Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་དགུ་བཅུ་པ།


   
   
   
   
   
རྩོད་པའི་རིགས་པའི་འགྲེལ་པ།  འདུལ་བའི་ལྷ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྩོད་པའི་རིགས་པའི་འགྲེལ་པ། འདུལ་བའི་ལྷ།next

རྩོད་པའི་རིགས་པའི་འགྲེལ་པ།
འདུལ་བའི་ལྷ།


DTG190_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཱད་ནྱ་ཡ་ཊཱི་ཀ །བོད་སྐད་དུ། །རྩོད་པའི་རིགས་པའི་འགྲེལ་པ། གསུང་གི་མངའ་བདག་ལ་ཕྱག་འཚལ་ལོ། །དོན་དམ་པ་གསུང་བ་ལ་ཕྱག་འཚལ་ལོ། །གང་དག་རིགས་པའི་རྩོད་པ་སྙན་པར་རབ་གྲུབ་པའི། །བཟོད་དང་སྙིང་བརྩེ་སྦྱིན་དང་དུལ་བ་རབ་ལྡན་པའི། །རིགས་པ་མཁྱེན་པའི་མཆོག་གྱུར་དེ་ལ་ཕྱག་འཚལ་ནས། །རྩོད་པའི་རིགས་པ་གཞུང་


DTG190_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ནི་བཤད་པར་བྱ། །རྩོད་པ་དག་ལ་རྒྱུ་ཅན་གྱིས། །ཞེས་བྱ་བ་ལ་སོགས་པའི་ངག་དང་པོ་འདིས་ནི་རབ་ཏུ་བྱེད་པ་འདིའི་འབྲེལ་བ་དང༌། བརྗོད་པར་བྱ་བའི་དགོས་པ་དང༌། བརྗོད་པར་བྱ་བ་དང༌། དགོས་པའི་དགོས་པའི་དགོས་པས་བསྟན་པ་ཡིན་ནོ། །གཞན་དུ་ན་དགོས་པ་ལ་སོགས་པའི་རབ་ཏུ་བྱེད་པ་ལ་རྟོག་པ་སྔོན་དུ་གཏོང་བ་རྣམས་ཀྱི་ཡན་ལག་ཏུ་བྱེད་པ་མ་ཡིན་པ་དེ་ལྟ་ན་འདིར་རབ་ཏུ་བཤད་པས་ཅི་ཞིག་བྱ། དེ་སྲིད་དུ་རྟོག་པར་མི་འགྱུར་བ་དེ་ལྟ་ན་རབ་ཏུ་བྱེད་པ་འདིའི་དགོས་པ་ནི་ཅི་ཞིག་བྱ། འབྲེལ་བ་ཞེས་བྱ་བ་ཅི་ཞིག་ཡིན། ཇི་སྲིད་དུ་མ་བརྗོད་པ་དེ་སྲིད་དུ་རབ་ཏུ་བྱེད་པ་ལ། དགའ་བ་སྐྱེས་བར་མི་འགྱུར་ན་སླར་ཡང་ཐོས་པ་དང་བསམ་པ་ལ་འཇུག་པར་བྱེད་པར་འགྱུར་བའི་ཡན་ལག་ཅི་ཞིག་ཡིན། དེའི་ཕྱིར་རྟོག་པ་སྔོན་དུ་གཏོང་བའི་ཉན་པ་སྐྱེ་བོ་རྣམས་རབ་ཏུ་སྤྲོ་བ་སྐྱེ་བའི་དོན་དུ་རབ་ཏུ་བྱེད་པའི་འབྲེལ་བ་ལ་སོགས་པའི་ཚིག་གདོན་མི་ཟ་བར་རབ་ཏུ་བརྗོད་པར་བྱའོ་ཞེ་ན། དེའི་དིར་དགག་པའི་དོན་གྱི་ཕྱིར་འདིར་བརྗོད་པར་བྱ་བ་དང༌། དགོས་པ་ནི་དངོས་སུ་བསྟན་པ་ཡིན་ནོ། །དེ་ལྟ་ན་འདི་དེ་ཞེས་བྱ་བའི་སྒྲ་དེ་མ་ཐག་ཏུ་བསྟན་པས་སྒྱུ་ཅན་གྱིས་རྒོལ་བ་བདེན་པ་མ་ཡིན་པར་རྣམ་པར་གཞོག་པས་ཚར་གཅོད་པ་དག་དཔྱད་པར་བྱས་པ་ཡིན་ནོ། །དེ་དག་གི་ཕྱི་མ་ཡང་བསལ་བ་ཡིན་ནོ། །དེའི་ཕྱིར་དེའི་སྒྲས་ནི་བརྗོད་པར་བྱ་བ་བསྟན་ཏོ། །འོ་ན་འདིར་རབ་ཏུ་བྱེད་པས་ཀྱང་བརྗོད་པར་བྱ་བའི་ཐབས་སུ་བསྟན་པ་ཡིན་ན། གང་དག་རིགས་པས་རྩོད་པར་སྨྲ་བ་དེ་ཇི་ལྟར་མི་བདེན་པའི་རྣམ་པར་གཞག་པའི་དངོས་པོ་སྤངས་པ་ཉིད་ཉི་ཚེ་བརྗོད་པར་བྱ་བ་བསྟན་ཞེ་ན། གལ་ཏེ་ཡང་དེ་ནི་དེ་ལྟ་ན་ཡང་གང་གི་ཕྱིར་སྒྱུ་ཅན། གཞན་དག་གིས་རིགས་པར་སྨྲ་བ་དག་ཕམ་པར་བྱེད་པ་དེའི་ཕྱིར་བསྟན་བཅོས་བྱེད་པ་ཡིད་མི་བདེ་བ་ཕུལ་དུ་བྱུང་བས་རིགས་པས་རྩོད་པར་སྨྲ་བ་དག་ཕམ་པར་མ་བཟོད་ནས་དེ་བསལ་བ་ཞིག་བརྗོད་པར་བྱ་བ་ཉིད་དུ་བསྟན་ཏོ། །དེ་ལྟར་ན་གལ་ཏེ་སྤྱི་དོན་གཞན་སྒྲུབ་པའི་ཡན་ལག་མ་ཡིན་པ་དང༌། སྐྱོན་མི་བརྗོད་པ་ཐོག་མར་སྟོན་ཞེ་ན། རིགས་པས་ཚར་གཅོད་པར་བྱེད་པ་རང་གི་ངོ་བོ་ཤེས་པས་རིགས་པས་ཚར་གཅོད་པའི་གནས་བདེ་བར་ཤེས་པར་ནུས་པའི་ཕྱིར་རིགས་པས་ཚར་གཅོད་པའི་གནས་ཐོག་མར་སྟོན་ཏོ། །སུན་དབྱུང་བའི་དོན་དུ་ཞེས་བྱ་བའི་འདིས་དགོས་པ་བསྟན་ཏོ། །གང་གི་


DTG190_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བདེན་པ་མ་ཡིན་པའི་རྣམ་པར་གཞག་པས་སྒྱུ་ཅན་གྱིས་ཚར་གཅོད་པར་བྱེད་པ་སུན་དབྱུང་བ་ཙམ་དུ་བརྗོད་དོ། །འོན་ཏེ་འདིར་ཡང་སུན་དབྱུང་བ་འབའ་ཞིག་ནི་དོན་མེད་དེ་སུན་དབྱུང་བ་ཉིད་འབྲས་བུར་འདོད་པ་ཡིན་ན། འོན་ཀྱང་དེ་ལྟ་ན་དངོས་པོའི་ཁྱད་པར་ཤེས་པ་ཉིད་ཀྱང་འབྲས་བུ་ཡིན་ནོ་ཞེ་ན་གང་རིགས་པས་ཚར་གཅད་པའི་གནས་སུ་ཡོངས་སུ་ཤེས་པའི་མཚན་ཉིད་ནི་གང་གི་ཚེ་ཡང་དེ་དག་དེ་ལྟར་སྒྱུ་ཅན་སུན་དབྱུང་བ་ཉིད་འདིར་དགོས་པ་ཉིད་དུ་མངོན་པར་འདོད་བ་དེ་ལྟ་ན་ཡང༌། གང་གི་སྒྱུ་ཅན་གྱིས་རིགས་པར་སྨྲ་བ་རྣམས་ལ་ཡང་རིགས་པ་མ་ཡིན་པས་ཚར་གཅོད་པ་ན། དངོས་པོའི་ཁྱད་པར་ཡོངས་སུ་ཤེས་པ་ཡང་འབྲས་བུའི་ཞར་ལ་འོངས་པ་ཡིན་ནོ་ཞེས་དེ་ཡང་འདིར་འབྲས་བུ་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །སྒྱུ་ཅན་བདེན་པར་རྣམ་པར་འཇོག་པ་ཉེ་བར་བཀོད་པ་ཡིན་ན་ནི་གནོད་པ་མེད་དོ། །དེའི་ཕྱིར་སུན་དབྱུང་བར་བྱེད་པར་བསྟན་པ་ནི་འབྲས་བུ་ཡིན་པར་མངོན་པར་འདོད་དོ། །འདིར་བརྩམས་སོ་ཞེས་བྱ་བ་འདིས་ནི་འབྲེལ་བ་བསྟན་པ་ཡིན་ནོ། །དེ་ལྟར་ན་སྒྱུ་ཅན་ལ་སོགས་པ་སུན་དབྱུང་བར་བྱ་བའི་དོན་གྱི་ཕྱིར་རབ་ཏུ་བྱེད་པ་འདི་རྩོམ་པའི་དོན་ཡིན་ནོ། །རབ་ཏུ་བྱེད་པ་ནི་སྒྱུ་ཅན་ལ་སོགས་པ་བསལ་བཱི་ཐབས་སུ་བསྟན་པ་ཡིན་ནོ། །དེ་ལྟ་ན་ཡང་བདེན་པ་མ་ཡིན་པས་ཚར་གཅོད་པ་ནི་དགོས་པ་ཡིན་ནོ། །རབ་ཏུ་བྱེད་པ་ནི་ཐབས་ཡིན་ལ། རབ་ཏུ་བྱེད་པ་དང་དགོས་པ་ནི་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་བ་དང་བྱེད་པ་དང་བསྒྲུབ་པར་བྱ་བའི་མཚན་ཉིད་ཀྱི་འབྲེལ་བ་འདི་ནི་དེ་ལྟར་རྒྱུ་དང་འབྲས་བུའི་མཚན་ཉིད་ཡིན་ནོ། །དེ་ལྟ་ན་རབ་ཏུ་བྱེད་པ་ནི་སྒྲུབ་པར་བྱེད་པ་ཡིན་ལ་བསྒྲུབ་པར་བྱ་བ་ནི་འབྲས་བུ་ཡིན་ཏེ། རྒྱུ་ནི་རབ་ཏུ་བྱེད་པ་ཡིན་ལ་འབྲས་བུ་འདོད་པ་ཡིན་ནོ། །དེའི་ཕྱིར་ན་ཡང་བདེན་པ་མ་ཡིན་པ་ལ་སོགས་པ་སུན་དབྱུང་བའི་དོན་གྱི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམས་སོ་ཞེས་བྱ་བར་གནས་སོ། །དེ་ལྟར་རྣམ་པར་གནས་པ་ལ་རེས་འགའ་འགའ་ཞིག་གིས་དྲིས་ན་ཅི་མི་བདེན་པར་རྣམ་པར་གཞག་པ་ཉེ་བར་བཀོད་པ་ལ་སོགས་པ་སུན་དབྱུང་བ་ཡིན་ཏེ། སུན་འབྱིན་བར་བྱེད་པ་ཡང་ལ་ལར་ཉེ་བར་སྦྱར་བར་བྱ་བ་མ་ཡིན་ཏེ། བྱ་རོག་གི་སོ་བརྟག་པ་བཞིན་དུ་དེ་ཡང་གནས་པ་


DTG190_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ལ་མངོན་པར་ཞེན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་འདི་བཤད་པས་རྩོད་པ་དག་ལ་རྒྱུ་ཅན་གྱིས། ཡང་དག་པ་མ་ཡིན་པའི་རྣམ་པར་གཞག་པ་ཉེ་བར་བཀོད་པའི་རིགས་པ་སྨྲ་བ་དག་ལ་ཡང་ཚར་གཅོད་པ་དེས་ན་དགོས་པར་གཞག་པ་དེ་ནི་ངག་གི་དོན་ཡིན་ནོ། །གང་གི་ཕྱིར། རིགས་པར་སྨྲ་བ་རྣམས་ལ་ཡང༌། །སྒྱུ་ཅན་རིགས་པ་མེད་པ་ཡི། །ཕམ་པར་བྱེད་པ་དེ་ཡི་ཕྱིར། །ཇི་ལྟར་རིགས་པར་སྨྲ་བ་སྒྱུ་ཅན་གྱིས་ཕམ་པར་བསྲུང་བར་འགྱུར་བའི་ཕྱིར་མི་བདེན་པའི་རྣམ་པར་གཞག་པ་ཚར་གཅད་པའི་དོན་དུ་རབ་ཏུ་བྱེད་པའི་འདི་བརྟགས་སོ་ཞེས་བྱ་བ་ཇི་སྙེད་པ་བསྡུས་པའི་དོན་ཡིན་ནོ། །ཡན་ལག་གི་དོན་གྱིས་སྟོང་པའི་རིགས་པར་སྨྲ་བ་རྣམས་ལ་ཡང་ཞེས་བྱ་བ་ནི་འདིར་རིགས་པའི་སྒྲས་ནི་ཚད་མར་བརྗོད་པར་བྱ་བ་གཙོ་བོའི་འཇུག་པ་ཡིན་པས་རིགས་པ་མ་ཡིན་ནོ་ཞེས་སྦྱར་བར་བྱའོ། །ཡང་ན་འཇིག་རྟེན་པ་ལ་རབ་ཏུ་གྲུབ་པའི་རིགས་པས་འཐད་པའི་དོན་ནི་རིགས་པའི་སྒྲའི་དོན་དུ་བརྗོད་དོ། །དེ་ལྟ་ན་ཡང་གང་རིགས་པས་འཐད་པའི་དོན་དུ་བརྗོད་པ་ཡིན་པ་དེ་ནི་རིགས་པར་སྨྲ་བ་ཡིན་ནོ་ཞེས་འཇིག་རྟེན་ལ་གྲུབ་བོ། །དེ་ཡང་རིགས་པས་དོན་ཡུལ་དུ་བྱེད་པའི་ཕྱིར་རིགས་པར་བརྗོད་དོ། །ཇི་ལྟར་སྔོན་པོ་ལ་སོགས་པ་དོན་ཅིས་མངོན་སུམ་གྱི་ཡིན་པའི་ཕྱིར་མངོན་སུམ་དུ་བརྗོད་ཅེ་ན། དེ་ལྟ་ན་གང་རིགས་པས་འཐད་པའི་དོན་དུ་སྨྲས་པ་དེ་ནི་རིགས་པས་སྨྲས་པ་ཞེས་འཇིག་རྟེན་ལ་གྲུབ་པོ། །དོན་དེ་ཡང་རིགས་པའི་ཡུལ་ཡིན་པའི་ཕྱིར་རིགས་པར་བརྗོད་དེ། ཇི་ལྟར་སྔོན་པོ་ལ་སོགས་པ་དོན་ཅིས་མངོན་སུམ་ཡུལ་ཡིན། མངོན་སུམ་དུ་བརྗོད་ཅེ་ན། དེ་ཡང་རིགས་པས་རྩོད་པར་ནུས་པ་དེ་ནི་འདིར་རིགས་པར་སྨྲས་པ་ཞེས་བྱའོ། །ཚད་མས་སྨྲ་བ་མེད་ན་རིགས་པས་སྨྲ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རིགས་པའི་སྒྲས་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཀ་ཡང་བརྗོད་པར་བྱ་བ་ཡིན་ན། དེ་ལྟ་ན་ཡང་སྐབས་ཀྱི་དབང་གིས་སྤྱིའི་སྒྲ་བྱེ་བྲག་ལ་འཇུག་པ་ཡིན་པ་དེས་ཀྱང་རིགས་པ་ཉེན་པ་ནི་རྗེས་སུ་དཔག་པ་ཉིད་བརྗོད་པར་བྱ་བ་ཡིན་ལ། མངོན་སུམ་གྱིས་མ་ཡིན་པ་དེའི་ཕྱིར་རྩོད་པ་རྣམས་མངོན་སུམ་གྱི་དབང་དུ་མ་བྱས་སོ། །ཡང་ན་རིགས་པས་འཐད་པའི་དོན་ལ་རྩོད་པར་ནུས་ན་ཁྱེད་


DTG190_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་རིགས་པ་སྨྲ་བ་ཡིན་ཏེ། རིགས་པས་འཐད་པའི་དོན་ལ་རྩོད་པ་ཞེས་བྱ་བའི་དོན་ཡིན་ནོ། །རིགས་པའི་སྒྲ་བཤད་པ་དེ་དག་གིས་ནི་མངོན་སུམ་རྗེས་སུ་དཔག་པ་གཉི་ག་སྦྱར་བར་བྱའོ། །འདི་ཉིད་འདིར་བཤད་ན་རྒྱལ་བར་བལྟ་བར་བྱའོ། །དེ་ལྟ་ན་འཇིག་རྟེན་པ་དང་མཐུན་པའི་རིགས་པའི་དོན་དུ་སྨྲ་བ་ནི་རིགས་པ་སྨྲ་བ་ཡིན་པར་གྲུབ་བོ། །ཡང་གི་སྒྲ་ནི་སྲིད་པའི་དོན་ཡིན་ཏེ། རྒྱལ་བར་འོས་པ་ཡང་ཕམ་པ་ཡིན་ཏེ། སྒྱུ་ཅན་གྱིས་ཕམ་པ་མི་སྲིད་ན་ཡང་ཕམ་པ་ཞེས་བྱ་བའི་དོན་ཡིན་ནོ། །ཕམ་པ་ཞེས་སྨྲས་པ་ཅི་ཞིག་ཡིན་ཞེ་ན། རྩོད་པ་དག་ལ་ཞེས་བྱ་བ་སྨྲས་ཏེ། ཕྱོགས་སྔ་མ་དང་ཕྱི་མ་དག་ཡོངས་སུ་འཛིན་པ་སྔོན་དུ་སོང་བའི་རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་རང་དང་གཞན་གྱི་ཕྱོགས་གྲུབ་པར་བྱེད་པ་དང་གྲུབ་པའི་དོན་དུ་བརྗོད་ནས་རྩོད་པ་ཡིན་ནོ། །གང་ཡང་སློབ་མ་ཚངས་པར་སྤྱོད་པ་དང་ལྷན་ཅིག་ཏུ་རྩོད་པ་ན་ཚིག་དོར་ལ་སོགས་པ་སྤངས་ནས་རྒྱལ་བར་འདོད་པ་རྣམས་ལྷན་ཅིག་ཚིག་དོར་དང་ལྟག་ཆོད་བརྗོད་ན་ཚར་བཅད་པའི་གནས་དང་འབྲེལ་བ་ཡིན་ནོ། །རང་གི་ཕྱོགས་ལ་གནས་ནས་རྩོད་པ་དམན་པ་གཟུ་བོ་མ་ཡིན་པ་ལ་གཅིག་རྩོད་པ་བརྗོད་པ་ནི་གཟུ་བོ་མ་ཡིན་པའི་མཚན་ཉིད་དུ་བཤད་པ་དེ་ནི་རང་གི་གཞུང་ལུགས་ཙམ་ཤ་སྟག་བརྗོད་པར་བྱའོ། །འོ་ན་འདི་ནི་འཇིག་རྟེན་པ་མ་ཡིན་ནོ་ཞེ་ན། རྒྱལ་བར་འདོད་པས་རྩོད་པ་ལ་ཚིག་དོར་དང་ལྟག་ཆོད་ནི་ཚར་གཅོད་པའི་གནས་འགའ་ཞིག་ནི་དགག་པ་ཡིན་པའི་ཕྱིར་རིགས་པ་སྨྲ་བ་དང་བརྗོད་པ་ནི་ཐ་དད་པ་མེད་པ་ཡིན་ནོ། །བདེན་པ་མ་ཡིན་པའི་རྣམ་པར་གཞག་པ་ཉེ་བར་བཀོད་པ་ཞེས་བྱ་བ་ལ་བདེན་པ་མ་ཡིན་པའི་རྣམ་པར་གཞག་པ་ནི་ཚིག་དོར་བ་དང་ལྟག་ཆོད་བརྗོད་པས་དེ་དག་ཉེ་བར་དགོད་པར་བྱེད་པ་ནི་ཚར་གཅོད་པའི་གནས་ཡིན་ནོ། །སྒྱུ་ཅན་ཞེས་བྱ་བ་ནི་ཞིབ་ཏུ་དཔྱད་ནས་རང་གི་རྒྱུད་ཀྱི་ཁ་ན་མ་ཐོ་བ་སྤེད་པར་བྱེད་ཅིང་གཞན་གྱི་རྒྱུད་ཀྱི་ཡོན་ཏན་ལ་སྨོད་པར་བྱེད་པ་ནི་སྒྱུ་ཅན་ཞེས་འཇིག་རྟེན་ལ་གྲགས་ཤིང་བརྗོད་དོ། །བསྟན་བཅོས་ལས་འཆབ་པ་དང་ཕྲག་དོག་ཉིད་དུ་གྱུར་པ་ལ་རབ་ཏུ་གྲགས་སོ། །ཚར་གཅོད་པར་བྱེད་པས་ཞེས་བྱ་བ་ནི་ཕན་པ་ལ་འདིར་ཚར་གཅོད་པ་ཞེས་བྱ་བའི་སྒྲ་བརྗོད་དོ། །ཕམ་པར་གྱུར་བ་ནི་བརླག་པར་བྱས་པས་ཞེས་བྱ་བའི་དོན་ཏོ། །ཕྱིར་ཞེས་བྱ་བ་སྒྲ་དེའི་དོན་ནི་ཤེས་པར་སྨྲ་བ་རྣམས་ལ་ཡང་གང་གི་


DTG190_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཚར་གཅོད་པར་བྱེད་པ་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་སུན་དབྱུང་བའི་དོན་དུ་ཞེས་བྱ་བ་ནི་དོ་རྣམས་དགག་པ་ནི་སུན་དབྱུང་བའོ། །དེའི་ཤུགས་ཀྱིས་མི་བདེན་པར་རྣམ་པར་འཇོག་པ་དང་སྒྱུ་ཅན་དང་ཚར་གཅོད་པར་བྱེད་པ་རྣམས་དང་འབྲེལ་བ་ཡང་ཡིན་ནོ། །དེ་ལ་མི་བདེན་པའི་རྣམ་པར་གཞག་པ་དེ་སྙེད་ཅིག་ལ་སུན་དབྱུང་བ་ཡིན་ཏེ། གང་གི་ཚེ་མི་བདེན་པའི་རྣམ་པར་གཞག་པར་བྱེད་པ་ནི་མི་བདེན་པ་ཉིད་ཀྱིས་གཞན་ལ་གསལ་བར་བྱས་པ་ཡིན་ཏེ། དེའི་ཚེ་རིགས་པ་ཉིད་ཀྱིས་ཐ་དད་པ་གསལ་བར་བྱས་པ་ན་འགའ་ཞིག་ཀྱང་ཕམ་པར་འགྱུར་བ་མེད་པའི་ཕྱིར་མི་བདེན་པའི་རྣམ་པར་གཞག་པ་སུན་དབྱུང་བར་མཛད་པ་ཡིན་ལ་སྒྱུ་ཅན་རྣམས་ཀྱང་རིགས་པར་སྨྲ་བ་ཉིད་ཀྱིས་གསལ་བར་སུན་དབྱུང་བར་མཛད་པ་ཡིན་ནོ། །ཚར་གཅོད་པར་བྱེད་པ་ཡང་སྒྱུ་ཅན་གྱིས་རིགས་པ་མ་ཡིན་པ་བྱེད་པས་ཚར་གཅོད་པར་གྲགས་པ་དེ་ལྟར་འབྱིན་པས་གསུམ་པོ་དེ་དག་སུན་འབྱིན་པ་ནི་དེ་སུན་དབྱུང་བའི་དོན་ཡིན་ནོ། །འདི་བརྩམས་སོ་ཞེས་བྱ་བ་ནི་རབ་ཏུ་བྱེད་པའི་དོན་བདག་ཉིད་ཀྱི་བློ་ལ་ཡོངས་སུ་རྫོགས་ནས་རྣམ་པར་གནས་པ་འདི་ཞེས་བྱ་བའི་སྒྲ་ཤེས་པས་ངེས་པར་བྱས་པ་ཡིན་ནོ། །བརྩམས་སོ་ཞེས་བྱ་བ་ནི་རབ་ཏུ་བྱེད་པའི་གཞུང་གི་དོན་བརྩམ་པར་བྱ་བར་བསྟན་པ་ཡིན་ནོ། །རབ་ཏུ་བྱེད་པ་ཞེས་བྱ་བ་ཡང་ཅི་ཞིག་ཡིན་ཞེ་ན། སྒྲུབ་པའི་ཡན་ལག་མ་ཡིན་ཚིག །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །སྒྲུབ་པའི་ཡན་ལག་གི་ཚིག་ནི་སྒྲུབ་པའི་ཡན་ལག་གི་ཚིག་སྟེ། དེའི་ཚིག་ནི་སྒྲུབ་པའི་ཡན་ལག་གི་ཚིག་གོ །སྒྲུབ་པའི་ཡན་ལག་གི་ཚིག་མ་ཡིན་པ་ནི་སྒྲུབ་པའི་ཡན་ལག་གི་ཚིག་མ་ཡིན་པ་སྟེ། སྒྲུབ་པའི་ཡན་ལག་མ་ཡིན་པར་བརྗོད་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ནི་སྒྲུབ་པའི་ཡན་ལག་མ་ཡིན་པ་དེའི་ཚེ་སྒྲུབ་པའི་ཡན་ལག་མ་ཡིན་པའི་ཚིག་ནི་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་བ་དེ་ནི་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱོན་མི་བརྗོད་པ་ནི་སྐྱོན་མི་བརྗོད་པའོ། །སྐྱིན་མ་ཡིན་པ་བསལ་བར་བྱས་སོ། །ཞེས་བྱ་བའི་དོན་ཏོ། །ཡང་སྐྱོན་མ་པ་ནི་སྐྱོན་མིན་པ་སྟེ། དེ་བརྗོད་པར་གྱུར་པས་ན་སྐྱོན་མི་བརྗོད་པར་གྱུར་པའོ། །སྐྱོན་མ་ཡིན་པ་བསལ་བར་བྱས། །ཞེས་བྱ་བའི་དོན་ཏོ། །གཉིས་པོ་དག་ཚར་


DTG190_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

གཅད་པའི་གནས་ཡིན་ཞེས་བྱ་བ་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་པོ་རིགས་པས་ཕམ་པའི་གནས་ཡིན་ནོ། །དེ་ལྟར་ན་སྒྲུབ་པའི་ཡན་ལག་མ་ཡིན་པའི་ཚིག་གིས་ནི་རྒོལ་བ་ཕམ་པ་ཡིན་ནོ། །སྐྱོན་མི་བརྗོད་པ་ནི་ཕྱིར་རྒོལ་བ་ཕམ་པའི་གནས་ཡིན་ནོ། །གཞན་དག་ན། མི་རིགས་ཕྱིར་ན་མི་འདོད་དོ། །ཞེས་བྱ་བ་ནི་ཇི་སྐད་བརྗོད་པའི་ཚར་གཅོད་པའི་གནས་གཉིས་པོ་དག་ལས་གཞན་དུ་དམ་བཅས་ནས་ཡོད་པར་དགོད་པ་ལ་སོགས་པ་ཡིན་པ་དེ་ནི་གང་གི་ཕྱིར་རིགས་པས་ཚར་གཅད་པའི་གནས་མ་ཡིན་པ་དེ་དེའི་ཕྱིར་རིགས་པ་སྨྲ་བ་རྣམས་ནི་ཚར་གཅད་པའི་གནས་སུ་མི་འདོད་དོ། །ཡང་ཞེས་བྱ་བ་དེའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །ཕྱིར་ན་ཞེས་བྱ་བའི་སྒྲ་ནི་དེའི་ཕྱིར་གྱི་དོན་ཏོ། །འདོད་པའི་དོན་ཞེས་བྱ་བ་ནི་རྒོལ་བས་སྒྲུབ་པར་བྱེད་པས་མངོན་པར་འདོད་པ་བསྒྲུབ་པ་ཡིན་ནོ། །སྒྲུབ་པ་ཞེས་བྱ་བའི་དངོས་པོ་སྒྲུབ་པར་བྱེད་དོ། །སྒྲུབ་པའི་སྒྲས་ནི་རྒྱུ་དང་སྒྲུབ་པར་བྱེད་པ་ཞེས་བྱ་བར་འདོད་དོ། །དེ་སྒྲུབ་པར་བྱེད་པའི་ཡན་ལག་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་དངོས་པོ་འདི་སྒྲུབ་པར་བྱེད་པ་དེ་ནི་འདིར་ཡན་ལག་གི་སྒྲ་བརྗོད་དོ། །དེ་ལྟ་ན་ཡང་སྒྲུབ་པར་བྱེད་པའི་ཡན་ལག་དང་ཕན་འདོགས་པར་བྱེད་ཅེས་བྱ་བ་ནི་རྣམ་གྲངས་ཡིན་ནོ། །དེ་ཡང་འདིར་ཡན་ལག་ཏུ་བྱེད་པ་ལ་སོགས་པ་ཡིན་ནོ། །འོན་ནི་རྒོལ་བ་དབང་དུ་བྱས་པ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྐབས་ཡིན་ཏེ་དེ་ཇི་ལྟར་དངོས་པོའི་ངོ་བོ་འདི་ཡན་ལག་ཡིན་ཞེ་ན། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་དོན་གྱི་ངོ་བོ་ཡན་ལག་ཡིན་ནོ། །དེ་ལྟ་ན་ཡང་དོན་གྱིས་དོན་གོ་བར་བྱེད་ཀྱི་སྒྲས་ནི་མ་ཡིན་ནོ། །སྒྲས་ཀྱང་སྒྲའི་དོན་ལ་རྟེན་པར་བྱེད་པའི་ཕྱིར་སྒྲུབ་པར་བྱེད་པར་འདོད་དེ་རང་ཉིད་ཀྱིས་ནུས་པ་ནི་མ་ཡིན་ནོ། །དེ་བརྗོད་པ་ནི་བསྒྲུབ་པའི་ཡན་ལག་བརྗོད་པའོ་ཞེས་བྱ་བ་བསྒྲུབ་པའི་སྒྲུབ་པར་བྱེད་པ་རྗོད་པར་བྱེད་པའི་དོན་ཡིན་ནོ། །དེ་མི་བརྗོད་པའི་འདི་ནི་ཚར་གཅད་པའི་གནས་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་རྒོལ་བ་ལས་གྲུབ་པར་སྒྲུབ་པར་བྱེད་པ་མི་བརྗོད་པ་དེའི་ཚེ་ཕམ་པའི་གནས་སུ་བརྗོད་པར་བྱའོ། །ཅི་ཞིག་བྱེད་པ་ཡིན་ཞེ་ན། དེ་ནི་ཁས་ལེན་པའི་རྒོལ་བ་ནི་ཞེས་བྱ་བ་སྨོས་ཏེ། སྤོབས་པ་མེད་པས་མི་སྨྲ་བར་འདུག་པའི་ཕྱིར་ཞེས་བྱ་བ་ནི་དེའི་སྒྲས་བརྗོད་པར་མི་ནུས་


DTG190_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་འབྲེལ་བ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། རྩོད་པའི་དུས་སུ་སྤོབས་པ་མེད་པས་མི་སྨྲ་བར་འདུག་ནས་ཅུང་ཟད་ཀྱང་བརྗོད་པ་མེད་དོ། །སྤོབས་པ་མེད་པ་ནི་འདི་མི་བརྗོད་པའི་རྒྱུ་ཡིན་ཏེ། མི་སྨྲ་བ་ན། དངོས་སུ་མི་བརྗོད་པར་བསྟན་པ་ཡིན་ནོ་ཞེས་བཤད་དོ། །སྒྲུབ་པའི་ཡན་ལག་ལ་ནུས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཡང་ན་སྒྲུབ་པར་བྱེད་པའི་ཡན་ལག་ནུས་པ་མེད་པར་འགྱུར་ཏེ་གཏན་ཚིགས་མ་བརྗོད་པས་དེ་ནི་མ་གྲུབ་པར་བྱེད་པར་ནུས་པར་འགྱུར། །དེ་ལྟ་ན་གཏན་ཚིགས་མ་བརྗོད་པ་ནི་བསྟན་ཏོ་ཞེས་བྱ་བའི་དོན་ཡིན་ནོ། །འདི་ནི་འབྲས་བུར་གྱུར་པ་ནི་ཕལ་པ་ཡིན་པས་མ་བརྗོད་པར་བསྟན་པ་ཡིན་ནོ། །དེ་ལྟ་ན་ནུས་པ་ནི་སྒྲུབ་པར་བྱེད་པར་བརྗོད་ན་ཡང་སྒྲུབ་པར་བྱེད་པ་དང་འབྲས་བུ་མ་ཐོབ་ན་ཇི་ལྟར་ཡང་དེ་སྒྲུབ་པར་བྱེད་པའི་ཡན་ལག་ཡིན་ཞེ་ན། རྟགས་རྣམ་པ་གསུམ་ཉིད་ནི་མངོན་སུམ་མ་ཡིན་པ་སྒྲུབ་པའི་ཡན་ལག་སྟེ་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་རྣམ་པ་གསུམ་ལྐོག་ཏུ་གྱུར་པའི་དོན་སྒྲུབ་པའི་ཐབས་ཡིན་ནོ། །དེ་ལྟ་ན་དངོས་པོ་སྒྲུབ་པ་དང༌། དངོས་པོ་མེད་པ་སྒྲུབ་པར་བྱེད་པ་ཞེས་བྱ་བ་གཏན་ཚིགས་གཉིས་ཏེ། དངོས་པོ་སྒྲུབ་པར་བྱེད་པ་ལ་ཡང་ཐ་དད་པར་བསྒྲུབ་པར་བྱ་བ་སྒྲུབ་དོན་གྲུབ་པ་ལ་བྱེ་བྲག་མེད་པའི་ཞེ་ན། འདོད་པའི་དོ་པར་བྱེད་པའི་དབྱེ་བས་རྣམ་པ་གཉིས་ཡིན་ནོ། །དེ་ལྟར་རེ་ཞིག་དེ་དག་འདིར་གང་གི་གཏན་ཚིགས་སུ་འགྱུར་བ་ཡིན་སྙམ་ན། མེད་ན་མི་འབྱུང་བ་ཉིད་དུ་ངེས་པར་གྱུར་པའི་ཕྱིར་གང་ཡང་གསུམ་ཁོ་ན་ལས་ལྷག་པ་ནི་མེད་དོ། །ཅི་སྟེ་རྣམ་པ་གསུམ་ཡིན་ཞེ་ན། རང་བཞིན་དང་འབྲས་བུ་དང་མི་དམིགས་པའོ་ཞེས་བྱ་བ་སྨོས་ཏེ། དེ་དག་ལས་རྣམ་པ་གཞན་དུ་མཚན་ཉིད་ཀྱིས་བྱེད་པར་ནུས་པ་མ་ཡིན་པའི་ཕྱིར་འདིར་མ་བརྗོད་དོ། །འདིར་ཡང་ཁྱབ་པར་སྒྲུབ་པར་བྱེད་པ་ཙམ་འདི་དག་ལ་བྱེད་པར་འདོད་པ་ཡིན་ནོ། །ཇི་ལྟར་རྟགས་རྣམ་པ་གསུམ་ལ་འདིར་སྒྲུབ་པར་བྱེད་པ་འདི་ཡིན་ཞེ་ན། བསྒྲུབ་པར་བྱ་བས་ཁྱབ་པ་རབ་ཏུ་བསྒྲུབས་ནས་ཆོས་ཅན་ལ་ཡོད་པར་སྒྲུབ་པར་བྱེད་དེ་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་བསྒྲུབ་པར་བྱ་བའི་ཆོས་ཀྱིས་ཁྱབ་པ་རབ་ཏུ་བསྟན་ནས་ཆོས་ཅན་ལ་ཡོད་པར་གྱུར་པར་བསྟན་པ་དེའི་ཚེ་གཏན་ཚིགས་སུ་ནུས་པ་ཡིན་ཏེ། ཇི་ལྟར་ཁྱབ་པ་བསྟན་པ་ཡིན། ཇི་ལྟར་ཆོས་ཅན་ལ་ཡོད་པར་གྱུར་བ་བསྟན་པ་ཡིན་ཞེ་ན་


DTG190_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་གང་ཡོད་པའམ་བྱས་པ་དེ་ཐམས་ཅད་ནི་མི་རྟག་པ་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་ངག་གོ །གང་ཞེས་བྱ་བ་ནི་མ་ལུས་པའི་སྒྲ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་དོན་རྗོད་པར་བྱེད་དོ། །ཡོད་པ་ཞེས་བྱ་བ་ནི་ཡོད་ཅིང་བདོག་པར་གྱུར་པའོ། །བྱས་པ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལས་སྐྱེས་པ་དེས་ན་འདི་སྐད་དུ་སྟོན་པར་འགྱུར་ཏེ། གང་ཞེས་བྱ་བ་ནི་ཅུང་ཟད་ཅིག་ཡོད་པའམ་རྒྱུ་དང་རྐྱེན་ལས་ཡོད་པ་གང་ཡིན་པ་དེ་ནི་འཇིག་པར་ཁོང་དུ་ཆུད་པར་བྱ་སྟེ། དཔེར་ན་བུམ་པ་ལྟ་བུ་སྟེ། འདི་ནི་དེ་སྲིད་དུ་ཁྱབ་པ་ཡིན་ནོ། །སྒྲ་ཡང་ཡོད་པ་འམ་མ་བྱས་པའི་ཕྱིར་ཞེས་བྱ་བ་ནི་སྒྲ་ཡོད་པ་འམ་སྒྲ་བྱས་པ་དང་ལྡན་ཡིན་ནོ་ཞེས་འདིས་ཆོས་བསྟན་པ་ཡིན་ནོ། །སྒྲ་ཐམས་ཅད་ལ་དོན་འདི་བརྟག་པར་བྱ་སྟེ། རེས་འགའ་ཡོད་པའམ་རེས་འགའ་བྱས་པས་ཡིན་ནོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །རིགས་པ་ཅན་གཞན་དག་ཡན་ལག་དག་རིམ་གྱིས་ངེས་པར་བརྗོད་པར་འདོད་དེ། །དེའི་ཕྱིར་རང་གི་གྲུབ་པའི་མཐའ་རིམ་གྱིས་ངེས་པ་དགག་པའི་ཕྱིར། །འདི་ལ་ཡང་གོ་རིམས་ངེས་པ་འགའ་ཡང་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། འདིར་ཡང་གང་སྔར་ཁྱབ་པ་བསྟན་པ་ཡིན་ལ་ཕྱིས་ཕྱོགས་ཀྱི་ཆོས་ཡིན་ཏེ་དེ་ནས་ནི་ཁྱབ་པ་ཡིན་ནོ་ཞེས་བྱ་བ་ངེས་པ་ཡོད་པ་མ་ཡིན་ནོ། །རྒྱུ་ནི་ཅི་ཞིག་གིས་འདོད་པའི་དོན་གྲུབ་པ་ལ་བྱེ་བྲག་མེད་པའི་ཞེ་ན། འདོད་པའི་དོན་སྒྲུབ་པར་གཉི་ག་ལ་བྱེ་བྲག་མེད་པའི་ཕྱིར་རོ། །གལ་ཏེ་འདོད་པའི་དོན་གྲུབ་པ་ཡང་ཆ་ཤས་སུ་བརྗོད་པ་དེ་བཞིན་ནོ་ཞེ་ན། གོ་རིམས་ངེས་པའི་ཡན་ལག་ཏུ་བྱས་པ་ལ་ཁྱད་པར་ཅི་ཡང་མེད་དོ། །དེས་ཀྱང་ཆོས་ཅན་ལ་དང་པོར་ཡོད་པར་བསྒྲུབས་ནས་ཕྱིས་ཀྱང་ཁྱབ་པར་རབ་ཏུ་བསྒྲུབ་པ་ཉིད་ཡིན་ཏེ་ཞེས་བྱ་བ་ནི་ཅིག་ཅར་ཡང་ཕྱོགས་ཀྱི་ཆོས་བསྟན་ནས་ཁྱབ་པ་རབ་ཏུ་བསྟན་པ་ཡིན་ནོ། །དཔེར་ན་སྒྲ་ནི་ཡོད་པའམ་བྱས་པ་ཡིན་ལ་ཞེས་བྱ་བ་ནི་དངོས་པོ་ཕྱོགས་ཀྱི་ཆོས་བསྟན་པ་ཡིན་ནོ། །དེ་ལྟ་བུ་གང་ཡིན་པ་དེ་ཐམས་ཅད་མི་རྟག་པ་ཡིན་ཏེ།།དཔེར་ན་བུམ་པ་ལ་སོགས་པའི་ལྟ་བུའོ་ཞེས་བྱ་བ་ནི་གཞན་ཡང་གང་དག་ཡོད་པའམ་བྱས་པ་ཡིན་པས་འདི་ཡང་མི་རྟག་པ་ཡིན་ཏེ།


DTG190_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་འདིས་ནི་ཁྱབ་པ་བསྟན་པ་ཡིན་ནོ། །ཇི་ལྟར་འདི་དག་གིས་ཁྱབ་པ་རབ་ཏུ་གྲུབ་པ་ཡང་ཡིན་ཞེ་ན། འདིར་ཁྱབ་པ་སྒྲུབ་པར་བྱེད་པ་ནི་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཉེ་བར་བསྟན་པ་སྟེ་ཞེས་བྱ་བ་སྨོས་སོ། །འདིར་ཞེས་བྱ་བ་ནི་སྦྱོར་བ་དགོད་པ་དེའི་ཚེ་མི་མཐུན་པའི་ཕྱོགས་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པར་གྱུར་པས་ཁྱབ་པ་བསྟན་པ་ཡིན་ནོ། །གལ་ཏེ་འགའ་ཞིག་རྩོད་པ་ཡིན་ཏེ་དེ་ཡང་དངོས་པོར་གྱུར་བ་དང་སྐད་ཅིག་མ་མ་ཡིན་པ་ཞེས་བྱ་བ་ཅི་འདིར་འགལ་བ་ཞེས་བྱ་བར་རབ་ཏུ་བརྗོད་པར་བྱ་བ་ཞེ་ན། གལ་ཏེ་ཡོད་པའམ་བྱས་པ་ཐམས་ཅད་སྐད་ཅིག་མ་རེ་རེར་འཇིག་པར་མ་གྱུར་ན་ཞེས་བྱ་བ་ནི། གང་གི་ཚེ་ཡོད་པའམ་བྱས་པ་ཐམས་ཅད་སྐད་ཅིག་སྐད་ཅིག་མི་འཇིག་པ་དེའི་ཚེ་སྐད་ཅིག་མ་མ་ཡིན་པ་ལ་རིམ་དང་ཅིག་ཅར་དོན་བྱེད་པར་མི་རིགས་པའི་ཕྱིར་ཡོད་པའི་མཚན་ཉིད་ནི་དོན་བྱེད་ནུས་པ་ཡིན་ལ། དེ་ལས་བཟློག་པའི་ཕྱིར་མེད་པ་ཁོ་ནར་འགྱུར་ཏེ་ཞེས་བྱ་བ་ནི་གང་ཡང་སྐད་ཅིག་མ་མ་ཡིན་པའི་དོན་ནི་རིམ་གྱིས་ཀྱང་དེ་དོན་མེད་པ་མ་ཡིན་ཏེ། ལྷན་ཅིག་བྱེད་པ་ལ་ནི་མི་ལྟོས་པའི་ཕྱིར་རོ། །ལྷག་ཅིག་བྱེད་པ་ལ་ལྟོས་ན་ནི་དངོས་པོ་རྣམས་རིམ་གྱིས་དོན་གྱི་བྱ་བ་བྱེད་པར་འགྱུར་ཏེ། རྟག་པའི་ཁྱད་པར་བོགས་དབྱུང་དུ་མེད་པའི་ཕྱིར་རོ། །ལྷན་ཅིག་བྱེད་པ་ལ་ལྟོས་པ་མེད་པ་དེས་ན་རིམ་གྱིས་བྱེད་པ་ནི་མ་ཡིན་ལ་ཅིག་ཅར་བྱེད་པར་ཡང་མི་འགྱུར་ཏེ། དོན་གྱི་བྱ་བ་བྱེད་པའི་རང་བཞིན་ཡིན་ན་ནི་ཕྱི་ནས་ཀྱང་འགྱུར་རོ། །འདི་དོན་གྱི་བྱ་བ་བྱེད་པ་གང་ཡིན་པ་དེ་ནི་སྐད་ཅིག་མ་གཉིས་པ་ལ་སོགས་པའི་གནས་སྐབས་རྣམས་སུ་འབྲས་བུ་ཅིའི་ཕྱིར་ན་བྱེད་པར་མི་འགྱུར། །གང་གི་ཕྱིར་སྐད་ཅིག་མ་མ་ཡིན་པ་རྣམས་ནི་རིམ་གྱིས་སྦྱོར་བ་ལ་སོགས་པ་འཐད་པ་མ་ཡིན་ནོ། །དེའི་ཕྱིར་དོན་གྱི་བྱ་བ་བྱེད་པར་ནུས་པ་མ་ཡིན་ཏེ། གང་ཡོད་པའི་མཚན་ཉིད་ཡིན་པ་དང་དེ་ནི་སྐད་ཅིག་མ་མ་ཡིན་པ་ལས་ལྡོག་པའི་ཕྱིར་ཡོད་པ་ནི་སྐད་ཅིག་མ་མ་ཡིན་པ་ལ་ཞུགས་པ་མེད་དོ། །དེ་ལྟ་ན་དོན་གྱི་བྱ་བ་བྱེད་པ་གང་ཡིན་པ་དེ་ནི་ཡོད་པ་བསྟན་གཏོ། །སྐད་ཅིག་མ་མ་ཡིན་པ་དོན་གྱི་བྱ་བ་བྱེད་པ་མེད་པ་ཡིན་ན། གང་ལས་དེ་དག་ཡོད་པར་འགྱུར། གང་གི་ཕྱིར་ཉེ་བར་བརྗོད་པའི་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ནི་ཉེ་


DTG190_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བར་བརྗོད་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་ལ་ལས་ཡང་དང་ཡང་དུ་གནས་པའི་མཐར་མེད་པར་ཤེས་པ་ཙམ་ཡིན་པ་དེའི་ཕྱིར་དེས་ན་བརྗོད་དུ་མེད་པ་ཞེས་བརྗོད་དོ། །ངེས་པར་ནུས་པ་ཐམས་ཅད་བརྗོད་དུ་མེད་པ་བྱས་པ་ཞེས་བྱ་བ་ཡིན་ནོ། །ཐམས་ཅད་སྨོས་པ་ནི་བུམ་པ་ལ་སོགས་པའི་ཡུལ་ལ་ནུས་པ་དང་མི་ནུས་པ་ཐ་དད་པ་མཐོང་བའི་ཕྱིར་མེད་པའི་ཡོངས་སུ་སྤངས་པའི་དོན་ཡིན་པ་དེ་ལྟ་ན་སྣམ་བུས་ནི་གོས་ལ་སོགས་པའི་དོན་གྱི་བྱ་བ་བྱེད་པ་དང༌། མི་བྱེད་པ་དང་བུམ་པ་ཡང་ཆུ་འཛིན་པ་ལ་སོགས་པའི་དོན་གྱི་བྱ་བ་བྱེད་པ་དང་མི་བྱེད་པ་དེ་དག་དེ་ཙམ་གྱིས་ཡོད་པ་མ་ཡིན་པ་དང་མེད་པ་བཤད་པས་ཡིན་ནོ། །གལ་ཏེ་གནོད་པར་བྱེད་པའི་ཆད་མ་བསྟན་ཀྱང་ཉེས་པ་ཅི་ཞིག་ཏུ་འགྱུར་ཞེ་ན། དེ་ལྟར་སྒྲུབ་པར་བྱེད་པའི་བསྒྲུབ་པར་བྱ་བ་ལས་ལྡོག་པ་ཞེས་བྱ་བ་སྨོས་ཏེ། སྔར་བཤད་པའི་རྣམ་པས་གལ་ཏེ་གཏན་ཚིགས་བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་ལ་གནོད་པ་ཙམ་གྱིས་ཚད་མ་ཉེ་བར་བསྟན་པ་དེའི་ཚེ། གལ་ཏེ་མི་མཐུན་པའི་ཕྱོགས་ལ་མ་མཐོང་དུ་ཟིན་ཀྱང་དེ་དེ་ལྟར་གཏན་ཚིགས་མི་མཐུན་པའི་ཕྱོགས་དང་ལྷན་ཅིག་པར་འགལ་བ་མེད་པར་ཕྱིར་ཡོད་པའམ་བྱས་པའི་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་རྟག་ཅེས་བྱ་བ་ལ་ཡང་ཡོད་པར་དོགས་པར་འགྱུར་བ་ཡིན་ནོ། །དོགས་པ་ཡོད་ན་ཡང་ཉེས་པ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་དེའི་ཚེ་མ་ངེས་པའི་གཏན་ཚིགས་སུ་འགྱུར་རོ། །འོ་ན་ནི་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མ་མཐོང་ན་མཐོང་བ་དང་འབྲལ་བས་གཞན་མེད་པར་སྒྲུབ་པར་བྱེད་པ་ཡོད་པ་མ་ཡིན་ནམ། དེ་ལ་གནོད་པར་བྱེད་པའི་ཚད་མ་གཞན་གྱིས་དགོས་པ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་མ་མཐོང་བ་ཙམ་གྱིས་ཀྱང་ལྡོག་པ་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། མ་མཐོང་བ་ཙམ་གྱིས་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་ལྡོག་པར་ནུས་པ་མ་ཡིན་ནོ། །འདིར་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་ལ་སོགས་པ་གོ་བར་བྱེད་པ་ཉིད་ནི་འདིར་གཟུང་བར་བྱ་བ་བསྟན་པ་ཡིན་ནོ། །ཅི་སྟེ་ནུས་པ་མ་ཡིན་ཞེ་ན་བསྐལ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་བའི་དོན་རྣམས་


DTG190_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐམས་ཅད་མཁྱེན་པ་མ་ཡིན་པའི་མཐོང་བའི་ཤེས་པ་ལོག་པས་བསྐལ་བ་དེ་དག་ལ་མེད་པར་སྒྲུབ་པར་བྱེད་པར་ནུས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་གཟིགས་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡང་དབང་པོ་ལས་འདས་པ་མཐོང་བ་ནི་མ་ཡིན་ཏེ། དེའི་དོན་ཡོད་དུ་ཟིན་ཀྱང་དོན་འགའ་ཞིག་མི་དམིགས་པས་མེད་པ་ནི་མ་ཡིན་པ་དེའི་ཕྱིར་མི་དམིགས་པས་མེད་པ་གྲུབ་པ་ནི་མ་ཡིན་ཏེ། དམིགས་པའི་རིག་བྱར་གྱུར་པ་ཉིད་ཀྱི་མི་དམིགས་པ་མེད་པར་ནུས་པ་ངེས་པ་ཡིན་གྱི་བསྐལ་བ་རྣམས་ལ་ནི་མ་ཡིན་ནོ། །དེ་ལྟར་གང་ལས་མ་མཐོང་བ་ཙམ་གྱིས་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་གྲུབ་པ་ནི་མ་ཡིན་ཏེ། དེའི་ཕྱིར་གནོད་པ་ཅན་གྱི་ཚད་མ་བཤད་པར་བྱའོ། །དེ་ཡང་ཅི་འདྲ་བ་ཞིག་ཡིན་ཞེ་ན། གནོད་པར་བྱེད་པའི་མཚན་མ་ཡང༌། །ཞེས་བྱ་བ་སྨོས་ཏེ། དོན་གྱིས་ལྡོག་པ་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཚིག་ལྷག་མའོ། །རིམ་དང་ཅིག་ཅར་འབྲེལ་བ་མེད་པ་ཞེས་བྱ་བ་ལ་སོགས་པ་གང་ལ་རིམ་དང་ཅིག་ཅར་འབྲེལ་པས་དོན་བྱེད་པ་མེད་པ་དེ་ནི་འགའ་ཞིག་ལ་ཡང་ནུས་པ་ཡོད་པ་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་ལྟ་བུའོ། །འདིས་ནི་གནོད་པར་བྱེད་པས་རྗེས་སུ་འགྲོ་བ་བསྟན་པ་ཡིན་ནོ། སྐད་ཅིག་མ་མ་ཡིན་པ་ནི་རིམ་དང་ཅིག་ཅར་ལ་སོགས་པ་དོན་བྱེད་པ་ལ་སྦྱོར་བ་མ་ཡིན་ནོ། །འདིས་ནི་ཕྱོགས་ཀྱི་ཆོས་བརྗོད་པ་ཡིན་ཏེ། དེའི་ཕྱིར་དེ་ནི་འགའ་ཞིག་ཏུ་ནུས་པ་མེད་པ་ཡིན་ནོ། །གང་ལ་ནུས་པ་མེད་པ་དེ་ནི་མེད་པའི་བདག་ཉིད་ཡིན་ཏེ། དེ་ལྟ་ན་ནུས་པ་མེད་པ་ལ་མེད་པས་ཁྱབ་པ་ཡིན་པ་དེའི་ཕྱིར་སྐད་ཅིག་མ་མ་ཡིན་པ་རྣམས་ནི་རིམ་དང་ཅིག་ཅར་ལ་སོགས་པར་སྦྱོར་བ་མེད་དོ། །མེད་པ་སྒྲུབ་པར་མི་བྱེད་ཀྱི་ཡོད་པའི་མཚན་ཉིད་ཀྱི་གཏན་ཚིགས་ནི་དེ་ལས་ལྡོག་པ་ཡིན་པའི་ཕྱིར། གནོད་པར་བྱེད་པའི་ཚད་མ་ཞེས་བརྗོད་དོ། །དེས་ན་ཡོད་པའི་བྱས་པ་ལ་སོགས་པ་འདི་ནི་གང་གི་ཚེ་གནོད་པར་བྱེད་པའི་ཚད་མ་བརྟག་པ་ལ་ཡོད་པ་ལྡོག་པར་འགྱུར་བ་དེའི་ཚེ་དེ་ནི་མི་རྟག་པར་རྣམ་པར་གནས་པ་ཡིན་ནོ། །དེའི་ཕྱིར་ན་གང་ཡོད་པའམ་བྱས་པ་དེ་ཐམས་ཅད་མི་རྟག་པ་ཡིན་ནོ་ཞེས་རྩ་བ་ཚད་མས་ཁྱབ་པ་གྲུབ་པ་ཡིན་ནོ། །དེ་ཙམ་གྱིས་ཀྱང་ཞེས་བྱ་བ་ལ་སོགས་


DTG190_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མི་མཐུན་པའི་ཕྱོགས་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པ་ཉིད་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྒྲུབ་པར་བྱེད་པ་ཆོས་ཙམ་རྗེས་སུ་འགྲོ་བ་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །འདིས་ནི་དེའི་རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་ནི་གང་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྒྲུབ་པར་བྱེད་པ་ཆོས་ཙམ་ནི་རྗེས་སུ་འབྲེལ་བ་ཡིན་ནོ། །གལ་ཏེ་དེ་ལྟ་ན་མ་མཐོང་བ་ཚད་མ་མ་ཡིན་ན་དེ། འདིར་ཡང་མ་མཐོང་བ་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་རྩ་བ་ཚད་མས་མ་མཐོང་བས་ཚད་མར་གྱུར་པ་མ་ཡིན་ནོ། །མ་མཐོང་བ་དང་ཚད་མ་མ་ཡིན་པ་དེ་ལས་ཀྱང་གང་གི་ཕྱིར་རིམ་དང་ཅིག་ཅར་མི་རིགས་པ་ཉིད་ལ་ནུས་པ་མེད་པས་ཁྱབ་པ་མི་འགྲུབ་པའི་ཕྱིར་རོ། །དེ་ལྟར་ན་རིམ་དང་ཅིག་ཅར་ལ་སོགས་པ་མེད་ན་དོན་བྱེད་མ་མཐོང་བའི་ཕྱིར་མ་མཐོང་བའི་ཚད་མས་ཁྱབ་བ་བསྟན་པ་མེད་དོ། །དེ་ཡང་ཚད་མ་མ་ཡིན་པ་དེའི་ཕྱིར་ཁྱབ་པ་གྲུབ་པ་མ་ཡིན་ནོ། །དེ་ཡང་གི་གཏན་ཚིགས་དང༌། །ཡང་ཁྱབ་པ་མ་གྲུབ་པའི་ཕྱིར་གང་གི་ཚེ་གནོད་པ་ཅན་གྱི་ཚད་མས་ཁྱབ་པ་མ་གྲུབ་པ་དེའི་ཚེ་རྩ་བ་ལ་ཡང་ཚད་མས་གྲུབ་པའི་ཁྱབ་པ་མེད་དོ། །འདི་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ། འོན་ཏེ་འདི་ལ་ཡང་གནོད་པ་ཅན་གྱི་ཚད་མ་ཡིན་ན་གནོད་པ་ཅན་གྱི་ཚད་མ་གཞན་ཡང་ཉེ་བར་སྦྱོར་བ་དེའི་ཚེ་དེ་ལ་ཡང་གནོད་པ་ཅན་གྱི་ཚད་མ་གཞན་གྱིས་ཉེ་བར་སྦྱོར་བ་ཡིན་ནོ། །དེའི་ཚེ་དེ་ལ་ཡང་གནོད་པ་ཅན་གྱི་ཚད་མ་གཞན་གསུམ་པ་བརྗོད་པར་བྱའོ། །གསུམ་པ་དང་བཞི་པ་ལ་སོགས་པ་ཐུག་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་བཞིན་ནོ། །འདིར་གྲུབ་པའི་མཐའ་སྨྲས་པ། མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེད་པ་སྒྲུབ་པར་བྱེད་པ་མ་མཐོང་བས་ན་ཞེས་བྱ་བ་ནི་ཕྱོགས་ཕྱི་མ་ཡིན་ཏེ། མ་མཐོང་བ་ཐམས་ཅད་ཁྱོད་ཀྱང་ཚད་མར་མི་འདོད་པ་ནི་མ་ཡིན་ལ། མེད་པ་སྒྲུབ་པར་བྱེད་པའི་མ་མཐོང་བ་ནི་སྤངས་པ་མ་ཡིན་ཏེ། །དེ་ཉིད་མཐོང་བ་ཡིན་ནོ། །མ་མཐོང་བས་ནི་བསྒྲུབ་པར་བྱ་བ་ལོག་པས་ཞེས་བྱ་བ་ལ་སོགས་པ་ནི་གང་མ་མཐོང་བ་ནི་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མེད་པར་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་མ་མཐོང་བས་མི་མཐུན་པའི་ཕྱོགས་དང་གཏན་ཚིགས་འགལ་བའི་ཆོས་སུ་གཏོགས་པར་ཉེ་བར་འཇོག་པའི་ཕྱིར་གནོད་པར་བྱེད་པའི་ཚད་མ་ཉིད་ཀྱིས་བསྟན་པ་ཡིན་


DTG190_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེའི་ཕྱིར་འདི་ནི་འདེ་འདྲ་བ་མ་མཐོང་བ་མ་སྤངས་པ་ཡིན་པའི་ཕྱིར་ཞེས་བྱ་བར་དགོངས་པ་ཡིན་ནོ། །རྒྱུ་ཅིས་སྒྲུབ་པར་བྱེད་པའི་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པར་འགྱུར་ཞེ་ན། དེའི་ཕྱིར་དེ་ལྟ་ན་ནི་གཏན་ཚིགས་དེ་བསྒྲུབ་བྱ་མེད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་གཏན་ཚིགས་དང་བསྒྲུབ་བྱའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ལ་འགལ་བའི་ཆོས་སུ་ཚད་མས་གྲུབ་པ་ན་གཏན་ཚིགས་ཡིན་ནོ། །བསྒྲུབ་པར་བྱ་བ་མེད་ན་མེད་པར་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །གལ་ཏེ་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་ཡོད་ན་ཡང་གནོད་པར་བྱེད་པ་མ་གྲུབ་པ་ཡིན་ན་ཉེས་པ་ཅི་ཞིག་ཡོད་པར་འགྱུར་ཞེ་ན། རྣམ་པ་གཞན་དུ་ན་དེ་ལ་འདི་གནོད་པ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །གནོད་པ་ཅན་གྱི་ཆོས་སམ་ཚད་མ་ལས་གཞན་གྱི་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མ་མཐོང་བ་དེའི་ཚེ་ཐེ་ཚོམ་དུ་འགྱུར་རོ། །ཅི་མི་མཐུན་པའི་ཕྱོགས་ལས་གཏན་ཚིགས་ལྡོག་གམ་འོན་ཏེ་མ་ཡིན། གལ་ཏེ་དེ་ལྟ་ན་མ་མཐོང་བས་ཀྱང་ལྡོག་པ་སྒྲུབ་པར་བྱེད་པ་མ་གཏོགས་པ་དེ་ཇི་ལྟར་མ་མཐོང་བ་ཙམ་ནི་ལྡོག་པ་མ་ཡིན་ནོ་ཞེ་ན། དངོས་པོ་ཐམས་ཅད་མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མ་མཐོང་བས་མེད་པ་སྒྲུབ་པར་བྱེད་པ་ནི་ཡོད་པར་འགྱུར་བ་དེ་འདིར་སྤངས་པའི་ཕྱིར་རོ། །དངོས་པོ་མི་དམིགས་པ་ཐམས་ཅད་ནི་དངོས་པོ་ལ་གནོད་པ་ཅན་མ་ཡིན་ཏེ། དེའི་ཕྱིར་བཤད་པ་དེ་ཉིད་སྒྲའི་དོན་ཡིན་པའམ་སྒྲ་ཡིན་པའོ། །དངོས་པོ་ཐམས་ཅད་མི་དམིགས་པར་གནོད་པ་ཅན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐུག་པ་མེད་པར་ཐལ་བར་འགྱུར་བ་སྤང་བའི་དོན་གྱི་ཕྱིར་རོ། །དེ་ལ་རིམ་དང་ཅིག་ཅར་དང་ལྡན་པས་ནུས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དང་འདི་རྣམས་ལ་སྦྱར་བར་བྱའོ། །རྩ་བའི་ཚད་མ་ནི་ཁྱབ་པར་བྱེད་པས་མི་དམིགས་པ་ན་གནོན་པ་ཅན་གྱི་ཚད་མ་བཤད་པ་ཡིན་ནོ། །གལ་ཏེ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་གྲུབ་ན་དེ་ཡང་དེ་ལྟར་འགྲུབ་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་དེ་ཉིད་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་འདིས་རབ་ཏུ་བསྟན་པ་ཡིན་ནོ། །རིམ་དང་ཅིག་ཅར་གྱིས་ནུས་པ་ལ་ཁྱབ་པ་ཡིན་ཏེ་ནུས་པར་གྱུར་པ་ཡིན་ན་རིམ་གྱིས་སམ་ཅིག་


DTG190_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཅར་ལས་རྣམ་པ་གཞན་པ་ནི་མེད་དོ། །རྣམ་པ་གཞན་ཅིའི་ཕྱིར་མེད་ཅེ་ན། རྣམ་པ་གཞན་ནི་མི་སྲིད་དོ་ཞེས་བྱ་པ་སྨོས་སོ། །རིམ་དང་ཅིག་ཅར་ལས་མ་གཏོགས་པའི་རྣམ་པ་གཞན་ནི་མི་སྲིད་པ་དེའི་ཕྱིར་རྣམ་པ་མ་ལུས་པ་ལ་རིམ་དང་ཅིག་ཅར་གྱིས་ཁྱབ་པ་ཡིན་ནོ། །དེ་ལྟ་ན་གང་རིམ་གྱིས་མ་ཡིན་ན་ནི་དེ་ཐམས་ཅད་རིམ་པ་མེད་པ་ཡིན་ནོ། །གང་ཡང་རིམ་པ་མེད་པ་མ་ཡིན་པ་སྟེ་དེ་ཐམས་ཅད་ནི་རིམ་གྱིས་ཡིན་ནོ། །དེ་ལྟ་ན་ཡང་ཕུང་པོ་གསུམ་པ་སྲིད་པར་ག་ལ་འགྱུར། གང་གི་ཚེ་ཕུང་པོ་གསུམ་པ་མི་སྲིད་པ་དེའི་ཚེ་རིམ་དང་ཅིག་ཅར་གྱིས་ནུས་པ་ལ་ཁྱབ་པར་གྲུབ་པ་ཡིན་ནོ། །དེས་ན་ཁྱབ་པར་བྱེད་པའི་ཆོས། །ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཕྱིར་རིམ་དང་རིམ་པ་མ་ཡིན་པས་ནུས་པ་ལ་ཁྱབ་པ་དེའི་ཕྱིར་རིམ་དང་རིམ་པ་མ་ཡིན་པའི་སྦྱོར་བ་ལོག་ན་སྐད་ཅིག་མ་མ་ཡིན་པ་ལ་ནུས་པ་ཡང་ལྡོག་པར་འགྱུར་རོ། །གང་གི་ཚེ་ནུས་པ་ལ་རིམ་དང་ཅིག་ཅར་གྱིས་ཁྱབ་པར་འགྱུར་བ་དེའི་ཚེ་ནུས་པ་མེད་པས། རིམ་དང་ཅིག་ཅར་ཞེས་བྱ་བ་ལ་སོགས་པ་ནི་གང་ཁོ་ན་ནུས་པ་དེ་རིམ་དང་ཅིག་ཅར་གྱིས་ཁྱབ་པ་གྲུབ་པར་གྱུར་པ་དེ་ཉིད་དེ་ལས་བཟློག་པ་རིམ་དང་ཅིག་ཅར་མི་རིགས་པ་ཡང་ནུས་པ་མེད་པས་ཁྱབ་པ་འགྲུབ་པར་འགྱུར་བའི་ཕྱིར་དེ་ཡང་རེ་འགའ་ཞིག་ཀྱང་ཐུག་པ་མེད་པར་ཐལ་བར་མི་འགྱུར་རོ། །དེ་ལྟར་ན་རྩ་བའི་ཚད་མ་ནི་ཁྱབ་པར་བྱེད་པ་མི་དམིགས་པས་གནོད་པར་བྱེད་པའི་ཚད་མ་ཡིན་ནོ། །གནོད་པར་བྱེད་པའི་ཚད་མ་ལ་ཡང་རྣམ་པ་གཞན་མེད་པ་ཡིན་ལ་གནོད་པར་བྱེད་པ་ཚད་མ་རྣམ་པ་གཞན་མེད་པས་ན་རིམ་དང་རིམ་པ་མ་ཡིན་པས་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གང་གི་ཕྱིར་རིམ་པ་ལས་ཐ་དད་པའི་དོན་གང་ཇི་སྙེད་པ་དེ་ཐམས་ཅད་རིམ་པ་ཡིན་པར་རྣམ་པར་གཞག་པར་བྱའོ། །རིམ་པ་མ་ཡིན་པ་ལས་ཐ་དད་པ་གང་ཇི་སྙེད་པ་དེ་ཐམས་ཅད་རིམ་གྱིས་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་རྣམ་པ་གཞན་གྱི་དངོས་པོ་གྲུབ་པ་ཡིན་ནོ། །དངོས་པོའི་རྣམ་པ་གཞན་མེད་པས་རིམ་དང་ཅིག་ཅར་གྱིས་ནུས་པ་ལ་ཁྱབ་པ་གྲུབ་པ་ཡིན་ནོ། །ནུས་པའི་མཚན་ཉིད་ནི་ཡོད་པ་མ་ཡིན་ལ། སྐད་ཅིག་མ་མ་ཡིན་པ་རྣམས་ཀྱང་རིམ་པ་དང་ཅིག་ཅར་ལས་


DTG190_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པ་ཡིན་ན་ནུས་པ་ལས་ཀྱང་ལྡོག་པ་ཡིན་ནོ། །ནུས་པའི་མཚན་ཉིད་ཡོད་པ་ནི་སྐད་ཅིག་མ་མ་ཡིན་པར་གྱུར་པ་དེའི་ཚེ་ཐུག་པ་མེད་པར་འགྱུར་ཏེ་མ་མཐོང་བ་ཙམ་གྱིས་ལྡོག་པར་མི་འགྱུར་རོ། །དེ་ལྟ་ན་རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བ་བདག་ནི་སྒྲུབ་པའི་ཡན་ལག་ཏུ་སྒྲུབ་པས་པ་ཡིན་ཏེ་ཞེས་བྱ་བ་ནི་ཇི་སྐད་དུ། ཉེ་བར་བརྗོད་པ་དེ་ནི་རིགས་པས་གནོད་པ་ཅན་གྱི་ཚད་མ་བསྟན་པས་རང་བཞིན་གྱི་གཏན་ཚིགས་ཀྱིས་སྒྲུབ་པའི་ཡན་ལག་ཏུ་བསྒྲུབས་པ་ཡིན་ནོ། །ནུས་པ་མེད་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཚེ་ཡང་བཤད་ཟིན་པའི་རིགས་པས་སྒྲུབ་པའི་ཡན་ལག་ཏུ་སྒྲུབ་པར་བྱེད་པར་མི་འགྱུར་བ་དེའི་ཚེ་ཚར་གཅད་པའི་གནས་སུ་བརྗོད་པར་བྱའོ། །རྒྱུ་ཅི་ཡིན་ཞེ་ན། འདོད་པའི་དོན་རབ་ཏུ་མ་བསྒྲུབས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འདོད་པའི་དོན་མ་བསྒྲུབས་པ་དེའི་ཕྱིར་ཕམ་པའི་གནས་ཡིན་ནོ། །འདོད་པའི་དོན་ཞེས་བྱ་བ་ནི་དམ་བཅའ་བ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དངོས་པོའི་ནུས་པའི་གཏན་ཚིགས་སུ་བཤད་པ་དེ་ཅེས་ཕམ་པར་འགྱུར་ཞེ་ན། དངོས་པོའི་ནུས་པའི་གཏན་ཚིགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །གལ་ཏེ་དོན་དམ་པར་ནུས་པའི་གཏན་ཚིགས་སུ་བཤད་པ་དེ་ལྟ་ན་ཡང་ཇི་སྙེད་པའི་ནུས་པས་གསལ་བར་མི་བྱེད་པ་དེ་སྙེད་དུ་བསྒྲུབ་པར་ནུས་པ་མ་ཡིན་ནོ། །འདི་ཡང་བྱེད་པ་བཞིན་དུ་ཡོད་པ་ཙམ་གྱིས་འབྲས་བུ་བྱེད་པ་ནི་མ་ཡིན་ནོ། །ཤེས་པར་བྱེད་པའི་གཏན་ཚིགས་སུ་གྱུར་ན་ཤེས་པའི་བདག་ཉིད་ལྟོས་ནས་རང་གི་འབྲས་བུ་བྱེད་པ་ཡིན་ཏེ་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་རེ་ཞིག་རང་བཞིན་གྱི་གཏན་ཚིགས་སྒྲུབ་པའི་ཡན་ལག་ཏུ་ནུས་པ་ཡིན་ནོ། །འོན་ཏེ་འབྲས་བུའི་གཏན་ཚིགས་ཇི་ལྟ་བུ་ཡིན་ཞེ་ན། འབྲས་བུའི་གཏན་ཚིགས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུའི་གཏན་ཚིགས་སུ་བཤད་པ་བསྒྲུབ་པར་བྱེད་པའི་ཡན་ལག་མཚུངས་པར་བྱེད་པ་ཡིན་ཏེ། དེ་ཇི་ལྟར་བྱེད་པ་ཡིན་ཞེ་ན། གང་འབྲས་བུའི་གཏན་ཚིགས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འབྲས་བུས་རྒྱུ་སྒྲུབ་པར་བྱེད་པའི་དོན་ཁས་བླངས་པ་ཡིན་ནོ། །དེས་ན་རྒྱུས་འབྲས་བུའི་དངོས་པོ་སྒྲུབ་པར་བྱེད་པ་ནུས་པ་མ་ཡིན་


DTG190_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འོན་ཏེ། ཇི་ལྟར་དེ་དག་དེ་ལྟར་གྲུབ་པ་ཡིན་ཞེ་ན། དཔེར་ན་འདི་ཡོད་ན་ཡོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱུ་འདི་ལས་འབྲས་བུ་འདི་སྐྱེད་པ་ཡིན་ནོ་ཞེས་མངོན་སུམ་གྱིས་རྟོགས་པ་ཡིན་ནོ། །དེ་ལྟར་ན་མངོན་སུམ་གྱིས་མེ་ཉེ་བར་དམིགས་པར་འགྱུར་བ་ལས་དེ་མ་ཐག་ཏུ་སྔར་མ་མཐོང་བའི་དུ་བ་མངོན་སུམ་ཁོ་ནས་རབ་ཏུ་རྟོགས་པ་ཡིན་ནོ། །མེས་བསྐྱེད་པར་བྱ་བའི་དུ་བ་འདི་ཡིན་ནོ་ཞེས་མངོན་སུམ་གྱིས་སྟོབས་ཀྱིས་ངེས་པར་སྐྱེད་པར་བྱེད་པ་དེའི་ཕྱིར་ཡོད་ན་ཡོད་པར་མངོན་སུམ་གྱིས་རྟོགས་པ་ཡིན་ནོ། །གང་ཡང་དེ་ལས་གཞན་པའི་ཞེས་བྱ་བ་ལ་སོགས་པ་ནི་གང་ལ་ཡང་དེ་མངོན་པར་འདོད་པའི་རྒྱུ་མེད་པ་དེ་ལ་ཡོད་པར་གྱུར་དུ་ཟིན་ཀྱང་གཞན་པའི་རྒྱུ་རྣམས་ལས་འདིའི་འབྲས་བུ་སྐྱེ་བར་མི་འགྱུར་བའི་ཕྱིར་མི་དམིགས་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་ན་དེ་ལས་རྒྱུ་ནི་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པས་འབྲས་བུ་ལ་ཡང་དེ་ལྟ་བའི་རྣམ་པ་མི་དམིགས་པ་ཡིན་ནོ། །དེའི་ཕྱིར་རྒྱུ་མེད་ན་འབྲས་བུ་མེད་ན་བ་ནི་མི་དམིགས་པར་ཁོང་དུ་ཆུད་པར་བྱའོ། །དེ་ཡང་ཐབས་གང་གིས་ཡིན་ཞེ་ན། ཡོད་པ་དད་མེད་པ་སྒྲུབ་པར་བྱེད་པའི་ཚད་མ་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཡོད་པ་སྒྲུབ་པར་བྱེད་པའི་ཚད་མ་ནི་མངོན་སུམ་ཡིན་ནོ། །མེད་པ་སྒྲུབ་པར་བྱེད་པའི་ཚད་མ་ནི་མི་དམིགས་པ་ཡིན་ནོ། །དེས་ན་མངོན་སུམ་དང་མི་དམིགས་པ་དག་གིས་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཅི་རྒྱུ་ཡང་མངོན་སུམ་གྱིས་འདིར་བྱེད་པ་ཡིན་ན་ཅི་མི་དམིགས་པ་ཉིད་འབའ་ཞིག་གིས་དེ་གྲུབ་པར་འགྱུར་རམ་ཞེ་ན། དེ་ལྟ་ན་འབྲས་བུ་ཉིད་ཐེ་ཚོམ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མངོན་སུམ་གྱིས་ཀྱང་ཡོད་པ་དང་མེད་པ་ཤེས་པ་ཡིན་ནོ། །མི་དམིགས་པ་འབའ་ཞིག་ཡོད་པ་དང་མེད་པ་རྟོགས་པ་མ་ཡིན་ནོ། །དེའི་ཚེ་འབྲས་བུ་ཉིད་དུ་ཐེ་ཚོམ་མེད་པར་བསྒྲུབ་པར་འགྱུར་རོ། །གལ་ཏེ་ཡང་དེ་ལྟར་མ་བརྗོད་ན་ཡང་ཉེས་པ་ཅི་ཞིག་ཡོད་ཅེ་ན། རྣམ་པ་གཞན་དུ་ན་དེ་མེད་ན་མེད་དོ་ཞེས་བྱ་བ་འབའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ན་དེ་ཡོད་ན་ཡོད་པར་འགྱུར་རོ་ཞེས་དེ་འབའ་ཞིག་མ་བརྗོད་པ་དེའི་ཚེ་མེད་ན་


DTG190_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འགྱུར་རོ་ཞེས་བརྗོད་པ་དེ་སྲིད་དུ་དེའི་རྒྱུ་ཐེ་ཚོམ་མེད་པར་བསྒྲུབ་པར་མི་འགྱུར་རོ། །དེ་ལྟ་ན་དེ་ཇི་ལྟར་དེ་ལ་མངོན་པར་འདོད་པའི་རྒྱུ་མེད་པ་དང་གཞན་ལས་ཀྱང་འགྱུར་ཏེ། དེ་ལ་དོན་མེད་པ་དེ་ནི་ཅི་མངོན་པར་འདོད་པའི་རྒྱུ་མེད་པ་ལས་མི་འབྱུང་བའི་ཡང་ན་གཞན་མེད་པ་ལས་ཡིན། དེ་ཉིད་གཞན་གྱིས་དོན་རྟོགས་པར་དོགས་པ་ཡིན་ནོ་ཞེ་ན། དེ་ལ་གཞན་གྱིས་ནུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་ཞིག་གཞན་གྱིས་དེ་ལ་ནུས་པའི་དོན་སྐྱོད་པ་མེད། དེ་ན་དེའི་འབྲས་བུ་མི་སྐྱེ་བའམ། །ཡང་ན་མངོན་པར་འདོད་པའི་རྒྱུ་མེད་པ་དེའི་ཕྱིར་སྐྱེ་བ་ཡིན། འོན་ཏེ་གང་མངོན་པར་འདོད་པའི་རྒྱུ་མེད་ན་མི་འབྱུང་བ་དེའི་ཚེ་ཅི་གཞན་གྱིས་ཡུལ་ལ་དོགས་པར་བྱེད་པ་ཡིན་ནོ་ཞེ་ན། དེ་དག་ལྡོག་ན་ཡང་ལྡོག་པ་འདོད་རྒྱལ་བར་འགྱུར་ཏེ་ཞེས་བྱ་བ་ནི་གང་ཡང་མངོན་པར་འདོད་པའི་རྒྱུ་ལྡོག་པ་ན་ལ་ལར་ལྡོག་པ་དེའི་འབྲས་བུར་འགྱུར་ཏེ། དེ་ལྟ་ན་ཡང་དེ་འདོད་རྒྱལ་བར་བཏགས་བ་ཡིན་ནོ། །ཅི་འདོད་རྒྱལ་བ་ཇི་ལྟར་ཡིན་ཞེ་ན། མ་བག་མར་ལེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་མ་བག་མར་ལེན་པ་ནི་ཨ་མ་བག་མར་ལེན་པའོ། །དེ་སྐྱེ་བའི་ཡུལ་གང་དུ་མ་བག་མར་བླངས་པས་སྐྱེ་བའོ། །མ་བག་མར་བླངས་པས་སྐྱེ་བ་ཡིན་ནོ་ཞེས་རྣམ་པར་སྦྱར་རོ། །དེ་རུ་སྐྱེས་པ་དེ་ནི་བག་མར་ལེན་པར་འདོད་པའི་ཡུལ་སྐྱེས་པ་ན་ཤིང་འབྲ་གོ་བསལ་བའི་ཕྱིར་འབྲས་བུ་འབྲ་གོར་བརྗོད་དོ། །སྐྱེ་བ་ཞེས་བྱ་བ་ནི་རབ་ཏུ་གྲགས་པའོ། །སོག་པོ་པར་སིག་གི་ཡུལ་དུ་མ་བག་མར་ལེན་པ་རབ་ཏུ་གྲུབ་པ་དེར་ཡང་འབྲ་གོ་སྐྱེ་བར་འགྱུར་རོ། །ཡུལ་གཞན་རྣམས་སུམ་བག་མར་ལེན་པ་མེད་ན་དེ་ལ་འབྲས་བུ་འབྲ་གོ་ཡང་མེད་དོ། །དེ་ལ་དཔེར་ན་ཡུལ་གཞན་དུ་མ་བག་མ་ལེན་པ་མེད་ན་འབྲས་བུ་འབྲ་གོ་སྐྱེ་བ་མེད་པ་དེ་ནི་འདོད་རྒྱལ་བ་ཡིན་ནོ། །དེ་བཞིན་དུ་ལ་ལར་མངོན་པར་འདོད་པའི་རྒྱུ་མེད་ན་འབྲས་བུ་མེད་པ་ནི་འདོད་རྒྱལ་པ་ཡིན་ཏེ་སྲིད་པར་གྱུར་པ་དེའི་ཕྱིར་དེ་མེད་ཀྱང་ཡོད་པ་ནི་ཚིག་ཙམ་འབའ་ཞིག་ཡིན་པས་ནུས་པ་ལ་ཐེ་ཚོམ་ཟ་བར་འགྱུར་རོ། །དེའི་ཕྱིར་གང་ཁོ་ན་ཡོད་ན་ཡོད་པ་སྒྲུབ་པར་བྱེད་པའི་ཚད་མས་རྒྱུ་དང་འབྲས་བུ་ཡོད་པར་ནུས་པ་དེ་ལྟར་གྱུར་པ་ཅིའི་ཡོན་ཏན་ཡིན་ཞེ་ན། དེ་ལྟར་ན་ནུས་པ་དེའི་འབྲས་བུ་གྲུབ་བོ་ཞེས་བྱ་བ་ལ་སོགས་པ་


DTG190_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཏེ། སྔར་བཤད་པའི་རྣམ་པར་སྒྲུབ་པར་གྱུར་བ་གང་ཡིན་པ་དེ་ནི་དེའི་འབྲས་བུ་ཉིད་དུ་གྲུབ་པར་གྱུར་པ་ཡིན་ནོ། །གྲུབ་པར་གྱུར་པ་ནི་ཡོན་ཏན་ཅི་ཡིན་ཞེ་ན། གྲུབ་པ་ཡང་རང་ཡོད་ན་ཡོད་པ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དེའི་འབྲས་བུ་གྲུབ་པར་གྱུར་པ་ཡིན་པ་དེའི་ཚེ་དེའི་འབྲས་བུར་གྱུར་ན། གང་ལ་ཡོད་པར་འགྱུར་བ་དེ་ལ་འབྲས་བུ་ཡང་ཡོད་པར་བསྟན་པ་རྒྱུ་ཅི་ཡིན་ཞེ་ན། རྒྱུ་དང་འབྲས་བུ་འཁྲུལ་བ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འབྲས་བུ་ནི་རྒྱུ་མེད་ན་མི་འབྱུང་བ་དེའི་ཕྱིར་རང་རིག་པས་ཡོད་པར་གྱུར་པས་དེ་ཡོད་པར་སྒྲུབ་པར་བྱེད་པ་ཡིན་ནོ། །གང་དེ་ལྟར་ལ་ལར་འབྲས་བུ་རྒྱུ་ལ་མི་འཁྲུལ་བར་གྲུབ་པ་དེ་ནི་མ་འཁྲུལ་བ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་ན་ཡང་ཅུང་ཟད་འབྲས་བུ་དང་རྒྱུ་འཁྲུལ་བ་མེད་པར་གྱུར་པ་དེ་སྲིད་དུ་འབྲས་བུ་ཐམས་ཅད་རང་གི་རྒྱུ་ལ་འཁྲུལ་བ་མེད་པ་དེ་ཉིད་ནི་རིགས་པས་གནོད་པ་ཡིན་ནོ་ཞེ་ན། དེ་ལ་རིགས་པ་ནི་འདི་ཡིན་ཏེ། གང་གི་ཕྱིར་འབྲས་བུ་ཐམས་ཅད་རང་གི་རྒྱུ་ལས་གཞན་དུ་གྱུར་པས་ནུས་པ་ཡིན་ན། དེ་ལྟ་ན་འབྲས་བུའི་གཏན་ཚིགས་སྒྲུབ་པར་བྱེད་པའི་ཡན་ལག་ཏུ་བྱེད་པ་ཡིན་ཏེ། དེ་ལྟར་མི་ནུས་ན་འབྲས་བུའི་གཏན་ཚིགས་ཀྱང་སྒྲུབ་པར་བྱེད་པའི་ཡན་ལག་ཏུ་བརྗོད་པ་མ་ཡིན་ནོ་ཞེས་འདི་ནི་རྟོགས་པར་སླ་བ་ཡིན་ནོ། །རྒོལ་བ་དེ་དག་ཕམ་པའི་གནས་ཡིན་ནོ་ཞེས་དེ་དག་རྟོགས་པའི་དོན་ཡིན་ནོ། །གལ་ཏེ་ཡང་དེ་ལྟར་ནུས་པས་མི་བྱེད་ན་ཉེས་པ་ཅི་ཡོད་ཅེ་ན། མི་ནུས་པ་དེའི་ཚེ་འབྲས་བུར་མ་གྲུབ་པས་ཞེས་བྱ་བ་སྨོས་སོ། །ཇི་སྙེད་པ་བཤད་ཟིན་པའི་རྣམ་པས་མི་ནུས་ན་དེ་སྙེད་པ་དེའི་འབྲས་བུར་མི་འགྲུབ་པོ། །གལ་ཏེ་ན་དེ་ལྟར་ཡིན་ན་དེ་ལ་ཉེས་པ་ཅི་ཡོད་ཅེ་ན། དོན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཡང་གང་ལ་འབྲེལ་བའི་རང་བཞིན་དུ་མ་གྱུར་པ་དེ་ནི་ཉེ་བར་གྱུར་ཀྱང་གདོན་མི་ཟ་བར་གཞན་ཉེ་བར་གྱུར་པ་བསྟན་པ་མ་ཡིན་ནོ།། དེ་ལྟ་ན་ཡང་ཕམ་པར་འགྱུར་ཞེ་ན། འདོད་པའི་དོན་མ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདོད་པའི་དོན་མ་གྲུབ་པའི་རྒོལ་བ་ནི་དེའི་ཚེ་ཚར་གཅད་པའི་གནས་སུ་རིགས་པ་ཡིན་ནོ། །འདིས་ནི་འབྱུང་བར་འགྱུར་བའི་དོན་གྱི་འབྲས་བུ་ཉིད་ལས་དེ་ལྟར་འདའ་བར་མི་འགྱུར་ན་དེ་ཇི་


DTG190_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཕམ་པ་ཡིན་ཞེ་ན། འབྲས་བུའི་གཏན་ཚིགས་ཀྱི་དངོས་པོར་ཁས་བླངས་པས་དེ་མ་བསྟན་ཞེས་བྱ་བ་ནི། གལ་ཏེ་ཡང་འབྲས་བུའི་དངོས་པོ་ལས་མ་འདས་པར་དེ་ལྟ་ན་ཡང་ཡོད་པ་ཙམ་གྱིས་གོ་བར་བྱེད་པ་མ་ཡིན་ཏེ། འོན་ཀྱང་འབྲས་བུ་ཉིད་དུ་ཤེས་པར་གྱུར་པས་ཡོད་པ་གོ་བར་བྱེད་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟར་འབྲས་བུའི་གཏན་ཚིགས་སྒྲུབ་པར་བྱེད་པའི་ཡན་ལག་ཏུ་སྒྲུབ་པར་བྱེད་པ་ནུས་པར་བལྟའོ། །གཞན་ཡང་རྟགས་གསུམ་པོ་དེ་བསྒྲུབ་པའི་ཕྱིར་མི་དམིགས་པ་ཡང་ཞེས་བྱ་བ་སྨོས་ཏེ། སྒྲུབ་པར་བྱེད་པའི་ཡན་ལག་ཏུ་ནུས་པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་ལྷག་མའོ། །ཡང་ཅི་འདྲ་བ་ཞིག་ཅེ་ན། སྒྲུབ་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དེའི་དོན་མི་དམིགས་པ་དེ་ནི་གང་གི་ཚེ་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པར་བཤད་པར་གྱུར་པ་དེའི་ཚད་མ་དམིགས་པར་སྒྲུབ་པར་བྱེད་པའི་ཡན་ལག་ཏུ་ནུས་པར་འགྱུར་རོ། །དེ་ལྟར་ཡང་རྒྱུའི་རྣམ་པ་ཉིད་མི་དམིགས་པར་བསྟན་པས་དེ་སྒྲུབ་པར་བྱེད་པར་ཇི་ལྟར་འགྱུར་ཞེ་ན། དེ་འདྲ་བའི་མི་དམིགས་པ་ཁོ་ནའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དམིགས་པའི་རིག་བྱར་གྱུར་པ་ལས་གང་མི་དམིགས་པ་ཉིད་ནི་དངོས་པོ་མེད་པ་སྒྲུབ་པར་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཅིའི་ཕྱིར་གཞན་མ་ཡིན་ཞེ་ན། དམིགས་པའི་རིག་བྱར་མ་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་མི་དམིགས་པའི་རིག་བྱར་གྱུར་པ་མ་ཡིན་པ་དེའི་དོན་ནི་རྟོགས་པའི་མངོན་སུམ་ལོག་པས་ཀྱང་མེད་པར་མི་འགྲུབ་སྟེ། གལ་ཏེ་འདིར་དམིགས་པའི་རིག་བྱར་གྱུར་པ་ཇི་ལྟར་ཡིན་ཞེ་ན། དེ་ལ་དམིགས་པའི་རིག་བྱར་གྱུར་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏོ། །རང་བཞིན་ཁྱད་པར་ཅན་ནི་ཡུལ་ཁྱད་པར་ཅན་དུ་གྱུར་པའི་དོན་གྱིས་གཞན་བསལ་བ་ནི། རྒྱུ་དང༌། དེ་མ་ཐག་པ་དང༌། བདག་པོའི་རང་བཞིན་གཞན་བསལ་བ་ནི་དེ་རྣམས་ཚོགས་པ་ཚང་བ་སྟེ། རང་བཞིན་ཁྱད་པར་ཅན་དང་རྐྱེན་གཞན་ཚང་བ་དང་དེ་གཉིས་ནི་དམིགས་པའི་རིག་བྱར་གྱུར་པའི་སྒྲས་བཤད་པར་བྱའོ། །དེ་ཡང་རང་བཞིན་ཁྱད་པར་ཅན་བསྟན་པ་ནི་གང་བདག་ཉིད་མ་ཡིན་པའི་སྣང་བ་


DTG190_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་མ་ཡིན་པའི་ངོ་བོ་ནི་བདག་ཉིད་ཀྱི་ངོ་བོ་ནི་གཞན་གྱི་ངོ་བོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་སོ་སོར་སྣང་བའི་ཤེས་པའི་རང་གི་རྣམ་པ་དེ་ནི་གཞན་གྱིས་དབེན་པའི་དངོས་པོ་སྒྲུབ་པའི་མངོན་སུམ་དུ་སྣང་བའི་དང་ཚུལ་ཅན་ཡིན་ནོ་ཞེས་རྣམ་པར་སྦྱར་རོ། །རྟོགས་པར་བྱེད་པའི་མངོན་སུམ་ལ་རབ་ཏུ་སྣང་བ་ནི་དེའི་ངོ་བོ་ཡང་ཡིན་ནོ་ཞེས་བྱ་བ་བསྡུས་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། གང་དངོས་པོའི་རང་བཞིན་གྱི་ངོ་བོ་རྣམས་ཡོངས་སུ་སྤངས་པས་རང་ཁོ་ན་ངོ་བོ་མངོན་སུམ་ལ་སོ་སོར་སྣང་བ་ནི་དེ་འདིར་རང་བཞིན་ཁྱད་པར་ཅན་ཞེས་བསྟན་པ་ཡིན་ནོ། །སྤྱིའི་དོན་ཉེ་བར་བསྡུ་བ་བསྟན་པ་ནི། དེ་འདྲ་བ་ཡོད་པར་གྱུར་པའི་དམིགས་པའི་རྒྱུ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་འདྲ་བ་ཞེས་བྱ་བ་ནི་བསྐལ་པ་མ་ཡིན་པར་སྣང་བའི་ངོ་བོའོ། །དེ་གང་གི་ཚེ་དམིགས་པའི་རྐྱེན་གཞན་ཚོགས་པ་རྣམས་ཀྱང་གཞན་གྱི་ངོ་བོ་སོ་སོར་སྣང་བས་དབེན་པ་ནི་དེ་རང་གི་ངོ་བོས་དམིགས་པ་མེད་པ་དེའི་ཚེ་མེད་པའི་ཐ་སྙད་ཀྱི་ཡུལ་དུ་འགྱུར་རོ། །གལ་ཏེ་ཡང་དེ་ལྟར་ཁྱད་པར་ལྟ་ན་ཉེས་པ་ཅི་ཡོད་ཅེ་ན། དེ་ལས་རྣམ་པ་གཞན་ཡོད་པ་མ་ཡིན་པའི་རྟགས་ནི་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དམིགས་པའི་རིག་བྱར་གྱུར་པ་མི་འདོད་པ་ཡིན་ན་ནི། དེའི་ཚེ་རྟགས་ཉིད་ཅུང་ཟད་ཀྱང་མེད་པའི་ཕྱིར་ཐེ་ཚོམ་ཡིན་པས་གཅིག་ཏུ་མེད་པའི་ཐ་སྙད་བསྐྱེད་པ་མ་ཡིན་ནོ་ཞེ་ན། ལན་བསྟན་པ། འདིར་ཡང་རྣམ་པ་དེ་ལྟ་བུ་ཐམས་ཅད་ནི་ཞེས་བྱ་བ་སྨོས་ཏེ། འདིར་ཡང་ཞེས་བྱ་བ་ནི་མི་དམིགས་པའོ། །དཔེར་ན་གཅིག་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པས། མེད་པའི་ཐ་སྙད་ཀྱི་ཡུལ་དུ་གྱུར་པ་དེ་བཞིན་དུ་གནས་ཐམས་ཅད་ཀྱང་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པའི་དམིགས་པའི་རིག་བྱར་གྱུར་པའི་མི་དམིགས་པའི་ཐབས་ཀྱི་ཁྱབ་པ་གྲུབ་པ་ཡིན་ནོ། །གཅིག་པོ་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་ཡོད་ཀྱང་བླ་སྟེ། གང་ཡང་ཐམས་ཅད་མེད་པའི་རྒྱུ་མཚན་ཡིན་ནོ་ཞེས་བྱ་བ་ག་ལས་ཤེས་ཤེ་ན། འགའ་ཞིག་མེད་པར་ཁས་ལེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་འགའ་ཞིག་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་


DTG190_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་པས་མེད་པའི་ཐ་སྙད་ཀྱི་ཡུལ་ཅན་ཁས་ལེན་པར་མི་བྱེད་ན་དེའི་ཚེ་གཞན་གྱི་ཡང་རྣམ་པ་དེ་ལྟ་བུའི་མི་དམིགས་པ་གང་ཡིན་པ་དེ་ཡང་མེད་པའི་ཐ་སྙད་ཀྱི་ཡུལ་དུ་འདོད་པར་མི་བྱ་སྟེ་མཚུངས་པ་ཡིན་པའི་ཕྱིར་ཞེས་དགོངས་པ་ཡིན་ནོ། །གལ་ཏེ་རྒྱུ་མཚན་དེ་དག་གིས་ཀྱང་ཡོད་པར་ཁས་མི་ལེན་ན་ཉེས་པ་ཅིར་འགྱུར་ཞེ་ན། རྣམ་པ་དེ་ལྟ་བུ་མེད་པ་ཁས་མི་ལེན་ན་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཡང་དམིགས་པའི་མཚན་ཉིད་ཀྱིར་གྱུར་བ་མི་དམིགས་པ་ཙམ་གྱི་རྒྱུ་མཚན་ཡོད་པ་ལ་ལར་ཁས་མི་ལེན་ན་དེར་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་གཞན་ཁས་བླང་བར་བྱ་སྟེ། རྒྱུ་མཚན་གཞན་དང་འབྲེལ་པ་ཡང་མ་ཡིན་པའི་ཕྱིར་དེ་བརྗོད་པར་བྱ་བར་འདོད་པ་སྔོན་དུ་སོང་བ་ཡིན་ནོ། །རྒྱུ་ཅིས་དམིགས་པའི་རིག་བྱར་གྱུར་པ་ལས་མ་དམིགས་པའི་དོན་ནི་གཅིག་ཏུ་མེད་པའི་ཐ་སྙད་སྐྱེད་པ་ཡིན་སྙམ་ན། དེ་ལྟ་བུའི་རྣམ་པ་ཡོད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། གང་དམིགས་པའི་རིག་བྱར་གྱུར་པ་དང་ཡོད་པ་ཡིན་ན་གདོན་མི་ཟ་བར་དམིགས་པར་འགྱུར་ཏེ། དེ་ལྟར་དེ་སྙེད་ཐ་དད་པ་མཐོང་བ་ཡིན་ནོ། །འདི་འདྲ་བ་མི་དམིགས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཚེ་དམིགས་པའི་རིག་བྱར་གྱུར་པ་ལས་ཡོད་པར་གྱུར་པ་དེ་ནི་གདོན་མི་ཟ་བར་དམིགས་པར་གྱུར་པར་བརྗོད་དོ། །དེ་ནི་འདི་འདྲ་བའི་མི་དམིགས་པར་བརྗོད་ན་མེད་དོ་ཞེས་ཤེས་པར་འགྱུར་རོ། །དེའི་ཕྱིར་ཡང་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པ་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་དེ་ཙམ་ཉིད་ཡིན་ཏེ་ཞེས་ངེས་པ་ཡིན་ནོ། །མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་དེ་དག་ནི་ཡོད་ཀྱང་བླ་སྟེ། གང་ཡང་འདི་ཁོ་ན་རྒྱུ་མཚན་ཡིན་ནོ་ཞེས་འདི་ག་ལས་ཤེ་ན། གཞན་ནི་དེའི་རྒྱུ་མཚན་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མེད་པའི་ཐ་སྙད་ནི། དི་སྐད་བཤད་པའི་མི་དམིགས་པས་ཐོབ་པར་འགྱུར་གྱི་རྒྱུ་མཚན་གཞན་ནི་ཡོད་པ་མ་ཡིན་ནོ། །ཇི་ལྟར་མེད་པ་དེ་ལྟར་ཕྱིས་བཤད་པར་བྱའོ། །གཞན་ཡང་རྒྱུ་མཚན་ལོགས་ཤིག་ཏུ་བསྟན་པ་ནི། གལ་ཏེ་ནུས་པ་ཐམས་ཅད་ཀྱིས་དབེན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཅུང་ཟད་ཀྱང་ནུས་པ་མེད་པ་རྒྱུ་མཚན་འདིས་མེད་པའི་ཐ་སྙད་དུ་འགྱུར་རོ། །གྲུབ་པའི་མཐའ་སྨྲ་བས། དེང་བདག་ཉིད་ཀྱི་རྗེས་སུ་ཟློས་པ་ནི་མ་ཡིན་པས། དེ་ནི་


DTG190_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཡིན་ན་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཁྱེད་མངོན་པར་འདོད་པ་འདི་དེ་ལྟར་འདི་དག་ནི་འོན་ཏེ་དེ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ཉིད་ནུས་པ་ཐམས་ཅད་ཀྱིས་དབེན་པ་ནི་ཇི་སྐད་བཤད་པའི་མི་དམིགས་པ་ཉིད་ཀྱིས་ཁོང་དུ་ཆུད་པར་བྱའོ། །ཅིའི་ཕྱིར་ཇི་སྐད་བཤད་པ་ཉིད་ཀྱིས་ཡིན་ཞེ་ན། ཐབས་གཞན་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ནུས་པ་མེད་པར་ཁོང་དུ་ཆུད་པར་བྱེད་པའི་ཐ་བས་གཞན་མེད་པ་དེ་ཉིད་ཀྱི་ཕྱིར་དེ་རྟོགས་པར་འགྱུར་བ་ཡིན་ཏེ། གང་ཡང་དེ་ལྟར་རྟོགས་པ་ཡོད་ན་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཚེ་ཡང་ཇི་སྐད་བཤད་པའི་ནུས་པ་མེད་པ་ནི་མི་དམིགས་པས་རྟོགས་པར་ཁོང་དུ་ཆུད་པར་བྱའོ། །ནུས་པ་མེད་པ་ནི་མེད་པའི་ཐ་སྙད་དུ་བྱེད་པ་དེའི་ཕྱིར་མི་དམིགས་པ་ཉིད་འདིར་ཐོག་མར་རྒྱུ་མཚན་ཡིན་པའི་ཕྱིར་ཐ་སྙད་ཀྱི་རྒྱུ་མཚན་དུ་བརྗོད་པར་བྱའོ། །གཞན་ཡང་རྒྱུ་མཚན་གཞན་ཉེ་བར་བསྟན་པ་ནི། གལ་ཏེ་བློ་དང་སྒྲ་དང་དོན་གྱི་བྱ་བ་ལ་སོགས་པ་སྨོས་ཏེ། བློ་ནི་ཤེས་པ་ཡིན་ལ་སྒྲ་ནི་བརྗོད་པའོ། །དོན་བྱེད་པ་ནི་ནུས་པ་སྟེ། གང་ལ་དེ་འཇུག་པ་ཡིན་པ། དེ་ནི་དེ་ལ་ཡོད་པའི་ཐ་སྙད་དུ་བྱེད་པ་ཡིན་ནོ། །གང་ལ་འཇུག་པ་མེད་པ་དེ་ནི་མེད་པའི་ཐ་སྙད་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་བཞིན་ནོ། །ཕྱོགས་ཕྱི་མ། ཇི་སྐད་དུ་བཤད་པའི་བློ་ལ་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡང་ཇི་སྐད་དུ་བཤད་པའི་ངོ་བོར་སྣང་བའི་མངོན་སུམ་གྱི་བློ་འཇུག་པ་དེ་ལ་ནི་ཡོད་པའི་ཐ་སྙད་དུ་འགྱུར་པ་ཡིན་ལ། གང་ལ་དམིགས་པའི་རིག་བྱར་གྱུར་པ་དག་མི་འཇུག་པ་དེ་ནི་མེད་པའི་ཐ་སྙད་ཡིན་ནོ། །ཇི་སྐད་དུ་བཤད་པའི་བློ་ལ་སྣང་བ་ཞེས་བྱ་བ་ནི་བདག་མ་ཡིན་པའི་ངོ་བོ་སོ་སོར་སྣང་བས་རྣམ་པར་དབེན་པར་མངོན་སུམ་ལ་སྣང་བའི་དོན་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ནོ། །དེའི་ཡུལ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་བློའི་ཡུལ་ལོ། །རྗེས་སུ་དཔག་པས་ཡོད་པའི་ཐ་སྙད་ཀྱི་རྒྱུ་མཚན་དུ་བསྟན་པ་ནི་མངོན་སུམ་གྱི་ཡུལ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ལ་མངོན་སུམ་མི་འཇུག་པ་དེ་ལ་ཡང་རྟགས་འགའ་ཞིག་ལས་སྐྱེས་པའི་ཤེས་པས་ཡོད་པའི་ཐ་སྙད་དུ་བྱེད་པ་ཞེས་བྱ་བ་ལ་སོགས་པ་ནི། གང་ལ་རྗེས་སུ་དཔག་པ་


DTG190_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཇུག་པ་དེ་ལ་མེད་པའི་ཐ་སྙད་དུ་བྱ་བ་མ་ཡིན་ཏེ། མ་ངེས་པ་ཉིད་ཀྱི་ཕྱིར་རོ། །དེ་ལོག་པ་ལ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་མེད་པ་དེ་ཉིད་མ་ངེས་པར་བསྟན་པ་ཡིན་ནོ། །བསྐལ་པའི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡང་དབང་པོའི་དོན་དེ་ནི་མངོན་སུམ་མམ་རྗེས་སུ་དཔག་པ་ལྡོག་པ་ལས་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། ཐེ་ཚོམ་སྐྱེད་པའི་ཕྱིར་རོ། །དེ་ལྟར་ན་དེ་ནི་རེས་འགའ་ཞིག་བློ་འཇུག་པ་ན་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་པ་དང་ལྡོག་པ་ལས་མེད་པའི་ཐ་སྙད་བྱེད་པ་ནི་ཐམས་ཅད་དང་ཐམས་ཅད་དུ་མ་ཡིན་པ་ལ་དགག་པ་བྱེད་པ་ནི་མ་ཡིན་ཏེ། བློ་དང་སྒྲ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་སྟེ། བློ་དང་སྒྲ་ཙམ་ལས་ཡོད་པར་སྒྲུབ་པར་བྱེད་པ་མ་ཡིན་ཏེ། བློ་དང་སྒྲ་དག་ཐ་དད་པ་དང་ཐ་དད་པ་མ་ཡིན་པས་ཀྱང་དངོས་པོ་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གང་ལ་བློའི་རྣམ་པ་ཐ་དད་པར་འཇུག་པར་བྱེད་པ་དེ་ལ་ཐམས་ཅད་དུ་དངོས་པོ་ཐ་དད་པར་བྱེད་པ་འམ། གང་ལ་ཐ་དད་པ་མེད་པའི་རྣམ་པ་དེ་ལ་དངོས་པོ་ཐ་མི་དད་པར་བྱེད་པ་ནི་མ་ཡིན་ཏེ། དེ་ལྟར་སྒྲ་ལ་ཡང་བལྟ་བར་བྱའོ། །རྒྱུ་ཅིས་བསྒྲུབ་པར་བྱ་བ་མ་ཡིན་ཞེ་ན། ཇི་ལྟར་ཡང་འདས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་རིག་པའི་དབང་གིས་དེ་དག་ཀྱང་འདས་པ་དང་མ་འོངས་པ་ལ་སོགས་པ་རྣམས་ཀྱིས་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་ངེས་པ་འགའ་ཞིག་ཐ་སྙད་དུ་བྱེད་པའི་བློ་དང་སྒྲ་དག་འཇུག་པར་མཐོང་བ་ཡིན་ནོ། །སོགས་པའི་སྒྲས་ནི་རི་བོང་གི་རྭ་ལ་སོགས་པ་བསྡུའོ། །སྣ་ཚོགས་པ་དང་གཅིག་པའི་དོན་གྱི་བྱ་བ་བྱེད་པའི་ཕྱིར་ན་སྣ་ཚོགས་པའི་བྱ་བ་བྱེད་པ་དང༌། གཅིག་པའི་བྱ་བ་བྱེད་པར་ནུས་པ་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དངོས་པོ་མེད་ཀྱང་དེ་ཉིད་བསལ་བར་བྱ་བའི་དོན་དུ་ཞེས་བྱ་བ་ནི་སྣ་ཚོགས་པ་དང་གཅིག་པའི་དོན་གྱི་བྱ་བ་བྱེད་པ་བསལ་བ་ཡིན་ནོ། །སྣ་ཚོགས་པ་དང་གཅིག་པའི་བདག་ཉིད་དངོས་པོས་ཀྱང་ཞེས་བྱ་བ་ནི་སྣ་ཚོགས་པའི་བདག་ཉིད་དང་གཅིག་པའི་བདག་ཉིད་དག་ནི་སྣ་ཚོགས་པ་དང་གཅིག་པའི་བདག་ཉིད་ལ་བློ་དང་སྒྲ་དག་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་


DTG190_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། དོན་སྣ་ཚོགས་ཀྱི་བྱ་བ་བྱེད་པའི་དངོས་པོ་དོན་སྣ་ཚོགས་བྱེད་པར་སྣང་བ་དང༌། སྣ་ཚོགས་ཀྱི་དངོས་པོ་མེད་ཀྱང་སྣ་ཚོགས་པའི་ངོ་བོ་བློ་དང་སྒྲ་དག་ཀྱང་མཐོང་བའི་ཕྱིར་དེ་ལྟར་དོན་གཅིག་བྱེད་པའི་དངོས་པོ་དག་ལ། དོན་གཅིག་བྱེད་པར་སྣང་བ་ཡིན་ནོ། །གཅིག་པའི་བདག་ཉིད་མེད་ཀྱང་གཅིག་པའི་བདག་ཉིད་ཀྱི་དངོས་པོའི་བློ་དང་སྒྲ་དག་མཐོང་བའི་ཕྱིར་རོ། །འདས་པ་དང༌། མ་འོངས་པ་ལ་སོགས་པ་རྣམས་ཀྱི་མེད་པ་རྣམས་ལ་འཇུག་པ་ནི་དངོས་པོ་ཡོད་པ་མ་ཡིན་པའི་སྒྲུབ་པར་བྱེད་པ་ཡིན་ཏེ། སྣ་ཚོགས་པའི་དོན་གྱི་བྱ་བ་བྱེད་པ་རྣམས་གཅིག་གི་རང་བཞིན་ལ་འཇུག་པ་དང་དངོས་པོ་ཐ་དད་པ་མེད་པ་གོ་བར་བྱེད་པ་ནི་མ་ཡིན་ནོ། །དོན་གྱི་བྱ་བ་བྱེད་པ་རྣམས་ནི་གཅིག་གི་རང་བཞིན་ལ་འཇུག་པ་ཡིན་ཏེ། དངོས་པོ་ཐ་དད་པ་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། བློ་དང་སྒྲ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །དཔེ་བསྟན་པ་ནི། རྒྱལ་པོ་མང་པོས་བཀུར་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རིགས་སུ་བསྐྲུན་པ་ཞེས་བྱ་བ་ལ་སོགས་པ་ནི་བསྐྱེད་པའོ། །དེའི་ཕྱིར་རྒྱལ་རིགས་སུ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདས་པ་ལ་འཇུག་པའི་དཔེ་བསྟན་པ་ཡིན་ནོ། །འཁོར་ལོས་སྒྱུར་བ་དུང་ཞེས་བྱ་བ་ལ་སོགས་པ་ནི། ཇི་སྐད་དུ་གསུང་རབ་ལས་བཤད་པ་ནི་རྒྱལ་པོ་མང་པོས་བཀུར་བ་ཞེས་པས་གསེར་གྱི་རིན་པོ་ཆེ་སྣ་བདུན་མདུན་དུ་འགྲོ་བ་དང་ཚད་ཆེན་པོའི་མཆོད་སྡོང་ཆུ་བོ་གངྒཱའི་ནང་དུ་གཞག་པ་དང་རྒྱལ་པོ་དུང་གིས་འདེགས་པར་འགྱུར་བ་ཉིད་ཡིན་ནོ་ཞེས་བྱ་བའི་འདིས་ནི་མ་འོངས་པ་འཇུག་པའི་དཔེ་ཡིན་ནོ། །འཁོར་ལོས་སྒྱུར་པའི་རྒྱལ་པོ་དུང་ཞེས་བྱ་བ་ལ་སོགས་པ་ནི། འདི་སྐད་དུ་ཡང་གསུང་རབ་ལས་བསྟན་པ་རྒྱལ་པོ་མང་པོས་བཀུར་པ་སྤྲུལ་པ་ནི་སྡེ་པ་གཞན་གྱི་ཚིག་གིས་བསྟན་པ་ལ་བརྟེན་པ་ཡིན་ནོ། །རི་བོང་གི་རྭ་དག་དང་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཙམ་མོ། །གཟུགས་བསྟན་དུ་ཡོད་པ་དང་ཐོགས་པ་དང་བཅས་པ་དང་ཞེས་བྱ་བ་ནི་དོན་དུ་མའི་བྱ་བ་ལ་འཇུག་པ་ཡིན་ནོ། །གཟུགས་སུ་བྱ་བ་དེ་ནི་རྣམ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྟན་པ་ནི་མིག་གི་རྣམ་པར་ཤེས་པའི་དོན་ཡིན་ནོ། །ཡོད་པ་ནི་འདིར་བསྟན་པས་བསྟན་དུ་ཡོད་པའོ། །རང་གི་ཡུལ་དུ་


DTG190_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སྐྱེད་པ་ལ་གེགས་བྱེད་པས་ན་ཐོགས་པ་དང་བཅས་པའི་ཡོད་པ་སྟེ། ཐོགས་པ་དང་བཅས་པའི་ཕྱིར་ཐོགས་པ་དང་བཅས་པའོ། །བུམ་པ་ཞེས་བྱ་བ་ནི་དོན་གཅིག་བྱ་བ་བྱེད་པ་རྣམས་ཀྱི་འཇུག་པའི་དཔེ་ཡིན་ནོ། །བསྟན་དུ་ཡོད་པ་ལ་སོགས་པ་སྨྲས་པ་ནི་སྒྲ་གཅིག་གི་དངོས་པོའི་ཡུལ་ཡིན་ནོ་ཞེས་བྱ་བ་ནི་ག་ལས་ཤེ་ན། བསྟན་དུ་ཡོད་པའི་སྒྲ་ཞེས་སྨོས་སོ། །དེ་དག་སྒྲ་ཐ་དད་པའི་སྤྱོད་ཡུལ་ལ་ནི་དོན་མ་ཡིན་ནོ་ཞེས་ག་ལས་ཡིན་ཞེ་ན། གཅིག་ཏུ་ཉེ་བར་འདུས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །གཅིག་ལ་ཡང་འདུས་པ་ཡིན་པའི་ཕྱིར་གཞི་མཐུན་པ་ཞེས་བྱ་བ་ལ་སོགས་པའི་དོན་ཡིན་ནོ། །དེ་ལྟ་ན་གང་ཁོ་ན་གཟུགས་སུ་བྱ་བ་དེ་ཁོ་ན་བསྟན་དུ་ཡོད་པ་ཡིན་ལ་དེ་ཉིད་ཐོགས་པ་དང་བཅས་པའི་སྒྲས་བསྟན་པ་ཡིན་ནོ། །འདིར་གཞན་གྱིས་སྨྲས་པ། གལ་ཏེ་ཡུལ་སྣ་ཚོགས་སུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་སྣ་ཚོགས་པའི་ཡུལ་དེ་དག་གི་སྒྲ་གཅིག་ཏུ་ཉེ་བར་བསྡུས་པ་དེ་ནི་འཇུག་པའི་རྒྱུ་མཚན་ཞེས་བྱ་བ་དོན་གཅིག་ལ་འདུ་བའི་ཕྱིར་རོ། །དེ་ལྟ་ན་གཟུགས་ཉིད་གང་ཁོ་ན་ལ་འདུ་བ་དེ་ཁོ་ན་ལ་བསྟན་དུ་ཡོད་པ་ཉིད་དང༌། ཐོགས་པ་དང་བཅས་པ་ཉིད་ཅེས་བྱ་བ་དེ་བཞིན་དུ་གཅིག་ལ་ཉེ་བར་བསྡུ་བའི་མཚན་ཉིད་ནི་སྒྲའི་དོན་ཡིན་ནོ། །དེས་ན་སྒྲའི་དོན་གྱིས་འཇུག་པའི་རྒྱུ་མཚན་ཡིན་ནོ། །དེ་དང་ཞེས་པ་ནི་སྣ་ཚོགས་པའོ། །དེའི་ཕྱིར་ཡུལ་སྣ་ཚོགས་པ་ཉིད་ཀྱིས་འདིའི་སྒྲའི་དོན་ཡིན་ནོ་ཞེས་བྱ་བ་གཞན་གྱིས་བསམས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བ་བཞད་གད་ནི། ཨེ་མའོ་དཀའ་ཐུབ་ཀྱི་སྡུག་བསྔལ་གྱིས་ཉེ་བར་དུབ་པ་ཞེས་བྱ་བ་སྨོས་ཏེ། ཀྱེ་མ་དཀའ་ཐུབ་ཀྱི་སྡུག་བསྔལ་ཆེན་པོས་གདུངས་པའི་ཚིག་གིས་དོན་ཐོབ་པར་འགྱུར་རོ། །གང་གིས་ན་དུ་བའི་སྤྱི་ཐོག་མ་ནས་ཕན་འདོགས་པར་འགྱུར་ལ་ཡོད་པས་ཕན་འདོགས་པར་བྱེད་པའི་བཀའ་དྲིན་གྱིས་རང་གི་རྗོད་པར་བྱེད་པས་དོན་ཤེས་པར་བྱ་བར་འདོད་པས་བུ་སོང་ལ་ཁོ་བོ་ཅག་ལ་གང་ཕན་འདོགས་པར་བྱེད་པ་ཡང་བརྗོད་པར་བྱ་བ་ཡིན་ཏེ། དེ་སྙེད་པ་བཀའ་དྲིན་གྱིས་ཕྱག་བཙལ་བ་གྱིས་དང་སྒྲའི་བདག་ཉིད་རང་གིས་འཇུག་པའི་ཕྱིར་རིགས་པ་འདི་ནི་ཆེས་མང་བ་བྱེད་པ་ཡིན་ནོ། །འོན་ཀྱང་དེའི་འབྲེལ་པའི་ནུས་པའི་བྱེ་བྲག་གིས་ཞེས་


DTG190_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ཇི་སྙེད་པ་འདིའི་ནུས་པའི་ཁྱད་པར་གང་ཡིན་པ་དེ་ནི་སྤྱིའི་ཕན་འདོགས་པར་བྱེད་པ་དེ་སྙེད་པ་ཉིད་ནུས་པའི་བྱེ་བྲག་ལ་ཅི་དེ་ནི་སྒྲ་ཀུན་ནས་སློང་བར་བྱེད་པ་ཡིན་ཏེ། དེ་ལྟར་གྱུར་པས་ཡོན་ཏན་ཅི་ཞིག་ཐོབ་པར་འགྱུར་ཞེ་ན། དེ་ལྟར་འདིས་བརྒྱུད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེའི་ནུས་པའི་བྱེ་བྲག་གིས་སྒྲ་ཀུན་ནས་སློང་བོར་བྱེད་པ་མ་ཡིན་ཏེ། ཡང་ན་སྤྱི་ལས་གཞན་གྱིས་ཀྱང་ཕན་འདོགས་པར་བྱེད་པ་ཡིན་ཏེ། དེའི་ཚེ་བརྒྱུད་པས་དུབ་པ་ནི་ཡོངས་སུ་སྤངས་པ་ཡིན་ནོ། །ལན་འགའ་གཞན་གྱིས་སྨྲས་པ་གཅིག་གིས་འཇུག་པའི་དོན་གྱི་ནུས་པ་ནི་ཡོད་པ་མ་ཡིན་ནོ་ཞེ་ན། སྒྲ་སྣ་ཚོགས་སྐྱེད་པའི་ནུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་སྣ་ཚོགས་པའི་སྒྲ་འཇུག་པར་བྱེད་པའི་ནུས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ཇི་ལྟར་དུ་མ་འབྲེལ་པས་ཕན་འདོགས་པར་བྱེད་པའི་རྒྱུ་ནུས་པ་དང་གཅིག་པར་མཚུངས་པར་གྱུར་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཡང་འདིར་རྒྱུ་ཅི་ལས་གང་གི་དབང་གིས་འབྲེལ་པར་ཕན་འདོགས་པར་བྱེད་པ་མ་ཡིན་ཞེ་ན། ཕན་འདོགས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་དེ་རྣམས་ཕན་འདོགས་པར་བྱེད་པར་གང་གིས་ན་ཁས་བླངས་པ་ཡིན། དེ་དག་གིས་འདིའི་འབྲེལ་པ་ཉིད་ཀྱང་མི་འགྲུབ་པ་སྟེ་ཇི་སྐད་བཤད་པའི་དོན་གཅིག་ཏུ་འདུ་བ་དང་གཞི་མཐུན་པས་ཡིན་ནོ་ཞེ་ན། གལ་ཏེ་དོན་གཅིག་ཏུ་འདུ་པ་དང་གཞི་མཐུན་པར་གྱུར་བ་ནི་གཟུགས་དང་དྲི་དང་རོ་དང་རེག་བྱ་ནི་དོན་གཅིག་ཏུ་འདུ་བ་ཡིན་ན་དེའི་སྒྲ་ཡང་གཞི་མཐུན་པར་འགྱུར་རོ། །དེ་བུམ་པ་ཡང་གཞན་འགའ་ཞིག་གིས་རྫས་གཞན་བརྟགས་པ་དེ་དང་དེ་ནི་དགག་པར་བྱ་བའི་དོན་ནི་བུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ལ་སོགས་པ་ཉིད་ནི་ས་དང་ཆུ་འཛིན་པ་ལ་སོགས་པ་རྣམས་དང་དབྱིབས་དང་སྦྲང་རྩི་དང་ཆུ་ལ་སོགས་པའི་ལོངས་སྤྱོད་པའི་དོན་གྱི་བྱ་བ་གཅིག་བྱེད་པ་བུམ་པའི་སྒྲར་བརྗོད་པ་མེད་པའི་དོན་གཞན་ཅི་ཞིག་བུམ་པར་བརྟག་པར་བྱ། གཞན་འགའ་ཞིག་གི་མང་པོ་རྣམས་གཅིག་གི་དོན་གྱི་བྱ་བ་བྱེད་པ་ཉིད་སྨྲས་པ་ཡོད་པ་ནི་མ་ཡིན་ཏེ། མང་པོ་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་


DTG190_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་སྨོས་ཏེ། མང་པོ་རྣམས་ཀྱང་དོན་གཅིག་གི་བྱ་བ་བྱེད་པ་ཉིད་མཐོང་བ་ཡིན་ཏེ། འདི་ལྟ་སྟེ་གཟུགས་དང་དབང་པོ་དང་སྣང་བ་དང་ཡིད་ལ་བྱེད་པ་ནི་མིག་གི་རྣམ་པར་ཤེས་པའི་རྒྱུ་ཡིན་ཏེ། དེས་ཀྱང་དེ་ནུས་པར་བསལ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་དོན་གྱི་བྱ་བ་གཅིག་བྱེད་པའི་ཕྱིར་རོ། །གལ་ཏེ་མང་པོ་རྣམས་ལ་ཡང་གཅིག་སྒྲ་སྦྱོར་བ་ལ་སྤྱོན་ཡོད་པར་མི་འགྱུར་ཏེ། དེ་ལ་དེ་དག་ལ་དགོས་པ་མེད་པར་གྱུར་ན་མང་པོ་རྣམས་ལ་གཅིག་གི་སྒྲ་སྦྱོར་བ་ཅི་ཡིན་ཞེ་ན། དགོས་པ་མེད་པའི་དོན་ལ་སྒྲ་སྦྱོར་བར་མི་བྱེད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོས་པ་མེད་ན་འཇིག་རྟེན་པ་དོན་ལ་སྒྲ་སྦྱོར་བ་ནི་མ་ཡིན་ནོ། །དེ་ཡང་དགོས་པ་གཙོ་བོར་བྱ་བ་ལ་ནུས་པ་མེད་ན་ཡོངས་སུ་སྤང་བར་བྱ་བ་ཡིན་ནོ། །སོ་སོར་གཟུགས་ལ་སོགས་པ་རྣམས་ལ་སྒྲས་ངེས་པར་སྦྱོར་བ་ནི་སྒྲའི་ཕྲེང་བ་ཆེན་པོར་འགྱུར་རོ། །གཟུགས་ལ་སོགས་པ་སོ་སོར་ནུས་པ་མེད་པའི་དོན་གྱི་བྱ་བ་གཅིག་བྱེད་པ་ནི་དངོས་པོས་བྱེད་པ་མ་ཡིན་ཏེ། གཅིག་གིས་ཀྱང་ཚོགས་པའི་སྒྲ་དེའི་དོན་ཤེས་པས་གཟུགས་ལ་སོགས་པའི་སྒྲ་དོན་མེད་པ་ཉིད་དེ། བསྟན་བཅོས་བྱེད་པ་རང་ཉིད་ཀྱིས་དགོས་པ་བསྟན་པ་ནི། དེ་ལ་དོན་གང་ཡིན་པ་ལྷན་ཅིག་གམ་དད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་པ་ནི་དགོས་པ་གཅིག་པ་སྟེ། དཔེར་ན་གཟུགས་དང་དྲི་དང་རོ་དང་རེག་བྱ་ཆུ་ལ་སོགས་པ་བཏུང་བ་བྱེད་པ་བཞིན་ནོ། །ཐ་དད་པའི་དགོས་པ་གཅིག་པ་ནི་དཔེར་ན་གཟུགས་ལ་སོགས་པ་དེ་ཉིད་སོ་སོར་བདག་ཉིད་ཀྱི་འབྲས་བུ་ལ་ཆགས་པ་ལ་སོགས་པའི་བྱ་བ་ཅི་ཞིག་ཡོད། དེ་དག་གིས་དེ་རྣམས་ཀྱི་དགོས་པ་གཅིག་བྱེད་པ་གསལ་བར་བྱེད་པ་ཡིན་ཏེ། གང་གི་ཚེ་སྒྲ་གཅིག་གིས་ངེས་པར་སྦྱོར་བ་ལ་ཉེས་པ་ཅི་ཞིག་ཡོད། དེ་ལ་དེ་ལྟར་ནི་འགྱུར་ན་ཇི་ལྟར་མང་པོ་རྣམས་ལ་བུམ་པ་ཞེས་བྱ་བའི་ཚིག་གཅིག་པ་ཡིན་ཞེ་ན། དོན་བྱ་བ་བྱེད་པའི་སྒྲས་བསྟན་པ་ལ་སོགས་པ་ནི་དེའི་དོན་གཅིག་བྱེད་པའི་ནུས་པ་བསྟན་པའི་ཕྱིར་གང་གི་ཚེ་ཚོགས་པའི་སྒྲ་ངེས་པར་སྦྱར་བར་བྱ་བ་དེའི་ཚེ་དེ་ལ་ཚིག་གཅིག་ཀྱང་འགལ་བ་མེད་དོ། །ཚོགས་པ་ལ་གཅིག་གི་ཡིན་ནོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །ཚོགས་པ་ཉིད་ལ་གཅིག་


DTG190_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཅི་ཞིག་བྱེད་སྙམ་ནས། ལྷན་ཅིག་པའི་ནུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་པ་ཉིད་ཀྱིས་གཟུགས་ལ་སོགས་པ་དེ་ནི་ཆུ་འཛིན་པ་ལ་སོགས་པའི་དོན་གྱི་བྱ་བ་བྱེད་པ་ནི་གཅིག་ཏུ་བྱེད་པ་ཡིན་ཏེ་སོ་སོར་ནི་མ་ཡིན་ནོ། །དེ་ཡང་ཇི་ལྟར་གྱུར་བའི་ནུས་པ་དང་བཅས་པ་དེ་ལྟར་གྱུར་པ་ནི། ཤིན་ཏུ་སྐྱེས་པ་ནི་ཐ་དད་པ་གཅིག་ཏུ་ཚོགས་པས་ཡིན་ནོ། །གཅིག་གི་ཚེ་ཚོགས་པར་གྱུར་པ་དང་ཚོགས་པའི་ཚིག་གཅིག་གི་བུམ་པ་ཞེས་བྱ་བ་ལ་སོགས་པ་ལ་འགལ་བ་ཡོད་པ་མ་ཡིན་ནོ། །འོན་ཏེ་རིགས་ཀྱི་སྒྲ་འདི་ཡང་ཤིང་ལ་སོགས་པའི་སྒྲ་བཞིན་ནོ་ཞེ་ན། བདེན་ཏེ། བསལ་བ་གཞན་ལ་ལྟོས་པའི་རིགས་ཀྱི་སྒྲ་ཡིན་ན། གཟུགས་ལ་སོགས་པ་འདུས་པ་དག་ལ་ལྟོས་པ་ནི་འདུས་པའི་སྒྲ་ཡིན་ནོ། །དེ་ལྟ་ན་ཡང་ཁ་ཅིག་ནི་རིགས་ཀྱི་སྒྲ་ཉིད་ཡིན་ཏེ། བདེ་བ་ལ་སོགས་པ་ལྟ་བུའོ། །ཁ་ཅིག་ནི་འདུས་པའི་སྒྲ་ཡིན་ཏེ། དཔེར་ན་སྐྱེས་པ་ཞེས་བྱ་བ་ལྟ་བུའོ། །ཁ་ཅིག་ནི་གཉིས་ཀ་ཡིན་ཏེ། དཔེར་ན་ཤིང་ལ་སོགས་པ་ལྟ་བུའོ། །རིགས་ཀྱི་སྒྲ་བརྗོད་པ་ཐ་དད་པར་བསྟན་པ་ནི། རིགས་ཀྱི་སྒྲའི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་ཀྱི་སྒྲ་ནི་ཤིང་ལ་སོགས་པའི་སྒྲ་ཡིན་ནོ། །དེའི་དོན་རེས་འགའ་ལྷན་ཅིག་པའི་ནུས་པ་འམ། རེས་འགའ་སོ་སོར་ཡིན་ནོ། །སྣ་ཚོགས་པ་དང་ལྷན་ཅིག་པ་དེ་རྣམས་ཀྱི་ནུས་པ་ཡིན་ཏེ། དེའི་ཕྱིར་སྣ་ཚོགས་པའི་ནུས་པ་ཡིན་ཏེ། མང་པོ་རྣམས་ལ་མང་པོའི་ཚིག་དང་གཅིག་ལ་གཅིག་གི་བྱའོ། །གཅིག་གི་ནུས་པ་བརྗོད་པར་འདོད་ན་ནི། གཅིག་གི་ཚིག་ཅན་གྱི་ཤིང་ཞེས་བྱའོ། །འདི་ནི་མཚན་ཉིད་བྱེད་པའི་འདོད་པའི་རྗེས་སུ་འབྲངས་ནས་བྱས་པ་ཡིན་ནོ་ཞེ་ན། ཁ་ཅིག་ནི་དེ་དག་ནི་ངེས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཅག་ནི་རྒྱུའི་ངེས་པ་དེ་ལྟར་བྱེད་པ་ཡིན་ཏེ། མང་པོ་རྣམས་ལ་མང་པོའི་ཚིག་དང་གཅིག་ལ་གཅིག་གི་ཚིག་ཏུ་འདོད་པས་དེའི་བསམ་པ་དེ་དག་བཤད་དོ། །འོ་ན་ནི་ཁྱེད་ཀྱི་ཇི་ལྟར་ཡིན་ཞེ་ན། ཁོ་བོ་ཅག་ནི་བརྡར་བཏགས་པའི་དོན་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ཅག་གི་སྒྲ་དང་དོན་རྟག་ཏུ་འབྲེལ་པར་ནི་མེད་ཀྱི་འོན་ཀྱང་བརྡས་ཡིན་ནོ། །དེ་ལ་འདོད་པས་རབ་ཏུ་བརྟགས་པ་བརྡ་བསྟན་པས་སྒྲའི་ཐ་སྙད་དུ་ཤིན་ཏུ་མངོན་


DTG190_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞེན་པ་ཡིན་ནོ། །གཞན་གྱི་འདོད་པའི་དོགས་པ་བསུ་པ་ནི། གཟུགས་ལ་སོགས་པ་དུ་མའི་སྒྲ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་མའི་གཟུགས་ལ་སོགས་པ་སྒྲ་གཅིག་གི་དོན་ཉིད་མ་ཡིན་ནོ། །གཞན་གྱི་ནུས་པ་ཡོད་པ་མ་ཡིན་པ་དེའི་ཕྱིར་སྒྲ་གཅིག་གི་བརྗོད་པར་བྱ་བ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་ཕྱོགས་སྔ་མ་ཡིན་ནོ། །འདིར་གྲུབ་པའི་མཐའ་སྨྲ་བས། ཅི་སྐྱེས་བུའི་འཇུག་པ་ལ་ལྟོས་པ་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་སྐྱེས་བུའི་འདོད་པ་ལ་ལྟོས་པ་མེད་པར་དོན་ལ་སྒྲ་འཇུག་པར་བྱེད་པ་ཡིན་ནམ། ཡང་ན་སྐྱེས་བུའི་དོན་དུ་གཉེར་བ་རྣམས་སྒྲའི་ཐ་སྙད་མ་ངེས་པར་སྦྱོར་བ་ཡིན། གལ་ཏེ་རང་ཉིད་ཀྱི་ནུས་པ་ཡིན་ན་ནི། རབ་ཀུན་ནས་སློང་བར་བྱེད་པའི་ནུས་པ་ཡོད་དམ་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཚེ་དོན་རང་ཉིད་ཀྱིས་སྒྲ་འཇུག་པར་བཟོད་པ་གང་ཡིན་པ་དེའི་ཚེ་དེ་རྣམས་ནུས་པ་དང་མི་ནུས་པ་རྣམ་པར་དཔྱད་པར་བྱ་བ་ཡིན་ནོ། །རང་ཉིད་ཀུན་ནས་སློང་བར་བྱེད་པ་ལ་ཉེས་པ་ཅི་ཞིག་ཡོད་ཅེ་ན། དེ་ཡང་རིགས་པ་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དོན་རང་གི་ནུས་པ་ཉིད་ཀྱིས་སྒྲ་ཀུན་ནས་སློང་བར་བྱེད་པ་ཡིན་པས་དེའི་ཚེ་སྐྱེས་བུས་བརྗོད་པར་འདོད་པ་མ་ཡིན་ཡང་ཁའི་བུ་ག་ལས་དོན་ལ་ཡོད་པའི་སྒྲ་འབྱུང་བར་འགྱུར་རོ། །སྐྱེས་བུ་དང་འབྲེལ་པར་བསྟན་པ་དག་བཤད་པའི་ཕྱིར། སྐྱེས་བུས་དེ་དག་ལ་ཉེ་བར་སྦྱོར་བ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སྐྱེས་བུ་ངེས་པར་སྦྱོར་བ་དེའི་ཚེ་དེ་ཇི་ལྟར་འདོད་པར་ངེས་པར་སྦྱོར་བ་ན་མང་པོ་ལ་ཡང་གཅིག་གི་ཚིག་ཏུ་བུམ་པ་ཞེས་བརྗོད་པ་ལྟ་བུའོ། །གཅིག་གི་མཐའ་ཅན་གྱིས་བརྗོད་པར་བྱ་བ་མེད་པ་ཡིན་ན་དེ་ཅི་ལ་དམིགས་པར་འགྱུར། དེ་དག་དེ་ལྟར་ནི་འགྱུར་ན་བརྗོད་པར་བྱ་བ་དགོས་པ་ཅི་ཞིག་ཡིན་ཞེ་ན། རྒྱུ་མཚན་ངེས་པར་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་སྒྲ་རྣམས་ཀྱི་ངེས་པར་སྦྱོར་བའི་དགོས་པ་བཤད་ནས་གཅིག་གམ་ཡང་ན་མང་པོ་རྣམས་བྱ་བ་གཅིག་ཏུ་སྣང་བ་ན་གཅིག་གི་ཚིག་དང་སོ་སོར་བྱ་བ་བྱེད་པ་སྣང་བ་ན་མང་པོ་ལ་མང་པོའི་ཚིག་དང༌། གཞན་ཡང་རྒྱུ་ཉེ་བར་བསགས་པ་བསྟན་པ་ནི། གལ་ཏེ་གཟུགས་ལ་སོགས་པ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་


DTG190_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དུས་མ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་ནི་གང་གི་ཚེ་སྒྲ་གཅིག་གིས་ལྷན་ཅིག་ཏུ་འབྲེལ་པ་ཡིན་པ་དེའི་ཚེ། དེ་གཅིག་ལ་བརྟེན་པ་ཡིན་པར་ཅི་གང་གིས་བརྟག་པར་བྱ། དེས་ན་ཆ་ཤས་དང་འབྲེལ་པས་ནི་མ་ཡིན་ནོ། །དེ་ལྟ་ན་ཡང་ཁྱེད་ཀྱིས་མང་པོ་རྣམས་ལ་གཅིག་དང་ལྷན་ཅིག་འབྲེལ་པ་ཁས་བླངས་ཀྱང་དེ་དག་དང་རྫས་ཀྱིས་ཀྱང་དེ་རྣམས་འབྲེལ་པར་མི་འགྱུར་རོ། །དེའི་ཕྱིར་ཡུལ་འགའ་ཞིག་ཏུ་གཅིག་ཀྱང་ལྷན་ཅིག་ཏུ་གཟུགས་ལ་སོགས་པ་དང༌། འབྲེལ་པ་སྐྱེད་དུ་ཟིན་ཀྱང་སྒྲ་ཡིས་ལྷན་ཅིག་ཏུ་ཁས་བླངས་པའི་ཕྱིར་མེད་པར་འཛིན་པ་ལ་དགའ་བར་བཤད་པ་ཡིན་ནོ། །འདིར་གཞན་གྱིས་སྨྲས་པ། ཁོ་བོ་ཅག་ནི་གཅིག་དང་འབྲེལ་པ་འགལ་བ་ཡིན་པས་ཞེས་བྱ་བ་ལ་སོགས་པ་ནི་ཁོ་བོ་ཅག་གི་གཅིག་དང་དུ་མ་གཅིག་དང་ལྷན་ཅིག་འབྲེལ་པ་འགལ་བ་ཡོད་པ་ནི་མ་ཡིན་ཏེ། གཅིག་གི་སྒྲ་ནི་གཟུགས་ལ་སོགས་པ་དག་ནི་མི་འདོད་ཀྱང་འོན་ཀྱང་གཟུགས་ལ་སོགས་པ་དེ་ཐམས་ཅད་འདུས་པ་དེ་རྣམས་ཐ་མི་དད་པ་ཡིན་ནོ། །ཐ་མི་དད་པ་རྣམས་ཀྱང་དུ་མའི་དངོས་པོའི་དོན་བྱེད་པ་འགལ་བ་ཡིན་གྱི། དེ་ཡང་བུམ་པ་ལས་གོས་ལ་སོགས་པའི་དོན་གྱི་བྱ་བ་བྱེད་པ་མི་སྲིད་པ་གང་ཡིན་པ་དེ་ནི་ཚོགས་པ་གཞན་ལ་དོན་གྱི་བྱ་བ་བྱེད་པ་སྲིད་པར་གྱུར་བས་སྣམ་བུ་རང་གི་ངོ་བོས་གཟུགས་ལ་སོགས་པ་བྱེད་པ་ནི་མ་ཡིན་ཏེ། བུམ་པའི་རང་གི་ངོ་བོའི་གཟུགས་ལ་སོགས་པ་དང་ཐ་མི་དད་པའི་ཕྱིར་རོ། །གང་གི་ཚེ་དེ་སྐད་དུ་བཤད་ཟིན་པའི་གནས་སྐབས་ཀྱི་གཅིག་པ་ནི་ཐ་དད་པ་མ་ཡིན་ནོ། །དེ་བཞིན་དུ་ཇི་ལྟར་གཅིག་བྱེད་པ་དེ་བསྟན་པའི་ཆེད་དུ་སྒྲ་གཅིག་གིས་ཀྱང་བརྗོད་པར་མི་བྱའོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡིན་ནོ། །འདིར་གྲུབ་པའི་མཐའ་སྨྲ་བས་སྨྲས་པ་ཟིན་དུ་ཆུག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་དུ་ཆུག་ཀྱང་འགའ་ཞིག་ཡིད་ལ་འདོད་པ་འདི་ཐམས་ཅད་ཆོགས་པ་རྣམས་གཟུགས་ལ་སོགས་པ་གཅིག་གི་ངོ་བོར་འགྱུར་རོ་སྙམ་ན་ནི་དེ་ལྟ་ན་ཡང་ཕན་ཚུན་རྣམ་པར་དབེན་པའི་ངོ་བོར་མངོན་སུམ་གྱིས་འཛིན་པ་ཡིན་ནོ། །དེ་དག་ཐ་མི་དད་པ་ཡིན་ན་ཅི་སྟེ། འཛིན་པར་མི་འགྱུར། ཅི་སྟེ་བཏང་སྙོམས་སུ་བྱེད་པར་འགྱུར། འདི་སྐད་སྟོན་པ་ཡིན་ཏེ། གལ་ཏེ་


DTG190_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་སོགས་པ་ཐ་དད་པ་ལ་མངོན་སུམ་གྱིས་གཟུགས་ལ་སོགས་པ་ཐ་མི་དད་པ་ཅི་སྟེ་མི་འཛིན་པར་མངོན་སུམ་གྱིས་ཕན་ཚུན་རྣམ་པར་དབེན་པའི་ངོ་བོ་ཡང་ཅི་སྟེ་སོ་སོར་སྣང་བར་འགྱུར། །དེ་དག་ནི་ཐ་མི་དད་པའི་ངོ་བོ་ཡིན་པའི་བསགས་པའི་རྒྱུ་ན་ནི་འདི་ནི་འདོད་པར་མི་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཐ་མི་དད་པའི་རང་གི་ངོ་བོ་གཟུགས་ལ་སོགས་པ་དེ་དག་ནི་འདོད་པར་མི་བྱའོ། །གང་གི་ཕྱིར་ཚོགས་པ་ཐམས་ཅད་ཀྱི་རང་བཞིན་དེ་དག་ཐ་དད་པར་དམིགས་ཏེ། དེ་ལྟ་ན་ཡང་བུ་རམ་གྱི་ཁ་དོག་སྨུག་པ་ཡང་རོ་མངར་བ་དང༌། བ་ཤ་ཀ་ནི་སེར་བའི་ངོ་བོ་ཡང་རོ་ཁ་བ་དང༌། ག་བུར་ལ་དྲི་ཞིམ་པ་དང༌། མི་གཙང་བའི་དྲི་མི་ཞིམ་པ་དང༌། རས་བལ་ལ་ནི་འཇམ་པ་དང༌། ཁ་ཅིག་ནི་རིག་བྱ་རྩུབ་པ་ཞེས་བྱ་བ་འདི་ལྟ་བུ་ལ་སོགས་པ་དེ་ཇི་ལྟར་གཟུགས་ལ་སོགས་པ་རྣམས་གཅིག་ཡིན་ཞེས་བརྗོད་པར་བྱ། གཞན་གྱིས་ཡང་གལ་ཏ་གཟུགས་ལ་སོགས་པ་དག་ལས་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་དང་གཟུགས་ལ་སོགས་པ་དག་ལས་ཐ་དད་པ་ཡིན་ན་ཉེས་པ་ཅི་ཞིག་ཡོད་ཅེས་བྱ་བ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། དེ་མངོན་སུམ་དུ་ཡོད་པ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཟུགས་ལ་སོགས་པ་ལས་ཐ་དད་པའི་བུམ་པ་ཡིན་པར་གྱུར་ན་དེའི་ཚེ་མངོན་སུམ་གྱིས་གཟུགས་ལ་སོགས་པ་ལས་རྣམ་པར་དབེན་པ་ཅི་སྟེ་སོ་སོར་སྣང་བར་མི་འགྱུར། དེ་ལྟ་ན་འདིར་གཟུགས་ལ་སོགས་པའི་མི་མཐུན་པར་མངོན་སུམ་དུ་འདོད་དོ། །དེ་ལྟར་ནི་འགྱུར་ན་མངོན་སུམ་གྱིས་ཀྱང་འགའ་ཞིག་གདོན་མི་ཟ་བར་རྣམ་པར་དབེན་པ་སོ་སོར་སྣང་བ་ནི་མི་འགྱུར་རོ་ཞེ་ན། གཟུགས་ལ་སོགས་པའི་སོ་སོར་སྣང་བ་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོ་དང་སེར་པོ་ལ་སོགས་པ་ཡང་ཐམས་ཅད་དུ་ཐ་དད་པར་སོ་སོར་སྣང་བར་གྱུར་པར་མཐོང་བ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་ཆ་ཤས་ཀྱི་ཡུལ་ཐ་དད་པ་མེད་པའི་ཕྱིར་དང༌། དབང་པོ་གཅིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་སོ་སོར་སྣང་བ་ཐ་དད་པ་མ་ཡིན་ནོ་ཞེ་ན། ཡུལ་ཐ་དད་པ་མེད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་ཐ་དད་པ་མེད་པ་དྲི་དང་རོ་ལ་སོགས་པ་ཐ་དད་པ་སོ་སོར་སྣང་པ་ཉིད་དང༌། རླུང་ཚ་བའི་རེག་བྱ་ལ་སོགས་པ་དབང་


DTG190_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཅིག་གི་གཟུང་བར་བྱ་བ་ཡིན་དུ་ཟིན་ཀྱང་ཐ་དད་པར་རྟོགས་པ་དེའི་ཕྱིར་འདི་ནི་ཡོངས་སུ་སྤངས་པ་ཡིན་ནོ། །བསགས་པའི་རྒྱུ་བསྟན་པ་ནི་དེ་ཉིད་ཀྱང་མངོན་སུམ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་དེ་དག་ཉིད་ཀྱང་མངོན་སུམ་ཡིན་ནོ། །མངོན་སུམ་ཉིད་ནི་གང་གཞན་གྱི་ངོ་བོས་དབེན་པ་ནི་རང་ཉིད་ཀྱི་ངོ་བོས་བློ་ལ་ཡང་དག་པར་འཇོག་པར་བྱེད་པ་ཡིན་ནོ། །འདིར་ཡང་ཇི་སྲིད་དུ་བུམ་པ་རིན་མེད་པར་འདིར་སུ་ཞིག་འཚོང་བར་བྱེད་པར་འདོད་པ་དེ་བཞིན་དུ་རང་གི་ངོ་བོ་དང་བཅས་པ་གསལ་བ་རིན་མེད་པར་སྟེར་བ་ནི་མ་ཡིན་ཏེ། མངོན་སུམ་གྱི་ཡུལ་འཚོང་བར་འདོད་པ་ཡིན་ནོ་ཞེས་རྒྱལ་པོའི་གཏམ་དང་འདི་མཚུངས་སོ། །དེ་ནི་དེ་ལྟར་ཡིན་ན་གལ་ཏེ་ཆ་ཤས་མེད་ན་ཇི་ལྟར་འདི་ཁྱད་པར་གྱི་བློ་སྒྲ་དང་བུམ་པ་ལ་འཇུག་པ་ཡིན་ཞེ་ན། དེ་དག་གིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་བློ་དང་སྒྲ་ཐ་དད་པ་དག་ཆ་ཤས་ཡོད་པ་དང་ཉེ་པར་གྱུར་པ་དེའི་ཚེ་དེ་ཡང་བསལ་བ་ཡིན་ནོ་ཞེས་རྟོགས་པར་བྱའོ། །དེ་ལྟར་ན་བློ་དང་སྒྲ་དང་ཡོད་པར་སྒྲུབ་པར་བྱེད་པ་ཡིན་ན་འདས་པ་དང་མ་འོངས་པ་ཉེ་བར་བཀོད་པས་ཤིན་ཏུ་བསལ་ཟིན་ཏོ། །མ་གྲུབ་པའི་མཐའ་སྨྲ་བ་དེ་དག་གིས་སྒྲུབ་པར་འདོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་མངོན་སུམ་གྱི་དོན་ཡིན་ན་འགའ་ཞིག་གཡོགས་པ་དེའི་གཟུགས་ཉེ་བར་མི་མཚོན་པ་ནི་མཐོང་བ་མ་ཡིན་ནོ། །དེའི་གཞན་ཡོད་པ་ཞིག་ཡོད་ན་ནི་ཤེས་པས་དམིགས་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟ་ན་ཡང་དེ་སྒྲུབ་པར་བྱེད་པའི་རྟོགས་ཁས་མ་བླངས་པར་མངོན་སུམ་གྱིས་གཟུང་བར་བྱ་བ་མ་ཡིན་པ་ཤེས་པ་གཞན་གྱིས་གོ་བར་བྱ་བར་རིགས་པ་ཡིན་ནོ། །དེ་ནི་དེ་ལྟར་འགྱུར་བ་ནི་མ་ཡིན་གྱི་མངོན་སུམ་དུ་འདོད་པ་ཡིན་ནོ་ཞེ་ན། མངོན་སུམ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མངོན་སུམ་མ་ཡིན་པར་འདོད་པ་ཡིན་པ་དེ་ལྟ་ན་འདི་ནི་ཚད་མ་མ་ཡིན་པ་དེ་ལྟ་ན་འབྲས་བུ་ཅུང་ཟད་ཀྱང་མེད་དོ། །གཉིས་ཀ་འང་ཡོད་པ་ཡིན་ན་གང་གིས་རྗེས་སུ་དཔག་པར་འགྱུར། དེ་ཡང་ཚད་མ་ཡང་མེད་པར་གྱུར་པ་ནི་འདི་ཁས་བླངས་པར་རིགས་པ་མ་ཡིན་ནོ། །དེའི་ཕྱིར་གཟུགས་དག་ལས་


DTG190_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པའི་བུམ་པའི་ཆ་ཤས་ནི་གནས་པ་མ་ཡིན་ནོ། །རྣལ་མའི་མཇུག་བསྡུ་བ་ནི་དེ་ལྟར་ན་དེ་སྲིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློ་དང་སྒྲ་ལ་སོགས་པ་ཙམ་གྱིས་དངོས་པོ་མེད་པས་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་མ་གྲུབ་པོ། །དེ་ཡང་ཐ་དད་པ་དང་ཐ་དད་པ་མེད་པ་དག་གིས་དངོས་པོ་ཐ་དད་པ་དང་ཐ་དད་པ་མེད་པ་ཡིན་ནོ་ཞེས་དེ་སྐད་དུ་བཤད་པའི་རྣམ་པར་བསྟན་པ་ཡིན་ནོ། །བློ་དང་སྒྲའི་དངོས་པོ་མེད་པ་དག་གིས་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་དུ་འགྱུར་བ་མ་ཡིན་པ་དེ་ནི་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཚེ་བློ་དང་སྒྲ་ནི་ཡོད་པའི་ཐ་སྙད་དུ་བྱེད་པའི་རྒྱུ་བཀག་པ་དེའི་ཚེ་མེད་པར་གྱུར་ཀྱང་མེད་པའི་ཐ་སྙད་ཀྱི་རྒྱུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །དེ་ལྟར་དེ་སྲིད་དུ་བློ་དང་སྒྲ་དག་ལ་ཡོད་པའི་ཐ་སྙད་དང་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་བཀག་པ་ཡིན་ནོ། །དོན་བྱེད་པའི་ཤེས་པ་ནི། དོན་བྱེད་པའི་ཞེས་སྨོས་ཏེ། ཡོད་པའི་ཐ་སྙད་ཙམ་སྒྲུབ་པར་བྱེད་པ་ཡིན་གྱི་ཡོད་པ་ཐ་དད་པ་དང་ཐ་མི་དད་པའི་ཐ་སྙད་དུ་བྱེད་པ་ནི་མ་ཡིན་ནོ། །རྒྱུ་ཅི་ཡིན་ཞེ་ན། གཅིག་ལ་ཡང་དོན་དུ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་གིས་ཀྱང་དོན་དུ་མའི་བྱ་བ་བྱེད་པར་འགྱུར་བ་ཡིན་ཏེ། དཔེར་ན་མར་མེས་ཤེས་པ་སྐྱེད་པ་དང་སྡོང་བུ་སྲེག་པ་དང་འབར་བ་གཞན་སྐྱེད་པ་དང་སྣང་བ་དང་ཚ་བར་བྱེད་པ་བཞིན་ནོ། །དེ་ལྟར་དེ་སྲིད་དུ་གཅིག་གིས་དུ་མའི་དོན་བྱེད་པར་འགྱུར་བ་ཡིན་ནོ། །མང་པོ་རྣམས་ཀྱང་གཅིག་གི་དོན་བྱེད་པ་བསྟན་པས་མིག་ལ་སོགས་པ་དུ་མས་ཀྱང་རྣམ་པར་ཤེས་པ་གཅིག་སྐྱེད་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་ཇི་ལྟར་དོན་བྱེད་པ་ཐ་དད་པ་དང་ཐ་མི་དད་པར་གྲུབ་པ་ཡིན་ནོ། །འདིར་གཞན་དག་ན་རེ་གལ་ཏེ་ཞེས་བྱ་བ་ནས་མི་སྨྲའི་ཞེས་བྱ་བའི་བར་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཀྱི་དོན་བྱེད་པ་ཙམ་གྱིས་ཡོད་པ་ཐ་དད་པ་ཞེས་ནི་མི་སྨྲའི་འོན་ཀྱང་དོན་གྱི་བྱེད་པའི་ཁྱད་པར་ཐ་དད་པ་ཡིན་ནོ། །དེ་བཞིན་དུ་ཁྱད་པར་མཐོང་བ་ནི་དོན་བྱེད་པ་གང་ཡིན་པ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་དོན་བྱེད་པ་ལ་ལར་དངོས་པོ་འགའ་ཞིག་ཀྱང་མ་མཐོང་ལ་དངོས་པོ་ལས་གཞན་པའི་དངོས་པོ་ལས་གཞན་


DTG190_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་མཐོང་ལ་དེ་ནི་ཡོད་པ་ཐ་མི་དད་པ་སྒྲུབ་པར་བྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ཕྱོགས་སྔ་མའོ། །གྲུབ་པའི་མཐའ་སྨྲ་བས། དེ་ལྟར་དོན་གཞན་གྲུབ་པ་ནི་ཡོད་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་ཀྱི་དོན་གཞན་གྲུབ་ཀྱང་ཆ་ཤས་གྲུབ་པ་ནི་མ་ཡིན་ནོ། །དེ་ནི་དེ་ལྟར་འགྱུར་ན་ཆ་ཤས་མེད་པ་དེ་ལྟ་ན་འདིའི་དོན་བྱེད་པ་ཐ་མི་དད་པ་ཡིན་ནོ་ཞེས་ག་ལས་ཤེས་ཤེ་ན། དཔེར་ན་རྐྱེན་གྱིས་འདུས་བྱས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུས་བྱས་པའི་རྒྱུན་ནི་ཇི་ལྟ་ཇི་ལྟར་རྐྱེན་གཞན་གྱི་རྒྱུན་ཡོད་པ་དེ་ལྟ་དེ་ལྟར་ན་རང་བཞིན་གྱིས་ཐ་དད་པ་སྐྱེ་བ་ཡིན་ཏེ། རང་བཞིན་ཐ་དད་པ་དང་འབྲེལ་པ་དང་རང་གི་དོན་བྱེད་པ་ཐ་མི་དད་པ་ནི་མ་ཡིན་ནོ། །དཔེ་ཅི་ཡིན་ཞེ་ན། སྲུབ་ཤིང་བསྲུབས་པའི་གནས་སྐབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་གྲུབ་ཤིང་བསྲུབས་པ་ལས་བྱུང་བའི་མེ་དེ་དང་དེ་ནི་རྐྱེན་གྱིས་འགྱུར་བ་ཡིན་ཏེ། སྤྲ་བ་དང་རྟ་སྦངས་དང་རྩྭ་དང་ཤིང་སྲེག་པའི་ནུས་པ་ཐ་དད་པར་འགྱུར་བ་བཞིན་ནོ། །དེ་ལྟར་ན་སྲུབ་ཤིང་བསྲུབས་པ་ལས་དེ་མ་ཐག་ཏུ་སྤྲ་བ་ཙམ་སྲེག་པར་ནུས་པ་དེ་ལྟར་ཆེས་འཕེལ་བ་རྣམ་པར་འཇིག་པ་ཉེ་བར་སྐྱེད་པ་ལས་ནུས་པ་ཕུལ་དུ་བྱུང་བ་རྟ་སྦངས་དང་རྩ་བ་དང་སྦུན་པ་དང་ལོ་མ་ལ་སོགས་པའི་མྱུར་དུ་འགྱུར་བར་བྱེད་པ་ཡོངས་སུ་བསགས་པ་ལས་རབ་ཏུ་སྐྱེས་པ་འབར་བའི་དུས་སུ་གཞན་གྱིས་ཀྱང་ཤིང་གི་ཚོགས་སྲེག་པར་བྱེད་པ་ཡིན་ཏེ། དེ་བཞིན་དུ་བསྒྲུབ་པར་བྱ་བའི་དོན་གྱི་མཇུག་བསྡུ་བ་ནི། རྐྱེན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ཇི་ལྟ་བ་དེ་ལྟ་བུའི་རྐྱེན་ཉེ་བར་སྦྱོར་བར་ནུས་པ་ཕུལ་དུ་འབྱུང་བ་དང་འབྲེལ་བའི་འབྲས་བུ་ཐ་དད་པ་དེ་བཞིན་དུ་སྣལ་མ་ལ་སོགས་པ་ཡང་དེ་དང་དེའི་རྐྱེན་དུ་ཉེ་བར་བཏགས་པས་དངོས་པོ་ཐ་དད་པ་སྣ་ཚོགས་པའི་འབྲས་བུ་ངོ་བོ་ཉེ་བར་སྐྱེ་བར་འགྱུར་རོ། །དེ་ལྟ་ན་ཡང་གཞན་ཉིད་ཀྱིས་གཟུགས་ཉིད་ལ་སོགས་པ་གང་དང་གང་སྐུད་པ་བཀལ་བའི་གནས་སྐབས་དང༌། དྲུ་བུ་ལ་སོགས་པའི་གནས་སྐབས་ཀྱང་གཞན་ཡིན་ཏེ། ཞེང་དང་ཆུར་གནས་པ་ལ་སོགས་པའི་གནས་སྐབས་ལ་བརྟེན་པས་བློ་དང་སྒྲ་གཞན་ཉིད་ཐ་དད་པ་དག་ཆ་ཤས་ཀྱིས་གྲུབ་པ་དགག་པའི་ཕྱིར། དེ་དག་གིས་ནི་ཞེས་


DTG190_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་སྨོས་ཏེ། དོན་བྱེད་པ་ཐ་དད་པ་ཆ་ཤས་སུ་གྲུབ་པ་བསལ་བ་ཉིད་ཀྱིས་བློ་དང་སྒྲའི་ཐ་དད་པ་གྲུབ་པ་དེའི་རྒྱུ་མཚན་ཉིད་ཀྱང་བསལ་བ་ཡིན་ནོ། །དེ་ལྟ་ན་ཡང་བཀལ་བ་དང་སྣ་ལ་མ་ལས་སྣམ་བུ་ལ་སོགས་པ་ལས་དེ་ལྟར་བསྐྱེད་པའི་བློ་དང་སྒྲ་ཐ་དད་པ་ནི་སྣལ་མའི་དེའི་རང་བཞིན་དང་རྗེས་སུ་འབྲེལ་བ་ཡིན་ནོ། །དེ་ལྟར་དེ་སྲིད་དུ་དོན་བྱེད་པ་མེད་པ་ན་ཐ་དད་པ་དང་ཐ་དད་པ་མེད་པའི་ཐ་སྙད་ཀྱི་རྒྱུ་བཀག་པ་ཡིན་ནོ། །མདུན་ན་གནས་པ་ཉིད་ཀྱི་རྐྱེན་མེད་པ་ནི། དེ་ལ་དོན་བྱེད་པ་ལ་ཡོད་པ་ཉིད་ཀྱི་ཐ་སྙད་གྲུབ་པར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་དོན་ནི་གོ་བར་ཟད་དོ། །དེ་དག་ཉིད་རྗེས་སུ་སྨྲ་བ་ནི་དེ་ནི་བདེན་ནོ་ཞེས་བྱ་བ་སྨོས་ཏེ། དེ་འདིར་དེ་དག་གཉི་ག་ཡང་བཤད་པར་བྱའོ། །ལྷག་མ་བསྟན་པ་ནི། ལོག་པ་དེ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམིགས་པའི་རིག་བྱར་གྱུར་བ་ལས་མི་དམིགས་པ་ཉིད་ཀྱིས་མེད་པ་ཡིན་ན་དངོས་པོའི་དོན་བྱེད་པ་དེ་ཉིད་གྲུབ་པར་མི་འགྱུར་ཏེ། ཡོད་པའི་ཐ་སྙད་ཀྱི་རྒྱུ་མཚན་གང་ཞིག་ཡིན། འདིར་ཡང་མི་དམིགས་པ་གདོན་མི་ཟ་བར་ཁས་བླངས་པ་ཡིན་པ་དེ་བསྟན་པ་ནི། དེ་ལ་ཡང་འདི་མི་འདོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ནུས་པའི་དངོས་པོ་གཞན་རྗེས་སུ་གྲུབ་པ་དེའི་ཚེ་ཤིང་ངམ་སྐམ་པ་ལ་ཐུག་པས་ཇི་སྐད་བཤད་པའི་མི་དམིགས་པའི་རྗེས་སུ་འབྲང་བ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་ནུས་པ་མེད་པའི་མི་དམིགས་པའི་ཤེས་པ་ཡིན་པ་དེས་ན་ཡོད་པའི་དངོས་པོ་མེད་པ་ཡིན་ནོ་ཞེ་ན། ནུས་པ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ནུས་པའི་དངོས་པོ་མེད་པས་མི་དམིགས་པར་ཤེས་པ་ཡིན་ན་ཡོད་པའི་དངོས་པོ་མེད་ཀྱང་མི་དམིགས་པ་ཉིད་ཅི་སྟེ་ཤེས་པར་མི་འགྱུར། དེ་ལྟ་ན་ཡང་ནུས་པའི་མཚན་ཉིད་ནི་ཡོད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡིན་ན་དེ་ལ་ཉེས་པ་ཅི་ཞིག་ཡོད་ཅེ་ན། དེ་ལྟ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་སྔ་མའི་རང་བཞིན་མི་དམིགས་པར་བཤད་པ་དང་དེའི་ནུས་པ་མི་དམིགས་པ་ལ་བྱེ་བྲག་ཅི་ཞིག་ཡོད། དེ་ལྟ་ན་ཡང་རང་བཞིན་གྱིས་ཕན་ཚུན་ནུས་པ་དེ་ལས་ཅིས་མ་ཡིན་ཞེ་ན། དེ་ནི་དམིགས་པའི་རིག་བྱར་གྱུར་བ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་


DTG190_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་རིག་བྱར་གྱུར་བ་ལས་ནུས་པ་མི་དམིགས་པ་དེ་ནི་རང་བཞིན་གྱིས་མི་དམིགས་པ་ཉིད་ཡིན་ནོ། །དེའི་ཕྱིར་སྔར་གྱི་དམིགས་པ་ལས་ཐ་དད་པ་ནི་མ་ཡིན་ནོ། །གང་གི་ཕྱིར་ཐ་དད་པ་མེད་པ་དེའི་ཕྱིར་འབའ་ཞིག་ཏུ་བྱས་པ་ལ་སོགས་པ་སྨོས་ཏེ། གང་ལ་འབའ་ཞིག་ཏུ་མེད་པའི་ཐ་སྙད་དུ་ཁས་བླངས་པ་ཡིན་ནོ་ཞེས་བྱ་བ་དེ་ལ་ཐམས་ཅད་དུ་ཇི་སྐད་བཤད་པའི་མི་དམིགས་པ་ཁོ་ནས་ཁས་བླང་བར་བྱའོ། །གལ་ཏེ་ཡང་འགའ་ཞིག་ཏུ་མི་དམིགས་པ་ཚད་མར་བྱེད་པ་ཡིན་པ་དེའི་ཚེ་འགའ་ཞིག་ཏུ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་དུ་ཁས་བླང་བར་བྱ་བ་མ་ཡིན་ཏེ། དམིགས་པའི་རིག་བྱར་གྱུར་བ་ལས་མི་དམིགས་པ་ཡོད་པའི་ཁྱད་པར་གྱི་དངོས་པོ་མེད་པའི་ཕྱིར་རོ། །ཅི་སྟེ་ལ་ལར་ཁས་བླང་བར་བྱ་བ་མ་ཡིན་ཞེ་ན། དེ་གཞན་དུ་ཡང་དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁས་བླངས་པའི་དོན་ལས་ཐ་དད་པ་དོན་གཞན་དམིགས་པའི་རིག་བྱར་གྱུར་བ་ལས་མི་དམིགས་པའི་ཁྱད་པར་ཡིན་ན་ནི་དོན་དེ་ཡང་མེད་པའི་ཐ་སྙད་ཀྱི་ཡུལ་ཅན་གྱིས་དེ་ཡང་ཁྱབ་པ་གྲུབ་པས་རྣམ་པ་དེ་ལྟ་བུ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །འགའ་ཞིག་ཅེས་བྱ་བ་ནི་དོན་རྒྱས་པར་བཤད་པ་ཡིན་ནོ། །ལ་ལར་ཞེས་བྱ་བས་ནི་ཡུལ་ཡོངས་སུ་གཟུང་ངོ༌། །རེས་འགའ་ཞིག་ཅེས་བྱ་བས་ནི་རབ་ཏུ་བྱེད་པའི་བརྗོད་པར་བྱ་བ་ནི་གལ་ཏེ་དོན་འགའ་ཞིག་ཡུལ་ལ་ལར་རྣམ་པ་འགའ་ཞིག་དེ་བཞིན་དུ་མི་དམིགས་སུ་ཟིན་ཀྱང་དེ་ནི་མེད་པའི་ཐ་སྙད་ཀྱི་ཡུལ་དུ་མི་འགྱུར་རོ། །རྒྱུ་ཅི་ཡིན་ཞེ་ན། ཐམས་ཅད་ཐམས་ཅད་ཀྱི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དོན་ཐམས་ཅད་དང༌། དུས་ཐམས་ཅད་དང༌། དངོས་པོ་ཐམས་ཅད་དུ་མི་ལྡོག་པའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་སྔ་མ་བཞིན་ནོ། །གྲུབ་པའི་མཐའ་སྨྲ་བས། དེ་ལྟར་གྱུར་ན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དོན་ཐམས་ཅད་དང༌། དུས་ཐམས་ཅད་དང་རྣམ་པ་ཐམས་ཅད་དུ་ཡོད་པ་དེའི་ཚེ་དངོས་པོ་ཐམས་ཅད་ཡུལ་ཐམས་ཅད་དུ་དུས་ཐམས་ཅད་ཀྱི་ཚེ་ཉེ་བར་སྦྱོར་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་འབྲས་ཀྱི་འབྲས་བུ་དོན་དུ་གཉེར་བ་ནས་ཀྱི་རྣམ་པ་ལས་ཀྱང་ནས་ཀྱི་


DTG190_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་དོན་དུ་གཉེར་བ་ཡིན་གྱི་འབྲས་བུ་འདི་ལས་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འབྲས་ཀྱི་ཞིང་ལ་ནས་རྨོ་བ་དང༌། ནས་ཀྱི་ཞིང་ལ་འབྲས་རྨོ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དབྱར་ཆར་བབ་པའི་དུས་ན་རྨོ་བས་དགུན་གྱི་དུས་སུ་ནས་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །བསགས་པའི་རྒྱུ་མཐོང་བ་ནི་འདི་ལྟ་བུ་ཡིན་གྱི་འདི་མ་ཡིན་ནོ། །འདི་ཡང་རྣམ་པར་ཕྱེ་ན་ནི་མ་ཡིན་གྱི་ཞོ་ལ་སོགས་པ་འདི་ནི་འབྲས་བུར་འདོད་པའི་འོ་མ་ལ་སོགས་པ་ནི་འབྲས་བུ་ཡིན་ན། །དེ་བཞིན་དུ་ཁར་གཞོང་ལ་སོགས་པ་འདི་ནི་རྟེན་ཡིན་ལ་རྒྱ་ཤུག་ལ་སོགས་པ་འདི་ནི་བརྟེན་པ་ཡིན་ནོ། །མྱུ་གུ་ལ་སོགས་པ་འདི་སྐྱེ་བའི་དུས་ཀྱི་ཚེ་འབྲས་བུ་དང་མེ་ཏོག་ལ་སོགས་པ་འདི་ནི་མ་ཡིན་ནོ། །མེ་རང་གི་ངོ་བོ་སྲེག་པར་བྱེད་པ་ཡིན་ལ་འདི་ཆུས་ནི་མ་ཡིན་ནོ། །དེ་ལྟར་ཐམས་ཅད་དུ་རྟོགས་པ་འདིས་རྒྱུའི་བྱེད་པ་བསྟན་པ་ཡིན་ནོ། །འདིར་ཡང་མི་འགྱུར་ཏེ་ཞེས་བྱ་བ་ནི་འབྲས་བུར་གྱུར་བའི་བྱེ་བྲག་མ་ཡིན་ནོ། །མེད་པའི་རྣམ་པར་དབྱེ་བ་ལས་ཉེས་པ་ཅི་ཡོད་ཅེ་ན། དངོས་པོ་འགའ་ཞིག་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དངོས་པོ་འགའ་ཞིག་རྣམ་པ་ཅུང་ཟད་ཅིག་དོན་འགའ་ཞིག་ཏུ་དུས་འགའ་ཞིག་གི་ཚེ་རྒྱུའི་རྣམ་པར་དབྱེ་བ་མེད་པ་དེའི་འགྲོ་བ་ཐམས་ཅད་རྗེས་སུ་འགྲོ་བ་དང་ལྡོག་པར་བྱེད་པ་མེད་པར་འགྱུར་རོ། གལ་ཏེ་ཡུལ་དང་དུས་དང་རྣམ་པ་ཐམས་ཅད་མཚུངས་པར་གྱུར་པ་དེའི་ཚེ་ཐ་དད་པ་མེད་པས་ཇི་ལྟར་ཐ་དད་པ་བརྟེན་ནས་རྗེས་སུ་འགྲོ་བ་ལྡོག་པར་བྱེད་པ་ཡིན་ཞེས་གཞན་དོགས་པས་གལ་ཏེ་དངོས་པོ་ལ་ཐ་དད་པ་མེད་པའི་གནས་སྐབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དེ་ལྟར་ནི་འགྱུར་ན་གནས་སྐབས་འགའ་ཞིག་ཏུ་འཇུག་པ་དང་འགའ་ཞིག་ཏུ་ལྡོག་པ་དེ་དང་དེས་བྱས་པའི་གནས་སྐབས་སུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། འོ་ན་ནི་དེ་ཉིད་དུ་ཡུལ་ཐམས་ཅད་ལ་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་ཡུལ་ཐམས་ཅད་ལ་མེད་པའི་ཐ་སྙད་དུ་འདོད་པ་དེའི་ཚེ་གནས་སྐབས་གང་ལ་འཇུག་པ་དང་ལྡོག་པར་འགྱུར། དེས་བྱས་པའི་རྣམ་པར་གཞག་པ་ཡང་གང་ཞིག་ཡིན། གང་ཞིག་གིས་སྨྲས་པ། ཡུལ་ཐམས་ཅད་ལ་མེད་པའི་ཐ་སྙད་ཀྱིས་གདགས་པ་མ་ཡིན་ནམ་ཞེ་ན། ཡུལ་འགའ་


DTG190_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་འགའ་ཞིག་ཆ་ཤས་ཀྱིས་བྱེད་པས་མེད་པའི་ཐ་སྙད་འདོད་པ་དེ་ལྟ་ན་རྒྱུ་མཚན་གང་ཞིག་ཡིན་ཞེས་བྱ་བ་བརྗོད་པར་བྱ་སྟེ། ཅི་རྒྱུ་མཚན་མེད་པ་ཡིན་ན་མ་ཞེ་ན། མི་དམིགས་པ་ལས་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་མི་དམིགས་པ་བཤད་པ་ལས་གཞན་རྣམ་པའི་གཏན་ཚིགས་ནི་མེད་ན། འདི་ན་གྲང་བའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་ཞེས་བྱ་བ་ཡིན་ན་དེ་ཅི་མི་དམིགས་པ་ཡིན་ཞེ་ན། དགག་པ་དང་སྒྲུབ་པ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་འགའ་ཞིག་བཀག་པས་དོན་གཞན་འགོག་པར་བྱེད་པ་དེ་ལ་མི་དམིགས་པ་ཉིད་ཡོད་པ་ཡིན་ནོ། །གང་ལ་དོན་སྒྲུབ་པས་འགའ་ཞིག་འགོག་པར་བྱེད་པ་ཡིན་ཏེ། དེ་ལ་ཡང་མི་དམིགས་པ་ཉིད་རྒྱུ་མཚན་ཡིན་ནོ། །ཇི་ལྟར་ཡང་དོན་གང་དམིགས་པར་གྱུར་བས་དགག་པ་མ་ཡིན་པ་གང་ཡིན་པ་དེ་ནི་མེད་པ་ཉིད་མི་འགྲུབ་སྟེ། དེའི་ཕྱིར་དོན་གཞན་སྒྲུབ་པའི་མི་དམིགས་པས་ཀྱང་ཕན་ཚུན་བྱད་པ་མ་ཡིན་ནོ། །འདིར་མི་དམིགས་པ་སྒྲུབ་པར་བྱེད་པ་ཉིད་ཡིན་དུ་ཆུག་ཀྱང་འདོད་པ་ཡིན་ཞེ་ན། མི་དམིགས་པ་ཉིད་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་མི་དམིགས་པ་འགའ་ཞིག་ཏུ་མེད་པའི་ཐ་སྙད་ཁས་ལེན་པ་དེའི་ཚེ་ཐམས་ཅད་དུ་དེ་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་ཁ་བླང་བར་བྱའོ། །རྒྱུ་ཅི་ཡིན་ཞེ་ན། ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་དམིགས་པའི་རིག་བྱར་གྱུར་བའི་མི་དམིགས་པ་ལས་འགའ་ཞིག་བྱེ་བྲག་མེད་པ་ཡིན་ན། འགའ་ཞིག་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་འགའ་ཞིག་ཏུ་ཡང་མི་དམིགས་པ་ཡིན་པར་མི་འགྱུར་རོ། །འདིར་གཞན་དག་ན་རེ་གལ་ཏེ་ཚད་མ་ཐམས་ཅད་ལྡོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །གང་ལ་ཡང་ཚད་མ་ཐམས་ཅད་ནུས་པ་གང་ཡིན་པ་དེ་ལ་མེད་པའི་ཐ་སྙད་དུ་བྱ་བ་ཡིན་ནོ། །གང་གི་ཕྱིར་ཚད་མ་རྒྱུ་མཚན་གྱི་གཞལ་བྱ་རྟོགས་པ་ཡིན་པའི་ཕྱིར་དེའི་ཚད་མ་མེད་པས་གཞལ་བྱ་གཞན་མེད་པ་ཡིན་ནོ་ཞེའོ། །གྲུབ་པའི་མཐའ་སྨྲ་བས། བཞད་གང་དུ་ཤེས་རབ་ཤིན་ཏུ་གཞོན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་འདི་དག་ནི་རྟོགས་པ་བཟང་པོ་ཡིན་ན་ནི་ཅིའི་


DTG190_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བཞད་གད་བྱེད་ཅེ་ན། རྗེས་སུ་དཔག་པ་ལ་སོགས་པ་ལྡོག་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་དཔག་པ་ལོག་པས་མེད་པ་སྒྲུབ་པར་བྱེད་པ་ལ་འཁྲུལ་བ་ཡིན་ནོ་ཞེས་བཤད་ཟིན་ཏེ། སྲོག་ཆགས་ཐམས་ཅད་ཀྱི་མངོན་སུམ་གྱི་འཇུག་པ་ལྡོག་པ་མེད་དོ་ཞེས་བསྒྲུབ་པར་བྱ་བ་ནི་མ་ཡིན་ཏེ། མ་གྲུབ་པའི་ཕྱིར་རོ། །བསྐལ་བ་ལ་བདག་ཉིད་ཀྱི་མངོན་སུམ་ལོག་ཀྱང་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། ཐེ་ཚོམ་གྱི་རྒྱུ་མེད་པའི་ཕྱིར་རོ། །ཅི་འདྲ་བའི་ཚད་མ་ལོག་པས་མེད་པ་སྒྲུབ་པར་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་རང་བཞིན་གྱི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་གང་ལས་དོན་ངེས་པ་ཡོད་པའི་ཐ་སྙད་བྱེད་པ་དེ་ཉིད་ཀྱི་ཚད་མ་ལྡོག་པ་ཡིན་པས་དེས་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ནོ། །དམིགས་པའི་རིག་བྱར་གྱུར་བ་ལས་མི་དམིགས་པའི་རང་བཞིན་གྱི་ཁྱད་པར་ལས་གཞན་མ་ཡིན་ནོ། །རྒྱུ་ཅི་ཡིན་ཞེ་ན། དེའི་རང་བཞིན་ཡོད་པ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་དེའི་དོན་གང་ཡིན་པ་དེ་དང་དེ་ནི་ཚད་མ་ཡིན་པས་ཁྱབ་སྟེ། དེའི་ཕྱིར་ཡང་ཁྱབ་པར་བྱེད་པའི་ཚད་མ་ལྡོག་པས་ཁྱབ་པར་བྱ་བའི་དོན་ལྡོག་པ་ཡིན་ནོ། །དེ་ལྟ་ན་ནི་འགྱུར་ན་ལྡོག་པ་ཡང་མངོན་སུམ་དང་རྗེས་སུ་དཔག་པ་འཇུག་པ་དེའི་ཕྱིར་མེད་པར་ངེས་པ་ཡིན་ནོ་ཞེ་ན། དམིགས་པའི་རིག་བྱར་གྱུར་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡང་དམིགས་པའི་རིག་བྱར་གྱུར་བ་ལས་མ་དམིགས་པའི་དོན་མངོན་སུམ་ཡིན་པར་བཤད་པ་ལས་གཞན་འགའ་ཞིག་དམིགས་པར་འགྱུར་བ་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རྗེས་སུ་དཔག་པ་ལས་ཀྱང་ཡང་དམིགས་པ་ཡོད་པ་ཡིན་ཏེ། དེས་ན་རྗེས་སུ་དཔག་པས་ཉེ་བར་དམིགས་པས་མི་རིགས་པར་བརྟགས་པའི་ཡོད་པར་འདོད་པ་དེ་ལྟ་བུར་གྱུར་བ་ཉིད་དེ་ནི་མངོན་སུམ་གྱིས་ཀྱང་ཡོངས་སུ་གཅོད་པ་མ་ཡིན་ནོ། །དེའི་རང་བཞིན་མེད་པར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དམིགས་པའི་མཚན་ཉིད་ཀྱིར་གྱུར་བ་དེ་ལས་གལ་ཏེ་གཞན་མ་ཡིན་ན། དེ་ཇི་ལྟར་མངོན་སུམ་དུ་མི་འགྱུར། གཞན་དུ་གྱུར་བ་དེ་ལྟ་ན་ནི་དེ་ཉིད་དེའི་ཡུལ་མ་ཡིན་ནོ། །ཡང་ཅིག་ཤོས་ནི། འོན་ཀྱང་སྔགས་དང་སྨན་མེད་པར་ཞེས་བྱ་བ་ལ་


DTG190_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སྨོས་ཏེ། འདིའི་སྒྱུ་མ་མཁན་མེད་ན་གང་ལས་སྔགས་དང་སྨན་རྣམས་ཀྱི་དངོས་པོ་སློབ་པ་ན་གང་གིས་འགའ་ཞིག་སྔར་མེད་པའི་དངོས་པོ་སྐྱེད་པ་ཡང་མེད་ལ་སྔ་མ་འཇིག་པ་ཡང་མེད་ལ་ཅུང་ཟད་ཅིག་བར་དུ་ཆོད་པ་ཡིན་པ་དང༌། གཞན་ཡང་རིང་པོ་མ་ཡིན་པ་ཞེས་བྱ་བ་ནི་རེག་པར་འདོད་པ་ཡིན་པ་དེའི་ཕྱིར་སྐྱེས་བུའི་མངོན་སུམ་མ་ཚད་བ་མེད་པ་ལས་གཞན་པའི་ཤེས་པ་དང་ཡོད་པ་འགའ་ཞིག་མངོན་སུམ་གྱི་ཡུལ་དུ་གྱུར་པ་དང༌། འགའ་ཞིག་ཁོང་དུ་ཆུད་པ་ཡང་མ་ཡིན་ཏེ། འགའ་ཞིག་ནི་རྗེས་སུ་དཔག་པའི་ཡུལ་ལ་འགའ་ཞིག་ནི་མངོན་སུམ་དང་འགའ་ཞིག་ནི་ལུང་ལས་ཡིན་ནོ། །ཡང་ཅི་དེ་དག་ཐམས་ཅད་སྲིད་པར་མི་འགྱུར་རམ་ཞེ་ན། ཁྱད་པར་མེད་པ་དེ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱས་པའི་རྣམ་པའི་བྱེ་བྲག་འདི་དང་ཁྱད་པར་མེད་པའི་དོན་འགལ་བར་འགྱུར་ཏེ། འདི་གཞན་དག་ན་རེ། གལ་ཏེ་ཁྱད་པར་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཅིག་ལ་ཁྱད་པར་དུ་བྱེད་པ་དགག་པ་འམ། གལ་ཏེ་གཞན་ཞིག་རྐྱེན་དེའི་ཐ་སྙད་ཐ་དད་པར་འགྱུར་རོ་ཞེའོ། །གྲུབ་པའི་མཐའ་སྨྲ་བས། ཁྱད་པར་དེའི་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཁྱད་པར་ནི་དེའི་བདག་ཉིད་དུ་གྱུར་བའམ་ཅི་གཞན་དུ་གྱུར་པ་ཞིག་ཡིན་ན། བདག་ཉིད་དུ་གྱུར་པ་ཞིག་ཡིན་བདག་ཉིད་དུ་གྱུར་ན། རྗེས་སུ་འགྲོ་བ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་སྐྱོན་སྨོས་སོ། །དེའི་ལྡོག་པའི་ཁྱད་པར་ནི་མ་ལུས་པ་ལྡོག་པར་འགྱུར་རོ། །འཇུག་པ་ཡིན་ན་ཡང་སྔ་མ་དེ་ཉིད་ལས་སྐྱེ་བར་འགྱུར་རོ། །དེ་ལྟ་ན་དེ་ནི་བདེ་བ་དང་སྡུག་བསྔལ་བཞིན་དུ་ཇི་ལྟར་རང་བཞིན་ཐ་དད་པར་མི་རྟོགས། དེ་ལྟར་ནི་འགྱུར་ན་རྗེས་སུ་འགྲོ་བ་དང་བཅས་པ་ཉིད་འཇུག་པ་དང་ལྡོག་པར་འགྱུར་བ་ཡིན་ནོ་ཞེ་ན། རྗེས་སུ་འགྲོ་བ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྗེས་སུ་འགྲོ་བ་དང་བཅས་པ་ཉིད་ཀྱི་ཁྱད་པར་དུ་ཁས་བླངས་པ་ཡང་ཉམས་པ་ཡིན་ཏེ། དེ་ལྟ་ན་སུ་ཞིག་ཅི་འཇུག་པ་དང་ལྡོག་པ་ཡིན་ཞེས་བརྗོད་པར་འགྱུར་རམ། དེ་དག་གི་རྗེས་སུ་འགྲོ་བ་རྟོགས་པ་ཡང་མེད་པ་དེའི་ཕྱིར་འདི་ནི་ཅི་


DTG190_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཡིན་ནོ། །ཡང་ན་གཞན་དུ་གྱུར་པའི་ཁྱད་པར་ཡིན་པ་དེའི་ཚེ་འབྲེལ་པ་མེད་པས་འདི་ནི་ཁྱད་པར་ཡིན་ནོ་ཞེས་སྒྲ་མེད་པ་འདིའི་ཕྱོགས་ཀྱང་རགས་པའི་ཕྱིར་ཉེ་བར་དགོད་པ་མ་ཡིན་ནོ། །གཞན་དག་གི་འདོད་པ་རང་ཉིད་ཀྱི་འདོད་པ་ཐ་མི་དད་པར་བསྟན་པ། གཞན་ཡང་འདི་ལྟར་རང་བཞིན་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཁྱེད་ཀྱང་དོན་འགའ་ཞིག་ལ་འཇུག་པ་དང༌། ལྡོག་པར་འདོད་ན་དེ་ཁོ་བོ་ཅག་གི་འདོད་པ་འདི་ཅི་སྟེ་ཁྱེད་ཁས་ལེན་པར་མི་བྱེད། རྗེས་སུ་བཀག་པའི་རྒྱུ་གཞན་མེད་པ་མ་ཡིན་ནོ་སྙམ་ནས། གལ་ཏེ་རྗེས་སུ་འགྲོ་བ་མེད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་པ་ཡང་རྗེས་སུ་འགྲོ་བ་མེད་པའི་སྐྱེ་བ་དང་འཇིག་པ་འདོད་པ་ཡིན་ནོ། །སངས་རྒྱས་པས་སྨྲས་པ། རྗེས་སུ་འགྲོ་བ་ཞེས་བྱ་བ་གང་ཡིན་ཞེས་བྱ་བ་ནི་རང་གི་ངོ་བོ་བརྗོད་པར་བྱའོ། །གཞན་གྱིས་སྨྲས་པ། གལ་ཏེ་ཡོད་པའི་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་བའམ་རིགས་པར་ཉམས་སུ་མྱོང་བ་ནི་ཡོད་པའི་ནུས་པའི་ངོ་བོའི་གནས་སྐབས་ནི་རྗེས་སུ་འགྲོ་བ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་དེའི་ཡང་སྐྱེ་བ་ཡིན་ནོ་ཞེན། །གལ་ཏེ་ཡོད་པའི་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ་ནི་སྔར་ཡོད་པ་ཡིན་ནོ། །འགལ་བ་ཡང་སྔར་གནས་པ་མ་ཡིན་པ་དེའི་ཕྱིར་སྐྱེ་བ་ནི་དེའི་ཐམས་ཅད་དུ་སྐྱེ་བ་ཡང་མ་ཡིན་ལ་འཇིག་པ་ནི་མ་ལུས་པར་འཇིག་པ་ཡིན་ནོ། །ནུས་པ་ཐ་དད་པ་གཞན་ཡང་མ་མཐོང་ངོ་ཞེས་བསྟན་བཅོས་བྱེད་པས་སྨྲས་པ་ནི། གལ་ཏེ་རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ནི། གལ་ཏེ་ནུས་པ་ཐམས་ཅད་དུ་ཕུལ་དུ་དབྱུང་དུ་མེད་པ་དེ་ལྟ་ན་ཕུལ་དུ་དབྱུང་བ་ནི་གཞན་སྐྱེ་བ་དང་འཇིག་པའི་ཐ་སྙད་དུ་བྱེད་པའི་རྒྱུ་མཚན་ཡིན་ནོ། །གཞན་གྱི་ཐ་སྙད་དུ་བྱེད་པའི་རྒྱུ་མཚན་ནི་གལ་ཏེ་གནས་སྐབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་སྐབས་དེ་ནི་ཁྱད་པར་དུ་བྱེད་པ་དེའི་ཕྱིར་ཐ་སྙད་གྲུབ་པ་ཡིན་ནོ། །བསྟན་བཅོས་བྱེད་པས་སྨྲས་པ། གནས་སྐབས་དེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་གཞན་སྲིད་པ་ཡིན་ན་ནུས་པའི་གནས་སྐབས་ཡིན་པས་དེའི་ཕྱིར་གཞན་ལ་དྲིས་པ་ཡིན་ནོ། །དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་སྐྱོན་བསྟན་པ་ནི་གཅིག་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་


DTG190_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ནུས་པའི་གནས་སྐབས་གཅིག་ཡིན་ན་དེའི་ཚེ་ཇི་ལྟར་འདི་གཅིག་གི་བདག་ཉིད་ཆ་ཤས་མེད་པར་གྲུབ་པ་ཕན་ཚུན་འགལ་བ་མཐོང་སྟེ། འདི་ལྟ་སྟེ་སྐྱེ་བ་དང་མི་སྐྱེ་བ་ཞེས་བྱ་བ་ལ་སོགས་པའོ། །གྲུབ་པ་ཞེས་བྱ་བ་ནི་ཅིག་ཅར་དུའོ། །འདི་ཕན་ཚུན་དུ་གལ་ཏེ་གནས་སྐབས་དང་ནུས་པའི་དབྱེ་བ་ལ་སོགས་པ་སྨོས་སོ། །ཡོད་པའི་དབྱེ་བ་ནི་འདི་ལྟ་སྟེ་ནུས་པ་དང་ཞེས་བྱ་བ་ཡིན་ནོ། །གནས་སྐབས་ཞེས་བྱ་བ་ནི་དེའི་ཕྱིར་སྐྱེ་བ་དང་མི་སྐྱེ་བ་ལ་སོགས་པ་དབྱེ་བ་ཞེས་བྱ་བ་ཅུང་ཟད་ཅིག་ཙམ་གྱིས་རྣམ་པ་ཐ་དད་པ་ཡིན་ནོ། །གཞན་གྱི་ལྟག་ཆོད་ཡིན་པ་བསྟན་པའི་ཕྱིར་བརྗེད་ངས་པའི་དང་ཚུལ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་སྐབས་སུ་ཡོད་པ་མི་དྲན་པའོ། །འོ་ན་ནི་ནུས་པའི་གནས་སྐབས་རྣམ་པར་དབྱེ་བ་མེད་པའི་ཕྱོགས་འདི་ལ་འགལ་བས་གནོད་པ་ཡིན་ནོ། །འོ་ན་ཏེ་ཉེས་པ་འདིར་མི་འགྱུར་ཏེ། གཞན་ཁས་བླངས་པའི་ཕྱིར་རོ་སྙམ་ནས་གཞན་གྱིས་སྨྲས་པ། འོན་ཏེ་རྣམ་པར་དབྱེ་བ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཚེ་ནུས་པའི་གནས་སྐབས་གང་དག་ཐ་དད་པ་ཁས་བླངས་པ་དེའི་ཚེ་འགལ་བ་འགའ་ཞིག་ཀྱང་མེད་དོ། །སྐྱེ་བ་དང་མི་སྐྱེ་བ་ལ་སོགས་པ་ཐ་དད་པའི་དོན་གྱི་ཡུལ་ཡིན་པའི་ཕྱིར་རོ། །འོན་ཀྱང་ཁྱེད་ལ་སྐྱེ་བ་དང་འཇིག་པའི་མཚམས་སྦྱོར་བ་གྲུབ་པ་ཡིན་ཏེ། རྒྱུ་མཚན་ཅི་ཡིན་ཞེ་ན། གང་གི་ཕྱིར་རང་གི་རྗེས་སུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ་དང་འཇིག་པའི་གནས་སྐབས་ཀྱི་མཚམས་སྦྱོར་བའི་ནུས་པའི་རྗེས་སུ་འགྲོ་བ་ནི་མེད་དེ། དེའི་སྐྱེ་བ་དང་འཇིག་པ་ནི་མེད་དོ། །ཕ་རོལ་པོས་གཞན་ཡང་སྨྲས་པ། གལ་ཏེ་དེ་དག་ལ་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་ནི་ནུས་པ་དང་གསལ་བ་དག་ཕན་ཚུན་ཐ་དད་པ་མེད་པའི་ཕྱིར་ཉེས་པ་འདི་ནི་མེད་དོ། །འདི་བྱེད་པའི་ནུས་པ་ནི་ཅིག་ཅར་ཨེ་མའོ་ལན་སྐྱོན་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལན་འདི་ནི་སྐྱོན་དཀའ་ཞིང་རང་གི་ཕྱོགས་ལ་མངོན་པར་ཞེན་པས་ན་རབ་ཏུ་ཆགས་པར་གྱུར་པས་ཚོད་ཀྱང་མི་ཤེས་པ་ཡིན་ནོ། །འདིར་དགོས་པ་ཅི་ཡིན་ཞེ་ན། ཐ་དད་པ་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་མི་དད་པ་ཞེས་བྱ་བ་ནི་གཅིག་པར་བཤད་པ་ཡིན་


DTG190_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཁྱེད་ཅེས་བྱ་བ་ནི་ཁྱེད་ཅག་ཡོད་པའི་ཐ་སྙད་དུ་བྱེད་པ་དེའི་ཐ་དད་པའི་རྒྱུ་མཚན་ནི་ཇི་ལྟར་མཐོང་བ་ཡིན་ནོ། །ལྡོག་པའམ་མི་ལྡོག་པའམ་སྐྱེ་བ་འམ་མི་སྐྱེ་བ་མ་ཡིན་པ་དེ་ལྟ་བུ་ལ་སོགས་པ་ཅི་དུ་མ་དང་འབྲེལ་པ་ཡིན་ནམ། །ཡོད་པའི་ཐ་སྙད་ཇི་ལྟར་མཐོང་བ་ཡིན། །གལ་ཏེ་ནུས་པའི་གནས་སྐབས་ཐ་མི་དད་པ་འདོད་པ་ཡིན་ནོ་ཞེ་ན། ཡོད་དོ་ཞེས་བྱ་བ་ནི་དོན་དམ་པ་ཡིན་ལ་བརྟགས་པ་ནི་བླ་སྟེ་སེལ་བ་མ་ཡིན་ནོ། །ཐ་དད་པ་དང་ཐ་མི་དད་པ་མཐོང་བ་ཡིན་ཏེ། དེ་དག་ནི་དངོས་པོ་རྣམས་ཀྱི་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྡོག་པ་དང་ལྡོག་པ་མེད་པ་ཞེས་བྱ་བའོ། །དེ་ལྟ་ན་ཡང་གང་ལྡོག་པ་དང་སྐྱེ་བ་དང་སྐྱེ་བ་མེད་པ་དང་གནས་པ་དང༌། གནས་པ་མེད་པ་དེ་དང་དེ་ནི་ཐ་དད་པ་ཡིན་ཏེ་དཔེར་ན་བདེ་བ་དང་སྡུག་བསྔལ་ལྟ་བུའོ། །དེ་དང་བྲལ་བ་ཞེས་བྱ་བ་ནི་གནས་པ་དང་མི་གནས་པ་ལ་སོགས་པའོ། །དེ་ནི་ཐ་མི་དད་པའི་མཚན་ཉིད་ནུས་པའི་གནས་སྐབས་ཀྱི་བདག་ཉིད་གཅིག་པ་ནི་གང་གི་ཚེ་ནུས་པ་དང་གསལ་བ་གཅིག་གི་བདག་ཉིད་དུ་འདོད་ན་དེའི་ཚེ་འདི་དག་དཔེ་ཡིན་ནོ། །ཐ་དད་པ་དང་ཐ་མི་དད་པའི་རྒྱུ་མཚན་ཅན་ལ་འདིར་ཐ་དད་པ་དང་ཐ་མི་དད་པའི་སྒྲས་བཤད་ཀྱི་འདི་དག་ཐ་དད་པ་དང་ཐ་མི་དད་པའི་མཚན་ཉིད་དུ་མི་འགྱུར་ན་ནུས་པ་ཅི་ཡོད་ཅེ་ན། རྣམ་པ་གཞན་དུ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་དག་གི་མཚན་ཉིད་མི་འདོད་ན་དེའི་ཚེ་དངོས་པོ་ཐ་དད་པ་དང་ཐ་མི་དད་པར་རྣམ་པར་གཞག་པར་མི་འགྱུར་རོ། །གཞན་གྱིས་རང་ལ་གྲགས་པའི་ཐ་དད་པ་དང་ཐ་མི་དད་པའི་མཚན་ཉིད་བསྟན་པ། ཐམས་ཅད་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གང་གི་ཚེ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་དེའི་ཚེ་དེ་ནི་ཐ་དད་པ་མ་ཡིན་ནོ། །གང་ཡང་གང་ལས་གཞན་དུ་གྱུར་པ་དེ་ཡང་དེ་ལས་ཐ་དད་པ་ཡིན་ནོ། །དཔེ་ནི་དཔེར་ན་བུམ་པ་ནི་འཇིམ་པའི་བདག་ཉིད་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་སྐྱེ་བ་ཡང་ཐམས་ཅད་དུ་སའི་བདག་ཉིད་ཡིན་ཏེ། དེ་ཡང་ས་ལས་ཐ་དད་དུ་བྱ་བ་མེད་དོ། །བདེ་བ་དང་སྡུག་བསྔལ་བ་དག་ཀྱང་ཕན་ཚུན་དུ་ཡོད་པའི་བདག་ཉིད་མ་ཡིན་ཏེ། དེ་དང་དེ་ནི་ཐ་དད་པས་འདིར་ཁོ་བོ་ཅག་ཀྱང་ཐ་དད་པ་དང་ཐ་མི་


DTG190_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དད་པའི་བདག་ཉིད་དུ་འདོད་པ་དེས་ན་འགའ་ཞིག་འགལ་བར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །གྲུབ་པའི་མཐའ་སྨྲ་བས། བུམ་པའི་རབ་ཏུ་སྐྱེ་བ་ནི་འཇིམ་པའི་བདག་ཉིད་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་ནི་ཕན་ཚུན་དུ་སའི་བདག་ཉིད་མ་ཡིན་གྱི་འགའ་ཙམ་ཡིན་ནོ། །འོན་ཀྱང་སའི་ཁྱད་པར་འགའ་ས་ཆུ་འཛིན་པ་ལ་སོགས་པའི་དབྱིབས་ཀྱི་རྣམ་པ་ལ་བུམ་པ་ཞེས་གྲགས་པ་ཐོབ་པ་ཡིན་ནོ། །དེ་ལྟར་ནི་འགྱུར་ནས་ལས་ཁྱད་པར་འགའ་ཞིག་ཡོད་པ་མ་ཡིན་ནོ་ཞེ་ན་འཇིག་རྟེན་གསུམ་གྱི་འཇིམ་པའི་བདག་ཉིད་གཅིག་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་འཇིག་རྟེན་གསུམ་གྱི་འཇི་བའི་བདག་ཉིད་དུ་གཅིག་པ་མ་ཡིན་ནོ་ཞེས་བྱ་བ་ག་ལས་ཤེས་ཤེན། རྣམ་པར་རིག་པ་སོ་སོར་སྣང་བ་ཐ་དད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་སོ་སོར་སྣང་བ་ཐ་དད་པས་སའི་རང་བཞིན་ཐ་དད་པར་བལྟ་བར་བྱ་སྟེ། དེ་ལྟ་ན་སའི་རང་བཞིན་ཕྱེ་མར་གནས་པ་ལས་གཞན་གྱི་རྣམ་པ་སོ་སོར་སྣང་བ་ནི་རྟགས་ཀྱི་རྣམ་པ་དང༌། མཆོད་རྟེན་གྱི་རྣམ་པ་དང༌། གདུགས་ཀྱི་རྣམ་པ་དང༌། བརྟེན་པའི་རྣམ་པའི་ངོ་བོ་ནི་གཞན་གྱི་རྣམ་པ་ཡིན་ནོ། །དེ་བཞིན་དུ་གནས་སྐབས་ནི་སོ་སོར་གནས་པའི་རང་བཞིན་ཐ་དད་པར་ཁས་བླང་བར་བྱ་སྟེ། དེ་ལྟ་ན་མ་ཚོས་པའི་ས་ལས་གཞན་པ་ནུས་པ་དང་སྨིན་པ་དང༌། ཚོས་པ་ཡང་གཞན་དེའི་དོན་བྱེད་པ་ཐ་དད་པ་དང་དོན་བྱེད་པ་ཐ་དད་པ་ཡང་སོ་སོའི་རང་བཞིན་ཐ་དད་པར་བལྟ་བར་བྱའོ། །དེ་ལྟ་ནས་སའི་ཕྱེ་མ་ལས་གཞན་འབྲས་བུའི་བྱ་བ་བྱེད་པ་རྟགས་ཀྱི་རྣམ་པ་ལ་སོགས་པའི་གཟུགས་གཞན་ཉིད་ཀྱི་དོན་བྱ་བ་བྱེད་པ་ལ་སོགས་པ་ཐ་དད་པའི་ས་ཐམས་ཅད་ནི་ཐ་དད་པ་ཡིན་ནོ། །གཞན་གྱིས་ཀྱང་འདི་དག་དེ་ལྟ་བུའི་རྒྱུ་ཡིན་ནོ་སྙམ་ནས། གལ་ཏེ་བདེན་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གཞན་ཡང་སེམས་ཅན་བདེ་བ་ལ་སོགས་པའི་རྣམ་པ་ཐ་དད་པ་ཉིད་འཐད་པ་ཡིན་ཏེ། གལ་ཏེ་དོན་བྱེད་པ་ཐ་དད་པ་ལ་སོགས་པ་ཐ་དད་པར་ཁས་བླང་བར་བྱ་སྟེ། ནུས་པ་ཐ་དད་པ་མེད་པར་གཞན་གྱིས་དེ་ནི་བདེན་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཡང་དོན་བྱེད་པ་ལ་སོགས་པ་ཐ་དད་པ་དེ་ལྟ་ན་ཡང་འགའ་ཞིག་པའི་རང་


DTG190_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནི་སའི་བདག་ཉིད་ཀྱི་རྗེས་སུ་འགྲོ་བ་དེས་ན་ཐ་མི་དད་པ་འདོད་པ་ཡིན་ནོ། །བསྟན་བཅོས་པ་ལས་ཐལ་བར་འགྱུར་བར་བརྗོད་པ་ནི། བདེ་བ་ལ་སོགས་པ་དག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཉིད་དང༌། བྱེད་པ་པོ་ཉིད་དང་ཟ་བ་པོ་ཉིད་ལ་སོགས་པ་རྣམས་ནི་དེའི་ཕྱིར་དེ་དག་ཀྱང་ཕན་ཚུན་དེ་དག་གཅིག་ཏུ་ཐལ་བར་འགྱུར་རོ། །དེ་ལྟ་ན་ཡང་སེམས་ཅན་ནི་གང་ཡང་ཟ་བ་པོ་དང་བྱེད་པ་པོ་དང༌། ཡོན་ཏན་ཅན་ལ་སོགས་པ་རྣམས་རྗེས་སུ་རྟོགས་པ་དེ་དང་དེ་དག་ཀྱང་ཐལ་བར་འགྱུར་རོ། །འདི་ནི་བདེ་བ་ལ་སོགས་པའང་གཞལ་བྱ་ཉིད་དང་ཡོད་པ་དང༌། ཤེས་བྱ་ཉིད་ལ་སོགས་པ་རྣམས་རྗེས་སུ་རྟོགས་པ་དེའི་ཕྱིར་དེ་དག་ཀྱང་གཅིག་ཏུ་བསྟན་པ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་བདེ་བ་ལ་སོགས་པ་མ་ཡིན་པ་རྣམས་བདག་ཉིད་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དེ་དང་དེ་དག་ཐ་མི་དད་པ་ཡིན་ནོ་ཞེ་ན། བུམ་པ་ལ་སོགས་པ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་ལ་སོགས་པ་རྣམས་ཀྱང་བདག་ཉིད་ཐམས་ཅད་ཀྱི་རྗེས་སུ་འགྲོ་པ་མ་ཡིན་པ་དེ་དག་ཇི་ལྟར་ཐ་མི་དད་པར་འདོད་དོ། །དེ་དག་བདག་ཉིད་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་མ་ཡིན་ནོ་ཞེས་བྱ་བ་འདི་ལས་ཤེས་ཤེ་ན། རང་བཞིན་སྣ་ཚོགས་པ་ལྷན་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་དག་བདག་ཉིད་ཐམས་ཅད་ཀྱི་རྗེས་སུ་འགྲོ་བར་འགྱུར་ན་ནི་དེའི་ཚེ་འདི་དག་དངོས་པོ་རྣམས་ཀྱི་རོ་དང་ནུས་པ་དང་སྨིན་པ་ལ་སོགས་པའི་ནུས་པ་སོ་སོར་སྣང་བའི་སྣ་ཚོགས་པ་རྣམས་དུ་མ་གང་ཡིན་པ་དེར་མི་འགྱུར་རོ། །ལྷན་ཅིག་སྐྱེ་བ་དང་འགག་པ་ལ་སོགས་པ་ཡང་ཐལ་བར་འགྱུར་རོ། །ཉེ་བར་བསགས་པའི་རྒྱུ་བསྟན་པ་ནི། བུམ་པ་དང་འཇིམ་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཞིག་བུམ་པའི་སའི་བདག་ཉིད་ཀྱང་ཐ་དད་པར་ཉེ་བར་མཚོན་པ་མེད་དེ། བུམ་པ་འདི་དང་ས་ཡིན་ནོ་ཞེས་གང་གིས་དེ་ལྟར་ཁོང་དུ་ཆུད་པར་འགྱུར། །དེའི་ས་ལས་བུམ་པ་འདི་སྐྱེ་བ་ཡིན་ཞེས་བྱ། དེ་ནི་དེ་ལྟར་ནི་འགྱུར་ན་ཐ་དད་པ་ཉེ་བར་མཚོན་པ་མེད་ན་རྟེན་དང་བརྟེན་པ་ཁོང་དུ་ཆུད་པར་འགྱུར་བ་ཡིན་ནོ་ཞེ་ན་རྟེན་དང་བརྟེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟེན་དང་བརྟེན་པ་གང་ཇི་སྙེད་པ་རྟོགས་པར་མི་འགྱུར་བ་དེ་སྙེད་དུ་འདི་དང་འདི་ནུས་པར་ཁོང་དུ་ཆུད་པ་མ་ཡིན་ནོ་། །གང་ལས་ཤིན་ཏུ་འདས་པ་ནི་རྟག་ཏུ་གནས་པས་རྟེན་ཡིན་ནོ། །དེ་གང་ལ་ཡོད་པ་དེ་ལ་དེ་བརྟེན་པ་ནི་བརྟེན་པའོ། །གཞན་གྱིས་ཐ་མི་དད་པའི་མཚན་ཉིད་ཀྱིས་བདག་ཉིད་བསྟན་


DTG190_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ནུས་པ་དང་ནུས་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་གང་དང་གང་གི་བདག་ཉིད་སྐྱེད་པ་དེ་དང་དེ་དག་ཐ་དད་པར་འདོད་པ་དེའི་ཚེ། ནུས་པ་དང་ནུས་པའི་བདག་ཉིད་ལས་སྐྱེ་བའི་དངོས་པོ་རང་ཉིད་མ་ཡིན་པའི་རང་གི་ངོ་བོ་ལས་ཐ་མི་དད་པ་མ་ཡིན་པར་འདོད་ན་དེའི་ཚེ། ནུས་པ་དང་ནུས་པའི་བདག་ཉིད་རབ་ཏུ་སྐྱེ་བར་འགྱུར་གྱི། རང་ཉིད་ལས་ནི་མ་ཡིན་གྱི། རང་གི་ངོ་བོ་དེ་ཐ་མི་དད་པ་ལས་མི་འགྱུར་རོ། །དེ་ཡང་རང་གི་ངོ་བོ་འདི་ལས་ཐ་མི་དད་པ་དེའི་ཕྱིར། འདིའི་མཚན་ཉིད་ཐ་མི་དད་པ་ཡིན་ནོ། །དེ་དག་གིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་གཞན་གྱིས་ཐ་མི་དད་པའི་མཚན་ཉིད་དགག་པ་འདིས་ཞེས་བྱ་བ་ཡིན་ནོ། །དེ་ཉིད་རྣམ་པར་འབྲེལ་བ་ནི་གང་ཡང་ཀུན་དུ་རྟོག་པར་འགྱུར་བ་གང་དང་གང་ཡོངས་སུ་གྱུར་པ་དེ་དང་དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡང་ཞེས་བྱ་བ་ནི་འགའ་ཞིག་གིས་འདིར་གང་དང་གང་ཡོངས་སུ་གྱུར་པ་དེ་དང་དེ་ལས་ཐ་མི་དད་པ་ཞེས་སྨས་པ་ཐ་མི་དད་པའི་མཚན་ཉིད་འདི་ཡང་གསལ་བར་རིག་པར་བྱའོ། །ཇི་ལྟར་ཡིན་ཞེ་ན། ནུས་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ནུས་པའི་བདག་ཉིད་ཡོངས་སུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བསྟན་བཅོས་བྱེད་པས་ཡོངས་སུ་གྱུར་པའི་རང་གི་ངོ་བོ་དྲིས་པ། ཡོངས་སུ་གྱུར་པ་ནི་ཞེས་བྱ་བ་ནི་ཅི་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་གོ་སླའོ། །གཞན་གྱིས་དེའི་རང་གི་ངོ་བོ་བསྟན་པ་ནི་རྫས་ཀྱི་གནས་སྐབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་ཀྱི་གནས་སྐབས་ཀྱི་ཆོས་གཅིག་པ་ལྡོག་པ་དང་ཆོས་གཞན་རབ་ཏུ་སྐྱེ་བ་ནི་ཡོངས་སུ་གྱུར་པའི་སྒྲར་བརྗོད་དོ། །གྲུབ་པའི་མཐའ་སྨྲ་བས། ཆོས་གཞན་གང་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཆོས་གང་ལྡོག་པ་དང་རབ་ཏུ་སྐྱེ་བ་ཡིན་ན་དེ་ནི་དེའི་ཕྱིར་སྤྱི་རྫས་ཀྱི་གནས་སྐབས་ལས་གཞན་ཡིན་ནམ། གཉི་ག་ནི་མ་ཡིན་ཏེ་རྣམ་པར་གཞན་མི་སྲིད་པའི་ཕྱིར་རོ། །གཞན་ལ་ཡང་འདིར་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །གནས་སྐབས་གཞན་ཡོད་ཀྱང་ཉེས་པ་ཅི་ཞིག་ཡོད་ཅེ་ན། གལ་ཏེ་དེ་ཉིད་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྫས་ཀྱི་ཆོས་ལ་ཐ་མི་དད་པ་དེའི་ཚེ་རྫས་ཀྱི་གནས་སྐབས་ལྡོག་པ་དང་རབ་ཏུ་སྐྱེ་བ་ནི་འཐད་པ་མ་ཡིན་ནོ། །རྫས་ཀྱི་ཆོས་ཐ་མི་དད་པ་ཡིན་ནོ་ཞེས་བྱ་བ་ནི་


DTG190_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་པ་ཡིན་ནོ། །རྒྱུ་ཅི་ཡིན་ཞེ་ན། དེ་ཉིད་ལྟོས་པ་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཞན་གྱི་ཆོས་ཅན་དང་ཆོས་ཡོད་པ་ལ་མི་ལྟོས་པ་ཡིན་ན་ཐ་དད་པ་ལ་བརྟེན་པར་ནི་མི་འགྱུར་རོ། །ལྟོས་པར་གྱུར་པ་ནི་དཔེར་ན་སྒྲའི་བྱས་པ་ལ་སོགས་པ་ནི་ཆོས་གང་མ་བྱས་པ་ལ་སོགས་པ་ལས་ལྡོག་པ་ལ་ལྟོས་པའི་གནས་སྐབས་བཞིན་ནོ། །གཞན་དུ་ཁས་བླངས་པའི་སྐྱོན་བསྟན་པ་ནི། ཡང་ན་རྫས་ལས་དོན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་རྫས་ལས་ཐ་དད་པའི་ཆོས་ཡིན་པ་དེའི་ཚེ་ཆོས་ཀྱི་ལྡོག་པ་དང་སྐྱེ་བ་རྣམས་ཀྱི་ཡོངས་སུ་འགྱུར་བར་གྲུབ་པ་ནི་མ་ཡིན་ནོ། །རྒྱུ་ཅི་ཡིན་ཞེ་ན། དོན་གཞན་དུ་འགྱུར་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་གནས་སྐབས་གཞན་དུ་གྱུར་བའི་ལྡོག་པ་དང་རབ་ཏུ་སྐྱེ་བ་དག་ནི་གནས་སྐབས་གཞན་གྱི་ཡོངས་སུ་གྱུར་པར་འདོད་པ་དེ་ལྟ་ན་ནི། སེམས་པ་ཅན་ལ་ཡང་ཡོངས་སུ་འགྱུར་བར་འདོད་པར་བྱའོ། །གཞན་ཡང་རྫས་ཀྱི་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་འདི་ནི་གོ་སླའོ། །ཅིའི་ཕྱིར་མི་འགྲུབ་པ་ཡིན་ཞེ་ན། འབྲེལ་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་དེ་ལྟ་བུའི་སྒྲ་ལ་སོགས་པའི་རྒྱུ་མཚན་འགའ་ཞིག་དང་འབྲེལ་པ་ཡོད་པ་ནི་མ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་རྟེན་དང་བརྟེན་པའི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པ་ནི་མ་ཡིན་ནོ་ཞེ་ན་རྒྱུ་དང་འབྲས་བུའི་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་འབྲེལ་པ་བཤད་པ་ལས་གཞན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། འབྲེལ་པ་མི་འཐད་པའི་ཕྱིར་རོ། །དེ་ཉིད་དེ་ལྟ་ཡིན་ནོ་ཞེ་ན། འདི་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ཡང་འདི་ལ་འཐད་པ་མ་ཡིན་ནོ། །རྒྱུ་ཅི་ཡིན་ཞེ་ན། རང་ཉིད་དེའི་བདག་ཉིད་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གང་གི་བདག་ཉིད་མ་ཡིན་པ་འདི་ནི་དེའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་འདི་ཁྱེད་ཀྱི་གྲུབ་པའི་མཐའ་ཡིན་ནོ། །དེ་ལྟ་ན་ཞོའི་བདག་ཉིད་དུ་གྲགས་པ་ནི་འོ་མ་ཞོའི་རྒྱུ་ཡིན་ཏེ། ཞོའི་བདག་ཉིད་ཀྱི་བ་ལང་གི་ལྕི་བ་ལ་སོགས་པ་ནི་མ་ཡིན་ནོ། །རྫས་ལས་ཀྱང་དོན་གཞན་པའི་ཆོས་དེ་ཇི་ལྟར་དེ་དག་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་ཏེ། དེ་ལྟར་འདོད་པར་གྱུར་པ་ཡིན་ན་གཞན་


DTG190_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་རྒྱུ་དང་འབྲས་བུར་འགྱུར་བ་ཡིན་ནོ་ཞེ་ན། དོན་གཞན་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་གཞན་ཡང་ཆོས་གཞན་གྱི་རྫས་ཡིན་པར་འདོད་ན་ནི་དེའི་ཚེ་ཆོས་སྐྱེད་པར་འགྱུར་ཏེ། རྫས་ཡོངས་སུ་གྱུར་པའོ་ཞེས་ཁས་བླང་བར་བྱའོ། །དེ་དག་ཀྱང་ཁོ་བོ་ཡང་འདོད་པ་ཉིད་དེ། དེ་ཉིད་འདོད་པ་བསྟན་པ་ཡིན་ནོ་ཞེ་ན། འདི་ལ་ཡང་རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ཡང་དཔེར་ན་སའི་རྫས་ཀྱི་རྒྱུ་དང་འབྲས་བུར་འབྲེལ་པར་རྣམ་པར་གནས་པར་འགྱུར་བ་དེའི་ཚེ། སྔ་མའི་སའི་གོང་བུའི་རྫས་ནི་རྒྱུ་བྱེད་པ་ཡིན་ལ།། །།


previousརྩོད་པའི་རིགས་པའི་འགྲེལ་པ། འདུལ་བའི་ལྷ།next