ཡུལ་དུ་བྱས་པ་རྟོགས་པས་སྔོན་མཐོང་ཞིང་ཡུལ་དུ་བྱས་པ་ཉིད་རྟོགས་པ་ཡིན་ནོ། །འོན་ཏེ་འདི་དེ་ལྟར་རྟོགས་པ་ནི་མ་ཡིན་ཏེ། དེའི་ཡུལ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་སྔར་མ་མཐོང་བའི་རང་བཞིན་དུ་རྟོགས་པ་ཡིན་ནོ། །དེ་ལྟ་ཡིན་དང་དེ་ཉིད་ཀྱིས་གསལ་བ་ཉིད་མི་འཐད་པ་ཅི་ཡོད་སྒྲོ་འདོགས་པ་སྔོན་མ་མཐོང་བའི་རང་བཞིན་ཉིད་ལ་སྔོན་མཐོང་བ་ཉིད་དུ་རྟོགས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ།


DTG190_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཕྱིར། འཁྲུལ་པ་ཡིན་ཡང་མི་ཚོར་མིན། །སྒྲོ་བཏགས་ལ་སྔོན་མཐོང་བ་ཉིད་དུ་རྟོགས་པར་འདོད་པས་ཀྱང་སྔོན་མཐོང་བར་རྟོགས་པས་སྔོན་མཐོང་བ་ཉིད་རྟོགས་པ་ཡིན་ནོ་ཞེས་འདོད་པར་བྱའོ། །དེ་ལྟ་མ་ཡིན་ན་འདི་སྔོན་མཐོང་བ་ཉིད་དུ་རྟོགས་པར་མི་འགྱུར་གྱི། འོན་ཀྱང་སྒོ་བཏགས་པའི་ཡུལ་ཅན་ཉིད་དོ། །འཁྲུལ་པ་ཡང་རྣམ་པ་ཅི་ལྟར་འཁྲུལ་པ་དེའི་ངོ་བོར་རིག་པ་ཡིན་ཏེ། དཔེར་ན་ཉ་ཕྱིས་ལ་དངུལ་དུ་རྟོགས་པས་དངུལ་ཚོར་བ་མེད་པ་ནི་རྟོགས་པ་ནི་མ་ཡིན་ཏེ། དངུལ་ཉིད་དུ་མ་རིག་པར་ཐལ་བའི་ཕྱིར་རོ། །འོ་ན་དངུལ་གྱི་ཤེས་པ་དངུལ་གྱི་ཡུལ་ཅན་ཉིད་དུ་འགྱུར་རོ། །དངུལ་གྱི་ཤེས་པ་ཡང་ཡིན་ལ། དངུལ་གྱི་ཡུལ་ཅན་ཡང་མ་ཡིན་ནོ་ཞེས་གང་གིས་དེ་ལྟར་བརྒལ་ཞིང་བརྟག་པར་བྱ་བ། དེ་དེའི་ཤེས་པ་ཡིན་པའི་ཕྱིར་དེའི་ཡུལ་གཞན་གང་ཞིག་ཡིན་པར་འགྱུར། འོ་ན་ཇི་ལྟར་བདག་ཉིད་སྣང་བ་ཡིན། ཡུལ་དང་དུས་དེས་རྣམ་པར་བཅད་པའི་ཕྱི་རོལ་གྱི་དངུལ་མེད་པའི་ཕྱིར་ཤེས་པའི་བདག་ཉིད་དངུལ་གྱི་རྣམ་པར་སྣང་བ་ཡིན་ནོ་ཞེས་དེ་རིག་པ་དག་འཛིན་ཏོ། །འདི་ནི་ཕྱི་རོལ་གྱི་ངོ་བོ་ཉིད་དང༌། སྔ་མ་དང་ཕྱི་མའི་རང་བཞིན་དུ་རིག་པ་གང་ཡིན་པ་དེ་ཤེས་པའི་རང་བཞིན་ལ་མི་སྲིད་པའི་ཕྱིར། ཡུལ་མེད་པ་ཉིད་དུ་བློ་གྲོས་ངན་པ་དག་འཁྲུལ་པས་དེ་ལ་དེ་སྐད་བརྗོད་པ་ཡིན་ནོ། །གལ་ཏེ་འདི་སྔ་མ་དང་ཕྱི་མ་ཕྱི་རོལ་གྱི་རང་བཞིན་ཉིད་རྟོགས་པ་ཡིན་ན་རང་གི་ཡུལ་ཅན་དུ་མི་འགྱུར་རོ། །དེ་ལྟ་ན་ཡང་རང་གི་མཚན་ཉིད་ཡུལ་ཡིན་པར་ཐལ་ལོ། །དེ་ཡང་འཐད་པས་སྤྱད་བར་བྱ་བ་ཡིན་ནོ། །ཅི་སྟེ་དེ་ལྟར་རིག་པ་མ་ཡིན་ན་འདི་ཤེས་བའི་ངོ་བོ་དང་མི་འགལ་ལོ། །དེ་ཉིད་ཀྱི་ཕྱིར་སྒྲོ་བཏགས་པ་ལ་ཕྱི་རོལ་ཉིད་དུ་ཞེ་ན་པ་ཡང་འཐད་བ་མ་ཡིན་ཏེ། ཕྱི་རོལ་དུ་རིག་པ་ནི་ཕྱི་རོལ་གྱི་ཡུལ་ཅན་མ་ཡིན་པར་མི་འཐད་པའི་ཕྱིར་རོ། །ཕྱི་རོལ་དང་མི་མཐུན་པའི་རང་བཞིན་ཅན་ཡིན་པའི་ཕྱིར་ཏེ་སྒྲོ་བཏགས་པ་ཡིན་བར་འདོད་པ་གང་ཡིན་པ་ཕྱི་རོལ་དང་མི་མཐུན་པའི་ཕྱིར་དེ་ལྟ་བུའི་དངོས་པོ་ཤེས་པ་ཉིད་དུ་ཡང་མི་འཐད་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལ་ཕྱི་རོལ་ཉིད་དུ་རྟོགས་ན་ཤེས་པ་ཉིད་ལས་འགྱུར་མོད། །འོན་ཏེ་སྒྲོ་བཏགས་རྟོགས་པ་ཉིད་ཕྱི་རོལ་རྟོགས་པ་ཡིན་ན་ཕྱི་རོལ་དང་མི་མཐུན་པའི་ཡུལ་ཅན་ཡིན་པའི་ཕྱིར་ཕྱི་རོལ་རྟོགས་པ་


DTG190_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པར་འགྱུར་རོ། །གལ་ཏེ་རྣམ་པར་རྟོག་པའི་ཡུལ་ཤེས་པའི་རྣམ་པ་ཉིད་ཡིན་ན་རྣམ་པར་རྟོག་པ་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར། བདག་གི་ཡུལ་སྣང་བ་ལས་ཁྱད་པར་དུ་གྱུར་བའི་རིག་པའི་བདག་ཉིད་དུ་ཁས་བླང་བར་བྱ་བ་ཡིན་ནམ་ཞེ་ན། དེ་ནི་བདེན་མོད་ཀྱི་དེ་ལྟན་ཡང༌། །རྣམ་པ་ཇི་ལྟའི་དོན་རིག་པས། །རྟོགས་ཡིན་དེ་རིག་མེད་པའི་ཕྱིར། །ཤེས་ཆོས་མངོན་པར་སློབ་པ་ལ། །ངེས་པར་བརྗོད་དེ་བདེ་སོགས་བཞིན། །གལ་ཏེ་དེའི་རྣམ་པ་ཙམ་གྱིས་དེ་གསལ་བ་ཡིན་ན་རྟོག་བ་མེད་པར་ཐལ་བའི་ཕྱིར་རོ། །རིག་པ་བླ་ལྷག་པ་ཉིད་ཀྱིས་རྟོགས་པ་དང་བཅས་པར་བརྗོད་པར་བྱ་བ་ཡིན་ཡང༌། དེའི་རྣམ་པ་མ་ཡིན་པར་རིག་པ་ནི་མེད་དེ་གཞན་དུ་ཇི་སྐད་བཤད་པ་བཞིན་ནོ། །རིག་པར་བྱ་བ་དང་རིག་པར་བྱེད་པ་དག་ཐ་དད་པར་སྣང་བ་ཡང་མེད་དོ། །དེ་ལྟ་མོད་ཀྱི་ཁས་བླངས་ནས་ཀྱང་བརྗོད་པར་བྱ་སྟེ། རྣམ་པ་ཇི་ལྟ་བུའི་རང་བཞིན་རིག་པ་འདི་རྣམ་པར་རྟོག་པ་ཡིན་པར་འདོད་པ་དེ་ལྟ་བུ་ནི་འདིར་རིག་པ་མེད་དོ། །འདིར་དོན་རིག་པ་ཉིད་ཀྱིས་རྣམ་པར་རྟོག་པར་འགྱུར་རོ། །དེ་ཡང་གལ་ཏེ་དོན་སྣང་བ་ཉིད་ཀྱིས་རིག་པ་མིན་ན་རྟོག་པ་མེད་པར་འགྱུར་རོ། །གང་གི་ཚེ་སྣང་བའི་རང་བཞིན་སྤངས་ནས་སྔོན་པོ་དང་ཕྱི་མར་མཐོང་བའི་རང་བཞིན་དུ་དེ་རིག་པར་བྱེད་པ་དེའི་ཚེ་ནི་དེའི་ཡུལ་ཅན་ཉིད་དུ་འགྱུར་ན་དེ་ཡང་རིག་པ་མ་ཡིན་ཏེ། དེ་ལྟར་རིག་པ་མེད་པའི་ཕྱིར་རོ། །དེ་ལྟ་བུའི་དོན་ནི་ཡོད་པ་ཡང་མ་ཡིན་ཏེ། ཐ་དད་པ་དང་ཐ་མི་དད་པས་དབང་དུ་བྱས་པས་དོན་ཞེས་རྟོགས་པའི་རང་བཞིན་ཕ་རོལ་པོ་རང་ཉིད་ཀྱིས་དེ་ལྟར་ཁས་མ་བླངས་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་ནི་དངོས་པོ་དང་དངོས་པོ་མེད་པ་ལ་ལྟོས་པ་དང་བཅས་པ་མ་ཡིན་ལ། རྣམ་པར་རྟོག་པ་ལ་སྣང་བ་དེ་ནི་སྔོན་དང་ཕྱིས་མཐོང་བ་ཉིད་ཀྱིས་དེ་ལྟར་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དེ་ལ་ལྟོས་པ་དང་བཅས་པ་ཡིན་ནོ། །དེའི་ཕྱིར་དོན་རིག་པར་བྱ་བ་མེད་པའི་ཕྱིར་འདི་དོན་རིག་པ་མ་ཡིན་ནོ། །རིག་པར་བྱ་བ་གང་ཡིན་པ་དེ་དོན་མ་ཡིན་ནོ། །དེ་ལྟར་རིག་པ་མེད་པ་ནི་མ་ཡིན་ནོ། །གལ་ཏེ་དོན་མ་ཡིན་ན་འདི་དོན་རིག་པ་ཡང་མ་ཡིན་ནོ་ཞེ་ན། ལྷ་རྣམས་དགའ་བས་འདི་ལྟ་བུ་ཉིད་དུ་ངེས་པར་བྱས་པ་ཡིན་ཏེ། དངུལ་སྣང་


DTG190_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་ལ་དངུལ་རིག་པ་ནི་དངུལ་རིག་པ་ཡིན་པའི་ཕྱིར་རོ། །དོན་ཇི་ལྟ་བུར་འགྱུར་བ་དེ་ལྟ་བུར་རིག་པ་མ་ཡིན་ན་དེ་དོན་རིག་པ་ཇི་ལྟར་ཡིན། གལ་ཏེ་ཤིང་གི་དོན་ཕྱི་རོལ་དུ་ངེས་པ་ཉིད་ཡིན་ལ། དོན་ཞེས་ཅི་འདྲ་བར་འདྲིས་པ་དེ་འདྲ་བ་ཡོད་པ་མ་ཡིན་པའི་ཕྱིར་ཡུལ་མེད་པར་བརྗོད་དོ། །དེ་ཙམ་གྱི་དོན་རིག་པ་མེད་པ་ནི་མ་ཡིན་ནོ། །ཡུལ་དང་དུས་གང་གིས་ཁྱད་པར་ཅན་གྱི་དངུལ་དུ་ངེས་པ་དེའི་ཡུལ་དང་དུས་དེ་མེད་དངུལ་དུ་རིག་པ་ཡང་མེད་པ་ནི་མ་ཡིན་ཏེ། དེའི་ཕྱིར་རྣམ་པ་དེ་ལྟ་བུའི་དོན་མེད་པས་དོན་རིག་པ་མ་གྲུབ་པ་ནི་མ་ཡིན་ནོ་ཞེ་ན། མི་མཐུན་པ་ཉེ་བར་བཀོད་པ་སྟེ། དངུལ་ཇི་ལྟར་གྱུར་པ་དེ་ལྟ་བུར་གསལ་བ་དེ་ན་མེད་པའི་ཕྱིར་མེད་པ་འདི་དངུལ་རིག་པར་འགྱུར་རོ། །དེ་བཞིན་དུ་དོན་ཇི་ལྟ་བུར་གྱུར་པ་རྣམ་པ་དེ་ལྟ་བུར་རིག་པ་ཡོད་པ་ལས་ཡུལ་དང་དུས་འབའ་ཞིག་མེད་པ་ཡིན་པའི་ཕྱིར་མེད་པའི་ཡུལ་ཅན་ཉིད་དུ་འགྱུར་བ་ཡིན་ནོ། །གང་གི་ཚེ་དོན་དང་རྗེས་སུ་མཐུན་པ་འགའ་ཡང་རིག་པ་མེད་པའི་ཕྱིར་དོན་ཅི་ལྟར་གྱུར་པ་དེ་ལྟ་བུར་རིག་པ་མེད་པ་ཉིད་ཡིན་པ་དེའི་ཚེ་དེ་ལས་བཟློག་པ་བདག་ཉིད་ཁོ་ན་རིག་པ་ཡིན་ནོ། །དེ་བཞིན་དུ་ཉ་ཕྱིས་ལ་དངུལ་དུ་རིག་པ་ཡང་བདག་གི་ཡུལ་ཅན་ཉིད་དེ་དེ་ཡང་རྣམ་པར་རྟོག་པ་དངུལ་གྱི་རང་བཞིན་ཇི་ལྟ་བ་བཞིན་རིག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ལ་དོན་རིག་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ཡང་འདི་ལྟར་འགྱུར་བ་ཡིན་ཏེ་སྔོན་མཐོང་བ་སྒྲ་ལ་སོགས་པ་སྦྱོར་བའི་ཕྱིར། དོན་བྱེད་པ་དང་ལྡན་པ་བཞིན་དུ་མཐོང་བ་ལ་ལྟོས་པ་མེད་པས་དེ་དང་ལྡན་པར་མཐོང་བའི་དོན་ལ་ཡང་འཇུག་པའི་ཕྱིར་རོ། །དེས་ན་དེ་ལྟར་རིག་པ་མེད་ཀྱང་དེར་མངོན་པར་རློམ་པ་ཡོད་པའི་ཕྱིར་དེ་ལ་དེ་ལྟར་ཐ་སྙད་བྱེད་དོ་ཞེས་སྨྲའོ། །མངོན་པར་རློམ་པ་ཡང་ཤེས་པའི་ཆོས་ཡིན་ཏེ། བདེ་བ་ལ་སོགས་པ་བཞིན་ནོ། །དཔེར་ན་རིག་པས་མངོན་པར་རློམ་མོ། །རིགས་བཙུན་པས་མངོན་པར་རློམ་མོ་ཞེས་བྱ་བ་དེ་རིག་པ་ཙམ་ནི་ལ་ནི་བརྗོད་པ་མ་ཡིན་པ་བཞིན་ནོ། །རིགས་བཙུན་པ་འམ་རིག་པ་རིག་གོ་ཞེས་བྱ་བ་ཉིད་ཀྱིས་ནི་དེ་ལྟར་ཐ་སྙད་བྱེད་པ་ཡིན་ནོ། །དེའི་འདོད་ཆགས་ལ་སོགས་པ་བཞིན་དུ་ཤེས་པའི་ཁྱད་པར་མངོན་པར་རློམ་པ་ཞེས་བྱ་བ་ནི་ཡོད་པ་ཡིན་ནོ། །དེས་ན་མ་གྲུབ་པའི་ཕྱིར་དང་


DTG190_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བའི་ཕྱིར་རིག་པ་ཡོད་ཀྱང་རིག་པ་མ་གཏོགས་པར་མངོན་པར་རློམ་པ་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཡིན་པས། རྣམ་རྟོག་རྗེས་སུ་འབྲེལ་འཇུག་པ། །རང་བདག་མཐར་ཐུག་ངེས་པར་རྟོག །མངོན་པར་རློམ་པ་དེ་ཉིད་ཀྱིས། །རྣམ་རྟོག་ཡུལ་རྣམས་ཅན་ཡིན་པ། །དེ་ཕྱིར་མེད་པ་རིག་མིན་བཤད། །ཐམས་ཅད་ཀྱི་རིག་པ་ནི་དོན་མི་འདྲ་བའི་རྣམ་པར་ཤེས་པ་ཉིད་ཡིན་པའི་ཕྱིར་རྟོག་པའི་ངོ་བོ་རྣམ་པར་རྟོག་པ་ནི་དེ་ཉིད་ཀྱིས་ཡུལ་གྱི་རྣམ་པ་ཅན་ཡིན་ནོ། །དེ་ཡང་ཇི་ལྟར་ཉམས་སུ་མྱོང་བ་བཞིན་དུ་རང་བཞིན་དེ་ཙམ་གྱིས་ནི་དེ་མ་ཡིན་ཏེ། འོན་ཀྱང་དེ་ཉིད་རྣམ་པར་རྟོག་པའི་ཆོས་དང་ལྡན་པའི་ཕྱིར་ལྷག་པར་ཞེན་པས་ཡིན་ནོ། །དེ་ཡང་འཇུག་པ་ནི་མི་གསལ་བའི་རང་བཞིན་ལ་ནི་འཇུག་པ་མ་ཡིན་ཏེ། མ་རྟོགས་པ་འགའ་ལ་ཡང་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །འདི་ལ་དོན་རིག་པ་ནི་མེད་པའི་ཕྱིར་རང་གི་བདག་ཉིད་གསལ་བ་ཉིད་ན་དོན་ངེས་པར་བརྗོད་དོ། །དེ་ཡང་དོན་གྱི་རང་བཞིན་གྱིས་འཇུག་པའི་ཕྱིར་ཕྱིན་ཅི་ལོག་ཡིན་ནོ། །གང་གི་ཡུལ་མེད་པར་འགྱུར་བ་ཇི་ལྟར་ཉ་ཕྱིས་ལ་དངུལ་བཞིན་དུ་བདག་ཉིད་དོན་མེད་པ་ལ་དོན་དུ་རིག་པར་བྱེད་པ་མ་ཡིན་པའི་ཕྱིར་དོན་གྱི་ཡུལ་ཅན་ནི་མ་ཡིན་ནོ། །འོན་ཀྱང་དོན་རིག་པ་དང་རྗེས་སུ་མི་མཐུན་པའི་རིག་པའི་ཆོས་མེད་པ་ལ་འཇུག་པ་ཡིན་ཏེ། རྨི་ལམ་གྱི་བུད་མེད་ཀྱི་རྣམ་པ་འཁྲུལ་པའི་ཡུལ་ལ་དེ་ལྟར་ཞེན་པ་བཞིན་ནོ། །དེའི་ཕྱིར་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་ནས་འཇུག་པའི་ཕྱིར་རོ་ཞེས་བྱ་བ་སྒྲ་ཇི་ལྟ་བ་བཞིན་དུ་འཐད་པ་ཡིན་ནོ། །དེས་ན་འདི་རང་གི་བདག་ཉིད་ལ་སྔོན་དང་ཕྱི་མ་ཕྱི་རོལ་གྱི་རང་བཞིན་དུ་འཇུག་པས་རྣམ་པར་རྟོག་པའི་ཆོས་ཀྱིས་འཇུག་པར་བརྗོད་པ་ཡིན་ནོ། །དེའི་ཕྱིར་རང་གི་བདག་ཉིད་ལ་སྔོན་དང་ཕྱིས་མཐོང་བའི་རང་བཞིན་དུ། རྣམ་པར་རྟོག་པར་བྱེད་པས་རྣམ་པར་རྟོག་པར་བརྗོད་དོ། །དེ་ལྟར་མངོན་པར་ཞེན་ན་སྒྲས་འབྲེལ་པར་རུང་བའི་ཡུལ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེན་པ་བཞིན་དུ་དེའི། །དོན་གྱི་རང་བཞིན་གསལ་བའི་ཕྱིར། །བརྟགས་མེད་རྣམ་པར་རྟོག་པའི་ཤེས་པ་ནི་ཞེན་པ་ཉིད་ཀྱི་ཡུལ་གྱི་རྣམ་པ་ཅན་མ་ཡིན་པའི་ཕྱིར་འདིས་ཇི་ལྟར་ཞེན་པ་དེ་ཉིད་རྣམ་པར་རྟོག་


DTG190_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུལ་ཡིན་ནོ། །རྣམ་པར་རྟོག་པའི་རང་བཞིན་ནི་སྔོན་དང་ཕྱིས་མཐོང་བའི་དོན་དུ་ཞེན་པ་ཡིན་ནོ། །འགའ་ཡང་མྱོང་བ་མེད་པ་ནི་ཞེན་པ་མ་ཡིན་པའི་ཕྱིར། རང་གི་བདག་ཉིད་དེ་ལྟར་སྣང་བ་ཉིད་ན་འཇུག་པ་ཡིན་ཏེ་དེའི་ཕྱིར་རང་གི་བདག་ཉིད་ལ་སྒྲོ་འདོགས་པས། དེ་ལྟར་བཏགས་པ་དོན་ཞེས་བརྗོད་དོ། །ཤེས་པ་ལ་ནི་ཕྱི་རོལ་གྱི་རང་བཞིན་དང༌། སྔོན་དང་ཕྱིས་མཐོང་བ་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་བཏགས་པ་མེད་པར་བརྗོད་དོ། །དེ་ལྟར་མེད་པ་སྣང་བ་ནི་མ་ཡིན་ཏེ། ཞེན་པ་ནི་སྣང་བའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །དེས་ན་མྱོང་བ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་རང་ཉིད་དོ། །དེས་ན་ཞེན་པའི་འཇུག་པ་དཔྱད་ན། མི་སྣང་བ་ལ་མི་འཇུག་པའི་ཕྱིར། རང་གི་བདག་ཉིད་ཁོ་ན་རྣམ་པར་རྟོག་པའི་ཡུལ་ཡིན་ཏེ། ཇི་སྐད་དུ། སྒྲ་ལས་ཤེས་པ་ཐ་དད་ལྟར། །དོན་གྱི་གཟུགས་བརྙན་སྣང་བ་གང༌། །ཞེས་བཤད་པ་ཡིན་ནོ། །ཞེན་པའི་རང་གི་ངོ་བོས་བརྟགས་ན་ནི་མེད་པ་ཉིད་ངེ༌། ཅི་སྐད་དུ། སྒྲ་དོན་འདི་དང་གཞི་མཐུན་ཉིད། །ཡོད་པ་མིན་ཡང་ཇི་ལྟ་བུར། །གྲགས་པ་བཞིན་དུ་བརྗོད་པ་སྟེ། །དངོས་པོ་ལ་འདི་མི་སྲིད་དོ། །ཞེས་བཤད་དོ། །ཐ་སྙད་བྱེད་པ་པོའི་བློ་ལ་ལྟོས་ནས་ནི་གང་གིས་སྒྲུབ་པའི་ཡུལ་ཅན་ཉིད་གསལ་བ་ཡིན་ཏེ། གཞན་སེལ་བའི་སྐོ་ནས་དོན་ལ་འཇུག་པར་བརྗོད་པ། ཕྱི་རོལ་གྱི་དོན་ཉིད་དེ། ཅི་སྐད་དུ། དེ་མི་བྱེད། ཡོངས་སྤོང་ཡན་ལག་ངོ་བོའི་ཕྱིར། །དངོས་པོ་ཐ་དད་རྟེན་ཅན་ཕྱིར། །དོན་ལ་མི་སླུ་ཡིན་པར་འདོད། །ཅེས་བཤད་པ་ཡིན་ནོ། །འདིའི་ཐ་དད་དང༌། འདྲེས་པའི་རང་བཞིན་ངོ་བོ་མིན། །ཕྱི་དང་ནང་གི་ངོ་བོར་ནི། འགལ་ཕྱིར། བཏགས་པ་ཇི་ལྟར་ཞེན་པ་བཞིན་མེད་པས་ཤེས་པ་ལ་སྔོན་དང་ཕྱི་མ་དང༌། ཕྱི་རོལ་མེད་པའི་ཕྱིར། ཅིག་རྣམ་པ་ཐམས་ཅད་དུ། མེད་པ་ཡིན་ནམ་ཞེ་ན། མ་ཡིན་ནོ་ཞེས་བརྗོད་དོ། །རང་བཞིན་ནི་མེད་པ་མ་ཡིན་ནོ། །མི་གསལ་བར་སྣང་བའི་དངོས་པོ་ནི་མེད་པ་མ་ཡིན་ཏེ། རྣམ་པར་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ནི་ཇི་ལྟར་ཞེན་པའི་ཕྱི་རོལ་ཉིད་དུ་མེད་པ་ཡིན་གྱི། རང་གི་ངོ་བོར་ནི་ཡོད་པ་ཉིད་དེ། རྨི་ལམ་དང་ཟླ་བ་གཉིས་ལ་སོགས་པའི་རང་བཞིན་ནོ། །གལ་ཏེ་དེ་དེའི་རང་བཞིན་དེ་ཤེས་པའི་བདག་ཉིད་དུ་གནས་པ་ཐོབ་པས། བ་ལང་དཀར་པོ་ཞེས་ཐ་


DTG190_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་ཡང་གཅིག་གི་རྣམ་པ་དང༌། དེ་བཞིན་དུ་འདི་ཡང་བ་ལང་ཞེས་འདྲེས་པའི་རྣམ་པའི་སྤྱི་བཞིན་ཉིད་དུ་ཡོད་པ་ཁོ་ན་སྟེ། ཕྱི་རོལ་གྱི་རང་བཞིན་འབའ་ཞིག་གིས་མེད་པར་འགྱུར་རོ། །དེས་ན་ཤེས་པའི་རང་བཞིན་ཆོས་དུ་མའི་བདག་ཉིད་དུ་གྱུར་པའི་ཆོས་ཅན་དང་སྤྱི་ཡོད་པ་ཡིན་ཏེ། ཟླ་བ་གཉིས་ལ་སོགས་པ་བཞིན་ནོ། །ཟླ་བ་གཉིས་ཕྱི་རོལ་དུ་མེད་ཀྱང་ཤེས་པར་མེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སྤྱི་འམ་པ་ལང་ཉིད་དང༌། དཀར་པོ་ཉིད་དང་འབྲེལ་པའི་བདག་གིས་དོན་ཀྱང་འགྱུར་རོ་ཞེ་ན། མ་ཡིན་ཞེས་སྨྲ་སྟེ། བཏགས་པ་ནི་ཕྱི་རོལ་ཉིད་བཞིན་དུ་ཐ་དད་པ་དང་འདྲེས་པའི་རང་བཞིན་ཉིད་དུ་ཡང་མེད་པ་ཡིན་ནོ། །བ་ལང་དཀར་པོ་ཞེས་ཤེས་པ་ལ་ཐ་དད་པར་སྣང་བ་སྒྲ་ཐ་དད་པའི་བཟུང་བ་རང་བཞིན་དུ་མ་ཤེས་པ་གཅིག་གི་ཡུལ་དུ་བྱས་པ་དག་ཕན་ཚུན་འདྲེས་པས་ངོ་བོ་གཅིག་ཏུ་གྱུར་པ་ནི་རྣམ་པར་ཤེས་པའི་རང་གི་ངོ་བོར་གྱུར་པ་མ་ཡིན་ནོ། །སྤྱི་ཡང་དེ་བཞིན་ནོ། །ཇི་ལྟར་ཡང་མ་ཡིན་ཞེ་ན། ཕྱི་དང་ནང་དུ་འགལ་བའི་ཕྱིར་ཏེ། གཉི་གར་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་བ་ལང་འབའ་ཞིག་གི་རྣམ་པར་རྟོག་པ་བ་ལང་ཞེ་འང་དེའི་རྟོགས་པ་ཙམ་ལ་དཀར་བོ་ཞེས་བྱ་བ་ཙམ་དུ་རྟོགས་པ་དེ་ཙམ་ཉིད་རྣམ་པར་ཤེས་པའི་རང་བཞིན་ཡིན་གྱི། །དེ་ལྟ་བུ་ཤེས་པ་གཅིག་ཏུ་རྗེས་སུ་འབྲེལ་བ་འམ་ཁྱད་པར་གཞན་ལས་རྗེས་སུ་སོང་བའི་སྤྱི་ནི་མ་ཡིན་ནོ། །ཡང་ཅིའི་ཕྱིར་འགལ་ཞེ་ན། བཤད་པ་ཕྱི་རོལ་ཐ་དད་ཀྱང༌། །རྗེས་འབྲེལ་མེད་ཕྱིར་གཅིག་ན་ཡང༌། །རྣམ་ཀུན་གཅིག་ཏུ་རྟོགས་ཕྱིར་རོ། །གང་གི་རྣམ་པ་དེ་ལྟ་བུ་གཅིག་གི་རྣམ་པ་འདི་བློ་ལ་ཡོད་པར་འགྱུར་པ་བ་ལང་དཀར་པོ་ཞེས་རྣམ་པ་ཐ་དད་པ་ཉིད་དུ་སྣང་བ་དག་རྗེས་སུ་འབྲེལ་པ་ལས་རང་བཞིན་གཅིག་ཏུ་གནས་པ་ནི་མ་ཡིན་ནོ། །དོན་དེ་ནི་དེ་ལྟར་ཞེན་པ་ཡིན་ཏེ། ངེས་ན་གལ་ཏེ་ཐ་དད་ཀྱང་གཞན་གྱི་རང་བཞིན་དུ་འགྱུར་བ་དོན་ལ་ཡོད་ན། །དེའི་ཚེ་བ་ལང་ཡོན་ཏན་དཀར་པོའི་རང་བཞིན་ཡིན་པའི་ཕྱིར་བ་ལང་ཞེས་རྟོགས་བ་ན། རང་བཞིན་རེ་བར་འགྱུར་ལ། དེ་ལྟ་ཡིན་པར་གྱུར་དང་རེ་བར་གྱུར་པ་དེ་ཉེ་བར་རུང་བ་ཡིན་པས་བ་ལང་ཉིད་དཀར་པོའི་རང་བཞིན་དུ་རྟོགས་པར་གྱུར་པ་ན་དེ་ལྟ་ཡང་མ་ཡིན་ནོ། །གཞན་ནི་གཞན་གྱི་རང་བཞིན་དུ་འགྱུར་


DTG190_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ཡིན་ཏེ། གཉི་ག་ཡང་རང་གི་བདག་ཉིད་ཁོ་ན་ལ་རྣམ་པར་གནས་པའི་ཕྱིར་རོ། །དེས་ན་དེའི་རང་བཞིན་མ་ཡིན་པས་བ་ལང་དཀར་པོའི་རང་བཞིན་དུ་རྟོགས་པ་མ་ཡིན་པའི་ཕྱིར་བ་ལང་ཞེས་རྟོགས་པ་ན་ཡོན་ཏན་དཀར་པོ་རེ་བ་མ་ཡིན་ལ། འདི་དེ་ལྟར་རུང་བ་ཡང་མ་ཡིན་ནོ། །དེའི་ཕྱིར་ཉེ་བ་ཡང་མ་ཡིན་ནོ། །དེ་ལྟ་ཡིན་དང་བུམ་པ་དང་སྣམ་བུ་ཞེས་བྱ་བ་བཞིན་དུ་རྟོགས་པར་འགྱུར་རོ། །སྒྲ་ཉིད་ཀྱིས་དེ་དེའི་རང་བཞིན་ཉིད་དུ་སྒྲུབ་པར་བྱེད་དོ་ཞེ་ན། མ་ཡིན་ཏེ། དེ་ལྟར་རྟོགས་པ་ཉིད་ལ་དེ་ལྟར་སྦྱར་ན་དེ་ལྟར་རྟོགས་པའི་ཕྱིར་རོ། །མ་རྟོགས་ན་ནི་མི་སྦྱོར་བའི་ཕྱིར་བ་ལང་བུམ་པ་ཞེས་བྱ་བ་ལྟར་རྟོགས་པར་མི་འགྱུར་རོ། །དེའི་ཕྱིར་ཐ་དད་པ་དག་ལ་རྗེས་སུ་འབྲེལ་པ་མེད་པས་རྗེས་སུ་འབྲེལ་པའི་རང་བཞིན་གྱི་དངོས་པོ་ངག་གི་དོན་གཅིག་ནི་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བ་ལང་སྐུལ་ཅིག་ཅེས་བྱ་བ་ཡང་རྗེས་སུ་འབྲེལ་པ་མ་ཡིན་ཏེ། བྱ་བ་དང་བྱེད་པ་པོ་མེད་པའི་ཕྱིར་རོ། །འོན་ཏེ་བ་ལང་ཉིད་དཀར་པོའི་བདག་ཉིད་ཅན་ཡིན་པའི་ཕྱིར་དེའི་རང་བཞིན་དེ་དེ་ལྟར་རྟོགས་སོ། །དེ་བཞིན་དུ་རྣམ་པར་རྟོག་པ་ལ་ཡང་དེ་ལྟར་རྟོགས་པའི་ཕྱིར་དེའི་ངོ་བོར་རྟོགས་སོ་ཞེ་ན། དེ་ལྟར་ནི་ནུས་པ་མ་ཡིན་ཏེ། ཐ་དད་པ་མེད་ན་བ་ལང་ཞེས་བྱ་བ་རྣམ་པ་ཐམས་ཅད་རྟོགས་པར་ཐལ་བའི་ཕྱིར་ཏེ། དཀར་པོ་ཉིད་ལ་སོགས་པ་མ་རྟོགས་པའི་རྣམ་པ་མེད་པའི་ཕྱིར་རོ། །ཐ་དད་རྟེན་པས་གཅིག་ལ་ནི། །ཐ་དད་ལ་ཡང་བརྡ་ལས་ནི། །ངེས་ཕྱིར་རང་བཞིན་གཅིག་ཉིད་དེ། །བློ་རྣམས་གཅིག་པ་ཉིད་ཀྱིས་མིན། །ཅི་སྟེ་རྣམ་པར་གཅོད་པའི་དོན་ཉིད་ཀྱིས་ན་རྟོགས་པས་དེ་དང་རྗེས་སུ་མཐུན་པར་རང་བཞིན་དུ་མ་བརྟགས་པ་ཡིན་གྱི་དངོས་པོར་ནི་མ་ཡིན་ལ། སྒྲ་ནི་དེ་ལ་བརྟེན་པ་ཡིན་ནོ་ཞེས་བརྗོད་ན་ཡང་དེ་ལ་བ་ལང་དཀར་པོའི་བདག་ཉིད་ཡིན་པའི་ཕྱིར་སྒྲ་རྣམས་དངོས་པོའི་ཡུལ་ཅན་མ་ཡིན་པས་གཅིག་གིས་ཐམས་ཅད་རྟོགས་པ་མ་ཡིན་པའི་ཕྱིར། བ་ལང་ཞེས་རྟོགས་པ་ན་རང་བཞིན་རེ་བར་འགྱུར་རོ། །དེས་ན་ཚིག་གི་དོན་རྟོགས་པ་བཞིན་དུ་རྗེས་སུ་འབྲེལ་པ་ཡང་བརྡ་ལས་འབྱུང་བར་འགྱུར་རོ། །ཇི་ལྟར་དཀར་པོའི་སྒྲས་དཀར་པོའི་དོན་བརྡ་ལས་རྟོགས་པར་བྱེད་པ་དེ་བཞིན་དུ། གང་གི་རང་བཞིན་དུ་མངོན་སུམ་གྱིས་རྟོགས་པ་དེའི་རང་བཞིན་ཐ་དད་པར་བསྟན་ན་དེའི་རང་བཞིན་ཉིད་དུ་འགྱུར་ཏེ། དེ་


DTG190_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བརྡར་བྱས་པའི་ཕྱིར་རོ། །དེ་ལ་ཚིག་གི་དོན་གཉིས་གཅིག་གི་རང་བཞིན་དུ་གྱུར་པ་རྣམ་པར་ཤེས་པའི་རྣམ་པ་གཅིག་ཉིད་ནི་མ་ཡིན་གྱི། འོན་ཀྱང་དཀར་པོ་ཞེས་རྟོགས་པ་ནི་ཕྱི་རོལ་ལྟར་བ་ལང་གི་རང་བཞིན་ཉིད་དུ་ངེས་པར་བྱེད་དེ། དེས་ན་ཐ་དད་པའི་བདག་ཉིད་ནི་གཅིག་ལ་ཡོད་པ་མ་ཡིན་ནོ། །ད་ནི་འདྲེས་པ་ཅི་ལྟར་མེད་པ་སྟོན་ཏེ། རྗེས་འབྲེལ་མེད་ཕྱིར་ཐ་དད་དམ། །གཞན་གྱིས་འདྲི་བ་ཡོད་མ་ཡིན། །གལ་ཏེ་དངོས་པོ་རྣམས་ཐ་དད་པ་འམ་ཐ་དད་པ་མེད་པའི་བདག་ཉིད་ཀྱིས་འདྲེས་པར་སྣང་ན་དེའི་ཚེ་འདི་ཕྱི་རོལ་བཀག་པས་ཤེས་པའི་བདག་ཉིད་དུ་འགྱུར་བའི་ཕྱིར། ཀུན་རྫོབ་ཏུ་ཡོད་པར་ཡང་འགྱུར་བ་ཡིན་ནོ། །ཟླ་བ་གཅིག་ལ་བརྟེན་ནས་ཟླ་བ་གཉིས་སུ་སྣང་བ་དེ་ལྟ་བུ་ནི་གཅིག་ལ་མེད་པའི་ཕྱིར་ཕྱི་རོལ་དུ་མི་འཐད་དོ། །དེའི་རང་བཞིན་ཅན་མ་ཡིན་པའི་རྣམ་པར་ཤེས་པ་ནི་དེ་ལྟར་སྣང་བ་མ་ཡིན་པའི་ཕྱིར། ཟླ་བ་གཉིས་ཤེས་པའི་བདག་ཉིད་དུ་ཡོད་པ་ཡིན་ནོ། །དེ་བཞིན་དུ་སྤྱི་ཡང་གསལ་བ་རྣམས་ལ་ཐ་དད་པ་འམ་ཐ་མི་དད་པར་རིག་ན། དེ་ཡང་གསལ་བ་རྣམས་ལ་སྲིད་པ་བཀག་པས་ཤེས་པའི་བདག་ཉིད་དུ་ཡོད་པར་འགྱུར་ཏེ། དེའི་རྣམ་པ་ཅན་མ་ཡིན་ན་རྣམ་པར་ཤེས་པ་དེ་ལྟར་སྣང་བ་མེད་པའི་ཕྱིར་རོ། །འདི་ལྟར་བ་ལང་བ་ལང་ཞེས་གསལ་བ་རྣམས་ལ་རྣམ་པར་ཤེས་པ་སྐྱེའི། གང་གི་ཕྱིར་ཐ་དད་པས་འདི་དག་འདྲེ་བར་འགྱུར་བ་ཁྲ་བོ་ལ་ཡོད་པའི་རང་བཞིན་གང་ཡིན་པ་དེ་ཉིད་ཁུ་ཡུ་ལ་ཡང་ཡོད་དོ་ཞེས་དེ་ལ་ཐ་དད་པ་རྗེས་སུ་སོང་བ་རྗེས་སུ་འབྲེལ་བར་བྱེད་པ་ནི་མེད་དོ། །ཁྲ་བོ་གང་ཡིན་པ་དེ་ཉིད་ཁུ་ཡུ་ཡིན་ནོ་ཞེས་ཐ་དད་པ་མེད་པར་ཡང་མ་ཡིན་ནོ། །དེའི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་དག་ཏུ་སྤྱི་རིག་པ་མེད་པའི་ཕྱིར་སྤྱི་ནི་རྣམ་པར་ཤེས་པའི་རྣམ་པ་མ་ཡིན་ནོ། །གང་གི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་དག་གིས་གསལ་བ་རྣམས་ལ་རྗེས་སུ་འབྲེལ་བར་བྱེད་པ་མེད་པ་དེའི་ཕྱིར་སྤྱི་མེད་དོ། །རྟོགས་པར་བྱ་བ་ནི་རྟོགས་པའི་ཚད་མ་ཅན་ཡིན་པའི་ཕྱིར་ཐ་དད་པ་འམ་ཐ་མི་དད་པས་དེ་ལྟར་རྟོགས་པ་མེད་པའི་ཕྱིར། ཐ་དད་པ་འམ་ཐ་དད་པ་མེད་པའི་སྤྱི་ཡོད་པ་མ་ཡིན་ནོ། །གལ་ཏེ་ཁྱད་པར་ཕན་ཚུན་མི་འདྲ་བ་རྣམས་ལ་ཡང་བ་ལང་བ་ལང་སྙམ་པའི་ཤེས་པ་ཐ་མི་དད་པ་ནི་ཁྱད་


DTG190_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཅིག་དང་འབྲེལ་པ་མེད་པར་མི་འཐད་དོ། །འདི་དག་གི་རང་གི་བདག་ཉིད་ལ་ནི་རིགས་མི་མཐུན་པར་མངོན་པར་འདོད་པ་དང༌། ཐ་དད་པར་མི་འདྲ་བ་ཡོད་པ་མ་ཡིན་ནོ། །དེས་ན་ཁྲ་བོ་ལ་ལྟོས་ནས་ཁུ་ཡུ་དང་བུམ་པ་དག་ཁྱད་པར་མེད་ཀྱང་ཁྲ་བོ་ཁུ་ཡུ་དག་ལ་ནི་བ་ལང་བ་ལང་སྙམ་དུ་རྟོགས་ལ། བུམ་པ་ལ་མ་ཡིན་པ་གང་ཡིན་པ་དེ་ནི་དེ་དག་ལ་བ་ལང་ཉིད་གཅིག་དང་འབྲེལ་པའི་ཕྱིར་རོ། །དེའི་ཕྱིར་འདི་དག་དོན་གཅིག་དང་འབྲེལ་པའི་ཕྱིར་རྣམ་པ་གཅིག་ཏུ་རྟོགས་པའི་ཡུལ་ཡིན་གྱི། གཞན་དག་ནི་མ་ཡིན་ནོ། །དེས་ན་དོན་རྣམས་ལ་ཐ་དད་པ་མེད་པར་རྟོགས་པ་ནི་འདི་ཁོ་ན་སྟེ། གང་ཞིག་དེས་ཡུལ་དུ་བྱས་པ་དེ་དག་ལ་རིགས་མཐུན་པ་ཉིད་དུ་རྣམ་པར་གཞག་པའི་རྒྱུ་ཅི་ཞིག་ཡོད་པའོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར། ཁྱད་པར་གཞན་གྱི་རྣམ་ཕྱེ་མེད། །དེ་ལས་གཞན་དང་ཐ་མི་དད། །རིགས་འཇུག་གེགས་ཀྱི་བདག་ཉིད་དོ། །བ་ལང་ཤེས་པའི་སྤྱོད་ཡུལ་ཡིན། །བ་ལང་བ་ལང་སྙམ་པའི་རྣམ་པར་ཤེས་པ་ནི་དོན་ཐ་དད་པ་མེད་པའི་སྒྲུབ་བྱེད་དུ་མི་འཐད་དེ། རྣམ་པར་ཤེས་པ་དེའི་སྤྱོད་ཡུལ་ནི་ཡུལ་དང་དུས་དང་བདག་ཉིད་ཐ་དད་པའི་ཁྱད་པར་ཡིན་པའི་ཕྱིར་ཏེ། འདི་ན་ད་ལྟར་འདི་དང་འདི་ལའོ་ཞེས་རྟོགས་པའི་ཕྱིར་དང༌། རྟག་པ་པ་ཁྱབ་པ་གཅིག་པུ་ལ་ནི་དེ་མེད་པའི་ཕྱིར་རོ། །ཁྱད་པར་ཉིད་ཡིན་པ་དེ་ནི་བདེན་མོད་ཀྱི། འོན་ཏེ་བ་ལང་ཉིད་ཀྱི་མཚན་ཉིད་ཁྱད་པར་གཅིག་གི་སྒོ་ནས་ཡིན་ནོ་ཞེ་ན། མ་ཡིན་ནོ་ཞེས་བརྗོད་དོ། །གཞན་གྱི་རྣམ་ཕྱེ་མེད། བ་ལང་ཉིད་ཀྱི་ཁྱད་པར་ཅན་དུ་ཁྱད་པར་རྟོགས་པ་མེད་པའི་ཕྱིར་འདི་གཞན་གྱི་སྒོ་ནས་གཞན་ཡུལ་དུ་བྱེད་པ་ནི་མ་ཡིན་ནོ། །དཔེར་ན་དབྱུག་པ་ཅན་དབྱུག་པའི་ཁྱད་པར་ཅན་དུ་ཤེས་པ་དེ་བཞིན་དུ་ཁྲ་བོ་ནི་བ་ལང་ཉིད་ཀྱི་ཁྱད་པར་ཅན་དུ་མ་ཡིན་ནོ། །རྟོགས་པའི་ཡུལ་གང་ཇི་ལྟར་རྟོགས་པ་མེད་པ་དེ་ནི་དེ་ལྟར་རྣམ་པར་ཤེས་པའི་ཡུལ་དུ་འགྱུར་བ་མ་ཡིན་ནོ། །བ་ལང་སྙམ་པའི་ཤེས་པས་ཀྱང་གཅི་ཉིད་རྟོགས་ཀྱི་དེ་ལ་འབྲེལ་པ་མེད་པ་འམ། ཁྱད་པར་དང་ཁྱད་པར་ཅན་དུ་གྱུར་པ་གཉིས་རྟོགས་པ་ནི་མེད་དེ། དེའི་ཕྱིར་འདི་བ་ལང་ཉིད་ཀྱི་སྒོ་ནས་རྫས་རྟོགས་པ་ནི་མ་ཡིན་ནོ། །བ་ལང་ཉིད་རྫས་དང་ཐ་མི་དད་པར་རྟོགས་པའི་ཕྱིར་རྣམ་པར་


DTG190_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཐ་དད་པར་མ་རྟོགས་སོ་ཞེ་ན། མ་ཡིན་ཏེ། ཐ་མི་དད་པར་ཉེ་བར་འདོགས་པ་ནི་གཉིས་རྟོགས་པ་ཉིད་ཡིན་ན་སྲིད་པའི་ཕྱིར་ཏེ། ཁུར་བུ་པ་ལ་བ་ལང་ཞེས་བྱ་བ་བཞིན་ནོ། །རྫས་ཉིད་རྣམ་པ་གཅིག་ཏུ་རྟོགས་པར་འགྱུར་བ་འམ། སྤྱི་ཉིད་ལ་ཡིན་གྱི། སྤྱིའི་ཁྱད་པར་གྱི་རྫས་རྟོགས་པ་ནི་མ་ཡིན་ནོ། །སྤྱི་ཉིད་རྟོགས་པ་ནི་མ་ཡིན་ཏེ། ཁྱད་པར་གྱི་ཆོས་སུ་རྟོགས་པའི་ཕྱིར་རོ། །གཞན་ཡང་བ་ལང་སྙམ་པའི་ཤེས་པས་ཡུལ་དུ་བྱས་པའི་རང་བཞིན་ནི་བ་ལང་དཀར་པོ། །བ་ལང་ཁུ་ཡུ་ཞེས་ཁྱད་པར་དང་གཞི་མཐུན་པར་སྣང་གི་འདི་ལ་བ་ལང་ཉིད་ཡོད་ལ། འདི་ཡང་ངོ་ཞེས་ནི་མ་ཡིན་ནོ། །ཁྱད་པར་ཡང་ཁྱད་པར་གཞན་ལ་ཡང་ཐ་མི་དད་པར་རིག་པ་འཇུག་པའི་གེགས་བྱེད་པ་ཡིན་ནོ། །འདིའི་ཁྱད་པར་གཞན་ལ་ཡང་ཐ་མི་དད་པར་རིག་པ་ནི་རྗེས་སུ་འབྲེལ་པར་བྱེད་པ་ཉིད་ཡིན་ནོ། །དེ་ལ་ཁྱད་པར་ཐ་མི་དད་པར་སྣང་བ་ནི་འདི་ནི་འདི་ལ་ཡིན་ལ་འདི་ལ་ཡང་ངོ་ཞེས་ཐ་དད་པས་རྗེས་སུ་འབྲེལ་བར་བྱེད་མི་ནུས་སོ། །དེ་ཉིད་འདི་ཡིན་ནོ་ཞེས་ཐ་མི་དད་པས་ཀྱང་མ་ཡིན་ཏེ། ཁྱད་པར་ཡང་རྗེས་སུ་སྦྱོར་བར་ཐལ་བའི་ཕྱིར་རོ། །ཁྱད་པར་ནི་ཁྱད་པར་གཞན་གྱི་བདག་ཉིད་ཅན་མ་ཡིན་ནོ། །དེ་དང་ཐ་མི་དད་པར་སྣང་ལ་ཐ་དད་པ་དང་རྗེས་སུ་འབྲེལ་པ་ནི་དེ་སྤངས་ནས་རྗེས་སུ་འབྲེལ་པར་ནུས་པ་མ་ཡིན་ནོ། །རྟོགས་པ་གཞན་གྱིས་དེའི་བདག་ཉིད་ཀྱི་དངོས་པོ་སྤངས་པ་ཡིན་ན་ཡང་དེ་ལ་ཡོད་པ་ཡང་ཡོད་པ་ནི་འདི་ནའོ་ཞེས་ཐ་དད་པ་ཉིད་ཀྱིས་རྗེས་སུ་འབྲེལ་བར་འགྱུར་ན། དེ་ལྟར་ནི་རྟོགས་པ་མེད་ལ་ཁས་ཀྱང་མི་ལེན་ཏེ་འབྲེལ་པ་རྟོགས་པར་དཀའ་བས་སྤྱི་དང་ཁྱད་པར་དག་ཐ་དད་པར་རྟོགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་གང་གི་ཡུལ་དུ་གྱུར་པ་སྤྱི་ཡིན་པར་འགྱུར་བ་ཐ་མི་དད་པ་ཡིན་པར་རྟོགས་པ་ནི་ཡོད་པ་མ་ཡིན་པ་ཉིད་དོ། །འདི་ལ་བ་ལང་ངོ་སྙམ་པའམ། བ་ལང་ངོ་སྙམ་པ་ཉིད་ཀྱང་ཁྱད་པར་དང་གཞི་མཐུན་པ་ཉིད་དེ། དེ་ལ་ཡང་ཁྱད་པར་གཞན་ལ་རྗེས་སུ་སྦྱོར་བ་ནི་མེད་དོ། །དེས་ན་སྤྱིའི་ཤེས་པ་མེད་པས་འདི་ཟླ་བ་གཉིས་བཞིན་དུ་ཤེས་པའི་རྣམ་པ་ཉིད་མ་ཡིན་ནོ། །གལ་ཏེ་འདི་ལ་བ་ལང་ངོ་སྙམ་པ་


DTG190_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འབྲེལ་པར་བྱེད་པ་མ་ཡིན་མོད། རིགས་མི་མཐུན་པར་མངོན་པར་འདོད་པའི་ཁྱད་པར་སྤངས་ནས་ཁྱད་པར་གཞན་ལ་འཇུག་པའི་ཤེས་པ་དེ་ཉིད་དེ་ལས་གཞན་རྣམས་ཀྱིས་རིགས་གཅིག་གོ་བར་བྱེད་པ་ཡིན་ནོ། །དེ་ལྟར་ནི་མི་ནུས་ཏེ། འདི་ལྟར། ཕན་ཚུན་ལོག་པར་གྱུར་པ་ཡི། །རང་རྟེན་རྣམ་ཕར་རིག་པ་ནི། །ཁྱད་པར་ཁྱད་པར་ཅན་ཙམ་ལ། །ནུས་ཡོད་དངོས་གཅིག་ལ་མ་ཡིན། །འདི་ནི་བཤད་ཟིན་ཏེ། གཞན་ཐ་མི་དད་པར་ཉེ་བར་བཏགས་པ་ལས་སམ། ཁྱད་པར་ཅན་དང་ཁྱད་པར་ཅན་གྱི་དངོས་པོ་ཡིན་པའི་ཕྱིར། འདི་བ་ལང་ཞེས་རྣམ་པ་གཅིག་ཐ་དད་པར་རྟོགས་པ་ནི་ཅུང་ཟད་ཀྱང་མེད་དོ། །དེ་བས་ན་འདི་ནི་བ་ལང་གཅིག་ཡིན་ལ། འདི་གཞན་ཡིན་ནོ་ཞེས་རང་བཞིན་དེ་ཉིད་དེ་ལྟར་རྟོགས་པ་གཞན་དང་ཐ་དད་པར་རྟོགས་པས་ཕན་ཚུན་ལོག་པར་རྟོགས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན། བ་ལང་གཞན་ཡིན་ནོ་སྙམ་དུ་ཤེས་པར་མི་འགྱུར་རོ། །ཁྱད་པར་ལ་ལྟོས་ནས་གཞན་ཉིད་དོ་ཞེ་ན། མ་ཡིན་ཏེ། རྣམ་པ་གཞན་སྣང་བ་མེད་པའི་ཕྱིར་རོ། །བ་ལང་ཞེས་གཞན་ཉིད་དུ་རྟོག་པས་ན་རྟོག་པ་གཅིག་གི་ཡུལ་དུ་བྱས་པའི་ཕྱིར་དང་ཁྱད་པར་དག་ལས་གཅིག་དང་འབྲེལ་བ་ཞེས་བྱ་བར་ནུས་པ་མ་ཡིན་ཏེ། སྣམ་བུ་དཀར་པོ་རིང་ངོ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་འདི་བ་ལང༌། འདི་ཡང་བ་ལང་ཞེས་བ་ལང་གི་རྣམ་པ་ཉིད་ཀྱིས་བ་ལང་བ་ལང་གཞན་ལས་ལོག་པར་སྣང་བ་ན་ཁྱད་པར་བྱེ་བྲག་ཅན་རྟོགས་པར་བྱེད་ཀྱི། ཐ་མི་དད་པ་འགའ་ཞིག་ཐ་དད་དུ་སྣང་བ་ལས་འདི་མ་ཡིན་ནོ། །དེས་ན་ཁྲ་བོ་དང་བུམ་པ་གཉིས་ཁུ་ཡུ་ལས་ཐ་དད་པར་ཁྱད་པར་མེད་ཀྱང༌། གང་ལས་དེ་ལ་བ་ལང་ཉིད་ཡིན་པ་ན་བ་ལང་ལས་ཐ་དད་པར་འགྱུར་ལ། བུམ་པ་ནི་མ་ཡིན་པར་འགྱུར་བ་ཉམས་སུ་མྱོང་བས་གྲུབ་པའི་ཁྱད་པར་ཡོད་པ་ཡིན་ཏེ། ཕན་ཚུན་རྣམ་པར་དབྱེ་བས་ཐ་དད་པའི་བདག་ཉིད་བ་ལང་དང་རྟའི་ཚོགས་གཉིས་ཐ་དད་པར་སྣང་བའི་ཕྱིར་རོ། །དེས་ན་སློབ་དཔོན་གྱིས་འདི་ཉིད་ཐ་དད་པ་རྣམ་འབྲས་བུ་གཅིག་ལ་ནུས་པར་སྒྲུབ་པའི་སྒོ་ནས་དེ་དང་དེར་བསྟན་པ་ཡིན་ནོ། །དེའི་ཕྱིར་རྟོགས་པས་ནི་གང་ལས་བ་ལང་མ་ཡིན་པ་


DTG190_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལོག་པར་ཐ་མི་དད་པར་འགྲུབ་པ་ཁྱད་པར་བྱེ་བྲག་ཏུ་གྱུར་པ་ཙམ་ཉིད་འགྲུབ་ཀྱི་སྤྱི་ནི་མ་ཡིན་ནོ། །གསལ་བ་ཐ་དད་མེད་གཅིག་དང༌། །ཐ་དད་ཐ་དད་མིན་པའང་མེད། །ཐ་དད་རིག་དང་ཐ་དད་ཀྱི། །རང་བཞིན་ཅན་ཆོས་དེར་གཅིག་ཕྱིར། །གསལ་བ་རྣམས་ལས་ཐ་མི་དད་པར་གཅིག་གམ། །ཐ་དད་པ་དང་ཐ་མི་དད་པ་གཅིག་ནི་དེ་དག་ལ་མེད་དོ། །གང་ལས་ཤེ་ན། རྟོགས་པ་དཔྱད་པ་ཇི་སྐད་བཤད་པ་ཉིད་ལས་སོ། །འདི་ལྟར་ཁྱད་པར་རྣམས་ནི་ཐ་དད་པར་རིག་པ་ཡིན་གྱི། །ཐ་དད་པར་ནི་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཁྱད་པར་གྱི་བདག་ཉིད་ཀྱིས་ཐ་དད་ཀྱང་སྤྱིའི་བདག་ཉིད་ཀྱིས་ཐ་མི་དད་དོ་ཞེ་ན། དེ་ལྟ་ན་འོ་ན་སྤྱི་དང་ཁྱད་པར་དག་ཐ་དད་པ་ཐ་མི་དད་པའི་རང་བཞིན་དུ་འགྱུར་རོ། །གང་གི་ཕྱིར་ཐ་མི་དད་པ་མེད་པར་ནི་སྤྱི་ཐ་མི་དད་པ་མེད་པར་མི་འཐད་ལ་ཐ་དད་པ་མེད་ན་ཡང་སྤྱིའི་བདག་ཉིད་ཀྱིས་ཐ་མི་དད་ཅིང་ཁྱད་པར་གྱི་བདག་ཉིད་ཀྱིས་ཐ་དད་དོ་ཞེས་བྱ་བ་མི་འཐད་པའི་ཕྱིར་རོ། །ཐ་དད་པ་དང་ཐ་མི་དད་པའི་རང་བཞིན་དུ་རྟོགས་པ་ནི་མེད་དེ། །པ་ལང་ཁྲ་བོ་ཞེས་པ་ལང་ཉིད་དང་ཁྲ་བོ་ཉིད་ལ་སོགས་པའི་ཆོས་རྣམས་ཀྱི་རིག་པ་ཐ་དད་པ་མེད་པའི་ཕྱིར་རོ། །གལ་ཏེ་ལྡོག་པ་ཐ་དད་པ་ལ་བརྟེན་པའི་ཆོས་ཐ་དད་པ་ཁས་བླངས་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། རྟོགས་པ་དང་མ་རྟོགས་པའི་རྒྱུ་མཚན་ཅན་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་དེ་ནི་ཡོད་པ་ཡིན་ཏེ། །བ་ལང་ཞེས་གཅིག་གི་བདག་ཉིད་དུ་རྟོགས་པ་ན་དེའི་བདག་ཉིད་ཁོ་ནའི་རང་བཞིན་མ་རྟོགས་པར་བསམ་པའི་རང་བཞིན་ལ་རེ་བར་རིག་པའི་ཕྱིར་ཏེ། དཀར་པོ་ཞེས་རྟོགས་པ་ན་དེའི་བདག་ཉིད་དུ་རྟོགས་པའི་ཕྱིར་རོ། །འདི་ནི་ཇི་ལྟར་རྟོགས་པ་དེ་ལྟར་དེར་དེ་ཉིད་ཡིན་པར་ཁས་བླང་བར་བྱ་བ་ཡིན་ན། བ་ལང་དཀར་བོའོ་སྙམ་པ་ལ་ནི་ཐ་དད་པར་རིག་པ་མེད་དོ། །དེའི་ཕྱིར་སྤྱི་ཐ་དད་པ་དང་ཐ་མི་དད་པར་སྨྲ་བ་ཡང་རྟོགས་པའི་ཚད་མ་ཅན་མ་ཡིན་གྱི། །ཁྱད་པར་བྱེ་བྲག་ཅན་སྒྲུབ་པར་བྱེད་པ་ཉིད་དོ་ཞེས་བརྗོད་དོ། །སྤྱིར་སྨྲ་བ་རྟོགས་པ་ཉིད་གཙིགས་སོ་ཆེར་བཟུང་སྟེ། བདེ་བར་གཤེགས་པ་དང་འགྲན་པའི་ཕྱིར་རང་གི་ཕྱོགས་ཀྱང་རྟོགས་པ་ཉིད་ཀྱིས་བསྒྲུབ་པས་རྟོགས་པ་ཉིད་མེད་པའི་སྒོ་ནས་


DTG190_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བཏབ་པ་ཡིན་ཏེ། ཅི་སྐད་དུ། བློ་ཡི་སྣང་བ་ཐ་དད་དེ། །དེ་དག་མཚུངས་ཞེས་འཛིན་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དངོས་པོ་རྣམ་པར་དཔྱད་པ་ནི་རྒྱས་པར་རྣམ་འགྲེལ་ཉིད་དམ། རྣམ་འབྲེལ་གྱི་རྗེས་སུ་འབྲང་བ་ལས་ཁོང་དུ་ཆུད་པར་བྱའོ། །འབྲས་བུ་དེ་བྱེད་གཅིག་ཉིད་ལ། །དེ་ལྟར་རྟོགས་ལ་ལྟོས་ཏེ་ཡང༌། །བློ་འགྱུར་ཕྱིར་ན་མྱོང་བ་ལས། །ཐ་དད་མེད་མིན་ངེས་རྟེན་ཡིན། །ཅི་སྟེ་ཡང་གལ་ཏེ་བ་ལང་ངོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཤེས་པ་ཁྱད་པར་གྱི་ཡུལ་ཅན་ཉིད་ཡིན་ཏེ། ཟླ་བ་གཉིས་ལ་སོགས་པ་བཞིན་དུ་ཡོད་པར་ཐལ་བའི་ཕྱིར་སྤྱི་སྣང་བ་མེད་པ་ཉིད་ཡིན་ན། འོ་ན་ཇི་ལྟར་རྣམ་པར་རྟོག་པ་སྤྱིའི་ཡུལ་ཅན་ཉིད་དང༌། གཞན་སེལ་བ་སྤྱིའི་ཐ་སྙད་དུ་བརྗོད་ཅེ་ན། འདིར་བཤད་པ། འདིར་མེ་ལ་སོགས་པ་དུ་བ་ལ་སོགས་པའི་འབྲས་བུ་བྱེད་པ་ཅན་དག་མངོན་སུམ་དང་མི་དམིགས་པ་དག་ལས་དུ་བ་ལ་སོགས་པ་རང་གི་འབྲས་བུ་དང་འབྲེལ་པ་མ་རྟོགས་པར་ནི་འབྲས་བུ་དེ་བྱེད་པ་ཉིད་དུ་ངེས་པ་མ་ཡིན་ནོ། །དེས་ན་འབྲས་བུ་དེ་བྱེད་པ་ཉིད་རྟོགས་པ་ལ་ལྟོས་ཏེ་འབྲས་བུ་དེ་བྱེད་པ་ཉིད་ཀྱི་བློར་འགྱུར་རོ། །དེ་ཡང་གསལ་བ་གཅིག་ཉིད་ལ་དེ་ལྟར་རྟོགས་པས་བསལ་བ་གཞན་ལ་ཡང་མཐོང་བ་ལ་ལྟོས་པ་མེད་པར་རྟོགས་པར་འགྱུར་རོ། །དེས་ན་གསལ་བ་དེ་ནི་གསལ་བ་དེའི་རང་བཞིན་ཅན་ཉིད་དུ་ངེས་པ་ཡིན་ཏེ། གསལ་བ་རིགས་མི་མཐུན་པ་དག་འབྲས་བུ་གཅིག་བྱེད་པ་ཡིན་ཡང་གཅིག་ལ་ལྟོས་པས་གཞན་ལ་རྟོགས་པ་མེད་པའི་ཕྱིར་རོ། །སླེ་ཏྲེས་ལ་རིམས་སེལ་བའི་ནུས་པ་རྟོགས་པས་སླེ་ཏྲེས་ཀྱི་གསལ་བ་གཞན་ལ་དེ་ལྟར་རྟོགས་ཀྱི། ཤ་རི་བ་ལ་ནི་མ་ཡིན་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཐ་དད་པ་འདྲེས་པའི་རྣམ་པ་ཅན་གྱི་སྤྱིའི་རྟོགས་པ་འཁྲུལ་པ་ཡིན་ཡང་དོན་ལ་མི་སླུ་བར་སྲིད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་གཞན་ཉིད་ལ་དེ་ལྟར་རྟོགས་པའི་ཕྱིར་ཉ་ཕྱིས་ལ་དངུལ་དུ་རྟོགས་པ་ལྟར་ཚད་མ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེ་ལྟ་ཐ་མི་དད་པའི་རང་བཞིན་རིག་པ་ནི་མ་ཡིན་ཏེ། ཐ་དད་པ་འམ་ཐ་མི་དད་པས་དེ་ལྟར་རྟོགས་པ་བཀག་པའི་ཕྱིར་རོ། །དེའི་ཕྱིར་སྤྱི་རྟོགས་


DTG190_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲུབ་པ་ནི་མ་ཡིན་གྱི། མ་རྟོགས་ཀྱང་འདི་ཕྱི་རོལ་གྱི་དོན་བཞིན་དུ་ངེས་པ་ཡིན་ནོ། །དེས་ན་བརྗོད་དུ་མེད་པ་སྤྱིའི་རྟོགས་པ་འདི་ནི་འཇུག་པ་ཐ་མི་དད་པས་དཔག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དེ་ལ་བསམ་པའི་དབང་གིས་ནི། །སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས། །དེ་ཡི་ཇི་ལྟར་ཀུན་བརྟགས་པ། །དེ་ནི་དམ་པའི་དོན་དུ་མེད། །ཅེས་བཤད་དོ། །དེ་ལྟར་རང་གི་བདག་ཉིད་ཐ་དད་པ་མེད་པར་ཤེས་པར་བྱས་པས་དོན་འདྲེས་པར་འགྱུར་བ་ཡིན་ཏེ། དོན་དེ་དང་ཐ་མི་དད་པ་མེད་པར་བརྟགས་པའི་ཕྱིར་དང༌། ལྷག་པར་ཞེན་པའི་ངོར་དོན་གྱི་ཡུལ་ཅན་ཉིད་དུ་ཁས་བླངས་པས་དེ་ལ་ཡང་དོན་ཉིད་དུ་ཡང་བརྗོད་པའི་ཕྱིར་རོ། །དེའི་ཕྱིར། དེ་ལྟར་ཤེས་པའི་རྣམ་པ་ཉིད། །ཅི་ཞེས་བྱ་བར་བརྗོད་པ་ཡིན། །ཇི་སྐད་དུ། གང་གི་རང་གི་ངོ་བོ་ཡིས། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །ཞེས་བྱ་བ་དང་དེ་བཞིན་དུ། །གལ་ཏེ་སྤྱི་ནི་ཤེས་པ་ཡི། །རང་བཞིན་ཉིད་དུ་ཐལ་བར་འགྱུར། །དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན། །དོན་གྱི་ངོ་བོ་ཉིད་ཀྱི་སྤྱི། །ཞེས་བཤད་དོ། །དེའི་ཕྱིར་ཐ་དད་པའི་རང་བཞིན་གྱི་དོན་ཐ་དད་པའི་སྒོ་ནས་བརྟགས་པས་རྣམ་པར་རྟོག་པ་གཞན་སེལ་བའི་ཡུལ་ཅན་ཡིན་གྱི། བློ་ཆུང་ཞིང་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམ་འགྲེལ་གྱི་རྗེས་སུ་འབྲང་བར་མི་ནུས་པ་དག་གིས་ཇི་ལྟར་བརྟགས་པ་གང་ཡིན་པ་དེ་ནི་འཐད་པ་མ་ཡིན་ཏེ། འདི་ལྟར། མེད་སྒྲོ་འདོགས་ན་དངོས་པོ་དང༌། །དངོས་མེད་དེ་ཡང་འདོད་མ་ཡིན། །དེ་དག་དེ་ལྟ་ཉིད་ཡིན་ན། །རང་བཞིན་རང་བཞིན་མེད་གང་ལས། །དོན་ནི་དངོས་པོ་འམ་དངོས་པོ་མེད་པར་ངེས་པ་ཡིན་ནོ། །གང་ན་འདི་ཡོད་པ་དེས་ནི་ཡོད་པ་ཉིད་ཡིན་ལ། གང་ན་མེད་པ་དེ་ནི་མེད་པ་ཉིད་དེ། །ཡོད་དམ་མེད་ཅེས་མ་ངེས་པ་ནི་མ་ཡིན་ནོ། །ཡོད་ན་བདག་ཉིད་ཐམས་ཅད་ཀྱིས་ཡོད་པ་དང༌། མེད་ན་མེད་པ་ཡིན་ནོ། །དེ་ལ་གལ་ཏེ་ཡོད་པ་དེ་རྣམ་པར་རྟོག་པས་བརྟགས་པ་ཡིན་ན་ཤིང་ཡོད་དོ་ཞེས་ཡོད་པའི་དོན་དང་འབྲེལ་པར་མི་འགྱུར་ཏེ། ཡོད་པའི་དོན་ལྷག་པ་ལ་མི་ལྟོས་པའི་ཕྱིར། དཔེར་ན་ཤིང་ཡོད་དོ་ཞེས་རྟོགས་པ་འབྲེལ་པར་མི་འགྱུར་བ་བཞིན་ནོ། །འོན་ཏེ་


DTG190_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དེའི་ཕྱིར་དགག་པའི་དོན་དང་འབྲེལ་པར་མི་འགྱུར་ཏེ། དཔེར་ན་མེད་དོ་ཞེས་རྟོགས་པ་ཡང་དགག་པའམ། སྒྲུབ་པ་གཞན་དང་འབྲེལ་པར་མི་འགྱུར་བ་བཞིན་ཏེ། མེད་པ་ནི་ཡོད་པ་ཉིད་དུ་འགལ་བའི་ཕྱིར་རོ། །དེ་བཞིན་དུ་གཞི་མཐུན་པའི་ཆོས་གཅིག་བཀག་ན་དེའི་བདག་ཉིད་ཀྱིས་མེད་པ་ཡིན་གྱི། བདག་ཉིད་ཐམས་ཅད་ཀྱིས་ནི་མ་ཡིན་ཏེ། དཔེར་ན་སྒྲ་རྟོག་པ་མ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །འདི་ལ་དེའི་བདག་ཉིད་ཡིན་ཡང་རྟག་པ་ཉིད་མེད་ཅེས་བྱ་བར་རྟོགས་ཀྱིས། སྒྲ་ཡང་ནི་མ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པ་ཕྱི་རོལ་ཇི་ལྟར་གྱུར་པ་དེ་ལྟ་བུ་ཉིད་སྒྲོ་འདོགས་པ་མ་ཡིན་པའི་ཕྱིར་བསྒྲུབ་པའི་རང་བཞིན་སྒྲོ་འདོགས་པ་མ་ཡིན་ནོ། །རྣམ་པར་རྟོག་པ་དེ་སྒྲོ་འདོགས་པར་བྱེད་པའི་རྣམ་པ་ནི་རབ་ཏུ་གྲུབ་པ་ཡིན་ནོ། །ཕྱི་རོལ་ཇི་ལྟར་གྱུར་པ་དེ་ལྟ་བུར་གྱུར་པ་སྒྲོ་འདོགས་པ་ཡིན་པ་སྒྲུབ་པའི་རང་བཞིན་སྒྲོ་འདོགས་པར་བྱེད་པར་འགྱུར་ན། དེ་ལྟ་ནི་མ་ཡིན་ནོ། །དེའི་ཕྱིར་ཤིང་ལ་སོགས་པ་མཐོང་བ་ལ་བསྒྲུབ་པའི་རང་བཞིན་ཤིང་གི་ཡོད་པ་ཉིད་དང༌། མེད་པར་དགག་པའི་རང་བཞིན་ཤིང་མེད་ན་ཡོད་པ་ཡིན་ནོ། །དེའི་ཕྱིར་དེའི་བསྒྲུབ་པའི་རང་བཞིན་སྒྲོ་གདགས་པར་མི་ནུས་པས། མེད་པར་དགག་པའི་རང་བཞིན་སྒྲོ་འདོགས་པ་ཡིན་ཏེ། ཕྱི་རོལ་མེད་པར་དགག་པའི་མཐར་ཐུག་པ་མེད་པར་དགག་པའི་ཁྱད་པར་ཅན་ཤིང་གི་རྣམ་པ་ལྷག་པར་སྒྲོ་འདོགས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་པ་ཉིད་འཐད་པ་ཡིན་ནོ། །ཤིང་མ་ཡིན་པ་ལས་ལོག་པ་སྒྲོ་འདོགས་པའི་ཕྱིར་ཏེ། མེད་པ་ལས་ལོག་པ་ནི་མ་ཡིན་ཞེས་དེས་གང་བརྗོད་པ་དེ་ནི་མ་འབྲེལ་པ་ཡིན་ཏེ། སྒྲུབ་པའི་རང་བཞིན་ཕྱི་རོལ་གྱི་རྣམ་པ་ལས་གཞན་ཉིད་ཡིན་ན་ཡོད་དོ་ཞེས་རྟོགས་པ་ལ་ཡང་བསྒྲུབ་པའི་རང་བཞིན་ཉིད་དོ། །དེས་ན་རྣམ་པར་རྟོག་པས་ཡོད་དོ་ཞེས་རྟོགས་པ་གང་ཡིན་པ་དེ་ནི་ཡོད་པའི་དོན་མ་ཡིན་ཏེ། ཅི་ཡོད་ཅེས་དེ་ཡང་ཆོས་ཅན་ལ་ལྟོས་པ་ཡིན་པའི་ཕྱིར་དཔེར་ན་ཤིང་ཞེས་རྟོགས་པ་ཤིང་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་དེ་ལ་ལྟོས་པའི་ཕྱིར་ཤིང་གི་དོན་ཕྱི་རོལ་དང༌། མི་མཐུན་པར་མི་འགྱུར་རོ། །ཕྱི་རོལ་ནི་ཡོད་པའི་བདག་ཉིད་


DTG190_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཉིད་ཀྱིས་ཡོད་པ་གཞན་ལ་ལྟོས་པ་མེད་པའི་ཕྱིར་འདི་མཚན་ཉིད་མི་མཐུན་པར་བརྗོད་པ་ཡིན་ནོ། །རྣམ་པར་རྟོག་པའི་ཡུལ་ནི་ཡོད་པའི་དོན་ལ་ལྟོས་པ་ཡིན་ཡང༌། ཡོད་པའི་དོན་ལ་ལྟོས་པ་ཉིད་དུ་མི་འགྱུར་ཏེ། དེ་དེ་ལས་གཞན་ཡིན་པའི་ཕྱིར་རོ། །དཔས་ན་འདི་མི་མཐུན་པའི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དེ་ཉིད་ཡོད་པའི་དོན་མ་ཡིན་མོད་དེ། འདིའི་དེ་ལ་ལྟོས་པ་ཉིད་ནི་ཡོད་པ་མ་ཡིན་ནོ། །དེ་ཡང་དངོས་པོར་འགལ་བ་ཡིན་ཏེ། དེའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་ཉིད་ལྟོས་པར་བྱ་བ་ཡིན་པས་ཡོད་པའི་དོན་ལ་ལྟོས་པ་ཉིད་མ་གྲུབ་པའི་ཕྱིར་རོ། །དེ་ནི་རྣམ་པར་རྟོག་པ་ལས་སྣང་བར་ནུས་པ་མ་ཡིན་པའི་ཕྱིར་ཇི་ལྟར་ངེས་པ་ལྟོས་པར་འགྱུར་ཏེ། སྔོན་ཤེས་པ་མ་ཤེས་པ་ཉིད་ལྟོས་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ནི་ནམ་ཡང་རྟོགས་པ་མེད་དོ། །མངོན་སུམ་གྱིས་ཤེས་པ་ཉིད་དོ་ཞེ་ན་བདེན་མོད་ཀྱི། རྣམ་པར་རྟོག་པ་ལ་ཞུགས་པ་མེད་པའི་ཕྱིར་རྣམ་པར་རྟོག་པའི་གནས་སྐབས་སུ་ལྟོས་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེ་བཞིན་དུ་ཕྱི་རོལ་གྱི་དངོས་པོ་མེད་པ་ཡང་རྣམ་པར་རྟོག་པའི་ཡུལ་མ་ཡིན་ཏེ། དེ་ནི་རང་བཞིན་མེད་པ་ཉིད་ཀྱིས་རྟོགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །འདིའི་མཚན་ཉིད་མི་མཐུན་པ་ནི་རྟོགས་པའི་ཡུལ་ཉིད་ཡིན་ནོ། །ཅི་སྟེ་དངོས་པོ་དང་དངོས་པོ་མེད་པ་དེ་དག་ཉིད་ཀྱང་རྣམ་པར་རྟོག་པའི་ཡུལ་དུ་ཡང་འགྱུར་ན། འོ་ན་ཤིང་ཡང་ཤིང་ཉིད་ཡིན་པའི་ཕྱིར་ཇི་ལྟར་སྒྲུབ་པའི་རང་བཞིན་སྒྲོ་མི་འདོགས་པ་ཞེས་བྱ། ཤིང་མིན་བཀག་པ་ཤིང་གི་ནི། །རང་བཞིན་མ་ཡིན་དེ་རྟོགས་ན། །ཤིང་རྟོགས་མི་འགྱུར་གལ་ཏེ་དེར། །འགྱུར་ན་དེ་ལྟར་འགྱུར་བ་ཡིན། །དེ་དག་ཕྱི་རོལ་སྒྲོ་འདོགས་པར་བསྒྲུབ་པས་དེ་ལྟར་འཁྱམས་པ་ཡིན་ཏེ། དེར་གྱུར་པའི་གྲུབ་པའི་རང་བཞིན་སྒྲོ་མི་འདོགས་ཀྱང་མེད་པར་དགག་པར་སྒྲོ་འདོགས་པར་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་སྒྲོ་འདོགས་པ་བཀག་པ་ཉིད་ཀྱིས་རྩོད་པ་འདི་རྫོགས་པའི་ཕྱིར་གཞན་སེལ་བ་ཡུལ་ཉིད་དུ་མི་འགྱུར་རོ། །དེ་ལ་ཡང་གལ་ཏེ་ཤིང་མ་ཡིན་མེད་པར་བཀག་པའི་རང་བཞིན་ཤིང་གི་རང་བཞིན་ནོ་ཞེས་


DTG190_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་གྲུབ་ན་དེའི་ཚེ་དེ་སྒྲོ་བཏགས་པར་འགྱུར་བ་ཡིན་ནོ། །དེ་ནི་ཡོད་པ་མ་ཡིན་ནོ། །ཤིང་ལ་ནི་ཤིང་མ་ཡིན་མེད་ཀྱི། །དེ་མེད་པ་ཡོད་པ་ནི་མ་ཡིན་ནོ། །དེས་ན་འདི་རྟོགས་པས་ཤིང་ལ་ཅི་ཞིག་རྟོགས་པར་འགྱུར་རོ། །ཡང་ན་ཤིང་ལ་ཤིང་མ་ཡིན། །བཀག་པས་ཡོད་པ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང༌། གལ་ཏེ་དེ་བསྒྲུབ་པའི་རང་བཞིན་ཉིད་ཡིན་ན་དེའི་ཚེ་སྒྲོ་འདོགས་པས་ན་དེ་ཉིད་སྒྲོ་བཏགས་པར་འགྱུར་བའི་ཕྱིར་སྒྲུབ་པའི་རང་བཞིན་དུ་སྒྲོ་མི་འདོགས་པ་མ་ཡིན་ནོ། །ཅི་སྟེ་ཡང་བསྒྲུབ་པའི་རང་བཞིན་ཙམ་མ་ཡིན་ན། དེ་ལྟན་འོ་ན་ཤིང་ཞེས་མེད་པར་བཀག་པ་སྒྲོ་བཏགས་ཀྱང་ཤིང་ལ་ཅི་ཞིག་སྒྲོ་བཏགས་བར་འགྱུར་ཏེ། གཟུགས་སྒྲོ་བཏགས་པས་རོ་བཞིན་ནོ། །གཞན་ཡང་འདི་དངོས་པོ་ནི་རང་དང་གཞན་གྱི་རང་བཞིན་གྱིས་ཡོད་པ་དང་མེད་པའི་བདག་ཉིད་ཡིན་ནོ་ཞེས་མུ་སྟེགས་བྱེད་གཞན་གྱི་འདོད་པ་ལྟ་བུར་མ་འདྲེས་པར་ཁས་བླངས་པར་འགྱུར་ངོ༌། །གང་ཡང་ཤིང་གིས་རྟོགས་པས་དེ་ལ་གནས་པ་ཤིང་མ་ཡིན་མེད་པར་བཀག་བ་རྟོགས་པར་སེམས་པ་དེའི་ཤིང་མ་ཡིན་མེད་དོ་ཞེས་མེད་པར་བཀག་པ་ན་ཤིང་རྟོགས་པར་འགྱུར་རོ། །གལ་ཏེ་ཡང་ཤིང་ལ་ཡང་མེད་པར་དགག་པ་ཡོད་ན་ཅི་ལྟར་མངོན་སུམ་གྱིས་མ་རིག །མངོན་སུམ་མ་ཡིན་ན་ཡང་བཟུང་བ་དང་མ་བཟུང་བ་དག་ཇི་ལྟར་དོན་གཅིག་གི་རང་བཞིན་དུ་འགྱུར། །དེའི་ཕྱིར་གཞན་སེལ་བ་ཡུལ་དུ་བརྗོད་པ་ཡང་མ་འབྲེལ་བ་ཉིད་དོ། །བློ་གང་ལ་ནི་གང་སྣང་མེད། །དེ་ལ་དེ་སྒྲོ་འདོགས་པ་མེད། །རྗེས་སུ་དཔོག་ཀྱང་འགལ་བ་ཡིན། །རང་བཞིན་རིག་པ་དེར་བརྟེན་མིན། །གལ་ཏེ་ཤིང་ཞེས་རྟོགས་པ་ལ་དགག་པའི་དོན་རྟོགས་པ་ཡོད་ན་མེད་པར་དགག་པའི་རང་བཞིན་གྱི་དོན་སྒྲོ་བཏགས་པར་འགྱུར་རོ། །དེའི་ཕྱིར་འདི་ཅི་ལྟར་མེད་པར་དགག་པའི་ཁྱད་པར་ཅན་ཡིན། དགག་པའི་དོན་མི་སྣང་ཡང་དངོས་སུ་ན་ཤིང་མ་ཡིན་པ་ལས་ལོག་པའི་ཤིང༌། སྒྲོ་འདོགས་པ་ཡིན་ཏེ། ཕྱི་རོལ་བཞིན་དུ་ཤིང་མ་ཡིན་པ་བཀག་པ་ནི་དེ་ལ་ཡང་ཡོད་པའི་ཕྱིར་རོ། །སྒྲོ་བཏགས་པ་དེ་ཉིད་ནི་དགག་པའི་དོན་མེད་པར་དགག་པའི་རང་བཞིན་སྒྲོ་བཏགས་


DTG190_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རྣམ་པར་རྟོག་པའི་ཡུལ་དུ་འགྱུར་བ་ནི་མི་རྟོགས་པ་མི་སྲིད་པའི་ཕྱིར་རོ། །མ་རྟོགས་ཀྱང་དངོས་པོའི་མཐུ་ལས་བྱུང་བའི་རང་བཞིན་ནི་རྟོགས་པའི་ཡུལ་ལ་སྲིད་པ་མ་ཡིན་ཏེ། སྐད་ཅིག་མ་ཉིད་ཀྱང་ཡིན་པར་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་རྟོག་པ་མེད་པའི་ཡུལ་ལ་ཡང་འགྱུར་རོ། །གལ་ཏེ་ཡང་འདི་ཤིང་ཡིན་ན་ཤིང་མ་ཡིན་པ་ལས་ཐ་དད་པར་འགྱུར་རོ། །དེ་ལྟ་ཡིན་དང་སྒྲུབ་པའི་རང་བཞིན་སྒྲོ་འདོགས་པར་འགྱུར་རོ། །དགག་པའི་དོན་རྟོགས་པ་མེད་ཀྱང་རྗེས་སུ་དཔག་པ་ལས་སྒྲོ་འདོགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་དང་མི་འགལ་བར་རིག་པ་ལ་དེ་རྗེས་སུ་དཔག་པ་སྲིད་པའི་ཕྱིར་སྔོན་པོ་ལ་སྐད་ཅིག་མ་ཉིད་བཞིན་ནོ། །འགལ་བ་ནི་མ་ཡིན་ཏེ། དེ་ལ་དྲོ་བ་མ་ཡིན་པ་བཞིན་ནོ། །དགག་པ་རྗེས་དཔག་འགྱུར་བ་དང༌། །གཏན་ཚིགས་བསྒྲུབ་བྱ་ཁྱད་མེད་འགྱུར། །དངོས་མེད་དངོས་མེད་སྒྲུབ་བྱེད་ལ། །དོན་ཆོས་འབྲེལ་བའང་མེད་པར་འགྱུར། །གཞན་སེལ་བ་ནི་མེད་པར་དགག་པ་ཡིན་ལ། རྗེས་སུ་དཔག་པ་ཡང་དེའི་ཡུལ་ཅན་ཡིན་པའི་ཕྱིར་སྐད་ཅིག་མ་མ་ཡིན་པ་མེད་དོ། །མེ་མ་ཡིན་པ་མེད་དོ་ཞེས་རྗེས་སུ་དཔག་པ་མཐའ་དག་དགག་པའི་རང་བཞིན་དུ་འགྱུར་གྱི། སྐད་ཅིག་མ་ཉིད་དུ་རྟོགས་པར་ནི་ག་ལ་འགྱུར་ཏེ། དེ་ནི་སྒྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཏན་ཚིགས་ཀྱང་རྣམ་པར་རྟོག་པའི་ཡུལ་ཡིན་པའི་ཕྱིར་སྒྲུབ་བྱེད་མེད་པར་དགག་པ་ཡིན་ལ། །བསྒྲུབ་བྱ་ཡང་དེ་ཉིད་ཡིན་པའི་ཕྱིར་བསྒྲུབ་བྱ་གང་ཡིན་པ་དེ་ཉིད་སྒྲུབ་བྱེད་དུ་འགྱུར་རོ། །གསལ་བྱ་ཐ་དད་པས་ཐ་དད་དོ་ཞེ་ན་མ་ཡིན་ཏེ། ཐ་དད་པ་ནི་ཡོད་པ་ཉིད་ཀྱི་ཁྱད་པར་དུ་རྟོགས་པའི་ཕྱིར་རོ། །མེད་པ་ནི་ཡོད་པ་མ་ཡིན་ནོ། །དངོས་པོ་ཉིད་དངོས་པོ་ལ་བསལ་བར་བྱ་བ་ཡིན་ན་དེ་ནི་སྒྲུབ་པའི་རང་བཞིན་རྣམ་པར་རྟོག་པ་མེད་པའི་ཡུལ་ཡིན་པའི་ཕྱིར་ཇི་ལྟར་བསལ་བྱ་ཐ་དད་པར་འགྱུར། དངོས་པོ་ཉིད་དངོས་པོའི་བདག་ཉིད་དང༌། དངོས་པོའི་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་དངོས་པོའི་རང་བཞིན་དེའི་བདག་ཉིད་དང༌། དེ་ལས་བྱུང་བ་ཇི་ལྟར་སེལ་བའི་བདག་ཉིད་ཀྱིས་བསྒྲུབ་བྱ་དང་སྒྲུབ་བྱེད་


DTG190_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡོད་པར་འགྱུར། །སེལ་བ་ཉམས་སུ་མྱོང་བས་ཀྱང༌། །བརྟགས་པ་དོན་བློ་མིན་དེ་ལས། །ངེས་དང་ལྡན་པའང་མ་ཡིན་ཏེ། །རྟོགས་མེད་ལ་ཡང་ཡོད་པའི་ཕྱིར་རོ། །ཇི་སྐད་དུ། ཇི་སྐད་བཤད་པའི་ཚུལ་གྱིས་དོན་དང་མི་མཐུན་པ་ཡིན་ཡང༌། སྒྲོ་བཏགས་པ་ལ་དོན་ཉིད་དུ་རྟོགས་པ་དེ་ལས་གཞན་པ་ལས་ལྡོག་པས་བྱས་པའི་འདྲ་བ་ལ་ལྟོས་པ་ཅན་ནི་མེད་པར་དགག་པ་སྒྲོ་བཏགས་པ་མེད་པར་མི་འགྱུར་རོ། །དེ་བཞིན་དུ་གལ་ཏེ་སྒྲོ་བཏགས་པ་མིན་ན་ཇི་ལྟར་ཡང༌། །ཤིན་མ་ཡིན་པ་ལ་ལྡོག་པའི་བདག་ཉིད་ཅན་ངེས་པའི་བདག་ཉིད་ཀྱིས་ཤིང་རྟོགས་པར་མི་འགྱུར་རོ། །ངེས་པའི་བདག་ཉིད་བསྒྲུབས་པའི་ཤུགས་ཀྱིས་འགྱུར་རོ་ཞེ་ན། དེ་ཉིད་ལྡོག་པ་མེད་ན་ག་ལས་ཞེས་བརྗོད་པ་དེ་ཡང་མི་རིགས་ཏེ། དོན་རྣམ་པ་གཞན་མྱོང་བ་ལ་གཞན་དུ་རྣམ་པར་རྟོག་པའི་རྒྱུ་ནི་མཐོང་བ་དང་རྣམ་པར་བརྟགས་པ་དག་འདྲ་བ་ཡིན་པར་བརྗོད་དེ། དཔེར་ན་སྨིག་རྒྱུ་མྱོང་བ་ལ་ཆུར་རྣམ་པར་རྟོག་པ་བཞིན་ནོ། །དེ་ལྟར་གཞན་ལས་ལྡོག་པ་མྱོང་བ་ན། དོན་དུ་རྟོགས་པ་ནི་མ་ཡིན་ནོ། །རྟོགས་པ་འདི་ནི་གཅིག་ཉིད་ཡིན་ཏེ། གང་གི་ཚེ་འདྲ་བ་ཉམས་སུ་མྱོང་བ་འདི་ཉིད་ཀྱི་ཚེ་དོན་དུ་ལྷག་པར་ཞེན་པའི་ཕྱིར་འདི་དག་ལ་རྒྱུ་མཚན་ཅན་གྱི་དངོས་པོ་ཅི་ཞིག་ཡོད། །གཞན་སེལ་བ་རྟོག་པ་ཁོ་ནས་ངེས་པ་ཉིད་ཀྱང་མ་ཡིན་ཏེ། མངོན་སུམ་དེའི་ཡུལ་ཅན་མ་ཡིན་པ་ཡང་དེ་ལྟར་གྱུར་པ་རྟོགས་པའི་ཕྱིར་རོ། །སྒྲུབ་པ་དང་དགག་པ་དག་ནི་བློ་ལ་མ་ཡིན་ཞིང༌། གཟུང་བའི་རྣམ་པ་མ་ཡིན་ལ། སྒྲོ་བཏགས་པའི་རང་བཞིན་ལ་ཡང་མ་ཡིན་ཏེ། ཐམས་ཅད་རང་གི་རང་བཞིན་དུ་ཡོད་པར་མི་འཁྲུལ་པས་སྒྲུབ་པ་དོན་མེད་པའི་ཕྱིར་དང༌། དགག་པ་འགལ་བའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་མ་འབྲེལ་པ་ཡིན་ཏེ། འདི་ལྟར། འཁྲུལ་པ་མི་སླུ་གནོད་པ་ལས། །ཕྱི་རོལ་ཡོད་དང་མེད་པར་ནི། །རྟོགས་བྱེད་གཞན་ནི་དེ་སྤངས་ནས། །ཐ་དད་མེད་པར་རིག་ཕྱིར་རོ། །དོན་དུ་སྣང་བ་སྐྱེས་པ་དེར་ཐེ་ཚོམ་ཟ་བ་མི་སླུ་བ་དམིགས་པ་ལས་དེ་བཞིན་དུ་རྟོགས་ཏེ། དེར་སྣང་བ་དང་པོ་ཉིད་དུ་གྲུབ་པ་ལ་ཅི་འདི་ཅི་ལྟར་སྣང་བ་དེ་ཁོ་ན་ལྟར་ཡིན་ནམ། འོན་ཏེ་དེ་


DTG190_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་མ་ཡིན་ཞེས་ཐེ་ཚོམ་ཟ་བ། མི་སླུ་བ་ལས་རྟོགས་ན་ཕྱི་རོལ་བསྒྲུབ་པར་འགྱུར་བ་འམ། གནོད་པ་བཀག་ན་ཕྱི་རོལ་ཉིད་བཀག་པར་འགྱུར་བ་ཡིན་ཏེ། དེ་ལྟར་རྟོགས་པ་ལ་རྩོད་པ་མེད་པའི་ཕྱིར་རོ། །ཡིད་བསླད་པ་མེད་པས་བུམ་པ་ཡོད་དོ། །བུམ་པ་མེད་དོ་ཞེས་སྒྲུབ་བ་དགག་པ་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་ངེས་པ་ལ་ལྟོས་ནས་ཕྱི་རོལ་གྱི་མཐར་ཐུག་པ་ཉིད་ཡིན་ཏེ། སྒྲའི་དོན་རྣམ་པ་གསུམ་དང༌། ཚིག་གི་དོན་རྗེས་སུ་འབྲེལ་བ་ནི་སྔར་རྣམ་པར་ཕྱེ་བའི་ཕྱིར་རོ། །འདི་འགའ་ཞིག་ལ་རྣམ་པར་བཞག་ནས་འགའ་ཞིག་ཏུ་སྒྲུབ་པ་འམ་འགོག་པ་ནི་མ་ཡིན་ཏེ། ཐ་དད་པར་རྟོགས་པ་མ་གྲུབ་པའི་ཕྱིར་རོ། །ཇི་ལྟར་གྲུབ་ལ་དོན་རང་གི །བདག་ཉིད་གནས་དངོས་རིག་པ་ལྟར། །དགག་པའི་བློ་ལ་དགག་པ་ཡི། །དོན་དང་འབྲེལ་པར་འགྱུར་བ་མིན། །བསྒྲུབ་པ་ལ་ནི་རང་གི་བདག་ཉིད་ལ་གནས་པའི་དོན་སྒྲུབ་བཞིན་པའི་ཆོས་དང་འབྲེལ་པར་རྟོགས་པ་ཡིན་ཏེ། རྟོགས་པའི་བ་ལང་སྔོན་པོའི་བདག་ཉིད་དུ་རིག་པ་བཞིན་ནོ། །མེད་དོ་ཞེས་བྱ་བ་ནི་བུམ་པའི་བདག་ཉིད་རྣམ་པར་གནས་པ་ཉིད་དགག་པའི་དོན་དང་འབྲེལ་པ་མ་ཡིན་གྱི། །འོ་ན་ཀྱང་དེའི་བདག་ཉིད་ལྡོག་པ་རྟོགས་པ་ཉིད་འདིའི་དགག་པ་རྟོགས་པ་ཡིན་ནོ། །མེད་པའི་དོན་ནི་ལྡོག་པ་ཡིན་ལ། །དེ་ཡང་བུམ་པའི་སྒྲ་སྦྱར་བ་མེད་ན་ཡུལ་མེད་པར་འགྱུར་བའི་ཕྱིར་དེ་སྦྱར་བས་བུམ་པ་མེད་པར་རྟོགས་པ་ཡིན་ནོ། །དེ་བས་གལ་ཏེ་བུམ་པ་ཡིན་ན་ཇི་ལྟར་མེད་ཅེས་བྱ་བ་འགལ་བར་མི་འགྱུར། །མེད་པ་ལ་སྒྲ་སྦྱོང་བ་ཡང་སྒྲ་རྣམས་དོན་ཡོད་པ་ལ་མི་ལྟོས་པ་ཉིད་ཀྱིས་མི་འགལ་ལོ། །དེས་ན་འདི་འབྲེལ་པ་མེད་པའི་ཕྱིར་ཇི་སྐད་བཤད་པའི་ལམ་བཟུང་བ་ཉིད་རིགས་སོ། །མཁས་རློམ་པས་ཀྱང་གང་ལ་ཇི་བཞིན་བློ་མ་རྙེད། །རབ་བརྟགས་ཚིག་ལ་དང་གསལ་འཛིན་རྨོངས་པས་ཕོངས་གྱུར་པ། །མུ་སྟེགས་ལྟ་ངན་རྒྱ་ཆེར་འཇོམས་པའི་གཞན་སེལ་འདི། །ཇི་བཞིན་སྟན་ལ་མཁས་རྣམས་དཔྱོད་པར་མི་བྱེད་དམ། །གཞན་སེལ་བ་གྲུབ་པ་དགེ་བསྙེན་དམ་པ། མཁས་པ་ཆེན་པོ་བྲམ་ཟེ་ཤཾ་ཀ་རཱ་ན་ནྡས་མཛད་པ་རྫོགས་སོ།། །།གྲོང་ཁྱེར་དཔེ་མེད་དུ་ཁ་ཆེའི་པཎྜི་ཏ་མ་ནོར་ཐ་


DTG190_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །།


previousསེལ་བ་གྲུབ་པ། བདེ་བྱེད་དགའ་བ།next