Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གཉིས་བརྒྱ་གསུམ་པ།


   
   
   
   
   
   
   
   
   
   
གཡུལ་ལས་རྣམ་པར་རྒྱལ་བ་ཞེས་པའི་རྒྱུད་ཀྱི་རྒྱལ་པོ་དབྱངས་འཆར་བ་ཞེས་བྱ་བ། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཡུལ་ལས་རྣམ་པར་རྒྱལ་བ་ཞེས་པའི་རྒྱུད་ཀྱི་རྒྱལ་པོ་དབྱངས་འཆར་བ་ཞེས་བྱ་བ། next

གཡུལ་ལས་རྣམ་པར་རྒྱལ་བ་ཞེས་པའི་རྒྱུད་ཀྱི་རྒྱལ་པོ་དབྱངས་འཆར་བ་ཞེས་བྱ་བ།


DTG203_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡུ་དྷ་ཛ་ཡཱ་རྞ་བ་ཏནྟྲ་རཱ་ཛ་སྦ་རོ་ད་ཡ་ནཱ་མ། བོད་སྐད་དུ། གཡུལ་ལས་རྣམ་པར་རྒྱལ་བ་ཞེས་པའི་རྒྱུད་ཀྱི་རྒྱལ་པོ་དབྱངས་འཆར་བ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྗེ་བཙུན་ཡེ་ཤེས་འོད་ཟེར་གྱིས། །འགྲོ་བ་མུན་པར་ལྡོངས་པ་རྣམས། །རྨོངས་པ་ཐར་མཛད་འདྲེན་པའི་གཙོ། །ཞི་བ་ཉི་ཟེར་གུས་ཕྱག་འཚལ། །དཔལ་ལྡན་ཀཻ་ལཱ་ས་རི་ལ། །ལྷ་མཆོག་བཅོམ་ལྡན་འདས་བཞུགས་ཏེ། །ལྷ་མོ་གངས་རིའི་སྲས་མོ་ཡང༌། །མྱུར་དུ་གཙོ་བོ་མཉེས་བྱེད་བརྩོན། །གྲུབ་པའི་ཚོགས་མཉམ་ཐམས་ཅད་དང༌། ཐུབ་པའི་ཚོགས་རྣམས་འོངས་ཤིང་འདུས། །འཇིག་རྟེན་དོན་གཉེར་འདུས་པ་ཀུན། །སྟོན་པའི་མདུན་ན་མཉན་འདོད་འཁོད། །ལྷ་མོས་གསོལ་བ། །བཅོམ་ལྡན་ལྷ་ཡི་ལྷ་མཆོག་གཙོ། །རི་བོང་ཅན་ནི་སྤྱི་བོར་འཛིན། །དབང་ཕྱུག་ཆེན་པོ་ཡེ་ཤེས་དོན། །དཀར་མོ་བདག་ལ་རྣམ་པར་འབྱེ། །མཆོག་ཏུ་དགའ་བ་གསང་བ་ཅན། །དབྱངས་འཆར་ཞེས་བྱ་གསང་བའི་རྒྱུད། །ཁྱོད་ཀྱིས་བདག་ལ་སྔར་གསུངས་པ། །སྐྱེ་བོ་བློ་གྲོས་དམན་པ་ལ། །རྒྱས་མིན་ཤིན་ཏུ་གསལ་བ་ནི། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །དབང་ཕྱུག་ཆེ་ལ་བདག་གསོལ་བས། །མདོར་བསྡུས་པ་ནི་བཤད་པར་གསོལ། །ལམ་ལྡ་རྣམ་པར་ཤེས་པ་དང༌། །དབྱངས་དང་གསལ་བྱེད་འཆར་བ་ལས། །སྟོབས་ཀྱི་བྱེ་བྲག་ཇི་ལྟར་ལགས། །གཟའ་གནས་དུས་སྦྱོར་འཆར་བ་ཡིས། །དགེ་དང་མི་དགེ་བདེ་དང་སྡུག །དེ་བཞིན་རྙེད་དང་མི་རྙེད་དང༌། །འཚོ་དང་འཆི་བ་དེ་བཞིན་ཅི། །དེ་བཞིན་རྒྱལ་དང་འཕམ་པ་དང༌། །འགྲོ་དང་འོང་བའི་བྱེ་བྲག་ཅི། །རང་གི་ལུས་ཀྱི་སྦྱོར་བ་ཡིས། །གཞན་གྱི་སེམས་དང་ཁུ་ཚུར་གྱི། །དེ་བཞིན་བྱེ་བྲག་ཤེས་པ་དང༌། ཕོ་ཉ་ཡིས་ནི་སྨྲས་པ་ཡི། །མིང་གི་དབྱངས་དང་གསལ་བྱེད་ཀྱི། །བྱེ་བྲག་སོ་སོར་ཤེས་པ་དང༌། །འདྲི་བྱེད་མིང་གི་སྐར་མ་དང༌། དུས་སྦྱོར་བྱེ་དྲག་ཇི་ལྟར་ལགས། །ཤ་ལ་ཀ་ཡི་འཁོར་ལོ་དང༌། །དེ་བཞིན་ཨ་པ་ཀ་ཧ་ཊ། །དུས་ཀྱི་འཁོར་ལོ་ཇི་ལྟ་བུ། །ཚེ་ཡི་གནས་སྐབས་ཇི་ལྟར་ལགས། །སྐྱེ་བ་བརྟག་པའི་བྱེ་བྲག་རྣམས། །ངེས་པར་བདག་འཚལ་བཤད་དུ་


DTG203_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ལམ་དང་རྔོན་པའི་འཁོར་ལོ་དང༌། །དཀར་པོའི་འཁོར་ལོ་ཇི་ལྟར་ལགས། །རྨ་ལ་རྩེ་གསུམ་འཁོར་ལོ་ཅི། །སྐར་མས་རིགས་རྣམས་ཤེས་པ་ཅི། །འདབ་ཆགས་འཁོར་ལོ་ཇི་ལྟ་བུ། །ཚངས་པས་སྦྲུལ་གྱི་འཁོར་ལོ་དང༌། །སེང་གེ་གདན་གྱི་བདག་ཉིད་ཅི། །མདའ་གཞུ་རལ་གྲིའི་འཁོར་ལོ་དང༌། །བུམ་པའི་འཁོར་ལོ་དེ་བཞིན་ཅི། །པདྨའི་འཁོར་ལོ་རྫོང་འཁོར་ལོ། །སྒྲ་གཅན་འཁོར་ལོ་བདག་ལ་གསུངས། །སྤེན་པ་དང་ནི་བྱ་ཁྱུང་དང༌། །བཀྲིས་པའི་འཁོར་ལོ་ལྷ་ཆེན་ཅི། །མིང་གི་གསལ་བྱེད་ཕྱོགས་མཚམས་སུ། །རྒྱལ་བའི་འཁོར་ལོ་བཤད་དུ་གསོལ། །དུས་སྦྱོར་ཕྱེད་པ་ཤེས་པ་དང༌། ཟླ་བའི་སྙིགས་མ་གནས་པ་དང༌། །ཀླུ་རྣམས་འཆར་བ་ཇི་ལྟར་ལགས། །བདག་ནི་ཁྱོད་མཉེས་བྱེད་སྤྲོ་བས། །དབང་ཕྱུག་ལྷ་ཡི་ལྷ་མཆོག་ལ། །ཇི་ལྟར་བདག་གིས་ཞུས་པའི་དོན། །གནང་ན་དཀར་མོ་བདག་ལེགས་ཉན། །ལྷ་ཆེན་ངེས་པར་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱོད་ཀྱིས་ཇི་ལྟར་ཞུས་པ་བཞིན། །ཐམས་ཅད་རིམ་པས་གསལ་བར་བཤད། །དབྱངས་དང་གསལ་བྱེད་གཟའ་རྣམས་ནི། །མཛེས་མ་ཁྱོད་ལ་བདག་གིས་བཤད། །འཁོར་ལོ་མཚན་ཉིད་ཐམས་ཅད་དང༌། །རིགས་ལྡན་མཚན་ཉིད་མཐའ་ཐུག་པ། །ཁྱོད་ལ་དགོས་པ་གང་ཡིན་པ། །མངོན་སུམ་ངེས་པར་བཤད་པར་བྱ། །སྔོན་ཚེ་ལྷ་དང་ལྷ་མིན་དག །བ་སྤུ་ལྡང་བའི་གཡུལ་འགྱེད་ཚེ། །ལྷ་ཡི་དབང་པོས་བདག་ལ་དྲིས། །འདི་བཤད་ལྷ་མིན་ཕམ་པར་བྱས། །བསྟན་བཅོས་གསང་བ་ཆེན་པོའི་རྒྱུད། །གཡུལ་ལས་རྣམ་པར་རྒྱལ་བར་གྲགས། །གཞན་དུ་རྫོགས་པར་ངས་མ་བཤད། །གསང་ཆེན་འཁོར་ལོ་མ་ལུས་པ། །ཐུབ་པའི་ཚོགས་རྣམས་ང་ལ་ཉོན། །འདི་ལ་གཙོ་མོ་དགའ་བར་གྱིས། །རྒྱུད་རྣམས་ཀུན་དུ་སྦས་པ་སྟེ། །གསང་བ་ལས་ཀྱང་ཆེས་གསང་བ། །གང་གིས་དབྱངས་འཆར་མི་ཤེས་པར། །གཡུལ་ལས་རྒྱལ་བར་འདོད་པ་ནི། །མཁའ་ལ་ཁུ་ཚུར་བསྣུན་འདོད་དང༌། །སྨིག་རྒྱུའི་ཆུ་ནི་སྙེགས་པ་བཞིན། །མཛེས་མ་ཇི་ལྟར་འཇིག་རྟེན་དུ། །དུས་ཀྱི་ལྷ་རྣམས་འཆར་བ་ལ། །


DTG203_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་དཔྱད་མེད་པར་འཇུག་པ་ནི། །བླུན་པོར་ངེས་སོ་རྫོང་ལྷ་མོ། །དུས་ཀྱི་བདག་པོ་རྣམས་འབྱུང་བས། །བརྟགས་ཤིང་དཔྱད་ནས་འཇུག་པར་བྱ། །ཤིས་དང་མི་ཤིས་ཐམས་ཅད་ཀྱི། །མཚན་ཉིད་རྣམས་ནི་སྟོན་པར་བྱེད། །གཅིག་ཏུ་ཡིད་ནི་དག་པ་ལ། །མི་རྟོག་ཕྱིར་ན་འདི་མི་དགོས། །ལུས་ནད་རླུང་གི་བྱེ་བྲག་གིས། །དུས་གསུམ་འབྲས་བུ་ཤེས་པར་བྱེད། །དེས་ན་ནང་གི་རླུང་ལ་ནི། །མཉམ་པར་གཞག་ལ་རིག་པར་བྱ། །གང་ཚེ་གཡུལ་དུ་ཆས་པ་ན། །སེམས་ནི་དང་ཞིང་མཛེས་པ་དང༌། །སྤྲོ་ཞིང་གསལ་བ་དགེ་བ་ཡིན། །རྔ་ལ་རང་སྒྲ་བྱུང་ན་དགེ། །རལ་གྲི་ལ་སོགས་མཚོན་ཆ་རྣམས། །གསལ་ཞིང་རང་སྒྲ་འོད་འབར་དགེ། །རྒྱལ་མཚན་བ་དན་རྟ་དང་གླང༌། །སྒྲ་འདོན་གསལ་ཞིང་སྟོབས་འབྱེད་དགེ། །མདུན་ནས་བརྟན་གཡོའི་རང་བཞིན་ཡང༌། །རང་གིས་བརྟགས་ལ་ཤེས་པར་བྱ། །དེ་ལས་བཟློག་ན་མི་ཤིས་པ། །རོལ་མོ་བརྡུངས་ཀྱང་སྒྲ་མི་གསལ། །རླུང་རྣམས་རྒྱུད་ལས་བཟློག་པ་དང༌། ཡིད་ནི་ལྡང་ཀྱོག་མྱ་ངན་ཟིན། །རོལ་མོ་མཚོན་ཆ་ལ་སོགས་རྣམས། །རལ་དང་ཆག་སོགས་ངན་པ་ཡིན། །གང་ཚེ་ཚོང་ལ་ཆས་པ་ན། །དེ་ཚོ་ཟོང་ལ་བྱི་བས་ཟོས། །ཆག་གམ་སྟོར་རམ་མི་མཛེས་པ། །མི་ཤིས་ལྟས་མཐོང་ལོག་པར་བྱ། །དེ་བཞིན་དགོས་དོན་བྱ་བ་ཀུན། །ལྟས་ཀྱི་དགེ་དང་མི་དགེ་དཔྱད། །ཚེས་ལ་དབྱངས་དང་གསལ་བྱེད་དང༌། །རྒྱུ་སྐར་གཟའ་རྣམས་འཆར་བར་འགྱུར། །རྣལ་འབྱོར་པ་གང་ཡིད་ནང་ཆུད། །མཉམ་ཉིད་དབྱིངས་ནས་མེ་བཟུང་ལ། །རང་གི་ལུས་ལ་གནས་པ་ཡི། །ལམ་ལྔ་སྟོན་ནོ་ལྷས་མཆོད་མ། །འདིར་ནི་རྒྱས་པར་མ་བསྟན་ཏེ། །ཅུང་ཟད་ཙམ་ཞིག་བསྟན་པར་བྱ། །ལུས་ཅན་རྣམས་ཀྱི་ཞག་གཅིག་ལ། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། །བརྒྱ་ཕྲག་དྲུག་གི་ལྷག་པའི་དབུགས། །རྒྱུ་བའི་གྲངས་སུ་ཤེས་པར་བྱ། །དབུགས་འབྱུང་འཇུག་དང་བར་མ་སྟེ། །དབུགས་ཞེས་བྱ་བར་ཡོངས་སུ་གྲགས། །དབུགས་དྲུག་ཆུ་སྲང་ཞེས་བྱ་སྟེ། །དྲུག་ཅུ་ལ་ནི་དབྱུ་གུ་གཅིག །དབྱུ་གུ་དྲུག་ཅུ་ཞག་གཅིག་ཡིན། །ཐ་མལ་གནས་པ་རིག་པར་བྱ། །དེ་ལ་འཕོ་བ་བཅུ་གཉིས་ཏེ། །ཐུན་ནི་བརྒྱད་དུ་བསྟན་པ་ཡིན། །གཡས་དང་གཡོན་པའི་ལམ་ལྔ་ལས། །དཀྱིལ་འཁོར་ལྔ་ནི་རྣམ་པར་


DTG203_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ། །གཡས་ནས་ས་ལ་སོགས་པ་སྟེ། །ནམ་མཁའ་ལ་སོགས་གཡོན་ནས་རྒྱུ། །ས་སོགས་དཀྱིལ་འཁོར་རེ་རེ་ལ། །དྲག་པོ་རྐང་པ་དང་བ་ཅས་ཀྱིས། །ཉུང་བའི་སུམ་བརྒྱ་དྲུག་ཅུའོ། །ཉུང་བ་དབུ་མའི་ཁམས་སུ་གྲགས། །མི་མཉམ་པ་དང་མཉམ་པའི་ཁྱིམ། །ལུག་དང་གླང་སོགས་རིམ་པ་བཞིན། །དུས་མདའ་རྐང་པ་དང་བཅས་པས། །ཉུང་བའི་བརྒྱ་ཕྲག་བཅོ་བརྒྱད་ལམ། །ཉུང་བ་དབུ་མའི་ལམ་དུ་གྲགས། །དེ་ལྟར་འཕོ་བ་བཅུ་གཉིས་ལ། །བདུན་ཅུ་རྩ་ལྔས་ལྷག་པ་ཡི། །དྲུག་བརྒྱར་རབ་ཏུ་གྲགས་པ་ཡིན། །མདོར་ན་དབུ་མའི་ལམ་ཉིད་ནས། །སུམ་ཅུ་གཉིས་ཀྱི་ཆ་ཤས་གཅིག །དམན་པ་རྣམས་ལ་འཆི་སྟེར་ཞིང༌། །རྣལ་འབྱོར་བ་ལ་མཆོག་སྟེར་འགྱུར། །ཉི་མ་ཟླ་བའི་ལམ་གཉིས་པོ། །ལྷོ་དང་བྱང་གི་བགྲོད་པ་སྟེ། །དཀྱིལ་འཁོར་ལྔ་ནི་རབ་ཏུ་རྒྱུ། །བྱང་གི་བགྲོད་པ་ཟླ་བ་ལ། །ནམ་མཁའ་མེ་ཆུ་ས་རླུང་ནི། །དབུས་དང་སྟེང་འོག་ཀ་བ་དང༌། །ཟུར་ལ་བརྟེན་ནས་རིམ་པ་བཞིན། །ནམ་མཁའ་ལུག་གི་ཁྱིམ་ཡིན་ཏེ། །མེ་ནི་གླང་དུ་ཡོངས་སུ་གྲགས། །ཆུ་ནི་ཉ་ཡི་འཕོ་བ་ཡིན། །ས་ནི་བུམ་པ་ཞེས་བྱ་སྟེ། །རླུང་ནི་འཁྲིག་པར་ཡོངས་སུ་གྲགས། །ཟླ་རྒྱུ་བྱང་བགྲོད་ཆུ་སྲིན་ནོ། །ནམ་མཁའ་དབུས་མའི་སྤྱོར་བ་སྟེ། །མེ་ནི་གྲུབ་པའི་སྦྱོར་ཞེས་བྱ། །ཆུ་ནི་བདུད་རྩིའི་སྦྱོར་བར་བརྗོད། །དངོས་གྲུབ་སྦྱོར་བ་དབང་ཆེན་པོ། །ཕུན་སུམ་ཚོགས་པའི་སྦྱོར་བ་རླུང༌། །པ་སངས་ཟླ་བ་གཟའ་ལྷག་དང༌། །ཕུར་བུ་རིམ་བཞིན་མཁའ་མ་གཏོགས། །བཞི་དང་བཅུ་དྲུག་བཅུ་གཉིས་དང༌། །བརྒྱད་ཀྱི་སོར་དུ་ཡོངས་སུ་གྲགས། །ལྷོ་ཡི་བགྲོད་པའི་ཉི་མ་ལ། །དཀྱིལ་འཁོར་སྔ་མའི་རིམ་པ་ལས། །ནམ་མཁའ་སྲང་གི་ཁྱིམ་དུ་བརྗོད། །མེ་ནི་སྡིག་པའི་དུས་སྦྱོར་ཏོ། །ཆུ་ནི་བུ་མོའི་འཕོ་བ་ཡིན། །ས་ནི་སེང་གེའི་ཁྱིམ་དུ་གྲགས། །རླུང་ནི་གཞུ་ཞེས་དེ་བཞིན་ནོ། །ལྷོ་བགྲོད་ཉི་མ་ཀར་ཀ་ཊ། །ནམ་མཁའི་འཇིགས་བྱེད་སྦྱོར་བ་སྟེ། །མེ་ནི་འཆི་བའི་སྦྱོར་བར་གྲགས། །མི་ཤེས་པ་ཡི་སྦྱོར་བ་ཆུ། །དབང་ཆེན་གྱིས་ནི་སྲེག་སྦྱོར་བ། །རླུང་ནི་མྱ་ངན་སྦྱོར་བར་བཤད། །མིག་དམར་དང་ནི་སྤེན་པ་དང༌། །དེ་བཞིན་ཉི་མ་སྒྲ་གཅན་རྣམས། །ནམ་མཁའི་ལྷག་མ་རིམ་པ་བཞིན། །དེ་ནས་གཞན་དག་འཕོ་བ་ནི། །སྟོང་དང་བརྒྱད་བརྒྱའི་གྲངས་


DTG203_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི། །གཡས་ནས་ལུག་སོགས་མི་མཉམ་དྲུག །གཡོན་ནས་གླང་སོགས་མཉམ་པ་དྲུག །རིམ་པ་བཞིན་དུ་འཕོ་འགྱུར་ཏེ། །རགས་པའི་ཆ་ལ་བསྟན་ཞེས་ཟེར། །དེ་ལྟར་ནང་གི་འཕོ་བ་ལ། །དགེ་དང་མི་དགེ་ལ་སོགས་རྣམས། །འདྲི་བར་བྱེད་པའི་སྐྱེ་བོ་ལ། །ལེགས་པར་བརྟགས་ཏེ་བཤད་པར་བྱ། །དེ་ནས་གཞན་ཡང་བཤད་པར་བྱ། །ལམ་ལྔའི་མཚན་ཉིད་བཟང་པོ་མཆོག །ས་ཡི་ལམ་གྱིས་རྒྱལ་སྲིད་དེ། །ནོར་དང་འབྲུ་དང་ལོངས་སྤྱོད་དང༌། །རྒྱལ་དང་ཕུན་སུམ་ཚོགས་པ་དང༌། །རྙེད་པ་ཐོབ་དང་སྡུད་པར་བྱེད། །ཆུས་ནི་དོན་རྣམས་འགྲུབ་པར་སྟོན། །ཡིད་ལ་བསམས་པ་ཐམས་ཅད་ཀྱི། །འདོད་པའི་དོན་བསྒྲུབ་ཀུན་བྱེད་པས། །མཛེས་མ་དེ་ལྟར་ཡིད་ལ་གཟུང༌། །མེ་ཡི་ལམ་ནས་རྒྱུ་བ་ལས། །བཀྲེས་སྐོམ་ངལ་དུ་བ་སྡུག་བསྔལ་བྱེད། །བྱ་བ་ཐམས་ཅད་ཉམས་འགྱུར་ཞེས། །ཤེས་པར་གྱིས་ཤིག་བཟང་མོ་ཀྱེ། །རླུང་གིས་འཐབ་རྩོད་སྐྱོ་དང་རྨོངས། །ནོར་ཟད་བྱེས་འཁྱམས་གདུང་བར་བྱེད། །ཟླ་བ་དང་ནི་ཉི་མ་དང༌། །སྒྲ་གཅན་ལམ་ནས་རྒྱུ་བ་ལ། །བཟང་ངན་བྱེ་བྲག་ཤེས་པར་བྱ། །དུག་སོགས་གཞོམ་དང་རྒྱལ་ལ་སོགས། །ཟླ་བའི་རྒྱུ་བར་རབ་ཏུ་བསྔགས། །གཡུལ་བཤམ་རོལ་རྩེད་སྟོན་མོ་དང༌། །གཅད་བསྲེག་བཙོ་ལ་སོགས་པ་དང༌། །དབང་དང་དགུག་པའི་ལས་ལ་ནི། །ཉི་མའི་སྟོབས་ནི་བསྔགས་པ་ཡིན། །གཉིས་ཀའི་བདག་ཉིད་སྟོན་བྱེད་པས། །ཤིས་དང་མི་ཤིས་ངེས་མེད་པར། །སྒྲ་གཅན་ཐེ་ཚོམ་ཅན་ཞེས་བྱ། །མཛེས་མ་ཟླ་བའི་ལམ་རྒྱུ་ལ། །སྐྱེ་བོ་ཉི་མའི་ཕྱོགས་ནས་འདྲི། །འདོད་པའི་དོན་ནི་ཉམས་པར་འགྱུར། །ཉི་མ་ལས་རྒྱུ་ཟླ་བར་གནས། །སྔ་མ་བཞིན་དུ་དོན་མེད་འགྱུར། །གང་ནས་ཉི་མ་ཟླ་བ་རྒྱུ། །དེར་གནས་འདྲི་བའི་སྐྱེ་བོ་ནི། །བསམ་པའི་དོན་ཀུན་འགྲུབ་པར་འགྱུར། །གལ་ཏེ་གཉིས་ཀར་གནས་པ་ལས། །འདྲི་ན་ཐེ་ཚོམ་ཅན་ཞེས་བྱ། །ཡམ་ལྔ་ལ་ནི་རྒྱུ་བ་གསུམ། །འགྲོ་དང་འོང་དང་གནས་པའོ། །འདྲི་བར་བྱེད་པའམ་རང་གིའང༌། །འོང་བས་ཐམས་ཅད་དགེ་བ་སྟེ། །འགྲོ་བས་ངལ་བ་དོན་མེད་འགྱུར། །གནས་པ་ལ་ནི་ཐེ་ཚོམ་འགྱུར། །ལམ་ལྔ་རྣམ་པར་རྒྱུ་བ་ལས། །དགེ་དང་མི་དགེ་མཁས་པས་བརྟག །ཆུ་དང་ས་དང་མེ་དང་ནི། །རླུང་གི་དཀྱིལ་འཁོར་རྒྱུ་བ་ལས། །ཞི་རྒྱས་དབང་དང་དགུག་པ་དང༌། །གསད་དང་བསྐྲད་སོགས་ཤེས་པར་བྱ། །ལམ་


DTG203_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་དེ་ཉིད་མི་ཤེས་པར། །བྱ་བ་ཐམས་ཅད་མི་འགྲུབ་སྟེ། །དེ་ཡི་སྦྱོར་བ་མི་ཤེས་པར། །དེ་ཡི་ངལ་བ་དོན་མེད་འགྱུར། །རླུང་ནི་ཐམས་ཅད་བྱེད་པ་སྟེ། །རྟོག་གེ་བ་ཡིས་མི་ཤེས་སོ། །ལྷ་མོ་འདི་རྣམས་ལེགས་བཟུང་ལ། །དགེ་དང་མི་དགེ་བཤད་པར་གྱིས། །ལྷ་མོས་གསོལ་བ། དབང་ཕྱུག་ཆེན་པོ་བཅོམ་ལྡན་འདས། །ལྷ་ཡི་ལྷ་མཆོག་ཐམས་ཅད་མཁྱེན། །ལམ་ལྔ་ལེགས་པར་ཁྱེད་ཀྱིས་གསུངས། །ད་ཡང་བདག་ལ་ཅུང་ཟད་ཙམ། །ཞུ་བ་མཆིས་པས་གསན་དུ་གསོལ། །དབྱངས་དང་གསལ་བྱེད་འཆར་བ་ཅི། །དབྱངས་ཀྱི་གྲངས་ནི་དུ་ཞིག་མཆིས། །དེ་བཞིན་གསལ་བྱེད་གྲངས་ནི་དུ། །རིང་ཐུང་བྱེ་བྲག་ཇི་ལྟར་འཆར། །དཀར་ནག་ཕྱོགས་ལ་གང་འཆར་ལགས། །བདག་གིས་མི་ཤེས་ལྷ་ཁྱོད་ལ། །ངེས་པར་ཐེ་ཚོམ་མེད་པར་ཡང༌། །མ་ལུས་པ་ནི་བདག་ཞུ་བས། །དེ་རྣམས་མཐར་ཐུག་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཇི་ལྟར་ཁྱོད་ཀྱིས་བདག་ཞུས་པ། །ཐམས་ཅད་བཤད་ཀྱིས་མཉན་པར་གྱིས། །དབྱངས་དང་གསལ་བྱེད་བཟང་པོ་རྣམས། །ཇི་ལྟར་འཆར་བའི་ངེས་པ་ནི། །དཔྱིད་ཟླ་འབྲིང་སོགས་ཟླ་བ་ཡི། །བཅུ་དྲུག་ནས་བཟུང་སྟོང་གི་བར། །དཀར་ཕྱོགས་ཞེས་བྱར་རི་སྲས་མོ། །དེ་ཡི་ཚེས་གཅིག་ནས་བརྩམས་ཏེ། །ཉ་ཡི་བར་ནི་ནག་ཕྱོགས་འདོད། །དེ་ལ་དཔྱིད་འབྲིང་ཟླ་བར་གྲགས། །དེ་ལྟར་རིམ་བཞིན་ཤེས་པར་བྱ། །དེ་ལ་དཔྱིད་འབྲིང་ལ་སོགས་པའི། །ཚེས་ལ་འཆར་བའི་དབྱངས་རྣམས་ནི། །ཨ་ཡིག་དང་ནི་ཨི་ཡིག་དང༌། །དེ་བཞིན་གསུམ་པ་ཨུ་ཡིག་སྟེ། །ཨེ་ཡིག་ལྷ་མོ་ཡིད་འཕྲོག་མ། །ཨོ་ཡིག་དང་ནི་ལྔ་རུ་འདོད། །དེ་ལྟར་ང་ཡིས་དབྱངས་སུ་བརྗོད། །དབྱངས་ཀྱི་རང་བཞིན་རིམ་བཞིན་དུ། །ས་དང་ཆུ་མེ་རླུང་དང་ནི། །ནམ་མཁའི་སྦྱོར་བས་ཤེས་པར་བྱ། །དྲི་དང་རོ་དང་གཟུགས་དང་ནི། །རིག་བྱ་སྒྲ་རྣམས་རིམ་བཞིན་དྲན། །དབྱངས་ལྔ་ཞེས་བྱ་ལྷ་ཆེན་མ། །བྱ་བ་ཀུན་ལ་ཤེས་པར་བྱ། །རིང་བ་ལྔ་རྣམས་དཀར་ཕྱོགས་ལ། །ལན་གསུམ་དུ་ཡང་འགྱུར་བ་ཡིན། །ཀ་ནས་ཧ་ཡི་མཐར་ཐུག་པ། །པ་ཉ་ཎ་གསུམ་སྤངས་པ་ཡིས། །གསལ་བྱེད་ཕྱོགས་གཉིས་དག་ལས་འཆར། །དཀར་ཕྱོགས་ནག་ཕྱོགས་དག་ལ་ཡང༌། །མཛེས་མ་ཡི་གེ་སུམ་ཆུར་འགྱུར། །གསལ་བྱེད་ཀ་ནས་ང་ཡི་བར། །དཀར་པོའི་ཕྱོགས་ལ་རིམ་བཞིན་འཆར། །དཀར་ཕྱོགས་


DTG203_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བ་ལན་གསུམ་སྟེ། །ཀ་སོགས་རྣམས་དང་ལན་གཅིག་འགྱུར། །དཀར་པོའི་ཕྱོགས་ཀྱི་ཚེས་རྣམས་དང༌། །ནག་པོའི་ཕྱོགས་ཀྱི་ཚེས་ལ་ཡང༌། །དགའ་བ་ནས་ནི་བརྩམས་ནས་སུ། །ལན་གསུམ་དུ་ཡང་འཆར་བ་ཡིན། །རྀ་རཱྀ་ལྀ་ལཱྀ་སྤངས་པ་ཡི། །དབྱངས་ཡིག་ཐུང་དུ་ལྔ་པོ་རྣམས། །ནག་པོའི་ཕྱོགས་ལ་འཆར་བ་ནི། །དྷ་སོགས་རྣམས་དང་ལྷན་ཅིག་འཆར། །སོ་སོའི་ཚེས་ཀྱི་བྱེད་པ་རྣམས། །བདག་པོར་ལན་གསུམ་དུ་ཡང་འགྱུར། །ཛན་མ་ཧ་ནི་ཨན་ཏ་ཀ །ཛན་མ་ཧ་ནི་རིམ་པ་བཞིན། །བྱིས་པ་གཞོན་ནུ་ལང་ཚོ་རྒྱན། །སྨིན་ཏེ་ཤི་བ་རིམ་པ་བཞིན། །ཨ་སོགས་དབྱངས་ཀྱི་བྱེ་བྲག་དང༌། །ཚེས་ནི་ལྔ་ལ་རིམ་པས་སྦྱར། །བྱིས་པ་རྒན་པ་ལ་སོགས་ལ། །དར་རྒུད་ལས་ཀྱི་བྱེ་བྲག་བྱེད། །ཚེས་ལ་འཆར་བའི་དབྱངས་རྣམས་དང༌། །མིང་གི་དབྱངས་རྣམས་སྦྱར་བར་བྱ། །དཔྱིད་འབྲིང་དཀར་ཕྱོགས་སོགས་བརྩམས་ནས། །དབྱངས་རྣམས་འཆར་རོ་ལྷ་མོ་ཀྱེ། །ཉིན་ཞག་བདུན་ཅུ་རྩ་གཉིས་ལ། །དབྱངས་ནི་རེ་རེ་འཆར་བར་འགྱུར། །དེ་བཞིན་ཞག་ནི་བཅུ་གཉིས་ལ། །དབྱངས་ནི་རེ་རེ་འཆར་བ་དང༌། །དེ་བཞིན་ཞག་ལྔ་དག་ལ་ཡང༌། །དབྱངས་རྣམས་འཆར་བར་འགྱུར་བ་དང༌། །ཉིན་རེ་བཞིན་དུ་དབྱངས་རེ་འཆར། །ཐུང་དང་རིང་པའི་དབྱངས་ལྔ་པོ། །ཉིན་ལྔ་མཚན་ལྔ་འཆར་བའང་དྲན། །ལྔ་དང་སུམ་ཅུ་བདུན་ཅུ་གཉིས། །རགས་པ་ཕྲ་བའི་དབྱེ་བ་ཡིས། །འཆར་བར་འགྱུར་རོ་དཀར་མོ་ཀྱེ། །དཀར་ནག་ཕྱོགས་ཀྱི་སོ་སོ་ལ། །གསལ་བྱེད་རེ་རེ་འཆར་རོ་ཀྱེ། །ནག་པོའི་ཕྱོགས་ཀྱི་ཟླ་བྱེད་ལ། །རི་བོང་ཅན་དང་དུས་དྲུག་དང༌། །དྲག་པོའི་ཚེས་གྲངས་རྣམས་ལ་ཡང༌། །དགའ་བ་དང་ནི་ཨ་ཡིག་དག །ནག་པོའི་ཕྱོགས་ལ་ཐུང་རྣམས་འཆར། །མིག་དང་ཐུབ་པ་ཉི་མ་ལ། །བཟང་པོའི་མིང་ཅན་ཚེས་དང་ནི། །དབྱངས་ཀྱི་ཡི་གེ་གཉིས་པ་ནི། །སོ་སོར་སྐྱེ་ཞིང་འཆར་བར་བྱེད། །མེ་དང་བཀྲ་ཤིས་འདོད་ཚེས་ལ། །རྒྱལ་བ་ཞེས་བྱར་གྲགས་པ་དང༌། །ཨུ་ཞེས་འབྱུང་བའི་དབྱངས་ཡིག་འཆར། །བཞི་ཡི་ཉིན་ཞག་བུ་ག་དང༌། །དེ་བཞིན་བཅུ་བཞིའི་ཉིན་ཞག་ལ། །སྟོང་པར་བརྗོད་པའི་ཚེས་དང་ནི། །ཨེ་ཡི་ཡི་གེ་དབང་བྱེ་བྲག །མདའ་དང་ཕྱོགས་ཞེས་བྱ་བ་དང༌། །དེ་བཞིན་བཅོ་ལྔ་ཚེས་གྲངས་ལ། །རྫོགས་པ་ཞེས་པའི་ཚེས་དང་ནི། །དབྱངས་ཡིག་ཨོ་ནི་ངེས་པར་འཆར། །དཀར་པོའི་ཕྱོགས་ཀྱི་ཆོས་གྲངས་ལ། །ཨ་སོགས་ལྔ་ནི་འཆར་བར་དྲན། །སྔར་བཞིན་བརྗོད་


DTG203_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེས་རྣམས་ལ། །ལྷ་མོ་རིང་པོར་ཤེས་པར་གྱིས། །དགའ་བ་བཟང་པོ་རྒྱལ་བ་དང༌། །སྟོང་པ་རྫོགས་པའི་བྱེ་བྲག་ལ། །མིག་དམར་གཟའ་ལྷག་པུར་བུ་ཉིད། །པ་སངས་སྤེན་པ་རིམ་བཞིན་སྦྱར། །དཀར་ནག་ཕྱོགས་ཀྱི་བྱེ་བྲག་ལ། །དབྱངས་དང་གསལ་བྱེད་འཆར་བལ། །རང་བཞིན་དབང་གིས་དགེ་མི་དགེ །བར་མའི་འབྲས་བུ་མ་མཐོང་བར་འགྱུར། །དགའ་བའི་ཚེས་ལ་མིག་དམར་དང༌། །རྒྱུ་སྐར་སྨིན་དྲུག་ཨ་ཡིག་རྣམས། །འཛོམ་ན་དང་པོའི་མིང་ཡིག་ཨ། །ན་འཆི་རྨ་འབྱུང་འབྲས་བུ་མེད། །བཟང་པོའི་ཚེས་དང་གཟའ་ལྷག་ཅེས། །རྒྱུ་སྐར་མཆུ་དང་ཨ་ཡིག་དབྱངས། །འཆར་ཚེ་ཨི་ཡིག་མིང་ཅན་རྣམས། །ཉོན་མོངས་འགྱུར་ཏེ་སྔ་མ་བཞིན། །རྒྱལ་པོའི་ཚེས་ལ་བླ་མའི་གཟའ། །རྒྱུ་སྐར་སྐག་འཆར་ཨུ་ཡིག་དབྱངས། །ཨུ་ཡིག་མིང་ཅན་སྲོག་མཐར་བྱེད། །བག་མ་ལ་སོགས་འབྲས་བུ་མེད། །སྟོང་བའི་ཚེས་དང་པ་བསངས། །རྒྱུ་སྐར་མོན་གྲུ་དེ་བཞིན་ཏེ། །དབྱངས་ནི་ཨི་ཡིག་འཆར་བ་ལ། །ཨེ་ཡིག་སྔར་བཞིན་འབྲས་བུ་མེད། །རྫོགས་པའི་ཚེས་ལ་སྤེན་པ་དང༌། །རྒྱུ་སྐར་བྲ་ཉེ་ཉིད་འབྱུང་ནི། །དབྱངས་ཡིག་ཨོ་འཆར་དུས་སུ་ནི། །མིང་ནི་ཨོ་ཅན་མྱུར་དུ་བརླག །དགའ་བའི་ཚེས་ལ་ཉི་མའི་རེས། །ཨ་དང་མིང་ཅན་ནད་ཡུན་རིང༌། །བཟང་པོར་ཟླ་བའི་རེས་ལ་ནི། །ཨི་དང་དེ་མིང་དེ་བཞིན་ནོ། །རང་ས་ནས་ནི་ལྔ་བ་ལ། །ནུས་པར་འགྱུར་རོ་དཀའ་ཟློག་མ། །ཨ་ནི་ཨོ་ལ་ནུབ་པ་སྟེ། །ཨི་ནི་ཨ་ལ་དེ་བཞིན་ནོ། །ཨུ་ཡང་ཨི་ལ་རབ་ཏུ་ནུབ། །ཨེ་ནི་ཨུ་ཡི་དབྱངས་ལ་ནུབ། །ཨུ་ནི་ནུབ་བ་ཨེ་ཞེས་བཤད། །མདོར་ནས་ནི་ནམ་མཁའ་ལ། །ཆུ་ནིས་ལ་ནུབ་པར་འགྱུར། །དེ་བཞིན་དུ་ནི་ཤེས་པར་བྱ། །རྩོད་པ་ནད་དང་གཡུལ་འགྱེད་དང༌། །བྱ་བ་ཀུན་ལ་ཤེས་པར་བྱ། །འཆར་བའི་དུས་སུ་དགེ་བ་སྟེ། །ནུབ་དུས་མི་ཤིས་པར་ཡད་དྲན། །བྱིས་གཞོན་ལང་ཚོ་རྒན་དང་འཆི། །གནས་སྐབས་ལྔ་རུ་བརྗོད་པ་ཡིན། །རང་སར་བྱིས་པར་གྲགས་པ་སྟེ། །གཉིས་པ་གཞོན་ནུ་གསུམ་ལ་འཚོ། །བཞི་པ་རྒན་ཏེ་ལྔ་པ་ཤི། །བྱེ་བྲག་སོ་སོར་ཤེས་པར་བྱ། །གསལ་བྱད་ནུབ་ན་ནད་འབྱུང་སྟེ། །དབྱངས་ནི་འཆི་བ་སྟེར་བར་བྱེད། །ལུས་དང་སྲོག་གི་དབྱེ་བ་ཡིས། །གསལ་བྱེད་དབྱངས་ལ་ཤེས་པར་བྱ། །གཞན་ཡང་ཕྱོགས་ཀྱི་བྱེ་བྲག་ནི། །ཤར་དུ་ཨི་ཡིག་ལྷོ་ཕྱོགས་སུ། །ཨེ་ཡི་ཡི་གེ་འཆར་བར་འགྱུར། །ཨུ་ཡིག་ནུབ་ཏུ་འཆར་བ་སྟེ། །བྱང་དུ་


DTG203_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ནི་འབྱུང་ཞིང་འཆར། །དབུས་སུ་ཨོ་ཡིག་ཞེས་བྱར་གྲགས། །དབྱངས་དང་གསལ་བྱེད་འཆར་ཕྱོགས་སུ། །འགྲོ་བ་བྱ་བ་ཀུན་ལ་སྤང༌། །དེ་ལྟར་དབྱངས་རྣམས་གང་འཆར་བ། །བལྟས་ན་ཡིད་ལ་རབ་ཏུ་བཟུང༌། །རགས་པ་དང་ནི་ཕྲ་བ་ཡི། །གནས་སྐབས་བྱེ་བྲག་ལ་འཆར་བ། །བདག་གིས་ཇི་ལྟར་བཤད་བ་བཞིན། །ཤེས་པར་གྱིས་ཤིག་གངས་རིའི་བདག །གཡུལ་ལས་རྣམ་པར་རྒྱལ་བ་དབྱངས་འཆར་བ་ཞེས་བྱ་བའི་རྒྱུད་ལས་ལམ་ལྔ་དང་དབྱངས་འཆར་བ་ངེས་པར་བསྟན་པ་ཆེན་པོ་སྟེ་ལེའུ་དང་པོའོ།། །།ལྷ་མོས་གསོལ་བ་བཅོམ་ལྡན་འདས། །ལྷ་ཆེན་ཁྱོད་ཀྱིས་དབྱངས་འཆར་བ། །ཤིན་ཏུ་བདག་ལ་རྒྱས་པར་གསུང༌། །ཡང་ནི་བདག་ལ་ཞུ་བ་མཆིས། །རཱ་ཤིའི་དཀྱིལ་འཁོར་འཆར་བ་ལས། །འདྲི་བྱེད་རྙེད་དང་མི་རྙེད་དང༌། །རྒྱལ་དང་ཕམ་པ་ཐམས་ཅད་ནི། །མཛེས་དགའ་ཁྱོད་ལ་ཇི་བཞིན་ཞུ། །ཤིན་ཏུ་གསང་བ་བཤད་དུ་གསོལ། །ལོ་གཅིག་གི་ནི་དཀྱིལ་འཁོར་ལ། །ཆ་ཤས་དུམ་བུའི་མཚན་ཉིད་དང༌། །གཙོ་བོ་སྟོབས་ཀྱི་བྱེ་བྲག་དང༌། །དུས་སྦྱོར་བྱེད་པའི་མཚན་ཉིད་དང༌། །དུས་སྦྱོར་ཇི་ལྟར་ཡིན་པ་དང༌། དེ་ལ་འདྲི་བྱེད་དགེ་མི་དགེ །གཟའ་ཡི་རིགས་ལ་སོགས་པ་ལས། །ལ་སོགས་བྱེ་བྲག་ཤེས་པ་དང༌། །དུས་གསུམ་བྱེ་བྲག་ཤེས་པ་རྣམས། །དབང་ཕྱུག་གཙོ་བོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་མཛེས་མ་མ་ལུས་པ། །རཱ་ཤིའི་མཚན་ཉིད་ཐམས་ཅད་དང༌། །གཟའ་རྣམས་ཁྱིམ་ལ་འཁོད་པ་དང༌། །ཞག་གཅིག་གི་ནི་ཆ་ཤས་ལ། །བགོས་པས་དུས་སྦྱོར་བཅུ་གཉིས་ཏེ། །དུས་སྦྱོར་དཀྱིལ་འཁོར་མཉམ་པར་སྦྱོར། །དུས་སྦྱོར་གཟའ་བདུན་གནས་པ་ཡི། །འབྲས་བུ་དཀར་པོ་ཡུམ་ཁྱོད་ཉོན། །ལུག་གླང་འཁྲིག་བ་ཀར་ཀ་ཊ། །དེ་བཞིན་སེང་གེ་བུ་མོ་དང༌། །སྲང་སྡིག་གཞུ་དང་ཆུ་སྲིན་དང༌། །བུམ་པ་ཉ་ཡི་ཁྱིམ་རྣམས་སུ། །མིག་དམར་པ་སངས་གཟའ་ལྷག་དང༌། །ཟླ་ཉི་གཟའ་ལྷག་པ་བ་སངས། །མིག་དམར་ཕུར་བུ་སྤེན་པ་ཡི། །ཕུར་གུ་ཞེས་བྱ་ཁྱིམ་པ་དག་གཟའ། །ལུག་གླང་འཁྲིག་བ་ཀར་ཀ་ཊ། །ཤར་ལྷོ་ནུབ་བྱང་རི་མ་བ་བཞིན། །སིང་གེ་ལ་སོགས་བརྒྱད་རིམ་བཞིན། །ཁྱིམ་གྱི་ཕྱོགས་ཀྱི་སྟོབས་སུ་བརྗོད། །ཉི་མ་པ་སངས་མིག་དམར་དང༌། །རཱ་ཧུ་སྤེན་ཟླ་གཟའ་ལྷག་ཕུར། །ཤར་ནས་དབང་ལྡན་མཐར་ཐུག་པར། །གཡས་བསྐོར་ལམ་གྱི་འཁོར་ལོ་སྟེ། །ཉི་


DTG203_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤར་དགེ་ཆུ་བདག་ངན། །དེ་བཞིན་ཀུན་ལ་ཤེས་པར་བྱ། །ལུག་ལ་ཉིན་མཚན་དབྱུ་གུ་ནི། །ནམ་མཁའ་མེ་ཞེས་ཡོངས་སུ་གྲགས། །སུམ་ཅུ་སོ་གཉིས་ཉི་ཤུ་བརྒྱད། །གླང་གི་ཉིན་མཚན་ལས་ཤེས་བྱ། །འཁྲིག་པར་ཉིན་མོ་སུམ་ཅུ་བཞི། །ཉི་ཤུ་རྩ་དྲུག་མཚན་དུ་དྲང༌། །ཀར་ཀ་ཉིན་མོ་སུམ་ཅུ་དྲུག །མཚན་ལ་ཉི་ཤུ་རྩ་བཞི་ཟེར། །སེང་གེར་ཉིན་མོ་སུམ་ཅུ་བཞི། །ཉི་ཤུ་རྩ་དྲུག་མཚན་མོའི་ཚད། །བུ་མོར་གྲགས་པའི་ཉིན་མཚན་ལ། །སུམ་ཅུ་སོ་གཉིས་ཉི་ཤུ་བརྒྱད། །སྲང་ནི་ལུག་དང་འདྲ་བ་ཡིན། །སྡིག་པའི་ཉིན་ལ་ཉི་ཤུ་བརྒྱད། །མཚན་མོ་སུམ་ཅུ་རྩ་གཉིས་ཟེར། །གཞུ་ཡི་ཁྱིམ་ལ་ཉི་ཤུ་དྲུག །ཉིན་མོའོ་མཚན་མོ་སུམ་ཅུ་བཞི། །ཆུ་སྲིན་ཉིན་མོ་ཉི་ཤུ་བཞི། །མཚན་ལ་སུམ་ཅུ་རྩ་དྲུག་གྲགས། །བུམ་པའི་ཉིན་མོ་ཉི་ཤུ་དྲུག །སུམ་ཅུ་རྩ་བཞི་མཚན་ལའོ། །ཉི་ཤུ་རྩ་བརྒྱད་ཉ་ཡི་ཉིན། །མཚན་མོ་སུམ་ཅུ་སོ་གཉིས་ཟེར། །དེ་ལྟར་ཆུ་ཚོད་ཤེས་པར་བྱ། །འཕོ་བ་གང་ལ་གནས་པ་ཡི། །འདས་པའི་ཞག་གྲངས་ཇི་སྙེད་པའི། །གནས་གཉིས་སྟེང་མ་ཆུ་ཡིས་བསྒྱུར། །ཆུ་སྲང་ཉི་ཤུ་རྩ་ལྔ་ཡིས། །འོག་མ་བསྒྱུར་ལ་དྲུག་ཅུས་བགོ །རྙེད་བ་སྟེང་དུ་སྦྱིན་པར་བྱ། །ཕྱེད་པས་ལྷག་ན་གཅིག་སྦྱིན་བྱ། །སྟེང་མ་དྲུག་ཅུས་ཐོག་པ་རྣམས། །ཆུ་སྲིན་ལ་སོགས་བྱང་བགྲོད་ལ། །སྦྱིན་པ་ཉིད་དུ་བྱ་བ་ཡིན། །ཀར་ཀ་ཊ་སོགས་ལྷོ་བགྲོད་ལ། །དོར་བས་ཉིན་མོའི་ཆུ་ཚོད་ཡིན། །སྟེང་མས་དྲུག་ཅུ་ལ་ཕྲི་ལ། །དེ་ལ་གཅིག་ཕབ་ལྷག་མས་དབྲི། །དེས་ནི་མཚན་མོའི་ཆུ་ཚོད་ཤེས། །འཕོ་བའི་ཉིན་མཚན་ཆུ་ཚོད་དེ། །སྟེང་མ་བརྒྱད་ཀྱིས་ཐོབ་པ་ནི། །ཐུན་ཕྱེད་ཆུ་ཚོད་བྱ་བར་གྲགས། །ལྷག་མ་དྲུག་ཅུས་བསྒྱུར་བ་ལས། །འོག་གི་ཆུ་སྲང་སྟེང་དུ་གཞུག །བརྒྱད་ཀྱི་ཆས་རྙེད་ཐུན་ཕྱེད་ཀྱི། །ཆུ་སྲང་ཞེས་ཀྱང་དཀའ་ཟློག་མ། །སྐར་མིག་དབྱུག་ཚེས་ལུག་གི་ཚད། །རིག་བྱེད་མཁའ་མེ་གླང་དུ་བརྗོད། །རོ་དང་ཞེ་ལྔ་འཁྲིག་པའི་ཡིན། །དགུ་དང་ནམ་མཁའ་ཀར་ཀ་ཊ། །དྲག་དང་བཅོ་ལྔ་སེང་གེའོ། །བཅུ་གསུམ་སུམ་ཅུ་བུ་མོར་དྲན། །ཚེས་དང་བཞི་ལ་སྲང་ཡིན་ཟེར། །ནོར་ཟླ་སྟོང་བ་སྡིག་པར་གོ །ཉི་ཤུ་བཅོ་ལྔ་གཞུ་ཡིན་མཉམ། །ཟུང་མིག་སུམ་ཅུ་ཆུ་སྲིན་མཐོང༌། །རྒྱལ་བ་མདའ་ཆུ་བུམ་པར་གྲགས། །འཁོར་ལོ་ཉ་རུ་ཤེས་པར་བྱ། །ཁྱིམ་གྱི་འཁོར་ལོ་རྫོགས་པ་ཡི། །མཚན་ཉིད་རྣམས་ནི་བསྟན་པ་ཡིན། །གཞན་ཡང་


DTG203_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་མ་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་བླངས། །མདའ་དང་ཡོན་ཏན་ཟླས་ཐོབ་བ། །འདས་པའི་ཁྱིམ་ཡིན་ལྷག་མ་ལ། །སུམ་ཅུས་བསྒྱུར་ལ་ཆུ་སྲང་ནི། །གཉིས་ཀྱིས་བགོས་ཐོབ་གཞུག་པར་བྱ། །མདའ་དང་ཡོན་ཏན་ཟླས་ཐོབ་པ། །གང་ནས་ཁྱིམ་གྱི་འདས་ཞག་ཡིན། །དེ་ལ་དབྱུ་གུ་ཆུ་སྲང་དང། །དབུགས་ཀྱི་དོན་དུ་གོ་རིམས་བཞིན། །བསྒྱུར་བས་ཐོབ་པ་དབྱུ་གུ་དང༌། །ཆུ་སྲང་དབུགས་སུ་རིམ་བཞིན་འགྱུར། །རྒྱ་མཚོ་ཆུ་དང་ཟླ་བ་ལ། །ཆ་བདུན་ཐུར་མ་གྲི་བ་མར་བཅས། །བགོས་པས་ཐོབ་པ་ཆུ་ཚོད་ཡིན། །ཆུ་སྲང་དབུགས་ཀྱང་རིམ་བཞིན་སྦྱར། །ལུག་དང་སྲང་ལ་དྲུག་སྦྱིན་བྱ། གླང་དང་བུ་མོ་རང་སར་གཞག །འཁྲིག་པ་སེང་གེར་བརྒྱད་དོར་རོ། །ཀར་ཀ་ཊ་རུ་བཅོ་བརྒྱད་དང་བྲི། །སྡིག་པ་ཉ་ལ་བཅུ་པ་སྦྱིན། །གཞུ་དང་ཆུ་སྲིན་བུམ་པ་ལ། །བཅུ་གཉིས་དག་ནི་སྦྱིན་པ་ལས། །སྔ་དྲོ་འདས་པའི་ཕྱི་དྲོ་ལུས། །དེ་ཡིས་འདས་པའི་དབྱུ་གུར་བྲི། །ལྷག་མ་ལུས་དང་འདས་པ་ཤེས། །ནམ་མཁའ་མཁའ་ཟུང་ལུག་གི་ཚད། །ནམ་མཁའ་རིག་བྱེད་མཚེ་མ་གླང༌། །སྟོང་པ་ནོར་ལྷ་ཟུང་འཁྲིག་པ། །མཁའ་སོ་ཀར་ཀ་ཊ་རུ་དྲན། །མཁའ་དུས་མེ་རྣམས་སེང་གེ་ལའོ། །ནམ་མཁའ་མཁའ་མཚོ་བུ་མོར་དྲན། །རིམ་པའི་རིམ་པ་སྨིན་པ་ལས། །སྲང་སོགས་བཟློག་གོ་གངས་རིའི་བདག །ཐམས་ཅད་ཉི་མའི་རྗེས་འབྲངས་ཏེ། །ཞག་གཅིག་ལ་ནི་ལས་ཀྱང་བྱེད། །ལུག་སོགས་ཁྱིམ་རྣམས་རེས་འཇོག་ཏུ། །མི་མཉམ་པ་དང་མཉམ་པར་ཤེས། །མི་མཉམ་པ་ནི་པོ་ཡིན་ཏེ། །མཉམ་པ་མོ་ཞེས་བྱ་བར་དྲན། །ཕོ་ཁྱིམ་རྣམས་ནི་དྲག་པོ་སྟེ། །མོ་ཁྱིམ་རྣམས་ཞི་ཞི་བར་བརྗོད། །གཡོ་དང་བརྟན་དང་གཉིས་རང་བཞིན། །ལུག་སོགས་རིམ་པ་བཞིན་དུ་གནས། །དུས་སྦྱོར་རྗེས་སུ་འབྲང་བུ་རྣམས། །ཐོབ་པར་འགྱུར་རོ་ལྷ་མཛེས་མ། །ཁྱིམ་གྱི་དུས་སྦྱོར་དུ་མ་བུ་དྲུག །བཤད་ཀྱིས་ལྷ་མོ་ཆེ་ན་མོ་ཉོན། །དུས་སྦྱོར་གཅིག་དང་ཕྱེད་པ་དང༌། །སུམ་ཆ་དགུ་ཆ་བཅུ་གཉིས་ཆ། །སུམ་ཅུའི་ཆ་ཤས་བྱེ་བྲག་རྣམས། །ཤེས་པར་གྱིས་ཤིག་ལྷ་མཛེས་མ། །དུས་སྦྱོར་གྱི་ནི་ཆུ་ཚོད་དང༌། །ཕྱེད་དང་སུམ་ཆ་དགུ་ཆ་དང༌། །བཅུ་གཉིས་ཆ་ཡི་ཆུ་ཚོད་དང༌། །སུམ་ཅུའི་ཆ་ཤས་རབ་གྲུབ་པའི། །དབྱུ་གུའི་གྲངས་རྣམས་བཤད་པ་ནི། །ཞག་གཅིག་ལ་ནི་བཅུ་གཉིས་ཏེ། །དེ་ཡི་གཅིག་གི་ལོངས་སྤྱོད་པ། །མཁའ་


DTG203_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནམ་མཁའ་བརྒྱད་དང་གཟུགས། །དུས་སྦྱོར་གཅིག་གི་ཚད་དུ་བརྗོད། །ཕྱེད་པ་ལ་སོགས་བྱེ་བྲག་རྣམས། །ལྷ་མོ་དུས་སྦྱོར་ཉིང་ལས་ཕྱེ། །མཁའ་མཁའ་བུ་ག་མཁའ་མཁའ་རོ། །མཁའ་མཁའ་མིག་དང་མཁའ་དང་ཚེས། །ནམ་མཁའ་རོ་རྣམས་རིམ་པ་བཞིན་ཤེས་པར་བྱའོ་བཟང་མོ་ཀྱེ། །དུས་སྦྱོར་ཕྱེད་སོགས་མཚན་ཉིད་བཤད། །སྐལ་བ་ཆེན་པོའི་བདག་མོ་ཉོན། །ལུག་ལ་སོགས་པའི་འཕོ་བ་ཡི། །འདས་བའི་ཞག་གྲངས་ཇི་སྙེད་པ། །རང་གི་ཆུ་སྲང་དག་གིས་བསྒྱུར། །སུམ་ཅུས་བགོས་པས་རྙེད་པ་ནི། །ཁྱིམ་དེའི་འདས་པའི་ཆུ་སྲང་ཡིན། དེ་ཡིས་ཁྱིམ་གྱི་ཆུ་སྲང་ལ། །ཕྲི་བའི་ལྷག་མ་མ་འོངས་པ། །དེས་ནི་འཕོ་བའི་འདས་པ་དང༌། མ་འོངས་པ་ནི་ཤེས་པར་བྱེད། །དུས་སྦྱོར་གང་ཡིན་ངོས་གཟུང་ཕྱིར། །དེ་ཡི་དུས་ཀྱི་ཆུ་ཚོད་ནི། །འདས་རྣམས་དྲུག་ཅུས་བསྒྱུར་བར་བྱ། །དེ་ལ་མ་འོངས་ཆུ་སྲང་གིས། །ཕྲི་བས་མ་ལྡང་དེ་ཉིད་ཡིན། །ལྡང་ན་སོ་སོར་རིམ་བཞིན་དབྱེ། །ལུག་སོགས་དྲུག་ལ་རིམ་པ་སྟེ། །སྲང་སོགས་དྲུག་ལས་བཟློག་པས་དབྱི། །གང་ཚེ་མ་ལྡང་ཐིག་ལེ་ཤར། །དེ་ཚེ་དུས་སྦྱོར་ཏད་ཀཱ་ལ། །ཕྲི་བའི་ལྷག་མ་སུམ་ཅུས་བརྒྱར། །དེ་ལ་ཏད་ཀའ་ལ་ཆུ་སང་གིས། །བགོས་པས་ཐོབ་པ་ཆ་ཤས་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །ཆུ་སྲང་གིས་ཐོབ་དབྱུ་གུ་སྟེ། །ཡང་ལྷག་དྲུག་ཅུས་བསྒྱུར་བ་ལ། །ཆུ་སྲང་གིས་ཐོབ་ཆུ་སྲང་ཡིན། །ཡང་ལྷག་བསྒྱུར་བགོས་དེ་ཐོབ་དབུགས། །ཏད་ཀཱ་ལ་ཆ་ཤས་དབུགས་སྲང་དབུགས། །དུས་སྦྱོར་གྱི་ནི་གནས་ལྔར་བཞད། །དུས་སྦྱོར་ཐོག་མར་གཞག་པའི་ཕྱིར། །ཏང་ཀཱ་ལ་ནི་སུམ་ཅུས་བ་སྒྱུར། །འོག་གི་ཆ་ཤས་སྟེང་དུ་བཅུག །དེ་ཡང་དྲུག་ཅུས་བསྒྱུར་བྱ་སྟེ། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མཁའ་མཁའ་བརྒྱད་དང་གཟུགས་ཀྱིས་བགོ །ཐོབ་པ་དུས་སྦྱོར་ཏད་ཀཱ་ལ། །དུས་སྦྱོར་ཕྱེད་པ་ལྟ་བའི་ཕྱིར། །ཆ་ཤས་དྲུག་ཅུས་བསྒྱུར་བ་ལ། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མཁའ་མཁའ་བུ་གས་བགོས་པ་ལས། །བྱེད་པས་ལྷག་ན་གཅིག་སྦྱིན་བྱ། །གཉིས་བས་མང་བ་མི་སྲིད་དེ། །གཅིག་ནི་བདག་པོ་ཉི་མ་སྟེ། །གཉིས་ཀྱི་ཟླ་བ་བདག་པོ་ཡིན། །དེ་ནས་དུས་སྦྱོར་སུམ་ཆ་བརྟག །སྔར་བཞིན་ཆ་ཤས་དྲུག་ཅུས་བསྒྱུར། །ཆུ་ཚོད་སྟེང་གཞུག་དྲུག་བརྒྱས་


DTG203_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བགོ །ཇི་སྲིད་ལྷག་ན་གཅིག་སྦྱིན་བྱ། །རྙེད་པ་གསུམ་ལས་མང་བ་མིན། །གཅིག་ནི་ཏད་ཀཱ་ལ་ཡིན་ཏེ། །གཉིས་ནི་ཏད་ཀཱ་ལ་ནས་བགྲངས་ལྔ། །གསུམ་བྱུང་དགུ་བའི་དུས་སྦྱོར་ཏེ། །གང་ཡིན་བདག་པོའི་འབྲས་བུ་འབྱུང༌། །དེ་ནས་དགུ་ཆ་བརྟག་པར་བྱ། །ཆ་ཤས་དྲུག་ཅུས་བསྒྱུར་བ་ལ། །ཆུ་ཚོད་སྟེང་གཞུག་མཁའ་སྟོང་མིག །བགོས་པས་ལྷག་ན་གཅིག་སྦྱིན་བྱ། །དེ་ནི་དུས་སྦྱོར་དགུ་ཆ་སྟེ། །ཐོག་མར་ཏང་ཀཱ་ལ་གང་ཡིན་ནས། །བཟུང་ལ་དགུ་ཆ་གང་ཡིན་བལྟ། །གང་ཡིན་བདག་པོའི་འབྲས་བུ་འབྱུང༌། །ལུག་སེང་གཞུ་རྣམས་ལུག་ནས་བགྲང༌། །ཆུ་སྲིན་བུ་མོ་གླང་རྣམས་ནི། །ཆུ་སྲིན་ནས་ནི་ཐོག་མ་བྱ། །འཁྲིག་པ་བུམ་པ་སྲང་རྣམས་ནི། །དད་པོར་སྲང་ནས་གྲངས་བཟང་ངོ༌། །ཀ་ར་ཀ་ཊ་དང་སྡིག་པ་ཉ། །ཀ་ར་ཀཊ་ཉིད་ཐོག་མར་གཞག །བཅུ་གཉིས་ཆ་ནི་བློ་ཏ་བ་ལ། །ཆ་ཤས་དྲུག་ཅུས་བསྒྱུར་བ་ལ། །ཆུ་ཚོད་སྟེང་གཞུག་མཁའ་ཆོས་ཀྱིས། །ཐོབ་ལ་ལྷག་ན་གཅིག་སྦྱིན་བྱ། །ཏང་ཀཱ་ལ་ནས་བགྲངས་པ་ཡི། །གང་ཡིན་བདག་པོའི་འབྲང་བུ་འབྱུང༌། །གཞན་ཡང་སུམ་ཆའི་ཆ་ལ་ཡང༌། །ཆ་ཤས་སྔར་བཞིན་བསྒྱུར་བར་བྱ། །ཆུ་ཚོད་བཅུག་ལ་མཁའ་རོས་བགོ །ལྷག་མ་ཐོབ་ན་གཅིག་སྦྱིན་བྱ། །མིག་དམར་སྤེན་པ་ཕྱིར་བུ་དང༌། །གཟའ་ལྷག་པ་སངས་རིམ་པས་བཞག །ལྔ་དང་ལྔ་བརྒྱད་བདུན་ལྔ། །གནས་གཉིས་དག་ལ་དགོད་པར་བྱ། །ལུག་སོགས་མི་མཉམ་པ་ཡི་ཁྱིམ། །རིམ་པ་བཞིན་དུ་བགྲངས་པ་ཡི། །དབུས་ཀྱི་བདག་པོའི་འབྲས་བུ་འབྱུང༌། །གླང་སོགས་མཉམ་ལ་རིམ་མིན་ཏེ། །དེ་ལྟར་ཤེས་བྱ་མཛེས་མ་ཀྱེ། །བུམ་དྲུག་བདེན་པའི་གཟའ་རྣམས་ནི། །རིམ་པ་བཞིན་དུ་བཞག་པ་ལ། །དགེ་དང་མི་དགེའི་མཚན་མ་བརྟག །ལུག་གླང་ཀར་ཀ་གཞུ་དང་ནི། །ཆུ་སྲིན་དུས་སྦྱོར་འོག་ལྟས་སྐྱེ། །ཉ་ནི་འཕྲེད་ལྟས་སྐྱེ་བ་སྟེ། །ལྷག་མ་སྐྱེ་བ་སྟེང་དུ་ལྟ། །བུ་མོ་འཁྲིག་པ་བུམ་པ་སྲང༌། །མདོག་བཟང་གཞན་ནི་ངན་པ་ཡིས། །དུས་སྦྱོར་གནས་སྟོབས་ཉེ་བར་ཤེས། །མི་རྣམས་ལ་ནི་ཡོངས་སུ་གྲགས། །འཁྲིག་པ་བུ་མོ་སྲང་བུམ་པ། །ཤར་དུ་ལྟོབས་དང་ལྡན་པ་སྟེ། །ལུག་གླང་སེང་གེ་གཞུ་རྣམས་ནི། །ལྷོ་རུ་དེ་བཞི་ན་ལྟོབས་སུ་འགྱུར། །སྡིག་པའི་དུས་སྦྱོར་གཅིག་པུ་ནི། །ནུབ་ཏུ་སྟོབས་ཆེར་འགྱུར་བར་


DTG203_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། །ཀར་ཀ་ཆུ་སྲིན་ཉ་ནི་བྱང༌། །ཕྱོགས་ཀྱི་སྟོབས་སུ་བཤད་པ་ཡིན། །ལུག་གླང་འཁྲིག་པ་ཀར་ཀ་ཊ། །གཞུ་དང་ཆུ་སྲིན་མཚན་མོ་ལ། །སེང་གེ་བུ་མོ་སྲང་སྡིག་པ། །བུམ་ཉ་ཉིན་མོ་སྟོབས་དང་ལྡན། །ཏད་ཀཱ་ལ་ཡི་དུས་སྦྱོར་གྱི། །མཐོང་བའི་ས་ན་བདག་པོའི་གཟའ། །ཡོད་ན་ཤིན་ཏུ་བཟང་བ་སྟེ། །དེ་ཡི་གྲོགས་པོ་ཡོད་ཀྱང་བཟང༌། །བཏང་སྙོམས་ལ་ནི་བཏང་སྙོམས་འགྱུར། །ཉ་ཡི་ཁྱིམ་བདག་ཕུར་བུ་སྟེ། །དེ་ཡིས་མཐོང་བའི་ས་རྣམས་ལ། །དེ་དང་གྲོགས་པོ་ཡོད་ན་བཟང༌། །དགྲ་རྣམས་ཡོད་ན་མི་དགེ་སྟེ། །བདུན་ལ་དགྲ་ཡོད་འཆི་བར་འགྱུར། །དགེ་སྡིག་གང་ཡོད་སྟོབས་ཆེ་སྟེ། །དྲན་པའི་སྟོབས་སུ་རབ་ཏུ་གྲགས། །དེ་ནས་གཞན་ཡང་དུས་སྦྱོར་གྱི། །དུམ་བུ་སུམ་ཅུའི་ཆ་ཤས་བཤད། །ལུག་ཏུ་ཉི་མར་ཆ་ཤས་བཅུ། །གླང་ལ་ཟླ་བ་ཆ་ཤས་གསུམ། །ཀར་ཀ་ཕུར་པ་ལྔ་ཡང་དགེ། །བུ་མོ་གཟའ་ལྷག་བཅོ་ལྔའོ། །སྲང་དུ་སྤེན་པ་མཁའ་མིག་དང༌། །ཆུ་སྲིན་མིག་དམར་ཉི་ཤུ་བརྒྱད། །ཉ་ལ་པ་སངས་ཉི་ཤུ་བདུན། །ཆ་ཤས་འདི་དག་ཡུན་ལ་དགེ། །རཱ་ས་ནས་ནི་བགྲངས་པ་ཡི། །བདུན་པ་ལ་ནི་མི་དགེ་བ། །ལུག་ཏུ་སྤེན་པ་ཉི་ཤུ་སྟེ། །ཀར་ཀ་མིག་དམར་ཉི་ཤུ་བརྒྱད། །བུམ་པར་གཟའ་ལྷག་བཅོ་ལྔ་སྟེ། །བུ་མོར་པ་སངས་ཉི་ཤུ་བདུན། །སྡིག་པར་ཟླ་བ་གསུམ་ཡིན་ནོ། །ཆུ་སྲིན་ཕུར་པ་ལྔ་ཡིན་ནོ། །སྲང་དུ་ཉི་མ་ཆ་ཤས་བཅུ། །འདི་དག་ཆ་ཤས་ཡུན་ལ་ངན། །ཏད་ཀཱ་ལ་ཡི་དུས་སྦྱོར་ལ། །ཞིང་བདག་གཟའ་ནི་འཆར་བ་དང༌། །དེ་ལས་གཞན་པའི་ཁྱིམ་རྣམས་སུ། །ཁྱིམ་བདག་གཟའ་རྣམས་འཆར་བའི་ཚེ། །དེ་ཡིས་དགོས་པའི་དོན་རྣམས་ནི། །འགྲུབ་འགྱུར་མཛེས་དགའ་བདེ་སྐྱེད་མ། །རང་གི་སྐྱེ་བའི་ཁྱིམ་དང་ནི། །ཏད་ཀཱ་ལ་ཡི་དུས་སྦྱོར་ནས། །མཐོང་བའི་ས་ནི་བདུན་ཡིན་ཏེ། །གསུམ་དང་བཅུ་ལ་རྐང་པ་གཅིག །བཞི་དང་བརྒྱད་ལ་རྐང་པ་གསུམ། །ལྔ་དང་དགུ་ལ་ཕྱེད་མཐོང་བཤད། །བདུན་པ་ཐམས་ཅད་རྫོགས་པར་མཐོང༌། །བཞི་ནི་མི་མཐོང་མཛེས་དགའ་མ། །མཐོང་དགའ་སྟོབས་ཀྱི་བྱེ་བྲག་བཤད། །རང་རང་སྡེ་ཚན་གནས་པ་ལས། །ཉི་མ་ཕུར་བུ་པ་སངས། །ཉིན་མོ་སྟོབས་དང་ལྡན་པར་འགྱུར། །མིག་དམར་རཱ་ཧུ་སྤེན་པ་ཟླ། །མཚན་ལ་སྟོབས་ཆེར་ལྡན་


DTG203_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། །ཉིན་དང་མཚན་ལ་སྟོབས་ཆེ་བ། །གཟའ་ལྷག་ཅེས་བྱར་ཡོངས་སུ་གྲགས། །ཕུར་བུ་དང་ནི་པ་བ་སངས། །དཀར་པོའི་ཕྱོགས་ལ་སྟོབས་ཆེ་སྟེ། །ཉི་མ་དང་ནི་སྤེན་པ་དག །ནག་པོའི་ཕྱོགས་ལ་སྟོབས་སུ་འགྱུར། །གཉིས་ཀ་ལ་ནི་སྟོབས་བྱེད་པ། །ཟླ་བ་མིག་དམར་གཟའ་ལྷག་གོ །ཟླ་བ་དང་ནི་པ་བ་སངས། །གླང་སོགས་མོ་རྣམས་སྟོབས་ལྡན་ཏེ། །ལྷག་མའི་གཟའ་རྣམས་ཕོ་ཁྱིམ་ལ། །སྟོབས་དང་ལྡན་འགྱུར་མཐོང་དགའ་མ། །བྱང་དུ་བགྲོད་ཚེ་སྟོབས་ཆེ་བ། །ནམ་མཁའི་ནོར་བུ་རི་བོད་ཅན། །དེ་ལས་གཞན་པའི་གཟའ་རྣམས་ནི། །ལྷོར་བགྲོད་སྟོབས་བྱེད་ཡིད་འདྲེན་མ། །ཉི་མ་ཟླ་བ་བཞི་པ་ལ། །སྟོབས་འགྱུར་མཛེས་དགའ་སྙིང་འདྲེན་མ། །རྒྱས་པར་གཟའ་ལྷག་དེ་བཞིན་ཏེ། །པ་བ་སངས་ཀྱིས་དབང་ལ་སྟོབས། །མིག་དམར་དགུག་པ་ཕུར་བུ་བསྐྲད། །གསད་ལ་སྟོབས་ཆེ་སྤེན་པའོ། །དེ་རྣམས་དབང་བྱེད་ཁྱིམ་རྣམས་ལའང༌། །སྟོབས་དང་ལྡན་པར་རབ་ཏུ་གྲགས། །རང་རང་ཁྱིམ་དུ་འོངས་པའི་ཚེ། །སྟོབས་དང་ལྡན་པར་བདག་གིས་དྲན། །གཞན་དག་ཞིང་དེར་འོངས་པའི་ཚེ། །འདི་ཡི་འབྲས་བུ་ག་ལ་སྟེར། །གཟའ་རྣམས་སྟོབས་ཀྱི་བྱེ་བྲག་ནི། །སྤེན་པ་མིག་དམར་གཟའ་ལྷག་དང༌། །ཕུར་བུ་པ་སངས་ཟླ་བ་ཉིད། །དེ་བཞིན་ཉི་མ་རིམ་པ་བཞིན། །གཅིག་ནས་བདུན་གྱི་བར་དུ་ཡང༌། །རེ་རེ་ཡིས་ནི་སྟོབས་འཕེལ་འགྱུར། །ཉི་མའི་གྲོགས་པོ་ཕུར་བུ་སྟེ། །ཟླ་བའི་ཕུར་བུ་གཟའ་ལྷག་གོ །གཟའ་ལྷག་དང་ནི་པ་བ་སངས། །མིག་དམར་གྲོགས་པོར་ཡོངས་སུ་གྲགས། །ཟླ་བ་མིག་དམར་ཕུར་བུ་དང༌། །པ་སངས་དང་ནི་སྤེན་པ་དག །གཟའ་ལྷག་དང་ནི་གྲོགས་པོར་དྲན། །ཕུར་བུའི་གྲོགས་པོ་ཉི་ཟླ་དང༌། །དེ་བཞིན་པ་སངས་སྤེན་པར་བརྗོད། །དེ་བཞིན་པ་བ་སངས་ཀྱི་གྲོགས། །མིག་དམར་གཟའ་ལྷག་ཕུར་བུ་སྤེན། །ཡང་ནི་སྤེན་པར་གྲགས་པ་ལས། །གཟའ་ལྷག་ཕུར་བུ་པ་བ་སངས། །གྲོགས་ལས་གཞན་པ་དགྲ་ཞེས་གྲགས། །གཞན་དག་གྲོགས་དང་གྲོགས་མིན་པ། །བཏང་སྙོམས་འདོད་ཟེར་ལྷས་མཆོད་མ། །མཆོད་སྦྱིན་ངེས་བརྗོད་སྲིང་སྲུང་དང༌། །སྙན་ངག་དག་གི་རིག་བྱེད་ལ། །ཕུར་བུ་པ་སངས་མིག་དམར་དང༌། །གཟའ་ལྷག་རིམ་བཞིན་བདག་པོར་


DTG203_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། །ནག་ཆ་དག་ལ་དབང་བྱེད་པ། །ཟླ་བ་ཉི་མ་མིག་དམར་དང༌། །སྤེན་པའོ་དཀར་ཆ་དབང་བྱེད་པ། །ཟླ་བ་དེ་བཞིན་ཕུར་བུ་དང༌། །པ་སངས་དགེའོ་རྗེ་བཙུན་མ། །གཟའ་ལྷག་གཉིས་ཀའི་མཚམས་ལ་དབང༌། །ཉི་མ་མིག་དམར་ཕུར་བུ་རྣམས། །སྐྱེས་པའི་གཟའ་རུ་བསྟན་པ་ཡིན། །ཁུ་བ་དང་ནི་རི་བོང་ཅན། །བུད་མེད་དག་གི་གཟའ་ཞེས་གྲགས། །གཟའ་ལྷག་དང་ནི་སྤེན་པ་དང༌། །མ་ནིང་ཞེས་བྱ་ལྷ་ཆེན་མ། །ཕུར་བུ་དང་ནི་པ་བ་སངས། །བྲམ་ཟེའི་རིགས་སུ་བསྟན་པ་ཡིན། །ཉི་མ་དང་ནི་མིག་དམར་དག །རྒྱལ་རིགས་ཞེས་བྱར་ཡོངས་སུ་གྲགས། །ཟླ་བ་རྗེ་རིགས་ཞེས་བྱ་སྟེ། །གཟའ་ལྷག་དམངས་རིགས་དག་ཏུ་བརྗོད། །ཕ་ནི་བྲམ་ཟེ་མ་ནི་དམངས། །དེ་ཡི་བུ་ནི་སྤེན་ཞེས་བྱ། །སྒྲ་གཅན་ཞེས་བྱར་གྲགས་པ་ནི། །གདོལ་བའི་རིགས་སུ་ཤེས་པར་བྱ། །ཉི་མ་དང་ནི་ཟླ་བ་དག །རྒྱལ་པོའི་རིགས་སུ་ཡོངས་སུ་གྲགས། །ཕུར་བུ་པ་སངས་བློན་པོའི་གཟའ། །མིག་དམར་དམག་དཔོན་བདག་པོར་གྲགས། །གཟའ་ལྷག་རྒྱལ་པོའི་བུ་ཞེས་གྲགས། །བྲན་གྱི་གཟའ་ནི་སྤེན་པར་གྲགས། །མིག་དམར་སྤེན་པ་སྒྲ་གཅན་ཉི། །དྲག་པོའི་གཟའ་རུ་ཡོངས་སུ་གྲགས། །ལྷག་མ་རྣམས་ནི་ཞི་བར་བརྗོད། །པ་སངས་ཕུར་བུ་ལྷག་པ་ཟླ། །བསོད་ནམས་དག་གི་གཟའ་ཡིན་ཏེ། །གཞན་ན་སྡིག་ཅན་ཞེས་བྱར་དྲན། །མཛེས་དགའ་གཟའ་ཡི་རང་བཞིན་ཡིན། །ཕུར་བུ་ཙམ་པ་བཞིན་དུ་སེར། །ཉི་མ་དམར་སྐྱའི་མདོག་ཏུ་གསལ། །མིག་དམར་དམར་ནག་རི་བོང་ཁྲག །ཟླ་བ་དཀར་ལ་སེར་བའི་མདངས། །གཟའ་ལྷག་སྔོ་དང་ལྗང་དམར་སྟོན། །བ་སངས་ཁ་དོག་སྣ་ཚོགས་པ། །སྤེན་པ་ནག་པོ་སྒྲ་གཅན་སྔོ། །དེ་ལྟར་གཟའ་ཡི་ཁ་དོག་བཞེད། །ཉི་མ་དང་ནི་མིག་དམར་དང༌། །བཞུ་དང་མི་བཞུའི་ཁམས་ཞེས་བྱ། །གཟའ་ལྷག་དང་ནི་སྤེན་པ་ལ། །རྩ་བ་ཞེས་བྱ་གོས་ལ་སོགས། །ཟླ་བ་ཕུར་བུ་པ་བ་སངས། །སྲོག་ཆགས་རིགས་ཡིན་དཀར་མོ་ཆེ། །དེ་ལྟར་དུས་སྦྱོར་བཅུ་གཉིས་ཀྱང༌། །ལུག་གླང་འཁྲིག་པ་ལ་སོགས་པ། །ཁམས་དང་རྩ་བ་སྲོག་རིམ་བཞིན། །ཐ་སྐར་བྲ་ཉེ་སྨིན་དྲུག་སོགས། །ཁམས་རྩ་སྲོག་སོགས་གོ་རིམས་བཞིན། །ཀུན་ལ་


DTG203_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཏེ་ཤེས་པར་བྱ། །ལུས་ནོར་སྤུན་ཟླ་གྲོགས་པོ་དང༌། །བུ་དགྲ་ཆུང་མ་འཆི་དང་ཆོས། །ལས་དང་རྙེད་སྟོར་གོ་རིམས་བཞིན། །ཏད་ཀཱ་ལ་དུས་སྦྱོར་སོགས་ཤེས་བྱ། །ཏད་ཀཱ་ལ་ཡི་དུས་སྦྱོར་ལ། །ཏད་ཀཱ་ལ་དང་བཞི་བ་དང༌། །བདུན་པ་དང་ནི་བཅུ་པ་རྣམས། །ཨུ་པ་ཙ་ཡི་བདག་ཉེད་དུ། །གནས་ཀྱི་དབང་གིས་གྲུ་བཞིར་གྲགས། །ཏད་ཀཱ་ལ་དུས་སྦྱོར་གནས་པ་ལས། །གསུམ་དྲུག་བཅུ་དང་བཅུ་གཅིག་རྣམས། །ཨུ་པ་ཛ་ཡའི་བདག་ཉིད་དུ། །ཤེས་པར་བྱའོ་ལྷ་ཆེན་མ། །དང་པོ་གསུམ་སོགས་མི་མཉམ་པ། །ཨུ་པ་ཛ་ཏེ་དགེ་བ་ཡིན། །གཉིས་པ་བཞི་སོགས་མཉམ་པ་སྟེ། །ཨུ་པ་ཛ་ཏེ་མི་དགེར་བརྗོད། །ཏད་ཀཱ་ལ་ལྔ་པ་དགུ་པ་རྣམས། །ཟུར་གསུམ་ཞེས་བྱར་ཡོངས་སུ་གྲགས། །བར་དུ་གཉིས་ནི་གནས་པ་ལ། །གྲུ་བཞིའི་མཚན་ཉིད་ཤེས་པར་བྱ། །གསུམ་ནི་བར་དུ་གནས་གྱུར་པ། །ཟུར་གསུམ་དུ་ཡང་བརྗོད་པ་ཡིན། །ལྔ་པ་དང་ནི་བདུན་པ་དག །དེ་བཞིན་གྲིབ་མར་ཡོངས་སུ་གྲགས། །བརྒྱད་པ་ཉིན་ངོས་ཞེས་བྱ་སྟེ། །དེ་བཞིན་བཅུ་གཉིས་མཚམས་ཞེས་བྱ། །བཞི་དང་བརྒྱད་པ་ལ་གནས་ཏེ། །བཞི་པ་ཞེས་བྱར་ཡོངས་སུ་གྲགས། །གཉིས་པ་དང་ནི་ལྔ་པ་དང༌། །བརྒྱད་པ་དང་བཅུ་གཅིག་མཐར་ཐུག་པ། །དུས་སྦྱོར་ཏད་ཀཱ་ལ་གནས་པ་ཡི། །ཐུར་སྨད་ཅེས་ནི་ཡོངས་སུ་གྲགས། །གསུམ་དྲུག་དགུ་པ་བཅུ་གཉིས་པ། །དེ་བཞིན་གྱེན་སྟོད་ཅེས་སྦྱར་སྨྲ། །གསུམ་པ་དང་ནི་བཅུ་པ་ལ། །རྐང་པ་གཅིག་ནི་མཐོང་བར་དྲན། །དེ་བཞིན་ལྔ་དང་དགུ་པ་ལ། །རྐང་པ་གཉིས་ནི་མཐོང་ཞེས་གྲགས། །བཞི་པ་དང་ནི་བརྒྱད་པ་ལ། །རྐང་པ་གསུམ་མཐོང་བདེ་སྟེར་མ། །བདུན་པའི་གནས་སུ་གཞག་པ་ལ། །བཞི་པ་ཡོངས་སུ་རྫོགས་པར་མཐོང༌། །མ་ལུས་པ་ནི་གནས་པ་ལ། །གཟའ་ཡི་འབྲས་བུ་བསྐྱེད་པ་ཡིན། །གསུམ་དང་བཅུ་ལ་སྤེན་པ་གནས། །ཡོངས་སུ་རྫོགས་པ་སྟེར་བ་ཡིན། །ལྔ་དང་དགུ་ལ་ཕུར་བུ་གནས། །བཞི་དང་བརྒྱད་ལ་མིག་དམར་དང༌། །བདུན་པ་ལ་ནི་ལྷག་མ་ཞེས། །གཟའ་མཆོག་རྫོགས་པར་སྟེར་བ་ཡིན། །རང་གི་སྐྱེ་བའི་དུས་སྦྱོར་ལ། །བདུན་པའི་གནས་སུ་གཞག་པ་ལ། །དུས་མེ་འཆར་ཚེ་འཆི་བར་གྲགས། །ཉི་མས་ནད་འབྱུང་མིག་དམར་དགྲ། །


DTG203_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྤེན་པས་ནོར་ནི་ཉམས་པར་འགྱུར། །ཀེ་ཏུས་དོན་ཉམས་ལྷས་མཆོད་མ། །སྒྲ་གཅན་ཤར་ན་དགྲ་ཡང་ཕམ། །ཟླ་བས་རང་རྒྱལ་གཟའ་ལྷག་རྩོད། །པ་བ་སངས་ཀྱིས་དོན་རྣམས་འགྲུབ། །ཕུར་བུས་སྔགས་རྣམས་འགྲུབ་པར་སྟོན། །མདོར་ན་སྐྱེ་གནས་བདུན་པ་ལ། །བཟང་ངན་ཞི་དྲག་གནས་པས་ཤེས། །དེ་ལྟར་རཱ་ཤིའི་དཀྱིལ་འཁོར་གྱི། །ཆོ་གའི་བྱེ་བྲག་བདག་གིས་བཤད། །གཡོ་བ་ཟུང་ནི་འཕྱང་བ་ཁྱོད། །ལོགས་པར་རྟོགས་སམ་འདོད་དགའམ། །བྲམ་ཟེ་རྣམ་པར་དག་པའི་ཚོགས། །ཕུང་པོ་གསུམ་མཁྱེན་ཐུབ་དབང་པོ། །སྒྲ་ཡི་བསྟན་བཅོས་དོན་སྤངས་པ། །ཀླགས་པས་ཆོག་པ་དོན་གྲུབ་པ། །ཉན་པར་འདུས་པའི་སེམས་དགེ་མ། །བླ་མ་དམ་པའི་རིམ་པ་ཡིས། །མཆོག་ཏུ་གསང་བའི་བསྟན་བཅོས་འདི། །གཟི་བརྗིད་དགའ་བ་མ་ལུས་མཐོང༌། །འདི་ནི་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྒྱུད་ལས། །དུས་སྦྱོར་གྱི་གཟའི་དུམ་བུ་དྲུག་གི་དོན་རབ་ཏུ་ཕྱེ་བ་ཆེན་པོ་སྟེ་ལེའུ་གཉིས་པའོ།། །།ལྷ་མོས་གསོལ་པ། །སྐལ་ལྡན་ལྷ་ཡི་ལྷ་མཆོག་གཙོ། །རི་བོང་ཅན་གྱིས་དབུ་ལ་བརྒྱན། །མཆོག་ཏུ་དགེ་བ་ཐམས་ཅད་མཁྱེན། །ཇི་ལྟར་དུས་སྦྱོར་དགེ་མི་དགེ། །བཞི་དང་ཆོ་ག་སྔར་གསུངས་ནས། །ལྷ་ཆེན་རྫུ་འཕྲུལ་མངའ་བ་ཁྱེད། །དུས་སྦྱོར་ཕྲིན་ལས་ཐམས་ཅད་ནི། །མི་གསུང་བཞུགས་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཀའ་ཟློག་ལྷ་མོ་མཆོག་ཏུ་ནི། །གསང་བ་བཤད་ཀྱིས་གྲོགས་མོ་ཉོན། །བསམ་པ་སྔོན་དུ་ལེགས་བཞག་སྟེ། །བྱེ་བྲག་སོ་སོར་ལེགས་བསམས་ཏེ། །སྔ་དྲོའི་དུས་སུ་སེམས་དགེ་བས། །མངོན་སུམ་དྲན་པ་སོར་བཞག་ནས། །མདུན་བསྡད་གདོང་ནི་མངོན་ཕྱོགས་ཏེ། །ཡིད་ཆེས་ཐེ་ཚོམ་མེད་དགའ་བས། །གུས་པས་ཕྱག་ནི་བཙལ་བྱས་ཏེ། །ཡོན་ཕུལ་ནས་ནི་མཉེས་པར་བྱས། །དེ་ལྟར་སྔོན་དུ་བྱས་ནས་ནི། །ལངས་དང་རྒྱབ་ཀྱིས་ཕྱོགས་པ་མིན། །གཡས་དང་གཡོན་ནས་མ་ཡིན་པར། །མདུན་དུ་དམའ་སར་བསྡད་ནས་ནི། །དགོས་པའི་བསམ་པ་སྔོན་བཏད་སྟེ། །དོན་གསལ་ཚིག་གིས་དྲི་བར་བྱ། །སློབ་དཔོན་མཁས་ཤིང་བྱེ་བྲག་ཤེས། །དགའ་ཞིང་བློ་གསལ་ཡིད་གཞུངས་


DTG203_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཏད་ཀཱ་ལ་དུས་སྦྱོར་རབ་ཤེས་པས། །དུམ་བུ་དྲུག་གི་བྱེ་བྲག་མཐོང༌། །གཟའ་རྣམས་ཁྱིམ་དང་རྒྱུ་སྐར་ལ། །གནས་པའི་ལོངས་སྤྱོད་ཤེས་པ་དང༌། །གཟའ་སྐར་ཚེས་དང་བྱེད་སྦྱོར་སོགས། །རྣམ་པར་དག་བ་དེས་བྱས་ཏེ། །དྲི་བར་བྱེད་པའི་ཚིག་ཚོགས་ཀུན། །ཁོང་དུ་ཆུད་ནས་སྨྲ་བར་བྱ། །ཟུར་གསུམ་པ་དང་བསོད་ནམས་ཤར། །ཨུད་པ་ཙ་ལ་སྡིག་ཅན་གནས། །འདྲི་བྱེད་རྙེད་པ་འབྱུང་ཞེས་བསྟན། །དེ་ལས་བཟློག་ན་རྙེད་པ་མེད། །ཏད་ཀཱ་ལ་དུས་སྦྱོར་ཕུར་བུ་གནས། །བཞི་དང་བདུན་ལ་ཟླ་བ་གནས། །བཅུ་བར་ཉི་མ་སྣང་གྱུར་ན། །སྨྲས་མ་ཐག་ཏུ་དོན་རྣམས་འགྲུབ། །དང་པོ་དང་ནི་གཉིས་པ་ལ། །བཅུ་དང་བཅུ་གཅིག་བསོད་ནམས་ཡོད། །དེ་མ་ཐག་ཏུ་དོན་རྣམས་ནི། །དེ་ལྟར་འགྲུབ་པར་བསྟན་པ་ཡིན། །ཏད་ཀཱ་ལ་དུས་སྦྱོར་གཡོ་བ་ལ། །སྡིག་ཅན་གཟའ་དང་ལྷན་ཅིག་གནས། །དོན་རྣམས་མེད་ཅིང་རྣམ་པར་འཇོམས། །སྔར་ནས་མེད་པའི་སྡུག་བསྔལ་འབྱུང༌། །ཏད་ཀཱ་ལ་དུས་སྦྱོར་བདག་ཡོད་པ། །དེ་ཡི་གྲོགས་པོ་སྣང་ཡང་བདེ། །བཞི་པ་ལ་ནི་ཡོད་ན་ཡང༌། །ཐེ་ཚོམ་མེད་པར་བདེ་བར་སྟོན། །བཅུ་གཅིག་པ་དང་བརྒྱད་པ་ལ། །སྡིག་ཅན་ཉེ་བར་གནས་པ་དང༌། །བཞི་པ་ལ་ཡང་སྡིག་ཅན་གནས། །འདྲི་བྱེད་སྡུག་བསྔལ་འབྱུང་བར་དྲན། །དང་པོ་གཉིས་པ་བཞི་པ་དང༌། །བདུན་བརྒྱད་བཅུ་ལ་བསོད་ནམས་ཡོད། །འདྲི་བྱེད་ཚེ་རིང་ལོ་མང་ཐུབ། །གྲུ་བཞི་ལ་ཡང་དེ་བཞིན་ནོ། །ཏད་ཀཱ་ལ་ཡི་དུས་སྦྱོར་དང༌། །བཞི་དང་བརྒྱད་ལ་སྡིག་པ་གནས། །དགྲ་རྣམས་ཀྱིས་འཚེ་དོན་ཉམས་ཤིང༌། །འདྲི་བྱེད་འཆི་བར་འགྱུར་བ་ཡིན། །ཏད་ཀཱ་ལ་དུས་སྦྱོར་སྡིག་གཟའ་ཡོད། །ལུས་ལ་ནད་རྣམས་འབྱུང་བར་འགྱུར། །བཞི་བར་སྡིག་ཅན་ཡོད་པ་ན། །གཉེན་བཤེས་རྣམས་ནི་འཐབ་རྩོད་འཁྲུག །དེ་བཞིན་བདུན་པར་སྡིག་ཅན་ཡོད། །ཆུང་མ་འོད་ཚད་འཆི་བར་སྟོན། །བཅུ་པ་སྡིག་ཅན་རྟག་པར་གནས། །བྱ་བའི་ལས་རྣམས་འགྲུབ་མི་འགྱུར། །དེ་ལས་བཟློག་སྟེ་བསོད་ནམས་ཡོད། །རིམ་པ་བཞིན་དུ་དགེ་བ་ཡིན། །གྲུ་བཞི་ཚང་བར་དགེ་བ་ཅན། །འདྲི་བྱེད་གྲགས་དང་སྙན་པ་འབྱུང༌། །དང་པོ་ལྔ་བ་བདུན་དང་བརྒྱད། །དེ་ལ་བསོད་ནམས་སྣང་འགྱུར་ཞིང༌། །


DTG203_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དྲུག་བཅུ་དང་བཅུ་གཅིག་ལ། །ཟླ་ནས་ནད་ཅན་མྱུར་དུ་གྲོལ། །དང་པོ་ལྔ་དང་བདུན་བརྒྱད་ལ། །སྡིག་ཅན་གཟའ་དང་ཟླ་བ་འཛོམ། །དྲི་བྱེད་ནད་ནི་འབྱུང་བ་སྟེ། །ནད་ཅན་ཡིན་ན་འཆི་བར་འགྱུར། །དང་པོ་ལྔ་བདུན་བརྒྱད་ལ་སྡིག །དང་པོ་གཉིས་བཞི་ལྔ་བདུན་བརྒྱད། །བཅུ་གཉིས་ཟླ་གནས་དེ་བཞིན་ནོ། །གསུམ་ལ་སོགས་པ་རེ་མིག་རྣམས། །ཁྱིམ་དུ་གནས་ཤིང་འཇུག་པ་སྟེ། །དགུ་པ་ལ་སོགས་དེ་བཞིན་དུ། །ཡུལ་ལམ་ཁྱིམ་ནས་འཐོན་པར་གྲགས། །འཇུག་ལ་ཞི་བའི་ལྷ་རྣམས་འབྱུང༌། །འདྲི་བར་བྱེད་པ་རྒྱལ་བར་བཤད། །འཐོན་ལ་ཞི་བའི་གཟའ་རྣམས་ཚང༌། །ཕམ་པ་རྒྱལ་བར་བྱེད་པ་ཡིན། །འཇུག་ལ་སྡིག་ཅན་གཟའ་རྣམས་ཤར། །གང་ཞིག་འདྲི་བ་ཕམ་པ་སྟེ། །འཐོན་ལ་དྲག་པོའི་གཟའ་རྣམས་འབྱུང༌། །རྒྱལ་བ་ཕམ་པར་འགྱུར་བ་ཡིན། །ཞི་དྲག་གཉིས་ཀ་ཕྱེད་མར་གནས། །ཕན་ཚུན་འཁྲུག་པ་འདུམ་པར་བརྗོད། །རྒྱལ་བ་ཞི་བའི་གཟའ་ཡོད་ན། །ཤིན་ཏུ་དགེ་སྟེ་རྒྱལ་བར་ངེས། །ཕམ་ལ་ཞི་བའི་གཟའ་ཡོད་ན། །ཐོག་མར་ཕམ་ནས་དེ་ནས་རྒྱལ། །རྒྱལ་ལ་སྡིག་ཅན་ཡོད་པ་ན། །དང་པོ་རྒྱལ་ནས་དེ་ནས་ཕམ། །འཁྲུག་པའི་གྲོས་བྱེད་དང་པོ་ནི། །ཕམ་པ་ཞེས་ནི་བྱ་བ་སྟེ། །ཕྱི་ནས་གྲོས་བྱས་རྒྱལ་བ་ཞེས། །བདེ་སྟེར་ལྷ་མོས་ཤེས་པར་གྱིས། །དང་པོའི་བདུན་པར་བསོད་ནམས་ཡོད། །གསུམ་དང་དྲུག་དང་བཅུ་པ་དང༌། །བཅུ་གཅིག་པ་ལ་སྡིག་པ་གནས། །དེ་ཚེ་འདྲི་བྱེད་སྐྱེས་བུ་རྒྱལ། །གཟའ་ལྷག་ཕུར་བུ་པ་སངས་གསུམ། །བཅུ་བ་ལ་ནི་ཤར་བ་ན། །དཔུང་གི་ཚོགས་ནི་རྣམ་པར་རྒྱལ། །ཐམས་ཅད་འཇོམ་མམ་རེ་རེའང་བཟང༌། །ལུག་གླང་སེང་གེ་གཞུ་རྣམས་ནི། །ཏད་ཀཱ་ལ་དུས་སྦྱོར་ལ་འཆར་ཞིང༌། །དེ་ལ་སྡིག་ཅན་ཡོད་པ་ན། །དགྲ་བོས་བདག་ཉིད་འཆི་བར་འགྱུར། །བཞི་པར་ཡང་ནི་དེ་འཆར་ཚེ། །དེ་དང་འདྲ་སྟེ་དགྲ་བོས་འཆིང༌། །ཏད་ཀཱ་ལ་དུས་སྦྱོར་ལ་སོགས་པ། །དུས་སྦྱོར་གནས་ནི་རེ་རེ་ལ། །གཟའ་ནི་གཉིས་གསུམ་བཞི་ལ་སོགས། །འཛོམ་པར་འགྱུར་བ་ལེགས་པར་བརྟག །ལྔ་དང་དགུ་པར་སྡིག་ཅན་ཡོད། །དེ་ཚེ་དགྲ་ནི་འོངས་གྱུར་ཏམ། །ཆོམ་རྐུན་ལ་སོགས་འོང་བ་ན། །བདག་གིས་ཕམ་པར་བྱས་ཏེ་སོང༌། །ཉི་མ་


DTG203_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

མིག་དམར་སྤེན་པ་གསུམ། །བཞི་ཡི་གནས་སུ་འཛོམ་པ་ན། །ལམ་དུ་ཞུགས་པའི་གཏམ་ཐོས་ཀྱང༌། །དགྲ་བོ་འབྱུང་བར་ག་ལ་འགྱུར། །གཟའ་ལྷག་ཕུར་བུ་པ་སངས་གསུམ། །སྔར་བཞིན་བཞི་བར་འཛོམ་གྱུར་ན། །དོགས་པ་མེད་ཀྱང་དགྲ་བོ་རྣམས། །འོང་སྟེ་དགྲ་ཉིད་འཇོམས་པར་འགྱུར། །གང་ཚེ་གཡོ་བའི་ཏད་ཀཱ་ལ། །ཉི་མ་དང་ནི་ཕུར་པ་ཤར། །དགྲ་བོ་ལམ་དུ་ཞུགས་ཏེ་འོང༌། །དེ་ཚེ་བཟློག་པར་ཐེ་ཚོམ་མེད། །བརྟན་པའི་ཏད་ཀཱ་ལ་དུས་སྦྱོར་ལ། །ཉི་མ་ཕུར་བུ་འཛོམ་སྟེ་གནས། །ཕ་རོལ་དམག་གི་དཔུང་ཚོགས་ཀྱང༌། །ལམ་དུ་མི་འཇུག་དགེ་བ་ཡིན། །ཉི་མ་གཟའ་ལྷག་ཕུར་བུ་དཀར། །གཡོ་བའི་དུས་སྦྱོར་ལ་འཛོམ་ན། །རེ་རེའམ་ཐམས་ཅད་གང་ཡིན་པ། །འདྲི་བ་དོན་རྙེད་དགྲ་ལས་རྒྱལ། །ཏད་ཀཱ་ལ་དུས་སྦྱོར་བསྟན་པ་ལ། །ཕུར་བུ་སྤེན་པ་མཉམ་པར་གནས། །དགྲ་རྣམས་འབྱུད་བར་འགྱུར་བ་རྣམས། །གལ་ཏེ་མ་འོངས་པའང་སྲིད། །ཏད་ཀཱ་ལ་དུས་ནས་བགྲངས་པ་ཡི། །གཉིས་ལ་གསུམ་པ་ཕུར་པ་ལ། །པ་སངས་ཤར་ན་ཕ་རོལ་དགྲ། །འོང་སྟེ་རང་ཉིད་ཕམ་པར་འགྱུར། །ལུག་སེང་སྡིག་པའི་དུས་སྦྱོར་ལ། །ཉི་མ་མིག་དམར་མཐོང་སར་ཡོད། །བརྐུས་སམ་སྦས་སམ་སེམས་པ་ནི། །བཞུ་དང་མི་བཞུའི་ཁམས་ལས་གྲུབ། །བུ་མོ་ཆུ་སྲིན་འཁྲིག་བུམ་ལ། །གཟའ་ལྷག་སྤེན་པ་འཛོམ་པའམ། །རེ་རེ་མཐོང་ན་རྩ་བའི་རིགས། །ཁུ་ཚུར་རམ་ནི་སྟོར་བ་སོགས། །སེམས་སོགས་ཚིག་ཏུ་མ་བརྗོད་རྣམས། །དེ་ལས་གྲུབ་པོ་མཐོང་དགའ་མ། །སྲང་གཞུ་ཉ་གླང་ཀར་ཀ་ཊར། །ཟླ་བ་ཕུར་བུ་པ་བ་སངས། །འཛོམ་མམ་རེ་རེ་མིག་གིས་མཐོང༌། །མ་སྨྲས་སྲོག་ཆགས་རིགས་ཡིན་ཀྱེ། །མ་བརྗོད་ལྐོག་གྱུར་ཁ་དོག་ནི། །གཟའ་ཡི་མདོག་དང་བསྟུན་པ་ཡིན། །བརྟན་པའི་ཁྱིམ་དང་དགུ་ཆའི་ཁྱིམ། །གཅིག་པར་གྱུར་པ་དེ་ཡི་ཚེ། །སྟོར་བའི་རྫས་དང་ལོངས་སྤྱོད་རྣམས། །རང་མའི་ཁྱེར་བར་ཐེ་ཚོམ་མེད། །ཏད་ཀཱ་ལ་དུས་སྦྱོར་དགུ་ཆ་ཡིས། །གཉིས་ཀ་གཡོ་བར་གྱུར་པ་ན། །རྐུན་མོ་ཕྱི་ཡི་མི་ཡིན་ཏེ། །ནོར་དེ་གཞན་དུ་ཁྱེར་ནས་སོང༌། །ཏད་ཀཱ་ལ་ཁྱིམ་དང་ཨ་ས་ཁྱིམ། །གཉིས་ཀའི་རང་བཞིན་ཡིན་པའི་ཚེ། །ཕྱི་ནང་གཉིས་ཀར་གཏོགས་པའི་མིས། །ནོར་དེ་ཕྱི་ནང་མཚམས་སུ་སྦས། །


DTG203_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་བཞི་དང་ནི་གཉིས་པ་དང༌། །ཨུ་པ་ཙ་ལ་བསོད་ནམས་ཡོད། །འདྲི་བྱེད་སྟོར་བ་རྙེད་འགྱུར་ཏེ། །དེ་ལས་བཟློག་ན་ན་མི་རྙེད་དོ། །ཟླ་བ་དཀར་ཆར་གྱུར་པ་དང༌། །ཏད་ཀཱ་ལ་དུས་སྦྱོར་གཟའ་ལྷག་དང༌། །ཕུར་བུ་པ་སངས་སྣང་གྱུར་ན། །སྟོར་བའི་ནོར་ནི་རྙེད་པ་ཡིན། །དེ་ལྟར་རྐུ་བར་བྱེད་པ་ཡི། །སྐྱེས་བུའི་རིགས་དང་ཁ་དོག་དང༌། །ལས་དང་ནུས་པ་ལ་སོགས་པ། །དུས་སྦྱོར་བདག་པོའི་གཟའ་ཡིས་ཤེས། །དགུ་ཆའི་ལོངས་སྤྱོད་བརྩམས་པ་ཡི། །ཐོབ་པ་སྔོན་ཆད་སོང་བའི་གྲངས། །ལྷག་མ་ཡིས་ནི་མ་འོངས་པའི། །གྲངས་དེས་རྙེད་པའི་དུས་ཚོད་ཤེས། །དགུ་ཆའི་བདག་པོའི་གཟའ་ལ་དྲིས། །ཟླ་བ་ཆུ་ཚོད་ལ་རྩིས་ཏེ། །དེ་ཡི་གྲངས་ཀྱིས་རྙེད་པ་ཡིན། །མིག་དམར་ཞག་གྲངས་ཀྱིས་འཛིན་ཏེ། །དགུ་ཆའི་བཅོ་ལྔ་ཟླ་ཕྱེད་ལ། །སུམ་ཅུ་ཟླ་བ་གཅིག་ན་རྙེད། །གཟའ་ལྷག་ཟླ་བ་གཉིས་ལ་བརྩི། །སུམ་ཅུ་བྱུང་ན་ཟླ་བ་གཉིས། །བཅོ་ལྔ་ཟླ་བ་གཅིག་ན་རྙེད། །ཉི་མ་ཟླ་བ་དྲུག་ཡིན་པས། །སུམ་ཅུ་ཚང་ན་ཟླ་བ་དྲུག །བཅོ་ལྔས་ཟླ་གསུམ་དག་ན་རྙེད། །ཕུར་བུ་ཟླ་བ་དགུར་འགྱུར་བས། །སུམ་ཅུ་ཚང་ན་ཟླ་དགུ་སྟེ། །བཅོ་ལྔ་ཟླ་བ་ཕྱེད་དང་ལྔ། །པ་སངས་ཟླ་བ་ཕྱེད་ན་བྱེད། །བཅོ་ལྔ་བྱུང་ན་ཕྱེད་དང་བརྒྱད། །སྤེན་པ་ལོ་ཡི་བདག་ཉིད་པས། །སུམ་ཅུ་ཚང་ན་ལོ་གཅིག་སྟེ། །བཅོ་ལྔ་ཟླ་བ་དྲུག་ན་རྙེད། །དེ་ཡི་བར་གྱི་གྲངས་ཀྱི་དུས། །མཁས་པས་ཞིབ་ཏུ་དཔྱད་པར་བྱ། །ཏད་ཀཱ་ལ་ཡི་དུས་སྦྱོར་རམ། །དགུ་པ་ཡི་ནི་དུམ་བུ་ཡི། །བདག་པོའི་གཟའ་ནི་བལྟས་ནས་ཀྱང༌། །གཞན་ལ་བཤད་བྱ་མཛེས་དགའ་མ། །གལ་ཏེ་ཉི་མ་ཡོད་པ་ན། །རྒྱལ་པོ་དང་ནི་མེ་དང་ཁྲག །ཉི་མ་ཤར་དང་མེ་ཏོག་གི །དམར་པོའི་རིགས་རྣམས་རྨི་བ་ཡིན། །ཟླ་བ་བུད་མེད་མེ་ཏོག་དང༌། རིན་པོ་ཆེ་དང་སྣ་ཚོགས་རྨི། །ས་ལེ་སྦྲམ་ལ་སོགས་པ་ཡི། །དཀར་པོའི་རིགས་རྣམས་རྨི་བ་ཡིན། །མིག་དམར་བྱི་རུ་ཁྲག་དང་ནི། །ནམ་མཁའ་ལ་ནི་འཕུར་ལ་སོགས། །ཏད་ཀཱ་ལ་ཡི་དུས་སྦྱོར་ལ། །མིག་དམར་སྣང་ན་རྨི་བ་ཡིན། །གཟའ་ལྷག་དག་ལ་རྨི་ལམ་ནི། །ཆོས་བཤད་པ་དང་ཉན་པ་རྨི། །ཕུར་བས་རི་མོ་འབྲི་བ་དང༌། །ཀློག་དང་རིག་པ་སྣ་ཚོགས་དང༌། །རྟ་དང་བྱིས་པ་རྩེ་བ་དང༌། །པུ་ཏི་ལྷ་དང་གཉེན་མཐོང་རྨི། །བ་སངས་ཆུ་ལ་རྒལ་བ་


DTG203_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དང། །གར་དང་རྩེ་དང་འཁྲུག་པ་རྨི། །ཁྱིམ་དང་གཟའ་ནི་སོ་སོ་སྟེ། །ཁྱིམ་བདག་མིན་པའི་གཟའ་ཤར་ན། །རྨི་ལམ་འདྲེན་མ་འབྱུང་བ་འམ། །ཡང་ན་རྨི་ལམ་མི་ཤེས་སོ། །ཁྱིམ་བདག་གཟའ་ཡི་དགྲར་གྱུར་བའི། །གཟའ་རྣམས་ཤར་ན་ངན་པ་རྨི། །ཉི་མ་གནས་པ་ནས་བགྲངས་པའི། །བདུན་ན་ཟླ་བ་ཡོད་པའམ། །ཟླ་གནས་བདུན་ལ་ཉི་མ་ཡོད། །དེ་ཚེ་འདྲི་ན་རྨི་ལམ་ཡོད། །དེ་ལས་གཞན་པ་འདྲི་བ་ལ། །རྨི་ལམ་མེད་པར་ཤེས་པར་བྱ། །རྨི་ལམ་རྨི་བའི་དུས་བསྟན་པ། །ཏད་ཀཱ་ལ་ཆ་ཤས་སུམ་ཅུ་ཡི། །རང་བཞིན་ཡིན་པས་དེ་ལ་བལྟ། །ཆ་ཤས་བཅུ་ཤར་སུམ་ཆ་ན། །བཙོ་ལྔ་ཤར་ན་ནམ་ཕྱེད་ན། །སུམ་ཅུ་ཡོད་ན་ཐོ་རངས་ཏེ། །དེ་ལ་སོགས་པའི་བྱེ་བྲག་རྣམས། །མཁས་པས་ཞིབ་ཏུ་བརྟག་པར་བྱ། །འཕོ་བའི་རྒྱུ་སྐར་ཚེས་བསྲེས་ལ། །སྤྱོད་པའི་གཟའ་ཡིས་ལེགས་པར་བསྒྱུར། །མིང་ཡིག་དང་པོའི་གསལ་བྱེད་ནི། །རིམ་པས་བསྲེས་ལ་གསུམ་གྱིས་བགོ། དེ་ཡི་ལྷག་མས་དཀོན་མོད་དང༌། །རིན་གྱི་བྱེ་བྲག་སྟོན་པར་བྱེད། །ཟང་དཀོན་རིམས་མང་རི་བོ་ཅན། །དབུ་མར་བརྗོད་པ་གཉིས་ལྷག་པ། །མ་ལུས་པ་ལ་རིམས་མེད་མོད། །ཟླ་རེ་བཞིན་དུ་བརྟགས་ཏེ་སྨྲ། །སྐྱེས་བུ་ཇི་སྙེད་སྣང་གྱུར་པ། །མི་རྣམས་རྒན་པའི་རིམ་པ་ཡི། །དབྱངས་དང་གསལ་བྱེད་ཇི་སྙེད་པ། །རེ་རེ་བྲི་ལ་གསལ་བྱེད་སྡོམ། །གཉིས་ཀྱིས་བསྒྱུར་ལ་དབྱངས་ཀྱིས་དབྲི། །སྐྱེས་བུས་བགོས་ལྷག་རྒན་པོ་ནས། །རིམ་པ་བཞིན་ནོ་གངས་རིའི་བདག །བློ་གསལ་ཡིད་གཞུངས་ལས་ཤེས་བྱ། །སླར་ཡང་གཞན་ཡང་གསལ་བྱེད་རྣམས། །རིམ་པས་བགྲངས་ལ་རེ་རེ་བྲི། །དེ་ལ་སྔར་གྱི་ཆོ་ག་ཡིས། །ཆོམ་རྐུན་ཐེ་ཚོམ་མེད་པར་ཤེས། །སྐྱེས་པ་བུད་མེད་ལྷན་ཅིག་ལས། །ལུས་དང་ཡན་ལག་སོ་སོར་ཕྱེ། །ལུས་ནི་རྒྱ་མཚོས་བསྒྱུར་བྱས་ཏེ། །ཡན་ལག་མེ་ཡིས་བསྒྱུར་བར་བྱ། །གཅིག་ཏུ་བསྡོམས་ལ་གསུམ་གྱིས་བགོ །ཟུང་ནི་བུ་མོ་གཅིག་མཁའ་བུ། །གང་ཚེ་བུད་མེད་འོངས་པ་ཡིས། །དྲིས་པའི་དང་པོའི་གསལ་བྱེད་གསུམ། །སྡེ་ཚན་བགྲང་བསྡམ་མིག་གིས་ཕྱེ། །ཕོ་མོ་ཟླ་བ་སྟོང་པས་ཤེས། །གསལ་བྱེད་རིམ་པས་བླངས་པ་གསུམ། །སྡོམ་ལ་བཅུས་བསྒྱུར་དགུས་ཐོབ་པ། །འདས་པའི་ཟླ་བ་ཤེས་པར་བྱ། །སྦྲུམ་མའི་ཟླ་བའོ་དགའ་བྱེད་མ། །


DTG203_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ངེས་པ་མ་མཐོང་བས། །ཡང་ནས་ཡང་དུ་འདྲི་བ་ལ། །སྔར་གྱིས་ཐོབ་པས་དེ་དང་ནི། །ལྷག་མ་བསྲེས་ལ་དགུ་ཡིས་ཕྱེ། །ལྷག་མས་ཟླ་བ་རྟོགས་པ་སྟེ། །ཐིག་ལེ་ཤར་ན་ཟླ་བ་བཅུ། །ཡང་ནི་འདྲི་བར་བྱེད་པ་ལ། །རྙིད་དང་ལྷག་མ་བསྡོམས་ལ་བརྟག །གཞན་ཡང་སྦྲུམ་མའི་གསལ་བྱེད་ནི། །དང་པོ་མི་མཉམ་བུ་སྐྱེ་ཞིང༌། །གཉིས་དང་བཞི་སོགས་བུ་མོར་འགྱུར། །ཐ་མ་ལྔ་ལ་མ་ནིང་འགྱུར། །བུད་མེད་མིང་གི་སྐར་མའི་གྲངས། །དེ་བཞིན་ཚེས་དང་གཟའ་དང་ནི། །དྲི་ཚིག་དང་པོའི་ཡི་གེའི་གྲངས། །བསྲེས་ལ་བདུན་གྱིས་བགོས་པ་ཡི། །ལྷག་མ་མཉམ་ན་བུ་མོ་སྟེ། །མི་མཉམ་པ་ནི་བུ་རུ་མཐོང༌། །བུད་མེད་སྦྲུམ་མར་གྱུར་བ་ཡི། །མིང་གི་དབྱངས་རྣམས་ཇི་སྙེད་པ། །གསང་བའི་ཚད་མ་གང་ཡོད་བསྲེ། །ཐུབ་པས་བགོས་པས་རྙེད་པ་རྣམས། །ལྔ་ཡིས་བསྒྱུར་ལ་ལྷག་མ་བསྲེ། །དེ་ལ་གསུམ་གྱིས་བགོས་ཐོབ་པ། །རི་བོང་ཅན་ཉིད་མིག་དང་མེ། །ལྷ་མི་ས་འོག་རིམ་བཞིན་འོངས། །ཡང་ན་དྲུག་གིས་བགོས་པའི་ལྷག །གཅིག་གཉིས་གསུམ་བཞི་ལྔ་དང་སྟོང༌། །ལྷ་དང་ལྷ་མིན་མི་དུད་འགྲོ། །ཡི་དྭགས་དམྱལ་བ་རིམ་བཞིན་ཡིན། །གསལ་བྱེད་རིམ་ཅན་དང་པོ་གསུམ། །བསྲེས་ལ་གསུམ་གྱིས་བགོས་པ་ལས། །ལྷག་མ་གཅིག་གིས་དོན་རྙེད་ཅིང༌། །གཉིས་ལུས་དབུ་མར་བསྟན་པ་སྟེ། །ལྷག་མ་མེད་ན་འདྲི་བྱེད་ཀྱི། །དོན་ནི་ཐེ་ཚོམ་མེད་པར་ཉམས། །དེ་ལྟར་བཟང་ངན་བརྟགས་ནས་ནི། །ཡིད་ལ་སེམས་པ་ཤེས་པར་བྱ། །སྐྱེས་པ་བུད་མེད་གཉིས་ཀྱི་ནི། །མིང་གི་ཡི་གེ་ཇི་སྙེད་པ། །ཨ་སོགས་དབྱངས་སུ་ཤེས་བྱ་སྟེ། །ཀ་སོགས་གསལ་བྱེད་ལྷ་དགའ་མ། །མིང་གི་དབྱངས་ཀྱི་གྲངས་རྣམས་དང༌། །མིང་གི་གསལ་བྱེད་ཇི་སྙེད་པ། །སོ་སོར་ཕྱེ་ལ་གཅིག་ཏུ་བསྲེ། །དེ་ལ་འཇིག་རྟེན་གྱིས་ཆེ་བས། །ལྷག་མ་གཟུགས་དང་སྟོང་པར་ཤར། །སྐྱེས་པ་འཆི་བདག་གིས་འཛིན་ཏེ། །ཇི་སྲིད་གཉིས་ནི་སྣང་གྱུར་ན། །མི་མོ་དེ་བཞིན་སྲོག་དང་བྲལ། །འདི་ནི་ཁྱོ་ཤུག་ཆོ་ག་སྟེ། །གཞན་དུ་མ་བཤད་རི་སྲས་མོ། །གྱེན་དུ་རེ་ཁཱ་དགུ་པ་ལ། །འཕྲེད་ལ་རེ་ཁཱ་གསུམ་བྲིས་ལ། །ཨ་ཀ་ཙ་ཊ་ཏ་པ་ཡ། །ཤ་རྣམས་སྟེང་དགོད་འོག་མ་ལ། །ཀླུ་མདའ་རོ་དང་མཚོ་དང་ནི། །ཟླ་མེ་མིག་རིམ་བཞིན་དུ་


DTG203_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དགོང༌། །མིང་གི་ཡི་གེ་ཇི་སྙེད་པ། །འོག་མས་སྟེང་ལ་བསྒྱུར་བར་བྱ། །དབྱངས་དང་གསལ་བྱེད་སོ་སོར་བསྡོམ། །མཚོ་དང་མིག་གིས་རིམ་བཞིན་བསྒྱུར། །གཅིག་ཏུ་བསྡོམས་ལ་མེ་ཡིས་ཕྱེ། །ལྷག་མར་སྟོང་པ་རི་བོང་ཅན། །སྐྱེས་པ་གཤིན་རྗེས་སྔོན་ལ་ཁྲིད། །གང་ཚེ་ཟུང་དུ་ལྷག་པ་ན། །དེ་ཚེ་བུད་མེད་སྔོན་ལ་འགྲོ། །མཛེས་དགའ་ཁྱོ་ཤུག་སྦྱོར་བ་སྟེ། །གཞན་དུ་ངས་ནི་མ་བཤད་དོ། །གཤིན་རྗེའི་གནས་འགྲོ་མིང་ཡིག་གི །དང་པོར་དཀར་ཕྱོགས་ཡི་གེ་སྣང༌། །ནག་པོའི་ཕྱོགས་ལ་འཆི་བ་སྟེ། །དང་པོར་ནག་ཕྱོགས་ཡི་གེ་སྣང༌། །དཀར་པོའི་ཕྱོགས་ལ་དུས་ལས་འདའ། །ཁྱོ་ཤུག་ཡིན་ཏེ་གཞན་ལས་མིན། །མིང་གི་གསལ་བྱེད་དང་པོ་ལ། །མཉམ་དང་མི་མཉམ་ཡི་གེ་སྣང༌། །གཡོན་དུ་གསལ་དག་རིམ་པ་བཞིན། །མིག་གི་དང་པོ་འགྲིབ་པར་གྲགས། །རང་གི་སྐྱེས་པའི་སྐར་མ་ཡིས། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཅིང༌། །དགེ་དང་མི་དགེའི་འབྲས་བུ་ཀུན། །འདི་ཉིད་གཅིག་པུས་ངེས་པར་མཐོང༌། །སྐྱེས་བུ་ཟླ་བའི་ཚེས་གྲངས་ལས། །སྐར་མའི་ངེས་པ་རྟོགས་པར་འགྱུར། །ཟླ་བ་ཤེས་པས་སྐྱེས་ཁྱིམ་གང༌། །ཤེས་པས་དེ་ལས་འབྲས་བུ་སྟོན། །སྐྱེས་པའི་ཚེས་གྲངས་ལྷག་མ་ཡིན། །ཉི་ཤུ་རྩ་དགུ་ལ་ཕྲི་བའི། །ལྷག་མ་སྐྱེས་སྐར་རྟོགས་པར་དྲན། །དཀར་ཕྱོགས་གཅིག་ནས་གྲངས་རྣམས་བཟུང༌། །ནག་ཕྱོགས་ཚེས་ལ་གསུམ་བསྣན་དང༌། །ཟླ་བའི་སྐར་མ་ཤེས་པ་དང༌། །དེ་བཞིན་རང་གི་སྐྱེས་ཟླ་ལ། །བཅུ་གཅིག་འདྲེས་པས་ཤེས་པར་བྱེད། །ཇི་ལྟར་སྐྱེ་བའི་ཉི་མའི་གྲངས། །གསུམ་གྱི་སྣོན་འབྲིང་ལྷན་ཅིག་པ། །དེ་ཡི་གྲངས་ནི་གནས་པ་ལས། །སྐྱེས་པའི་སྐར་མ་རབ་ཏུ་བྱེད། །སྐྱེས་པའི་ཚེས་ལ་ཉི་ཤུ་ལྔ། །བསྲེས་ལ་ཉི་ཤུ་བདུན་གྱིས་བགོ །ལྷག་མས་ཚེས་གཅིག་ནས་བརྩམས་པའི། །སྐར་མའི་གྲངས་ནི་སྟོན་པར་བྱེད། །དེ་ལྟར་སྐར་མའི་རབ་ཕྱེ་བ། །སྐྱེས་པའི་ཟླ་བ་ཉིན་ཞག་དྲན། །འདི་ལ་རང་གི་ཟླ་བ་ནི། །སྔོན་སོད་སྐར་མ་བཙལ་བ་ཡིན། །རང་གི་སྐར་མ་ཤེས་པ་ལས། །དོན་ཀུན་ཤེས་པར་འགྱུར་བར་དྲན། །གང་གིས་སྐར་མ་མི་ཤེས་པ། །དེ་ཡི་ངལ་བ་དོན་མེད་དྲན། །རང་གི་འདོད་པའི་སྐར་མ་ནས། །ལྷ་མོ་ནན་ཏན་ལས་ཤེས་བྱ། །འདྲི་བྱེད་སྲོག་གི་ལས་བྱེད་སར། །


DTG203_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ནས་གནས་ན་དགོས་དོན་མེད། །གལ་ཏེ་ལས་ནི་བྱེད་པར་གནས། །བསམ་པའི་ཡིད་ལ་འདོད་པ་འགྲུབ། །སྐྱེས་པ་སྒོ་ནང་གཡས་འཇོག་ཅིང༌། །དེ་བཞིན་བུད་མེད་གཡོན་འཇོག་པ། །དགེ་ཞིང་ཤེས་པར་སྟོན་པ་སྟེ། །བཟློག་ན་འདྲི་བའི་དོན་ཉམས་འགྱུར། །གཡས་ཀྱི་ཡན་ལག་གཡོ་བ་དང༌། །སྙིང་ཉིད་ངན་པ་རྣམ་པར་སྤང༌། །ཉེ་འཁོར་ཤིས་པའི་བྱ་བ་བྱེད། །བསམ་མི་དགོས་བས་དོན་མི་འགྲུབ། །འདྲི་བྱེད་མགྲིན་པ་འགྲམ་པ་དང༌། །རྣ་བ་སྣ་མིག་བྲང་དང་ནི། །ལྕེ་དང་གསང་བ་སྙིང་དང་སོ། །སྐྲ་དང་དཔྲལ་བ་གསུས་པ་དང༌། །ནུ་མ་དང་ནི་དཀུ་རྣམས་སུ། །ལག་པ་གཡས་པས་རེག་ཅིང་གཡོ། །གདོང་ནི་སྔོན་དུ་བལྟས་པའི་ཚེ། །དགེ་བའི་ལས་ཡིན་བཞིན་བཟངས་མ། །གཡོན་པས་རེག་ཅིང་གཡོ་བ་ནི། །དེ་ལས་བཟློག་པར་ཤེས་པར་བྱ། །འདྲི་བྱེད་ཕོ་ཉའི་ཉེ་འཁོར་ན། །བ་ལང་ར་ལུག་གསོད་པ་དང༌། །འཐབ་རྩོད་རྡེག་ཅིང་རྡུང་བ་དང༌། །བརྩོན་འཛིན་སྲོག་འཇོམས་ནོར་སྟོར་དང༌། །སྣོད་སྟོང་སྐྱེ་བོ་ཡུལ་དམན་པ། །གོས་ཧྲུལ་མཛེ་ཅན་མདོག་མི་སྡུག །སྐྲག་དང་བྱེད་ཅིང་ཆད་པས་བཅད། །སེམས་སྟོང་མྱ་ངན་བྱེད་པ་མཐོང༌། །ཁ་དོག་ཡིད་དུ་མི་འོང་བ། །ཁ་ནི་འོག་བལྟས་རླུང་ཚུབ་མཐོང༌། །འགྲོ་ཕྱོགས་ལས་བཟློག་སྐྱེ་བོ་སོགས། །མཐོང་ན་མཛེས་པའི་དོན་རྣམས་མེད། །དུད་འགྲོ་གསོད་ལས་ཐར་པ་དང༌། །བརྩེ་ཞིང་དགའ་ཞིང་དགོད་པ་དང༌། །ནད་པ་སོས་དང་བརྩོན་རྣམས་ཐར། །དགེ་བའི་གླུ་དང་དེ་བཞིན་གར། །ཕུན་སུམ་ཚོགས་པའི་གནས་རྣམས་མཐོང༌། །རོལ་མོའི་སྒྲ་སྐད་སྙན་པ་དང༌། །དགེ་སློང་བྲམ་ཟེ་བླ་མ་ལྷ། །ལྷ་མཆོད་པ་དང་དགའ་སྟོན་བྱེད། །ནོར་རྙེད་ཚོང་པ་རྙེད་པ་ཆེ། །གང་དག་སྐྱེས་བུ་ཡ་མཚན་ཅན། །གོས་བཟང་ཡན་ལག་བཟང་བ་དང༌། །རྒྱལ་པོ་བུད་མེད་རྒྱན་ཅན་མཐོང༌། །དཀར་ཕྱོགས་དང་ནི་མཐུན་པའི་མདོག །ཉི་གསལ་འབྲས་བུ་མེ་ཏོག་རྒྱས། །རྫིང་བུར་བྱ་རྣམས་རྩེ་བ་དང༌། །རང་ལ་བྱིས་པའི་ཚོགས་དགའ་ཞིང༌། །སེམས་དགེ་ཚིག་འབྲུ་དགེ་བ་སྒྲོགས། །མཐོང་ན་དེ་ཚ་འདོད་དོན་འགྲུབ། །ལྷ་མོ་ཐེ་ཚོམ་ཇི་ལྟ་བུ། །འཕྲལ་དུ་མངོན་དུ་བྱེད་པ་ཉིད། །ཉི་མ་ཐབས་ལྡན་གཡས་ཕྱོགས་སུ། །ཟླ་བ་ཤེས་རབ་གཡོན་ཕྱོགས་དྲན། །


DTG203_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ལྐོག་ཏུ་གྱུར་པའི་ཕྱི་རོལ་དོན། །དེ་ཡི་བྱེ་བྲག་ཤེས་པ་ཡིན། །དགོས་པ་མེད་ཀྱང་བྱིས་པ་རྣམས། །དགའ་བའི་ཕྱིར་བཤད་དགའ་སྦྱིན་མ། །འཇིགས་བྱེད་ལྟང་ཚེ་དབུ་མ་ཡི། །རྣམ་འགྱུར་སྟོན་ན་འགྲུབ་འགྱུར་ཞིང༌། །བཟའ་བཏུང་ལ་སོགས་ཐོབ་པར་དྲན། །ཁྱབ་འཇུག་རྣམ་འགྱུར་དེ་ལས་བཟློག །དབུ་མ་ཉལ་ན་མི་དགུ་དང༌། །ཙ་མུཎྜི་ཡི་སྔར་བཞིན་གྲགས། །གང་ཞིག་སུས་ཀྱང་མི་ཤེས་ཤིང༌། །འཇིག་རྟེན་གསུམ་ན་རྙེད་དཀའ་བ། །གསང་བའི་རྒྱུད་ཆེན་ཁྱོད་ལ་སྨྲས། །མཛེས་མ་གསང་སྟེ་གཅེས་པར་ཟུང༌། །འདི་ནི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་ཀྱི་རྒྱལ་པོ་ལས། །ཕོ་ཉས་དྲིས་པའི་ལན་བསྟན་པ་སྟེ་ལེའུ་གསུམ་པའོ།། །།ལྷ་མོས་གསོལ་བ། བཅོམ་ལྡན་དབང་ཕྱུག་ལྷ་ཡི་གཙོ། །གཡུལ་གྱི་དུས་སུ་རྒྱལ་བ་དང༌། །ཕམ་པར་བཤད་པ་ཤེས་པ་ནི། །དབང་ཕྱུག་ལྷ་ལས་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །ཇི་ལྟར་ཁྱོད་ཀྱིས་བདག་དྲིས་པ། །ཉོན་ཅིག་ལྷ་མོ་བཤད་པར་བྱ། །གཞན་དུ་ངས་ནི་མ་བསྟན་ཏེ། །ངོ་མི་ཆོག་པས་ཁྱོད་ལ་བཤད། །གང་ཞིག་དབྱངས་འཆར་ཞེས་བྱ་བའི། །བསྟན་བཅོས་བཤད་པ་དོན་ཡོད་པ། །དགྲ་དང་རྩོད་པར་བྱེད་པ་ཡི། །དུས་ནི་མ་ནོར་ངེས་བཟུང་སྟེ། །འཁྲུག་པ་ལ་སོགས་རྩོམ་པ་ལ། །མཛེས་མ་ཁྱིམ་གྱིས་སྟོན་པར་བྱེད། །རྒྱུ་སྐར་རྐང་པ་དགུ་དགུ་ལ། །ཁྱིམ་གཅིག་ཅེས་བྱར་ཡོངས་སུ་གྲགས། །ལུག་སོགས་ཉ་ཡི་མཐར་ཐུག་པར། །འཕོ་ཁྱིམ་ཅེས་བྱ་ལྷ་དགའ་མ། །ཐ་སྐར་ལ་སོགས་ནས་བཟུང་སྟེ། །ནམ་གྲུའི་མཐར་ཐུག་རིམ་བཞིན་དྲན། །བདག་གི་མིང་གི་སྐར་མ་ཡི། །དེ་ཉིད་འཁོར་ལོ་ལས་ཤེས་བྱ། །རྐང་པ་བརྒྱ་ཡི་འཁོར་ལོ་ལས། །མིང་གི་སྐར་མ་ཤེས་པར་བྱ། །མིང་གི་ཐོག་མའི་ཡི་གེ་ནི། །བཏུས་པས་ཤེས་བྱ་དགའ་བྱེད་མ། །གང་ཚེ་ཡི་གེ་རྩེག་མ་ཡོད། །དེ་ཚེ་སྟེང་མ་གཟུང་བར་བྱ། །ཡི་གེ་དགོད་པའི་རེ་མིག་ནི། །ཕན་ཚུན་ཀུན་ནས་བཅུ་བཅུ་སྟེ། །བརྒྱ་ཕྲག་གཅིག་གི་རེ་མིག་ལ། །མིང་གི་སྐར་མ་རིག་པར་བྱ། །དང་པོར་ཤར་ནས་བརྩམས་ནས་ནི། །རེ་མིག་རྣམས་ལ་རིམ་པ་བཞིན། །ཨ་ཝ་ཀ་ཧ་ཌ་ཞེས་པ། །སྟེང་ནས་བྲི་བ་ཉིད་དུ་བྱ། །དེ་བཞིན་དུ་ཡང་ལྷོ་ཕྱོགས་སུ། །མ་ཊ་པ་དྲ་ཏ་རྣམས་སོ། །ཆུ་ནས་


DTG203_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡ་བྷ་ཛ་ཁ། །ག་ས་ད་ཙ་ལ་རྣམས་ནི། །བྱང་དུ་དེ་ལྟར་རིམ་བཞིན་བྲི། །ཐོག་མའི་ཡི་གེ་བདུན་གནས་པ། །རང་གི་སྡེ་ཚན་བཞི་བཞིར་བསྟན། །དེ་ལ་ཨ་ཡིག་ཨི་ཡིག་དང༌། །ཨུ་དང་ཨོ་དང་ཨེ་དང་བཞིན། །དེ་རྣམས་དབྱངས་ཀྱི་ཡི་གེ་དང༌། །ལྷན་ཅིག་བྱེད་དོ་དགའ་བྱེད་མ། །རང་རང་ཐད་ཀ་རུ། །རང་གི་རིགས་ཀྱི་ཡི་གེ་འབྱུང༌། །ཀུ་སུ་བྷུ་དུ་གསུམ་པའི་གྲར། །རྐང་པ་བཞི་ལ་བྲི་བ་ནི། །གྷ་ང་ཚ་དང་ཥ་ཎ་ཋ། །དྷ་ཕཌྷ་དང་ཐ་ཛྷ་ཉ། །རྐང་པ་རེ་རེ་གསུམ་གསུམ་སྟེ། །བཅུ་གཉིས་དག་གིས་བསྟན་པ་ཡིན། །དེ་ལྟར་རེ་མིག་བརྒྱ་པོ་རྣམས། །ཡི་གེས་ཡོངས་སུ་གང་བ་བྲི། །ཐུང་དང་རིང་བར་མཉམ་ཤེས་པས། །རྐང་པའི་སྟེང་དུ་རྣམ་པར་བཞག །ཐ་མ་གཉིས་ཀྱིས་མ་ཚང་དབྱངས། །གསལ་བྱེད་ཡོངས་སུ་རྫོགས་པར་གནས། །ཡི་གེ་བཞི་བཞི་བསྡོམས་པ་ལས། །སྐར་མ་གཅིག་ཏུ་འགྱུར་བ་ཡིན། །རྐང་པ་བརྒྱ་དང་བཅུ་གཉིས་ལ། །འདི་ལྟར་ཨ་ཨི་ཨུ་ཨེ་སྟེ། །བཞི་པོ་སྨིན་དྲུག་ཡི་གེར་བརྗོད། །ཨོ་དང་ཝ་ཝི་ཝུ་རྣམས་ནི། །སྣར་མའི་ཡི་གེར་རྣམ་པར་གནས། །དེ་བཞིན་ཝེ་ཝོ་ཀ་ཀི་མགོ །ཀུ་གྷ་ང་ཚ་ལག་ཏུ་བསྟན། །ཀི་ཀོ་ཧ་ཡི་ནམ་སོར་དྲན། །ཧུ་ཧེ་ཧོ་ཌ་རྒྱལ་ཞེས་གྲག །ཌི་ཌུ་ཌེ་ཌོ་ཞེས་བྱ་བ། །སྐག་ཏུ་ཤེས་བྱ་ལྷ་ཆེན་མ། །མཆུ་ཡི་མ་མི་མུ་མེ་སྟེ། །མོ་ཌ་ཌི་ཌུ་གྲེ་ཞེས་བརྗོད། །ཌེ་ཌོ་པ་པི་དབོ་རུ་དྲན། །མེ་བཞི་པུ་ཥ་ཎ་ཋའོ། །པེ་པོ་ར་རི་ནག་པ་ཟེར། །རུ་རེ་རོ་ཏ་ས་རིར་སྨྲ། །ཏི་ཏུ་ཏེ་ཏོ་ས་ག་སྟེ། །ན་ནི་ནུ་ནེ་ལྷ་མཚམས་སོ། །ནོ་ཡ་མེ་ཡུ་སྣྲོན་དུ་གྲགས། །ཡེ་ཡོ་བྷ་བྷི་སྣྲུབས་སུ་དྲན། །བྷུ་དྷ་ཕ་ཊ་ཆུ་སྟོད་ཡིན། །བྷེ་བྷོ་ཛ་ཛི་ཆུ་སྨད་ཐོབ། །ཛུ་ཛེ་ཛོ་ཁ་གྲོ་བཞིན་ནོ། །ཁི་ཁུ་ཁེ་ཁོ་བྱི་བཞིན་དྲན། །ག་གི་གུ་གེ་ཞེས་བྱ་བ། །མོན་གྲུ་ཡིན་ནོ་གང་རིའི་བདག །གོ་ས་སི་སུ་མོན་གྲེར་ཐོས། །ཤེ་ཤོ་ད་དི་ཁྲུམས་སྟོད་ཤེས། །དུ་ཐ་ཛ་ཉ་ཁྲུམས་སྨད་བཤད། །ནམ་གྲུ་དེ་དོ་ཙ་ཙིར་གྲགས། །ཙུ་ཙི་ཙོ་ལཱ་ཐ་སྐར་ལོ། །ལི་ལུ་ལེ་ལོ་བྲ་ཉེར་གྲགས། །དེ་ལྟར་རྐང་པ་བརྒྱ་འཁོར་ལོར། །མིང་གི་སྐར་མར་ཤེས་པར་བྱ། །རེ་མིག་ང་རྒྱ་བའི་འཁོར་ལོ་དེར། །མིང་གི་སྐར་མ་ཤེས་པར་བྱ། །རྒྱུ་སྐར་རེ་རེ་ལྡན་པ་ལ། །བཞི་བཞིའི་ཆ་རུ་ཤེས་པར་བྱ། །འཁོར་ལོའི་རི་མོ་དགོད་པ་ལ། །བརྒྱད་


DTG203_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལྷག་པའི་ཉི་ཤུའོ། །དེ་ལྟར་ཤར་གྱི་ཕྱོགས་ལ་གནས། །ལྷོ་ལ་སོགས་པར་མཉམ་པར་གནས། །རི་མོ་བརྒྱད་པོ་མཉམ་བྲིས་པས། །རྐང་པ་རེ་ལ་ཆ་བཞིར་བགོ །ཤར་ནས་བརྩམས་ཏེ་གསལ་བར་ནི། །རྐང་པ་བརྒྱ་པ་ལེགས་པར་གནས། །རྒྱུ་སྐར་བཞི་ལ་གསལ་བར་ནི། །རྐང་པ་བཞི་རུ་གྲགས་པ་ཡིན། །སྨིན་དྲུག་ལ་སོགས་བསྡོམས་པ་ལས། །བཅུ་གཉིས་ལྷག་པའི་བརྒྱ་ཕྲག་གཅིག །དབྱངས་དང་གསལ་བྱེད་ལྔ་སོགས་ལ། །དེ་ལྟར་བྱེ་བྲག་ཤེས་པར་བྱ། །རྐང་པའི་རི་མོར་གང་གནས་ལས། །གནོད་པའི་མཚན་ཉིད་ཤེས་བྱ་བ། །འདི་ལྟར་འགྱུར་རོ་གྲོགས་མོ་ཀྱི། །སོལ་བ་དང་འཁྱུད་པ་དང༌། །དུ་བ་གདོང་ཚུགས་མཐོང་ས་རྣམས། །གཙོ་མོ་ཉོན་ལ་ཡིད་ལ་གཟུང༌། །དང་པོར་སྨིན་དྲུག་གནས་པ་ལ། །སྡིག་པའི་གཟའ་ནི་མཉམ་པར་གནས། །ཨ་ཡིག་ལ་ནི་འཁྱུད་པ་ཞེས། །གསལ་པོར་ཁོང་དུ་ཆུད་པར་བྱ། །ཨེ་ཡི་ཡི་གེ་དུ་བར་དྲན། །བྱང་ཕྱོགས་ལོ་ཡིག་སོལ་བར་དྲན། །ནུབ་ཕྱོགས་ཇི་བཞིན་ཡི་གེ་ཁོ། །གདོང་ཚུགས་ཞེས་བྱ་ར་ཡོངས་སུ་གྲགས། །མཐོང་བའི་ས་རྣམས་སླེབས་པ་སྟེ། །གནོད་པ་ལྔ་ཡིན་བཞིན་བཟང་མ། །སོལ་བས་འཆི་བར་འགྱུར་བ་སྟེ། །འཁྱུད་པས་ལུས་ལ་ནད་རྣམས་འབྱུང༌། །དུ་བས་ཡིད་ལ་འདོད་པ་མེད། །གདོང་ཚུགས་རིགས་ངན་ཐ་ཤལ་འགྱུར། །མཐོང་བའི་འབྲས་བུའི་བྱེ་བྲག་ལས། །ཤེས་བྱའི་དཔའ་བོའི་དབང་ཕྱུག་མ། །ཐོག་མར་སྨིན་དྲུག་བཞག་པ་ཡི། །རྒྱུ་སྐར་རྐང་པ་གསལ་བ་ལ། །གལ་ཏེ་ཉི་མ་མཉམ་པར་གནས། །རྒྱུ་སྐར་གསུམ་དུ་རབ་ཏུ་བརྗོད། །ཨ་ནས་བཅུ་གཉིས་པ་ནས་ཀི། །མགོ་ཡི་རྐང་བའི་ཐ་མར་དྲན། །ཟླ་བ་གནས་ན་ནུབ་ཕྱོགས་སུ། །མཐོང་ས་རྐང་པ་ཉི་ཤུ་གཉིས། །མོན་གྲུའི་རྐང་པ་ཐ་མ་ཡི། །སུ་ཡིག་གསལ་པོར་མཐོང་བ་ཡིན། །དེ་ལྟར་གཟའ་ཀུན་ངག་གིས་ནི། །མཐོང་བའི་མཚན་ཉིད་ཤེས་པར་བྱ། །ཉི་མའི་བཅུ་གཉིས་ཡིན་པར་གྲག་།མིག་དམར་གྱི་ནི་གསུམ་པར་གྲགས། །དེ་ལྟར་ལྷ་ཡི་བློན་པོ་དྲུག །ཉི་མའི་བུ་ཡི་བརྒྱད་རྣམས་ནི། །ཉི་མ་ལ་སོགས་རྒྱབ་ཏུ་གྲགས། །ཟླ་བ་ལ་སོགས་མདུན་དུ་སྟེ། །རཱ་ཧུ་གཟའ་ལྷག་པ་སངས་ཏེ། །བཞི་པོ་འགྲོགས་ལུགས་གཅིག་ཏུ་རྟེན། །ཟླ་བ་མཐོང་བ་ཉི་ཤུ་གཉིས། །དེ་བཞིན་


DTG203_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཧུའི་དགུ་རུ་དྲན། །ཟླ་བའི་བུ་ཡི་བདུན་ཡིན་ཏེ། །དེ་བཞིན་དཀར་པོས་ལྔ་ཞེས་བྱ། །ཉི་མའི་མཐོང་ས་ནོར་རྣམས་ཟད། །མིག་དམར་རཱ་ཧུ་སྤེན་པ་ཡིས། །ལུས་ཅན་རྣམས་ནི་འཆི་བར་བྱེད། །ཕུར་བུས་གཉེན་རྣམས་བརླག་ཅིང་འཆི། །པ་སངས་ལས་ཉམས་དོན་མི་འགྲུབ། །གཟའ་ལྷག་དགྲ་འབྱུང་ཟོང་མི་ལོམ། །ཟླ་བས་འཇིགས་པ་ཆེན་པོ་འབྱུང༌། །གཙོ་བོ་མཐོང་བའི་འབྲས་བུར་དྲན། །དེ་ནས་གཞན་ཡང་བཤད་པར་བྱ། །ཤ་ལ་ཀ་ཡི་འཁོར་ལོ་སྟེ། །བག་མ་ལ་སོགས་ཆོ་ག་མཆོག །གྲོགས་མོ་ལྷ་ཆེན་མཛེས་དགའ་ཉོན། །སྐར་མའི་དགེ་དང་མི་དགེ་བ། །མ་ལུས་པ་ནི་སྟོན་པར་བྱེད། །ཐུག་མ་བདུན་པའི་འཁོར་ལོ་སྟེ། །ངེས་པའི་འབྲས་བུ་སྟོན་པ་ཡིན། །ཤར་ནས་ནུབ་ཏུ་རི་མོ་བདུན། །ལྷོ་ནས་བྱང་དུའང་དེ་བཞིན་ཏེ། །ཐད་ཀར་གདོང་ཚུགས་འབྱུང་བས་ན། །ཤ་ལ་ཀ་ཞེས་གྲགས་པ་ཡིན། །སུམ་ཅུ་དྲུག་གི་རེ་མིག་བཅས། །སྨིན་དྲུག་ནས་ནི་བྲ་ཉེའི་བར། །ཤར་ནས་བརྩམ་པའི་སྦྱོར་བ་ཡིས། །ཉི་ཤུ་རྩ་བརྒྱད་རིམ་བཞིན་བྲི། །ཆེ་ཞེ་དེ་ལ་སྡིག་པའི་གཟའ། །ལྷན་ཅིག་གནས་ཏེ་འཁྱུད་པ་ནི། །དེ་ཡི་ཐད་ཀའི་སྐར་མ་ལ། །མ་རུངས་གདོང་ནི་ཟུག་པར་ངེས། །འཁྱུད་པའི་མདུན་ན་སོལ་བ་སྟེ། །རྒྱབ་མ་དུ་བའོ་བཅུན་མོ་ཀྱེ། །དེ་ཡི་ནུས་པ་དེ་ཙམ་དེ། །སྔོན་དུ་ཤེས་བྱ་ལྷ་སྲས་མོ། །སོལ་བ་འཁྱུད་པ་དུ་བ་གདོང༌། །སྟོབས་བཞིའི་འཁོར་ལོ་ཞེས་བྱའོ། །ཉི་མ་དང་ནི་ལྷན་ཅིག་པའི། །ཕྱོགས་ནི་མི་ཤེས་པ་ཞེས་བྱ། །ཉི་མའི་དཀྱིལ་འཁོར་གནས་པའི་ཕྱོགས། །ཨ་ཏ་མི་ཏ་ཞེས་བྱར་གྲགས། །ཕྱོགས་གང་བསོད་ནམས་གཟའ་རྣམས་ཡོད། །འཆར་བ་ཞེས་བྱ་དགེ་བ་ཡིན། །ཉི་མ་དང་ནི་ལྷན་ཅིག་པས། །ཨ་ཏ་མི་ཏར་གྲགས་པ་ཡིན། །གཟའ་རྣམས་ཟླ་བའི་ཐད་ཀ་སོགས། །བག་མའི་འབྲས་བུ་ངེས་པར་བརླག །ཉི་མའི་ཐད་ཀར་ཁྱོ་རྣམས་ཤི། །མིག་དམར་གྱི་ནི་བུ་དང་བྲལ། །ཟླ་བའི་ཏད་ཀཱར་གཟའ་ལྷག་ཡོད། །བཟའ་བཏུང་མེད་དོ་ལྷ་ཡི་སྲས། །ལྷ་ཡི་བླ་མས་ནོར་ཉམས་ཤིང༌། །སྔོན་ཆད་མེད་པའི་སྡུག་བསྔལ་འབྱུང༌། །བ་སངས་ཁྱོས་ནི་སྤངས་ནས་སུ། །བཙུན་མོ་ལ་སོགས་མགོ་རེག་བྱེད། །སྤེན་པའི་ཐད་ཀར་ཟླ་བ་ཡོད། །སྨད་འཚོང་དུ་ནི་འགྲོ་ཞེས་གྲགས། །ཟླ་བ་ཡོད་པའི་


DTG203_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཐུར་མ་ལ། །བསོད་ནམས་སྡིག་པ་གནས་གྱུར་པ། །མདུང་དང་མདུང་ནི་ཆེན་པོ་ཡི། །སྦྱོར་བར་ཡོངས་སུ་གྲགས་པ་ཡིན། །མདུང་དང་མདུང་ཆེན་སྦྱོར་བ་ལ། །བུ་སྐྱེས་འཆི་བར་འགྱུར་བ་སྟེ། །གལ་ཏེ་བྱེས་སུ་ཕྱིན་པ་ན། །ཟླ་བ་གཉིས་ན་ངེས་པར་འཆི། །བག་མ་བླངས་ན་ཁྱོ་ནི་འཆི། །བཤེས་དང་བྱེ་ཞིང་དོན་རྣམས་མེད། །བྱ་བ་གང་ཡང་འགྲུབ་མི་འགྱུར། །མཛེས་དགའ་ཁོང་དུ་ཆུད་པར་གྱིས། །སྨིན་དྲུག་ལ་སོགས་སྐར་མ་རྣམས། །ཕྱོགས་སུ་བདུན་བདུན་གནས་པ་ལས། །མིག་དམར་ལ་སོགས་གཟའ་རྣམས་ནི། །རྒྱུ་སྐར་རེ་རེའི་བདག་པོར་དྲན། །སྐར་མ་རང་གི་བདག་པོར་གནས། །སྐྱོན་མེད་བདེ་སྟེར་རང་གི་བུ། །བྱེས་བགྲོད་སོགས་དང་བྱ་བ་ལ། །རང་གི་བདག་པོས་བདེ་བར་བྱེད། །བདག་པོ་རང་གི་བུ་ལ་གནས། །ཐམས་ཅད་ཤེས་བྱེད་ལྷ་ཆེན་མ། །བྱང་ལ་སོགས་པ་ཕྱོགས་བཞི་རུ། །ཟླ་བ་གནས་པའི་སྐར་མ་རྣམས། །དབོ་དང་ཁྲུམས་སྨད་ཆུ་སྨད་དང༌། །རྒྱལ་དང་མཆུ་དང་ས་ཡི་བུ། །མིག་དམར་ཞེས་བྱ་ཐད་ཀར་སོང༌། །ཆོམ་རྐུན་གྱིས་འཚེ་བཟའ་བཏུང་མེད། །སྔར་ནས་མེད་པའི་ནད་འབྱུང་ཞིང༌། །ལོངས་སྤྱོད་ཟད་འགྱུར་མེད་དོ་ཀྱེ། །ཆུ་སྨད་གྲོ་བཞིན་མེ་བཞི་དང༌། །ནག་པོ་མོན་གྲེར་ཟླ་བ་གནས། །དེ་ཡི་ཐད་ཀར་གཟའ་ལྷག་ཤར། །འཆི་སོགས་མི་དགེ་སྣ་ཚོགས་པ། །ནོར་བུ་བུ་དང་བུ་མོ་དང༌། །ལོངས་སྤྱོད་རྣམས་ནི་མ་ལུས་ཉམས། །ཁྲུམས་སྟོད་སྣྲུབས་དང་ཐ་སྐར་མཆུ། །ས་ག་རྣམས་ལ་ཟླ་བ་གནས། །ཐ་སྐར་ཕུར་བུའི་གདོང་བཙུགས་ན། །རྒྱལ་པོ་ཡུལ་དུ་མི་བཞག་ཅིང༌། །བྱ་བ་ཀུན་ལ་མི་དགེ་སྟེ། །གཉེན་རྣམས་གསལ་བར་འཆི་བར་འགྱུར། །སྣྲོན་དང་ཆུ་སྟོད་གྲེ་དང་སྐག །ནམ་གྲུ་རྣམས་སུ་ཟླ་བ་ཡོད། །དེ་ཡི་ཐད་ཀར་པ་སངས་བལྟས། །བག་མ་བླངས་ན་ཁྱོ་འཆི་སྟེ། །པུས་མོ་ལ་སོགས་ན་བ་དང༌། །ཕྱུགས་ཀུན་བརླག་པར་འགྱུར་བ་ཡིན། །སྨིན་དྲུག་ལག་དང་ཆུ་སྟོད་དང༌། །བྱི་བཞིན་བྲ་ཉེར་ཟླ་བ་གནས། །ཐ་སྐར་གལ་ཏེ་སྤེན་པ་འོངས། །ནད་འབྱུང་གྲོགས་རྣམས་འཆི་བར་དྲན། །རྒྱུ་སྐར་བདག་པོའི་ནུས་པ་སྟེ། །རང་གི་བདག་པོའི་འཁོར་ལོ་ཡིན། །སྨིན་དྲུག་ལ་སོགས་རིམ་པ་བཞིན། །བཞི་བཞིར་ཡོངས་སུ་ཕྱེ་བ་ལས། །སྡེ་ཚན་བདུན་དུ་འགྱུར་བ་སྟེ། །བཞི་ལ་རེ་ཁཱས་བསྐོ་རབ་བདུན། །


DTG203_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟླ་པ་སངས་ཕུར་བུ་དང༌། །མིག་དམར་གཟའ་ལྷག་རཱ་ཧུ་སྤེན། །རིམ་པ་བཞིན་བསྟན་མཐའ་མའི་ཆར། །རཱ་ཧུ་སྤེན་པ་གཉིས་ཏེ་བཞིན། །སྡེ་ཚན་ཕན་ཚུན་བསྣོལ་གནས་ལས། །མོ་དེ་ཐད་ཀའི་ནུས་པ་འབྱུང༌། །ཉི་མ་མིག་དམར་ཐད་ཀར་ཏེ། །མིག་དམར་ཉི་མར་གདོང་བཙུགས་སོ། །དེ་བཞིན་ཟླ་བ་གཟའ་ལྷག་སྟེ། །སྤེན་པ་ཕུར་པ་ཕན་ཚུན་བལྟས། །པ་སངས་རཱ་ཧུ་དེ་བཞིན་དུ། །ཐད་ཀར་བསྣོལ་བས་སྟོབས་སུ་འགྱུར། །གྲོང་དང་གྲོང་ཁྱེར་ཕྱོགས་རྣམས་སུ། །ཕྱུགས་དང་རིན་ཆེན་ལོ་ཏོག་སོགས། །ཐད་ཀའི་སྐྱོན་གྱིས་བརླག་པར་ནི། །འགྱུར་རོ་ལྷ་ཡི་དབང་ཕྱུག་མ། །གཟའ་རྣམས་ཐད་ཀར་གདོང་བཙུགས་པས། །ཕན་ཚུན་ཆེན་པོའི་འཁོར་ལོར་གྲགས། །སྨིན་དྲུག་ལ་སོགས་རིམ་པ་བཞིན། །ཕྱོགས་དེར་བདུན་ནི་གནས་པ་ལས། །རང་གི་ཕྱོགས་སུ་འགྲོ་བར་ཆས། །དགེའོ་དཔའ་མོ་དབང་བྱུག་མ། །ཤར་ཕྱོགས་ཤར་བཞིན་བྱང་དུ་སྟེ། །བྱང་ཡང་བྱང་བཞིན་ཤར་དུའང་བཟང༌། །དེ་བཞིན་ལྷོ་དང་ནུབ་ཕྱོགས་ཀྱང༌། །ཕན་ཚུན་མཉམ་པར་དགེ་བ་ཡིན། །མེ་ནས་རླུང་དུ་ས་རི་གྷ། །མཚམས་ལ་རྒལ་ན་མི་ཤིས་པས། །དོན་ཉམས་སྡུག་བསྔལ་ངལ་དུབ་དང༌། །རྨོངས་ཤིང་འཆི་བར་འགྱུར་བ་ཡིན། །མེ་དང་རླུང་དུ་མཚམས་བཅས་པས། །ས་རི་གྷ་ཡི་འཁོར་ལོ་ཡིན། །དབང་ལྡན་བྲ་ཉེ་སྨིན་དྲུག་དབུས། །མེར་ནི་སྐག་དང་མཆུ་ཞེས་བརྗོད། །བདེན་བྲལ་ས་ག་ལྷ་མཚམས་དབུས། །གྲོ་བཞིན་མོན་གྲེ་རླུང་དེ་བཞིན། །རང་གི་ཕྱག་རྒྱའི་སྦྱོར་བ་སྟེ། །ལྷ་མོ་དེ་ལྟར་ཕན་ཚུན་གནས། །ཕྱོགས་བཞི་ཕན་ཚུན་མི་མཐུན་ཕྱིར། །ཕན་ཚུན་རྣམ་པར་སྤངས་པ་ཡིན། །རྫོགས་པ་དང་ནི་ཟུག་པའི་དབུས། །རང་གི་ཕྱག་རྒྱའི་སྦྱོར་བར་དྲན། །རྫོགས་དང་ཟུག་པའི་དབུས་སུ་ནི། །བཟློག་སྟེ་འགྲོ་ལ་བཟང་བ་མེད། །རྫོགས་དང་ཟུག་པའི་ཆུ་ཚོད་ལྔ། །མི་དགེའི་ལྷག་མ་སྐྱོན་དང་བྲལ། །སྔར་བཤད་ཐད་ཀའི་གདོང་ཚུགས་ཀྱིས། །འཁོར་ལོ་དེ་ལྟར་འདིར་ཤེས་བྱ། །དེ་ལྟར་མ་འཁྲུལ་ཤེས་བྱ་སྟེ། །སྐྱོན་གྱི་འབྲས་བུ་རྣམ་པར་སྤངས། །རང་གི་ཕྱག་རྒྱའི་འཁོར་ལོ་སྟེ། །བེ་ར་མུ་པའི་འཁོར་ལོ་ཡིན། །དེ་ལྟར་ཐུར་མའི་འཁོར་ལོ་མཆོག །དགེ་དང་མི་དགེའི་བྱེ་བྲག་རྣམས། །ཕྱེ་སྟེ་རྒྱས་པར་བསྟན་པ་


DTG203_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ལེགས་པར་རྟོགས་སམ་སྐལ་བཟང་མ། །འདི་ནི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་ཀྱི་རྒྱལ་པོ་ལས། །རྐང་པ་བརྒྱ་བའི་འཁོར་ལོའི་ཆོ་ག་བསྟན་པ་དང་ཤ་ལ་ཀའི་འཁོར་ལ་བསྟན་པ་ཆེན་པོ་སྟེ་ལེའུ་བཞི་བའོ།། །།ལྷ་མོས་གསོལ་བ། ལྷ་ཆེན་འཁོར་ལོ་མཆོག་ཏུ་དགེ་རྐང་པ་བརྒྱད་ཅུ་རྩ་གཅིག་པའི། །ཆོ་ག་ཤིན་ཏུ་རྒྱས་པར་ཡང༌། །དབང་ཕྱུག་ལྷ་ལས་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །རྐང་པ་བརྒྱད་ཅུ་རྩ་གཅིག་པའི། །མཉམ་པའི་འཁོར་ལོ་རྒྱས་པ་འདིར། །གཡུལ་ལས་རྣམ་པར་རྒྱལ་བ་ཡི། །བསྟན་བཅོས་དོན་ཀུན་མ་ཚང་མེད། །ཤ་ལ་ཀ་ཡི་འཁོར་ལོ་ཡང༌། །འདི་དང་ལྷན་ཅིག་མཉམ་པར་གནས། །ཐིག་ནི་དྲང་པོ་ཆ་བཅུ་རུ། །མཛེས་མ་མཉམ་པར་གནས་པར་བྱ། །དེ་ལ་རེ་མིག་བརྒྱད་ཅུ་གཅིག །འབྱུང་བར་ངེས་སོ་སྡུ་གུ་མ། །གྲྭ་ནས་གྲྭར་བཟུང་སྲེ་མིག་ལ། །ཨ་སོགས་དབྱངས་ཀྱི་ཡི་གེ་དགོད་སྨིན་དྲུག་ནས་ནི་པྲ་ཉེའི་བར། །ཕྱི་ཡི་རེ་མིག་བདུན་ལ་དགོད། །ལྔ་ལ་གསལ་བྱེད་ཉི་ཤུ་རྣམས། །ཨ་ཝ་ཀ་ཧ་ཌ་སོགས་དགོད། །དེ་བཞིན་ཐོག་མར་གླང་ལ་སོགས། །རེ་མིག་གསུམ་ལ་དགོད་པར་བྱ། །དགའ་བ་ལ་སོགས་ཚེས་རྣམས་ནི། །དབུས་ཀྱི་རེ་མིག་ལྔ་ལ་དགོད། །དེ་ལྟར་སྐར་མ་ལ་སོགས་པ། །གཡས་བསྐོར་སྦྱོར་བས་དཀར་མོ་ཀྱེ། །དེ་ལྟར་བརྒྱད་ཅུ་རྩ་གཅིག་ལ། །དུས་ཀྱི་ལྷ་རྣམས་ཐམས་ཅད་ཚང༌། །རང་གི་རྒྱུ་སྐར་གསལ་བྱེད་དབྱངས། །ཁྱིམ་དང་ཚེས་ལ་མཆེ་བ་བརྟག །སྡིག་གཟའ་ཐད་ཀ་ལ་ནི་ངན། །གཉིས་དང་གསུམ་གྱིས་བརླག་འགྱུར་ཏེ། །གཅིག་གི་ཐད་ཀར་སོང་བ་ཡིས། །དོན་ཉམས་ནོར་རྣམས་ཟད་པར་བྱེད། །མིང་ལ་དྲག་པོའི་གཟའ་རྣམས་འཇོམས། །ངེས་པར་འཆི་བར་མཐོང་ཞེས་དྲན། །བསོད་ནམས་སྡིག་ཅན་མིང་ལ་ཟིན། །རིམས་འབྱུང་ནོར་རྣམས་ཟད་པར་བྱེད། །བེ་ན་སི་ཀར་དྲག་པོའི་གཟའ། །གསུམ་འཛོམ་ཚེ་ནི་འཇིག་པར་སྟོན། །སྐྱེས་པ་ལས་དང་བི་ནཱ་ཤར། །ཨ་དྷ་ན་ལ་རིམས་ནད་འབྱུང༌། །བསོད་ནམས་གཟའ་རྣམས་ཤར་ནུབ་ཏུ། །ཉི་མ་ལ་ནུབ་ངན་པར་འགྱུར། །མིང་གི་སྐར་མར་ཉི་མ་སོང༌། །འཆི་བ་ལ་སོགས་འབྱུང་བའི་ཕྱིར། །ཕྱོགས་གང་ཉི་མ་གནས་པའི་ཕྱོགས། །རྒྱུ་སྐར་ཡི་གེ་དུས་སྦྱོར་ཚེས། །ཕྱུགས་ཉམས་


DTG203_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ་རྩོད་མྱ་ངན་འབྱུང༌། །བྲན་གཡོག་ལོངས་སྤྱོད་རྣམ་པར་ཉམས། །ཉི་མ་དང་བྲལ་ཕྱོགས་གསུམ་ཀར། །དགྲ་ལས་རྒྱལ་ཞིང་གྲོགས་བཟང་ཕྲད། །འདོད་པའི་དོན་འགྲུབ་ཕུན་སུམ་ཚོགས། །རྙེད་དང་གྲགས་པ་དེ་བཞིན་འབྱུང༌། །དབང་པོ་ལ་སོགས་སྡེ་ཚན་གྱི། །ལག་སོགས་དབུས་ན་གནས་པ་ལ། །ཉི་མ་གནས་ཚེ་ནུབ་འགྱུར་ཏེ། །ཕྱོགས་དེའི་མིང་གི་རྒྱུ་སྐར་དང༌། །ཚེས་ཁྱིམ་གསལ་བྱེད་དབྱངས་རྣམས་ནི། །བསྲེགས་ཉམས་ཚད་པས་གདུངས་པ་ཡིས། །རྣམ་པར་ཉམས་པར་འགྱུར་བའི་ཕྱིར། །དབུས་སུ་ཟླ་བ་གསུམ་གསུམ་ངན། །ལྷག་མའི་ཕྱོགས་གསུམ་དགེ་བ་སྟེ། །ཟླ་བའི་སྡེ་ཚན་དེ་བཞིན་སྨྲ། །གསལ་བྱེད་རྒྱུ་སྐར་ཚེས་ཁྱིམ་དབྱངས། །ཕྱོགས་ཀྱི་བདག་པོ་མཁའ་འགྲོའི་ཕྱིར། །གང་གི་ཕྱོགས་ན་ཉི་མ་གནས། །འགྲོ་འདུག་བྱེད་པ་དགེ་བར་གྲགས། །ད་གཟོད་དགེ་དང་མི་དགེ་བརྟག །སྔོན་དུ་བསམས་པ་མཁས་པ་ཡིན། །ཤར་དུ་སྨིན་དྲུག་སྐག་གི་བར། །ངེས་གནས་ཡི་གེ་ལྔ་པོ་ཡང༌། །ཨ་ཝ་ཀ་ཧ་ཌ་ལ་སོགས། །ཁྱིམ་ནི་གླང་འཁྲིག་ཀར་ཀ་ཊ། །དགའ་བ་ཞེས་བྱ་གྲྭ་ནས་དབྱངས། །དབྱངས་ཡིག་དང་པོ་ལྔ་པ་དང༌། །དགུ་པ་དང་ནི་བཅུ་གསུམ་ཡོད། །ཉི་མ་ཤར་དུ་འོངས་ཚེ་ནུབ། །མཆུ་ནས་ས་གའི་བར་དུ་ཡང༌། །མིང་གི་གསལ་བྱེད་ལྔ་པོ་ནི། །མ་ཡིག་ལ་སོགས་ལྡན་པར་གནས། །དེ་བཞིན་སེང་གེ་བུ་མོ་སྲང༌། །གྲྭ་ནི་དབྱངས་ཡིག་གཉིས་པ་དང༌། །དྲུག་པ་བཅུ་པ་བཅུ་བཞིར་དྲན། །བཟང་པོ་ཚེས་ཏེ་ལྷོ་ཕྱོགས་སུ། །ཉི་མ་གནས་ཚེ་ནུབ་པར་གྲགས། །ལྷ་མཚམས་ལ་སོགས་གྲོ་བཞིན་མཐར། །ན་ནས་ཁ་ཡི་མཐར་ཐུག་པར། །གསལ་བྱེད་ཡི་གེ་ལྔར་ཡང་གྲགས། །སྡིག་པ་གཞུ་དང་ཆུ་སྲིན་དྲན། །རྒྱལ་པོའི་ཚེས་སོ་དབྱངས་ཡིག་རྣམས། །མི་ཐུབ་དྲག་དང་དབང་ཕྱུག་གནས། །གལ་ཏེ་ཆུ་རུ་ཉི་མ་སོང༌། །དེ་རྣམས་ནུབ་པར་བསྟན་པ་ཡིན། །མོན་གྲུ་ལ་སོགས་བྲ་ཉེ་གནས། །གང་ནས་ལ་ཡི་མཐར་ཐུག་པར། །ཡི་གེ་ལྔ་ནི་གནས་པར་བསྟན། །ཁྱིམ་ནི་བུམ་པ་ཉ་དང་ལུག །ཚེས་ནི་སྟོང་པ་དབྱངས་ནི་ཆུ། །ནོར་དང་ཉི་མ་རྒྱལ་པོར་དྲན། །ཉི་མ་བྱང་ནས་ནུབ་པ་ཡིན། །བསོད་ནམས་གཟའ་རྣམས་དགེ་ཞེས་ཟེར། །རྩ་བ་ཡན་ལག་ཚེས་ཀྱི་གཟའ། །ཉེ་བའི་གཟའ་ལ་སོགས་པ་རྣམས། །


DTG203_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་གནས་པའི་རྗེས་འབྲང་ཞིང༌། །དེ་བཞིན་སྤྲོ་ཞིང་སྡུད་པར་བྱེད། །ཇི་ལྟར་གློག་ནི་ལྔ་བ་ལ། །ལོངས་སྤྱོད་ཡོངས་སུ་རྫོགས་པར་ཤེས། །འདི་ལྟར་བརྒྱད་ལ་ཤུ་ལ་གནས། །བཅུ་བཞི་པ་ལ་འབྲུག་ཏུ་དྲན། །བཅོ་བརྒྱད་དེ་བཞིན་མཇུག་ཏུ་བརྗོད། །མཁའ་མིག་གཙོ་ཞས་ངེས་པར་མཐོང༌། །ཐོག་ཅེས་མིང་དང་ལག་པར་གྲགས། །ས་གཡོས་གསུམ་ལྷག་ཉི་ཤུའོ། །དེ་བཞིན་རྒྱལ་བ་ཞེས་བྱ་བ། །གཏུན་ཤིང་དག་ཏུ་གྲགས་པ་ཡིན། །སྒྲ་གཅན་མིག་དམར་སྤེན་པ་རྣམས། །མཐོང་ས་སྔོན་དུ་དགུ་གསུམ་བརྒྱད། །ཉེ་བའི་གཟའ་ཡི་སྦྱོར་བ་རྣམས། །རྒྱུ་སྐར་ལ་སོགས་ཤེས་པར་བྱ། །རྒྱུ་སྐར་ཉི་ཤུ་རྩ་བདུན་ནི། །ཐམས་ཅད་ཚང་བར་བསྐོར་བ་ཡིན། །དུས་སྦྱོར་ཕྱེད་གཟའ་འཆར་བ་ནི། །སུམ་ཅུའི་ཚེས་ལའང་འཆར་ཞིང་བསྐོར། །དང་པོའི་ཐུན་ལ་ཚེས་ཀྱི་བདག །ལན་བཞི་བྱི་བཞིན་དུས་སྦྱོར་བྱེད། །ཉིན་མོ་གཟའ་རྣམས་དྲུག་ལ་བསྐོར། །མཚན་མོ་ལྔ་ལ་བསྐོར་བ་ཡིན། །འདི་ལྟར་ལོ་དང་ལུག་སོགས་ཁྱིམ། །ཚེས་དང་ཐུན་མཚམས་རིམ་པ་བཞིན། །བདག་པོའི་གཟའ་རྣམས་འཆར་བས་ན། །སྐར་མ་ལས་ནི་རྟོགས་པར་བྱ། །ཛན་མ་ཧཱ་ནི་ཨ་ན་དྷ་ཀ །ཛན་མ་ཧཱ་ནི་རིམ་པ་བཞིན། །ཚེས་ལ་ལན་གསུམ་འཆར་བར་གྲགས། །དཀར་པོ་ལ་སོགས་ཚེས་གཅིག་ལ། །དུས་སྦྱོར་ཕྱེད་ལ་དེ་ལྟར་འཆར། །ཕྱེད་གོང་ཕྱེད་འོག་དཀར་ནག་དྲན། །མཚམས་ཡང་དེ་ལྟར་དཀར་ནག་བརྗོད། །དྲག་པོའི་ཚེས་དང་དྲག་པོའི་གཟའ། །སྐར་མ་དྲག་པོ་གསུམ་འཛོམ་པ། །ཤིན་ཏུ་མི་ཤིས་ངན་པ་སྟེ། །བ་ནི་ཤ་ཀ་ཞེས་བྱར་གྲགས། །རྐང་པ་བརྒྱད་ཅུ་རྩ་གཅིག་པའི། །འཁོར་ལོར་གསུམ་འཛོམ་གདོང་ཚུགས་གྲགས། །གླང་ཆེན་མྱོས་པའི་མཆེ་བ་ཡིས། །བླངས་ཏེ་ཟ་བར་བྱེད་དང་མཚུངས། །གཡས་གཡོན་མཆེ་བས་འཛིན་པ་སྟེ། །སྣ་ཡི་མདུན་ན་སྡོད་པ་གསོད། །ཇི་ལྟར་གྲྭ་བཞིར་གནས་པ་ཡི། །ཨ་སོགས་བཞི་པོས་སྤང་བ་ལས། །གལ་ཏེ་དབྱངས་ཡིག་བཅུ་གཉིས་ཀྱང། །མཆེ་བ་ངེས་པ་ཅིས་མི་སྤང༌། །བསམ་གྱིས་མི་ཁྱབ་རྒྱུ་ཡི་ཕྱིར། །བརྗོད་དུ་མི་བཏུབ་གསང་སྟེ་བཞག །རེ་མིག་དང་པོ་དགུ་པ་དང༌། །བཅུ་བདུན་ཉི་ཤུ་ལྔ་པ་སྟེ། །རྐང་པ་བརྒྱད་ཅུ་རྩ་གཅིག་ལས། །འདིས་ནི་མཆེ་བ་རྣམ་པར་སྤངས། །གཞན་ཡང་རྐང་པ་བཅུ་གཉིས་ཀྱི། །ཨུ་ཕྱོགས་


DTG203_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཡིག་བཅུ་གཉིས་པོ། །གལ་ཏེ་འདི་ལ་གདོང་ཚུགས་ཤར། །གྲྭ་བཞིར་གདོང་ཚུགས་ཅི་སྟེ་མེད། །རྐང་པ་དྲུག་ལ་གང་གནས་པ། །ཉི་ཤུ་རྩ་གཅིག་ཉི་ཤུ་ལྔ། །བརྒྱ་ཕྱེད་གཅིག་གིས་མ་ལྡང་བའི། །བརྒྱ་ཡི་ཕྱེད་དང་གཅིག་ལྷག་པ། །རེ་མིག་བདུན་ཅུ་རྩ་གཅིག་པས། །ཁེངས་པ་རྣམས་ཀྱིས་དེ་མ་སྤངས། །གྲྭར་གནས་ཡི་གེ་ཇི་བཞིན་ཏེ། །ཟླ་བ་འཕིལ་བར་མི་བྱེད་དོ། །ཉི་ཟླའི་བར་མཉམ་བཅོ་ལྔ་སྟེ། །ཅུང་ཟད་བསྣོལ་བས་འགྲིབ་པར་དྲན། །དེས་ན་གང་བའི་ཚེས་ལ་ནི། །གླང་ཆེན་མཆེ་བས་རྒྱབ་ཀྱིས་ཕྱོགས། །ལོ་དང་ཟླ་བ་ཉིན་ཞག་ལ། །རྣམ་པར་འཆར་བར་ཤེས་པར་བྱ། །དཀར་ནག་ཕྱོགས་ཀྱི་ཉིན་ཞག་ལ། །དབྱངས་དང་གསལ་བྱེད་སྟོབས་བྱེད་དྲན། །དཀར་ཕྱོགས་ལས་སྐྱེས་དཀར་པོ་སྟེ། །ནག་ཕྱོགས་ལས་སྐྱེས་ནག་པོ་ལ། །སྟོབས་ནི་ཆེ་བར་འགྱུར་པ་སྟེ། །ཟླ་བ་ཕྱེད་པར་ཡོངས་སུ་གྲགས། །གྷ་ང་ཚ་དང་ཥ་ཎ་ཋ། །དྷ་ཕ་ཌྷ་དང་ཐ་ཛ་ཉ། །ཀ་བ་བཞི་པོར་གནས་པ་ལས། །གསལ་བྱེད་ཡི་གེ་གསུམ་གསུམ་བསྟན། །སྨིན་དྲུག་སྡིག་ཅན་གནས་པ་ལས། །བྲ་ཉེ་གཡས་སོང་ཨ་དང་གླང༌། །དགའ་བ་བཟང་པོ་སྲང་དང་ཏ། །ས་ག་གཡོན་ཏེ་བྱི་བཞིན་བདུན། །དེ་བཞིན་རྒྱུ་སྐར་ཀུན་ལ་སྦྱར། །སྣར་མ་ཨུ་དང་ཐ་སྐར་གཡས། །ཝ་འཁྲིག་ཨོ་དང་བུ་མོ་དང༌། །ས་རི་གཡོན་ཏེ་གྲོ་བཞིན་མདུན། །མགོ་ཡི་གཡོན་ནས་ཀ་ཡིག་དང༌། །ཀར་ཀ་སེང་གེ་པ་ནག་པ། །མདུན་དུ་ཆུ་སྨད་ཅེས་བྱ་སྟེ། །ཨ་དཔལ་དང་ནམ་གྲུ་གཡས། །བསོད་ནམས་ཤར་ན་ཟས་མེད་ཅིང༌། །སྡིག་ཅན་བདག་ཉིད་རྣམ་པར་ཉམས། །ལག་གི་གཡོན་ནས་ཧ་དང་ལཱི། །ཊ་ཡིག་མེ་བཞི་གཡས་སུ་ཝ། །ལི་ཙ་ཁྲུམས་སྨད་མདུན་ཕྱོགས་སུ། །ཆུ་སྟོད་སྡིག་ཅན་ཟས་མེད་ཅིང༌། །སྔོན་བཞིན་སྲོག་མཐར་བྱེད་པ་ཡིན། །ནབ་སོའི་གཡོན་དུ་ཊ་བ་དབོ། །གཡས་སུ་ཀ་ཡིག་གླང་ལུག་དང༌། །ཁྲུམས་སྟོད་མདུན་དུ་སྣྲུབས་ཞེས་བྱ། །སྡིག་པས་འཇོམས་པར་སྟོན་པ་ཡིན། །རྒྱལ་གྱི་དོན་དུ་ཨུ་དང་གྲེ། །གཡས་སུ་ཧ་ཡིག་འཁྲིག་པ་ཨོ། །ཉ་དང་ས་ཡིག་མོན་གྲེ་དང༌། །མདུན་དུ་སྣྲོན་ཏེ་མཆེ་བས་བཏབ། །སྐག་ནས་གཡོན་དུ་མཆུ་ཞེས་དྲན། །ཌ་དང་ཀར་ཀ་དགའ་བ་སྡོང༌། །བུམ་པ་ག་ཡིག་མོན་གྲུ་


DTG203_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གཡས། །ལྷ་མཚམས་མདུན་གནས་སྡིག་པས་གདུངས། །མཆུ་ཡི་གཡས་སུ་སྐག་བཟུང་སྟེ། །གཡོན་ནས་མ་ཡིག་སེང་གེ་དང༌། །བཟང་པོ་རྒྱལ་བ་ཆུ་སྲིན་ཁ། །བྱི་བཞིན་མདུན་དུ་བྲ་ཉེའོ། །སྡིག་གནས་བཅོམ་པའི་བདག་ཉིད་དྲན། །གྲེ་ཡི་གཡོན་ནས་ཌ་ཡིག་དང༌། །བུ་མོ་ཨི་ཡིག་གཞུ་དང་ཛ། །གྲོ་བཞིན་གཡས་སུ་ཨུ་དང་རྒྱལ། །མདུན་དུ་ཐ་སྐར་སྡིག་ཅན་འཇོམས། །དབོ་ཡི་གཡོན་དུ་པ་དང་སྲད། །སྡིག་པ་འབའ་ཞིག་ཆུ་སྨད་རྣམས། །གཡས་ཕྱོགས་མ་ཌ་ནབ་སོ་བཟུང༌། །མདུན་དུ་ནམ་གྲུ་སྡིག་གཟའི་བདག །ར་ཨོ་ཡ་དང་ཆུ་སྟོད་རྣམས། །མེ་བཞིའི་གཡོན་དུ་མཆེ་བས་བཏབ། །ཌ་ལི་ཧ་དང་ལག་རྣམས་གཡས། །ཁྲུམས་སྨད་མདུན་དུ་སྡིག་པས་གནོད། །ནག་པར་སྡིག་པས་གནོད་པ་ལས། །ཏ་ན་སྣྲུབས་ནི་གཡོན་དུ་སྟེ། །པ་དང་སེང་གེ་ཀར་ཀ་ཊ། །ཀ་དང་མགོ་གཡས་ཁྲུམས་སྟོད་མདུན། །གཡས་གཡོན་མདུན་དུ་གནས་པ་རྣམས། །སྡིག་ཅན་བདག་ཉིད་གནོད་པར་དྲན། །ས་རེར་སྡིག་གནས་གཡོན་དུ་རི། །སྣྲོན་ནོ་གཡས་སུ་དེ་བཞིན་ར། །བུ་མོ་ཨོ་དང་འཁྲིག་པ་མ། །སྣར་མ་མདུན་དུ་མོན་གྲེར་གྲགས། །ས་གར་སྡིག་ཅན་ལྷ་མཚམས་གཡོན། །གཡས་སུ་ཏ་ཡིག་སྲང་བཟང་པོ། །དགའ་བ་གླང་དང་ཨ་ཡིག་དང༌། །སྨིན་དྲུག་མདུན་དུ་མོན་གྲུ་བཟུང༌། །ལྷ་མཚམས་ལ་གནས་གཡས་སུ་ནི། །ས་ག་གཡོན་ནས་ན་སྡིག་པ། །རྒྱལ་པ་སྟོང་པ་ལུག་དང་ལ། །བྲ་ཉེའོ་དེ་བཞིན་མདུན་དུ་སྐག །སྣྲོན་ལ་ཡ་ཡིག་གཞུ་ཨཿཉ། །ཙ་ཡིག་ཐ་སྐར་མཆེ་བ་གཡོན། །གཡས་སུ་རི་ཡིག་ས་རི་བཟུང༌། །རྒྱལ་ནི་མདུན་ཏེ་སྡིག་པའི་བདག །སྣྲུབས་ནས་བྷ་ཡིག་ཆུ་སྲིན་དང༌། །བུམ་པ་ད་ཡིག་ནམ་གྲུ་གཡོན། །ན་ཏ་ནག་པ་གཡས་སུ་སྟེ། །མདུན་དུ་ནབ་སོ་སྡིག་ཅན་གནོད། །གང་ཞིག་ཆུ་སྟོད་སྡིག་ཅན་གནས། །ཛ་ཨཻ་ཤ་དང་ཁྲུམས་སྨད་གཡོན། །ཡ་ཨེ་ར་དང་མེ་བཞི་གནས། །མདུན་ན་ལག་གི་གནོད་ཅན་དག། གལ་ཏེ་ཆུ་སྨད་སྡིག་ཅན་གནས། །ཁ་ག་ཁྲུམས་སྟོད་གཡོན་པས་འཛིན། །བྷ་ཡིག་སྡིག་བ་སྲང་ལ་དབོ། །གཡས་ཏེ་མདུན་དུ་མགོ་ལ་གནོད། །གྲོ་བཞིན་ལ་གནས་གཡས་སུ་ཛ། །གཞུ་དང་ཨ་ཡིག་བུ་མོ་ཊ། །བྲེའོ་གཡོན་པས་རྀ་ཡིག་དང༌། །མོན་གྲུ་དེ་བཞིན་མདུན་སྣར་མ། །བྱི་བཞིན་


DTG203_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནི་གཡས་ཕྱོགས་སུ། །ཁ་ཡིག་ཆུ་སྲིན་རྒྱལ་བ་བཟང༌། །སེང་གེ་མ་ཡིག་མཆུ་རྣམས་ཟིན། །གཡོན་དུ་མོན་གྲེ་སྨིན་དྲུག་མདུན། །མོན་གྲེར་གལ་ཏེ་སྡིག་ཅན་གནས། །གཡས་སུ་བྱི་བཞིན་གཡོན་དུག །བུམ་པ་སྟོང་དགའ་ཀར་ཀ་ཊ། །ཌ་ཀ་གཡས་སོ་ས་ག་མདུན། །མོན་གྲུར་བདག་ཉིད་ཆེན་པོ་གནས། །ས་དང་ཉ་ཁྱིམ་ཨོ་འཁྲིག་པ། །ཧ་རྒྱལ་གཡོན་བཟུང་གཡས་སུ་རི། །གྲོ་བཞིན་དུ་ནི་ས་རིར་དྲན། །གནོད་པ་ཁྲུམས་སྟོད་ལ་གནས་ཏེ། །ཁ་ག་ཆུ་སྨད་གཡས་སུ་འཛོམ། །གཡོན་དུ་ད་ཡིག་ལུག་གླང་ཀ །ནབ་སོའི་མདུན་དུ་ནག་པ་བཅོམ། །ཁྲུམས་སྨད་གལ་ཏེ་སྡིག་ཅན་འོངས། །ཙ་ལི་ཝ་ལག་གཡོན་པས་འཛིན། །ཤ་ཨོ་ཛ་དང་ཁྲུམས་སྟོད་གཡས། །མདུན་དུ་མེ་བཞི་རྣམ་པར་འཇོམས། །ནམ་གྲུའི་གཡས་སུ་ད་ཡིག་དང༌། །བུམ་པ་ཆུ་སྲིན་བྷ་ཡིག་སྣྲུབས། །གཡོན་དུ་ལ་ཨ་རྒྱུ་སྐར་མགོ །མདུན་དུ་དབོ་ཞེས་བཅོམ་པར་དྲན། །ཐ་སྐར་གཡོན་དུ་ཨུ་ཡིག་དང༌། །སྣར་མ་གཡས་སུ་ཙ་ཡིག་ཉ། །ཨ་ཐ་གཞུ་དང་ཡ་དང་སྣྲོན། །མདུན་དུ་གྲེ་ནི་རྣམ་པར་ཉམས། །བྲ་ཉེ་གཡོན་དུ་སྨིན་དྲུག་སྟེ། །གཡས་སུ་ལ་ཡིག་ལུག་སྟོང་པ། །རྒྱལ་བ་སྡིག་པ་ན་ཡིག་དང༌། ལྷ་མཚམས་མདུན་དུ་མཆུ་ཞེས་གྲགས། །རང་གནས་དང་པོར་སྐྱེས་པ་སྟེ། །དེ་བཞིན་བཅུ་པར་ལས་ཞེས་བརྗོད། །དེ་ནས་རྐང་པ་བཅུ་དྲུག་པ། །རྣམ་པར་འགེས་པ་ཞེས་བྱར་དྲན། །རྐང་པའི་གྲངས་ནི་བཅོ་བརྒྱད་པར། །རྒྱ་ཅན་ཞེས་བྱར་ཡོངས་སུ་གྲགས། །ལྷ་མོ་ཉི་ཤུ་རྩ་གསུམ་པར། །བི་ནཱ་ཤཱརྐ་ཞེས་བྱའོ། །ཉི་ཤུ་རྩ་ལྔར་བཤད་པ་ལ། །ཡིད་ཅན་ཞེས་བྱར་ཀུན་དུ་གྲགས། །དེ་ལྟར་མཆེ་བ་དྲུག་གནོད་པས། །དྲུག་འཛིན་ཞེས་བྱ་ལྷ་སྲས་མོ། །རྐང་པ་བཅུ་དགུ་པ་ཡི་གྲངས། །ཨ་དྷ་ན་ཞེས་དེ་བཞིན་བརྗོད། །རིགས་དང་ཡུལ་དང་དབང་བསྐུར་གསུམ། །གང་ལ་མཆེ་བས་བཟུང་བའམ། །གདོང་མཇུག་མེད་ན་དགེ་བ་སྟེ། །གདོང་འཇུག་མཆེ་བས་མི་དགེ་བྱེད། །སྐྱེས་པར་གདོན་ཤར་ནད་འབྱུང་ཞིང༌། །ནོར་ཟད་ཀུ་ཅོ་དགྲ་དང་རྩོད། །ལས་ལ་མཆེ་གནས་གྲོགས་དང་འཐབ། །བཟོ་བྱས་བླ་མེད་ལས་མི་འགྲུབ། །རྣམ་འགྲེས་གཉེན་བཤེས་ཕོ་མོ་དབྱེ། །གལ་


DTG203_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རྒྱ་ཅན་མཆེ་བས་བཏབ། །བསམ་པའི་དོན་རྣམས་འགྲུབ་མི་འགྱུར། །བི་ན་ཤ་ཀ་རིམས་ནད་འཆི། །ཡིད་ཅན་གདོང་ཚུགས་སྡུག་བསྔལ་འཐོབ། །དེ་ལྟར་དྲུག་ལ་མི་དགེ་བྱེད། །སྨིན་དྲུག་བྲམ་ཟེའི་རིགས་ཡིན་ཏེ། །རྒྱལ་རིགས་འཛིན་པ་རྒྱལ་ཞེས་བྱ། །ནམ་གྲུ་རྗེའུའི་རིགས་ལ་གནས། །མེ་བཞི་དམངས་རིགས་ལ་སོགས་དྲན། །དབུས་ནས་བརྩམས་ཏེ་ཡུལ་རྣམས་སུ། །སྨིན་དྲུག་ལ་སོགས་གསུམ་གསུམ་པོ། །ཧུ་རའི་ཡུལ་གྱི་མཐར་ཐུག་པར། །རིམ་པ་བཞིན་དུ་ཤེས་པར་བྱེད། །གཟུགས་འདི་སྡིག་ཅན་གང་གནས་པའི། །གསུམ་ལ་དབུགས་སོགས་རིམ་པ་བཞིན། །ལག་སོགས་གསུམ་ལ་སྡིག་ཅན་གནས། །ཤར་གྱི་རྒྱལ་པོ་ཚོགས་རྣམས་འཇིག །སྨིན་དྲུག་སོགས་གསུམ་ཡུལ་དབུས་ཀྱི། །མ་ག་དྷཱ་སོགས་རྣམས་ལ་ངན། །སྐག་སོགས་ཤར་ལྷོའི་སེམས་ཅན་སྐྲག །དབོ་སོགས་ལྷོ་རུ་མི་དགེ་སྟེ། །ས་རི་ལ་སོགས་ལྷོ་ནུབ་པ། །སྣྲོན་སོགས་སིན་དྷུ་སོགས་ནུབ་ཤེས། །ནུབ་བྱང་ཧོར་སོགས་ཆུ་སྨད་སོགས། །མོན་གྲེ་ལ་སོགས་བྱང་གི་ཡུལ། །ནམ་གྲུ་ལ་སོགས་བྱང་ཤར་ཡུལ། །སྡིག་གནས་མི་དགེ་དབང་ཕྱུག་མ། །སྙིང་ག་བཤང་ལམ་དེ་བཞིན་ཁ། །ཡན་ལག་བཞི་དང་ལྷན་ཅིག་ཏུ། །དབོ་གཉིས་མཉམ་པར་གསུམ་གནས་ལ། །རུས་སྦལ་འཁོར་ལོར་ཡོངས་སུ་གྲགས། །ལྷ་མོ་སྐར་མའི་སྐྱོར་བ་ཡིས། །དགེ་དང་མི་དགེའི་འབྲས་བུ་ཐོབ། །སྙིང་གི་དབུས་ཀྱི་ཡུལ་རིག་ཅིང༌། །ཡན་ལག་བཞིས་ནི་མཚམས་ཀྱི་ཡུལ། །ཁ་ཡི་ཤར་ན་གནས་པའི་ཡུལ། །བཤང་ལམ་ནུབ་ཕྱོགས་བཙུན་མོ་ཀྭ། །དབོ་གཉིས་ལྷོ་བྱང་ཡུལ་དུ་ནི། །དབྱངས་འཆར་རྒྱུད་ལས་ཡོངས་སུ་གྲགས། །བསོད་ནམས་སྡིག་ཅན་གང་སྦྱོར་བ། །དགེ་དང་མི་དགེ་ངེས་པར་མཐོང༌། །དེ་ནས་སེ་བཱི་ཙ་ཀྲ་བཤད། །ལེགས་པར་ཉོན་ཅིག་ལྷ་ཆེན་མ། །འདི་ནི་རྣམ་པར་ཤེས་ཙམ་གྱིས། །དགོས་པ་ཐམས་ཅད་འགྲུབ་འགྱུར་བའི། །རང་གི་སེ་བར་འཛིན་པ་ཡི། །སྐར་མ་དང་པོར་གཞག་པ་ལས། །མགོ་བོར་བདུན་བཞག་མཛེས་དགའ་མ། །དེ་བཞིན་རྒྱབ་ཏུ་བདུན་ནས་བརྗོད། །སྙིང་གར་བདུན་ནི་གནས་པར་བསྟན། །རྐང་པར་བདུན་བཞག་དབང་ཕྱུག་བདག །རང་གི་སྐར་མར་


DTG203_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གང་བརྗོད་པ། །མགོ་བོའི་དབུས་སོང་མཆོག་ཏུ་དགེ །མགོ་བོར་གནས་པས་དགའ་བསྐྱེད་ཅིང༌། །མཆོད་འགྱུར་ལེགས་སྟེར་རྗེས་འཛིན་འགྱུར། །རྒྱབ་ཀྱི་སྐར་མ་ལ་སོགས་ངན། །ཇི་བཞིན་པ་ཡི་བཅུ་ཆ་སྙེད། །གལ་ཏེ་སྙིང་གའི་སྐར་མར་སོར། །བདག་པོའི་དབང་སོང་ཅི་བགྱིད་བྱེད། །ཇི་སྙེད་རྐང་པའི་སྐར་མ་ལ། །ཞུ་བ་དོན་མེད་ཉོན་མོངས་འགྱུར། །མིག་གིས་མི་མཐོང་རེ་ཐག་འཆད། །བདེན་པར་ངེས་དྲན་རི་སྲས་མོ། །དེ་ལྟར་བརྒྱད་ཅུ་རྩ་གཅིག་པའི། །འཁོར་ལོ་ཞེས་གྲགས་བཞིན་བཟང་མ། །འདི་ནི་གཡུལ་ལས་རྣམ་པར་རྒྱལ་བ་གསང་བའི་རྒྱུད་ཀྱི་རྒྱལ་པོ་ལས་རྐང་པ་བརྒྱ་ཅུ་རྩ་གཅིག་པའི་འཁོར་ལོ་སྦྱོར་བ་བསྟན་པ་ཆེན་པོ་སྟེ་ལེའུ་ལྔ་པའོ།། །།ལྷ་མོས་གསོལ་པ། ལྷ་ཡི་ལྷ་མཆོག་བཅོམ་ལྡན་འདས། །ཐམས་ཅད་མཁྱེན་པ་ལ་ཞུས་པ། །ལུས་ཅན་སྐྱེས་པའི་གནས་སྐབས་ལ། །དགེ་དང་མི་དགེ་ཇི་ལྟར་གནས། །དུས་ཀྱི་འཁོར་ལོ་ཇི་ལྟ་བུ། །གནས་དང་འཆི་བའི་ཁྱད་པར་ལས། །དགེ་དང་མི་དགེའི་རིམ་པ་བཞིན། །ལྷ་ཆེན་བདག་ལ་ཅིས་མ་གསུང༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཆོག་ཏུ་གསང་བའི་མན་ངག་ལྷ། །དཀར་མོ་མྱུར་དུ་ཉན་པར་གྱིས། །ལུས་ཅན་ཀུན་གྱི་སྲོག་ཤེས་པ། །དུས་ཀྱི་འཁོར་ལོ་ཞེས་བྱ་བ། །མུ་ཁྱུད་བཞི་པ་ལྟེ་བ་ཅན། །རྩིབས་ནི་བཅུ་གཉིས་རེ་མིག་ནི། །སུམ་ཅུ་བདུན་ལྡན་འཁོར་ལོ་སྟེ། །རིམ་པ་གསུམ་དུ་བྲིས་ནས་ནི། །ཚེ་དང་སྲོག་རླུང་ཞག་གྲངས་དང༌། །ལོ་ཟླ་ཉིན་ཞག་རིམ་པས་པྲི། །ཉི་ཁྱིམ་འཕོ་བ་ཞེས་བྱ་བ། །གཡས་དང་གཡོན་པའི་ལམ་ལས་ནི། །རྒྱུ་བའི་མཚན་ཉིད་རིག་པར་བྱ། །འདི་ལ་དགེ་དང་མི་དགེ་བརྟག །ནག་པོའི་ཚེས་གཅིག་ནས་བཟུང་སྟེ། །ཉིན་ཞག་གསུམ་དུ་འཕོ་གཅིག་ལ། །ཟླ་བའི་བགྲོད་པ་རྒྱུ་བ་སྟེ། །དེ་ནས་ཉིན་གསུམ་ཉི་བགྲོད་འགྱུར། །དེ་བཞིན་བཅོ་ལྔའི་བར་དུ་ཡང༌། །ཞག་ནི་གསུམ་གསུམ་ཤེས་པར་བྱ། །དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ། །ཉིན་ཞག་གསུམ་དུ་སྔ་དྲོ་ནི། །ཉི་མའི་བགྲོད་པ་རྒྱུ་བ་སྟེ། །དེ་བཞིན་ཚེས་ནི་བཅོ་ལྔའི་བར། །དུས་སྦྱོར་གཅིག་ལ་རྒྱུ་བར་འགྱུར། །དུས་སྦྱོར་རེ་རེ་རྒྱུ་བ་ལས། །ཕྱིན་ཅི་ལོག་ཏུ་ངེས་


DTG203_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱུ། །རྩོད་པ་ལ་སོགས་ངེས་འགྱུར་པ། །ཉིན་ཞག་ལྔར་ནི་ལོག་པར་རྒྱུ། །རྩོད་པ་ལ་སོགས་འབྱུང་བར་འགྱུར། །ཟླ་བ་ཕྱེད་ཀྱིས་ནད་འབྱུང་ཞིང༌། །ཟླ་བ་གཅིག་གིས་གཉེན་རྣམས་བརླག །ཟླ་ཕྱེད་གསུམ་གྱིས་འཆི་བར་འགྱུར། །དེ་ལྟར་ཤེས་བྱ་མཛེས་མ་ཀྱེ། །ཞག་གཅིག་ནས་ནི་བཞི་བའི་བར། །བཅུ་ནས་བཞི་ཡི་བར་གྱི་ལོ། །ཞག་ལྔ་ནས་ནི་བརྩམས་ནས་ནི། །ཉི་ཤུ་རྩ་ལྔའི་མཐར་ཐུག་པ། །ལྔ་ལྔའི་ཞག་ནི་འཕེལ་བ་ཡིན། །ཉི་ཤུ་ལྔ་ནས་སུམ་ཅུ་གསུམ། །རེ་རེ་ཞག་ནི་འཕེལ་བ་ཡིན། །དེ་ལ་གསུམ་གཉིས་གཅིག་གི་ལོ། །དྲུག་གསུམ་གཉིས་གཅིག་ཕྱེད་ཀྱི་ཟླ། །བཅོ་ལྔ་གསུམ་གཉིས་གཅིག་གི་ཞག །དེ་ལྟར་ལོ་ཟླ་ཞག་རྣམས་ཀྱིས། །ལུས་ཅན་རྣམས་ཀྱི་སྲོག་འདོར་བྱེད། །དེ་ལྟར་ཐེ་ཚོམ་མེད་མཚན་ཉིད། །མ་ལུས་པར་ནི་བཤད་པར་བྱ། །སྐར་མའི་མིང་ལ་ཟླ་བ་གནས། །བཅུ་བཞི་པ་ལ་ཉི་མ་སོང༌། །འཛོམ་པས་ལུས་ཅན་སྲོག་འདོར་འགྱུར། །ཐམས་ཅད་མཁྱེན་པས་གསང་སྟེ་བཤད། །དུས་འདི་ཤེས་པར་བྱ་བ་སྟེ། །སྔ་མའི་སྦྱོར་བ་འདི་རྫོགས་འགྱུར། །རང་གི་རླུང་དང་སྐར་ཁྱིམ་བརྟག །ལྟས་ཀྱི་འཁོར་ལོ་བརྟག་པར་བྱ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས། །གཡས་གཡོན་རླུང་གི་བྱེ་བྲག་བལྟ། །འཕོ་བའི་དུས་ཚོད་བརྟག་བྱ་སྟེ། །བྱེ་བྲག་ཕྱེད་པས་སྨྲ་བར་བྱ། །ལམ་གསུམ་ལས་རྒྱུ་བྱེ་བྲག་ནི། །དབུས་རྒྱུ་ཉིན་ཕྱེད་འཆི་བ་སྟེ། །གཡོན་ནས་རྒྱུ་ན་ནུབ་མོ་འཆི། །གཡས་རྒྱུ་ཉིན་མོ་འཆི་བར་སྟོན། །འདི་ནི་རྩི་གཅིག་ཡིད་གནས་པ། །མཉམ་པར་གཞག་པས་ཤེས་པར་འགྱུར། །ཚེ་ཡི་མཚན་ཉིད་ཇི་ཙམ་ཞེས། །རླུང་གི་དབུགས་ལ་མ་གཡེངས་བལྟ། །ཇི་ལྟར་རླུང་ནི་ལམ་གཅིག་ལས། །ཞག་ལྔར་རྒྱུས་ན་རི་སྲས་མོ། །ལོ་གསུམ་གྱི་ནི་རིམ་པ་ཡིས། །མི་རྣམས་སྲོག་ནི་ཟད་པར་འགྱུར། །གལ་ཏེ་ཉིན་ཞག་བཅུ་རྒྱུས་ན། །ལོ་གཉིས་ལུས་ཅན་སྲོག་འདོར་འགྱུར། །བཅོ་ལྔའི་ཉིན་ཞག་རྒྱུས་པ་ན། །ལོ་གཅིག་ལ་ནི་ངེས་པར་འཆི། །གལ་ཏེ་ཉིན་ཞག་ཉི་ཤུ་རྒྱུ། །མི་རྣམས་ཟླ་བ་དྲུག་ནས་འཆི། །ཉི་ཤུ་རྩ་ལྔར་རྒྱུ་བྱེད་ན། །ཟླ་བ་གསུམ་གྱིས་འཆི་བར་འགྱུར། །ཉིན་ཞག་ཉི་ཤུ་རྩ་དྲུག་གིས། །སྲོག་ནི་ཟླ་བ་གཉིས་ན་


DTG203_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འདོར། །ཉིན་ཞག་ཉི་ཤུ་རྩ་བདུན་གྱིས། །ཟླ་བ་གཅིག་ན་གཤིན་རྗེའི་གནས། །གལ་ཏེ་ཉིན་ཞག་ཉི་ཤུ་བརྒྱད། །ཟླ་བ་ཁྱེད་ན་ལྷོ་ཕྱོགས་སོང༌། །ཉིན་ཞག་ཉི་ཤུ་རྩ་དགུ་རྒྱུས། །ཉིན་ཞག་བཅུ་ན་ངེས་པར་འཆི། །སུམ་ཅུ་རྒྱུས་ན་ཞག་ལྔ་ན། །སུམ་ཅུ་གཅིག་གིས་ཞག་གསུམ་ན། །སུམ་ཅུ་གཉིས་ཀྱིས་ཞག་གཉིས་ན། །ཉིན་ཞག་སུམ་ཅུ་སོ་གསུམ་གྱིས། །ལུས་ཅན་རྣམས་ཀྱི་ལམ་པོ་ཆེར། །ཞག་གཅིག་གིས་ནི་སྲོག་འདོར་དྲན། །ཉི་ཕྱེད་ནས་ནི་ཉེར་ལྔའི་བར། །ལྷ་ཡིས་ཤེས་ཀྱིས་གཞན་གྱིས་མིན། །ཇི་སྲིད་མ་ཤིའི་བར་དུ་ནི། །བློ་ལྡན་མཁས་པས་ཤེས་པར་བྱ། །དང་པོར་དེ་ལྟར་ཤེས་བྱས་ལ། །འདྲི་བ་རྣམས་ལ་ལན་གདབ་བྱ། །ལུས་ཅན་རྣམས་ཀྱི་འཆི་བའི་དུས། །ལེགས་པར་བརྟགས་ན་དེ་ལྟར་མཐོང༌། །བརྟག་ཏུ་དེ་ལྟར་བརྟག་བྱ་སྟེ། །ཇི་བཞིན་མཁས་ལ་དྲི་བར་བྱ། །མཆུ་ཡི་ཟླ་བ་ཤར་དུས་སུ། །ཆུ་སྲིན་འཕོ་བར་ཡོངས་སུ་གྲགས། །དེ་ཚེ་ཐོ་རངས་མ་ལ་ནས་ལངས། །ཉི་མ་ཤར་ཀར་བལྟ་བར་བྱ། །དགུན་ཟླ་ཐ་ཆུངས་ཞེས་བྱ་བ། །ཆུ་སྲིན་འཕོ་བའི་སྦྱོར་བར་གྲགས། །དེ་ནས་གཞན་ཡང་བཤད་པར་བྱ། །ཚེ་ཡི་གནས་སྐབས་འབྲས་བུ་ལ། །དགེ་དང་མི་དགེའི་སྦྱོང་བ་རྣམས། །གཙོ་མོ་གཞན་ལ་ངས་མ་བཤད། །ཉི་ཟླ་མིག་དམར་སྒྲ་གཅན་དང༌། །ཕུར་བུ་སྤེན་པ་གཟའ་ལྷག་དང༌། །དུ་མཇུག་པ་སངས་ཞེས་བྱ་བ། །གཟའ་རྣམས་དགུ་རུ་ཡོངས་སུ་གྲགས། །ལུས་ཅན་ཚེ་ཡི་གནས་སྐབས་ལ། །ཀུན་དུ་དབང་བྱེད་འདི་རྣམས་ཡིན། །ཡོངས་སུ་རྫོགས་དང་དབུ་མ་དང༌། །འབྲིང་དང་ཐ་མར་ཤེས་པར་བྱ། །ཉི་མའི་ལོ་དྲུག་ཤེས་བྱ་སྟེ། །ཟླ་བ་ལོ་བཅུ་མཛེས་དགའ་མ། །མིག་དམར་ཞེས་བྱ་ལོ་བདུན་ཡིན། །སྒྲ་གཅན་ལ་ནི་བཅོ་བརྒྱད་དྲན། །བླ་མའི་བཅུ་དྲུག་སྤེན་པ་ནི། །ཉི་ཤུར་གཅིག་གིས་མ་ཚང་བའི། །གཟའ་ལྷག་ལོ་ནི་བཅུ་བདུན་གྲགས། །དུ་བ་མཇུག་རིངས་ལོ་བདུན་དྲན། །པ་སངས་མཉམ་པར་ཉི་ཤུ་སྟེ། །དགེ་དང་མི་དགེའི་རིམ་པས་སྤྱོད། །བསྡུས་པས་བརྒྱ་དང་ཉི་ཤུ་སྟེ། །ལུས་ཅན་མཆོག་གི་ཚེ་རབས་གྲགས། །རྒྱུ་སྐར་སྨིན་དྲུག་ལ་སོགས་པ། །ལན་གསུམ་བསྐོར་བས་ཉི་ཤུ་བདུན། །རེ་མིག་ཐད་དྲང་


DTG203_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ལྔ། །སྡེ་ཚན་དགུ་དགུར་གནས་པ་ལ། །ཉི་མ་ནས་བརྩམས་པ་སངས་མཐར། །དགུ་བོ་རེ་མིག་རྣམས་ལ་གྲགས། །གནས་སྐབས་འབྲས་བུ་རིམ་པ་བཞིན། །འདི་འདྲའི་བསྟན་བཅོས་ལྷ་ཡིས་བཤད། །ཚེས་དང་མཁའ་མེ་བཞི་བཅུ་ལྔ། །དྲུག་ཅུའི་དུས་ཀྱི་ཆུ་ཚོད་རྣམས་དང་པོ་གཉིས་གསུམ་བཞི་པ་སྟེ། །ཆ་འམ་སྐལ་བར་གྲགས་པ་ཡིན། །ཆ་ཤས་དང་པོར་སྐྱེས་པ་རྣམས། །མཆོག་གི་ཚེ་ཞེས་ཡོངས་སུ་གྲགས། །ཆ་ཤས་གཉིས་པར་སྐྱེས་པ་རྣམས། །ཚེ་ལོ་བརྒྱ་རུ་གྲགས་པ་ཡིན། །གསུམ་པས་བརྒྱད་ཅུར་ཤེས་བྱ་སྟེ། །བཞི་པ་དྲུག་ཅུར་ཤེས་པར་བྱ། བསྡོམས་པས་བརྒྱ་དང་ཉི་ཤུ་སྟེ། །གནས་སྐབས་ཚེ་ཚད་དེ་ལ་ལྟོས། །རང་གི་སྐྱེས་པའི་ཆུ་ཚོད་ལ། །ཉི་ཤུ་ལྷག་པའི་བརྒྱ་ཡིས་བསྒྱུར། །དེ་ལ་དགུ་བཅུས་བགོས་ཐོབ་པ། །ཚེ་ཚད་རྣམས་ལ་རིམ་བཞིན་དབྲི། །ལྷག་མ་ལུས་ཅན་ཚེ་ཚད་དེ། །འཆི་སླུས་པ་ན་སྣོན་པར་བཤད། །ཆ་ཤས་དང་པོས་མཆོག་ལ་དབྲི། །གཉིས་པས་བརྒྱ་ལ་དབྲི་བར་བྱ། །གསུམ་པས་བརྒྱད་ཅུ་ལ་དབྲིའོ། །ཆ་ཤས་བཞི་པ་དྲུག་ཅུར་དབྲི། །སླུས་ན་དང་པོར་སྣོན་པ་མེད། །ཆ་ཤས་གཉིས་པར་ལྔ་སྟེར་ཏེ། །ཆ་ཤས་གསུམ་པར་བཅུ་སྦྱིན་བྱ། །ཆ་ཤས་བཞི་བས་བཅོ་ལྔར་བསྣན། །ཉི་ཟླ་མིག་དམར་ལ་སོགས་པའི། །སོ་སོའི་ལོ་རྣམས་ཞག་ཏུ་བསྒྱུར། །དེ་ལ་རང་རང་ལོ་ཡིས་བསྒྱུར། །དེ་ལ་རང་རང་ལོ་ཡིས་བསྒྱུར། །དེ་ལ་མཁའ་དང་ཉི་མས་བགོ །རྙེད་པ་སུམ་ཅུས་བགོས་ཐོབ་པ། །ཟླ་བར་འགྱུར་རོ་ལྷག་མ་ཞག །ཡང་ན་སོ་སོའི་ལོ་རྣམས་ཀུན། །མཁའ་དུས་མེ་ཡིས་བསྒྱུར་བར་བྱ། །དེ་ལ་མཁའ་དང་ཉི་མས་བགོ །རྙེད་པ་རྣམས་ན་བརྟན་པ་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་ཐོབ་པ། །ཆུ་ཚོད་རྣམས་སུ་ཤེས་པར་བྱ། །གཟའ་དགུ་རང་རང་བསྟན་པ་ལ། །རང་རང་ལོ་ཡིས་བསྒྱུར་བར་བྱ། །མཁའ་དུས་མེས་བགོས་ཐོབ་པ་ལོ། །གལ་ཏེ་རྙེད་པར་མ་གྱུར་ན། །སུམ་ཅུས་བགོས་ལ་ཟླ་བ་བྱ། །དེ་ཡི་ལྷག་མ་ཞག་ཏུ་འགྱུར། །དེ་ལྟར་མཆོག་གི་ཚེ་ལ་ནི། །ལུས་ཅན་རྣམས་ལ་ཡོངས་སུ་གྲགས། །འདྲི་བྱེད་སྐྱེས་པའི་སྐར་མ་ཡི། །བདག་པོ་གང་ཡིན་དེ་ཡི་ལོ། །མཆོག་ནས་ཆ་ཤས་བཞི་བའི་བར། །ལྷག་མ་ལུས་ཅན་ཚེ་ཚད་ཡིན། །འདྲི་བར་


DTG203_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཚེ་ཚད་གང༌། །ཐོག་མར་རང་གི་ལོ་ཡིས་བསྒྱུར། །མཁའ་དང་ཉི་མས་ཐོབ་པ་ལོ། །ལྷག་མ་ཡོད་ན་གསུམ་གྱིས་བསྒྱུར། །སུམ་ཅུས་བགོས་ལ་ཟླ་བ་བྱ། །ལྷག་མ་དག་ནི་ཞག་ཏུ་འགྱུར། །དེ་འོག་རིམ་པ་ཇི་བཞིན་དུ། །དགུ་ཡི་མཐར་ཐུག་བལྟ་བར་བྱ། །ཆ་ཤས་བཞི་ཡི་གནས་སྐབས་ཀུན། །བློ་ལྡན་བྱེ་བྲག་ཤེས་བྱ་སྟེ། །ལོ་ཟླ་ཞག་དང་དབྱུ་གུ་དང༌། །ཆུ་སྲང་དབུགས་ཀུན་ཕྲ་བར་བྱེད། །ལུས་ཅན་ཚེ་ཡི་གནས་སྐབས་ལ། །དགེ་བ་དང་ནི་མི་དགེ་བའི། །ལོ་ཟླ་ཞག་གི་གནས་སྐབས་རྣམས། །ལེགས་པར་བརྟགས་ཏེ་སྨྲ་བར་གྱིས། །ཉི་ཤུ་རྩ་བདུན་རེ་མིག་ལས། །ལོ་བདག་གང་ཡིན་ཤེས་བྱ་སྟེ། །རང་གི་སྐྱེས་པའི་སྐར་མ་ནི། །བགྲངས་ལ་གང་ཡིན་ཤེས་པར་བྱ། །གྲོ་བཞིན་དབུས་སུ་སོང་བ་ཡི། །མིང་གི་སྐར་མ་ཞེས་བྱ་བ། །དེ་ཡི་མཚམས་སུ་འཆི་བ་སྟེ། །སྡིག་པའི་གནས་སྐབས་ཐོབ་པར་བྱེད། །སྟོབས་ལྡན་འཆི་བར་འགྱུར་བ་སྟེ། །སྟོབས་ཆུང་ལོངས་སྤྱོད་རླག་པར་བྱེད། །སྟོབས་མཉམ་ནད་ནི་འབྱུང་བར་ཡང༌། །བྱེད་དོ་མཆོག་གི་གཟུགས་ཅན་མ། །ལྷ་མཆོད་སྦྱིན་དང་ཆོ་གའི་ལས། །དགེ་བའི་བཤེས་དང་འགྲོགས་ཤིང་ཞུ། །དགེ་སྦྱོང་བྲམ་ཟེ་བསྙེན་བཀུར་སོགས། །དུས་མིན་འཆི་བ་འཇོམས་པར་བྱེད། །རྒྱུ་སྐར་འོག་ན་གནས་པའི་གཟའ། །ཚེ་ཡི་གནས་སྐབས་འབྲས་བུ་སྟོན། །དེ་ཉིད་རིམ་པས་ལུས་ཅན་ཚེ། །གནས་སྐབས་འབྲས་བུ་ཐམས་ཅད་ཤེས། །ཉི་མ་རྒྱལ་པོས་རྙེད་པ་འབྱུང༌། །མཁྲིས་པའི་ནད་རྣམས་འབྱུང་བ་དང༌། །གཉེན་གྲོགས་རྣམས་དང་འབྲལ་བ་དང༌། །ནོར་ཟད་པ་དང་ཉེས་པ་འབྱུང༌། །ཟླ་བའི་ལོ་བཅུར་གཉིད་ཆེ་ཞིང༌། །བུད་མེད་རྣམས་ནི་མཉམ་པར་རྙེད། །གོས་དང་རྒྱན་ལ་སོགས་པ་རྙེད། །རང་ཕྱོགས་དགྲར་འགྱུར་བུ་མོ་སྐྱེ། །མིག་དམར་ལོ་བདུན་དགྲ་རྣམས་འབྱུང༌། །གཉེན་བཤེས་རྣམས་དང་འཐབ་རྩོད་འབྱུང༌། །ཁྲག་དང་མཁྲིས་པའི་ནད་འབྱུང་ཞིང༌། །གཞན་གྱི་བུད་མེད་རྣམས་དང་འགྲོགས། །ལྷ་མིན་དབང་པོའི་བཅོ་བརྒྱད་ལ། །ནོར་ཟད་ལྕེ་ཟུག་ཆུང་མ་འཆི། །གཉེན་བརླག་དོན་ཉམས་སེམས་ནད་འབྱུང༌། །གཞན་དུ་འགྲོ་དགོས་བརྙས་པར་འགྱུར། །


DTG203_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུའི་བཅུ་དྲུག་གྲགས་པ་ལ། །གཞན་གྱིས་ཁུར་ཞིང་བུ་ཐོབ་འགྱུར། །ནོར་དང་ཆོས་དང་གོས་འཕེལ་ཞིང༌། །སྦྱིན་སྲེག་སེམས་དང་རིག་པ་འཕེལ། །སྤེན་པའི་བཅུ་དགུར་ལུས་ནད་འབྱུང༌། །ཆུང་མ་བུ་དང་འཐབ་རྩོད་ཅིང༌། །བློ་དམན་རྨུགས་ཤིང་ལེ་ལོ་ཆེ། །བྱེས་སུ་འཁྱམས་ཤིང་ཡུལ་ན་བསྐོར། །གཟའ་ལྷག་ལོ་ནི་བཅུ་བདུན་ལ། །གཉེན་གྲོགས་དང་མཐུན་ཆོས་དང་སྦྱར། །ཤེས་རབ་འཕེལ་ཞིང་ལུས་ནད་སྦྱོར། །རླུང་ནད་ཆམ་པ་ཁྲག་ནད་འབྱུང༌། །ཀེ་ཏུའི་བདུན་ལ་བུ་བརླག་ཅིང༌། །ནོར་ཟད་སྤུན་ཟླ་སྲིང་མོ་འཆི། །དགྲ་དང་ཕྲད་ཅིང་རྒྱལ་པོས་འཇོམས། །བུད་མེད་མ་རུངས་རྣམས་དང་རྩོད། །པ་སངས་ཉི་ཤུ་ལོ་རྣམས་ལ། །བུད་མེད་རྙེད་ཅིང་ཆོས་ཀྱང་རྙེད། །དོན་དང་ལས་འགྲུབ་དགེ་བ་འཕེལ། །ནོར་ཐོབ་གྲགས་པ་འཕེལ་བར་འགྱུར། །དེ་ལྟར་ཚེ་ཡི་གནས་སྐབས་སུ། །དགེ་དང་མི་དགེ་རྣམ་པར་སྤྱོད། །སྐྱེས་པའི་བྱེ་བྲག་མ་ལུས་པ། །ལྷ་མོ་བདག་གིས་ངེས་པར་བསྟན། །དེ་ནས་གཞན་ཡང་སྐྱེས་པ་ཡི། །འཁོར་ལོ་ཟབ་མོ་ལྷ་མོ་ཉོན། །བསྟན་བཅོས་འདིར་ནི་མ་གསུངས་ཀྱང༌། །ཐུབ་པ་ཆེན་པོས་རྣམ་པར་བཤད། །ཉི་མས་འཁྱུད་པའི་སྐར་མ་དེ། །སྤྱི་བོའི་སྟེང་དུ་བྲི་བར་བྱ། །དེ་བཞིན་ཁ་ལ་གསུམ་ཡིན་ཏེ། །དཔུང་མགོར་གཉིས་ཏེ་མཁྲིག་མར་གཉིས། །ལག་པ་ལ་གཉིས་སྙིང་གར་ལྔ། །སྐར་མ་གཅིག་ནི་ལྟེ་བ་ལ། །གསང་བར་སྐར་མ་གཅིག་ཡིན་ཏེ། །པུས་མོ་ལ་ནི་སྐར་མ་གཉིས། །རྐང་པར་བརྒྱད་དགོད་སྐྱེ་བ་བརྟག །རྐང་པ་ལས་སྐྱེས་ཚེ་ཐུང་འགྱུར། །པུས་མོ་ལས་སྐྱེས་བྱེས་འཁྱམས་ཤིང༌། །གསང་བ་ལས་སྐྱེས་འཁྲིག་པས་བརླག །ལྟེ་བ་ལས་སྐྱེས་དབུལ་པོར་འགྱུར། །སྙིང་ག་ལས་སྐྱེས་ལོངས་སྤྱོད་ལྡན། །ལག་པ་ལས་སྐྱེས་རྐུན་མོར་འགྱུར། །མཁྲིག་མར་སྐྱེས་པ་སྡུག་བསྔལ་ཅན། །དཔུང་པ་ལས་སྐྱེས་ཁུར་པོ་པ། །ཁ་ལས་སྐྱེས་པ་ཆོས་དང་ལྡན། །སྤྱི་བོའི་སྐར་མ་ལས་སྐྱེས་པ། །རྒྱལ་པོར་འགྱུར་བར་ཐེ་ཚོམ་མེད། །དེ་ལྟར་དགེ་དང་མི་དགེ་བ། །སྐྱེས་མ་ཐག་ཏུ་མཁས་པས་བརྟག །དུས་ཀྱི་འཁོར་ལོའི་སྦྱོར་བ་ལས། །ཤེས་པར་འགྱུར་རོ་དབང་མོ་ཆེ། །འདི་ནི་གཡུལ་ལས་རྣམ་པར་


DTG203_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་དབྱངས་འཆར་བའི་རྒྱུད་ཀྱི་རྒྱལ་པོ་ལས་སྐྱེས་པའི་སྐབས་བསྟན་པ་ཆེན་པོ་སྟེ་ལེའུ་དྲུག་པའོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དེ་ནས་གཞན་ཡང་བཤད་པར་བྱ། །ཇི་ལྟར་ལམ་གྱི་འཁོར་ལོ་མཆོག །ལམ་དུ་ཞུགས་པའི་མི་རྣམས་ལ། །ཕན་གནོད་འབྲས་བུ་མཐོང་བར་འགྱུར། །རྩ་གསུམ་འཁོར་ལོ་རྣམ་འབྱོར་པ། །ཐ་སྐར་ལ་སོགས་རིམ་བཞིན་བྲི། །རྒྱུ་སྐར་རིམ་བཞིན་རྩ་གསུམ་ཁྲིད། །ནམ་གྲུའི་མཐར་ཐུག་མཛེས་མ་ཉོན། །ཐ་སྐར་དང་ནི་ལག་དང་ཡང༌། །ནབ་སོ་དང་ནི་དེ་བཞིན་དབོ། །མེ་བཞི་སྣྲོན་དང་བཅས་པ་དང༌། །སྣྲུབས་དང་མོན་གྲུ་ཁྲུམས་སྟོད་རྣམས། །དང་པོའི་རྩ་ལ་རིམ་བཞིན་བྲི། །བྲ་ཉེ་དང་ནི་དེ་བཞིན་མགོ །རྒྱལ་དང་གྲེ་ཞེས་བྱ་བ་དང༌། །ནག་པ་དེ་བཞིན་ལྷ་མཚམས་དང༌། །ཆུ་སྟོད་མོན་གྲུ་ཁྲུམས་སྨད་རྣམས། །བློ་ལྡན་མཆོག་གི་གཟུགས་ཅན་མ། །གཉིས་པའི་རྩ་ཞེས་ཡོངས་སུ་གྲགས། །སྨིན་དྲུག་ནས་ནི་སྣར་མ་དང༌། །སྐག་དང་མཆུ་དང་ས་རི་དང༌། །ས་ག་ཆུ་སྨད་གྲོ་བཞིན་དང༌། །ནམ་གྲུ་ལྷ་མོ་རྩ་གསུམ་དྲན། །དེ་རྣམས་གཟའ་དང་ཡང་དག་སྦྱོར། །བསོད་ནམས་སྡིག་ཅན་གཟའ་རྣམས་བརྟག །ལམ་འཇུག་ཏཏྐཱ་ལ་རྒྱུ་སྐར་གྱི། །རྩ་རྒྱུད་ལ་གནས་གཟའ་ཡི་ལས། །མདའ་འཕེན་དྲུག་ཅུས་རྐང་པ་གཅིག །རྐང་པ་བཞི་ལ་དཔག་ཚད་ཡིན། །འགྲོ་སར་དཔག་ཚད་ཇི་སྙེད་པ། །རྩ་རྒྱུད་ལ་གནས་གཟའ་ཡིས་བསྒྱུར། །དེ་ལ་ཉི་ཤུ་བདུན་བགོས་ཐོབ། །དྲོ་ལམ་དུ་འགྱུར་ལྷག་མ་ལ། །བཞིས་བསྒྱུར་ཐོབ་པ་རྐང་པ་སྟེ། །ལྷག་མ་མཁའ་དུས་བསྒྱུར་ལས་ཐོབ། །མདའ་འཕེན་ཞེས་བྱ་དེ་རྣམས་སུ། །དགེ་དང་མི་དགེའི་འབྲས་བུ་འབྱུང༌། །སྡིག་ཅན་རྣམས་ཀྱིས་མི་དགེ་བྱེད། །བསོད་ནམས་གཟའ་རྣམས་བདེ་བ་བྱེད། །ཉི་མས་འཇིགས་ཀྱང་སྐྱོན་མེད་འགྱུར། །རཱ་ཧུ་ལམ་མེད་མི་དགེ་བྱེད། །སྤེན་པས་རྩོད་དང་འཆིང་བར་བྱེད། །མིག་དམར་འཆི་བསམ་གཞན་གྱིས་གསོད། །ཟླ་བས་བུད་མེད་མཉམ་པར་མཐུན། །གཟའ་ལྷག་རིག་བྱེད་རྣམས་དང་ཕྲད། །ཕུར་པས་ཆོས་དང་སྦྱོར་བར་བྱེད། །པ་སངས་བདག་པོས་མཆོད་པར་འགྱུར། །ཀེ་ཏུས་


DTG203_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་མི་དགེ་བྱེད། །མདའ་འཕེན་རྐང་པ་དྲོ་ལམ་རྣམས། །གཟའ་ཡིས་བསྒྱུར་ལ་འཁོར་ལོ་ཡིས། །ཐོབ་པའི་གྲངས་ཀྱིས་ལམ་རྣམས་སུ། །དགེ་དང་མི་དགེ་བྱེད་པར་འགྱུར། །ལམ་གྱི་འཁོར་ལོར་འདྲི་བྱེད་གང༌། །ལམ་ཞུགས་རྣམས་ལ་ཕན་བྱེད་ཡིན། །དཀར་པོའི་འཁོར་ལོ་བཤད་པར་བྱ། །མཛེས་གཟུགས་ཐལ་སྦྱོར་འདྲི་བར་བྱ། །སྤྱི་བོའི་མིག་དང་ཁ་མགྲིན་པ། །ལག་གཉིས་ཐལ་མོ་དེ་བཞིན་རྐང༌། །གསང་བ་དེ་བཞིན་སྙིང་གར་ནི། །དཀར་པོས་འཁྱུད་བརྩམས་གསུམ་གསུམ་དགོད། །སྤྱི་བོའི་དུས་ལ་གང་དབང་འདོད། །བྲམ་ཟེ་བུད་མེད་བློན་པོ་རྣམས། །བྲམ་ཟེ་རིག་བྱེད་ཆོས་ཀྱིས་བཀུར། །བུད་མེད་བསྟན་ནས་ཆུང་མར་བྱེད། །བློན་པོས་ནོར་སྟེར་ཕུན་སུམ་ཚོགས། །མིག་གིས་བྲན་དང་བུད་མེད་འདུལ། །རང་ལ་གདུག་ཅིང་ཉེ་བ་དང༌། །ཆུང་མ་ནོར་དང་བཀྲ་ཤིས་བྱེད། །ཁ་ལ་རྒྱལ་རིགས་མ་ནིང་གིས། །མགོ་སྐོར་བྱེད་དང་སྨྲ་དགོས་དང༌། །ལུས་ལ་ཚད་པ་འབབ་པ་ཡིན། །མགྲིན་པར་རྗེའུ་རྒྱལ་རྣམས་དང༌། །བུད་མེད་ལ་སྨྲས་ནོར་རྣམས་དང༌། །བུད་མེད་ཐམས་ཅད་འདུལ་བ་ཡིན། །ལག་གཉིས་སྐར་མར་ངག་སྨྲས་པ། །རྒྱལ་དང་དམག་དཔོན་སྐྱེས་པ་ལ། །རང་ལ་ལྟས་ངན་འབབ་པ་དང༌། །ཡུལ་དང་ནོར་དང་སྐྱེ་བོ་སྡང༌། །ཐལ་མོ་ལ་ནི་གང་དབང་བ། །ཕལ་པ་དང་ནི་མ་ནིང་ལ། ལྷ་དང་བླ་མ་མཆོད་བྱེད་ཅིང༌། །ཆོས་དང་སྦྱིན་དང་རྒྱལ་རྣམས་འགྲུབ། །རྐང་པས་བདག་པོ་བྲམ་ཟེ་བློན། །སྐྱེས་པ་རྣམས་ལ་རིམ་པ་བཞིན། །ནོར་ཟད་ཆུང་མ་སྤངས་པ་དང༌། །དགྲ་ཡི་དབང་དུ་སོང་བས་འཇིག །གསང་བའི་དུས་ལ་རྣལ་འབྱོར་པས། །དབང་བྱ་བྲན་དང་བུད་མེད་དང༌། །ཡོན་ཏན་ཅན་འཁོར་ཆུང་མས་འབོར། །སྙིང་གའི་དུས་ལ་དབང་བྱ་ནི། །བྲམ་ཟེ་དག་དང་མ་ནིང་ལ། །དབང་དུ་བྱེད་ན་གཉེན་གྲོགས་སྤོང༌། །ནོར་དང་བྲམ་ཟེ་བུད་མེད་རྙེད། །དགུ་ཆའི་དུམ་བུའི་མཚན་ཉིད་དེ། །ཇི་སྲིད་ན་འཐོབ་ཡུན་ཚོད་ནི། །ཁ་ན་ཆུ་ཚོད་ཡུན་ཡིན་ཏེ། །ལག་པ་ཞག་ཏུ་བརྗོད་པར་བྱ། །གཞན་རྣམས་ཟླ་བ་མིག་ལ་ལོ། །དེ་ཡི་ངེས་པ་སྔར་འདས་ཀྱི། །དྲུག་པར་ལྷག་མ་གང་ཡིན་པ། །སྤྱི་བོའི་ཕྱེད་བརྩི་མིག་


DTG203_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཅིག །མགྲིན་ལག་དྲང་པོ་སྙིང་ག་ཕྱེད། །ཐལ་མོ་གཉིས་ཡིན་ཁ་ལ་དྲུག །རྐང་པ་དགུ་ཡིན་གསང་གནས་དྲུག །ཉིན་ཞག་དཀྱིལ་འཁོར་མཉམ་དུས་ན། །ཇི་སྲིད་བཞིན་ལ་མ་འཕོས་བར། །དེ་ཡི་འབྲས་བུ་མཉམ་པར་མཐོང༌། །དཀར་པོའི་འཁོར་ལོ་བསྟན་ནས་ཀྱང༌། །དེ་ནས་གཞན་ཡང་བཤད་པར་བྱ། །རི་དགས་པ་ཡི་འཁོར་ལོ་མཆོག །ཟླ་བ་དང་ནི་རི་དགས་པའི། །དབུས་སུ་སྡིག་པའི་གཟའ་རྣམས་ཀྱིས། །འཁྱུད་པའི་གྲངས་དང་མཉམ་པ་ནི། །སྲོག་ཆགས་རྣམས་ནི་གསོད་པར་བཤད། །སྡིག་པས་འཁྱུད་པའི་ཁ་དོག་བཞིན། །རྔོན་པ་ལས་ནི་བཤད་པར་བྱ། །གསུམ་ནི་ཆ་ཤས་ཁྱིམ་ལ་གནས། །དགུ་ཆ་ལ་གནས་ཉིས་འགྱུར་གནས། །འཁྱོག་པོ་མཐོན་པོ་ལ་གནས་གཟའ། །གསུམ་གྱིས་བསྒྱུར་བའི་གྲངས་བཞིན་བསྟན། །འདི་ཡི་འགྱུར་གྱིས་ཐམས་ཅད་ལ། །བྱེད་དོ་དཔའ་བོས་ཕྱག་བྱས་མ། །གཟའ་སྐར་སྦྱོར་བ་དེ་དག་གི །རྨ་རྣམས་འབྱུང་བར་བརྗོད་པར་བྱ། །སྟོད་དང་སྨད་དང་ལོགས་དང་རྒྱབ། །ལོངས་སྤྱོད་ཆ་ཡིས་དེ་བཞིན་ནོ། །ལྷ་མོ་འདི་འདྲའི་འཁོར་ལོ་ནི། །བདེན་ཕྱིར་མངོན་སུམ་བྱེད་པ་ཡིན། །ཡང་ན་རབ་ཏུ་བྱེད་པ་གཞན། །བཤད་དོ་ཚོགས་ཀྱི་བདག་མོ་ཀྱེ། །གཟའ་ཡི་གྲངས་ནི་ཚེས་ཀྱིས་བསྒྱུར། །གཟུགས་ཀྱིས་དམན་བྱས་རང་གིས་བསྒྱུར། །ཕྱེད་དམན་བདུན་དང་མིག་གིས་བགོ །ལྷག་མ་ཆ་ཤས་གང་ཡོད་པའོ། །དེ་ལྟར་སྲོག་ཆགས་ཇི་ཙམ་པ། །རྒྱལ་པོ་སོགས་ཀྱིས་འཆིང་བར་བྱེད། །ཕྱེ་བའི་ལྷག་མ་གཅིག་གིས་ནི། །བྲོས་པ་ཉིད་དུ་བསྟན་པ་ཡིན། །ཁྱིམ་དང་སྐར་མ་ཇི་བཞིན་དུ། །བློ་ལྡན་མཚན་ཉིད་ཤེས་པར་བྱ། །དེ་ནས་རབ་ཏུ་བྱེད་པ་གཞན། །ཇི་ལྟར་བཤད་དོ་བཞིན་བཟང་མ། །ཚེས་ནི་གཟའ་དང་ལྷན་ཅིག་པ། །གཟུགས་ཀྱིས་དམན་བྱས་རང་གིས་བསྒྱུར། །ཕྱེད་དང་འདོད་པའི་ཆུ་ཚོད་ཀྱིས། །བགོས་པའི་ལྷག་མ་གང་ཡོད་པ། །སྲོག་ཆགས་དེ་ཡིན་མཁས་པ་ཡིས། །རྒྱལ་པོ་བདག་ལ་བརྗོད་པར་བྱ། །སྔོན་ལས་མ་དག་ཉིན་ཞག་ལ། །དགེ་དང་མི་དགེ་མང་པོར་འགྱུར། །མི་མཐུན་ཕྱོགས་ལ་སྡུག་བསྔལ་འབྱུང༌། །ངེས་འབྱིན་ཡན་ལག་རྨ་རྣམས་འབྱུང༌། །སོ་སོར་


DTG203_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ནག་ཡང་ལ་ལྟུང༌། །སྐྱེས་པའི་མཚམས་ཀྱིས་རང་ནོར་ཉམས། །ལྷག་མ་རྣམས་ཀྱི་འབྲས་བུ་ནི། །ཚོགས་ཀྱི་བདག་པོས་དགེ་བར་བརྗོད། །ཉི་ཟླ་མིག་དམར་གཟའ་ལྷག་ཕུར། །པ་སངས་སྤེན་པ་རཱ་ཧུ་དང༌། །ཀེ་ཏུའི་གྲངས་ཀྱིས་རིམ་པ་བཞིན། །དྲོ་ལམ་ལ་སོགས་བསྒྱུར་བར་བྱ། །རྔོན་པའི་འཁོར་ལོ་བསྟན་ནས་ཀྱང༌། །རྒྱན་གྱི་འཁོར་ལོ་བཙུན་མོ་ཉོན། །རྒྱན་གྱི་འཁོར་ལོ་འདི་ཡི་ལས། །གཡུལ་ཤོམ་ཤགས་འགྱེད་འཐབ་རྩོད་ལའོ། །ཞེང་དུ་རེ་ཁཱ་བཅུ་གཉིས་ཏེ། །དེ་བཞིན་ཆུ་རུ་དྲུག་པ་བྲི། །ཡིད་དང་རྒྱུ་སྐར་མི་གཉི་མ། །ཚེས་དང་དྲུག་དང་རྒྱ་མཚོ་མེ། །དེ་བཞིན་བཅུ་བདུན་བརྒྱད་དང་བུག །རེ་མིག་རྣམས་ལ་རིམ་བཞིན་བྲི། །དེ་འོག་ཨཱ་ལི་ཀཱ་ལི་ཡང༌། །རིམ་པས་མཉམ་པར་བྲི་བར་བྱ། །རྀ་རཱྀ་ལྀ་ལཱྀ་ཨ་རྣམས་སྤང༌། །ཀཥ་ནི་རྣམ་པར་སྤངས་པ་ཡིན། །འདི་ཡི་རེ་མིག་ཡང་དག་པ། །ལྔ་བཅུ་རྩ་ལྔར་ཡོངས་སུ་གྲགས། །དེ་ནས་མིང་གི་ཡི་གེ་གྲངས། །དབྱངས་དང་གསལ་བྱེད་ཇི་སྙེད་པ། །ལེགས་པར་བལྟས་ལ་རང་རང་གི །སྟེང་གི་གྲངས་ཀྱིས་བསྒྱུར་བར་བྱ། །ནོར་གྱིས་བགོས་ཏེ་ཁྱེར་བ་ཡི། །ལྷག་མས་རྒྱལ་མཚན་ལ་སོགས་འཆར། །དེ་བཞིན་དབྱངས་དང་གསལ་བྱེད་ནི། །འདི་ལྟར་རྗེས་སུ་གྲངས་པ་རྣམས། །རྒྱལ་མཚན་དུ་བ་སེང་གེ་ཁྱི། །ཁྱུ་མཆོག་བོང་བུ་གླང་པོ་ཆེ། །བྱ་རོག་དང་ནི་བརྒྱད་དུ་གྲགས། །འདི་རྣམས་སྟོབས་ཀྱི་བྱེ་བྲག་ནི། །བྱ་རོག་གཉིས་འགྱུར་ཁྱི་ལ་བརྗོད། །ཁྱི་གཉིས་བོང་བུར་ཤེས་བྱ་སྟེ། །བོང་བུའི་ཉིས་འགྱུར་ཁྱུ་མཆོག་དྲན། །ཁྱུ་མཆོག་ཉིས་འགྱུར་གླང་པོ་ཆེ། །གླང་པོའི་ཉིས་འགྱུར་སེང་གེ་ལ། །སེང་གེའི་ཉིས་འགྱུར་རྒྱལ་མཚན་ཏེ། །རྒྱལ་མཚན་སྟོབས་གཉིས་དུ་བ་ལའོ། །དེ་ལྟར་སྟོབས་ཀྱི་བྱེ་བྲག་ཤེས། །བརྒྱད་ཀྱི་ཆ་ཡིས་ཐོབ་པ་ཡི། །ལྷག་མ་ཡོངས་སུ་བསམ་པ་སྟེ། །གཅིག་སོགས་ལྷག་མར་གྱུར་པའི་གྲངས། །རྒྱལ་མཚན་ལ་སོགས་བདུན་རིམ་བཞིན། །རྒྱན་ནི་འཁོར་ལོའི་སྟོབས་བསྟན་པ། །དེ་ལྟར་བརྗོད་བྱ་དབང་མོ་ཆེ། །དེ་ནས་མིང་གི་ཡི་གེ་སོགས། །བརྟག་པ་གཞན་ཡང་བཤད་པར་བྱ། །རྒྱལ་དང་ཕམ་པ་ཡོངས་ཤེས་པ། །དབྱངས་འཆར་རྒྱུད་ལ་བཤད་པ་ཉོན། །


DTG203_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་རང་གི་དགྲ་བོ་ཡི། །མིང་གི་གསལ་བྱེད་རྟོགས་པ་དང༌། །མིང་གི་དབྱངས་ནི་ངེས་བྱས་ལ། །གསལ་བྱེད་བཞི་ཡིས་བསྒྱུར་བྱས་ཏེ། །དབྱངས་ནི་གཉིས་ཀྱིས་བསྒྱུར་བྱས་ལ། །གཅིག་ཏུ་བསྡོམས་པར་བྱས་ནས་ཀྱང༌། །བདུན་གྱི་ཆ་ཡིས་བགོ་བར་བྱ། །དེ་ཡི་ལྷག་མར་གང་གྱུར་པ། །གཉིས་ཀ་མཉམ་ན་འདུམ་པ་སྟེ། །མི་མཉམ་སྟོབས་ལ་བལྟས་པས་ཤེས། །མིང་གི་ཡི་གེ་ཇི་སྙེད་པ། །གཅིག་གིས་གཅིག་ལ་དབྲི་བར་བྱ། །ལྷག་མ་གང་ཡོད་རྒྱལ་བ་སྟེ། །མ་ལྡང་བ་ནི་འཕམ་པར་འགྱུར། །ལྷག་མེད་མཉམ་པས་འདུམ་པར་བྱེད། །དེ་ལྟར་ཤེས་བྱ་དཀའ་བཟློག་མ། །མིང་གི་དབྱངས་དང་གསལ་བྱེད་རྣམས། །སོ་སོར་ཕྱེ་ལ་ལེགས་པར་བརྟག །ཟུང་གིས་ཕམ་པར་ཤེས་བྱ་སྟེ། །ཁ་ཡར་བས་ནི་རྒྱལ་བར་སྟོན། །དབྱངས་དང་གསལ་བྱེད་ཇི་སྙེད་པ། །སོ་སོར་མཉམ་ན་འདུམ་པར་སྟོན། །ལྷ་མོ་དེ་ལྟར་འཁོར་ལོ་མཆོག །སོ་སོར་ཤེས་པར་བྱ་ཞེས་གྲགས། །དེ་ནས་ཤིན་ཏུ་གསང་བ་ཡི། །རྨ་བརྟག་འཁོར་ལོ་བཤད་པར་བྱ། །སྐྱེས་བུའི་གཟུགས་ཀྱི་འཁོར་ལོ་ལ། །རྒྱུ་སྐར་གནས་པའི་མཚན་ཉིད་ཅན། །ལུས་ཀྱི་ཆ་ཤས་གང་དུ་རྨ། །བྱུང་ཞིང་ཇི་ཙམ་འབྱུང་བ་ཞེས། །ཉི་མ་གནས་པའི་རྒྱུ་སྐར་ནས། །བྱེ་བྲག་ཕྱེ་ལ་རིམ་བཞིན་བྲི། །མགོ་བོར་གསུམ་ལ་ཁ་ལ་གསུམ། །སྙིང་ག་ལྔ་སྟེ་ལག་པར་བརྒྱད། །རྐང་པ་དག་ལ་བརྒྱད་ཡིན་ཏེ། །དེ་ལྟར་གཟུགས་ལ་དགོད་པར་བྱ། །རང་གི་སྐར་མའི་དུས་སྦྱོར་ལས། །མཐོང་བར་སྡིག་ཅན་གང་ཡོད་པ། །རྨ་བྱུང་ཆེ་ཆུང་མཐོང་དང་སྟོབས། །བདུན་པར་ཐེ་ཚོམ་མེད་པར་འགྱུར། །ཟླ་བ་གནས་པའི་ཆ་ཤས་ལ། །རྨ་རྣམས་འབྱུང་བར་ཤེས་པར་བྱ། །རྨ་རྣམས་ཆེ་ཆུང་ལྟ་བ་ནི། །དགུ་ཆའི་དུམ་བུ་བལྟ་བར་བྱ། །དེ་ཡི་གྲངས་ཀྱི་སོར་གྱིས་བཅལ། །སྡིག་ཅན་གནས་པར་རྨ་འབྱུང་བཤད། །ཉི་མ་མཐོང་ན་རྨ་ལོག་འགྱུར། །རཱ་ཧུ་མཐོང་ན་རྨ་ཟེར་ཐེབས། །སྤེན་པ་མཐོང་ན་སྐྱེས་བུ་ཡི། །རྨ་ལ་ཁྲག་ནི་མེད་པར་འགྱུར། །མིག་དམར་མཐོང་ན་ཁྲག་དམར་འབྱུང༌། །གལ་ཏེ་འཆི་བར་འགྱུར་བའང་སྲིད། །གཟའ་ཡི་འཁོར་ལོ་གནས་པ་ལས། །སྡིག་ཅན་གནས་


DTG203_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤེས་པར་བྱེད། །དེ་ལྟར་བདེན་པའི་མཚན་ཉིད་ཅན། །སོ་སོར་བྱེ་བྲག་ཕྱེད་པར་བྱེ། །འདི་ཡི་ཉི་མ་མགོར་བསྟན་པས། །རྨ་འབྱུང་དྲང་སྲོང་གིས་ཤེས་འགྱུར། །དེ་ནས་མདོར་བསྡུས་མཉམ་པ་ནི། །ཏྲི་ཤཱུ་ལ་ཡི་འཁོར་ལོ་བཤད། །གང་ཞིག་ཤེས་པས་གཡུལ་འགྱེད་ཚེ། །རྩོད་པའི་མཚན་ཉིད་ཤེས་པར་བྱ། །ཏྲི་ཤཱུ་ལ་ནི་གསུམ་བྲིས་ཏེ། །རིམ་པ་བཞིན་དུ་སྐར་མ་དགོད། །ཉི་མས་འཁྱུད་པའི་སྐར་མ་དང༌། །རྩེ་མོ་ནས་བཟུང་བར་བྲི་བར་བྱ། །ཉི་མས་འཁྱུད་པའི་སྐར་མ་ནས། །མགོ་བཟུང་རྩེ་མོར་སྐར་མ་གསུམ། །ཏྲི་ཤཱུ་ལ་ཡི་ཡུ་བ་ལ། །རྒྱུ་སྐར་དྲུག་ནི་རིམ་བཞིན་བྲི། །དེ་ཉིད་ཕྱི་རོལ་འཐོན་པ་ཡི། །མདུང་རྩེ་གསུམ་ལ་རྒྱུ་སྐར་གསུམ། །ཏྲི་ཤཱུ་ལ་ཡི་ཡུ་བ་ལ། །རིམ་པ་གསུམ་གསུམ་བརྩེགས་མར་བྲི། །དེ་ནས་སྟེང་དུ་བརྩེགས་པ་ཡི། །དབུ་མའི་རྩེ་མོའི་ཡུ་བར་ཡང༌། །གཡས་པའི་རྩེ་མོར་གསུམ་ཡིན་ཏེ། །ཡུ་བ་གསུམ་གསུམ་བརྩེགས་མར་བྲི། །མདོར་ན་རྩེ་མོ་རྣམས་ལ་གསུམ། །ཡུ་བར་གསུམ་གསུམ་བརྩེགས་མར་བྲི། །དབུ་མ་འཁྲུག་པའི་ཏྲི་ཤཱུ་ལ། །གཡས་པ་ནང་དུ་འཇུག་པར་བརྗོད། །གཡོན་པ་ཕྱི་རོལ་འཐོན་པ་སྟེ། །དབྱངས་འཆར་རྒྱུད་ལས་དེ་ལྟར་མཐོང༌། །ཟླ་བ་གང་ན་གནས་པ་བརྟག །རང་གི་སྐར་མ་གང་ནས་གནས། །རང་གིས་བརྟགས་ལ་ཤེས་པར་བྱ། །གདུག་པའི་གཟའ་རྣམས་གར་ཡོད་ངན། །ཕྱིར་འཐོན་པ་ལ་ཕྱིར་ལོག་འགྱུར། །ནང་འཇུག་སྐར་མས་ནང་དུ་ཆུད། །དབུ་མ་འཁྲུག་པར་འགྱུར་བ་སྟེ། །འོག་མ་གཉིས་ལ་རྩོད་པ་ཆུང༌། །བར་མ་གཉིས་ལ་འབྲིང་པོར་འགྱུར། །སྟེང་མ་མཉམ་ལ་འཐབ་རྩོད་ཆེ། །རྩེ་མོ་གསུམ་ལ་ཤིན་ཏུ་ཆེ། །མདུང་ནི་དབུ་མར་གང་ཡོད་ཕམ། །རང་དང་དགྲ་ཡི་སྐར་མ་དག །འདི་ལ་བསྲུང་བ་ཤིན་ཏུ་གཅེས། །གཡས་དང་གཡོན་གྱི་ཏྲི་ཤཱུ་ལ། །ནང་འཇུག་ཕྱི་རོལ་འཐོན་པ་ལས། །རྩོད་པ་ཆེ་འབྲིང་གོང་མ་བཞིན། །དབྱངས་འཆར་རྒྱུད་ལས་བཤད་པ་ཡིན། །འདི་ལྟར་རང་གི་རྒྱུ་སྐར་ལ། །སྡིག་ཅན་མི་དགེ་ཞི་བ་དགེ། །ཏྲི་ཤཱུ་ལ་གསུམ་ཞབས་བསྡུས་དགོད། །ཉི་མ་གནས་པའི་སྐར་མ་ནི། །ཏྲི་ཤཱུ་ལ་བར་མའི་རྩེ་མོ་ནས། །རིམ་པ་བཞིན་དུ་དགོད་པར་


DTG203_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཏྲི་ཤཱུ་ལ་ཡི་རྩེ་མོ་ན། །རྒྱུ་སྐར་གསུམ་གསུམ་བྲི་བར་བྱ། །ཡུ་བའི་ཐད་ཀའི་བར་རྣམས་སུ། །རྒྱུ་སྐར་དྲུག་དྲུག་བྲི་བར་བྱ། །མདོར་ན་པ་ར་དང་རྩེ་མོ་ལ། །རྒྱུ་སྐར་དགུ་དང་བཅོ་བརྒྱད་དང༌། །ཏྲི་ཤཱུ་ལ་ནི་གསུམ་པོ་ལ། །རྒྱུ་སྐར་རྣམས་ཀྱིས་ཡོངས་སུ་བསྐོར། །མིང་གི་སྐར་མར་ཉི་མ་སོང༌། །དེ་ལ་ནད་རྣམས་འབྱུང་བར་གྲགས། །དབུ་མ་གསུམ་ལ་ནོར་ཉམས་བྱེད། །ཉི་མ་མེད་པའི་རྩེ་མོ་ལ། །འཐབ་རྩོད་འབྱུང་བར་བསྟན་པ་ཡིན། །མདོར་ན་རྩེ་མོའི་རྒྱུ་སྐར་གྱིས། །དོན་ཉམས་ཕྱུགས་རྣམས་བརླག་པ་དང། །གཉེན་བཤེས་རྣམས་ནི་མྱུར་དུ་ཉམས། །ཡུལ་གཞན་འཕོ་ཞིང་རྒྱལ་པོས་འཇིགས། །དབུས་ཀྱི་དྲུག་གིས་བདེ་བར་བྱེད། །བཅུ་གཉིས་ཀྱིས་ནི་ཕུན་སུམ་ཚོགས། །བུ་རྣམས་སྐྱེད་ཅིང་དགའ་སྐྱེད་དང༌། །སྐལ་བཟང་བདེ་བ་སྐྱེད་པར་མཐོང༌། །གཡུལ་གྱི་དུས་སུ་ལེགས་པར་གནས། །རྩེ་མོར་གལ་ཏེ་ཟླ་བ་སོང༌། །ནད་དང་སྡུག་བསྔལ་ལ་སོགས་འབྱུང༌། །ཏྲི་ཤཱུ་ལ་ཡི་འཁོར་ལོ་ནི། །དེ་ལྟར་ལྷ་མོ་ཁྱོད་ལ་བཤད། །ཉི་མས་འཁྱུད་པའི་སྐར་མ་དེ། །མགོ་བོ་ནས་བརྩམས་རིམ་བཞིན་བྲི། །གཡས་སུ་བསྐོར་བ་སྦྱོར་བ་ཡིས། མགོ་བོའི་མཐར་ཐུག་བྲི་བར་བྱ། །མགོ་བོར་དགུ་ལ་རྣ་བར་གཉིས། །ལག་པ་དག་ལ་དྲུག་དྲུག་སྟེ། །རྒྱབ་ཏུ་བརྒྱད་དུ་བསྟན་པ་ཡིན། །རྐང་པ་དག་ལ་གཉིས་ཡིན་ཏེ། །དེ་ལ་རང་གི་སྐར་མ་ནི། །མགོ་དང་རྐང་པར་འཆི་བ་སྟེ། །ལག་པ་དག་ལ་རྣམ་པར་རྒྱལ། རྒྱབ་ནི་རྒྱལ་ཕམ་མེད་པར་འཐབ། །རྣ་བ་དག་ལ་རྣམ་པར་ཉམས། །ཟླ་བའི་སྐར་མ་དེ་བཞིན་ནོ། །གཡུལ་དུ་རྒྱལ་དང་ཕམ་པ་ཡི། །ཉི་མའི་འཁོར་ལོ་གངས་རིའི་བདག །མིང་གི་རྒྱུ་སྐར་འཁོར་ལོ་ནི། །གང་གིས་ཤེས་པ་ཙམ་གྱིས་ཀྱང༌། །འཁྲུག་པ་གཉེན་དང་ལས་རྣམས་ཀུན། །བྱེད་ན་འདིར་རྟོགས་དཀའ་བཟློག་མ། །རིམ་པ་གཉིས་དང་ལྡན་པ་ལ། །རེ་མིག་བཅུ་བཞིར་མཉམ་པར་དགོད། །སྦྱང་ཁུ་ནི་ལེ་བྱི་ལ་སྟག །ཁྲི་སྙན་མ་ཧེ་སེང་གེ་རྣམས། །རེ་མིག་སྟེང་གི་རིམ་པར་བྲི། །ལུག་སྦྲུལ་བྱི་བ་ཁྱུ་མཆོག་དང༌། །སྤྲེའུ་རྟ་དང་གླང་པོ་ཆེ། །


DTG203_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་ཐད་དྲང་རྣམས་ལ་དགོད། །ལུག་གི་སྨིན་དྲུག་རྒྱལ་ལ་ཡིན་ཏེ། །དེ་བཞིན་སྦྲུལ་ནི་སྣར་མ་མགོ །བྱི་བ་དབོ་དང་མོན་གྲེར་བརྗོད། །ཁྱུ་མཆོག་མཆུ་དང་ཆུ་སྟོད་ཡིན། །སྤྲེའུ་གྲོ་བཞིན་ཆུ་སྨད་དྲན། །རྟ་ནི་ཐ་སྐར་མོན་གྲོའོ། །གླང་པོ་བྲ་ཉེ་མ་གྲུར་བརྗོད། །དེ་ནས་སྦྱང་ཁུ་ལག་དང་སྣུབས། །བྱི་བཞིན་ཁྲུམས་སྟོད་ནེའུ་ལ། །བྱི་ལ་དེ་བཞིན་ནབ་སོ་སྐག །སྟག་ནི་ནག་པ་ས་གར་བརྗོད། །ཁྲི་སྙན་སྣྲོན་དང་ལྷ་མཚམས་བཤད། །མ་ཧེ་མེ་བཞི་ས་རིར་བཤད། །སེང་གེ་ཁྲུམས་དང་གྲེ་ཡིན་ཏེ། །འོག་དང་གོང་གི་ར་མིག་ལ། །ལུག་སོགས་སྦྱང་སོགས་རིམ་བཞིན་དགོད། །དེ་ལྟར་རྟ་དང་མ་ཧེ་དགྲ། །གླང་དང་སྟག་དག་མི་མཐུན་ཏེ། །སྦྲུལ་དང་ནེ་ལེ་མཛའ་བ་མེད། །ལྷ་མོ་གླང་ཆེན་སེང་གེ་དགྲ། །ལུག་དང་སྦྱང་ཁུ་མཐུན་པ་མེད། །མཛེས་མ་བྱི་བ་བྱི་ལ་ཡང༌། །དེ་བཞིན་སྤྲེའུ་ཁྲི་སྙན་དྲན། །གཡུལ་དུ་ཤེས་བྱ་ལྷས་མཆོད་མ། །ཇི་ལྟར་མིང་གི་སྐར་མ་ནི། །མཆུ་དང་ཆུ་སྟོད་ཁྱུ་མཆོག་མིང༌། །སེང་གེའི་མིང་ལ་ཀྲུམས་སྨད་གྲེ། །དེ་ལྟར་ཐམས་ཅད་ཤེས་པར་བྱ། །གང་གི་རིགས་ནི་ཤེས་པ་ལས། །སྟོབས་ཀྱི་ཆེ་ཆུང་ཤེས་པར་འགྱུར། །མིང་གི་སྐར་མའི་མིང་ཤེས་པར། །མཛེས་དགའ་གཡུལ་སོགས་ཇི་ལྟར་བྱེད། །རྒྱལ་དང་ཐ་སྐར་ན་བསོ་མགོ །ནམ་གྲུ་ལྷ་མཚམས་ས་རི་དང༌། །གྲོ་བཞིན་མེ་བཞིར་བཅས་པ་རྣམས། །ལྷ་ཡི་རིགས་སུ་ཤེས་པར་བྱ། །ཆུ་སྟོད་ཁྲུམས་སྟོད་ཁྲུམས་སྨད་གྲེ། །དབོ་དང་ཆུ་སྟོད་བྲ་ཉེ་ལག །སྣར་མའི་མིང་གི་བྱེ་བྲག་རྣམས། །མི་ཡི་རིགས་ཡིན་བཞིན་བཟངས་མ། །མཆུ་དང་ནག་པ་སྨིན་དྲུག་དང༌། །མོན་གྲེ་མོན་གྲུ་ས་ག་དང༌། །སྣུབས་སྐག་སྣྲོན་དང་བཅས་པ་རྣམས། །སྲིན་པོའི་རིགས་ལས་གྲུབ་པ་ཡིན། །རང་གི་རིགས་རྣམས་ཉམས་པར་མཐུན། །ལྷ་དང་མི་ནི་འབྲིང་པོ་སྟེ། །ལྷ་དང་སྲིན་པོ་དེ་བཞིན་ནོ། །མི་དང་སྲིན་པོ་ལྷན་ཅིག་འཆི། །གལ་ཏེ་ཆུང་མ་སྲིན་པོར་འགྱུར། །ཁྱོ་ནི་མི་ཡི་རིགས་ལས་སྐྱེས། །དེ་ཚེ་ཁྱོ་ནི་འཆི་བར་འགྱུར། །ཤིན་ཏུ་རྒྱང་རིང་འདུག་པར་བྱ། །མི་མཛའ་ལྷན་ཅིག་འཆི་བ་སྟེ། །རང་གི་རིགས་མཐུན་བདེ་བར་བྱེད། །གལ་ཏེ་ལྷ་ཡི་


DTG203_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཡིན་ན། །མི་དང་སྲིན་པོ་ཀུན་ལས་རྒྱལ། །མི་དང་སྲིན་པོ་ལྷན་ཅིག་པ། །མེ་དང་ཆུ་བཞིན་འགལ་བར་འགྱུར། །དེ་ལྟར་ཁྱོ་ཤུག་ལ་སོགས་པ། །རིགས་ཀྱི་འཁོར་ལོ་བསྟན་པ་ཡིན། །དེ་ནས་གཞན་ཡང་བཤད་པར་བྱ། །གང་གིས་ཤེས་པ་ཙམ་གྱིས་ནི། །མིག་གི་མཚན་ཉིད་ཤེས་འགྱུར་བ། །ཐེ་ཚོམ་མེད་པར་བཤད་ཀྱིས་ཉོན། །ཐ་སྐར་མགོ་དང་རྒྱལ་དང་ནི། །མེ་བཞི་ལྷ་མཚམས་གྲོ་བཞིན་དང༌། །ནབ་སོ་གང་དང་ལྷན་ཅིག་པ། །དེ་ཡི་མིག་ནི་དགེ་བ་སྟེ། །བསམ་པའི་དོན་ཀུན་འགྲུབ་པ་ཡིན། །དྲོ་ལམ་བརྒྱ་ཡི་ཡུལ་ཡང་མཐོང༌། །ལག་དང་སྣྲུབས་དང་མོན་གྲེ་དང༌། །ས་རི་གྲེ་དང་ཆུ་སྟོད་དང༌། །ཁྲུམས་སྟོད་མིག་ནི་ལོང་བ་དང༌། །དོན་དང་ལས་ཀུན་འགྲུབ་པ་མེད། །མཆུ་དང་ནག་པ་སྣྲོན་ཞེས་བྱ། །སྣར་མ་དབོ་དང་ཆུ་སྨད་དང༌། །ཁྲུམས་སྨད་རྣམས་ལ་འདྲི་བྱེད་ཀྱི། །མིག་ནི་ཤེལ་ལམ་གཡོ་བར་འགྱུར། །བྲ་ཉེ་དེ་བཞིན་སྨིན་དྲུག་སྐག །མོན་གྲུ་ས་ག་བྱི་བཞིན་དང༌། །ནམ་གྲུ་གང་ཡོད་མིག་དམར་ཞིང༌། །ནག་པོར་འགྱུར་ཞིང་དགེ་བ་མེད། །ནོར་དང་རྙེད་པ་རབ་སྦྱོར་མེད། །ཡིད་ལ་འདོད་པ་རྣམ་པར་སྤངས། །དེ་ནས་སྡེ་བརྒྱད་འཁོར་ལོ་མཆོག །གང་གིས་ཤེས་པའི་མི་རྣམས་ཀྱིས། །སྟོབས་དང་གཉེན་པོའི་བྱེ་བྲག་རྣམས། །བཤད་ཀྱིས་ལྷ་ཡི་བདག་མོ་ཉོན། །ཨ་ཡི་སྡེ་ཚན་ལྷ་ཡིན་ཏེ། །ཀ་སྡེ་ལྷ་མ་ཡིན་དུ་བརྗོད། །ཙ་སྡེ་གང་གནས་ཀླུ་ཞེས་བྱ། །བཞི་ཡི་སྡེ་ཚན་དྲི་ཟར་གྲགས། །ཏ་སྡེར་གནས་པ་གནོད་སྤྱིན་དྲན། །དེ་བཞིན་པ་སྡེ་སྲིན་པོར་སྨྲ། །ཡ་ཡི་སྡེ་ཚན་ཤ་ཟ་སྟེ། །ཤ་ཡི་སྡེ་ཚན་མི་ཞེས་གྲགས། །འདི་ལྟར་ལྷ་མིན་སྟོབས་གཅིག་སྟེ། །ཀླུ་ལ་དེ་ཡི་ཉིས་འགྱུར་བཤད། །དེ་གཉིས་ཉིས་འགྱུར་དྲི་ཟ་སྟེ། །དེ་གཉིས་ཉིས་འགྱུར་གནོད་སྦྱིན་ནོ། །དེ་གཉིས་འགྱུར་གྱིས་སྲིན་པོ་སྟེ། །སྲིན་མོའི་ཉིས་འགྱུར་ཤ་ཟ་དང༌། །ཤ་ཟའི་འགྱུར་གྱིས་ལྷ་ལ་བརྟག །ལྷ་ཡི་ཉིས་འགྱུར་མི་ཞེས་གྲགས། །དེ་ལྟར་ཕན་ཚུན་ཉེ་རིང་དུ། །གྲངས་ནི་གང་མང་སྟོབས་ཆེར་འགྱུར། །ཕྱོགས་མཚམས་ཐད་ཀར་མི་མཛའ་སྟེ། །སྟོབས་ཆེན་རྣམས་ཀྱིས་ཆུང་བ་གསོད། །གཡུལ་གྱི་དུས་སུ་


DTG203_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་སྟེ། །འཁོར་ལོའི་སྟོབས་ནི་ངེས་པར་མཐོང༌། །མིང་གི་དང་པོ་གསལ་བྱེད་ལ། །རྣམ་པར་དཔྱོད་པར་ཡོངས་སུ་གྲགས། །དེ་ལྟར་ཕན་ཚུན་ཉེ་རིང་དུ། །གྲངས་ནི་གང་མང་སྟོབས་ཆེར་འགྱུར། །དེ་ལྟར་སྟོབས་ཀྱི་བྱེ་བྲག་འདི། །ཚངས་པས་རྒྱུད་དུ་བཤད་པ་ཡིན། །གཡུལ་གྱི་དུས་སུ་འཁོར་ལོ་འདི། །སྟོབས་ཀྱི་ཆ་ཡིས་རྒྱལ་ཕམ་སྟོན། །སྡེ་ཚན་ཇི་ལྟར་གནས་པ་དང༌། །སྟོབས་བསྐྱེད་པ་ཡི་རིམ་པ་ནི། །དབང་མེ་གཤིན་རྗེ་བདེན་བྲལ་དང༌། །ཆུ་རླུང་གནོད་སྦྱིན་དབང་ལྡན་དང༌། །གོ་རིམས་བཞིན་དུ་གནས་པ་སྟེ། །འདི་རྣམས་སྟོབས་ལ་ཁྱད་པར་གནས། །སྟོབས་ཆེན་རྣམ་པར་རྒྱལ་འགྱུར་ཏེ། །ཆུང་བ་ཕམ་པར་འགྱུར་བ་ཡིན། །རང་ལ་ཕ་རོལ་ཕྱོགས་ཀྱི་སྟོབས། །སྲོག་ཆགས་རྣམས་ཀྱི་ལུས་ཀྱིས་གསལ། །ཨ་སྡེ་འདི་ལྟར་བྱ་ཁྱུང་སྟེ། །ཀ་ཡི་སྡེ་ཚན་བྱི་ལ་ར་དྲན། །ཙ་ཡི་སྡེ་ཚན་སེང་གེར་དྲན། །ཊ་སྡེ་སྤྱང་ཁུར་ཤེས་པར་བྱ། །ཏ་ཡི་སྡེ་ཚན་སྦྲུལ་དུ་གསལ། །ས་སྡེ་བྱི་ལར་ཡོངས་སུ་གྲགས། །ཡ་ཡི་སྡེ་ཚན་གླང་པོ་ཆེ། །ཤ་སྡེ་ལུག་ཏུ་ཡོངས་སུ་བརྗོད། །དེ་ནས་འདབ་ཆགས་འཁོར་ལོ་མཆོག །གང་གིས་ཤེས་པ་ཙམ་གྱིས་ཀྱང༌། །དུས་ཀྱི་སྟོབས་ཀྱིས་འདོད་དོན་ཀུན། །ཐེ་ཚོམ་མེད་པར་འགྲུབ་འགྱུར་བཤད། །དེ་ལྟར་ཕྱོགས་མཚམས་བརྒྱད་པོ་ལ། །ཤར་ནས་བརྩམས་ཏེ་ལེགས་པར་གནས། །ཤར་ཕྱོགས་བདག་པོ་ཉི་མ་སྟེ། །མིག་དམར་མེ་ཡི་ཕྱོགས་ན་གནས། །གཤིན་རྗེ་ཕུར་བུ་ལྷས་མཆོད་མ། །གཟའ་ལྷག་བདེན་བྲལ་ཕྱོགས་ན་གནས། །བསངས་ཆུ་བདག་ཕྱོགས་ཞེས་དྲན། །རླུང་ཕྱོགས་བདག་པོ་སྤེན་པར་གྲགས། །ཟླ་བ་ནོར་གྱི་བདག་པོའི་ཕྱོགས། །སྒྲ་གཅན་དབང་ལྡན་སྤྱོད་ཡུལ་ལོ། །བྱ་རྒོད་ཁྲ་དང་གོང་མ་སྲེག །དེ་བཞིན་ནེ་ཚོ་ཁྲུང་ཁྲུང་དང༌། །རྨ་བྱ་འུག་པ་སྲིན་བྱ་སྟེ། །འདབ་ཆགས་བརྒྱད་དུ་ཡོངས་སུ་གྲགས། །འདི་ལྟར་རིམ་བཞིན་ཨ་སྡེ་དང༌། །ཀ་སྡེ་ཙ་སྡེ་དེ་བཞིན་ཏེ། །ཊ་སྡེ་ཏ་སྡེ་ཞེས་བྱ་བ། །བ་ཡི་སྡེ་ཚན་བཅས་པ་དང༌། །ཡ་ཚན་ཤ་ཚན་བྲི་བར་བྱ། །ཡ་ཡི་སྡེ་ཚན་བཅས་པ་དང༌། །ཤ་ཡི་སྡེ་ཚན་ཚང་པར་ནི། །རེ་མིག་བརྒྱད་ལ་ལེགས་


DTG203_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པར་དགོད། །སྡེ་ཚན་བརྒྱད་པོ་རང་རང་གི །དུས་ཀྱི་སྟོབས་ནི་འདིས་ཤེས་འགྱུར། །བྱ་རྒོད་དང་ནི་ཁྲ་ཧོར་བ། །ཉིན་མོའི་ལྷག་ལ་སྟོབས་ཆེར་འགྱུར། །རྨ་བྱ་དང་ནི་ཁྲུང་ཁྲུང་དག །ཐོ་རངས་དུས་ཆེ་སྟོབས་སུ་འགྱུར། །སྲིན་བྱ་དང་ནི་གོང་མ་སྲེག། ཉི་མའི་གུང་ལ་སྟོབས་ཆེར་གསལ། །ནེ་ཚོ་དང་ནི་འུག་པ་དག །མཚན་མོའི་དུས་ལ་སྟོབས་ཆེར་གྲགས། །འུག་པ་དང་ནི་ནེ་ཚོ་དག །དགུན་ཟླ་གསུམ་ལ་སྟོབས་ཆེར་འགྱུར། །རྨ་བྱ་ཁྲུང་ཁྲུང་ཞེས་བྱ་བ། །དཔྱིད་ཟླ་རྣམས་ལ་སྟོབས་ཆེར་གསལ། །གོང་མ་སྲེག་ཅེས་གྲགས་པ་ཡང། །དབྱར་ཟླ་གསུམ་ལ་བདེ་ལེགས་བྱེད། །ཁྲ་ནི་སྟོན་ཟླ་གསུམ་ལ་སྟོབས། །བྱ་རྒོད་དང་ནི་སྲིན་བྱ་དག །ཟླ་བ་ཀུན་ལ་སྟོབས་ཆེར་བརྗོད། །གཅིག་དང་དགུ་བ་བྱ་རྒོད་སྟོབས། །གཉིས་དང་བཅུ་ལ་དེ་བཞིན་ཁྲ། །གསུམ་པ་དང་ནི་བཅུ་གཅིག་ལ། །གོང་མ་སྲེག་ཀྱང་སྟོབས་ཆེར་བྱེད། །དེ་བཞིན་བཞི་དང་བཅུ་གཉིས་ལ། །ནེ་ཚོའི་སྟོབས་ནི་འབྱུང་བར་གསལ། །ཁྲུང་ཁྲུང་ཞེས་བྱར་གྲགས་པ་ནི། །ལྔ་དང་བཅུ་གསུམ་ཚེས་ལ་དྲན། །དྲུག་དང་བཅུ་བཞིའི་ཚེས་གྲངས་ལ། །རྨ་བྱའི་སྟོབས་ནི་ཆེ་བ་ཡིན། །བདུན་པ་དང་ནི་བཅོ་ལྔ་བ། །འདབ་ཆགས་འུག་པ་སྟོབས་སྐྱེད་འགྱུར། །བརྒྱད་ལ་སྲིན་བྱ་སྟོབས་འཕེལ་གྲགས། །བླ་མ་བརྒྱད་པའི་རིམ་གྱིས་སོ། །དེ་ལྟར་དུས་ཀྱི་སྟོབས་བཤད་པ། །ལྷ་མོ་འདྲི་བ་རྣམས་ལ་བརྗོད། །དབང་པོར་བྱ་རྒོད་ཉི་མའི་རེས། །ཨ་ཡི་མིང་ཅན་སྟོབས་ཆེར་འགྱུར། །དེ་ལྟར་གཟའ་དང་སྡེ་ཚན་རྣམས། །ཕྱོགས་རྣམས་ཀུན་ལ་ཤེས་པར་བྱ། །ཉིན་མཚན་ཆ་དང་ཚེས་གྲངས་དང༌། །ཟླ་བའི་བྱེ་བྲག་རབ་ཤེས་བྱ། །དེ་ལྟར་མིང་གི་སྡེ་ཚན་ལས། །སྟོབས་ཀྱི་བྱེ་བྲག་ཤེས་པར་བྱ། །གང་གི་རིགས་ཡིན་བྱེ་བྲག་ཕྱེད། །དེ་ལ་སྟོབས་དང་སྟོབས་མིན་ཤེས། །ནེ་ཚོ་ལ་ནི་སྟོབས་གཅིག་སྟེ། །ཧོར་བའི་ཁྲ་ལ་སྟོབས་གཉིས་བྱེད། །རྨ་བྱ་ལ་ནི་སྟོབས་གསུམ་སྟེ། །གོང་མ་སྲེག་ལ་བཞི་འགྱུར་རོ། །ཁྲུང་ཁྲུང་ལ་ནི་ལྔ་ཞེས་དྲན། །དེ་བཞིན་འུག་པ་དྲུག་འགྱུར་གསལ། །འུག་པའི་བདུན་འགྱུར་སྲིན་བྱར་བརྗོད། །བྱ་རྒོད་བརྒྱད་འགྱུར་བསྟན་པ་ཡིན།།


DTG203_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་ཆགས་འཁོར་ལོ་འདི་ལྟ་བུ། །ལེགས་པར་ཟུང་ཤིག་དབང་མོ་ཆེ། །དེ་ནས་གཞན་ཡང་བཤད་པར་བྱ། །ཚངས་པའི་འཁོར་ལོ་ཆེན་པོ་དེ། །ལྷ་ཡི་ཡུལ་ན་སྔར་མེད་པ། །འཕྲལ་དུ་ཕན་འདོགས་བྱེད་པ་ཡིན། །སྨིན་དྲུག་ནས་ནི་བརྩམས་ནས་ནི། །རྒྱུ་སྐར་དགུ་ཚན་གསུམ་ལ་བྲི། །རིམ་པ་གསུམ་དུ་བཀོད་པ་ལ། །གདོང་ཚུགས་ཞེས་བྱ་རི་སྲས་མོ། །རིམ་པ་གསུམ་གྱི་རྒྱུ་སྐར་ལ། །བསོད་ནམས་སྡིག་ཅན་གང་གནས་བལྟ། །སྐྱེས་པ་ཕུན་ཚོགས་མ་ཚོགས་དང༌། །སོ་སོའི་དེ་བཞིན་བསྒྲུབ་བྱ་དང༌། །ངེས་སྦྱིན་བྱམས་པ་དེ་བཞིན་དུ། །ཕ་རོལ་བྱམས་དགོད་མཛེས་མ་ཀྱེ། །སྐར་མ་གསུམ་ལ་གདོང་ཚུགས་ནི། །ཐེ་ཚོམ་མེད་པར་རྟོགས་པར་བཤད། །གཡས་གཡོན་གྱི་ནི་སྡུག་བསྔལ་ཞིང༌། །རིམས་དང་ནོར་ཉམས་ལ་སོགས་བྱེད། །གསུམ་དང་གཉིས་གཅིག་འཛོམ་པ་ལས། །ཆེ་འབྲིང་བྱེ་བྲག་ཤེས་པར་བྱ། །བསོད་ནམས་གཟའ་ཡིས་དགེ་ཞིང་བཟང༌། །སྡིག་ཅན་རྣམས་ཀྱིས་མི་ཤིས་བྱེད། །བསོད་ནམས་སྡིག་ཅན་འདྲེན་མར་གནས། །འབྲས་བུའི་སྟོབས་ནི་འདྲེན་མར་གསལ། །གཟའ་རྣམས་སྐར་མར་གནས་བལྟས་ཏེ། །དེ་ཡི་སྟོབས་ཀྱིས་འབྲས་བུ་སྐྱེད། །ཉི་མ་སྒྲ་གཅན་མིག་དམར་དང༌། །སྤེན་པ་སོང་བའི་སྐར་མ་རྣམས། །གལ་ཏེ་སྐར་མ་གསུམ་ལ་འཛོམ། །དེ་ཡི་སྲོག་ནི་འཛོམས་པར་དྲན། །བསོད་ནམས་ཅན་གནས་བདེ་བར་མཐོང༌། །འདྲེན་མས་འབྲས་བུ་འདྲེན་མར་གསལ། །འདི་ལ་བསོད་ནམས་སྡིག་ཅན་ནི། །གང་གནས་འབྲས་བུ་སྟོབས་ཆེར་འགྱུར། །དེ་ནས་ཀླུ་ཡི་འཁོར་ལོ་མཆོག །ཉོན་ཅིག་ལྷ་ཡི་གཟུགས་ཅན་མ། །ཉིན་ཞག་སྐར་མ་ནས་བརྩམས་ཏེ། །ཁ་ནས་མཇུག་མའི་བར་དུ་བྲི། །ཁ་དང་མདུན་དང་གསུས་པ་དང༌། །དཔྱི་དང་མཇུག་མ་མགུལ་བ་དང༌། །དཔུང་བ་ལྟེ་བ་གསང་གནས་ཏེ། །ཀླུ་ཡི་འཁོར་ལོ་རིམ་པ་བཞིན། །གསུམ་གསུམ་མཉམ་པར་དགོད་པ་ལས། །འདི་ཡི་འབྲས་བུ་རྣམ་པར་སྟོན། །མགུལ་པ་གསུས་པ་དབྱི་དང་ནི། །མཇུག་མ་མདུན་ལ་མི་དགེ་བ། །འཆི་བ་ལ་སོགས་ཤེས་བྱ་སྟེ། །ནད་པ་རྣམས་ལ་བསྟན་པ་ཡིན། །ཁ་དང་ལྟེ་བར་སྐྱེས་སྐར་ཡོད། །ནོར་རྙེད་ན་ནི་ཞི་བར་འགྱུར། །


DTG203_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་པར་རྣམ་པར་རྒྱལ་འགྱུར་ཏེ། །གསང་བར་དོན་ཉམས་ངེས་པར་མཐོང༌། །གདེངས་ཀའི་འཁོར་ལོ་གང་བཤད་པ། །མིང་གི་རྒྱུ་སྐར་ལས་ཤེས་བྱ། །དེ་ནས་གཞན་ཡང་བཤད་པར་བྱ། །སྦྲུལ་བྱི་འཁོར་ལོ་བཙུན་མོ་ཉོན། །སྦྲུལ་གྱི་གཟུགས་ནི་བྲི་བར་བྱ། །དེ་ཡི་རྩ་གསུམ་གནས་པ་ལ། །ཐ་སྐར་ལ་སོགས་རིམ་པ་བཞིན། །ནམ་གྲུའི་མཐར་ཐུག་བྲི་བར་བྱ། །རྩ་གསུམ་བརྒྱད་པའི་འཁོར་ལོ་ལ། །གར་གནས་གཟའ་ཡི་འབྲས་བུ་བརྟག །ཉི་མ་མིག་དམར་སོང་བའི་རྩེ། །སྤེན་པ་རཱ་ཧུ་གང་གནས་པ། །གལ་ཏེ་འོག་མ་དག་ལ་སོང༌། །ནད་མད་ནད་འབྱུང་ནད་ཅན་འཆི། །བཞིས་འཆི་གསུམ་གྱིས་ནོར་ཉམས་བྱེད། །གཉིས་ཀྱིས་གཉེན་བརླག་གཅིག་གིས་ནི། །ནོར་ཉམས་གཉེན་རྣམས་རིམས་ནད་འབྱུང༌། །བུད་མེད་སྡུག་ཅིང་རང་དབང་མེད། །རང་གི་སྐར་མ་གནས་པ་ལས། །བསོད་ནམས་ཡོད་ན་བདེ་ལས་བྱེད། །གལ་ཏེ་རྩེ་ནི་གཅིག་ལ་སོང༌། །དེ་ལ་དཔོན་གཡོག་དགེ་བར་དྲན། །ནོར་རྙེད་ཐམས་ཅད་མཐུན་པར་འགྱུར། །བློ་དང་ལྡན་པར་ཤེས་པར་བྱ། །བར་མའི་རྩ་ལ་སོང་བ་ན། །གྲོང་དང་ཡུལ་ཁྱིམ་བདེ་པར་གསལ། །རྩ་གཅིག་ལ་ནི་སོང་བ་ལ། །བདག་ཉིད་བདེ་ཞིང་སྐྱིད་པ་ཡིན། །ཆུང་མ་ཁྱོ་དང་ལྷན་ཅིག་ཏུ། །རྩ་ནི་གཅིག་ལ་སོང་བ་ན། །མྱུར་དུ་ཁྱོ་ནི་འཆི་བར་འགྱུར། །ཆུང་མ་རིང་དུ་སྤང་བར་བྱ། །རང་གི་རྩ་ལ་བསོད་ནམས་སྣང༌། །ཤིས་པའི་འབྲས་བུ་མདུན་ན་སྡོད། །དེ་ནས་གཞན་ཡང་བཞིན་བཟངས་མ། །གདུགས་ཀྱི་འཁོར་ལོ་བཤད་ཀྱིས་ཉོན། །ཐ་སྐར་ལ་སོགས་ནམ་གྲུའི་མཐའ། །རྩ་བཞི་ལ་ནི་བརྒྱན་པར་བྱ། །རྩ་རྣམས་ལེགས་པར་གསལ་བ་ལ། །རྒྱུ་སྐར་རྣམས་ནི་མཉམ་པར་དགོད། །མགོ་དང་ནག་པ་མོན་གྲུ་ལ། །གདུགས་ཀྱི་ཡུ་བར་ཡོངས་སུ་གྲགས། །ཉི་མ་སྒྲ་གཅན་མིག་དམར་དང༌། །སྤེན་བ་མགོ་དང་ལྷན་ཅིག་ལ། །གལ་ཏེ་ཕུར་བུ་ཡང་དག་གནས། །ཤར་གྱི་རྒྱལ་པོ་སྲོག་དང་བྲལ། །བརྒྱ་ལ་ཕུར་བུ་མེད་སྲེད་ན། །ནད་ཀྱིས་ཐེབས་པར་འགྱུར་པ་ཡིན། །དེ་ལྟར་ནག་པར་གཟའ་ལག་གནས། །དབུས་ཀྱི་རྒྱལ་པོ་དེ་བཞིན་ནོ། །མོན་གྲུ་ཟླ་བ་ཡང་དག་གནས། །ནུབ་ཀྱི་


DTG203_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་སྔར་བཞིན་དྲན། །དེ་ནས་གཞན་ནས་གསུངས་པ་ཡི། །ཤིན་ཏུ་གསང་ཞིང་བདེན་བྱེད་པ། །སེང་གེའི་གདན་རབ་གྲགས་པ་ཡི། །འཁོར་ལོ་བཤད་ཀྱིས་དཀར་མོ་ཉོན། །གང་གིས་ཤེས་པའི་འཁོར་ལོ་ཡི། །བསྟན་བཅོས་མཐར་ཐུག་རྟོག་པར་འགྱུར། །འཇིག་རྟེན་རྣམས་ཀྱི་བྱེད་པ་པོ། །སེམས་ཀྱི་རྒྱལ་པོ་འདི་ཤེས་འགྱུར། །ཐ་སྐར་ལ་སོགས་དགུ་རྣམས་དང༌། །དེ་བཞིན་མཆུ་ལ་སོགས་པ་དང༌། །སྣྲུབས་ལ་སོགས་པའི་རྒྱུ་སྐར་རྣམས། །ངོས་རེར་དགུ་དགུ་བྲི་བར་བྱ། །དེ་ལ་ནོར་བུ་ནས་བརྩམས་ཏེ། །ཆོས་ཀྱི་བར་དུ་དགུ་བ་དགོད། །ཡུལ་དང་ཡུལ་དུ་རྒྱུ་སྐར་ཚོགས། །དེ་དང་དེ་ཡོད་ལྷ་ཆེན་མ། །མོན་གྲུ་དེ་བཞིན་མགོ་དང་ནི། །ནག་པ་རྣམས་ནི་དབུ་མ་ལ། །སེང་གེའི་གདན་གྱི་ངོས་རྣམས་སུ། །ལྷ་མོ་དེ་ལྟར་གྲགས་པ་ཡིན། །མོན་གྲུ་བྱང་གི་ཡུལ་དུ་བརྗོད། །དབུས་ཀྱི་ཡུལ་དུ་མགོ་ཞེས་གྲགས། །ལྷོ་ཕྱོགས་ནག་པ་ཞེས་བྱ་བ། །འདི་ནི་ཡུལ་དེར་ཤེས་པར་བྱ། །ནོར་བུ་རྟ་དང་དེ་བཞིན་གདུགས། །རྔ་མ་ཞེས་བྱ་ལྷས་མཆོད་མ། །སེང་གེའི་གདན་དང་གླང་པོ་ཆེ། །བུ་ཏི་དང་ནི་དེ་བཞིན་གསེར། །ཆོས་ནི་རྒྱུ་སྐར་རྣམས་པ་སྟེ། །རིམ་པ་བཞིན་དུ་རེ་རེ་དགོད། །གདུགས་དང་སེང་གེའི་གདན་དང་ནི། །རྔ་མ་དག་ལ་རིམ་པ་བཞིན། །ཇི་ལྟར་ཉི་མའི་དབུས་གནས་པ། །དེ་ཡི་འབྲས་བུ་ལྷ་དབང་མ། །ཡུལ་དེའི་རྒྱལ་པོ་ལྷོ་ཕྱོགས་འགྲོ། །ནོར་བུ་ལ་སོགས་གང་ལ་ཤར། །དཀོན་པར་འགྱུར་ཏེ་ཐེ་ཚོམ་མེད། །སེང་གེ་གདན་གྱི་འཁོར་ལོར་གྲགས། །དེ་ནས་གཞན་ཡང་བཤད་པར་བྱ། །མདའ་གཞུའི་འཁོར་ལོ་ཞེས་བྱ་བ། །གང་གིས་ཤེས་པ་གཡུལ་དུ་ནི། །རྒྱལ་ཕམ་མཚན་ཉིད་ངེས་པར་སྟོན། །གཞུ་དང་རྒྱུད་དང་མདའ་བཅས་པའི། །མདའ་གཞུ་འཁོར་ལོ་མཉམ་པར་བྲི། །ཉི་མ་འཁྱུད་པའི་སྐར་མ་ནས། །གསུམ་གསུམ་རིམ་པ་བཞིན་དུ་བྲི། །མདའ་ཡི་ལྟོང་དང་རྐེད་པ་དང༌། །མདེའུ་རྣམས་ལ་རིམ་པ་བཞིན། །གཞུ་མཆོག་གཡས་དང་ཆངས་པ་དང༌། །གཡོན་པར་གསུམ་གསུམ་རིམ་པར་བྲི། །གཞུ་རྒྱུད་གཡོན་དང་དབུ་མ་དང༌། །གཡས་སུ་གསུམ་གསུམ་རིམ་པར་བྲི། །རང་གི་སྐྱེས་པའི་སྐར་མ་དེ། །ཇི་ལྟར་གནས་པས་ཤེས་པར་བྱེད། །མདའ་ཡི་ལྟོང་ལ་སོང་ན་


DTG203_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འཆི། །རྐེད་པར་ནད་འབྱུང་རྩེ་མོར་རྒྱལ། །གཞུ་རྒྱུད་དབུ་མས་དོན་ཉམས་ཤིང༌། །ཆངས་པ་ལ་སོང་ནོར་རྣམས་ཟད། །གཞུ་མཆོག་གཡས་པ་དགྲ་ལས་རྒྱལ། །གཞུ་རྒྱུད་གཡས་པས་རྙེད་པ་འབྱུང༌། །གཞུ་མཆོག་གཡོན་པས་རྩོད་འགྱུར་འཆི། །གཞུ་རྒྱུད་གཡོན་པས་འཆི་བར་མཐོང༌། །དེ་རྣམས་ཀུན་ལ་སྡིག་ཅན་གནས། །མི་དགེ་འབྲས་འབྱུང་རི་སྲས་མོ། །གལ་ཏེ་བསོད་ནམས་སྦྱོར་བ་ཡོད། །ཤིས་པའི་འབྲས་བུ་ངེས་པར་མཐོང༌། །བསོད་ནམས་སྡིག་ཅན་འདྲེས་མར་གནས། །འབྲས་བུ་འདྲེས་མར་མཐོང་བ་ཡིན། །དེ་ནས་གཞན་ཡང་བཤད་པར་བྱ། །རལ་གྲིའི་འཁོར་ལོ་དགེ་བ་ཅན། །གང་གིས་ཤིས་པས་འདྲི་བྱེད་ཀྱི། །གཡུལ་ལས་རྣམ་པར་རྒྱལ་བར་འགྱུར། །གཞན་དུ་གསུང་བའི་འཁོར་ལོ་གང༌། །དགེ་དང་མི་དགེ་རྣམ་དཔྱོད་པས། །བསྟན་བཅོས་རྒྱུད་ཀྱི་མཚན་ཉིད་ལས། །མྱུར་དུ་འདི་ནི་ངེས་པར་མཐོང༌། །རལ་གྲི་འཛིན་པའི་སྐྱེས་བུ་ལ། །སྨིན་དྲུག་ལ་སོགས་རིམ་བཞིན་བྲི། །རྩེ་མོར་ལྔ་སྟེ་ཁ་ལ་གཉིས། །རྐེད་པར་བཅུ་དང་ཡུ་བར་བཅུ། །རྩེ་མོར་སོར་བརྒྱད་གནས་པ་ལས། །རྐེད་པ་དེ་ཡི་འགྱུར་གྱིས་གནས། །ཁ་དང་ཡུ་བ་དག་ལ་ནི། །བྱེ་བྲག་ཡོངས་སུ་ཤེས་པར་བྱ། །ཁ་དང་རྐེད་པར་སྡིག་ཅན་སོང། །རང་ཉིད་དགེ་བར་འགྱུར་བ་སྟེ། །རལ་གྲིའི་རྩེ་མོར་སྡིག་ཅན་གནས། །བདག་ཉིད་ཉམས་པར་འགྱུར་བ་ཡིན། །ཁ་དང་རྐེད་པར་བསོད་ནམས་ཡོད། །བདག་ཉིད་མི་དགེ་བྱེད་པར་དྲན། །དྲག་དང་ཞི་བ་གཉིས་ཀ་ཡོད། །དགེ་དང་མི་དགེ་འདྲེན་མར་འབྱུང༌། །རྩེ་མོར་ཞི་དྲག་གཉིས་ཀ་ཡོད། །དེ་ལ་འཐབ་རྩོད་འབྱུང་མི་འགྱུར། །གལ་ཏེ་རྩེ་མོར་བསོད་ནམས་སྣང༌། །རྒྱལ་དང་རྙེད་དང་བདེ་བར་འགྱུར། །རྐེད་པར་དགེ་སྡིག་འདྲེན་མར་གནས། །འཁྲུག་པ་འདུམ་པར་འགྱུར་མ་ཡིན། །བསོད་ནམས་སྡིག་ཅན་བདག་ཉིད་ལི། །སློབས་ཀྱིས་ཆེ་ཆུང་འབྲས་བུར་སྟོན། །དེ་ལྟར་རིགས་པས་ལེགས་བརྟགས་ཏེ། །གཞན་ལས་བརྗོད་པས་འབྲས་བུ་སྟོན། །དེ་ནས་བུམ་པའི་འཁོར་ལོ་མཆོག །པ་ཊའི་མཚན་ཉིད་ཤེས་པར་བྱ། །ཤར་གྱི་བུམ་པ་ལུག་དང་ནི། །སེང་གེ་གཞུ་ནི་རྣམ་པར་གནས། །གླང་དང་བུ་མོ་ཆུ་སྲེན་རྣམས། །ལྷོ་ཡི་བུམ་པར་


DTG203_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་བརྗོད། །འཁྲིག་པ་སྲང་དང་བུ་མོ་ནུབ། །བྱང་དུ་ཀ་རྐ་སྡིག་པ་ཉ། །ཕུང་པོ་བཞི་ལ་བསྡུས་པ་ཡི། །བུམ་པའི་རྣམ་པ་རིམ་པ་བཞིན། །ཉི་མ་གར་ཡོད་སྟོང་པ་སྟེ། །མེད་པ་གང་བའི་བུམ་པ་མཐོང༌། །སྟོང་པར་ཕྱིན་ན་འཆི་བར་རིག །གང་བའི་སར་ནི་རྒྱལ་ཞིང་ཤིས། །གང་བའི་སར་ནི་བསོད་ནམས་ཡོད། །དེ་ལ་རང་གི་སྐར་མ་སྣང༌། །དགྲ་ཐུལ་དོན་འགྲུབ་རྙེད་པ་སྟོན། །དེ་ལས་བཟློག་ན་མི་དགེ་ཉིད། །བུམ་པའི་འཁོར་ལོ་རབ་ཤེས་པ། །གཞན་དུ་མ་བསྟན་གངས་རིའི་བདག །དེ་ནས་ཡང་དག་བཤད་པར་བྱ། །པདྨའི་འཁོར་ལོ་དགེ་བ་མཆོག །བྱེས་འགྲོ་སྐྱེས་བུའི་འཚོ་འཆི་དང༌། །དགེ་དང་མི་དགེ་ཤེས་པར་འགྱུར། །པདྨ་འདབ་མ་བརྒྱད་པ་འདི། །ལྟེ་བ་བཅས་པ་བྲི་བར་བྱ། །ལྟེ་བར་བཞི་ནི་བྲི་བར་ཏེ། །ལྷག་མ་འདབ་མ་རྣམས་ལ་དགོད། །ཤར་གྱི་འདབ་མའི་ཕུང་པོ་ལ། །ནང་དུ་འཇུག་པ་མཉམ་པར་བྲི། །མེ་མཚམས་ཕྱི་རོལ་འཐོན་པ་དང༌། །དེ་བཞིན་ལྷོ་ཕྱོགས་ནང་དུ་འཇུག །བདེན་བྲལ་འདབ་མ་ཕྱི་རོལ་འདོན། །ཆུ་ཡི་འདབ་མ་ནང་དུ་འཇུག །རླུང་ཕྱོགས་ཕྱི་རོལ་འཐོན་པར་དྲན། །གནོད་སྦྱིན་འདབ་མ་ནང་འཇུག་ཡིན། །དབང་ལྡན་ཕྱི་རོལ་འཐོན་པ་སྟེ། །དེ་ལྟར་རིམ་པ་ཇི་བཞིན་བྲི། །ཉིན་ཞག་སྐར་མ་ནས་བརྩམས་ཏེ། །འདབ་མ་རྣམས་ལ་གསུམ་གསུམ་ནི། །ཤར་ནས་བརྩམས་ཏེ་བྲི་བར་བྱ། །དབུས་སུ་མཇུག་མ་བཞི་ཡང་བྲི། །ནང་དུ་འཇུག་དང་ཕྱིར་འཐོན་དང༌། །དགེ་དང་མི་དགེ་ཤེས་པར་བྱ། །སྐྱེས་བུའི་སྐར་མ་པདྨ་ལ། །གང་ལ་གནས་པ་མ་འཁྲུལ་བརྟག །འདི་ལ་དགེ་དང་མི་དགེ་བའི། །འབྲས་བུ་ཤེས་པར་འགྱུར་བ་ཡིན། །འདི་ལ་ལྔ་ཚན་ལྔ་དང་ནི། །ལྷག་མ་གསུམ་དུ་ཡོངས་སུ་གྲགས། །དང་པོ་ལ་ནི་བརྟན་པར་གནས། །དེ་བཞིན་ཆས་ཤིང་ལམ་ཞུགས་དང༌། །ལམ་ནི་ཕྱེད་ན་གནས་པ་དང༌། །དེ་བཞིན་བཞི་ཆར་གནས་པ་དང༌། །དེ་བཞིན་ཡུལ་དུ་ཕྱིན་པ་རྣམས། །རིམ་པ་བཞིན་དུ་གྲགས་པ་ཡིན། །ནང་དུ་འཇུག་པའི་རྣམ་ལྔ་ལ། །བདེ་ཞིང་རྙེད་པ་ཆེ་བ་དང༌། །ནད་མེད་རྒྱལ་དང་གྲགས་པ་ཡི། །ཀུན་དུ་དགེ་བར་བསྟན་པ་ཡིན། །ཕྱི་རོལ་འཐོན་པ་ལྔ་པོ་ལ། །དབུ་མ་གནས་པ་ཉིད་དང་ནི། །བཏང་སྙོམས་སུ་ཡང་བསྟན་པ་སྟེ། །དེ་ལྟར་ཤེས་བྱ་རི་སྲས་མོ། །


DTG203_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་གསུམ་ན་གནས་པ་ལས། །དེ་ཡི་འབྲས་བུ་མི་དགེ་བྱེད། །དང་པོར་ནོར་ནི་རྣམ་པར་ཉམས། །གཉིས་པ་ནད་ཀྱིས་ཐེབས་པར་མཐོང༌། །གསུམ་པས་ཁྱིམ་དུ་སླེབས་ནས་ཀྱང༌། །འཆི་བར་འགྱུར་རོ་གངས་རིའི་བདག །པདྨའི་འཁོར་ལོ་སྟོབས་བསྟན་པ། །འདི་ནི་རྣམ་པར་ཤེས་བྱ་སྟེ། །ཏཏྐཱལ་སྐར་མ་ལ་གནས་པའི། །གཟའ་ཡི་དགེ་དང་མི་དགེ་བྱེད། །ད་ནི་འདབ་མའི་གྲངས་ཀྱིས་བཤད། །བརྒྱད་ཀྱིས་དགེ་དང་མི་དགེ་འབྱུང༌། །དང་པོར་བསྟན་པར་གནས་པ་སྟེ། །ལས་ཀུན་འགྲུབ་པར་བསྟེན་པ་ཡིན། །གཉིས་པ་ཆ་ཤས་ནོར་ཤོར་དང༌། །རྙེད་པ་འབྱུང་བར་བསྟན་པ་ཡི་ནི། །གསུམ་པ་ལམ་ཞུགས་ནད་དང་ནི། །རྙེད་པ་མེད་པར་བསྟན་པ་ཡིན། །བཞི་བར་འཆི་དང་རྙེད་ནས་འཆོར། །རྙེད་པ་མེད་པར་བསྟན་པ་ཡིན། །ལྔ་པ་སླེབས་འགྱུར་ནོར་མེད་འཆི། །སྐྱིད་པར་ཡང་ནི་བསྟན་པ་ཡིན། །དྲུག་པས་ཕྱིར་ལ་ལོག་པ་དང༌། །ལུས་ཀྱང་སྐྱིད་པར་འགྱུར་བ་ཡིན། །བདུན་པ་སླེབས་འགྱུར་ནོར་རྙེད་ལོག །སྡུག་བསྔལ་འབྱུང་བར་བསྟན་པ་ཡིན། །བརྒྱད་པར་མྱུར་དུ་སླེབས་པ་དང༌། །ནད་འབྱུང་སྡུག་བསྔལ་ཆེན་པོ་འབྱུང༌། །དེ་ལྟར་རྙེད་དང་མི་རྙེད་དང༌། །བདེ་སྡུག་འཚོ་དང་འཆི་བ་དང༌། །རྒྱལ་དང་རྣམ་པར་རྒྱལ་འགྱུར་བའི། །འཁོར་ལོ་བདག་གིས་དེ་བཤད་ཡིན། །གླིང་དང་ཉི་མ་ཟླ་བ་དང༌། །བཅུ་བཞིའི་རང་བཞིན་མིག་ཉིད་དང༌། །འདོད་པ་ནོར་ལྷ་སྔོན་པོ་དང༌། །དུས་ཟླ་དང་ནི་འཇིག་རྟེན་དང༌། །ཡུལ་པ་འབྱོར་པ་བུག་དང༌། །རོ་དང་ཚེས་དང་རྒྱ་མཚོ་དབྱངས། །གུར་གུམ་གི་ཝང་སྦར་བ་ལས། །ཛ་རིམ་ལའི་སྨྱུ་གུས་བྲིས། །གཅིག་ནི་བཅུ་དྲུག་ཆ་ཡིན་ཏེ། །ད་ལྟ་ཉིད་དུ་སྐྱེ་བར་འགྱུར། །གཉིས་སོགས་ཆ་ཡི་བྱེ་བྲག་གིས། །ཉིན་ཞག་ཆ་རྣམས་ཞེས་པར་བྱ། །འདི་ནི་རེ་མིག་བཅུ་དྲུག་པ། །འཁོར་ལོར་སྐྱེ་བའི་དུས་བསྟན་པའོ། །ཇི་ལྟར་མཆོག་ཏུ་གསང་བ་ཡི། །རྫོང་གི་འཁོར་ལོ་བརྩམ་པར་བྱ། །འདི་ནི་གཡུལ་ལས་རྣམ་པར་རྒྱལ་བ་དབྱངས་འཆར་བའི་རྒྱུད་ཀྱི་རྒྱལ་པོ་ལས། །པདྨའི་འཁོར་ལོ་བསྟན་པ་ཆེན་པོ་ཞེས་བྱ་བ་སྟེ་ལེའུ་བདུན་པའོ།། །།ལྷ་མོས་གསོལ་བ། །ལྷ་ཡི་ལྷ་མཆོག་བཅོམ་ལྡན་འདས། །ལྷ་དང་


DTG203_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མིན་ཕྱག་བྱས་པ། །དབང་ཕྱུག་ཆེན་པོ་རྫོང་འཁོར་ལོ། །མཆོག་ཏུ་གསང་བ་བདག་ལ་སྩོལ། །ཇི་ལྟར་བསྡུས་པའི་ཆོ་ག་ལས། །གཟའ་རྣམས་སྤྱོད་པའི་རབ་སྦྱོར་བ། །གངས་ཀྱི་རི་ལ་བཞུགས་པ་ཡི། །བཅོམ་ལྡན་འདས་ལས་མཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསང་བ་བས་ཀྱང་ཤིན་ཏུ་གསང༌། །མཆོག་ཏུ་གསང་བ་ལྷ་མོ་ཉོན། །རྫོང་གིས་འཁོར་ལོ་འདི་ལྟ་བུ། །རང་གི་སེམས་ལ་གཞག་པར་བྱ། །རྫོང་དང་གྲོང་དང་དམག་ས་དང༌། །བསྟན་བཅོས་ཇི་བཞིན་ཡོངས་སུ་བརྟག །གལ་ཏེ་ཕ་རོལ་རྫོང་འཕྲོག་གམ། །བདག་ཉིད་སྲུང་བ་བྱེད་ཀྱང་རུང༌། །འཁོར་ལོའི་བདག་ཉིད་རབ་བརྟགས་ཏེ། །རྫོང་དང་དམག་ས་ཤེས་པར་བྱ། །འདྲི་བྱེད་མདུན་དུ་འོངས་པའི་ཚེ། །ལྷ་ཡི་དབང་ལྡན་མཚམས་སུ་དགོད། །འདི་ལྟར་འཁོར་ལོ་གྲུ་བཞི་ལ། །ར་བ་རིམ་གསུམ་ལྡན་པར་བྲི། །དབང་ལྡན་མཚམས་ནས་བརྩམས་ནས་ནི། །སྨིན་དྲུག་ལ་སོགས་རིམ་བཞིན་བྲི། །མཚམས་བཞི་ནང་དུ་འཇུག་པ་སྟེ། །ཕྱོགས་བཞིའི་ཕི་རུ་འཐོན་པར་དྲན། །རྫོང་གི་དཀྱིལ་དུ་གནས་པ་ནི། །དྲག་པོ་རྣམ་པར་བཞི་ཡིན་ཏེ། ལག་དང་མེ་བཞི་ཆུ་སྟོད་དང༌། །ཁྲུམས་སྨད་རྣམས་སུ་གྲགས་པ་ཡིན། །ནང་གི་ར་བ་མགོ་དང་དབོ། །སྣྲུབས་དང་ཁྲུམས་སྟོད་མཚམས་སུ་དགོད། །ན་བ་སོ་ནམ་པ་ཆུ་སྨད་དང༌། །ནམ་གྲུ་རྣམས་ནི་ཕྱོགས་སུ་དགོད། །ར་བ་རབ་མར་སྣར་མ་དང༌། །གྲེ་དང་སྣྲོན་དང་མོན་གྲེ་མཚམས། །རྒྱལ་དང་ས་རི་གྲོ་བཞིན་དང༌། །ཐ་སྐར་རྣམས་ནི་ཕྱོགས་སུ་དྲན། །ར་བ་ཕྱི་མར་གནས་པ་ནི། །སྨིན་དྲུག་དང་ནི་དེ་བཞིན་མཆུ། །ས་ག་ལྷ་མཚམས་བྱི་བཞིན་དང༌། །མོན་གྲུ་བྲ་ཉེ་བརྒྱད་པོ་དགོད། །ཤར་ཕྱོགས་ལ་གནས་ཁྱིམ་བཤད་པ། །ཉ་ལུག་གླང་རྣམས་དེ་བཞིན་དགོད། །བྱང་གི་ཕྱོགས་སུ་གནས་པའི་ཁྱིམ། །འཁྲིག་པ་ཀརྐ་སེང་གེར་དྲན། །དེ་བཞིན་ནུབ་ཕྱོགས་དག་ཏུ་ཡང༌། །བུ་མོ་སྲང་དང་སྡིག་པར་གྲགས། །གཞུ་དང་ཆུ་སྲིན་བུམ་པ་རྣམས། །ལྷོ་ཡི་ཕྱོགས་ན་རྣམ་པར་གནས། །ར་བ་ཕྱི་ནང་བར་མ་ལ། །ཀ་ལཱ་ཨ་པ་རུ་ཏྲ་ཞེས། །རིམ་པ་བཞིན་དུ་བསྟན་པ་ཡིན། །གལ་ཏེ་མིང་གི་སྐར་མ་ནི། །ཀ་ལཱ་ལ་གནས་འཆི་བར་འགྱུར། །ཨ་པ་ལ་གནས་སྟོབས་ཆུང་སྟེ། །གལ་


DTG203_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རུ་ཏྲར་གནས་པ་ན། །ཐེ་ཚོམ་མེད་པར་རྫོང་ཐོབ་འགྱུར། །ནང་མ་བཞི་ལ་དྲག་གཟའ་ཡོད། །ཕྱི་རོལ་དམག་གི་དོན་འགྲུབ་འགྱུར། །བར་མ་དྲག་པོའི་གཟའ་རྣམས་གནས། །ཕན་ཚུན་འཁྲུག་འགྱུར་རིང་ན་ཐོབ། །རྫོང་གི་འཁོར་ལོ་འདི་ལྟ་བུ། །ལྷ་མོས་སྟེང་དག་ན་དཀོན། །དྲག་པོའི་གཟའ་རྣམས་ཕྱི་ལ་གནས། །དམག་དཔུང་ཚོགས་པ་དོན་མེད་འགྱུར། །མཚམས་ལ་དྲག་གནས་མཇུག་ལ་དགེ །ཕྱོགས་དྲག་ཕྱིར་འཐོན་དགེ་བ་ཡིན། །ནང་མ་བཞི་ལ་བསོད་ནམས་ཤར། །དྲག་པོའི་གཟའ་རྣམས་ཕྱི་རོལ་སོང༌། །འཇིག་རྟེན་གསུམ་གྱི་དམག་ཚོགས་ཏེ། །དབང་ཕྱུག་ལྷ་ཡིས་སྣ་དྲངས་ཀྱང༌། །རྫོང་ནི་ཐོབ་པར་མི་འགྱུར་ཏེ། །སླར་ལ་ལྡོག་འགྱུར་བཞིན་བཟངས་མ། །གང་ཚེ་དབུ་མ་བཞི་པོ་ལ། །ཉི་མ་རཱ་ཧུ་སྤེན་པ་དང༌། །ས་ཡི་བུ་དག་སོང་བ་དང༌། །བསོད་ནམས་གཟའ་རྣམས་ཕྱི་རོལ་སོང༌། །བརྒྱ་བྱིན་དཔུང་དང་བཅས་པ་ཡིས། །བསྲུངས་ཀྱང་རྫོང་ནི་ཐུབ་མི་འགྱུར། །རབ་བར་མར་དྲག་གཟའ་གནས། །སྨྲ་བ་བརྗོད་ནོར་གཏོང་ཟེར་བར་འགྱུར། །བར་མ་བསོད་ནམས་གཟའ་རྣམས་གནས། །ཕྱི་རོལ་དམག་དཔུང་ཕམ་པར་གསལ། །ཞི་དྲག་མེད་པར་གནས་པ་ལས། །འདྲེན་མའི་འབྲས་བུ་སྟོན་པར་བྱེད། །དྲག་པོ་ཕྱི་དང་ནང་དུ་སོང༌། །འཁྲུག་པ་ཆེན་པོ་འབྱུང་བར་འགྱུར། །ཞི་བའི་ཕྱི་དང་ནང་དུ་སོང༌། །ཕན་ཚུན་འདུམ་པར་ཡོངས་སུ་གྲགས། །རང་དང་དགྲ་ཡི་རྒྱུ་སྐར་ལ། །གཟའ་རྣམས་གང་གནས་ལྟ་བ་གཅེས། །ཞི་དྲག་གདོང་ཚུགས་ཉི་མར་སོང༌། །ཁྱིམ་བདག་རྣམས་ལ་མི་དགེ་བྱེད། །མདུང་དང་མདུང་ཆེན་སྦྱོར་བ་དང། །ཀ་བའི་སྦྱོར་བ་བརྟག་པར་བྱ། །རྫོང་གི་འཁོར་ལོའི་ཆོ་ག་ལ། །རང་དང་དགྲ་ལ་གནོད་པ་བརྟག །རྒྱན་གྱི་འཁོར་ལོ་བརྟག་པ་དང༌། །ཤ་ལ་ཀ་ཡི་གདོང་ཚུགས་དང༌། །བརྒྱད་ཅུ་རྩ་གཅིག་འཁོར་ལོ་སོགས། །རྗེས་སུ་མཐུན་པ་ཐམས་ཅད་བརྟག །བིཥྚིའི་འཁོར་ལོ་བརྟག་པར་བྱ། །རང་གི་ཁྱིམ་དང་སྐྱེས་སྐར་བརྟག །ཏ་ཏྐཱ་ལ་དུས་སྦྱོར་བརྟག་པར་བྱ། །དཔལ་ལྡན་རཱ་ཧུའི་འཁོར་ལོ་མཆོག །ལས་ཀུན་བྱེད་པར་བརྟག་པར་བྱ། །དགྲ་ཕྱོགས་མི་དགེ་ཐམས་ཅད་བླངས། །བདག་ཉིད་ལ་དགེ་མ་ལུས་པ། །དབྱངས་འཆར་རྒྱུད་ལས་གང་བཤད་མཐོང༌། །མདོར་ན་ཕ་རོལ་བརླག་པ་


DTG203_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དང། །བདག་ཉིད་ཅི་ནས་རྒྱལ་བར་འགྱུར། །དེ་ནས་རྫོང་གི་འཁོར་ལོ་མཆོག །རིམ་པ་གསུམ་ལྡན་འདིར་བརྗོད་བྱ། །འདི་འདྲའི་འཁོར་ལོ་སུ་ལ་ཡོད། །བཅོམ་ལྡན་འདས་ལ་འཁོར་ལོ་མདའ། །སྨིན་དྲུག་ནས་ནི་བརྩམས་ནས་སུ། །ར་བ་གསུམ་ལ་དགོད་པར་བྱ། །སྨིན་དྲུག་རྒྱལ་སྐག་མཆུ་དང་ནི། །ས་རིས་ག་ལྷ་མཚམས་དང༌། །གྲོ་བཞིན་བྱི་བཞིན་མོན་གྲུ་དང༌། །ཐ་སྐར་བྲ་ཉེ་བཅུ་གཉིས་པོ། །ཕྱི་ཡི་ར་བ་རྣམས་ལ་ཡང༌། །རིམ་པ་བཞིན་དུ་དགོད་པར་བྱ། །སྣར་མ་ནབ་སོ་གྲེ་དང་ནི། །ནག་པ་སྣྲོན་དང་ཆུ་སྨད་དང༌། །མོན་གྲེ་དང་ནི་ནམ་གྲུ་སྟེ། །བརྒྱད་པོ་བར་གྱི་ར་བར་དགོད། །མགོ་དང་ལག་དང་དེ་བཞིན་དབོ། །མེ་བཞི་སྣྲུབས་དང་ཆུ་སྟོད་དང༌། །ཁྲུམས་སྟོད་ཁྲུམས་སྨད་རྣམ་པ་བརྒྱད། །ནང་གི་ར་བར་དགོད་པར་བྱ། །ར་བ་བཞིན་ལ་དཔུང་གི་སྲོག །ནང་མ་བདག་པོའི་སྲོག་ཡིན་ཏེ། །བར་མ་མཉམ་པོར་བསྟན་པ་ཡིན། །དེ་ལ་རཱ་ཧུ་རྒྱལ་པོ་སྟེ། །ལྷག་མ་བློན་པོར་གནས་པ་ལས། །རྒྱལ་ཕམ་མཚན་ཉིད་སྟོན་པར་བྱེད། །ནང་གི་ཕྱོགས་བཞིར་རཱ་ཧུ་སོང༌། །རྫོང་ནི་བླངས་པས་མཆོག་པ་ཡིན། །ཕྱི་རོལ་བཅུ་གཉིས་རཱ་ཧུ་སོང༌། །བདག་པོ་ཉ་ལ་བསོད་ནམས་འགྲུབ། །བར་གྱི་ར་བར་རཱ་ཧུ་སོང༌། །ཕྱི་ནང་མཉམ་པར་གྲགས་པ་ཡིན། །སྔར་བཤད་ཐུར་མ་བདུན་པ་ཡི། །འཁོར་ལོ་ཇི་བཞིན་ཤེས་པར་བྱ། །སྤེན་པ་དང་ནི་ཕུར་བུ་དག །གང་གནས་པ་སྟེ་ལེགས་པར་བལྟ། །ར་བ་གསུམ་པོ་གང་ལ་གནས། །འཁོར་ལོ་འདི་ལ་མི་དགེ་ཡིན། །རྫོང་དང་གྲོང་ཁྱེར་རྣམས་སུ་ཡང༌། །ཉི་མ་ཡོད་པར་མི་འགྲོ་སྟེ། །ཉི་མ་ཕུར་བུ་སྤེན་པ་གསུམ། །ལྷན་ཅིག་ཡོད་པར་འགྲོ་མི་རུང༌། །རྫོང་གི་འཁོར་ལོའི་ཆོ་ག་ལས། །སྒྲ་གཅན་ཁ་མཇུག་ལེགས་པར་བརྟག །རྐང་པ་བརྒྱ་པ་ལ་སོགས་པའི། །སྔར་བཤད་ཆོ་ག་ཐམས་ཅད་བརྟག །རྫོང་དང་རྫོང་གི་བདག་པོ་ཡི། །སྐར་མ་རཱ་ཧུ་ཡོད་དམ་བརྟག །གལ་ཏེ་དེ་ལ་རཱ་ཧུ་སོང༌། །རྫོང་དང་བདག་པོ་དག་ལ་ངན། །ནང་གི་ཕྱོགས་བཞིར་རཱ་ཧུ་སོང༌། །རྫོང་ལ་མི་དགེ་ལྷས་མཆོད་མ། །ར་བ་རྣམས་ཀྱི་རིམ་པ་ལ། །ཇི་ལྟར་གནས་པ་བརྟག་པར་བྱ། །དྲག་པོ་བར་མ་བདག་ལ་སོགས། །ཡུན་རིང་ལོན་ན་འཐོབ་པར་འགྱུར། །སྡིག་ཅན་གཟའ་རྣམས་སྙིང་པོར་ཞུགས། །དེ་ཚེ་ཟླ་བ་བརྟག་པར་བྱ། །ཟླ་བ་གནས་པའི་


DTG203_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གནས་རྒྱུག །དེ་ཚེ་དེ་ནས་རྫོང་འཇོམས་དྲན། །མིག་དམར་རཱ་ཧུ་སྤན་པ་གསུམ། །བཅུ་གཅིག་སྙིང་པོའི་ཕྱོགས་བཞི་པོ། །ལག་ལ་སོགས་པ་བཞི་ལ་སོང༌། །ཕྱོགས་དེར་ཟླ་བ་གལ་ཏེ་གནས། །ཟླ་བའི་ཕྱོགས་ནས་རྫོང་རླག་བྱེད། །ད་ཕྱིར་ཟླ་བ་གནས་པ་བརྟག །སྙིང་པོའི་ཕྱོགས་བཞིར་བསོད་ནམས་སོང༌། །བཞི་འམ་གསུམ་མམ་གཅིག་གནས་ཀྱང༌། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང༌། །ལོག་པ་ཉིད་དུ་ཐེ་ཚོམ་མེད། །རྫོང་དང་གྲོང་ཁྱེར་གང་ཡང་རུང༌། །ཉི་མ་མིག་དམར་སྤེན་པ་གསུམ། །ནང་གི་རྒྱུ་སྐར་བརྒྱད་ལ་གནས། །གཅིག་ལ་རཱ་ཧུ་སོང་བའི་ཚེ། །ཕྱི་རོལ་དམག་དཔུང་རྒྱལ་བ་དང༌། །རྣམ་པར་རྒྱལ་བར་འགྱུར་བ་ཡིན། །སྨིན་དྲུག་ལ་སོགས་རྒྱུ་སྐར་གསུམ། །དེ་བཞིན་མཆུ་ལ་སོགས་པ་གསུམ། །ལྷ་མཚམས་ལ་སོགས་གསུམ་དང་ནི། །མོན་གྲུ་ལ་སོགས་གསུམ་པོ་རྣམས། །ནང་དུ་འཇུག་ལ་དགེ་བ་སྟེ། །ཕྱི་རོལ་འཐོན་ལ་མི་དགེ་བྱེད། །ཀ་བའི་ཡི་གེ་བཞི་པོ་ཡིས། །ཐོ་རངས་རྒྱུ་སྐར་བཅུ་གཉིས་སོ། །ལག་ནས་བྲ་ཉེའི་བར་དུ་ཡང༌། །ཕྱི་རོལ་འཐོན་ལ་དགེ་བ་ཡིན། །ཀ་བར་གྲགས་པ་བཞི་པོ་ནི། །ཀུ་སུ་བྷུ་ཏུ་ཞེས་བྱར་དྲན། །སྨིན་དྲུག་ལ་སོགས་གྲྭ་རྣམས་ལ། །རྫོང་དང་བག་པོའི་སྐར་མ་སོང༌། །ཕྱི་ཡི་དམག་ལ་དགེ་བ་སྟེ། །ལག་ལ་སོགས་པའི་ཕྱོགས་བཞི་ལ། །རྫོང་དང་བདག་པོའི་སྐར་མ་ནི། །རྫོང་སྲུང་རྣམས་ལ་དགེ་བ་ཡིན། །ནང་དུ་འཇུག་དང་ཀ་བ་ལ། །གལ་ཏེ་མིག་དམར་བརྟག་པར་གནས། །དེ་ལ་དམག་ཏུ་ཆས་པ་ན། །དོན་འགྲུབ་རྒྱལ་བར་འགྱུར་བ་ཡིན། །དེ་ལྟར་ནང་དུ་འཇུག་པ་དང༌། །ཀ་བར་མིག་དམར་གནས་པའམ། །ལུག་དང་སྡིག་པའི་ཁྱིམ་དུ་ནི། །གལ་ཏེ་མིག་དམར་ལེགས་པར་གནས། །དྲག་པོ་གཉིས་ནི་འཇོམས་པ་རྣམས། །གྲྭ་ཡི་ར་བ་རྣམས་ལ་གནས། །ནང་དུ་འཇུག་པ་རྒྱལ་མཚན་ཏེ། །སྒྲིམ་མི་དགོས་པར་རྫོང་ཐོབ་འགྱུར། །གཟའ་རྣམས་འཁྱོག་པོའི་འགྲོས་ལ་སོང༌། །དེ་ཚེ་རྫོང་ནི་ཐོབ་པ་མེད། །གང་ཚེ་ཕུར་པ་འཁྱོག་བོར་སོང༌། །དེ་ཚེ་ཤར་དུ་མི་དགེ་བྱེད། །མིག་དམར་འཁྱོག་པའི་འགྲོས་ལ་གནས། །རྫོང་གི་ལྷོ་ཕྱོགས་འགྲོ་བ་ན། །པ་བ་སངས་ནི་འཁྱོག་པ་ལ། །ནུབ་ཀྱི་ཕྱོགས་སུ་འགྲོ་བ་ན། །གཟའ་ལྷག་འཁྱོག་པའི་འགྲོས་བྱེད་


DTG203_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བ། །བྱང་གི་ཕྱོགས་ལ་ངན་པ་ཡིན། །གཞན་ཡང་ཉི་མ་མིག་དམར་དག །གང་གནས་ཕྱོགས་སུ་འགྲོར་མི་རུང༌། །སྤེན་པ་པ་སངས་གཟའ་ལག་ཕུར། །མིག་དམར་འཁྱོག་པོར་སོང་བའི་ཚེ། །རྫོང་ནི་ཐོབ་པར་མི་འགྱུར་ཏེ། །དཔུང་དང་བཅས་པ་ལོག་པར་འགྱུར། །མིག་དམར་དང་ནི་པ་བ་སངས། །དྲག་པོའི་འགྲོས་ལ་འགྲོ་འདུག་དགེ །འཁྱོག་པོ་ལ་ནི་ཁ་སྨྲས་དང༌། །ཟོང་མི་ལོན་སོགས་མི་དགེ་ཡིན། །ཆུ་ཡི་འཁོར་ལོའི་མཚན་ཉིད་ནི། །ཡུལ་གྱི་ཡི་གེ་ཚད་མར་གཟུང༌། །བུམ་པ་བརྒྱད་ནི་མཉམ་གནས་པ། །སྡེ་ཚན་བརྒྱད་ཀྱིས་རྣམ་པར་བརྒྱན། །དང་པོའི་ཡི་གེ་གཅིག་བཟུང་ལ། །དེ་ཡི་གྲངས་ཀྱིས་ཤེས་པར་འགྱུར། །ཨཱ་ལི་སོ་དྲུག་ཤེས་བྱ་སྟེ། །སྡེ་ཚན་ཀཱ་ལི་ཁྲུ་ཞེས་དྲན། །ཤར་ནས་བགྲངས་པའི་བུམ་པ་རྣམས། །སྡེ་ཚན་གང་གནས་འདོམ་གྱི་ཚད། །འདི་ནི་རྫོང་དང་རྫོང་དག་ལ། །ཆུ་ཡི་འཁོར་ལོར་བཤད་པ་ཡིན། །ཇི་ལྟར་རཱ་ཧུའི་ལུས་དང་ནི། །རྒྱུ་སྐར་གནས་པའི་མཚན་ཉིད་བཤད། །ཉི་ཟླ་རྣམ་པར་གནོན་པ་ཡི། །ལྟོ་འཕྱེའི་གཟུགས་ནི་བྲི་བར་བྱ། །ཁ་ནས་བརྩམས་ལ་སྤྱི་བོར་གསུམ། །མགྲིན་པར་བཞི་ནི་དགོད་པར་བྱ། །རྒྱབ་ཏུ་གསུམ་ནི་བྲི་བར་བྱ། །མཇུག་མར་གསུམ་ནི་ཚང་བར་བྲི། །ཉི་མ་ཟླ་བའི་གྲྭ་གྱུར་པའི། །བི་ཚིན་རཱ་ཧུ་ཞེས་བྱར་གྲགས། །རྒྱུ་སྐར་རྣམས་ལ་ལོངས་སྤྱོད་པ། །འདི་ནི་ལེགས་པར་བརྟག་པར་བྱ། །ཡན་ལག་ལྡན་པའི་རཱ་ཧུ་ནི། །སྤྲུལ་གྱི་བྱེད་པ་མཉམ་པར་བྲི། །ལྷ་མོ་དེ་ལྟར་ལེགས་བཀོད་ལ། །རཱ་ཧུའི་འབྲས་བུ་བརྟག་པར་བྱ། །དགེ་དང་མི་དགེ་རིམ་པ་རྣམས། །བཤད་ཀྱིས་གངས་རིའི་བདག་མོ་ཉོན། །དེ་ལ་རང་གི་སྐར་མ་ནི། །རཱ་ཧུའི་ཁ་ལ་སོང་བ་ནི། །གནས་ལས་ཉམས་ཤིང་བུད་མེད་ཤི། །འཆིང་དང་བཅོམ་དང་ཕྱུགས་རྣམས་ཟད། །རཱ་ཧུའི་མགོ་ལ་སོང་བ་ན། །ཁྱིམ་ཚིག་ནོར་ཉམས་འཐབ་རྩོད་འབྱུང༌། །ལྐོག་མར་སོང་ན་ཆོས་རྙེད་ཅིང༌། །ནོར་རྙེད་དོན་འགྲུབ་བདག་ཉིད་འགྱུར། །གཉེན་དང་ལྷན་ཅིག་འགྲོགས་པར་བྱེད། །རཱ་ཧུའི་དངོས་གྲུབ་འབྱུང་བར་བྱེད། །རྒྱབ་ཏུ་སོང་ན་འཆི་བ་དང༌། །རང་དང་གཉེན་རྣམས་བསུས་པ་ན། །དེ་ལ་སོགས་པའི་འབྲས་བུ་འབྱུང༌། །མགུལ་པ་དགེ་བར་གྲགས་པ་ཡིན། །མཇུག་མའི་སྐར་མ་ལ་སོང་ན། །ལྕགས་སྒྲོག་འཆིང་དང་འགྱེལ་བ་དང༌། །ལྷུང་དང་པུས་མོ་


DTG203_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སྣད་པ་དང༌། །གནས་ནས་གཡོ་བར་འགྱུར་བ་དང༌། །ཀླུ་གནོད་འཇིགས་པ་ཆེན་པོ་འབྱུང༌། །སྙིང་ནད་འབྱུང་བ་གཞུག་མས་ཕྱེད། །ཟླ་བ་ཕུར་པ་གཟའ་ལྷག་དང༌། །པ་སངས་སྙིང་པོར་ཆུད་གནས་པ། །རྫོང་ལ་དཔུང་གིས་བསྐོར་གྱུར་ཀྱང༌། །འཇིགས་ཟོན་མི་དགོས་གངས་རིའི་བདག །ཉི་མ་མིག་དམར་སྤན་པ་དང༌། །རཱ་ཧུ་སྙིང་པོར་ཆུད་པ་ན། །དགྲ་ཡིས་ལེན་པར་འགྱུར་བས་ན། །རྫོང་བདག་སྡོད་པར་བྱེད་དམ་ཅི། །རིགས་ངན་གཟའ་རྣམས་སྙིང་པོར་སང༌། །ཕྱི་རོལ་རྣམ་པར་རྒྱལ་བར་གྲགས། །རིགས་བཟང་གཟའ་རྣམས་སྙིང་པོར་གནས། །རྫོང་བདག་རྒྱལ་བར་བདག་གིས་དྲན། །གལ་ཏེ་འདྲེན་མར་གནས་པ་ལས། །ཕན་ཚུན་འཁྲུག་པ་འདུམ་པ་ཡིན། །རྫོང་ནི་འཇོམས་དང་སྲུང་བ་ལས། །འདི་ཡི་ཆོ་ག་བཤད་པ་ཡིན། །རིགས་བཟང་རིགས་ངན་ཡང་དག་ཤེས། །ནག་པ་ས་ག་སྣྲོན་དང་ནི། །ཆུ་སྟོད་གྲོ་བཞིན་སྨིན་དྲུག་མགོ །ཐ་སྐར་མཆུ་རྣམས་རིགས་བཟང་ཡིན། །བྲ་ཉེ་སྣར་མ་ནབ་སོ་སྐག །ས་རི་ལྷ་མཚམས་ཆུ་སྨད་དབོ། །ཆུ་སྟོད་ནམ་གྲུ་མེ་བཞི་རྣམས། །རིགས་ནི་ངན་པར་སྟོན་པ་ཡིན། །ལག་དང་སྣྲུབས་དང་མོན་གྲེ་དང༌། །བྱི་བཞིན་རྣམས་ནི་འདྲེན་མར་དྲན། །རིགས་སྐྱེས་རིགས་མིན་སྐྱེས་པ་ལས། །ཉི་མ་ཟླ་བ་ཕུར་བུ་སྤེན། །རིགས་སྐྱེས་ཞེས་བྱ་སྐལ་ལྡན་མ། །རིགས་མིན་གྲགས་པ་སླར་ཡང་ཉོན། །མག་དམར་པ་སངས་རཱ་ཧུ་ལ། །གཟའ་ལག་རྣམས་ནི་རིགས་མིན་སྐྱེས། །མདོར་ན་རྫོང་གི་བྱ་བ་དང༌། །ཕ་རོལ་འཇོམས་བྱེད་པ་ལ། །འདི་ཡི་ཆོ་ག་ཤེས་བྱ་སྟེ། །བདག་ཉིད་རྒྱལ་བར་བྱེད་པ་ཡིན། །རྫོང་གི་འཁོར་ལོ་མི་ཤེས་པར། །གཞོམ་འདོད་མུན་པའི་མདའ་བཞིན་དྲན། །དོན་འགྲུབ་རྒྱས་པར་བཤད་པ་ནི། །རྫོང་གི་འཁོར་ལོ་ཡོངས་སུ་གྲགས། །དེ་ལྟར་མཆོག་ཏུ་སྒྲོལ་བ་ནི། །མཛེས་མ་ཡིས་ནི་གུས་པས་ཉོན། །འདི་ནི་གཡུལ་ལས་རྣམ་པར་རྒྱལ་བ་དབྱངས་འཆར་བའི་རྒྱུད་ཀྱི་རྒྱལ་པོ་ལས་རྫོང་གི་འཁོར་ལོ་རྣམ་པར་ཕྱེ་བ་ཆེན་པོ་སྟེ་ལེའུ་བརྒྱད་པའོ།། །།ལྷ་མོས་གསོལ་པ། །བཅོམ་ལྡན་འདས་ནི་ལྷ་ཡི་མཆོག །ཟླ་བའི་དུམ་བུས་དབུ་བརྒྱན་པ། །ཕ་རོལ་དགྲ་རྣམས་འཇོམས་པ་ལ། །ཤིན་ཏུ་གསང་བའི་རྒྱུད་ཆེན་པོ། །རཱ་ཧུའི་འཁོར་ལོ་ཞེས་བྱ་བ། །གཡུལ་དུ་རྒྱལ་དང་ཕམ་བྱེད་པ། །བདག་ཉིད་གཡུལ་དུ་ཆས་པའི་ཚེ། །གང་གི་ཕྱོགས་སུ་རཱ་ཧུ་འཇོག །རཱ་


DTG203_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཧུའི་སྤྱོད་ཡུལ་ཇི་ལྟར་ལགས། །དུས་དང་ཕྱོགས་ལ་ཇི་ལྟར་འཆར། །འདྲི་བར་བྱེད་པའི་སྐྱེས་བུ་ལ། །མ་ལུས་པར་ནི་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །འདི་ལྟར་རཱ་ཧུའི་འཁོར་ལོ་ལ། །ངེས་པའི་གདམས་ངག་བཤད་པར་བྱ། །བདག་གཞན་འཆི་བ་ཐམས་ཅད་ནི། །རྒྱལ་པོ་རཱ་ཧུ་བྱེད་པར་བྱ། །རྒྱུ་སྐར་རྣམས་ཀྱི་རིང་པོ་ནས། །རཱ་ཧུ་མཐོང་བར་རྒྱལ་བར་འགྱུར། །མདུན་དུ་བསྟན་ན་ཉི་ཟླ་ཡང༌། །ཐལ་བ་བཞིན་དུ་འཇོམས་པར་བྱེད། །མཐོང་བས་འཆི་བར་འགྱུར་བའི་ཕྱིར། །རཱ་ཧུ་རྒྱབ་ཏུ་གཞག་པར་བྱ། །ཉི་མ་སྒྲ་གཅན་མིག་དམར་དང༌། །སྤེན་པ་གཡུལ་དུ་མདུན་གནས་སྤང༌། །གང་གི་མགོན་པོ་ཟླ་བ་ནི། །མངོན་སུམ་མཐོང་བར་བྱས་ལ་འགྲོ། །ཁྱིམ་གྱི་འཁོར་ལོར་འགྲོ་བ་ནི། །དཔལ་ལྡན་རཱ་ཧུ་སྔར་བཤད་རིག །གྲུ་བཞི་དུམ་བུར་བཅད་པ་ལ། །ཚེས་ཀྱི་རཱ་ཧུ་འཆར་བ་དང༌། །ཡུད་ཙམ་ལ་འཆར་རཱ་ཧུ་དང༌། །ཐུན་ཕྱེད་ལ་འཆར་རཱ་ཧུ་དང༌། །ཟླ་བ་ཕྱེད་པའི་རཱ་ཧུ་དང༌། །དེ་བཞིན་ཟླ་བའི་རཱ་ཧུ་མཆོག །ཉི་མ་མིག་དམར་སྤེན་རཱ་ཧུ། །རཱ་ཧུ་གདོང་གི་འཁོར་ལོ་སྟེ། །རཱ་ཧུ་ཐམས་ཅད་མདོར་བསྡུས་ཡིན། །ཟླ་བ་གཅིག་ལ་ཉིན་རེ་བཞིན། །ཚེས་ཀྱི་རཱ་ཧུ་ཤེས་པར་བྱ། །འདི་ལྟར་རཱ་ཧུ་དཔེ་ཆུང་ལ། །ཀ་སོགས་གསལ་བྱེད་དགོད་པར་བྱ། །རེ་ཁཱ་བདུན་ནི་གྱེན་དུ་དགོད། །དྲུག་ནི་འཕྲེད་ལ་བྲི་བར་བྱ། །རླུང་ནས་མེ་ཡི་མཐར་ཐུག་པ། །དབུས་ནས་རེ་ཁཱ་བྲི་བར་བྱ། །སྲིན་པོ་དབང་ལྡན་དེ་བཞིན་ཏེ། །ཀཱ་ལི་རྣམས་ནི་རིམ་བཞིན་བྲི། །དེ་ལ་མེ་ཡི་ཕྱོགས་གནས་པ། །དེ་ཡི་ཡི་གེར་ཡོངས་སུ་གྲགས། །ཧ་ཡིག་རླུང་གི་གྲྭ་རུ་སྟེ། །བདེན་བྲལ་མཚམས་ཀྱི་གྲྭ་རུ་ཡང༌། །ཛྷ་ཡི་ཡི་གེ་མཉམ་པར་གནས། །དབང་ལྡན་གྲྭ་རུ་མ་ཡིག་སྟེ། །ནུབ་ནས་བརྩམས་ཏེ་རིམ་བཞིན་དུ། །ཀཱ་ཡི་རྣམས་ནི་ལེགས་པར་དགོད། །ཀ་ནས་ཛ་ཡི་མཐར་ཐུག་པར། །གཡས་བསྐོར་དང་པོའི་ཕྱོགས་ལས་དགོད། །རེ་ཁཱ་བདུན་དུ་དྲངས་པ་ལ། །ང་ཉ་ཎ་རྣམས་རྣམ་པར་སྤངས། །ཊ་ནས་ཋ་ཡིག་མཐར་ཐུག་པ། །གཤིན་རྗེའི་ཕྱོགས་སུ་དེ་བཞིན་དགོད། །དྷ་ནས་མ་ཞེས་ཤར་དུ་སྟེ། །དེ་བཞིན་ར་ནས་ས་ཡི་བར། །དྲུག་ནས་བདུན་བདག་ཕྱོགས་མཚམས་སུ། །ཚེས་ལ་རིམ་པ་བཞིན་དུ་བྲི། །དང་པོ་ཀ་ལ་སོགས་པ་ཡི། །ཟུང་གི་དྲུག་ནས་ཡི་གེ་རྣམས། །ཟླ་བ་ཉ་ཡི་བར་དུ་ཡང༌། །དཀར་ཕྱོགས་དག་ལ་གཉིས་གཉིས་ཡིན། །ཤ་


DTG203_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དྷ་ལ་སོགས་པ་དང༌། །ད་ཡིག་ཟུང་དུ་དགོད་པ་སྟེ། །མ་ཡིག་ར་ཡིག་བར་དུ་ཡང༌། །ཤར་ནུབ་གཉིས་ལ་རེ་ཁཱ་བདུན། །ཕྱོགས་གཉིས་ལ་ནི་དྲུག་ཏུ་འགྱུར། །ཧ་སོགས་ཡི་གེ་བདུན་པ་གཉིས། །ཡ་ཡིག་གནས་པའི་ཕྱོགས་གཉིས་སུ། །དེ་བཞིན་དུ་ཡང་འགྱུར་བ། ཡིན། །ནག་པོའི་ཕྱོགས་གཉིས་དག་ལ་ཡང༌། །དྷ་ལ་སོགས་པ་རིམ་བཞིན་དུ། །མགོ་དྲངས་ནས་ནི་ཧ་ཡི་བར། །ཕྱོགས་གཉིས་ལ་ནི་དགོད་པར་བྱ། །འདི་ལྟར་དཀར་པོའི་ཕྱོགས་ལ་ནི། །ཀ་ནས་ཐོག་དྲངས་འཆར་བར་འགྱུར། །ཀ་ཡིག་མ་ཡིག་ཐད་ཀར་ནི། །ཤར་ནུབ་ཕྱོགས་ལ་གནས་པ་ན། །མིང་ཅན་རཱ་ཧུ་འཆར་བའི་སར། །འགྲོ་བར་བྱེད་པ་ཉམས་པར་འགྱུར། །ད་བཞིན་ཡི་གེ་ཐམས་ཅད་ཀྱི། །ཁ་ཡིག་ཐད་ཀར་འགྲོ་མི་རུང༌། །འདི་ནི་གྲྭ་བཞིའི་ཡི་གེ་ཡང༌། །ཕན་ཚུན་ཐད་ཀར་རུང་མ་ཡིན། །ནག་པོའི་ཕྱོགས་ལ་ཡོད་པ་རྣམས། །དཀར་པོའི་ཕྱོགས་སུ་དགེ་བ་དེ། །དཀར་པོ་ལ་ཡོད་མིང་ཅན་རྣམས། །ནག་པོའི་ཕྱོགས་ལ་དགེ་བ་ཡིན། །དེ་ལྟར་ཚེས་ལ་འཆར་བ་ནི། །རཱ་ཧུའི་མཚན་ཉིད་པར་པ་ཏི། །ཚེས་ཀྱི་རཱ་ཧུའི་འཁོར་ལོ་ལ། །ས་གཞི་རབ་མཉམ་ཡིད་འོང་ལ། །གྱེན་དུ་རེ་ཁཱ་བདུན་པ་ལ། །དེ་ལ་རེ་ཁཱ་བརྒྱད་པ་བྲི། །རེ་ཁཱའི་རྩེ་མོ་རྩེ་མོ་ལ། །ཀ་ནས་ཧ་ཡིག་མཐར་ཐུག་བྲི། །ནུབ་ཀྱི་ཕྱོགས་ནས་བརྩམས་ནས་ནི། །བྱང་གི་བར་དུ་བྲི་བར་བྱ། །དེ་ནས་གཞན་ཡང་བཤད་པར་བྱ། །ཚེས་ཀྱི་རཱ་ཧུ་བཟང་པོ་ནི། །ལྷ་དང་ལྷན་ཅིག་ཐམས་ཅད་མཁྱེན། །དགྲ་རྣམས་ཀུན་ལས་རྒྱལ་བར་མཐོང༌། །དབང་མཚམས་མགོ་འཆར་ལྷོ་མཚམས་ནུབ། །དེ་ལྟར་ལེགས་པར་གནས་པ་ཡིན། །འདི་ལྟར་ཚེས་ཀྱི་བྱེ་བྲག་ལ། །མིང་ལ་འཆར་བར་འགྱུར་བ་ཡིན། །གཅིག་ནས་བདུན་གྱི་བར་དུ་ནི། །དབང་པོ་ཆུ་ཡི་ཕྱོགས་གནས་པ། །དབང་པོ་ཕྱོགས་གྲངས་དགྲ་ཉིད་དེ། །ཕྱོགས་གཉིས་མཉམ་པར་བསྟན་པ་ཡིན། །བརྒྱད་ནས་རྫོགས་པའི་མཐར་ཐུག་བར། །གཤིན་རྗེ་ལུས་ངན་ཕྱོགས་སུ་གནས། །ལུས་ངན་རཱ་ཧུ་འཆར་བའི་ཚེ། །ཕྱོགས་དེ་སྟོབས་དང་ལྡན་པར་འགྱུར། །དཀར་ཕྱོགས་དང་པོས་ཐོག་དྲངས་ཏེ། །བརྒྱད་ལ་འཆར་ཤིང་ནུབ་པ་ཡིན། །ནུབ་ཏུ་རཱ་ཧུ་གནས་གྱུར་བ། །སྟོབས་དང་ལྡན་པར་འགྱུར་བ་ཡིན། །དགུ་བ་དང་ནི་དང་པོ་ཡང༌། །དེ་ཡིས་ཐོག་དྲངས་འཆར་བ་ཡིན། །ལྷོ་ཕྱོགས་རཱ་ཧུ་གནས་པ་ལས། །


DTG203_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ལྷོ་ཉིད་སྟོབས་ཆེར་འགྱུར། །ཤར་ནས་རཱ་ཧུ་གང་དག་གནས། །ནུབ་ཏུ་སྟོབས་ཆུང་འཇོམས་པར་བྱེད། །དེ་ལྟར་མེ་ལ་སོགས་པ་ཡི། །ཕྱོགས་མཚམས་ཀུན་ལ་ཤེས་པར་བྱ། །ཕྱོགས་ལ་གཟའ་བརྒྱད་འཆར་བ་ནི། །ནག་ཕྱོགས་གསུམ་ལ་དབང་པོའི་ཕྱོགས། །བདུན་ལ་དུམ་བུ་རྩ་གསུམ་པ། །འཛིན་པའི་ཕྱོགས་ནས་འཆར་བར་འགྱུར། །བཅུ་པ་ནོར་གྱི་བདག་པོའི་ཕྱོགས། །བཅུ་བཞི་རླུང་གི་གནས་ཞེས་དྲན། །དཀར་པོའི་ཕྱོགས་སུ་གྲགས་པ་ལ། །བཞི་ལ་ཆུ་བདག་ཕྱོགས་ཞེས་བྱ། །དེ་བཞིན་བདེན་བྲལ་བརྒྱད་དུ་གྲགས། །བཅུ་གཅིག་གཤིན་རྗེར་ཤེས་པར་བྱ། །བཅོ་ལྔའི་ཚེས་ལ་མེ་མཚམས་པ། །བརྒྱད་པོ་ཟླ་བ་གཅིག་ལ་འཆར། །ཤར་ནས་ནུབ་ཏུ་མི་དགེ་བྱེད། །དབང་ལྡན་ཕྱོགས་གནས་བདེན་བྲལ་འཇོམས། །བྱང་ཕྱོགས་ལྷོ་རུ་དེ་བཞིན་བསྣུན། །རླུང་གནས་འཆར་ཚེ་མེ་མཚམས་བརླག །ཆུ་བདག་ཕྱོགས་ནས་དབང་པོར་འཇོམས། །བདེན་བྲལ་ལ་གནས་དབང་ལྡན་སྤྱོད། །ལྷོ་ནས་བྱང་དུ་འཇོམས་པ་སྟེ། །མེ་ནས་རླུང་དུ་རྣམ་པར་སྤྱོད། །དེ་ནས་གཞན་ཡང་བཤད་པར་བྱ། །ཡུད་ཙམ་ལ་འཆར་རཱ་ཧུ་ནི། །གང་གིས་རྣམ་པར་ཤས་ཙམ་གྱིས། །འཐབ་རྩོད་དམག་ཆས་ཤགས་ལས་རྒྱལ། །དབང་ལྡན་གཤིན་རྗེ་རླུང་དབང་པོ། །སྲིན་པོ་ནོར་བདག་མེ་ནས་ཆུར། །ཉི་མ་དབུ་མའི་ཡུད་ཙམ་པར། །གཡས་བསྐོར་ལྷ་ཡི་དབང་ཕྱུག་མ། །ཉི་མ་དབུ་མའི་མཐའ་ནས་ནི། །ཆུ་ནས་གཡས་སྐོར་གཉིས་ལ་འཆར། །མགོ་ནས་མཇུག་མའི་ཕྱོགས་སུ་འཆར། །མཚན་མོ་དེ་ཉིད་འཆར་བ་ནི། །ཆུ་མེ་ནོར་བདག་སྲིན་པོ་ནས། །དབང་པོ་རླུང་དང་གཤིན་རྗེའི་གནས། །དྲག་པོའི་ཕྱོགས་ནས་ཆུ་བདག་ཏུ། །དེ་ལྟར་སོ་སོར་འཆར་བར་གྲགས། །ཉིན་བཞིན་མཚན་མོ་དབྱུ་གུ་གཉིས། །ཡུད་ཙམ་རཱ་ཧུ་ཞེས་བྱར་བརྗོད། །དྲག་པོ་ཙེ་ཏ་མི་ཏྲ་དང༌། །སྭཱ་ར་བྷ་ཊོ་ས་བི་ཏྲ། །ལྔ་པོ་རྣམ་པར་སྣང་མཛད་དང༌། །རྒྱལ་བ་ཞེས་ནི་བྱ་བར་བརྗོད། །བྱི་བཞིན་ར་མ་མེད་པ་ནི། །འབའ་ལམ་དང་ནི་རྣམ་རྒྱལ་དང༌། །དགའ་བ་དང་ནི་གཤིན་རྗེ་དང༌། །ཆུ་ལྷ་དེ་བཞིན་སྐལ་པ་ཅན། །དེ་ལྟར་བཅོ་ལྔར་བརྗོད་པ་རྣམས། །ཞི་དང་མ་རུངས་མཚན་ཉིད་ཅན། །དབུ་མའི་ཆ་ལའང་བྱི་བཞིན་དང༌། །མཐར་ནི་སྐལ་ཅན་འཆར་བ་དང༌། །ལྷ་མོ་བདག་གིས་ངེས་བསྟན་པ། །ཡུད་ཙམ་རཱ་ཧུར་ཡོངས་སུ་གྲགས། །ཉི་མ་


DTG203_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་སྤེན་པ་འཛོམ། །སྤེན་པ་དྲག་པོའི་སྦྱོར་བ་དང༌། །ཉི་མ་དང་ནི་སྤེན་པ་དག །བྱི་བཞིན་ལྷན་ཅིག་སྦྱོར་བ་དང༌། །ས་ར་བྷ་ཊོ་མིག་དམར་འཇོམས། །གཟའ་འཕོའི་མཚམས་སུ་སྟོབས་ཆར་འགྱུར། །དེ་ལྟར་དྲག་པོའི་ཡུད་ཙམ་ལྔ། །གང་གནས་ཕྱོགས་ནི་སྟོབས་དང་ལྡན། །རཱ་ཧུའི་ཕྱོགས་འགྲོ་སྦྱོར་བ་ལ། །ཐོག་མ་མེད་པའི་གཟའ་རྒྱུ་བས། །གཟའ་དང་ལྷ་དེ་འཛོམ་པ་ལས། །གདོང་ན་གང་ཡོད་ཐལ་བར་བརླག །དེ་ན་བརྒྱ་བྱིན་སྟོབས་གནས་པ། །སྐད་ཅིག་ཉིད་ལ་ཐལ་བར་བྱེད། །རཱ་ཧུའང་དྲག་ན་འཛོམ་པ་ནི། །སྔོན་དུ་འགྲོ་བ་འཆི་འདོད་ཡིན། །ཡུད་ཙམ་འཆར་བའི་མཚན་ཉིད་ནི། །གང་ཡིན་སོ་བཟུང་ཤེས་པར་བྱ། །ལྷ་མོ་དང་པོའི་རྐང་པ་ལ། །དགུ་བཅུ་རྩ་དྲུག་ཉིད་དུ་དྲན། །དྲུག་ཅུ་བཅུ་གཉིས་དྲུག་དང་ལྔ། །གསུམ་དང་གཉིས་དང་སྟོང་བར་བཤད། །གཉིས་ནས་བརྒྱད་ཀྱི་མཐར་ཐུག་པ། །ཡུད་ཙམ་དེ་བཞིན་འཆར་བ་ཡིན། །ཁ་ཅིག་གཅིག་ནས་བདུན་གྱི་བར། །ཡུད་ཙམ་འཆར་ཞེས་ཟེར་བ་ཡོད། །དབུ་མའི་བར་དུ་རིམ་པ་སྟེ། །ཕྱི་དྲོ་རིམ་མིན་ཤེས་པར་བྱ། །དེ་ལྟར་རིམ་པའི་བྱེ་བྲག་ལས། །ཡུད་ཙམ་རིམ་པ་ཤེས་པར་བྱ། །སྔ་དྲོ་ནུབ་ཏུ་བལྟ་བ་སྟེ། །ཕྱི་དྲོ་ཤར་དུ་བལྟ་བར་བྱ། །ཉི་མ་དབུ་མ་གྲིབ་མ་ནི། །གང་ཕྱིར་སྟོང་པ་ལ་ཞུགས་པ། །ཡུད་ཙམ་ཅིག་ལ་འཕོ་བ་སྟེ། །ལྷག་མ་དག་ནི་མ་ཡིན་ནོ། །གཅིག་ནས་གཉིས་སུ་འཕོ་བ་ཡི། །མཚམས་ནི་མ་རུངས་འཇིགས་པར་སྟོན། །ཡུད་ཙམ་སྟོབས་ཆར་གྲགས་པའི་གཟའ། །འཛོམ་ན་མི་དགེ་འཕོ་མཚམས་ངན། །གཟའ་དང་ཡུད་ཙམ་སྟོབས་ཅན་འཛོམ། །རིགས་ལྡན་ནུས་པ་ངེས་པར་མཐོང༌། །དེ་ནས་གཞན་ཡང་བཤད་པར་བྱ། །ཐུན་ཕྱེད་ཅེས་བྱར་ཡོངས་སུ་གྲགས། །ཐུན་ཕྱེད་རཱ་ཧུའི་རིམ་པ་བཞིན། །ཤར་ཕྱོགས་བདག་པོ་ཉི་མ་སྟེ། །མིག་དམར་མེ་ཡི་ཕྱོགས་ན་གནས། །གཤིན་རྗེའི་ཕྱོགས་བདག་ཕུར་བུ་ཡིན། །གཟའ་ལྷག་སྲིན་པོའི་ཕྱོགས་ན་གནས། །པ་སངས་ཆུ་བདག་ཕྱོགས་ན་ཡོད། །སྦེན་པ་རླུང་གི་ཕྱོགས་ཞེས་བྱ། །ཟླ་བ་བྱང་ཕྱོགས་རྣམ་པར་སྤྱོད། །རཱ་ཧུ་དབང་ལྡན་ཕྱོགས་ཡུལ་ལོ། །ཐམས་ཅད་དེ་བཞིན་གནས་པ་ཡིན། །རང་རང་རྣམ་པར་སྤྱོད་པ་ལས། །འཆར་བར་འགྱུར་རོ་རྗེ་བཙུན་མ། །གཟའ་རྣམས་ཕྱོགས་ན་འཁོད་པ་ལས། །


DTG203_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་སོ་སོར་འཆར་བར་འགྱུར། །དཀར་པོའི་ཕྱོགས་ཀྱི་ཐུན་ཕྱེད་ལ། །ཇི་ལྟར་འཆར་བར་བརྗོད་པར་བྱ། །ཇི་ལྟར་ཉི་མའི་ཉིན་ཞག་ལ། །ཤར་ནས་རཱ་ཧུ་འཆར་བར་འགྱུར། །དེ་ཡང་ཤར་དུ་ཉི་མ་ལ། །ཆུ་ཚོད་བཞི་ནི་ཡང་དག་གནས། །དེ་རྗེས་ཤར་གྱི་ཕྱོགས་ནས་ནི། །བདེན་བྲལ་ཕྱོགས་སུ་སོང་བ་ལས། །སྲིན་པོའི་ཕྱོགས་ནས་བྱང་ཕྱོགས་འགྲོ། །བྱང་གི་ཕྱོགས་ནས་ཤར་ནས་ནི། །མེ་ཡི་ཕྱོགས་སུ་དེ་བཞིན་ནོ། །མེ་ནས་ཆུ་རུ་དེ་བཞི་འགྲོ། །ཆུ་ཡི་ཕྱོགས་ནས་དེ་བཞིན་དུ། །དབང་ལྡན་མཚམས་སུ་གནས་ཤིང་འགྲོ། །དབང་ལྡན་ནས་ནི་ཡི་དྭགས་ཕྱོགས། །དེ་ནས་སླར་ཡང་རླུང་གི་ཕྱོགས། །སླར་ཡང་རླུང་ནས་ཤར་དུ་སྟེ། །དེ་ལྟར་མངོན་པར་འགྲོ་བར་གསལ། །དེ་ལྟར་ཕྱོགས་མཚམས་ལམ་འགྲོ་བ། །ཉིན་མོའི་ཐུན་ཕྱེད་བརྒྱ་པོར་གྲགས། །ཇི་ལྟར་ཉིན་མོའི་ཕྱོགས་བཤད་པ། །མཚན་ལ་གཟའ་བརྒྱད་འཆར་བ་ནི། །དབང་པོ་ནས་ནི་རླུང་ཕྱོགས་འགྲོ། །རླུང་ནས་གཤིན་རྗེའི་ཕྱོགས་རིམ་བཞིན། །སྔར་བཞིན་མཉམ་པར་བསྟན་ནས་ཀྱང༌། །ཆོས་ཀྱི་རྒྱལ་པོའི་ཕྱོགས་སུ་སོང༌། །ཡི་དྭགས་ནས་ནི་དབང་ལྡན་དུ། །དྲག་པོ་དྲག་མོ་ངེས་པར་མཐོང༌། །དེ་ནས་ཆུ་བདག་ཕྱོགས་སུ་འགྲོ། །དེ་ནས་མེ་ཕྱོགས་འགྲོ་བར་དྲན། མེ་ནས་ནོར་བདག་ཕྱོགས་སུ་འཆར། །ནོར་བདག་ནས་ནི་བདེན་བྲལ་ཕྱོགས། །འདི་ནི་ལུག་སོགས་ཤེས་པ་ཡིན། །ཉི་མའི་ཆོ་གས་དཀར་ཕྱོགས་བརྗོད། །ནག་པོའི་ཕྱོགས་ཀྱི་ཐུན་ཕྱེད་ལ། །སྔ་མའི་ཕྱོགས་སུ་རིམ་བཞིན་འཆར། །དབང་པོ་ནས་ནི་རླུང་ཕྱོགས་འགྲོ། །རླུང་ནས་གཤིན་རྗེའི་ཕྱོགས་སུ་སོང༌། །གཤིན་རྗེའི་ཕྱོགས་ནས་དག་པོར་སོང༌། །དེ་ནས་ཆུ་བདག་ཕྱོགས་སུ་གནས། །ཆུ་ནས་མེ་ཕྱོགས་རྒྱུག་པར་བྱེད། །མེ་ནས་ལུས་ངན་ཡང་དག་འགྲོ། །བྱང་ཕྱོགས་ནས་ནི་བདེན་བྲལ་མཐར། །དེ་བཞིན་རབ་ཏུ་རྒྱུག་པ་ཡིན། །དེ་ལྟར་ཉིན་མོ་འགྲོ་བ་ཡི། །ཐུན་ཕྱེད་རཱ་ཧུ་ལྷས་མཆོད་མ། །དབྱངས་འཆར་རྒྱུད་ལས་གང་བཤད་པ། །ཤར་ཕྱོགས་ནས་ནི་བདེན་བྲལ་དུ། །བདེན་བྲལ་ནས་ནི་གནོད་སྦྱིན་ཕྱོགས། །གནོད་སྦྱིན་ནས་ནི་མེ་ཕྱོགས་རྒྱུག །མེ་ནས་སོང་བས་ཆུ་ཡི་ཕྱོགས། །ཆུ་ནས་ཤར་ཀར་དུ་འགྲོ་སྟེ། །དབང་ལྡན་མཚམས་ནས་ཤར་ནས་ནི། །ཆོས་ཀྱི་རྒྱལ་པོར་རྒྱུག་པ་ཡིན། །སླར་ཡང་ཡི་དྭགས་


DTG203_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་རླུང༌། ཉི་མའི་ཕྱོགས་ནས་དེ་ལྟར་བགྲོད། །ནག་པོའི་ཕྱོགས་ཀྱི་ཉིན་མཚན་ལ། །ཐུན་ཕྱེད་རཱ་ཧུ་མདོར་བསྡུས་ཡིན། །ཇི་ལྟར་གཟའ་ནི་འཕོ་བ་ན། །རྰ་ཧུའི་བགྲོད་པ་འཕོ་བར་སྣང༌། །འཆར་བའི་སྔོན་དུ་གང་སྟོན་པ། །རྡུལ་ཕྲན་བཞིན་དུ་ཐལ་བར་བྱེད། །མདུན་ན་གནས་ན་རྣམ་པར་ཉམས། །རྒྱབ་ཏུ་གནས་ན་རྒྱལ་བར་བྱེད། །ཇི་ལྟར་དཀར་པོའི་ཕྱོགས་ལ་ནི། །བདེན་བྲལ་ལ་སོགས་རྒྱུག་པར་བྱེད། །ནག་ཕྱོགས་གང་གིས་འཇིག་པ་ཡང༌། །རླུང་ལ་སོགས་པ་འགྲོ་བར་དྲན། །དེ་ལྟར་ཐུན་ཕྱེད་རཱ་ཧུ་རྣམས། །དབྱུ་གུ་བཞི་ལ་བརྟན་པར་གནས། །དེ་ལྟར་ཐུན་ཕྱེད་རཱ་ཧུ་ནི། །ཤིན་ཏུ་རྩུབ་པར་འཆར་བས་ན། །མཚན་ཉིད་ལེགས་པར་ཤེས་པ་ཡིས།།འཛེམ་པར་བྱའོ་རྗེ་བཙུན་མ། །ཟླ་ཕྱེད་རྰ་ཧུའི་མཚན་ཉིད་ནི། །མདོར་བསྡུས་པ་ནི་བཤད་པར་བྱ། །འདི་ནི་རྣམ་པར་ཤེས་པ་ཡིས།།གཡུལ་ལ་སོགས་པ་རྩོམ་པ་འགྲུབ། །ཕྱོགས་སུ་རེ་ཀྰ་བཞི་བཙུགས་པས། །མཉམ་པར་གཞག་པས་གྲུ་བཞིར་དྲན། །མེ་ནས་རླུང་གི་བར་དུ་ཡང༌། །དབུས་ནས་རེ་ཁྰ་མཉམ་པར་མཐོང༌། །ཤར་ནས་དེ་བཞིན་བྱང་གི་ཕྱོགས། །ནག་པོའི་ཕྱོགས་ནི་ཡིན་པ་མཉམ། །ལྷོ་དང་ནུབ་ཀྱི་ཕྱོགས་གཉིས་ཀྱང༌། །དཀར་པོའི་ཕྱོགས་སུ་དེ་བཞིན་འགྱུར། །ཟླ་བ་ཉ་ལ་མེ་ཡི་ཕྱོགས། གནམ་སྟོང་ལ་ནི་རླུང་མཚམས་གནས། །དང་པོ་ཚེས་ཀྱིས་ཐོག་དྲངས་ནས། །ཕྱོགས་ལ་འཆར་བར་འགྱུར་བ་ཡིན། །བྱང་དང་ལྷོ་ནས་འཆར་བའི་ཚེ། །ཚེས་དགུའི་ས་ནས་ཐོག་དྲངས་ཏེ། །ཉིན་ཞག་སོ་སོ་དག་ལ་ནི། །རྫོགས་པའི་བར་དུ་འཆར་བར་འགྱུར། །ནུབ་པའི་ཕྱོགས་བགྲོད་དགེ་བ་སྟེ། འཆར་ཕྱོགས་བགྲོད་པ་མི་དགེ་ཡིན། །དཀར་པོའི་བརྒྱད་སོགས་ནུབ་ཕྱོགས་སུ། །ཟླ་བ་ཉ་བའི་བར་དུ་ཡང༌། །རཱ་ཧུ་གནས་པས་ཤར་དང་ནི། །བྱང་གི་ཕྱོགས་སུ་མི་དགེ་ཡིན། །ནག་ཕྱོགས་གཅིག་ནས་ལྷ་མིན་མཐར། །ཡང་དག་གནས་པ་སྔར་བཞིན་འཇོམས། །ཤར་ནུབ་ཕན་ཚུན་འཇོམས་པ་དང༌། །དེ་བཞིན་ལྷོ་བྱང་ཕན་ཚུན་འཇོམས། །འདི་ནི་རྣམ་པར་ཤེས་ཙམ་གྱིས། །གཡུལ་ལས་རྒྱལ་འགྱུར་རྗེ་བཙུན་མ། །དེ་ནས་གཞན་ཡང་བཤད་པར་བྱ། །གཡུལ་དུ་འཇུག་པར་བྱེད་པ་ཡང༌། །འདི་ནི་རྣམ་པར་ཤེས་ཙམ་གྱིས། །ཉི་མ་རྰ་ཧུའི་འབྲས་བུ་མཐོང༌། །ཇི་ལྟར་ཉི་མ་རཱ་ཧུ་


DTG203_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། མིག་དམར་གྱི་ནི་རཱ་ཧུ་དང༌། །སྤེན་པའི་རཱ་ཧུ་ཞེས་བྱ་བ། །ལྷན་ཅིག་ལམ་དུ་འཇོམས་པར་དྲན། །འདི་དང་ཉི་མ་ཁྱིམ་གཅིག་ཞུགས། །ཉི་མ་རཱ་ཧུ་ར་ཡོངས་སུ་གྲགས། །འཛོམ་པས་མཐོང་བའི་རིམ་པ་ལས། །སྟོབས་ཀྱི་རིམ་པ་ཤེས་པར་བྱ། །དབྱངས་འཆར་རྒྱུད་ལས་གང་གསུངས་པ། །ཕན་དང་གནོད་པའི་མཚན་ཉིད་ཅན། །གྱེན་དུ་རཱེ་ཁྰ་གསུམ་པ་ལ། །དེ་བཞིན་འཕྲེད་ལ་རེ་ཁྰ་གསུམ། །རེ་ཁྰ་ཕན་ཚུན་བསྣོལ་བ་ཡི། །རྩེ་མོར་ཁྱིམ་རྣམས་དགོད་པར་བྱ། །ཤར་གྱི་ཕྱོགས་ཀྱི་མདུང་རྩེ་ལ། །ལུག་དང་སེང་གེ་གཞུ་གསུམ་འབྱུང༌། །དེ་བཞིན་བྱང་གི་ཕྱོགས་སུ་ཡང༌། །ཉ་དང་སྡིག་པ་ཀ་རྐ་ཊ། །གཤིན་རྗེའི་ཕྱོགས་ཀྱི་མདུང་རྩེ་ལ། །བུ་མོ་གླང་དང་ཆུ་སྲིན་དགོད། །ནུབ་ཀྱི་ཕྱོགས་ཀྱི་ཁ་ལ་ནི། །སྲང་དང་བུམ་པ་འཁྲིག་པར་གྲགས། །ལུག་སྲང་དེ་བཞིན་སེང་གེ་བུམ། །གཞུ་དང་འཁྲིག་པ་ཞེས་བྱ་བ། །འཛོམ་པ་ཕན་ཚུན་གང་གནས་པ། །སླར་ཡང་གཡས་དང་གཡོན་པ་དག །རྐང་པ་རྫོགས་པ་མཐོང་བས་གསོད། །མ་རྫོགས་མཐོང་བས་སྟོབས་ཆུང་འགྱུར། །དེ་ལྟར་མདུང་རྩེ་བཅུ་གཉིས་ཕོ། །ཕན་ཚུན་བསྣོལ་བས་ཤེས་པར་བྱ། །ལྷན་ཅིག་གནས་དང་སྔོན་མར་གནས། །བཞི་རྣམས་མི་ཐུབ་དགེ་བ་ཡིན། །དེ་ཡང་ལུག་གི་སེང་གེ་དང༌། །གཞུ་དང་བུ་པ་འཁྲིག་པ་དང༌། །སྡིག་པ་བུ་མོ་དེ་བཞིན་གླང༌། །ཉ་དང་ཆུ་སྲིན་དག་གཉིད་དགེ། །དྲག་པོའི་གཟའ་རྣམས་འཁྱོག་པོར་སོང༌། །དེ་ལ་སྟོབས་ཆེར་འགྱུར་བ་ཡིན། །བསོད་ནམས་གཟའ་རྣམས་དྲང་བ་ལས། །སྟོབས་ནི་ཆེ་བར་གྲགས་པ་ཡིན། །རྣམ་པ་ཀུན་དུ་བལྟ་བ་ཡིན། །གཡུལ་སོགས་མངོན་པར་རྟོགས་པས་འགྲུབ། །མདོར་ན་གཟའ་ཡི་ཕྱོགས་ལ་ནི། །སྟོབས་ནི་ཆེ་ཆུང་བརྟག་པ་ཡིན། །རཱ་ཧུ་སྟོབས་ཆུང་རང་ཕྱོགས་གནས། །ལན་ཅིག་རྒྱལ་ཡང་མཐར་ནི་ཕམ། །དེ་ནས་གཞན་ཡང་བཤད་པར་བྱ། །རཱ་ཧུ་གདོང་གི་རྒྱུ་སྐར་མཆོག །གང་གིས་རྣམ་པར་ཤེས་པ་ཡིས། །རྒྱལ་ཕམ་བདེ་སྡུག་ཤེས་པར་འགྱུར། །བི་ཙི་ན་རྰ་ཏུ་དང་ལྡན་པའི། །རྒྱུ་སྐར་རྣམས་ནི་བརྟག་པར་བྱ། །དབྱངས་འཆར་རྒྱུད་ལས་གསུངས་པ་བལྟ། །དེ་མེད་རྰ་ཧུས་གསོད་པར་བྱེད། །རྰ་


DTG203_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཧུ་སོང་བའི་སྐར་མ་ནི། །ཁ་ཡི་ནང་དུ་བྲི་བར་བྱ། །མཆེ་བ་ལ་གཉིས་སྣ་བུག་གཉིས། །སྣ་སྒང་གཉིས་དང་མིག་ལ་གཉིས། །རྣ་བ་གཡོན་བཞི་གཡས་ལ་བཞི། །དཔྲལ་བར་ལྔ་སྟེ་སྤྱི་བོར་གཅིག །ཀོ་སྐོ་ལ་གཅིག་མགྲིན་པར་བཞི། །ཁ་ཡི་ནང་ནས་བརྩམས་ནས་ནི། །གཡས་སྐོར་དུ་ནི་རིམ་བཞིན་དགོང༌། །དེ་ལ་འབྲས་བུ་བརྟག་པར་བྱ། །ཁ་ཡི་སྐར་མ་ལ་སོང་ན། །སྡུག་བསྔལ་སྣ་ཚོགས་ལུགས་ལ་འབྱུང༌། །མཆེ་བ་གཉིས་ཀྱི་སྐར་མ་ལ། །ནད་ནི་འབྱུང་བར་སྟོན་པ་ཡིན། །སྣ་བུག་སྐར་མ་གཉིས་ལ་གནས། །བཙོན་དུ་འཛིན་པར་འགྱུར་བ་ཡིན། །སྣ་སྒང་གཉིས་ལ་གནས་པ་ལས། །མི་མཐུན་པ་ཡང་མཛའ་བར་འགྱུར། །མིག་གཉིས་དག་གི་སྐར་མ་ལ། །འདོད་པའི་འབྲས་བུ་འབྱུང་ཞེས་དྲན། །རྣ་བ་གཡོན་པའི་སྐར་མ་བཞི། །ནོར་རྣམས་ཟད་པར་བྱེད་པ་ཡིན། །རྣ་བ་གཡས་པ་ལ་གནས་བཞིས། །འདོད་དོན་ཐོབ་པར་འགྱུར་ཞེས་སྨྲ། །དཔྲལ་བའི་ལྔ་པོས་བུ་ཐོབ་ཅིང༌། །བདེ་ཞིང་སྐྱིད་པར་ཡང་དག་སྟོན། །དེ་བཞིན་སྤྱི་བོའི་གཅིག་ལ་ནི། །རང་འདོད་གནས་ནི་ཐོབ་པར་འགྱུར། །ཀོ་སྐོའི་སྐར་མ་གཅིག་པོ་ཡིས། །འབྲུ་དང་བཟའ་བཏུང་ཐོབ་པར་འགྱུར། །མགྲིན་པའི་སྐར་མ་བཞི་པ་ལ། །རྩོད་དང་རྡེག་སོགས་འབྱུང་ཞེས་བྱ། །འདི་ལྟར་རཱ་ཧུའི་འཁོར་ལོ་ནི། །རྒྱས་པར་བཤད་དོ་ལྷ་ཆེན་མ། །ལྷ་མོས་གསོལ་པ། སྔར་གསུངས་འཁོར་ལོའི་རིམ་པ་ལས། །དབྱངས་དང་གསལ་བྱེད་ཡི་གེ་རྣམས། །ཇི་ལྟར་འཆར་བ་སྔར་མ་འཚལ། །གཙོ་བོས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རབ་བྱུང་ལ་སོགས་ལོ་རྣམས་ལ། །བཅུ་གཉིས་ལྔ་ལ་ཨ་སོགས་འཆར། །དེ་བཞིན་བགྲོད་པ་རེ་རེ་ལ། །ཨ་སོགས་ལྔ་ནི་འཆར་བར་དྲན། །དེ་ཡི་གནས་སྐེ་བས་དག་ལ་ཡང༌། །ཉི་མ་ཨ་ཨི་རྀ་ཨུ་ལྀ། །ཧ་བ་ར་བ་ལ་ཟླ་བ། །མིག་དམར་ཀ་ཁ་ཀ་གྷ་ང༌། །རཱ་ཧུ་ཏ་ཐ་ད་དྷ་ན། །ཕུར་པ་བ་ཕ་བ་བྷ་མ། །ཊ་ཋ་ཌ་ཌྷ་ཎ་སྤེན་པ། །ཙ་ཚ་ཛ་ཛྷ་ཉ་གཟའ་ལྷག །ཨ་ཨེ་ཨར་ཨོ་ཨལ་ཀེ་ཏུ། །ཤ་ཥ་ས་ཧ་ཀྵ་དཀར་པོ། །རགས་དང་ཕྲ་བའི་རིམ་པ་ཡིས། །གནས་སྐབས་ལ་འཆར་རྗེ་བཙུན་མ། །དེ་ལྟར་ཆོ་ག་མ་ལུས་བཤད། །


DTG203_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ད་གཟོད་ཅི་འདོད་བཤད་ཀྱིས་ཉོན། །འདི་ནི་གཡུལ་ལས་རྣམ་པར་རྒྱལ་བ་མཆོག་ཏུ་གསང་བ་དབྱངས་འཆར་བ་ཞེས་བྱ་བའི་རྒྱུད་ལས། །སྒྲ་གཅན་གྱི་འཁོར་ལོ་རྣམ་པར་ཕྱེ་བ་ཆེན་པོ་སྟེ་ལེའུ་དགུ་བའོ།། །།ལྷ་མོས་གསོལ་པ། །སྤེན་པའི་འཁོར་ལོ་ཇི་ལྟ་བུ། །དེ་ལ་རྒྱུ་སྐར་ཇི་ལྟར་དགོད། །དེ་ཡི་འབྲས་བུ་ཇི་ལྟ་བུ། །བཅོམ་ལྡན་འདས་ལས་བདག་ཉན་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ལྷ་མོ་བཤད་པར་བྱ། །ཁྱོད་ཀྱིས་ཇི་ལྟར་ཞུས་པ་བཞིན། །སྤེན་པའི་ཡན་ལག་རྒྱུ་སྐར་གྱིས། །དགེ་དང་མི་དགེའི་འབྲས་བུ་དང༌། །སྤེན་པ་རྒྱུ་སྐར་སྤྱོད་པ་ལས། །སེམས་ནི་མཉམ་པར་གཞག་པ་ཡིས། །རྙེད་དང་མི་རྙེད་ཤེས་པ་དང༌། །དེ་བཞིན་འཆི་དང་འཚོ་བ་སྟོན། །ས་གཞི་རབ་ཏུ་ཡིད་འོང་ལ། །སྤེན་པའི་གཟུགས་ནི་མཉམ་པར་བྲི། །འཁྱུད་པའི་སྐར་མ་ཁ་ལ་བྲི། །ལག་པ་གཡས་ལ་བཞི་དགོད་བྲི། །རྐང་པ་གཉིས་ལ་སྐར་མ་དྲུག །ལག་པ་གཡོན་བཞི་སྙིང་གར་ལྔ། །མིག་ལ་གཉིས་ཏེ་སྤྱི་བོར་གསུམ། །དེ་བཞིན་གསང་བའི་གནས་སུ་གཉིས། །དེ་ལྟར་རྒྱུ་སྐར་བཀོད་པ་ལས། །ལྷ་ཡི་བཙུན་མོ་འབྲས་བུ་བརྟག །ཁ་ཡི་སྐར་མ་ལ་སོང་ན། །སྡུག་བསྔལ་སྣ་ཚོགས་འཚོ་བའམ་འཆི། །གཡས་པ་བཞི་ཡིས་རྙེད་པ་དང༌། །རྣམ་པར་རྒྱལ་ཞིང་མི་མཐུན་མཛའ། །རྐང་བའི་སྐར་མས་གནས་ནས་འཕོ། །ནད་འབྱུང་བུ་ཡང་འཆི་བར་འགྱུར། །ལག་པ་གཡོ་ན་བཞིས་རྒྱས་ས་ཤོར། །ནོར་སྟོར་རང་གི་མཛའ་བོས་གསོད། །སྙིང་གས་རྒྱལ་བ་རྙེད་པ་དང༌། །བུད་མེད་ཐོབ་ཅིང་ཆོས་རྣམས་སྡུད། །མིག་གཉིས་སྐར་མས་ནོར་སྡུད་ཅིང༌། །མི་མཐུན་པར་ཡང་མཛའ་བོར་འགྱུར། །མགོ་བོས་བདེ་ཞིང་དགྲ་ཡང་མེད། །གསང་བས་འཇིགས་པ་ཆེན་པོ་འབྱུང༌། །ཡུལ་འཐོན་འཆིར་ཉེའི་སྡུག་བསྔལ་འབྱུང༌། །བུ་སྨད་དགྲར་འགྱུར་འཐབ་རྩོད་འབྱུང༌། །དེ་ལྟར་ཉི་མའི་བུ་ལ་ནི། །རྒྱུ་སྐར་གནས་པའི་འབྲས་བུ་ཡིན། །ཁ་ནས་གསང་བར་བགྲོད་པ་སྟེ། །གསང་བ་ནས་ནི་མགོ་བོར་འགྲོ། །དེ་ནས་མིག་ལ་རྣམ་པར་སྤྱོད། །མིག་ནས་སྙིང་གའི་བར་དུ་འགྲོ། །སྙིང་ག་ནས་ནི་ལག་རྐང་གཡོན། །


DTG203_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྐང་པ་ལག་པ་གཡས། །སྤེན་པའི་ལུས་ལ་གནས་པ་ཡི། །རྒྱུ་སྐར་དེ་ལྟར་བསྐོར་བ་ཡིན། །དེ་ལྟར་སྤེན་པ་བཤད་ཟིན་ནས། །གྲོགས་མོ་གཞན་གྱི་ཡན་ལག་བཤད། །བྱ་ཁྱུང་འཁོར་ལོས་མངོན་སུམ་དུ། །འབྲས་བུ་སྟོན་ནོ་ལྷ་ཆེན་མ། །བྱ་ཁྱུང་གཟུགས་མཛེས་བྲིས་ནས་ཀྱང༌། །རྒྱུ་སྐར་རིམ་གྱིས་དགོད་པར་བྱ། །ཉི་མས་འཁྱུད་པའི་སྐར་མ་དེ། །མཆུ་ནས་ཇི་བཞིན་བྲི་བར་བྱ། །བརྒྱད་ནི་རྐང་པར་དགོད་པ་སྟེ། །མིག་ལ་གཉིས་ནི་ལེགས་པར་དགོད། །སྤྱི་བོར་གསུམ་ནི་དགོད་པར་བྱ། །སྙིང་ག་དག་ལ་ལྔ་ཡིན་ཏ། །གཤོག་པ་གཉིས་ལ་བརྒྱད་བྲིས་ལ། །དེ་ལ་འབྲས་བུ་བརྟག་པར་བྱ། །མཆུ་ལ་སོང་ན་ལུས་ནད་འབྱུང༌། །རྐང་པས་དོན་མེད་མི་དགེ་འབྱུང༌། །མིག་གཉིས་ཀྱིས་ནི་དོན་རྙེད་འགྱུར། །སྤྱི་བོས་དགྲ་རྣམས་འཇོམས་པར་བྱེད། །སྙིང་གས་བུད་མེད་མཉམ་པར་སྦྱོར། །གཤོག་པས་འཇིགས་པ་ཆེན་པོ་འབྱུང༌། །ལྷ་མོ་འདི་འདྲའི་འཁོར་ལོ་ཡིས། །དོན་ནི་ངེས་པར་རྟོགས་པར་འགྱུར། །ཇི་ལྟར་ལྷ་ཡི་གཙོ་མོ་ཡིས། །ཞུས་བཞིན་བདག་གིས་བཤད་པ་ཡིན། །ལྷ་མོས་གསོལ་པ། །བིཥྚིའི་འཁོར་ལོ་ཞེས་བྱ་བ། །བིཥྚིའི་རྣམ་པ་ཅི་ཞིག་བཤད། ལས་དང་བྱ་བ་ཇི་ལྟར་ལགས། །དབང་ཕྱུག་གཙོ་ལ་བདག་ཉན་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །ཁྱོད་ཀྱིས་ཇི་ལྟར་ཞུས་པ་བཞིན། །བཤད་ཀྱིས་ཉོན་ཅིག་རྗེ་བཙུན་མ། །བིཥྚི་རྣམ་པ་བརྒྱད་དུ་བརྗོད། །སྣ་ཚོགས་གཟུགས་ཅན་སྟོབས་ཆེ་བ། །ཐམས་ཅད་འདུས་པས་བརྒྱད་ཡིན་ཏེ། །མེ་རུ་འབར་བ་ཅན་ཞེས་བྱ། །དཔང་པོའི་ཕྱོགས་སུ་ཀ་རཱ་ལཱ། །མ་ཧཱ་གྷོ་ར་དབང་ལྡན་དུ། །བཀྲ་ཤིས་བྱང་གི་ཕྱོགས་སུ་སྟེ། །མ་ཧཱ་ཛི་ཀ་རླུང་གི་ཕྱོགས། །ཆུ་བདག་ཕྱོགས་ན་བཱ་ཏ་བཱ། །མ་ཧཱ་མ་རི་སྲིན་པོའི་ཕྱོགས། །དུས་ཀྱི་ལྕེ་ནི་ལྷོ་ཕྱོགས་སུ། །བིཥྚི་འདི་རྣམས་ཕྱོགས་མཚམས་གནས། །གཟུགས་དང་ཁ་དོག་སྣ་ཚོགས་པ། །གདོན་གྱི་སྒྲུབ་ཐབས་སྣ་ཚོགས་སྒྱུར། །ཟླ་བ་ཉ་དང་དེ་བཞིན་གསུམ། །བདུན་དང་བཅུ་དང་འབྱུང་པོའི་ཉིན། །བཞི་དང་བརྒྱད་དང་བཅུ་གཅིག་ལ། །རིམ་པ་བཞིན་དུ་འཆར་བར་


DTG203_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དྲན། །དེ་ལྟར་ཟླ་བ་ཉ་བ་ལ། །མེ་ནས་བིཥྚི་འབར་བ་འཆར། །དབང་ཕྱུག་གིས་ཀྱང་མེ་མཚམས་སུ། །དེ་ཚེ་ཁ་བལྟ་རུང་མ་ཡིན། །དེ་ལྟར་གནས་པའི་གནས་སྐབས་ལ། །ལས་དང་བྱ་བའི་བྱེ་བྲག་ཀྱང༌། །མེ་ནས་རླུང་དུ་འགྲོ་བ་དང༌། །བརྡེག་བརྡུང་མེ་སྤར་ལས་རྣམས་བྱ། །ཀཱ་རཱ་ལ་ཡི་སྣ་ཚོགས་མཚོན། །རེངས་པའི་ལས་དགེ་ནུབ་ཏུ་དགེ །མ་ཧཱ་གྷོ་རས་རྨོངས་དང་སྲིན། །གནོད་པའི་ལས་རྣམས་བསྒྲུབ་པར་བྱ། །བཀྲ་ཤིས་དགྲ་དང་འཐབ་པ་དང༌། །དགྲ་ཡུལ་བགྲོད་པའི་ལས་བསྒྲུབ་བྱ། །མ་ཧཱ་ཛི་ཀ་དྲུག་སྦྱོར་དང༌། །སྣ་ཚོགས་མཐུ་ནི་བསྒྲུབ་པར་བྱ། །བ་ཏ་བཱ་ལ་སྔགས་དང་དབང༌། །གསོད་པའི་ལས་བསྒྲུབ་ཤར་དུ་དགེ །དགྲ་ཆེན་མ་ལ་འཁྲུལ་འཁོར་དང༌། །སྒྱོགས་ཀྱི་ལས་རྣམས་བསྒྲུབ་པར་བྱ། །དུས་ཀྱི་ལྕེ་ལ་གཞན་སྡུད་བྱ། །སེམས་ཅན་ཐམས་ཅད་བསད་ལ་བསྒྲུབ། །ཅི་ལ་བབ་ཀྱང་བདག་གིས་ནི། །བིཥྚིའི་གདོང་ནི་སྤང་བར་བྱ། །དེ་ནས་བིཥྚིའི་ལོངས་སྤྱོད་བཤད། །བིཥྚིའི་ཆུ་ཚོད་སུམ་ཅུ་སྟེ། །བིཥྚིའི་གདོང་ལ་ཆུ་ཚོད་ལྔ། །བར་གྱི་ཆ་ལ་བཅུ་བཞི་སྟེ། །ཐ་མ་ལ་ནི་བརྒྱད་དུ་བརྗོད། །གཞུག་མ་ལ་ཡང་གསུམ་དུ་དྲན། །མཚན་མོ་གདོང་དགེ་མཇུག་མ་ངན། །མཇུག་དགེ་གདོང་གདུག་ཉོན་མོར་དྲན། །བར་གྱི་ཆ་ལ་ནོར་ཉམས་ཤིང༌། །ཐ་མ་ལ་ནི་སྲོག་འཕྲོག་བྱེད། །བདུན་བརྒྱད་ཉ་དང་བཅུ་གཉིས་ལ། །ཉིན་མོའི་བིཥྚི་ཞེས་བྱ་སྟེ། །གསུམ་བཞི་བཅུ་དང་བཅུ་གཅིག་པ། །བིཥྚི་མཚན་མོར་ཤེས་པར་བྱ། །དེ་ལྟར་ཆོ་ག་དབང་ཕྱུག་མ། །བིཥྚིའི་འཁོར་ལོར་ཡོངས་སུ་གྲགས། །གྷུ་ཛཱ་ཊེ་ཎ་དཀར་ཕྱོགས་ལ། །གུ་ཙྪེ་ཏེ་དྷ་ནག་ཕྱོགས་བརྗོད། །གསལ་བྱེད་ཚེས་སུ་ཤེས་བྱ་སྟེ། །དེ་བཞིན་དབྱངས་ནི་ཐུན་མཚམས་ཉིད། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལས། །དེ་ལྟར་བྱས་ན་གཡུལ་ལས་རྒྱལ། །མིང་གི་ཡི་གེ་དང་པོ་ནི། །ཕྱོགས་ཀྱི་དུས་ལ་འཆར་བར་དྲན། །དབྱངས་སྡེ་མ་ཐར་ནི་སྡེ་ཚན་ལྔ། །ལ་ར་ལ་ཝ་དེ་བཞིན་ཏེ། །ཤ་ཥ་ས་ཧའི་མཐར་ཐུག་པ། །ཕྱོགས་མཚམས་བརྒྱད་ལ་རིམ་བཞིན་དགོད། །མིང་གི་ཡི་གེ་དབྱངས་ལས་སོ། །གཅིག་དང་དགུ་ལ་རང་ཕྱོགས་དགེ །ཀ་སོགས་


DTG203_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཕྱོགས་ལ་ནི། །གཉིས་དང་བཅུ་ལ་དགེ་བར་དྲན། །ཙ་སོགས་རང་གི་ཕྱོགས་ལ་ཡང༌། །གསུམ་དང་བཅུ་གཅིག་དག་ལ་འཛོམ། །ཊ་སྡེ་རང་གི་ཕྱོགས་གནས་པ། །བཞི་དང་བཅུ་གཉིས་ཚེས་ལ་འཆར། །ཊ་སྡེ་རང་གི་ཕྱོགས་ལ་ཡང༌། །ལྔ་དང་བཅུ་གསུམ་པ་ཡི་ཚེ། །རང་གི་ཕྱོགས་སུ་པ་སྡེ་རྣམས། །ཚེས་ནི་དྲུག་དང་བཅུ་བཞི་ལ། །ཡ་ར་ལ་ཝ་རང་ཕྱོགས་ལ། །བདུན་དང་བཅོ་ལྔ་དག་ལ་འཆར། །དེ་ལྟར་ཤཥ་ས་ཧ་རྣམས། །རང་ཕྱོགས་བརྒྱད་དང་གནམ་སྟོང་ངོ༌། །ཨ་ནས་ཧ་ཡི་མཐར་ཐུག་པར། །དེ་ལྟར་བདག་ཉིད་ཅན་དུ་བརྗོད། །སྡེ་ཚན་བརྒྱད་ཀྱི་རིམ་པ་བཞིན། །དང་པོ་ནས་བརྩམས་ཕྱོགས་མཚམས་དགོད། །དེ་ལྟར་རང་གི་དབྱངས་དང་ནི། །གསལ་བྱེད་ཕྱོགས་མཚམས་ཡང་དག་གནས། །དབང་པོར་ཚེས་དང་ཡི་གེའི་གདན། །ཚངས་མ་ཞེས་བྱར་ཡོངས་སུ་གྲགས། །དེ་བཞིན་མེ་རུ་ཡི་གེ་དང༌། །ཚེས་ཀྱི་བདག་མོ་གཞོན་ནུ་མ། །གཤིན་རྗེར་མིང་གི་ཡི་གེ་ལ། །དབང་ཕྱུག་མ་ནི་འཆར་བར་འགྱུར། །སྲིན་པོར་ཡི་གེ་ཚེས་ལ་ཡང༌། །ཁྱབ་འཇུག་མ་ནི་འཆར་བར་འགྱུར། །ཆུ་བདག་ལྔ་དང་བཅུ་གསུམ་ལ། །ཏ་ཡི་བདག་མོ་ཕག་ཡིན་ནོ། །རླུང་དུ་དྲུག་དང་བཅུ་བཞི་ལ། །པ་སྡེའི་བདག་མོ་དབང་མོར་འཆར། །བདུན་དང་ཉ་ལ་རྣམ་ཐོས་བུར། །ཡ་ཚན་རྒན་བྱེད་མ་ཡང་འཆར། །དབང་ལྡན་བརྒྱད་དང་གནམ་སྟོང་ལ། །ཤ་སྡེ་སྒེག་མོ་ཆེན་མོ་འཆར། །དེ་ལྟར་ཕྱོགས་མཚམས་ཐམས་ཅད་དུ། །དཀར་མོ་ཚེས་ནི་སོ་སོ་ལ། །མིང་གི་ཡི་གེ་དབང་བྱེད་པ། །རྣལ་འབྱོར་མ་བརྒྱད་འཆར་བར་གྲགས། །རང་ཕྱོགས་ནས་སོང་རྒྱལ་བ་སྟེ། །དེར་འཇུག་རྣམས་ལ་ཞེ་སྡང་བྱེད། །སྟོབས་ཆེན་ནུས་མེད་ཆོས་བ་ལ། །འཁོར་ལོ་བདེན་པར་ཐེ་ཚོམ་མེད། །དེ་ནས་གཞན་ཡང་བཤད་པར་བྱ། །དུས་སྦྱོར་བྱེད་པའི་འཁོར་ལོ་མཆོག །གང་གིས་རྣམ་པར་ཤེས་ཙམ་གྱིས། །ལས་ཀུན་ཐེ་ཚོམ་མེད་པར་འགྲུབ། །ལྷ་ཡི་གཙོ་མོ་ཞག་གཅིག་ལ། །དུས་སྦྱོར་ཕྱེད་པ་ཉི་ཤུ་བཞི། །ཆུ་སྲང་སུམ་ཅུ་ཆུ་ཚོད་གཉིས། །ལུག་གི་དུས་སྦྱོར་ཕྱེད་པར་འགྱུར། །ཉིན་མོའི་ཆུ་ཚོད་བཅུ་གཉིས་ཀྱིས། །བགོས་པས་ཐོབ་པ་ཆུ་ཚོད་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་


DTG203_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་སྲང༌། །མཚན་མོའང་དེ་བཞིན་ཤེས་པར་བྱ། །དེ་ལས་དུས་སྦྱོར་ཕྱེད་པ་ཡི། །ལོངས་སྤྱོད་རྟོགས་པར་འགྱུར་བ་ཡིན། །ཐོག་མར་དང་པོ་ནས་བརྩམས་ཏེ། །གང་འདོད་ལྔས་བསྒྱུར་རས་གཟའ་བསྣན། །བདུན་གྱིས་ཕྱེ་བའི་ལྷག་མ་རྣམས། །དུས་སྦྱོར་ཕྱེད་པའི་གཟའ་རུ་འགྱུར། །དུས་སྦྱོར་ཕྱེད་པའི་བདག་པོ་ནི། །དང་པོ་ལ་སོགས་ངེས་པར་མཐོང༌། །རང་ས་ནས་བགྲངས་དྲུག་པ་ལ། །བསྐོར་བ་དུས་སྐྱོར་ཆེ་བདག་གཟའ། །ཉི་མའི་པ་སངས་ཟླ་བའི་སྤེན། །ཕུར་བུའི་མིག་དམར་དེ་བཞིན་སྦྱར། །དྲུག་གི་གྲངས་ལ་བསྐོར་བ་ཡིས། །དུས་སྦྱོར་ཕྱེད་པའི་བདག་པོ་འབྱུང༌། །དྲག་པོ་བསོད་ནམས་གཙིགས་པ་ཅན། །བརྟན་པ་སྤངས་པ་སྤོང་བྱེད་མ། །འཆི་བ་དགྲ་དང་དགེ་བ་དང༌། །གདུག་པ་གཏུམ་མོ་སྨིན་དྲུག་དང༌། །བདུད་རྩིའི་དུས་མཚན་དྲག་བྱེད་མ། །བི་ཀྲ་མ་དང་སྐྲག་བྱེད་མ། །གོའུ་ཧ་ར་ཞེས་གྲགས་དང༌། །རྒྱུ་མའི་འོད་ཟེར་ཆེན་མོ་དང༌། །སྲོག་འཕྲོག་མྱ་ངན་འཆར་བ་མ། །ད་ཧ་ནི་དང་ཀུན་ཐོས་མ། །ཉི་ཤུ་རྩ་བཞི་རིམ་པ་བཞིན། །དུས་སྦྱོར་བྱེད་པའི་མིང་དུ་དྲན། །དྲག་པོ་དང་ནི་གཙིགས་པ་ཅན། །འཆི་བ་དེ་བཞིན་དགྲ་དང་ནི། །དུས་མཚན་སྒྱུར་མ་ཆེན་མོ་དང༌། །སྐྲག་བྱེད་མ་དང་སྲོག་འཕྲོག་མ། །མྱ་ངན་མ་དང་ད་ཧ་ནི། །བཅུ་པོ་རྩུབ་པར་ཡོངས་སུ་གྲགས། །དེ་རྣམས་ཀུན་ལ་དགེ་བ་ཡིན། །ལས་བྱས་འཇིག་པ་འབྱུང་ཞེས་སྨྲ། །ཁ་ནི་གྱེན་བལྟས་ཐུར་བལྟས་དང༌། །འཕྲེད་ལ་ལྟ་བ་ཡོད་པར་སྣང༌། ཉི་མ་སྤྱོད་པའི་རིམ་པ་ཡིས། །དུས་སྦྱོར་ཕྱེད་པ་ཤེས་པར་བྱ། །དུས་སྦྱོར་ཕྱེད་ལ་གཅིག་ཡིན་ཏེ། །དེ་ལྟར་བྱས་པས་ཉི་ཤུ་བཞི། །གྱེན་ཐུར་འཕྲེད་ཀྱི་མཚན་ཉིད་ཀྱང༌། །དེས་པར་ཉོན་ཅིག་རི་སྲས་མོ། །ཉི་མ་གང་ལ་གནས་པ་ཡིས། །སྔོན་མའི་ཕྱེད་པ་གྱེན་པ་བལྟས་དྲན། །ཉི་མ་དང་ནི་ལྷན་ཅིག་པའི། །ཁྱིམ་ནི་འཕྲེད་ལ་ལྟ་བ་ཡིན། །ཉི་མའི་ཕྱི་ནས་འགྲོ་བ་ནི། །ཐུར་བལྟས་དུས་སྦྱོར་ཕྱེད་པ་ཡིན། །གྱེན་ཐུར་འཕྲེད་ཀྱི་རིམ་པ་ལྟ། །དགེ་བའི་ལས་ནི་རུང་མ་ཡིན། །དེ་རྣམས་སྤངས་པའི་ཕྱེད་པ་ལ། །དགེ་བའི་འབྲས་བུ་ངེས་པར་མཐོང༌། །འདི་ལྟར་ལས་དང་བྱ་


DTG203_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ། །ཉོན་མོངས་བྱེད་པའི་དུས་སྦྱོར་ནི། །འཕྲེང་ཐུར་བལྟས་པས་ཉོན་མོངས་པར། །བྱེད་འགྱུར་ལྷ་ཡི་དབང་ཕྱུག་མ། །ཁ་ནི་འཕྲེད་བལྟས་ཐུར་སྦྱོར་གྱི། །ཕྱེད་བས་འཁོར་རྣམས་ཟད་པར་བྱེད། །གྱེན་བལྟས་ཞེས་བྱར་གྲགས་པ་ཡིས། །སྡེ་བའི་དགྲ་ཀུན་ཕམ་པར་བྱེད། །ཁ་ནི་འཕྲེད་བལྟས་དུས་སྦྱོར་གྱི། །ཕྱེད་པས་དགྲ་ཡང་ཕམ་པར་བྱེད། །རང་གི་དུས་སྦྱོར་བདག་པོ་ཡིས། །ཕྱེད་པས་མཐོང་ན་ལས་ཀུན་འགྲུབ། །དེ་ལྟར་དུས་སྦྱོར་ཕྱེད་པའང༌། །བཤད་ཟིན་དཔའ་བོའི་དབང་ཕྱུག་མ། །ཟ་བ་ཁྱིམ་ནི་གང་ལ་གནས། །དེ་ཡི་ཆ་ཤས་ཤེས་པ་ཡིས། །ཐམས་ཅད་ལས་ནི་དེ་བཞིན་དུ། །འགྲུབ་ཅིང་འགྱུར་བར་བྱེད་པ་ཡིན། །པྲ་བྷ་སེ་དང་རང་ལུས་གནས། །འཆི་བ་དགོད་པར་སྐྱེ་བ་དང༌། །འབར་བ་དགའ་བ་སྤྱོད་པ་དང༌། །མི་མཐུན་བྱེད་པ་སུ་པ་ཏ། །འབྱོར་བ་རྣམས་ནི་རིམ་པ་བཞིན། །ཟླ་བ་གང་ལ་གནས་པ་ཡི། །ལུག་ལ་སོགས་པའི་ཁྱིམ་ཤེས་པས། །དེ་ཡི་འབྲས་བུ་འབྱུང་བར་འགྱུར། །བརླག་པ་བདེ་ལེགས་འཆི་བ་དང༌། ཏཥྞི་ནོར་ཐོབ་གསོད་པ་དང༌། །དགའ་བ་ཉམས་པ་ངེས་པའི་དགྲ། །རྒྱལ་བ་འཆི་བ་ལེགས་འོངས་སོ། །དེ་ལྟར་ཁྱིམ་གྱི་ཆ་ཤས་ཀྱིས། །འབྲས་བུ་རིམ་བཞིན་ཤེས་པར་བྱ། །ཟླ་བའི་ལོངས་སྤྱོད་བཟང་ངན་ལས། །ལས་དང་བྱ་བ་ངེས་པར་མཐོང༌། །ཆ་ཤས་བཟང་ནང་གནས་བལྟས་ཏེ། །དགེ་མི་དགེ་ལས་དོན་འགྲུབ་འགྱུར། །ཐུན་ཕྱེད་ཡོངས་སུ་ཤེས་པ་ལས། །རིགས་ལྡན་འཆར་བར་ཤེས་པར་བྱ། །དགོས་འདོད་ཐམས་ཅད་འགྲུབ་པའི་ཕྱིར། །ཤིན་ཏུ་གཟབ་ལ་སྤངས་བར་བྱ། །རཱ་ཧུ་དང་ནི་རིགས་ལྡན་གྱིས། །ཐུན་ཕྱེད་བྱ་བ་ཉམས་པར་བྱེད། །གང་གིས་རིགས་ལྡན་ལོངས་སྤྱོད་པའི། །ཐུན་མཚམས་གང་ཡིན་མི་ཤེས་པར། །ཟས་ཞིམ་ཟོས་ཀྱང་ནད་འགྱུར་ཞིང༌། །ནད་པས་སྨན་འཐུངས་དུག་ཏུ་འགྱུར། །སྤྲུལ་སོས་བཏབ་ལ་ཁྱུང་གིས་མིན། །དེ་ཕྱིར་རིགས་ལྡན་སྦྱར་བ་སྤང༌། །ཐུན་ཕྱེད་བརྒྱད་དུ་རབ་བརྗོད་པ། །ཉི་མའི་དུས་སུ་རཱ་ཧུ་དང༌། །དེ་བཞིན་རིགས་ལྡན་འཆར་བ་དང༌། །ཟླ་བ་མིག་དམར་གཟའ་ལྷག་དང༌། །ཕུར་བུ་པ་སངས་སྤེན་པ་དང༌། །རིམ་བཞིན་དེ་རྣམས་


DTG203_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དང་ནི། །བདུན་དང་དྲུག་དང་ལྔ་དང་ནི། །དེ་བཞིན་བཞི་དང་གསུམ་པ་དང༌། །གཉིས་དང་གཅིག་ཅེས་བྱ་བ་རྣམས། །གཟའ་རྣམས་སོ་སོའི་ཐུན་བྱེད་མིན། །རིང་ཐུང་མཚན་ཉིད་ཤེས་བྱ་སྟེ། །མཉམ་དུས་ཆུ་ཚོད་གསུམ་དང་ནི། །ཆུ་སྲང་བཞི་བཅུ་རྩ་ལྔར་ལྡན། །དེ་ཡི་ཐུན་ཕྱེད་ཀུན་ལ་སྦྱར། །གཟའ་རྣམས་ཀྱི་ནི་ཐུན་ཕྱེད་བརྒྱད། །དེ་ལ་འཆར་བ་ངེས་པར་མཐོང༌། །ལྔ་དང་བཞི་སོགས་སྦྱར་ཞེས་བྱ། །ཐུན་ཕྱེད་ལོངས་སྤྱོད་བདུན་གྱིས་བསྒྱུར། །དེ་ལ་དྲུག་ཅུས་བགོས་ཐོབ་པ། །ཆུ་ཚོད་དུ་འགྱུར་ལྷག་ཆུ་སྲང༌། །དེ་ལྟར་གཟའ་རྣམས་རེ་རེ་ཞིང༌། །རང་གི་ཐུན་མཚམས་ཕྱེད་དུ་དྲན། །ཟླ་བ་ལ་སོགས་དྲུག་ལ་སོགས་ཏེ། །དེ་ལ་རིགས་ལྡན་འཆར་བར་འགྱུར། །དྲུག་པ་སོགས་པའི་བྱེ་བྲག་གིས། །བྱ་བ་ཐམས་ཅད་སྔར་བཞིན་རིགས། །ཉི་མའི་ཆུ་ཚོད་ཉི་ཤུ་དྲུག །ཆུ་སྲང་བཅོ་ལྡ་རི་སྲས་མོ། །ཟླ་བའི་ཆུ་ཚོད་ནི་ཤུ་གཉིས། །ལྷ་མོ་ཆུ་སྲང་སུམ་ཅུར་བཞེད། །ཆུ་ཚོད་བཅོ་ལྔ་མིག་དམར་ལ། །ཆུ་སྲང་བཞི་བཅུ་ཞེ་ལྡ་ཡིན། །གཟའ་ལྷག་ཆུ་ཚོད་བཅོ་ལྔ་སྟེ། །ཆུ་སྲང་སྟོང་པར་ཡོངས་སུ་གྲགས། །ཕུར་བུའི་ཆུ་ཚོད་བཅུ་གཅིག་སྟེ། །ཆུ་སྲང་བཅོ་ལྔ་ཞེས་བྱར་གྲགས། །པ་སངས་ཆུ་ཚོད་བདུན་ཡིན་ཏེ། ཆུ་སྲང་སུམ་ཅུ་སྤེན་པ་ལ། །གསུམ་དང་བཞི་བཅུ་རྩ་ལྔར་བརྗོད། །དེ་རྣམས་རིགས་ལྡན་ཐུན་མཚམས་ཏེ། ལས་དང་བྱ་བ་ཐམས་ཅད་ལ། །ཅི་ལ་བབ་ཀྱང་གཟབ་པར་བྱ། །འདི་ལྟར་དུས་སྦྱོར་ཕྱེད་པ་ནི། །མཉམ་ཚེ་དབྱུ་གུ་གཉིས་དང་ཕྱེད། །དེ་ལ་གཟའ་རྣམས་དབང་བྱེད་པ། །དྲུག་གི་གྲངས་ལ་བསྐོར་བར་དྲན། །ཉིན་མོ་དེ་ཡིན་ལྷ་བཙུན་མ། །མཚན་མོ་དབྱུ་གུ་གཉིས་དང་ཕྱེད། །དུས་སྦྱོར་ཕྱེད་པའི་བདག་པོ་རྣམས། །ལྔ་ལ་རིམ་པས་བསྐོར་བ་ཡིན། །སྤེན་པའི་ལོངས་སྤྱོད་དུས་སུ་ནི། །རིགས་ལྡན་ཅི་ནས་སྤང་བར་བྱ། །དགེ་འཇོམས་སྡིག་པ་ཅན་དེ་ནི། །སྤངས་བས་རང་གི་ལས་ཀུན་འགྲུབ། །ཉི་མ་ནས་ནི་པ་སངས་དང༌། །ཉི་མ་ནས་ནི་ཕུར་བུ་སོགས། །ཉིན་དང་མཚན་གྱི་དུས་སྦྱོར་ཕྱེད། །དྲུག་དང་ལྔ་ཨརུ་འགྱུར་བ་ཡིན། །དེ་ལྟར་དུས་སྦྱོར་ཕྱེད་ཤེས་པ། །ལེགས་པར་རྟོགས་སམ་གངས་ས་རིའི་བདག །ཉི་མ་མཐའ་ཡས་ཟླ་བ་གླ། །ནོར་རྒྱས་མིག་དམར་འཇོག་པོར་དྲན། །གཟའ་ལྷག་སྟོབས་ཀྱི་རྒྱུ་ཞེས་བྱ། །ཕུར་བུ་པདྨ་པ་སངས་ནི། །པདྨ་ཆེན་པོར་ཤེས་པར་བྱ། །སྤེན་པ་དུང་སྐྱོང་ཤེས་པར་བྱ། །ཀླུ་དང་གཟའ་བདུན་རིམ་པ་བཞིན། །ཤེས་པར་བྱའི་རི་སྲས་མོ། །བརྒྱད་


DTG203_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིགས་ལྡན་ཉིད་ཡིན་ཏེ། །རཱ་ཧུ་དྲག་པོའི་གཟའ་རུ་འགྱུར། །ཐུན་ཕྱེད་ལོངས་སྤྱོད་གཟའ་རྣམས་ལ། །ཀླུ་རྣམས་འཆར་བར་ཡོངས་སུ་གྲགས། །ཆུ་སྲང་བཅུ་དྲུག་ཉི་མའི་དབུས། །སྤང་བྱ་གཞན་ལ་སྐྱོན་མེད་དྲན། །པ་སངས་མཐའ་མའི་ཆུ་སྲང་བཞི། །གཟའ་ལྷག་སྔོན་མའི་ཆུ་སྲང་གཉིས། །ཟླ་བའི་དབུས་སུ་ཆུ་སྲང་བརྒྱད། །སྤེན་པའི་མཐའ་མར་ཆུ་སྲང་བཞི། །སུམ་ཅུ་རྩ་གསུམ་ཕུར་བུའི་དབུས། །མིག་དམར་ཐོག་མའི་ཆུ་སྲང་དྲུག །བཟང་པོའི་གཏམ་ཡིན་རི་སྲས་མོ། །རིགས་ལྡན་འཆར་བར་ཐེ་ཚོམ་མེད། །ཆུ་ཚོད་ཕྱེད་དང་གསུམ་ལ་ནི། །དུས་སྦྱོར་བྱེད་པ་ངེས་པར་མཐོང༌། །དྲུག་དང་ལྔ་ནི་རིམ་པ་བཞིན། །ཉོན་མོངས་ལ་སོགས་ལས་ཤེས་བྱ། །སྤེན་པའི་དུས་སྦྱོར་ཕྱེད་པའི་དུས། །གང་ཡིན་རིགས་ལྡན་འཆར་བར་འགྱུར། །བྱ་བ་ཐམས་ཅད་ཉམས་བྱེད་པས། །ཅི་ནས་འདི་ནི་སྤང་བར་བྱ། །གཟའ་ཡི་ཆ་ལ་ཅི་རིགས་པ། །ཀླུ་རྣམས་འཆར་བར་འགྱུར་བ་ཡིན། །རྒྱ་མཚོ་དྲང་སྲོང་མིག་དང་ནི། །འབྱུང་བ་དང་ནི་ནོར་ལྷ་མོ། །རོ་སྟེ་ཉི་མ་སོགས་རིམ་བཞིན། །ཐུན་ཕྱེད་སྒྲ་གཅན་དྲག་པོར་དྲན། །འབྱུང་བ་མིག་དང་རོ་དང་མེ། །རི་དང་རྒྱ་མཚོ་ཟླ་བ་ནི། །མིག་དམར་རཱ་ཧུ་ཞེས་བྱ་བ། །གཞན་གསད་པ་དང་དུག་སྦྱོར་འགྲུབ། །དེ་ལྟར་ཐུན་མཚམས་བདུན་པ་དང༌། །དྲུག་ལྔ་བཞི་གསུམ་གཉིས་གཅིག་རྣམས། །ཉི་མ་ལ་སོགས་རིམ་པ་བཞིན། །ཀླུ་ཡི་དུག་དེ་ཅི་ནས་འཛེམ། །ཇི་ལྟར་ཉི་མ་ལ་སོགས་པ། །གང་ལ་ཁྱིམ་ནི་འཕོ་བ་ན། །མཐོ་རིས་ལ་སོགས་བདག་པོ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །འཕོ་བ་བཅུ་གཉིས་བདག་པོ་ནི། །སྡིག་ཅན་གྱུར་ན་མི་དགེ་བྱེད། །བསོད་ནམས་ཀྱིས་ནི་དགེ་བར་སྟོན། །འདྲེན་མས་འབྲིང་པོར་འགྱུར་བ་སྟེ། །མང་ཉུང་ལས་ནི་དགེ་མི་དགེ །འབྲས་བུ་མཐོང་བར་འགྱུར་བ་ཡིན། །ལྷ་མོ་དབྱངས་ཆར་ཞེས་བྱ་བ། །དགོས་དོན་མ་ཚང་མེད་པ་ཡི། །རྒྱུད་འདི་བླ་མའི་མན་ངག་ལས། །ཐེ་ཚོམ་མེད་པར་ཤེས་པར་འགྱུར། །འཁོར་ལོའི་མཚན་ཉིད་མང་པོ་རྣམས། །གཞུང་གི་མཐར་ཐུག་འདི་ལས་ཤེས། །གང་ཚེ་བླ་མའི་མན་ངག་བྲལ། །དེ་ཚེ་བསྟན་བཅོས་གཞུང་འདི་སྤངས། །གང་ཞིག་ཐམས་ཅད་ལྟས་འདི་ལས། །འབྲས་བུ་མང་པོ་མཐོང་བར་འགྱུར། །ཐམས་ཅད་མཁྱེན་པའི་སྐྱེ་བོས་ཀྱང༌།།


DTG203_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་དགའ་བས་འདིར་ཞུགས་ན། །བཤད་པའི་འཁོར་ལོས་འདྲི་བྱེད་ལ། །འབྲས་བུ་ཕྲལ་དུ་མཐོང་བ་ཡིན། །སྐྱེས་པའི་གནས་སྐབས་འཁོར་ལོ་དང༌། །དུས་ཀྱི་འཁོར་ལོ་རི་སྲས་མོ། །ཨ་བ་ཀ་ཧ་ཌ་ཉིད་དང༌། །ཤ་ཧ་བ་ཏ་སེང་གེའི་གདན། །དེ་བཞིན་རྒྱན་གྱི་འཁོར་ལོ་དང༌། །མཛེས་མ་མཐོང་བའི་འཁོར་ལོ་སྟེ། །དེ་རྣམས་འབྲུ་ཡི་བྱེ་བྲག་ཀུན། །བཤད་དོ་དཔའ་བོས་ཕྱག་བྱས་མ། །རཱ་ཧུའི་འཁོར་ལོ་མང་པོ་ཡང༌། །མདོར་བསྡུས་བརྒྱད་བཤད་རི་སྲས་མོ། །ཁྱད་པར་ཡུད་ཙམ་འཁོར་ལོ་འདིས། །འབྲས་བུ་ཆེན་པོ་སྦྱིན་པ་ཡིན། །བཟང་མོ་དེ་སྙེད་བཤད་པ་འདིས། །ཀུན་ལ་དབྱངས་འཆར་ངེས་པ་ཡིན། །དབྱངས་འཆར་སྤོང་བའི་བླུན་པོ་ནི། །ནོར་བུ་ཕྱུགས་ལ་ཇི་ལྟར་བུར། །ཁ་ཡི་ནོར་བུ་དཔལ་མིན་བཞིན། །སྐྱེས་བུ་བླུན་པོས་མཆོག་འདི་སྨོད། །ཐེ་ཚོམ་མེད་ཅིང་འཇིགས་མེད་པ། །གཡུལ་ལས་རྒྱལ་བ་སེང་གེ་འདྲ། །རྗེས་སུ་བསྔགས་པའི་སྟོང་ཕྲག་གཅིག །འདི་ཡི་ཚད་མཛོད་ལྷས་མཆོད་མ། །ཐེ་ཚོམ་ཐམས་ཅད་གཅོད་པའི་རྒྱུད། །ལྷ་མོས་གསང་བ་ལས་ཀྱང་གསང༌། །མཆོག་ཏུ་གསང་བས་རྣ་བཞི་པ། །ཤིན་ཏུ་སྦས་འགྲུབ་ལྷ་མོ་ཀྱེ། །སྡིག་པ་ལ་བརྩོན་གཡོ་སྒྱུ་ཅན། །ཁྲོ་ཞིང་མ་རུངས་ལས་ལ་དགའ། །མེད་པ་བ་དང་རྒྱུད་འཚོང་བ། །གུས་མེད་རྣམས་ལ་སྦྱིན་མི་བྱ། །བླ་མ་ལ་གུས་སེམས་ཞི་བ། །བདེན་སྨྲ་རྟག་ཏུ་དགེ་ལ་བརྩོན། །བསྟན་བཅོས་དམ་པ་རྙེད་དཀའ་བ། །འདི་ལ་སྦྱིན་བྱ་ལས་མཆོད་མ། །དཔལ་ལྡན་ཁྱུ་མཆོག་རྒྱལ་མཚན་ལས། །གྲུབ་ཐོབ་ཨུཏྤལ་དབྱུ་གུ་དེས། །དབྱངས་འཆར་བསྟན་བཅོས་འདི་ཉིད་ནི། །ས་སྟེང་འཇིག་རྟེན་གསལ་བར་མཛད། །འདི་ནི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་ཀྱི་རྒྱལ་པོ་ལས་ལྷག་པའི་ལས་སྣ་ཚོགས་བསྟན་པ་ཆེན་པོ་སྟེ་ལེའུ་བཅུ་པའོ།། །།གཡུལ་ལས་རྣམ་པར་རྒྱལ་བ་ཞེས་པའི་རྒྱུད་ཀྱི་རྒྱལ་པོ་དབྱངས་འཆར་བ་ཞེས་བྱ་བའི་བསྟན་བཅོས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཔལ་ཛ་ཡ་ཨཱ་ནནད་ཆེན་པོ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རྨོངས་པའི་གཉེན་པོ་དགོས་འདོད་པ་ཐམས་ཅད་འབྱུང་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousགཡུལ་ལས་རྣམ་པར་རྒྱལ་བ་ཞེས་པའི་རྒྱུད་ཀྱི་རྒྱལ་པོ་དབྱངས་འཆར་བ་ཞེས་བྱ་བ། next