Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གཉིས་བརྒྱ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
དབྱངས་འཆར་བའི་དུས་སྦྱོར་གྱི་འབྲས་བུ་ཉེ་བར་མཁོ་བ། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདབྱངས་འཆར་བའི་དུས་སྦྱོར་གྱི་འབྲས་བུ་ཉེ་བར་མཁོ་བ། next

དབྱངས་འཆར་བའི་དུས་སྦྱོར་གྱི་འབྲས་བུ་ཉེ་བར་མཁོ་བ།


DTG203_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སྭ་རོ་ད་ཡ་ཀཱ་ལ་ཡུ་ག་ཕ་ལ་ཨུ་པ་དེ་ཤ་།བོད་སྐད་དུ། དབྱངས་འཆར་བའི་དུས་སྦྱོར་གྱི་འབྲས་བུ་ཉེ་བར་མཁོ་བ། ཨཱ་ཪྻ་མཉྫུ་ཤྲི་ཡེ་ན་མཿ། ལུག་གི་དུས་སྦྱོར་ཤར་མ་ཐག་ཏུ། དགྲ་དང་འཐབ་པ་དང་དབང་བསྐུར་བ་དང༌། འཐབ་རྩོད་ཀྱི་ལས་དང༌། ཁམས་ལ་སོགས་པ་ལ་སྤ་བ་དང༌། །རང་དང་གཞན་འབྲེལ་པར་བྱེད་པ་ལ་སོགས་པའི་ལས་བྱའོ། །གླང་གི་དུས་སྦྱོར་ཤར་བ་དང༌། བག་མ་དང༌། བརྟག་པའི་ལས་བྱའོ། །ཁང་པའི་བྱ་བ་དང༌། རང་གི་གནས་སུ་གཞུག་པ་དང༌། གཞོན་ནུ་མའི་གོས་དང༌། རྒྱན་ལ་སོགས་པ་བྱ་བ་དང༌། སྦྱིན་པའི་ལས་དང༌། ཞིང་ཉོ་བ་དང༌། ཞིང་ལས་བྱའོ། །འཁྲིག་པའི་དུས་སྦྱོར་ཤར་བ་དང༌། སྒྱུ་རྩལ་གྱི་ལས་དང་བཟོ་དང་རྒྱན་ལ་སོགས་པ་དང༌། གཞན་གྱི་དུས་སྦྱོར་དུ་བཤད་པ་ཐམས་ཅད་ཀྱང་བྱའོ། །ཀརྐ་ཊའི་དུས་སྦྱོར་བ་བབ་པ་ན། རྫིང་བུ་དང༌། ཁྲོན་པའི་ལས་དང༌། ཆུ་བསྒྱུར་བ་དང༌། རྒྱས་པའི་ལས་དང༌། གྲུབ་པའི་ལས་དང༌། མཐར་ཐོན་པའི་ལས་རྣམས་བྱའོ། །སེང་གེའི་དུས་སྦྱོར་ཤར་བའི་དུས་སུ། ཚོང་བྱ་བ་དང༌། ཤེས་པར་བྱ་བའི་ལས་དང༌། ཚོང་ཕྲན་དང༌། ཧེ་ཧ་ལས་དང༌། མིའི་བདག་པོར་དབང་བསྐུར་བའི་ལས་དང༌། གཞན་དང་མཐུན་པར་བྱ་བ་དང༌། ལུག་གི་དུས་སྦྱོར་དུ་བཤད་པ་ཐམས་ཅད་ཀྱང་བྱའོ། །བུ་མོའི་དུས་སྦྱོར་ལ་སྨན་གྱི་ལས་དང༌། ཟས་སྦྱོར་དང༌། བཟོ་བྱ་བ་དང༌། བརྟན་པ་དང༌། གཡོ་བའི་ལས་དང༌། རྒྱས་པའི་ལས་ཐམས་ཅད་བྱའོ། །སྲང་གི་དུས་སྦྱོར་ཤར་བའི་ཚེ། སོ་ནམ་བྱ་བ་དང༌། ཚོང་དང་བརྟན་པའི་ལས་དང༌། སྒྱུ་འཕྲུལ་དང༌། སྲང་ལ་སོགས་པ་ལ་གཞལ་བའི་ལས་བྱའོ། །སྡིག་པ་ཤར་བའི་དུས་སྦྱོར་ལ། འབེབས་པའི་ལས་དང༌། དྲག་པོའི་ལས་དང༌། ཁྲག་གི་ལས་དང༌། རྒྱལ་པོ་བསྙེན་བཀུར་བྱ་བ་དང༌། དབང་བསྐུར་བྱ་བ་དང༌། དཔའ་བོའི་མཚོན་ཆ་བྱ་བའི་ལས་དང༌། བརྟན་པའི་བྱ་བ་རྩོམ་པ་དག་བྱའོ། །གཞུའི་དུས་སྦྱོར་ཤར་དུས་སུ། གཞན་དུ་སོག་པ་དང༌། རྒྱས་པའི་ལས་དང༌། བག་མའི་ལས་དང༌། ཕྱུགས་ཀྱི་འདུལ་སྦྱང་བྱ་བ་དང༌། ཡོངས་སུ་བཟུང་བ་དང༌། ནད་ཟད་པར་བྱེད་པ་ལ་སོགས་


DTG203_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱའོ། །གཡོ་བའི་ལས་དག་བྱའོ། །ཆུ་སྲིན་གྱི་དུས་སྦྱོར་ལ། ཞིང་ལས་དང༌། བརྟན་པ་བརྩལ་བའི་ལས་དང༌། ཆུའི་ལས་དང༌། རྒྱུ་འགྲུལ་བྱ་བ་དང༌། བཅིངས་བ་བཀྲོལ་བ་དང༌། ཆུ་བརྟོལ་བར་བྱ་བ་དང༌། གཡོག་མོ་གཞུག་པ་དང༌། རྐང་པའི་ལས་དང༌། རྔ་མོའི་ལས་དག་བྱའོ། །བུམ་པའི་དུས་སྦྱོར་ཤར་བ་དང༌། གྲུ་བའི་ལས་ཐམས་ཅད་དང༌། ཆུ་སྦྱིན་པ་དང༌། བརྟན་པའི་ལས་དང༌། ས་བོན་བསྡུ་བའི་ལས་རྣམས་བྱའོ། །ཉ་ཡི་དུས་སྦྱོར་ཤར་བ་དང༌། རིག་པ་རྩོམ་པ་དང༌། རྒྱན་འདོགས་པ་དང༌། བཟོའི་ལས་དང༌། སོ་ནམ་བྱ་བ་དང༌། ཕྱུགས་ཀྱི་ལས་དང༌། སྒྱུ་འཕྲུལ་བྱ་བ་དང༌། བཟའ་བ་དང༌། བག་མ་དང༌། ཆོས་སློབ་པ་ལ་སོགས་པ་མཁས་པའི་ལས་བྱའོ། །འཕོ་བ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །དུས་སྦྱོར་བརྟག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ཛ་ཡ་ཨཱ་ནནད་དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་བའོ།། །།


previousདབྱངས་འཆར་བའི་དུས་སྦྱོར་གྱི་འབྲས་བུ་ཉེ་བར་མཁོ་བ། next