Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གཉིས་བརྒྱ་གསུམ་པ།


   
   
   
   
   
   
ཐམས་ཅད་ཀྱི་དབང་ཕྱུག་གི་བཅུད་ལེན་ནད་ཐམས་ཅད་འཇོམས་ཤིང་ལུས་ཀྱི་སྟོབས་རྒྱས་པར་བྱེད་པ་ཞེས་བྱ་བ། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐམས་ཅད་ཀྱི་དབང་ཕྱུག་གི་བཅུད་ལེན་ནད་ཐམས་ཅད་འཇོམས་ཤིང་ལུས་ཀྱི་སྟོབས་རྒྱས་པར་བྱེད་པ་ཞེས་བྱ་བ། next

ཐམས་ཅད་ཀྱི་དབང་ཕྱུག་གི་བཅུད་ལེན་ནད་ཐམས་ཅད་འཇོམས་ཤིང་ལུས་ཀྱི་སྟོབས་རྒྱས་པར་བྱེད་པ་ཞེས་བྱ་བ།


DTG203_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦེ་ཤྭ་རར་ས་ཡཱ་ན་རོ་ག་ཧ་རི་ས་རཱི་པུཥྚི་ཀ་ར་ནཱ་མ། བོད་སྐད་དུ། ཐམས་ཅད་ཀྱི་དབང་ཕྱུག་གི་བཅུད་ལེན་ནང་ཐམས་ཅད་འཇོམས་ཤིང་ལུས་ཀྱི་སྟོབས་རྒྱས་པར་བྱེད་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དང་པོ་དངུལ་ཆུ་སྦྱང་བའི་དོན་དུ་སོ་ཕག་གི་ཕྱེ་མ་དང་སྦྱར་ལ་ལན་བདུན་གྱི་བར་དུ་བཏག་ཅིང་སྦྱར་བར་བྱའོ། །དེའི་སྐབས་སུ་ཡང་ཉི་མ་ལ་བདུག་པར་བྱའོ། །ཤིང་ཨ་ཀོན་གྱི་འོ་མས་ལན་བདུན་གྱི་བར་དུ་བཏག་ཅིང་སྦྱང་བར་བྱའོ། །དེའི་སྟབས་སུ་ཡང་ཉི་མ་ལ་བདུག་པར་བྱའོ། །ཡང་ཤིང་བེ་འུན་གྱི་འོ་མས་སྔར་བཞིན་ནོ། །ཀཎྚི་ཞེས་བྱ་བའི་ཤིང་ཚེར་མ་ཅན་གྱི་ཁུ་བས་སྔར་བཞིན་ནོ། །ཀུ་མཱ་རའི་ཁུ་བས་སྔར་བཞིན་ནོ། །ཙི་ཏྲའི་ཁུ་བས་སྔར་བཞིན་ནོ། །མཛེ་ཚའི་ཁུ་བས་སྔར་བཞིན་ནོ། །སྨན་དེ་རྣམས་བཀྲུས་ཤིང་དངུལ་ཆུ་བཟུང་ངོ༌། །ལིང་གི་ཞེས་བྱ་བའི་སྨན་འདབ་མ་གསུམ་པ། རོ་ཚ་མེ་ཏོག་མེད་པ། སྡོང་བུ་མཐོ་གང་ཙམ་ཡོད་པའི་ཁུ་བ་རླུགས་ནས་བཏགས་པས་སྐམ་ཞིང་སྐུད་བ་ལྟར་དྲང་དུ་འདོད་པར་འགྱུར་རོ། །ཟངས་སྦྱོང་བར་འདོད་པས་སྲབ་མོར་བྱས་ལ་སྐྱུར་པོའི་ནང་དུ་ཞག་བདུན་གྱི་བར་དུ་སྦང་ངོ༌། །དར་བའམ་ཆུར་ཁུ་ལ་ཡང་དེ་བཞིན་ནོ། །ལེགས་པར་བཀྲུ་བར་བྱའོ། །དེ་ནས་ཟངས་དང་མུ་ཟི་མཉམ་པར་བྱས་ལ་རྫ་གོང་ནང་དུ་དུ་བ་མི་འཆོར་བར་བྱའོ། །དངུལ་ཆུ་ལྟ་བུར་དཀར་པོར་འགྱུར་རོ། །གཤའ་ཚེ་སྦྱོང་བ་ལ་པོང་གི་ཁུ་བས་སྔར་བཞིན་ནོ། །ལྕགས་གསད་པར་འདོད་པས་བའི་ཆུ་ལ་འབྲུ་གསུམ་བཏབ་ལ་སྲབ་མོར་བྱས་ལ་གཞུག་གོ །བཅུག་པ་ནི་བསྲེགས་པས་སོ། །ཕྱི་ནས་ཡང་འབྲུ་གསུམ་བཅུག་ལ་ཟངས་བཞིན་ནོ། །ལྷང་ཚེར་གསད་པར་འདོད་པས་ཞིབ་ཏུ་བཏགས་ལ་སྐྱུར་བོར་བཅུག་ལ་ཟངས་བཞིན་ནོ། །ཨ་ར་དྷེའི་ལོ་མ་ནི་གཉེན་པོ་ཡིན་ཏེ་ཟངས་བཞིན་ནོ། །བའི་ལྕི་བས་ཁ་མནན་པར་བྱའོ། །རྡོ་ཕ་ཝང་གསད་བར་འདོད་པས། ཀྵི་རི་ཀ་ན་ཏའི་ལོ་མས་ཉི་མ་ལ་ལན་བདུན་བདུག་པར་བྱའོ། །མར་ཁུ་ཚན་དེ་བཅུག་བ་སྔར་གྱི་ཟངས་བཞིན་ནོ། །དཀར་པོར་སོང་བ་ནི་འབྱེད་པའོ། །དངུལ་སྦྱང་བར་འདོད་པས་ནིར་བ་སིའི་ཁུ་བས་ལན་བདུན་གྱི་བར་དུ་ལྕགས་བཞིན་དུ་གསད་པར་བྱའོ། །ཇི་ལྟར་དངུལ་ཆུ་གསད་པ་བཞིན་དུ་བི་མ་ལ་ཡང་གསད་པར་བྱའོ། །གསེར་སྦྱོང་བར་འདོད་པས་ཀ་ཙ་ནའི་བ་ཇི་ལྟར་ཟངས་གསོད་པ་བཞིན་བྱའོ། །ཇི་ལྟར་གསེར་གསོད་པ་བཞིན་སུ་བ་ཀི་ཏ་ཡང་དེ་བཞིན་ནོ། །དེ་ལྟར་སྦྱངས་པ་ཐམས་ཅད་ཆ་མཉམ་པར་བྱས་ལ། ཨ་བ་ནི་ཆ་གསུམ་མོ། །དེ་ལྟར་ཐམས་ཅད་ཞིབ་ཏུ་བཏགས་ལ་གོང་བུར་བྱའོ།།


DTG203_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པ་ལ་ར་ཏི་བཞི་བཞི་བྱིན་ན། ནད་ཐམས་ཅད་འཕྲོག་གོ །སྐྱུར་པོ་དང་སྔོ་སྤང་ངོ༌། །ཕྱེ་དང་ཁུར་བ་ཡང་སྤང་ལ། ར་ཏི་བཞི་བཞི་ཟླ་བ་དྲུག་ཏུ་ཟོས་ན། སྐྲ་དཀར་དང་གཉེར་མ་སྤོང་ཞིང༌། ཚེ་ཉི་ཟླ་དང་མཉམ་མོ། །མཚོན་གྱིས་མི་ཆོད་ཅིང་བུད་མེད་ལ་ཁུ་བ་འཕྲོ་བར་མི་འགྱུར་རོ། །ཟླ་བ་དྲུག་གི་བར་དུ་གྲུ་ལ་ཕྱིན་ན་འབྱིངས་པ་བསྲུང་ངོ༌། །དབང་ཕྱུག་གིས་བསྟན་པའི་རིན་པོ་ཆེའི་བཅུད་ལེན་གྲུབ་པ་རྫོགས་སོ།། །།ཧ་རི་དྷོ་བར་གྱི་རྣལ་འབྱོར་བ་ཤི་བ་དཱ་ཤ་དང༌། ཨུ་རྒྱན་པས་པུ་ཏྲར་བསྒྱུར་བའོ། །


previousཐམས་ཅད་ཀྱི་དབང་ཕྱུག་གི་བཅུད་ལེན་ནད་ཐམས་ཅད་འཇོམས་ཤིང་ལུས་ཀྱི་སྟོབས་རྒྱས་པར་བྱེད་པ་ཞེས་བྱ་བ། next