སྡེབ་སྦྱོར་གྱི་ཕྲེང་བའི་བསྟོད་པ།
ཡེ་ཤེས་དཔལ་བཤེས་གཉེན།
རྒྱ་གར་སྐད་དུ། བྲྀཏྟ་མཱ་ལཱ་སྟཱུ་ཏི། བོད་སྐད་དུ། སྡེབ་སྦྱོར་གྱི་ཕྲེང་བའི་བསྟོད་པ། འཇམ་པའི་མགོན་པོ་ལ་ཕྱག་འཚལ་ལོ། །གཞན་དོན་བསྒྲུབ་སླད་ངག་གི་དབང་པོ་ཡི། །སྤྱོད་ཚུལ་མཉམ་དང་ཕྱེད་མཉམ་མི་མཉམ་པ། །ཞེས་པ་རྣམ་པ་གསུམ་ནི་བསྡུས་པ་སྟེ། །རྒྱས་པ་ལས་ནི་མཐའ་ཡས་རབ་བསྟན་ཏོ། །གང་དུ་རབ་ཏུ་ངེས་པའི་དབྱིབས་གྲགས་ཤིང༌། །ཐུབ་མཆོག་རྣམས་ཀྱི་མཚན་ནི་ཡང་དག་བརྗོད། །ཇི་ལྟར་རྣམ་མང་རྣམ་པར་བཀོད་པ་ཡིས། །སྡེབ་སྦྱོར་ཚིག་ཀྱང་མཆོག་ཏུ་སྤྲོས་པར་འགྱུར། །སོ་སོའི་གཟུགས་ནི་མཐོང་བ་དག་ལས་ཀྱང༌། །མཐའ་དག་རིམ་ལས་ལྕི་དང་ཡང་བ་རྣམས་།བློ་ལྡན་རྣམས་ཀྱིས་རྣམ་པར་བགྲང་བར་ནུས། །འདིར་ནི་གཞན་དག་རྗེས་སུ་སྦྱར་བས་ཅི། །ལེགས་བྱས་ཞལ་ལས་མངོན་པར་འཁྲུངས་གྱུར་པ། །ཚིག་རྣམས་དག་གི་རང་གི་རྒྱན་གཅིག་པུ། །དེ་ནི་གུས་པས་རྣམ་པར་བསམས་པ་ན། །ཁྱེད་ཀྱིས་འཁྲུལ་པ་འཇོམས་པར་ནུས་གྱུར་ཅིག །བློ། དབྱངས། དཔལ། རྣམས། རང་ཉིད། གཅིག་པུའི། ས་གང༌། རྣམ་མཛེས། རྟག་ཏུ་ཡང༌། ལྷ་དང་ལྷ། མིན་སོགས་སུ། རབ་སྐྱེས་པ། དེ་ཡི་ཡོན་ཏན། དག་ལ་སྨོན་ཞིང༌། ཡང་དག་བརྟེན་པས། དྲི་མ་དང་བྲལ། གཅིག་མིན་སྲིད་པར་ནི། གོམས་པས་རྣམ་འཕེལ་བ། །རྟོགས་པའི་ཁྱད་པར་དག །ལེགས་འཆང་རྣམས་ཀྱིས་བརྟེན། །འདུན་ལ་གཱ་ཡ་ཏྲི་བཞིན། །དམ་པས་དང་པོར་བསྒྲགས་ཏྤ། །གང་ལ་སྣ་ཚོགས་དག་གི །དགེ་ལེགས་མཆོག་བྱུང་འབྱུང་བ། །ཕྱག་ན་ཨུཏྤལ་སྔོན་པོ། །སྟོན་པ་རོལ་སྒེག་གནས་ཀྱི། །སྐུ་ནི་རྐེང་པ་ཕྲ་ལྡན། །འདི་ཡིས་རྒྱལ་བར་གྱུར་ཅིག །བཅོམ་ལྡན་དང་པོར་མཛོད་ཅིག །ཁྱོད་ཉིད་གཅིག་པུ་ལ་སྐྱབས། །སྐྱེ་བོ་བླུན་པོ་འདི་ལ། །ཅུང་ཟད་རྣམ་པར་གཟིགས་མཛོད། །ཉི་མའི་འོད་ཟེར་མི་ཟད་པ། །སོ་ག་ལྷག་པ་དང་བཅས་བཞིན། །བདེ་བར་གཤེགས་པའི་བསྟན་པ་ནི། །ཁྱོད་ཉིད་ཐོབ་ནས་རབ་ཏུ་འབར། །རྒྱལ་བ་རྣམས་ཀྱི་གཞོན་ནོ་དག །གཞོན་ནུ་ཡི་ནི་རོལ་པ་ཉིད། །འཛིན་ཡང་ཁྱོད་ཀྱི་སྐུ་དག་ནི། །ངེས་པ་ཁོ་ནར་སྒེག་པ་ཉིད། །གང་ཞིག་རྗེས་སུ་དྲན་པས་ཀྱང༌། །སྐྱེ་བོའི་ཚོགས་རྣམས་དག་གི་གཟུགས། །དམན་པའི་དངོས་དང་བྲལ་འགྱུར་ཞིང༌། །གྱེན་དུ་འགྲོ་དང་ལྡན་པར་འགྱུར། །གང་གི་ཡོན་
ཏན་བསྟོད་པ་རྒྱས་ལས། །གྲོགས་དང་རྗེས་སུ་བསྔགས་པ་དག་ལ། །མཆོག་གི་གནས་སུ་རབ་འཁྲུངས་རྣམས་ཀྱིས། །མཁས་པ་གཅིག་པུ་རབ་ཏུ་སྒྲོགས་བྱེད། །གང་ཞིག་འཇིགས་རུང་གཏི་མུག་མུན་པས། །བློ་ཡི་མིག་ནི་ངེས་པར་བཀག་པའི། །སྐྱེ་བོ་དག་གི་མཉམ་དུ་གསལ་བྱེད། །རིན་ཆེན་དབྱིག་པ་བཞིན་དུ་གྱུར་ཏོ། །མ་ལུས་འདྲེན་པ་དེ་ཉིད་ངེད་ཀྱི། །འགྲོ་བ་གསུམ་ལས་ཕུལ་དུ་བྱུང་བ། །ཐུབ་པའི་དབང་པོའི་ཕུན་ཚོགས་དག་ལ། །འཕྲོ་བ་དང་ལྡན་འཇལ་བྱེད་ཉིད་དོ། །མི་བཟད་ཉོན་མོངས་གདུང་བ་འཇོམས་ནུས། །རྫོགས་པའི་སངས་རྒྱས་རྣམས་ཀྱི་རིགས་ལ། །ཁྱོད་ཀྱི་མཛེས་ལྡན་འདི་ཡི་རྒྱན་འཛིན། །ཆུ་འཛིན་དག་ལ་གློག་ཕྲེང་ཇི་བཞིན། །འགྲོ་བ་ཁྱེའུར་གྱུར་བ་རྣམས་ནི། །ལུགས་དག་གློག་ཏུ་འཇུག་པ་བཞིན་དུ། །མཚན་མའི་དབྱུག་པ་འཛིན་མཛད་ཁྱོད་ཀྱི། །བླ་མ་དམ་པའི་སྤྱོད་པ་མཛེས་སོ། །འགྲོ་བ་གསུམ་ལ་རང་གི་ལུགས་ནི། །གསལ་བར་བྱེད་ཅིང་རྒྱུ་ཆེན་བློ་ལྡན། །ཁྱོད་ཀྱི་ཕྱག་མཐིལ་གཡོ་བ་དག་ནི། །ཡལ་འདབ་དག་དང་མཚུངས་པར་བྱེད་དོ། །ལྷག་པའི་དབང་ཕྱུག་ཁྱོད་ཀྱི་གསུང་ནི། །བཀྲ་བའི་ཚིག་དང་ལྡན་པས་ཐམས་ཅད། །དེ་ཉིད་རོ་ལ་དུས་མཉམ་ཉིད་དུ། །རྟོགས་པ་དང་བཅས་འཛིན་པ་འཆར་རོ། །གང་ལ་ཁྱོད་ཀྱི་ཟུར་མིག་དག་ཀྱང་ནི། །སྐད་ཅིག་རྣམ་གནས་མཚན་མ་ཐོབ་གྱུར་པ། །དེ་ཉིད་གཅིག་པུས་འབྱོར་པ་རྒྱ་ཆེ་ལ། །གོ་འཕང་བཀོད་པ་རབ་ཏུ་ཐོབ་པར་བྱེད། །ཁྱོད་སྤྱན་ཉིད་དང་ཡོངས་སུ་འདྲིས་པ་ལ། །སྐྱེ་བོའི་ཚོགས་འདི་ལེགས་ལྡན་ཉིད་དུ་ནི། །ཉེ་བར་གྱུར་བ་རྒྱུན་དུ་གཤོལ་གྱི་གདོང༌། །བཀོད་པར་གྱུར་པའི་ས་གཞི་བཞིན་དུ་མཛེས། །མཆོག་སྦྱིན་དེ་ཡིས་ཡོངས་སུ་སྨིན་པ་ཡི། །དེ་ཉིད་སྐྱེད་བྱེད་འདི་ལ་གང་གི་ཕྱིར། །ཁྱོད་ཀྱི་གསུང་གི་ས་བོན་བཏབ་པ་ན། །ཞི་བའི་གཟུགས་ཀྱི་འབྲས་བུ་སྨིན་པར་བྱེད། །ངེས་པར་དབང་པོ་ཁྱོད་ཀྱི་སྤྱོད་པ་དག །འདིར་ནི་རབ་ཏུ་རྟོགས་པར་སུ་ཡིས་ནུས། །མུན་པ་ལྡན་པའི་དུས་སུ་ཆུ་ལ་ནི། །ལག་འགྲོ་ཕྲུ་གུ་དག་གིས་བགྲོད་པ་བཞིན། །འོན་ཀྱང་དབང་པོ་ཁྱོད་གྲགས་ཐོས་པ་ལས། །སྐྱེས་པའི་ཀུན་དགའ་བརྟན་འཇོམས་དག་གིས་ནི། །རང་གི་ནུས་པ་རྟོགས་པས་བཀོད་པ་ཡི། །འཇིག་རྟེན་ཁ་ཡི་རྒྱན་ནི་སེལ་བར་བྱེད། །རིག་དང་ཞབས་རྣམས་དག་ནི་ཕ་རོལ་
ཐོབ་ཅིང༌། །དཔལ་གྱི་གནས་གྱུར་ཁྱོད་སྐུ་རོལ་སྒེག་མཁས་པ། །སངས་རྒྱས་སྲས་པོའི་ཕྲེང་བ་དག་ནི་མཛེས་ཏེ། །ཆུ་སྐྱེས་དག་ལ་ཨ་ར་བིནྡྷ་ཇི་བཞིན། །རབ་ཏུ་གྲགས་པའི་རིགས་ནི་འཆར་བྱེད་རི་བོ། །ཤེས་རབ་སྣང་བ་ཐབས་ཀྱི་ཤིང་རྟ་ལ་གནས། །བླུན་པོ་རྣམ་པར་འཇོམས་ནུས་འཇིག་རྟེན་གསུམ་གྱི། །པདྨོ་ཅན་གྱི་ཉི་མ་ཁྱོད་ལ་འདུད་དོ། །སངས་རྒྱས་སྲས་རྣམས་མངོན་པར་འབྱུང་བའི་ས་ནི། །མགོན་པོ་ཁྱོད་ཀྱི་འབྱོར་བ་མཆོག་ཏུ་མཛེས་ཏེ། །རི་ཡི་ཁྱད་པར་དག་གེ་རྩེ་མོའི་ས་ནི། །གསེར་ལྡན་རིན་ཆེན་མྱུ་གུས་མཛེས་པ་བཞིན་ནོ། །མ་ལུས་མཁས་པའི་ཚིག་ནི་ཀུན་དགའ་ལྡན་པས། །མགོན་པོ་འཇིག་རྟེན་གསལ་བར་མཛོད་པ་ཁྱོད་ཀྱི། །རྣམ་རྒྱལ་སྒྲ་ནི་རྒྱས་པར་བྱེད་ཅིང་རྒྱུ་སྟེ། །ཇི་ལྟར་ཀུན་དུ་སྒྲོགས་པར་བྱེད་མེད་པ་བཞིན། །རྒོལ་བའི་ཚོགས་ཀྱི་རབ་མཆོག་མགོ་བོའི་ཆུ་སྐྱེས། །བློ་ལྡན་དཔལ་གྱི་གནས་གྱུར་ཁྱོད་གསུང་འཇིག་རྟེན། །ཡོན་ཏན་སྦྲང་ཆང་སྦྱོར་བས་མྱོས་པས་མཁས་པ། །རྣམས་ཀྱང་མྱོས་པར་བྱེད་ཅིང་རྣམ་པར་རོལ་ལོ། །རྒྱལ་བ་ཀུན་གྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི། །རིགས་ཀྱི་རྒྱན་གྱུར་ཁྱོད་ལ་གསལ་བ་ཉིད་དུ། །གཞོན་ནུ་ཉིད་ཅེས་བྱ་བར་འདོད་པ་དེ་ནི། །རྨ་བྱའི་འགྲོས་ལ་དམན་པ་ཉིད་གྱུར་བཞིན་ནོ། །དག་ཅིང་རྣམ་མཛེས་ཡན་ལག་སོ་སོ་དག་ཏུ། །རབ་གསལ་རང་གི་མཛེས་པ་ཕུན་སུམ་ཚོགས་པ། །སྣ་ཚོགས་རྣམ་པར་འཕྲོ་བའི་འོད་ཟེར་ཕྲེང་ལྡན། །ཁྱོད་ཀྱིས་རྒྱན་ཕྲེང་ཟིལ་གྱིས་མནན་པར་གྱུར་ཏོ། །སྨྲ་བ་པོ་བདག་དེ་ཉིད་ཚུལ་འཆད་སྒྲུབ་ལ། །ཁྱོད་ཀྱི་ལག་གཡོ་ཕན་ཚུན་ཕྲད་པ་དག་ལས། །སྒྲ་སྙན་སྒྲོགས་པར་བྱེད་ཅིང་གདུབ་བུ་དག་ནི། །གཡོ་བ་དག་གིས་འགྲོ་རྣམས་བསྲུང་བར་གྱུར་ཅིག །ཁྱོད་ཀྱི་གཟུགས་དང་ཡོན་ཏན་ཚོགས་དང་གྲགས་པ་དག །ཕུལ་བྱུང་ལྡན་འདི་མ་ལུས་ཡང་དག་མཐོང་གྱུར་ནས། །རང་གི་ཡུལ་ལ་དགའ་བྲལ་རྣམ་པར་འཛིན་བྱེད་ཅིང༌། །གསུམ་བསྔགས་དག་ལ་འགྲོ་བ་དམན་པར་ཉེ་བར་གྱུར། །གཙོ་བོ་ཁྱོད་ཀྱི་སྐུ་ནི་ཀུན་ནས་བཟང་ལྡན་པ། །མི་ཆུང་རྩེ་བ་དག་གི་ཁུ་བ་ལྟ་བུ་ཡི། །མཛེས་པའི་རྒྱུན་ནི་དཔེ་མེད་རབ་ཏུ་འཕྲོ་བ་དག །སུ་ཡི་དགའ་བ་དག་ནི་སྐྱེད་པར་བྱེད་མ་ཡིན། །སྟོན་ཀའི་བདུད་རྩིའི་ཟེར་གྱི་འོད་ཟེར་འཕྲོ་བ་དང༌། །ཁ་བ་དང་མཚུངས་དྲི་མ་
དང་བྲལ་དཀར་བ་ཡི། །མུ་ཏིག་ཕྲེང་བ་ཟླུམ་པོ་འདི་ནི་ཁྱོད་ཐུགས་ལ། །ཡོན་ཏན་ཚོགས་པ་བཞིན་དུ་ཁྱོད་ལ་རྣམ་པར་མཛེས། །རིང་དུ་རྒྱས་པའི་དྲི་བཟང་དག་ལ་ཆགས་གྱུར་ཅིང༌། །ལེགས་པར་འོངས་པ་བུང་བའི་ཚོགས་ནི་སྒྲོགས་བྱེད་པས། །ཡིད་བཟང་དག་ལས་ཡིད་བཟང་ལྡན་པ་ཛཱ་ཏི་ཡི། །གྲགས་པ་རྣམ་པར་རྒྱལ་བ་བཞིན་དུ་སྒྲོགས་བྱེད་ཅིང༌། །དྲི་བཟང་རབ་གསལ་སྦྲང་རྩིའི་གཏེར་ནི་ལྷག་གྱུར་པ། །གཞི་མཉམ་དག་གི་ཕྱེ་མ་འཛིན་པ་བཞིན་དུ་ནི། །འདབ་མར་བདེར་ཉལ་བུད་པའི་རྩེ་དགའ་ཡོངས་མ་རྫོགས། །ཁྱོད་ཀྱི་ཆུ་སྐྱེས་སྔོན་པོའི་དཔལ་འདི་རྣམ་པར་མཛེས། །གང་གི་ཡུན་རིང་དག་ཏུ་མིག་འཛུམས་བྲལ་བར་ནི། །འདི་འཐུང་བྱེད་པ་མིག་གི་ཚོགས་པ་ཐོབ་གྱུར་པ། །ཁྱོད་ཀྱི་གཟུགས་ཀྱི་བཅུད་ལེན་གོམས་པར་གྱུར་པས་ན། །ནོར་ལྷ་ཁོ་ན་མང་དུ་མཆོད་པར་བྱ་བའི་མཆོག །རིན་ཆེན་ཟུར་ཕུད་ཚོགས་བཏུད་རབ་ཏུ་དགའ་ལྡན་ཞིང༌། །ལག་པའི་ཐལ་མོ་སྦྱར་བས་སྐལ་ལྡན་རྣམས་ཀྱི་ནི། །གུས་པས་ཡུན་རིང་དག་ཏུ་བྱ་བ་གཞན་བྲལ་བར། །ཁྱོད་ཀྱི་ཞབས་གཉིས་འདི་ནི་ཉེ་བར་བསྟེན་གྱུར་ཏོ། །བློ་ཡི་དབང་པོ་ཁྱོད་ཀྱི་ཞབས་ཀྱི་པདྨོ་དག །ཉེ་བར་བསྟེན་པ་གལ་ཏེ་རབ་ཏུ་གྲུབ་གྱུར་ན། །དབང་པོའི་འབྱོར་བ་ཚངས་པ་དག་གི་དཔལ་གྱིས་ཅི། །དེ་དག་ལས་ཀྱང་ཁྱད་འཕགས་ཕུན་སུམ་ཚོགས་པས་ཅི། །ཁྱོད་བསྟེན་དག་ལས་ཕྱི་རོལ་ཕྱོགས་རྣམས་དབང་མེད་དུ། །དྲག་པོའི་ལས་དང་ཉོན་མོངས་དག་གིས་ངེས་པར་ནི། །སྐྱེ་བ་བགྲོད་དཀའ་འདི་ལ་ཉམས་པ་ཐོབ་བྱེད་དེ། །ཆུ་གཏེར་དབུས་སུ་རླུང་དང་རླབས་ཀྱི་གྲུ་གཟིངས་བཞིན། །ཤིན་ཏུ་མཐའ་བྲལ་སྲིད་པ་དག་གི་བར་དུ་ནི། །སྐྱོན་མེད་རིང་དུ་མཐོང་བའི་ཡིད་ཅན་རྣམ་དག་གི །ཁྱོད་ནི་ཡོངས་བསྟེན་ཡིད་ཀྱི་ཤིང་རྟ་འཕྱར་གྱུར་པ། །སེམས་ཀྱི་རྒྱུད་ནི་ཅི་ཡི་རྣམ་པར་འཕྲོ་བ་ཡིན། །ཁྱོད་ཀྱི་ཟུར་མིག་གཟིགས་པ་ཡིས་ཀྱང་བསོད་ནམས་སྐབས། །འཕགས་པའི་བདེན་པའི་བདུད་རྩི་དག་ནི་ཐོབ་གྱུར་ཅིང༌། །རྣམ་པར་འཕྲུལ་བ་བཞི་ཆད་དག་ལ་དགའ་བ་ནི། །ཤེས་རབ་རབ་ཏུ་རྒྱས་ལྡན་ཅི་ཡང་འབྱུང་བར་འགྱུར། །གདུད་པ་གཅོད་བྱེད་བསྟོད་པའི་ཚོགས་རྣམས་དག་གི་གནས། །ཤིན་ཏུ་དམ་པའི་ཡིད་འཕྲོག་ཁྱོད་ཀྱི་གྲགས་པ་ནི། །
སྡུག་ལྡན་ཟླ་བའི་ཟླ་འོད་རླན་ལྡན་ཙནྡན་ལྟར། །དཀར་བ་དག་གས་ཕྱོགས་བཅུ་ཤིན་ཏུ་བརྒྱན་པར་གྱུར། །རྩེ་མོ་དུ་མས་མཐོ་ཞིང་མངོན་པར་འཕགས་གྱུར་པ། །ཡང་དཀའ་སེམས་ཅན་ལྟ་བ་ཁྱོད་ལ་བསྟེན་པ་ལས། །རིམ་གྱིས་རབ་ཏུ་ཉམས་པར་འགྱུར་ཏེ་མི་བཟད་པའི། །དབང་པོའི་རྡོ་རྗེས་བསྣུན་བཅོམ་རི་ཡི་གཟུགས་བཞིན་ནོ། །རྣམ་རྒྱས་ཆོས་ཀྱི་མངའ་བདག་དངོས་པོ་ལེགས་ལྡན་པ། །རབ་མཐོ་སེང་གེའི་ཁྲི་ལ་ཡང་དག་བཞུགས་པ་ཁྱོད། །ཞི་བའི་དབང་པོ་ཉེ་དབང་རྡོ་རྗེའི་མཚོན་བྱེད་པོ། །ཞི་བ་འདོད་པ་རྣམས་ཀྱིས་ཉེ་བར་བསྟེན་པར་གྱུར། །དེ་མ་ཐག་ཏུ་རབ་བརྗོད་མཚན་ཉིད་འབྱོར་གྱུར་པ། །ཁྱོད་ཀྱི་ཞབས་དག་མཉན་འོས་བགྲོད་པ་སྤྲོས་པ་ཡང༌། །གང་དག་རྣམས་ཀྱི་མིག་གི་སྤྱོད་ཡུལ་དུ་གྱུར་པ། །དེ་དག་ལྷ་རྣམས་ཉེ་བའི་རིས་ཏེ་བསྔགས་པར་འོས། །རབ་འདོད་བདག་ཉིད་ཡོན་ཏན་ཐམས་ཅད་རྗེས་སུ་འཕྲོག་བྱེད། །གཞན་དག་ཡོད་པར་གྱུར་ཀྱང་ཐེ་ཚོམ་མེད་པར་ཁྱོད་ནི། །གཞན་དང་ཐུན་མོང་མིན་པའི་བློ་གྲོས་དག་གི་བདག་པོ། །ལུས་མེད་དག་ལས་རྒྱལ་བ་རིགས་ལ་གནས་པར་གསུང་ངོ༌། །བྱིས་པའི་དབྱིབས་ཅན་མཛེས་ཤིང་རྣམ་པར་བཀྲ་བའི་རྒྱན་ལྡན། །གསེར་གྱི་མདོག་ཅན་མི་འཁྲུགས་ཅོད་པན་དག་དང་བཅས་ཤིང༌། །ཐུབ་དབང་རིགས་ཀྱི་རྒྱན་ནི་འབྱུང་བ་དག་གི་དཔལ་གྱུར། །ངག་གི་དབང་ཕྱུག་ལ་ནི་ངག་བློ་ལུས་ཀྱིས་འདུད་དོ། །ཚིག་བཟང་རྣམས་ཀྱི་ཚིག་ནི་ཤིན་ཏུ་མང་པོ་ཡིས་ཀྱང༌། །ལྷག་པའི་མགོན་པོ་ཁྱོད་ཀྱི་ཡོན་ཏན་ཕ་རོལ་མ་ཕྱིན། །བདག་གི་སྟོན་པ་རབ་ཏུ་ཉུང་བ་འདི་ཡང༌། །རང་ཉིད་དགའ་བ་ཙམ་བསྐྱེད་སྐལ་བ་བཟང་པོ་ཉིད་དོ། །དབྱངས་ཅན་དབང་པོ་ཁྱོད་ལ་དབྱངས་ཅན་ཡོན་ཏན་རབ་འབར། །གསལ་ལྡན་མ་ལུས་རྒྱན་རྣམས་དག་གིས་བསྔགས་པར་འོད་ལྡན། །བསོད་ནམས་བསྟེན་པའི་ཞལ་གྱི་ཆུ་སྐྱེས་ལས་ནི་འབྱུང་རྙེད། །དམ་པའི་ཡོན་ཏན་ཕྲེང་ལྡན་རང་ཉིད་ཉེ་བར་བསྟེན་ཏོ། །མདའ་ལྔ་པ་ཡི་མདའ་དེ་དག་ནི་བཅོམ་པ་དག་དང༌། །ཞེ་སྡང་མ་དག་གླན་ཞིང་རྨོངས་པའི་བླུན་པ་ངེས་སེལ། །མགོན་པོ་འཇིག་རྟེན་གསུམ་པོ་རྗེས་འཛིན་གྱིས་འབྲེལ་གཟུགས་ཅན། །ཁྱོད་ཉིད་ཀྱི་ནི་མཐུ་ལས་ཡོན་ཏན་སྣ་ཚོགས་ལེགས་ཐོབ། །ཤིན་ཏུ་བརྟན་ལས་ཡོན་ཏན་ཚོགས་ཀྱི་རིན་ཆེན་བཀྲ་
བས། །ནང་གི་ཡོངས་སུ་གང་བས་ཆུ་ཡི་ཕུང་པོའི་ལུགས་དང༌། །ཀུན་ནས་ཉོན་མོངས་མེ་རབ་ཞི་བྱེད་དམ་ཆོས་ཆུ་ཡི། །ཆར་རྒྱུན་དག་གིས་ཆུ་འཛིན་ཕྲེང་བའི་རོལ་བ་འཛིན་ནོ། །ཁྱོད་ཀྱི་མདུན་དག་ཏུ་ནི་མཆོག་དང་དམ་པར་རབ་འདོད། །སྤོབས་པ་དག་དང་བྲལ་བའི་ཕྱིར་ལ་སྨྲ་བ་པོ་རྣམས། །མྱུར་བ་དང་ནི་བུལ་བར་བརྗོད་པའི་ཚིག་རྣམས་དག་ཀྱང༌། །ལྐུགས་པའི་གནས་སྐབས་དག་ནི་རྙེད་སླར་མང་དུ་བཞེད་དོ། །འགྲོ་བ་གསུམ་པོ་དག་ཀྱང་གཙང་མ་ཉིད་དུ་བྱེད་ཅིང༌། །བསིལ་ཟེར་ལྡན་པའི་ཟེར་ལྟར་རབ་ཏུ་དཀར་བའི་འོད་ཅན། །གྲགས་པ་དག་ནི་ཡུན་རིང་གནས་པ་ཁྱོད་ལས་འབྱུང་སྟེ། །ལྷ་ཡི་རི་རྩེ་ལས་ཀྱང་དལ་གྱིས་འབབ་པ་དག་གོ །བརྩེ་བ་དག་གི་རང་གནས་ཁྱོད་ཀྱི་གྲགས་པ་འདི་ཡིས། །མཁས་པ་དག་གི་སྙིང་ནི་ཤིན་ཏུ་འཕྲོག་པར་བགྱིད་དེ། །ཕྱོགས་ཕྱོགས་དག་ཏུ་ཀུནདའི་འཁྲི་ཤིང་ཀུན་ནས་རབ་ཏུ། །རྒྱས་པའི་མེ་ཏོག་ཚོགས་ནི་བསགས་པ་དག་གི་བཞིན་ནོ། །ཆོས་དབྱིངས་གསུང་གི་དབང་ཕྱུག་དག་གི་རལ་བ་འཛིན་ཅིང༌། །སངས་རྒྱས་མང་པོ་བྱ་བ་སྤྲུལ་པ་ལ་ནི་མཁས་གྱུར། །བརྩེ་བའི་ཆུ་གཏེར་མཛེས་པའི་ཚོགས་པ་ཉེ་བར་འཛིན་པ། །སུ་ཞིག་འདི་ནི་འགྲོ་བ་རྣམས་ཀྱི་སྡིག་པ་འཇོམས་སོ། །མཁའ་ཡི་རླབས་ལྡན་དག་གི་གཡོ་བའི་རླབས་ཀྱི་འོད་ནི། །འོད་ཟེར་ཚོགས་ལ་རྣམ་པར་རེག་པར་གྱུར་བ་བཞིན་དུ། །ཡ་མུ་ནི་ཡ་ཆུ་ཡི་དབའ་རླབས་ལྟ་བུར་སྔོ་བ། །ཁྱོད་ཀྱི་རལ་གྲི་སྐབས་གཞན་དག་ཏུ་རྣམ་རོལ། །ཞེས་པ་འདི་ནི་མཁས་པ་ཆེན་པོ་སྟག་སྡེ་བ་སེང་གེ་རྒྱལ་མཚན་གྱི་སྲས་ཀྱི་ཐུ་བོ། ཕྱི་དང་ནང་གི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་དུ་སོན་པ། དེ་དུས་ན་འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོ་སྐད་གཉིས་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་ཤང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་ཞལ་སྔ་ནས་བསྒྱུར་རོ།། །།སིདྡྷི་རསྟུ། མགོན་པོ་རང་གི་གཟུགས་ཀྱི་བདག་པོ་ཁྱོད་ཀྱི་གཟུགས་ནི། །ཡིད་འཕྲོག་དོ་ཤལ་ཕྲེང་བས་དགའ་འོས་འདི་འདྲ་གང་ན། །ཤིན་ཏུ་གདུལ་དཀའི་སེམས་ཅན་ཞི་བའི་ཆེད་དུ་འཕྲོ་བའི། །འཇིགས་རུང་རྒྱུན་ཆ་ལག་འགྲོ་རབ་ཏུ་ཐོབ་པའང་གང་ན། །དབང་པོ་བར་མཚམས་མེད་པའི་མུ་ཏིག་རྣམས་ཀྱི་ཚོགས་ཀྱིས། །བརྒྱན་པ་ཁྱོད་ཀྱི་སྐུ་འདི་རབ་
མཛེས་མ་ལཱི་ཀྴ་ཡི། །དུས་སུ་བསྟེན་པ་འོས་པ་མེ་ཏོག་ཕྲེང་བ་གསར་བ། །ལྡན་པ་ལྟ་བུར་སུ་ཡི་སྙིང་ནི་འཕྲོག་པར་མི་བྱེད། །མགོན་པོ་ཀྭ་ཡེ་གལ་ཏེ་ཁྱོད་ཀྱི་མཛེས་པ་བདུད་རྩིའི། །ཆུ་གཏེར་རླབས་ཆེན་བྱས་པར་ངལ་བ་མཆོག་ཏུ་སྟོན་ན། །འགྲོ་བའི་མིག་ནི་རབ་ཏུ་མཛེས་པར་རྟོགས་པར་བྱེད་པར། །མངོན་པར་འདོད་པ་དག་དང་ལྡན་པར་འགྲོ་བར་བྱེད་དོ། །མཆོག་སྦྱིན་སྲིད་ལས་འདས་པར་བདག་གི་ཡན་ལག་རྣམས་ནི། །གདོན་མི་འཚལ་བར་གསལ་བ་ཁོ་ནར་དགའ་བ་དང་བྲལ། །བསྟེན་པར་འབྱུང་མོད་ཁྱོད་ཀྱི་གསུང་གི་བདུད་རྩིའི་བཏུང་བའི། །སྣོད་གྱུར་རྣ་བ་ཟུང་སྤྱར་པ་འདི་དགའ་བའི་རྒྱུའོ། །མཐུ་སྟོབས་མཉམ་པ་མེད་པ་གང་ཞིག་ཁྱོད་ལ་བསྟེན་ཡང༌། །ཞི་བའི་བདུད་རྩི་བཅུད་རྣམས་ལ་ནི་དགའ་དང་བྲལ་བ། །བླུན་པོ་གཡེངས་པའི་བློ་ཅན་བདག་ལྟ་བུ་ཡི་སྐྱེ་བོ། །མི་འབྱུང་འགྱུར་བའི་རབ་མཆོག་གཅིག་པོ་འདི་ནི་ཁྱོད་ལ་སློང་ངོ༌། །ལུས་འཛིན་རྣམས་ཀྱི་མིག་གི་དགའ་སྟོན་སྒྲུབ་ལ་ཟླ་བ། །ཁྱོད་ཀྱི་དྲིན་གྱིས་དགེ་བ་ཡང་དག་རྒྱས་པའི་དབང་ལས། །སྐྱེ་བོ་མཁས་རྣམས་སྲིད་པ་ཞིག་པ་རྣམས་ཀྱི་ལམ་ནི། །དབྱེ་བ་བརྒྱད་དང་ལྡན་པར་བདེ་བླག་ཁོ་ནར་འགྲོའོ། །ངག་གི་རྒྱལ་པོ་ཁྱོད་ཀྱི་ཞབས་ལ་བརྟེན་པའི་བློ་ཡིས། །སྙིང་པོ་ཐོབ་པའི་སྐལ་ལྡན་རྣམས་ནི་འགྲོ་བ་ཀུན་དུ་འང༌། །བདེ་དང་སྡུག་བསྔལ་ཁྱད་པར་འཕགས་ལ་སོགས་པའི་རྒྱུ་ནི། །སྐྱེས་པ་རྣམས་ཀྱིས་དྲན་པ་ཉམས་པར་འགྱུར་བ་མེད་དོ། །ཁྱོད་ཀྱི་ཞབས་དག་ཡོངས་སུ་བསྟེན་པར་འོས་པ་རྣམས་ཀྱི་ཡིད། །མ་ལུས་དྲི་མའི་ཚོགས་དང་བྲལ་ལས་གསལ་བའི་ངང་ཚུལ་ཅན། །རབ་ཏུ་རྒྱས་པའི་ཡོན་ཏན་དག་གིས་ཆེ་བའི་བློ་གྲོས་དག །ཕུན་ཚོགས་རང་བཞིན་བདེ་བ་ཅི་ཡང་འགྲོ་བར་སྐྱེད་པར་བྱེད། །དག་པར་བྱས་པའི་གསེར་ལྡན་མཛེས་པའི་སྐུ་ཅན་མཆོག་ཏུ་སྒེག །གསལ་བའི་གསུང་གི་ངང་མོ་རྣམས་ཀྱིས་བསྟེན་བྱ་རྒྱལ་བ་ཡི། །ཡིད་མཚོར་པད་སྡོང་ལྡན་པ་གཅིག་པོར་ངང་པ་སྙན་སྒྲོགས་ཏེ། །འཇམ་པའི་དབྱངས་ཞེས་གྲགས་པས་འདིར་ནི་ཁྱོད་ལ་བསྲུང་གྱུར་ཅིག །མགོན་པོ་བཟོད་པར་དཀའ་བའི་ཉོན་མོངས་འདི་གསུམ་རྣམས་ལ་ནི། །རྣམ་པར་དཔྱོད་པ་ཕྲ་མོ་དག་ཀྱང་གལ་ཏེ་བྱ་དཀའ་བར། །གསལ་བར་འགྱུར་ན་འཇིག་རྟེན་གསུམ་པོ་འདིར་ནི་མིག་དང་ཡིད།།
དགའ་བྱེད་སྐུ་འདི་འདྲ་བ་ཐོབ་པ་ངེས་པར་གང་ན་ཞིག །ཆེ་བའི་འོད་ཟེར་འཕྲོ་བའི་རིན་ཆེན་ཚོགས་རྣམས་འཛིན་པ་ཡི། །ཆུ་ཡི་གཏེར་དུ་ཆུ་རྣམས་རྣམ་པར་གསལ་བར་བྱས་ནས་ནི། །གལ་ཏེ་ངེས་པར་བལྟ་བར་གྱུར་ན་ཁྱོད་ལྟ་བུ་རྣམས་ཀྱི། །སྐུ་ལ་མཛེས་པའི་རྒྱུན་ནི་རབ་མཛེས་འདི་ལྟ་བུ་འདི་ཡང༌། །མགོན་པོ་ཟབ་མོའི་སྒྲ་དབྱངས་མཐོན་པོ་རྣམས་ཀྱིས་ཁྱོད་ལ་གང༌། །ཡིད་འོང་བདུད་རྩིའི་རྒྱུན་རྣམས་འབེབས་བྱེད་དགའ་དང་སྐལ་བཟང་དག །སྤྲོ་བྱེད་སྤྱོད་ཚུལ་ཤིན་ཏུ་ཡིད་འོང་དབྱར་གྱི་ཚུ་འཛིན་གྱི། །རྗེས་སུ་གསལ་བར་འགྲོ་སྟེ་དེ་ཉིད་རྨ་བྱ་མྱོས་བྱེད་ཀྱང༌། །དཔྱིད་ཟླ་བཞིན་དུ་ཁྱོད་ལ་འགྲོ་བ་གསུམ་པོ་རབ་དགའ་བ། །བླ་མེད་སྐྱེད་བྱེད་ཨུཏྤལ་ཤིང་གི་ཡལ་ག་མིག་གི་ནི། །མཛེས་པའི་མེ་ཏོག་གིས་མཐོང་སྦྲང་རྩིས་མྱོས་པ་བུང་བ་ཡི། །སྒྲ་རྣམས་འཇམ་པའི་དབྱངས་བྱེད་ཚུལ་ཅན་འདི་ཡིས་རྒྱལ་གྱུར་ཅིག །ཁྱད་པར་འཕགས་པའི་ཡོན་ཏན་ཀུན་གྱིས་དགའ་བ་མཆོག་རབ་ཐོབ་པ་ཡི། །ཤེས་ལྡན་སྦྲང་རྩིའི་བརྟུལ་ཞུགས་རྣམས་ཀྱིས་ཉེ་བར་བསྒྲགས་པར་བྱ་བ། །རྒྱལ་བའི་ལུགས་ཀྱི་རྒྱན་དུ་གྱུར་པ་ཁྱོད་ཀྱི་སྤྱོད་ཚུལ་ཁོ་ན། །དཔྱིད་ཀྱི་ཐིག་ལེ་ཙཱུ་ཏ་གསར་པ་དག་ནི་མིན་ནམ་སྙམ་མོ། །གདོང་པ་བསྐྱོགས་པས་གདོང་ཕྱོགས་རི་དགས་བདག་པོའི་རྒྱལ་ལ་བཅིབས་པ། །ཐུགས་རྗེས་ཤིན་ཏུ་མཆོག་ཏུ་གྱུར་ཅིང་མངོན་པར་མཐོ་བའི་རྩ་བ། །རབ་ཏུ་མཛེས་པ་ཉིད་ཀྱིས་གསེར་དང་ཁ་བའི་རྐང་བ་བཟུང་བ། །སྨྲ་བའི་རིགས་ཀྱི་ལྷ་ཉིད་ལ་ནི་དལ་བུ་མིན་པར་ཕྱག་འཚལ། །སྤྲོས་པ་མཐའ་དག་རབ་ཏུ་ཞི་བར་གྱུར་དང་སྒྲིབ་པ་མེད་པས། །རབ་ཏུ་རྒྱས་པའི་བློ་དང་ཏིང་ངེ་འཛིན་གྱི་བདུད་རྩི་བསྟེན་པ། །ཁྱེད་ཀྱི་ཐུབ་པའི་སྤྱོད་ཚུལ་མི་ཕན་འཇོམས་པའི་རྣམ་པར་གནོན་པས། །གཞན་གྱིས་མི་ཐུབ་པ་ཡི་སྲིད་པ་གསུམ་རྣམས་འདུལ་བར་བྱེད་དོ། །རབ་ཏུ་འཇིགས་སུ་རུང་བའི་ཡུལ་ཅན་རྣམས་ཀྱི་བརྩེ་བ་མེད་པའི། །སྤྱོད་པས་རབ་ཏུ་ཞི་བ་སྒྲུབ་པའི་ཆེད་དུ་འགའ་ཞིག་ཏུ་ཡང༌། །ཐུགས་རྗེས་ཁྱོད་ཀྱི་ཕྱག་གི་ཡོངས་འཇོམས་ཕྲེང་བ་བཞིན་དུ་འཇིགས་རུང༌། །རྣམ་པ་སྣ་ཚོགས་མཚོན་ཆ་སྒྲོགས་པར་བྱེད་རྣམས་རྣམ་པར་རོལ་ལོ། །མཆོག་སྦྱིན་དགེ་ལེགས་ལོངས་སྤྱོད་དང་ནི་ཡུལ་ལ་ཆགས་པ་བྲལ་བ། །འཁྲུལ་བ་མེད་དང་བདུད་རབ་འཇོམས་དང་སྲིད་གསུམ་ལ་ཕན་ཕུན་སུམ། །ཚོགས་
པའི་གོ་འཕང་ཐོབ་དཀའ་མི་འཕྲོགས་མངོན་པར་འདོད་པ་རྣམས་ཀྱི། །དེ་ཡང་ཁྱེད་ལ་གུས་པ་ལ་སྟེ་ལམ་གཞན་གནོད་མེད་མེད་དོ། །གལ་ཏེ་དབང་པོ་རྣམས་ནི་བསྡམས་པས་འགའ་ཞིག་དག་ཏུ་གུས་པ། །གཡོ་བ་མེད་པའི་བློ་ཅན་ཁྱོད་ཀྱི་ཆ་ཤས་ཅི་ཡང་བསྒོམས་ན། །སྐྱེ་བོ་འདི་ལ་རིང་བོར་མི་ཐོགས་ཆུ་གཏེར་སྐ་རགས་དག་གིས། །བརྒྱན་པའི་ནོར་འཛིན་འདི་ནི་རང་ཉིད་ངེས་པར་འདམ་པར་བྱེད་དོ། །ཁྱོད་ཀྱི་འདུན་སར་འཆི་མེད་བུད་མེད་རྣམས་ནི་ངེས་པར་ཡང་བྱས་ཀྱང༌། །མཛེས་པ་འདོད་པ་བཞིན་དུ་རྡུལ་གྱིས་གང་བས་རྣམ་རོལ་སྤུ་ལོང་རྣམས། །མཆོག་ཏུ་ཐོན་པ་རྣམས་ཀྱི་ནུ་མ་གས་ཤིང་སྐ་རགས་ཆེས་ཆེར་བཅིངས་པ་ཡི། །སྟོབས་ཅན་ཆེས་ཆེར་འདར་བའི་འདོད་ལྷའི་རྣམ་པར་བསྒྱིངས་པ་འཛིན་པར་བྱེད། །གང་གི་ཡན་ལག་རྣམས་ཀྱིས་དཔེ་ཡོད་མིན་པའི་དགའ་འོས་བསྟེན་པ་ཡིས། །མཆོག་ཏུ་རྒྱ་ཆེའི་གཟུགས་གཞན་མ་ལུས་རྣམས་ལ་དགའ་བར་འཕྲོག་པར་བྱེད། །སྐུ་ལུས་ཉམས་པ་མེད་པ་དབང་པོའི་མདའ་རྟེན་རྣམ་པར་འདུལ་བ་ཡི། །གཞི་ཡི་མཆོག་རབ་སྣ་ཚོགས་འོད་ཟེར་ཕྲེང་བ་ལྡན་འདི་རྒྱལ་གྱུར་ཅིག །རྒྱལ་བའི་ཁུར་བུ་ཞལ་གྱིས་མཆེས་པ་ཁྱོད་ཀྱི་འདུན་སར་དགའ་བ་ཡིས། །ཏིང་ཏིང་ལྕགས་དང་མ་འབྲེལ་མེད་པར་བསྒྲགས་པའི་སྒྲ་སྙན་ཕྲ་མོ་ཡིས། །རྣམ་པར་བསྲེས་པའི་རྒྱུད་མ་བསྐྱོད་པ་མཛེས་པའི་ལྔ་པ་ལྟ་བུ་དག །རང་གི་ཆེ་བ་འདོད་པའི་ཚུལ་ཅན་སྒྲ་དབྱངས་སྲེད་པ་འཆད་པར་བྱེད། །མགོན་པོ་འགྲོ་བ་ཕམ་པར་བྱེད་པའི་གླང་པོ་གཡོ་མེད་བྱེད་པ་ཡི། །ལྕགས་སྒྲོག་དྲ་བ་ལྟ་བུའི་དཔུང་རྒྱན་དག་གིས་བརྒྱན་པར་བྱས་གྱུར་ཅིང༌། །ངན་འགྲོའི་ལམ་གྱི་སྒོ་གཏན་ཆེན་པོ་རབ་དྲེགས་ཡིད་སྲུབ་འཇོམས་བྱེད་པ། །བདེ་བར་གཤེགས་པའི་དགའ་བ་ཁྱོད་ཀྱི་ཕྱག་གི་ལྗོན་ཤིང་རྒྱལ་གྱུར་ཅིག །བདག་པོ་ཁྱོད་ཀྱི་མཆོག་ལས་རྣམ་པར་རྒྱལ་བས་ཡང་དག་བསགས་པ་ཡི། །གྲགས་པའི་དཔལ་ནི་སྲིད་པའི་སྤྱི་བོར་ཆེ་བའི་ཡོན་ཏན་ཕུན་ཚོགས་པ། །འབྱུང་བར་བྱེད་པ་དྲི་མ་མཐའ་དག་རྣམ་པར་བྲལ་བས་གཙང་བ་ཡི། །རྗེས་སུ་སྟོན་ཀའི་རི་བོང་ཅན་གྱི་ཆ་ཤས་དག་གིས་འགྲོ་བར་བྱེད། །དྲི་བཟང་དག་ལ་གསལ་བར་འདུས་པའི་སྦྲང་རྩིར་བྱེད་པའི་ན་ཆུང་རྣམས། །འཁོར་བ་བཟོད་པ་བདེ་བར་གཤེགས་པ་སྔོན་པོའི་བདེ་བ་འཕེལ་བྱེད་པའི། །ཕྲེང་བ་རོ་ཡི་ཁུ་བ་ལྡན་པ་འཆི་
མེད་བདག་པོའི་བུད་མེད་ཀྱིས། །རྣམ་པར་བཀོད་པ་འདི་ནི་ཁྱོད་ཀྱི་སྤྱི་བོར་རྣམ་པར་རོལ་པར་བྱེད། །གང་ཕྱིར་བརྩེ་ལས་འདས་བློ་ཅན་ལ་སྡོམ་བརྩོན་མིན་པའི་གོ་འཕང་བགྲོད། །འགྲོ་བ་གཞན་ལ་ཕན་པའི་མཁས་པ་རྣམས་ནི་རབ་ཏུ་རྒྱས་པར་མཛད། །ཅེས་ཏེ་ཁྱེད་ཀྱི་ཡོན་ཏན་ཁ་བ་བསགས་པའི་མཛེས་པས་ནམ་མཁའ་ཡང༌། །རང་གི་ནོར་བུ་ཉི་མ་ཉེ་བར་བཅོམ་པ་ཅན་ནི་སྐྱེད་པར་བྱེད། །ཤིན་ཏུ་དགའ་བར་མཛད་པའི་གསུང་ཅན་རྒྱུན་ཆད་མེད་པར་གསར་བ་དང༌། །གསར་པར་བསྟོད་པ་སྡོམ་བརྩོན་ལེགས་པར་བསྡམས་པ་མཆོག་རྣམས་དག་གིས་ནི། །ཡོན་ཏན་དགྲང་བྱ་མིན་པ་ཁྱོད་ཀྱི་ཡོན་ཏན་ཚོགས་ཀྱི་ཚད་རྣམས་ནི། །ཆུ་གཏེར་རྣམས་ཀྱི་ནོར་བུའི་ཚོགས་ཀྱིས་ཇི་ལྟར་ཡང་དག་འཇལ་བར་བྱེད། །ཐུགས་རྗེ་ཤིན་ཏུ་ཆེ་བ་བྱིས་པའི་བློ་ཅན་རྣམས་ཀྱིས་བཀོད་པའི་སྐྱེ་བོ། །མཐའ་དག་རྣམ་མང་རྣམས་ཀྱི་སྣ་ཚོགས་བློ་ཡི་རོལ་པ་བྱེད་པ་རྣམས་ཀྱིས། །གཡོ་བ་མེད་པས་བརྟན་པ་མ་ལུས་འགྲོ་བ་ལ་རུང་ལོངས་སྤྱོད་རྣམས་ཀྱི། །ས་གཞི་ལྟ་བུ་ཁྱོད་ཀྱི་སྐུ་ལུས་འདི་ཡིས་འདིར་ནི་རྒྱལ་བར་གྱུར་ཅིག །བླུན་པོའི་བློ་ཅན་རྣམས་ཀྱི་ངོར་ནི་ཐུགས་རྗེ་ཡང་དག་ལྷག་ཅིང་ལྕི་བ། །དགེ་ལས་བྱུང་བ་ཡང་དག་ཚོགས་པ་ཕྱག་གི་མཐིལ་དུ་ཨུཏྤལ་བསྣམས་པ། །རྒྱལ་བའི་རིགས་ཀྱི་ས་ཡི་ཁོར་ཡུག་རྣམས་ནི་ཁྱོད་ཀྱི་ཁུར་བུར་བསྐུར་བར། །དཀའ་བ་མིན་ཞེས་འདི་ན་བློ་གྲོས་ཆུང་དུ་རྣམས་ཀྱང་སྒྲོགས་པར་བྱེད་དོ། །མགོན་པོ་ནམ་མཁའི་བར་དུ་བཀྲམ་པའི་ཆང་གི་དྲི་བཟང་པ་བསྣམས་པས། །གསང་མཐོར་སྨྲ་བ་མྱོས་ཤིང་སྒྲོགས་པའི་ལག་ལྡན་ཚོགས་རྣམས་འཇོམས་པར་བྱེད་ཅིང༌། །སྒྲོགས་ལ་འབད་པས་སྤྲིན་ལས་རྒྱལ་བ་གླང་ཆེན་དབང་པོའི་རྣམ་པར་རོལ་པ། །རྒྱ་ཆེ་བ་ནི་སྣ་ཚོགས་ནགས་ཀྱི་ནང་འདི་རྣམས་སུ་འཛིན་པར་མཛད་དོ། །འགྲོ་ལ་ཕན་པ་བསྒྲུབ་པར་བྱ་བའི་བློ་ཡིས་གོ་ཆ་བཅིངས་པ་ཁྱོད་ལ། །ཡོངས་གདུང་ཕྲ་མོ་གང་ནའང་ཅི་ཞིག་ཀྭ་ཡེ་དམ་བཅས་ཉམས་པ་མེད་པ། །གང་ཕྱིར་བདུད་ཀྱི་ཆུང་མའི་སྐྱེ་བོའི་ལག་པ་དག་ནི་འདོད་པར་འོས་པའི། །འགྲམ་པའི་གཞི་ལ་མཁུར་རྩི་གསར་པ་འགོད་པར་བྱེད་ལ་ལེ་ལོ་ཁོ་ནའོ། །དཔེ་མེད་
དགའ་འོས་གཟུགས་ཅན་མྱ་ངན་རྣམ་པར་བསལ་བའི་རྒྱལ་བའི་ཚོགས་རྣམས། །གཟིགས་པ་ཁྱོད་ཀྱི་གཞོན་ནུའི་རོལ་པ་གསེར་བཟང་གིས་ནི་སྟག་གི་སེན་མོའི། །རི་མོ་བྲིས་ཤིང་རབ་མཛེས་ཟུར་ཕུད་ལྔ་རྣམས་རྣམ་པར་བཀོད་པར་བྱས་པ། །འདི་ཡིས་འཇིག་རྟེན་སྐྱོང་བ་བརྒྱད་པོ་རྣམས་ནི་ལྷག་པར་དགའ་བར་མཛད་དོ། །ཇི་ལྟར་འདིར་ནི་ཁྱོད་ཁོ་ན་ལ་མཆོག་གི་ཉམས་ཀྱི་ཁྱད་པར་རབ་འདོད་པའི། །འབྱོར་པ་མ་ལུས་བདེ་བའི་ཡལ་གའི་རྩེ་མོ་ལྡན་པ་ཡང་དག་འབྱུང་འགྱུར་བ། །དེ་ལྟར་བདག་གིས་ཡོན་ཏན་རྣམས་ཀྱིས་ཤིན་ཏུ་ཁྱབ་པ་ལྟ་བུར་འགྲོ་རྣམས་ཀྱི། །ཅི་ཞིག་ལྟར་གྱུར་ཅིག་ཅེས་ཁྱོད་ཀྱི་འདུན་ས་དལ་བུས་འདིར་ནི་ཡོངས་སྨིན་གྱུར། །འཆི་མེད་རི་བོའི་ལྟོ་བ་ལྟ་བུར་བྲང་གི་གཞི་ནི་རྣམ་པར་ཡངས་པ་ཅན། །ཞབས་ཀྱི་ཡལ་གའི་འོད་ཟེར་ཐང་ལས་སྐྱེས་པའི་པདྨའི་ནགས་ཀྱི་གཟུགས་བརྙན་ཏེ། །སྣང་བར་བྱེད་པ་བརྒྱ་ཕྲག་རྣམས་ལས་ལྷག་པར་གསལ་བའི་གཟི་ཡིས་བརྒྱན་བྱས་པ། །མཐར་བྱེད་དྲེགས་པ་འཇོམས་བྱེད་སྲིད་གསུམ་མགོན་པོའི་ས་རྣམས་འཛིན་པ་རྒྱལ་གྱུར་ཅིག །རྣམ་པར་རྨོངས་པ་རྒྱ་ཆེའི་མུན་པའི་ཚོགས་ཀྱིས་ངེས་པར་བཅིངས་པ་རྣམས་ཀྱིས་ནི། །ཁྱོད་ཞབས་པདྨ་དག་ནི་བསྟེན་པའི་དགའ་སྟོན་བདེ་ལ་གལ་ཏེ་མི་གུས་ན། །ས་འོག་ཕུག་པ་རྒྱ་ཆེ་སྲིད་པ་དོག་པོ་རྣམས་སུ་གནས་པ་དོན་མེད་ཅིང༌། །ཡུན་རིངས་བདུད་རྣམས་ཀྱིས་ནི་བཅོམ་མོ་གཞོན་ནུ་རྒྱལ་བའི་རིགས་ཀྱི་ཉི་མ་ཀྱེ། །བདག་པོ་ཕྱོགས་སུ་ལྗིད་པའི་བརྩེ་བ་བསྟེན་པའི་སྡོམ་བརྩོན་རིགས་ཀྱེ་ཁྱོད་ལ་ནི། །མཆོག་ཏུ་འདུས་པ་རྣམས་ཀྱིས་ཚེ་ནི་ཤིན་ཏུ་གཡོ་བ་འདི་རྣམས་བསྐུལ་བ་ནི། །བརྒྱ་ཕྲག་རྣམས་སུ་ཉེ་བར་བསྒྲུབས་པའི་འབྲས་བུ་ཆེན་པོ་ལྟ་བུར་རྣམས་བྱས་ཏེ། །ཆུ་སྐྱེས་འདབ་མ་ལྟུང་བའི་ཆུ་ནི་རྒྱན་དུ་རུང་བའི་དངོས་པོར་གྱུར་པ་བཞིན། །མཆོག་སྦྱིན་ཁྱོད་ཀྱི་ཡོན་ཏན་རྣམ་པར་རྒྱས་དང་འདྲིས་པས་དག་པར་བྱས་པ་ཡིས། །ངག་གི་འབྱོར་པ་ཅན་ནི་སྦྲང་རྩིའི་རང་བཞིན་སྙན་ཚིག་གཞི་དང་དགའ་ལྡན་པའི། །མཆོད་སྦྱིན་ལྡན་དང་རྣ་བའི་བདུད་རྩིར་མངོན་པར་མཆོད་པའི་གཞིར་གྱུར་ངེས་བརྗོད་ཀྱི། །བུམ་པ་ཅན་གྱི་ཞལ་ནི་ཞལ་བཟང་བྱེད་པོ་དེ་གཅིག་པུ་ཡིས་ཀུན་དུ་ཐོབ། །དཔང་པོ་སྲིད་པ་གསུམ་གྱི་དགའ་བ་རབ་སྟེར་རྒྱལ་བའི་བརྩོན་འགྲུས་དཔྱིད་ལ་ནི། །ལྷན་ཅིག་བྱེད་པ་འཕྲོ་བ་ཉིད་ཀྱིས་མཆོད་པར་གྱུར་པར་ཁྱོད་ཀྱི་བྱ་བ་ཡིས། །གསུང་རབ་སྙེ་མ་རྣམས་ལས་ཟག་པ་ཞི་བ་བདུད་རྩིའི་
བཏུང་བའི་དགའ་བ་ཡིས། །སྡོམ་བརྩོན་རྐང་དྲུག་པ་དང་མཁས་པ་སྙན་པར་སྒྲོགས་པའི་ཁུ་བྱུག་གསོ་བར་བྱེད། །སྨྲ་བ་མད་པོའི་གཉིས་འཐུང་འཇོམས་མཛད་བེར་བར་གཤེགས་པའི་ཐུགས་ཀྱི་ས་འཛིན་གྱི། །ཕུག་པ་ཟབ་བའི་ཁང་པ་ལྡན་པ་སྲིད་པ་གསུམ་གྱི་ནགས་ཀྱི་ལྷ་གང་ཡི། །དབང་པོ་འགའ་ཞིག་ཏུ་ཡང་ཁྱོད་ཀྱི་འཇིགས་པས་བདུད་ཀྱི་གཏུམ་པོའི་དཔུད་ཆེན་ནི། །རྩེད་མོའི་རི་ཡི་རྒྱ་མཚོར་བལྟམས་པ་རི་དགས་མོ་ལྟར་རིང་དུ་འབྲོས་པར་བྱེད། །མགོན་པོ་རྣམ་པར་གནོན་པར་གྲགས་པ་གདུལ་བར་དཀའ་བ་རྣམས་ནི་གདུལ་བ་ཡི། །ཆེད་དུ་འགའ་ཞིག་ཏུ་ཡང་ཐུགས་རྗེའི་ཤུགས་ལས་གང་གི་ཞབས་ཀྱི་རྩེ་མོ་ཡིས། །ཉན་པར་འདོད་པ་འཇིགས་བྱེད་དུ་བའི་སྒྲ་ལས་གཅིག་ཏུ་འཇུག་བྱེད་འཇིག་རྟེན་གསུམ། །དམན་ཡང་མནན་འདི་ཐིམ་དང་མྱུར་དུ་རང་གནས་མིན་པར་འགྲོ་བྱེད་སྐུ་འཛིན་བྱེད། །དགེ་བའི་འབྲས་སུ་ལྟ་བུའི་བུམ་པ་བཟང་པོ་རྣམས་འཛིན་གཙོ་བོ་དཔག་བསམ་ཤིང་གིས། །མཛེས་པ་ཕུན་སུམ་ཚོགས་པར་གང་གྱུར་དེ་ཉིད་སྦྱི་བོར་བླ་མ་གཅིག་གིས་བསྐྱེད་དེ། །བཤད་པར་མཛད་པས་གཡོབ་པའི་ཕྱག་གི་ཕྱག་སྐྱེས་རྣམས་ཀྱི་མཆོག་ཏུ་གསལ་བ་དཔུང་པའི། །ཡལ་ག་འདི་ནི་མེ་ཏོག་རྒྱས་པའི་འཁྲི་ཤིང་རླུང་གིས་གཡོ་བ་ལྟ་བུར་སྣང་ངོ༌། །མ་ལུས་སངས་རྒྱས་རིགས་ཀྱི་རྙོག་པ་མད་པའི་ཆ་ཤས་གཏེར་གྱི་སྤྱོད་ཚུལ་འདི་རྣམས། །གལ་ཏེ་སྙིང་ལ་ཀུན་ནས་ཀུན་ན་གྲང་བ་ཆེན་པོའི་དོ་ཤལ་ཉམས་པར་འགྱུར་ཏེ། །གལ་ཏེ་ལྕེ་ཡིས་ཇི་ལྟར་འདོད་པར་བྱས་ན་སྦྲིན་གྱི་སྙིང་པོའི་གྲགས་པ་ཅི་ཞིག །གལ་ཏེ་རྣ་བ་གང་བར་བྱས་པར་གྱུར་ན་ནོར་བུའི་རྣ་རྒྱན་ངེས་པར་བཅོམ་ལགས། །བསོད་ནམས་ཚོགས་རྣམས་ཉེ་བར་བསགས་པ་མཉམ་པ་མེད་པའི་བདག་ཉིད་ཆེན་པོ་ཁྱོད་ཀྱི། །ཞབས་གདན་ནོར་བུའི་རང་བཞིན་དག་གི་སྟེགས་ནི་བདེ་སོགས་ལག་པའི་མཐིལ་གྱི་བདེ་བ། །སྟེར་བའི་བསྙེན་བཀུར་བྱེད་པ་རྣམས་ཀྱིས་མ་ཚིམ་གྱུར་བ་བཞིན་དང་མཆོད་སྦྱིན་བརྒྱ་པ། །འདུད་པ་ན་ནི་མགོ་ལས་ཏཱ་མ་ལ་ཡི་ལོ་མ་ཐོབ་སྟེ་རང་ཉིད་གསལ་ལོ། །གཞན་གྱི་དོན་ལ་གནས་པ་ཤིན་ཏུ་བརྟན་ལྡན་རྣམས་ཀྱི་དབང་པོ་སྣ་ཚོགས་ཐུགས་རྗེ་ཡི། །སྒོ་ནས་འདུས་པའི་སྣ་ཚོགས་འདོད་ལྡན་ཉམས་ཀྱི་གནས་གྱུར་གསོན་ཅིག་བདག་གིས་རིགས་ལགས་སོ། །བླ་མ་གང་གིས་བདག་གི་སྡིག་པ་རྣམ་པར་བསྒྱིངས་པ་ཀུན་ནས་ནུན་པར་བྱེད་པ་རྣམས། །འཕྲོག་བྱེད་དག་བྱེད་རྣམས་
ཀྱི་དག་བྱེད་གནས་སྐབས་དེ་ནི་སྐད་ཅིག་ཙམ་ཡང་བསྒྲུབ་པར་མཛོད། །རྒྱལ་བ་མཆོག་གི་རིགས་ཀྱི་ཆུ་གཏེར་འཕེལ་ལ་བཅུད་རྩིའི་འོད་ཅན་ཤེས་རབ་མཛེས་མ་དང༌། །འགྲོགས་ལ་ཡིད་སྲུབ་གཏམ་ལ་མི་གུས་འཇིགས་རུང་འཁྲུལ་པའི་མཚན་མོ་ཡོངས་སུ་འདུས་པ་ལ། །ཉི་མའི་བརྟུལ་ཞུགས་འཛིན་པ་སྣ་ཚོགས་ཉོན་མོངས་རི་དགས་ཡང་དག་འཇོམས་པ་སྒྲུབ་ལ། །སྟག་གིས་རྣམ་པར་རྩེན་པའི་དཔལ་ནི་ཁྱེད་རྣམས་དག་ལ་རྟག་ཏུ་བསྲུང་བར་གྱུར་ཅིག །དྲི་མེད་སྟོན་ཀའི་ཟླ་བའི་འོད་ཀྱིས་ཡོངས་བསྐོར་ཟླ་བའི་གཟུགས་ལས་མ་ལུས་དགའ་བར་བྱ་ལ། །རིན་ཐང་མེད་པའི་འཛུམ་པའི་ནོར་ལྡན་ཞལ་ཅན་དྲག་པོའི་གདོན་རྣམས་གདུལ་བ་ཐུགས་རྗེ་ཉིད་ལས། །འབད་མཛད་ཁྱོད་ཀྱི་ཁམས་གསུམ་རྣམ་པར་རྒྱལ་བའི་གནས་སྐབས་ནང་གི་སྐྲག་པའི་མྱུ་གུ་ལྟ་བུར། །ལུས་སྐྱེས་ལང་ལོང་གྱུར་པའི་ལྷ་ཡི་ཐུབ་པའི་ཚོགས་རྣམས་དག་གིས་མཐོང་ནས་ཉམས་པར་གྱུར་ཏོ། །འཇིགས་པས་ཉམས་པའི་གཞོན་པ་རྣམ་དག་ཤིན་ཏུ་རིང་བར་བྲལ་ཞིང་བརྟན་བའི་ཆེད་དུ་འོངས་པའི། །འཆི་མེད་རྣམས་ཀྱི་གུས་པ་ལྕི་བ་ཁྱད་འྤགྶ་ཡིད་ནི་གསལ་བར་བྱེད་ལ་རྒྱུ་དང་འདྲ་བ། །ཤུགས་སྟོབས་མཁའ་ལྟར་དཔག་ཏུ་མེད་པ་དུས་མཐའི་སྤྲིན་གྱི་སྒྲ་ལས་ལྷག་པའི་སེང་གེའི་སྒྲ་ཅན། །བདུད་རྣམས་ཡོངས་སུ་ཉམས་པར་བྱས་པ་ཁྱོད་ཀྱི་སེང་གེའི་རྣམ་པར་རོལ་པ་འགྲོ་ལ་གྱུར་ཅིག །ཚོགས་རྣམས་ལ་ཁྱབ་སྟོན་ཀའི་ནམ་མཁའི་དཀྱིལ་ལྟར་ཤིན་ཏུ་དག་པའི་བློ་ཡི་ལྷག་པར་བསྟེན་པ། །བཟོད་དཀའི་གདུང་བས་འཁྲུགས་པའི་དཔག་མེད་སེམས་ཅན་ཁམས་ཀྱི་དབང་གྱུར་ཐུགས་རྗེ་དམ་པས་ཕྱུག་པ། །ཡང་དག་བསྐྱེད་དང་མྱ་ངན་འདས་ལ་རྟག་ཏུ་མི་གནས་གསུང་ལྡན་རྣམས་ཀྱི་མཆོག་ཏུ་གྱུར་པ། །སྤྱོད་ཚུལ་འདི་འདྲ་བ་ནི་མིང་ཙམ་གྱིས་ཀྱང་གཞན་གྱི་གྲུབ་པར་མངོན་པར་འགྲོ་བ་མ་ལགས། །དྲག་པོར་གདུང་བས་རྣམ་པར་བཞུ་བའི་ལྕག་གི་ཟེར་དང་འདྲ་བའི་མིག་ཟུར་སྡོམ་པའི་སྐད་ཅིག་ལ། །སྣ་ཚོགས་ཡང་དག་འཕྲོ་བ་དབང་གྱུར་ཕྱོགས་བཞིའི་དབང་ཕྱུག་རང་བཞིན་གྱིས་མཐོར་སྐྱེས་པའི་བདག་ཉིད་ནི། །རྣམ་པར་འཕྲུལ་པའི་སྤྲོས་པ་རྒྱས་པ་སྤྲོ་བྱེད་མདའ་ལྔ་པ་ནི་འཇོམས་བྱེད་རྣམས་དང་མཛེས་མ་ཡི། །སྐྱེ་བོ་བཅུ་ཡི་བདག་ཉིད་ཀྱིས་ཀྱང་རབ་ཏུ་འདོད་བྱའི་ངོ་མཚར་དཔལ་ནི་ཅི་ཡང་རྒྱས་པར་བྱེད། །མ་རིག་མངོན་པར་བཅོམ་པ་ཁྱོད་ལ་མཆོད་པར་འདོད་པའི་རིག་འཛིན་བུ་མོ་དྲི་བཟང་གིས་བཀུག་
པའི། །བུད་བའི་ཚོགས་རྣམས་དགའ་བས་སྒྲོགས་ཤིང་མཆོག་ཏུ་རོལ་པའི་མེ་ཏོག་ཕྲེང་བ་འཛིན་མ་མཛེས་མ་ཡི། །འོད་ཟེར་སྤྲོམ་རྣམས་ཀྱིས་ནམ་མཁའ་ཀུན་ཁྱབ་པ་ནི་མིག་གི་ཟུར་མིག་མཛེས་པ་བསྟེན་པ་ཡིས། །རབ་རྒྱས་ཀུནདའི་ཚོགས་གྱིས་རབ་དཀྲིགས་བཞིན་དང་རྡུལ་ཟགས་ཡན་ལག་བརླན་པས་ཡང་ཡང་བཀྲུས་པ་བཞིན། །དབང་པོ་བཅོམ་ལྡན་བླ་མར་གུས་པ་ཉིད་དག་ཚིག་གིས་རྟོགས་བྱ་མིན་པ་ཡོན་ཏན་རྒྱ་མཚོ་གང་ཞིག །སྲིད་པའི་ལམ་དུ་འགྲོ་བའི་སྐྱེ་བོ་ཁྱོད་ཀྱི་མཚན་གྱི་རང་བཞིན་གླུ་དབྱངས་རྟག་ཏུ་ལེན་པ་འདིས་ནི། །གཟུགས་དང་སྐྱེ་ཚུལ་དང་ནི་རྣམ་པར་འབྱོར་དང་རྣམ་གནོན་ཁྱད་འཕགས་ཕུན་སུམ་ཚོགས་མཐའ། །སྒྲོགས་པའི་གྲགས་པ་དྲི་མ་མེད་པ་སྟོན་ཀའི་ཟླ་ལྟར་མཆོག་ཏུ་རབ་མཛེས་ངེས་པར་བདེ་བླག་སྒྲུབ་བོ། །ངག་གི་དབང་ཕྱུག་མཆོག་སྦྱིན་ཁྱོད་ལ་ནོར་གྱི་ཡུལ་ལ་དགའ་དང་བྲལ་བར་གཏོར་མ་མཐའ་གཅིག་ཉེར་བསྒྲུབས་པའི། །བློ་གྲོས་བཟང་པོས་བདུད་རྩིའི་རྒྱུན་གྱིས་བཀྲུས་པར་གྱུར་ཅིང་སྟེང་དུ་འཁོར་ལ་རབ་ཆེར་མྱོས་པ་གླུ་ལེན་པའི། །སྦྲང་རྩི་བྱེད་པའི་ཚོགས་ལྡན་དགའ་བའི་རོལ་པའི་གནས་གཅིག་ཐུབ་པའི་ཡིད་ནི་རྣམ་པར་འགྱུར་བར་བྱེད་པ་ཡང༌། །སྟོབས་ཡོད་གྱུར་པའི་ལོངས་སྤྱོད་དཔལ་ལྡན་ཉིད་ཀྱིས་རྩེན་པ་མཐོ་རིས་རྣམས་སུ་ངེས་པར་ཉམས་སུ་མྱོང་བར་བྱེད། །སྟོབས་རྣམས་ཀྱི་གཏེར་ཁྱོད་ཉིད་གཅིག་པུ་སྐྱབས་བྱས་མི་ནི་ཆང་གི་ལྕི་བའི་འགྲམ་པས་བསྒྲགས་པ་རབ་མཐོ་བའི། །སྤྲིན་དག་ཕམ་བྱེད་གླང་ཆེན་དབང་པོའི་ཚོགས་ཀྱི་དྲི་མ་ཅན་གྱུར་རྣོ་བྱས་མཐའ་དག་མཚོན་ཆའི་འོད་ཟེར་དག །འཕྲོ་པའི་གོས་དག་བཅིངས་པའི་རྐང་ཐང་ཚོགས་ཅན་རབ་མཆོག་ཤིང་རྟ་བཞོན་པའི་དམག་མི་བཟང་ལྡན་ཡིག་འཕྲོག་པའི། །ཇལ་སོ་དང་ནི་རབ་ཏུ་འཇུག་དང་དབང་དུ་འགྲོ་བའི་རྟ་མཆོག་རྣམས་ཀྱི་རོལ་པ་ཅན་དཔུང་རྟེན་པར་བྱེད། །མཁས་པ་རྣམས་ཀྱི་ས་ལ་བཞུགས་པའི་དབང་པོ་དགའ་བའི་གནས་གྱུར་རབ་མཆོག་རྒྱ་མཚོ་རབ་སྦྱིན་བསྟེན་པར་མཛད་པ། །བརྗོད་པ་རྣམས་སུ་མཐའི་གོ་འཕང་ཅན་ཁྱོད་ཐེ་ཚོམ་སོ་སོར་བཅོམ་པ་གང་ཞིག་རྒྱུན་དུ་དྲན་པར་བྱེད་ན། །ན་ཚོད་ཀྱིས་རོལ་བློན་པོ་ཅན་གྱི་ཚོགས་ནི་ལྔ་པའི་དབྱངས་དག་སྒྲུབ་པར་བྱེད་པའི་ངལ་སོས་དགའ་བར་བྱ་ལ། །བསིལ་ཟེར་ཅན་གྱི་གདོང་ཅན་མཛེས་མ་དེ་ཡི་དབང་དུ་གྱུར་པ་འདི་ནི་མི་བདག་དཔལ་དང་ལྷན་ཅིག་གྱུར་རོ། །
སྣ་ཚོགས་པ་ལ་ཕན་པ་ཀུན་ནས་ཆགས་པ་གཅིག་པུར་བཟོད་པའི་ནང་གི་རྒྱུ་ཡི་བྱེད་པ་ལྷག་པའི་བདག་པོ་ཀྭ་ཡེ། །འདི་ནི་གང་ཞིག་ནོར་གྱི་གནས་ལྟར་མཆོག་རབ་ཁྱོད་མཚན་འཛིན་བར་བྱེད་པ་དེ་ཡི་མངོན་དུ་ལྷ་ཡི་གནས་ཀྱི་མཚོའོ། །ཕྱོགས་ཀྱི་གླང་པོ་བྱིངས་པའི་འགྲམ་པ་དག་ལས་འཕོས་པར་གྱུར་པའི་ཆང་གི་དྲི་བཟང་རབ་ཏུ་བསྒོས་པའི་རོལ་པ་ཅན། །བཞད་དང་ངང་པ་ཁྲུང་ཁྲུང་རྐང་པས་མཚན་ཅིང་གསེར་གྱི་པདྨའི་ནགས་མཐོར་བུང་བའི་ཚོགས་རྣམས་སྒྲ་སྒྲོགས་ཅན་ཡང་འགྲུབ། །མུན་པ་འཇོམས་པར་མཛད་པ་བདུད་ཀྱི་དགྲ་བོ་སྡིག་པ་བཅོམ་པ་རྒྱལ་བའི་སྲས་ཀྱི་སལ་རྒྱན་གྱུར་དགའ་བར་མཛད་པ། །ཤུགས་སྟོབས་འདུས་པའི་རོལ་སྒེག་དཔལ་ཅན་སྲིད་པ་ཞིག་པ་རྣམས་ཀྱི་གསུང་གི་ལུགས་དག་སྐྱེད་བྱེད་ཕ་རོལ་གནོན་པ། །མཆོག་སྦྱིན་ཁྱོད་ལ་འབྲས་ལྡན་བསྙེན་བཀུར་བརྩམས་པ་བློ་བཟང་རྣམས་སུ་རྣམ་པར་གསལ་བ་རྒྱས་པ་ལོངས་སྤྱོད་ལ་ཆགས་པས་ཀྱང༌། །འདི་ན་མཆོག་ཏུ་མི་བཟད་ཡུལ་གྱི་ལུས་འཛིན་ལག་འགྲོའི་རྣམ་པར་བསྒྱིངས་པ་རང་འདོད་བཞིན་དུ་རྣམ་པར་འདུལ་བར་བྱེད་དོ། །རབ་ཏུ་གསལ་བར་རྒྱུན་ཆད་མེད་པར་དཔག་མེད་བདུད་རྩིའི་བཅུད་ཀྱི་མ་ལྟར་ཡན་ལག་རྣམས་ནི་ཀུན་ནས་རྒྱས་པར་བྱེད་པ་ཡི། །སོ་སོར་ཀུན་དུ་བལྟ་བ་ཡང་དག་སྒྲུབ་བྱེད་གསར་པའི་འདོད་འབྱུང་ཉམས་ཀྱི་གནས་གྱུར་མཚུངས་པ་མེད་བ་མི་མཉམ་དཔལ་ཅན། །གང་ཞིག་དཀའ་བ་སྤྱོད་པ་རྣམ་པ་སྣ་ཚོགས་ལེགས་བྱས་སྒྲུབ་པ་གཞན་པ་རྣམས་ཀྱིས་རྙེད་པར་སླ་མིན་ཁྱོད་ལ་བརྟེན་པ་ཡི། །ཤིང་གི་འབྲས་བུ་རྒྱུད་པ་མ་ལུས་འཇིགས་བྱེད་ཅེས་བྱ་དེ་འདིར་བརྩོན་པའི་བདག་ཉིད་ཅན་གྱིས་ཡང་དག་ཉམས་སུ་མྱོང་ངོ༌། །གཡོ་བར་གྱུར་པའི་ཞབས་ཀྱིས་བཙིར་བའི་རི་ཡི་དབང་པོ་དང་ལྡན་ས་འོག་རྒན་གྱུར་གྱེན་དུ་འཕྱོང་བའི་ཀླུ་སྐྱོང་གིས་བསྟོད་པ། །དེས་པར་ལྷུང་བཞིན་པ་ཡི་ཕྱག་དབྱིག་ཚོགས་ཀྱི་ཆར་པ་དྲག་པོ་རབ་ཏུ་ལྡན་པའི་ཆུ་འཛིན་རབ་ཏུ་དྲག་པོའི་རླུང་གིས་ནི། །མཆོག་ཏུ་རོལ་བ་དལ་བ་ཞི་བརྒྱས་བྱེད་ལྟ་བུ་གང་ལ་འཇིགས་པའི་དུས་སུ་དོགས་པས་འཇིག་རྟེན་གསུམ་པ་སྐྲག་པར་འགྱུར་བ། །ཐུགས་རྗེ་བཟང་པོས་རྩེན་ཅིང་འཕྲོ་བ་ཁྱོད་ཀྱི་པདྨ་གར་གྱི་དབང་ཕྱུག་རྣམ་པའི་རོལ་པར་འཁུངས་པས་རྒྱལ་གྱུར་ཅིག །མཆོག་སྦྱིན་གཞན་ལ་ཕན་པ་དཔག་མེད་དམ་པའི་བུ་ལོན་མཆོག་ཅན་རྐང་པ་སོ་སོར་མངོན་པར་འཕེལ་ལས་དག་པར་འཁྲུངས་ཤིང་འགྱུར་བ་མེད་
ལ། །མཐའ་ཡི་ངོ་བོར་སོན་པའི་རྣམ་གསུམ་ཏིང་ངེ་འཛིན་རྣམས་ཡང་དག་རྟོགས་པའི་དབང་ལས་འཕགས་མཆོག་རབ་ཏུ་མང་པོ་རབ་ཏུ་དགྱེས་པ་རྣམས་ཀྱིས། །རབ་ཏུ་སྒྲོགས་མཛད་གང་ལ་རྗེས་སུ་དགའ་བས་ཅ་ཅོ་ཡང་དག་སྒྲོགས་པས་མི་ངོམས་སེམས་ལྡན་ལྷ་རྣམས་ཀྱིས་དཀྲོལ་སིལ་སྙན་རྒྱ་མཚོའི་སྦྲུལ་ལྟའི། །ཆར་སྦྲིན་རོལ་པའི་སྒྲ་ཡི་འབྱུང་གནས་རབ་མཐོ་དུད་ལ་སོགས་རྣམས་དལ་བར་མི་བགྲོད་ཁྱོད་ཀྱི་མཐུ་སྟོབས་མཆོག་གི་འདིར་ནི་རྒྱལ་གྱུར་ཅིག །རབ་ཏུ་རྒྱས་པའི་གསེར་གྱི་པདྨའི་སྐལ་བཟང་བརྟེན་པའི་སྐུ་ཅན་རྟེན་བྱེད་རྣམས་ལ་མུན་པར་ཉི་མའི་དངོས་པོ་སྦྱིན་མཛད་པ། །ས་གསུམ་ཞི་བ་སྒྲུབ་པའི་ཆེད་དུ་མྱ་ངན་འདས་པ་བཟློག་མཛད་ཏ་མ་ལ་ཡི་དབྱིབས་ཅན་སྲིད་པའི་དགྲ་ལ་གུས་ཐོབ་ཀྱི། །མགོན་པོ་སྟོབས་བཅུ་པ་ཡི་སྲས་ཀྱི་ཚོགས་ཀྱི་མཆོག་གྱུར་ངེས་པར་འཁྲུགས་པའི་སྡུག་བསྔལ་འཇོམས་མཛད་ཁྱོད་ལ་དེ་ལྟར་བསྟོད་པ་ཡིས། །གང་ཞིག་རབ་བསགས་དགེ་བའི་ཕུང་པོ་ཆེན་པོ་དེ་ལས་སྐྱེ་བོའི་ཚོགས་པ་མཐའ་དག་ལ་ཡང་འབྱོར་པ་དེ་ཉིད་འབྱུང་གྱུར་ཅིང༌། །བདག་ཀྱང་ཁྱོད་ཀྱི་ཞབས་པད་མངོན་བར་མཉེས་པར་བྱེ་དཔའི་དབང་གྱུར་བློ་ཡི་ནང་གི་མུན་པ་ཡང་དག་ངེས་པར་འགགས་པ་སྐྱེས་པ། །མཐའ་དག་དངོས་པོའི་ཕུང་པོ་ལ་ཁྱབ་འདྲིས་པ་རྨི་ལམ་སྒྱུ་མའི་རང་བཞིན་གཉིས་སུ་མེད་པའི་དེ་ཉིད་ཡང་དག་རྟོགས་པ། །བརྩེ་མེད་རྣམས་ལ་བརྩེ་བའི་སྟོབས་དང་མི་བཟློགས་བརྩོན་འགྲུས་སྐྱེས་དང་རྣམ་པ་སྣ་ཚོགས་བྱ་བ་བརྩམས་པས་བདུད་རྣམས་ནུབ་བྱེད་སྤྱད་ཚུལ། །སྲིད་པ་གསུམ་ལ་མཆོག་ཏུ་ཕན་པ་གཅིག་བུའི་བྱ་བ་ཅན་ནི་སྐྱེ་བོ་གཅིག་མགྲོལ་བ་ཇི་སྲིད་དུ་ཡང་སྤྱད་པར་བགྱིའོ། །རབ་རྒྱས་ཐང་གི་ཆུ་སྐྱེས་བཀྲམ་དང་མཚུངས་པ་འཛིན་པའི་ཞབས་གདན་མཐར་ནི་ལྷ་དང་ཀླུ་དང་ལྷ་མིན་དབང་པོའི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་མཛེས་པ་ངལ་སོ། །བཟོད་དཀའ་མཆོག་ཏུ་ཆེ་བའི་སྡུག་བསྔལ་མེས་ཉམས་ནུས་པ་འཁྲུགས་པའི་འཇིག་རྟེན་གསུམ་པོ་མྱ་ངན་བྲལ་བར་བྱས་ལ་ངལ་དང་ངལ་སོ་མེད་པའི་སྤྱོད་པ་རྨད་བྱུང་གཏེར་གྱུར། །རྫོགས་པའི་སངས་རྒྱས་རྣམས་ཀྱི་རིགས་རྒྱུད་དག་པའི་རྒྱན་དུ་རབ་གསལ་གྲགས་བ་རྒྱས་པས་ཕྱོགས་ཀྱི་ཁོངས་དག་ཁྱབ་པ་གཞོན་ནུ་ངག་གི་དབང་ཕྱུག་བཟློག་པར་དཀའ་བ་བདུད་ཀྱི། །དཔའ་བོའི་དམག་དཔུང་ཀུན་གྱི་སྤྲོ་བ་འཇིགས་པར་བྱེད་ལ་མངོན་པར་
དགའ་དང་ལྡན་པའི་མཉམ་མེད་ནུས་པ་བཀོད་པས་ཤིན་ཏུ་རབ་གདུང་བྱེད་པ་ཤར་འདིས་རྒྱལ་བར་གྱུར་ཅིག །སྟོབས་ལྡན་རྡོ་རྗེ་བཙུན་མོ་མཆོག་གི་ཡན་ལག་རྣམས་སུ་ཡོངས་སུ་བསྐྱོད་པས་རྣམ་བར་རོལ་མཛད་གསོག་གསོ་བ་ཚོགས་ལས་འགྲོ་བ་རྒྱལ་བའི་གོ་ཆ། །རྒྱུ་མར་བཅས་ཤིང་ཞག་བཅས་ཁྲག་དང་ཆང་གི་བཏུང་བས་རྣམ་པར་མྱོས་པས་མ་བསྡམས་རྣམ་འགྱུར་གང་རྒྱངས་ཆེར་བ་གད་ལྷ་དང་ལྷ་མིན་སྐྲག་མཛད། །ཐུགས་བརྩེ་བ་དང་ཤིན་ཏུ་སྦྱོར་བ་ངོ་མཚར་རང་བཞིན་དཔེ་ཟླ་མེད་པའི་དྲག་པོའི་སྐུ་ཅན་གཉིས་མེད་རྒྱ་མཚོ་ཆེན་པོར་ངས་བར་ཞུགས་པ། །ཡོན་ཏན་དག་པའི་གཞིར་གྱུར་རྒྱ་ཆེའི་གར་གྱི་ཉམས་དགུ་རྣམས་དང་ལྡན་པ་རོལ་པའི་སྤྱོད་ཚུལ་ཅན་གྱུར་ཐུགས་རྗེའི་སྟོབས་ལ་མངོན་པར་ཕྱག་འཚལ། །ཞེས་པ་བྱ་དཀའི་བྱེ་བྲག་བྲྀཏྟ་མཱ་ལའི་བསྟོད་པར་མཉམ་པའི་པྲྀཏྟ་རྣམས་སོ། །ཐུགས་རྗེའི་དབང་གིས་འཇུག་པའི་ཚུལ་ཅན་ཁྱོད་ཀྱི་སྐུ། །ཤར་ཀ་མིན་པའི་རི་བོད་ཅན་གྱི་འོད་ཅན་བྱེད། །ཕྱེད་ནི་ཉི་མ་ཤར་ཀའི་གཟུགས་བརྙན་འཛིན་པ་འདིས། །སུ་ཡི་ཡིད་ནི་འཛིན་པར་མི་བགྱིད་ལགས། །མྱུར་བ་དེ་ཉིད་བདུད་རྩིའི་བཅུད་ཀྱིས་ཚིམ་པའི་ཁྱད་པར་དང༌། །མཐའ་དག་ཀུན་དུ་བསྒྲུབས་པའི་དངོས་གྲུབ་དབང་ལས་ཀྱང་ནི། །ཁྱོད་ཀྱི་ཞབས་དག་ཉམས་སུ་མྱོང་བའི་བློ་གྲོས་མེད་པ་རུང༌། །འབྱུང་བྱ་མིན་ནོ་སྡིག་པ་འཇོམས་པ་རིགས་པ་ཀྭ་ཡེ། །གཙོ་བོ་འགྲོ་ལ་ཕན་པ་གལ་ཏེ་ཁྱོད་ཀྱིས་ནི། །གཟིགས་པ་བདུད་རྩིའི་རོ་ཡི་རྒྱུན་དང་དོ་ཤལ་མཛེས་པས། །ཁྱབ་པར་བྱས་པས་དཀར་ལ་མཐོ་བ་དེ་རྣམས་ཀྱིས། །ལུས་འགྱུར་ན་ནི་མཁས་པ་རྣམས་ཀྱི་ལྷག་པ་ཅི་འདོད། །ཞལ་གྱི་དཔལ་ནི་རྒྱས་བར་གྱུར་པ་མཆོག་འདི་ཐུགས་རྗེ། །ཆེན་པོའི་བློ་ཅན་གཉུག་མའི་བློ་གྲོས་དཔལ་གྱི་བཅུད་རྣམས་དང༌། །ཡན་དག་ལྡན་ཞིང་གཡོ་བའི་མཆུ་ཡི་འདབ་མ་ཅན་ནི། །ཤིན་ཏུ་ཡིད་འཕྲོག་གསེར་གྱི་ཆུས་ཀྱེས་རྒྱས་འདོད་བཞིན་དུ་སྣང༌། །ཁྱོད་ཀྱི་ཞལ་བཟང་གཞན་འདི་ཨུཏྤལ་བསྡམས་པ་ཡི། །མཛེས་པ་རྣམས་ནི་ཡང་དག་བསགས་པ་བཞིན་དུ་སྣང་ཞིང༌། །ཞལ་རས་གཞན་པ་ཀུ་མུ་ཏ་ཡེ་དཔལ་གྱིས་ནི། །ཡང་དག་བསྐྱེད་པ་བཞིན་ཏེ་འདི་འདྲས་ཡིད་འཕྲོང་མཛད་དོ། །འགྲོ་བ་གསུམ་ལས་རྒྱལ་བའི་ངང་ཅན་ཁྱོད་ཀྱིས་ནི། །རོལ་པ་འདི་ཡང་བྱིས་པའི་རོལ་པའོ་གང་ཕྱིར་ལ་ལར། །དོན་སྒྲུབ་པ་ནི་ཐམས་ཅད་བསྐྱོད་ཕྱིར་ཁྱོད་ཀྱིས་ནི། །སྤྱོད་པའི་ཚུལ་འདི་ཨེ་མ་ཕྱེད་མཉམ་པ་རུ་མཐོང་ངོ༌། །སྐད་ཅིག་
གཅིག་ལ་སྟོབས་ཀྱིས་འཇིག་རྟེན་གསུམ་གྱི། །རྩེ་མོ་ཀུན་ནས་གནོན་པ་ཁྱོད་ཀྱི་ཞལ་མཐོང་ནས། །ཀུན་གྱི་དག་ནི་རང་གི་བྲན་མོ་བཞིན་དུ། །ཁྱོད་ལ་སྙན་པར་སྨྲ་བར་ཅི་ལྟར་མི་འགྱུར་ལགས། །ཁྱོད་ཀྱི་ཐུགས་རྗེ་གལ་ཏེ་ཤུགས་ལྡན་མི་འགྱུར། །ན་ནི་རང་གི་ངང་གིས་འབྱུང་བའི་ཞི་བའི་ལམ། །བསལ་ནས་བློ་ལྡན་གྱིས་ཀྱང་རྟོགས་པར་དཀའ་བའི། །སྤྱོད་པ་ཤིན་ཏུ་ངོ་མཚར་བརྒྱ་ཡིས་ཅི་ཞིག་ལགས། །ཀུན་ལས་ཁྱད་པར་འཕགས་པའི་གཟི་བརྗིད་ཀྱི་གནས། །ཡན་ལག་ཀུན་ཁྱབ་མཚོན་སླ་མཚན་གྱི་དཔལ་ལྡན་ཞིང༌། །བཟང་པོ་རྣམ་པར་གསལ་བ་ཁྱོད་སྐུ་ཀུན་གྱིས། །དྲན་པར་གྱུར་བས་ཀྱང་ནི་བཟང་པོ་རྒྱས་པར་མཛད། །གཞན་དོན་མཆོག་ཏུ་དོན་གཉེར་རྣམས་ཀྱིས་ཁྱོད་སྐུ་ཀུན་ནས་འཕྲོ་ཞིང་མངོན་པར་དགའ་འོས་འོད་ཟེར་གྱི། །རང་བཞིན་རྡོ་རྗེ་པདྨ་རལ་གྲི་ནོར་བུ། །འཁོར་ལོ་རྣམས་ཀྱི་ཏོག་དང་ལྡན་པར་རྣམ་པར་སྣང༌། །སེམས་སྐམས་ཙམ་གྱིས་དངོ་སྦོ་བསྟེན་པའི་སྙིང་རྗེ་ལ་ནི་ཕུན་ཚོགས་གཞན་དང་གཞན་མིན་དོན་འདི་འདྲ་བ་གལ་འབྱུང༌། །དེ་འདི་ཁྱོད་ཀྱི་དབྱིབས་ཀྱིས་དོར་ཏེ་དེ་ཕྱིར་ཆ་ཤས། །སྒྲ་དང་ལྡན་པའི་རྐྱེན་དང་བུད་མེད་རྟགས་ཀྱིས་བརྗོད་པའོ། །འཆར་བཞིན་པ་ཡི་སྐྱ་རེངས་རྣམས་ཀྱི་འོད་ཟེར་ཚོགས་ཀྱིས་ཡོངས་སུ་བསྐོར་བའི། །གསེར་གྱི་རང་བཞིན་དྲི་མ་དང་བྲལ་ཁ་བའི་འོད་ལས་ངེས་རྒྱལ་བ། །འགྲོ་བ་མ་ལུས་མངོན་པར་དགའ་བར་བྱེད་ལ་མཁས་ཤིང་ཤིན་ཏུ་མཛེས་པ། །ཁྱོད་ཀྱི་སྐུ་ལུས་འདི་ཡིས་རྒྱལ་བར་གྱུར་ཅིག་ཤིན་ཏུ་བྱུང་བ་ཀྱེ། །སྲིད་པ་གསུམ་གྱིས་རྟོགས་པར་དཀའ་བའང་ཞབས་ལ་ཡོངས་སུ་རྒྱུ་བ་ཅན་གྱི་རྣལ་འབྱོར་ལྕི་བ་བཅོམ་ལྡན་བདེ་བར་གཤེགས་པ་དཀར་པོ་མ་ཡིན་པའི། །གཟུགས་བརྙན་དང་མཚུངས་དྲི་མ་རྣམ་པར་བྲལ་བའི་ནོར་བུ་ངེས་པར་བསགས་པས་སྤྲས་ཕྱིར་ལེགས་པར་ཡོངས་སུ་འབྱོར་བའི་ཡོན་ཏན་རྣམས་ཀྱི་གནས། །རང་གི་ཚུལ་ལུགས་རྗོད་པར་བྱེད་པའི་སྒྲ་ནི་ཞུམ་པ་བརྗོད་པ་ཡང་དག་རྗེས་སུ་བྱེད་ལ་རོ་ཅན་ལྟ་བུའི་ལྷ་ཡི་མེ་ཏོག་དྲི་བཟང་པོ། །ཡོངས་སུ་བྱུགས་པའི་དྲི་བཟང་གིས་འདུས་བུང་བའི་ཚོགས་ཀྱི་འཕུངས་གཏེར་ཁྱོད་ཀྱི་གཙུག་གི་ཕུད་ཀྱིས་རྒྱལ་བར་གྱུར་ཅིག་རྟོགས་པའི་ཆུ་གཏེར་གྱི། །ཡང་དག་དར་བའི་ཕྱོགས་ལ་འདོད་པ་ཉེ་བར་བབ་བ་རྣམས་ལ་ཡང་དག་དར་བར་བྱེད་པ་རྣམ་པ་སྣ་ཚོགས་མངོན་པར་རྗོད་བྱེད་ཅིང༌། །རབ་ཏུ་ཞི་བའི་བདེ་བའི་རོལ་རོ་མྱོང་བློ་ཅན་རྣམ་ལ་དཔེ་ཟླ་མེད་པའི་ཞི་བའི་བདེ་བའི་ལམ་རྗོད་བྱེད་ལ་ལྟུར་ལེན་ཆེན་པོ་ཅན། །དཔག་ཏུ་མེད་པའི་ལེགས་པར་བྱས་པའི་འབྲས་བུ་བློ་ཅན་རྣམས་ལ་ངེས་པར་དྲང་ཞིང་གྱ་གྱུའི་བློན་ཅན་རྣམས་ལ་ཕུལ་
དུ་ནི། །དབྱུང་དུ་མེད་པའི་འཁྱོག་པའི་ཚིག་ཅན་ཁྱོད་ཀྱི་གསུང་གིས་རྒྱལ་བར་གྱུར་ཅིག་ལྷག་པའི་བདག་པོ་རྒྱལ་བའི་ཚུལ་གྱི་འདྲེན་བྱེད་བདུད་རྩིའི་ཁང་བ་ཀྱེ། །གང་ཞིག་ཁྱོད་ལ་བསྟོད་ཅིང་ཁྱོད་ཀྱི་ཡོན་ཏན་རྣམས། །ཀུན་ནས་བཤད་པ་འདི་ཞེས་མངོན་པར་རློམ་བྱེད་པ། །དེ་ནི་ངེས་པར་འཁུར་བ་གང་བའི་ཆུ་ལྡན་བས། །བདག་གི་ཆུ་གཏེར་ངེས་པར་འཐུངས་སོ་ཞེས་པ་ཉིད། །འོ་ན་ཀྱང་དྲན་པའི་དགྲ་བོ་མ་ལུས་རྣམས་ཀྱིས་ཀྱང༌། །བརྗོད་བྱ་ཉིད་ནི་བརྗོད་མི་སྤྱོད་པ་མགོན་ཁྱོད་ཀྱི། །ཡོན་ཏན་རྣམས་ལ་དོན་མེད་མངོན་པའི་ང་རྒྱལ་གྱིས། །བརྗོད་པ་འདི་ནི་ཕྱིན་ཅི་ལོག་པ་སྔ་མ་ཅན། །ཞེས་པ་འཇུག་ཚུལ་ཕྲེང་བ་ཕྱེད་མཉམ་པའི་བྲིཏྟ་རྣམས་སོ། །ཡོན་ཏན་རྒྱ་མཚོ་སྐབས་གཞན་རྣམས་སུ། །རྒྱ་མཚོ་མ་བསྐམས་བརྒྱད་པོ་ཞབས་ཀྱིས་ཏེ་པོར་བཙིར་ལས། །འཕེལ་པ་རྣམས་ཀྱིས་སོར་མོའི་ཁུང་བུ་གང་བ་མིན་ཞིང་བཟོད་བྱ་མིན་པ། །ཞབས་ཅན་མི་མཉམ་པ་ནི་རྐང་པ་བཞི་པོ་གོང་མ་ཅན་གྱི་ཐུགས་རྗེའི་དགོངས་པ་ཐོབ་བྱེད། །ཅེས་པས་ངེས་པར་བསྒྲགས་པའི་རང་བཞིན། །མི་ཟད་ཞབས་ཀྱི་བཀོད་པ་བྱ་ཞིང་ཡང་བ་དང་ནི། །ལྕི་བའི་ངེས་པ་འཛིན་ལ་གལ་ཏེ་ཁྱོད་ཀྱིས་ངེས་པར་མངོན་པར་སྨྲེ་སྔགས། །ཚིག་སྒྲུབ་པ་ལ་རྗེས་སུ་གདུང་བར་མི་འགྱུར་བ་ནི་འཇིགས་པར་འགྱུར་བ་མིན་པ་སུ་ཡིན། །མ་རུངས་སྐྱེ་བོ་འདུལ་བར་བྱེད་ཅིང༌། །རྣམ་པར་གཙིགས་པའི་སྐུ་ལུས་སྟོན་པར་མཛད་པ་ཁྱོད་ཀྱིས། །མེ་ཏོག་ཁ་འབུས་འདི་ནི་གྲོང་གསུམ་འཕྲོག་པའི་ཅོད་པན་ནོར་བུ་འདྲ་དང༌། །ཤིན་ཏུ་ཡུན་རིངས་པན་པའི་བློ་གྲོས་ངེས་པར་མཛད་པའི་སྡོང་བུའི་མྱུ་གུ་བཞིན་དུ་སྣང་ངོ༌། །ཁྱོད་ཀྱི་སྤྱན་གྱིས་ཅུང་ཟད་གཏད་པའི་རོལ་བ་རབ་ཏུ། །སྟོབས་ལྡན་མངོན་པར་མངོན་པར་ཕྱོགས་པས་མེ་ཆེན་སྟུག་པོ་འཇིགས་སུ་རུང་བའི། །དྲ་བ་རབ་ཏུ་རྒྱས་པའི་ནམ་མཁའི་མཐིལ་དུ་བར་མཚམས་མེད་པ་འཛིན་པར་བྱེད་ཅིང་གཤིན་རྗེ། །ཡང་ནི་རབ་ཏུ་ཞི་བར་མཛད་དོ། །འདི་ནི་ཁོ་ན་སྡིག་པ་དྲག་པོ་དུག་གི་ཕུང་པོ། །མཐའ་དག་རབ་ཏུ་ཞི་བྱས་སླར་ཡང་སྐྱེ་བོ་འཇམ་པོའི་རྗེས་སུ་ཡང་དང༌། །ཡང་དུ་མངོན་པར་གསར་བའི་བདེ་བ་མཉམ་པ་མེད་པའི་གཏེར་དག་ཀུན་དུ་འདྲེན་པར་བྱེད་ཅིང༌། །ངེས་པར་གྱུར་པའི་བདུད་རྩིའི་རྒྱུན་ལགས། །དབང་པོ་སྐུ་ལུས་ཆུ་གཏེར་ཕུང་པོ་གློག་གིས། །མཆོག་ཏུ་འབར་ཞིང་ཆུ་ཡི་ཁུར་གྱིས་ལྗིད་ལ། །འཇིགས་རུང་འབྲུག་སྒྲ་ཆེ་ལྡན་ཐུགས་རྗེ་ལྕི་ཡང་གིས། །འགྲོ་བ་རྒྱུན་དུ་འཕགས་པ་འདི་ཡིས་རྒྱལ་གྱུར་ཅིག །འདི་ཉིད་ཕྱིར་ན་ཤིན་ཏུ་བྱ་བ་དཀའ་བ་ཡི། །རྣམ་པར་རོལ་པ་བརྒྱ་རྣམས་རྒྱས་པར་མཛད་པ། །ཁྱོད་ཀྱིས་གསལ་བར་གྲགས་པའི་དྲི་བཟང་ཉིད་ཀྱིས། །རྨད་དུ་བྱུང་བ་འདི་ཡིས་
འཇིག་རྟེན་མ་ལུས་ཚིམ་པར་མཛད། །ཁྲོ་གཉེར་གཟིགས་སྟངས་ཅན་གྱི་ཚེམས་རྣམས་ལ་ནི། །རྣམ་པར་འགྱུར་རྣམས་ཅི་ཡང་རྣམ་པར་འཛིན་པ། །ཁྱོད་ཀྱི་སྐུ་ལུས་རྒྱལ་བར་གྱུར་ཅིང་འོན་ཀྱང་གང་ཞིག །མི་བཟད་འདི་འདྲ་བ་ཡིས་འཇིག་རྟེན་པ་རྣམས་འདུལ་བར་མཛད་ལ། །རི་ཡི་བྱ་སྐྱིབས་འཇིགས་པ་རྨད་བྱུང་ཕུལ་བྱུང་དེ་འདྲ་བ་ཡང༌། །འགྲོ་ལ་མི་ཕན་གཞོམ་པའི་ཆེད་དུ་ཀུན་དུ་མཉམ་དུ་ནི། །ཁྱོད་ཀྱིས་དལ་བུར་གཤེགས་པ་རོལ་པ་དང༌། །བཅས་ལའང་ཕུལ་དུ་དབྱུང་དུ་མེད་པའི་མགྱོགས་ལྡན་རླུང་གི་རྗེས་འགྲོ་མིན། །གཞན་ཡང་བཅོམ་ལྡན་འདས་ཀྱི་ཁྱུ་མཆོག་རླབས་པོ་ཆེའི། །གནས་ནི་མཚུངས་པ་མེད་པ། །དག་པར་སྣང་བའི་ཁྱད་པར་ཅན། །འཛིན་པ་ཁྱོད་ནི་རྟེན་དུ་ཐོབ་པ་དེ། །དེ་ཕྱིར་གཞན་པ་མི་མཉམ་རྣམས་ཀྱི། །མགོ་བོར་རྐང་པ་ངེས་པར་འཇོག །བསམ་པ་གཅིག་པ་ཕུན་སུམ་ཚོགས་པས། །ཁྱོད་མཉེས་བྱས་ནས། །དགེ་བ་དྲི་མ་མེད་པ། །འཕེལ་པ་བཞིན་པ་ཞེས་གང་ཡོད་པ། །དེ་ལས་འཇིག་རྟེན་མ་ལུས་འདི་རྣམས་ཤིན་ཏུ་སྤྱོད་ཚུལ། །ཁྱད་པར་རྣམས་ཀྱིས། །ཁྱོད་ཀྱིས་མངོན་པར་དགོངས་པའི། །གོ་འཕང་ཆེན་པོར། །མཆོག་ཏུ་འགྲོ་བར་གྱུར་ཅིག །གཞན་ཡང༌། ངེས་པར་འདོད་བྱ་དྲི་མ་མེད་པས། །དགེ་བ་འདི་ནི། །སླར་ཡང༌། །རབ་ཏུ་བསགས་པར་བྱས་པས། །ལུས་དང་ལྡན་པ། །མཐའ་དག་རྣམས་ཀྱི། །སྲིད་པ་ཡིས། །མཚན་མོ་ལས་བྱུང༌། །མུན་པའི་ཕུང་པོ། །རྣམ་པར་བྲལ་གྱུར་ཅིག །གཞན་ཡང༌། །སྟོབས་ལྡན་ཤེས་རབ་རབ་དཀར། །ཀུན་ནས། །འཁྱུད་པས། །ལུས་མེད་རྩེན་པ། །འདི་རུ་གཟིངས་ཆེན་པོ་ལ། །མཛེས་པ་བསགས་པའི། །རང་བཞིན་ལྟ་བུའི་ལུས་ནི། །ཕུལ་དུ་དབྱུང་དུ་མེད་པའི། །སྙིང་རྗེ་ཅན། །འབབ་བྱེད་ཅིང༌། །ཉམས་སུ་མྱོང་འགྱུར། །ཁྱོད་ལ། །སྣ་ཚོགས། །འཇུག་ཚུལ་རྣམས་ཀྱིས། །དེ་ལྟར་བསྔགས་པས། །དགེ་བ་ཟླ་བའི་འོད་ཟེར། །དྲི་མེད་བསགས་པ་གང་ཡིན། །དེ་ལས་འཇིག་རྟེན། །མྱ་ངན་ལས་ནི། །ཡོངས་གྲོལ་བ། །བདེ་བ། །ཆེན་པོས། །ཁྱབ་པའི། །རྩེ་མོ་གྲོགས། །མཆོག་འབྱུང་འགྱུར། །འཕགས་པ། །འཇམ་པའི་དབྱངས་ཀྱི་བསྟོད་པ། །བྱ་དཀའ་བའི་ཁྱད་པར་འཇུག་ཚུལ་གྱི་ཕྲེང་བ། །མཁས་པ་ཆེན་པོ་གནས་བརྟན་ཡེ་ཤེས་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།འདི་ཡི་གེ་བཅུ་གཉིས་པའི་ཚིགས་བཅད་བཅུ་གཉིས་པ་ཡ་མུན་ཡན་ཆད། ཤོང་སྟོན་ལོ་ཙཱ་བ་ཆེན་པོ་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་ཏེ་འཕྲོ་ལ་ལུས་པ་ལས་ཤོང་སྟོན་དེ་ཉིད་ཀྱི་བརྒྱུད་པའི་སློབ་མ་དཔང་ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས། སློབ་དཔོན་ཤཱཀྱ་རཀྵི་ཏས་མཛད་པའི་འགྲེལ་པ་ལ་བརྟེན་ནས། ཡོངས་སུ་རྫོགས་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །