Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་བརྒྱད་པ།


   
   
   
   
   
   
   
ལུང་སྟོན་པ་ཙནྡྲ་པའི་ཡེ་གེའི་མདོའི་འགྲེལ་པ།  ཙནྡྲགོམིན།
   
   
   
   
   
   


 
previousལུང་སྟོན་པ་ཙནྡྲ་པའི་ཡེ་གེའི་མདོའི་འགྲེལ་པ། ཙནྡྲགོམིན།next

ལུང་སྟོན་པ་ཙནྡྲ་པའི་ཡེ་གེའི་མདོའི་འགྲེལ་པ།
ཙནྡྲགོམིན།


DTG212_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྡྲ་པའི་ཡི་གེའི་མདོའི་འགྲེལ་པ་གསར་


DTG212_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བཞུགས། །རྒྱ་གར་སྐད་དུ། ཙནྡྲ་བྱཱ་ཀ་ར་ཎ་བརྞྞ་སཱུ་ཏྲ་ཎི་བྲྀཏྟིཿ། བོད་སྐད་དུ། ལུང་སྟོན་པ་ཙནྡྲ་པའི་ཡི་གེའི་མདོའི་འགྲེལ་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྒྱལ་དཀའ་བདུད་ཀྱི་སྟོབས་བཅོམ་སྟེ། །རྙེད་དཀའི་གོ་འཕང་ཉམས་པ་མེད་བརྙེས་པ། །གཞན་དོན་ལེགས་མཛད་རྒུད་པ་མི་མངའ་བའི། །མི་མཆོག་ཀུན་མཁྱེན་དེ་ལ་ཕྱག་འཚལ་ནས། །སྒྲ་ཡི་བསྟན་བཅོས་མངོན་པར་མི་ཤེས་ཤིང༌། །རང་གི་དོན་ནི་ཚོལ་བར་འདོད་པ་ལ། །ཡི་གེའི་མདོ་ཡི་རྣམ་པར་འགྲེལ་པ་ནི། །བདག་གིས་མདོར་བསྡུས་པ་ཡིས་བརྗོད་པར་བྱ། །བདུད་ཀྱིས་ཉེར་སྒྱུར་སྐྱེ་ནོ་ངན། །ཡིད་ནི་ཕྲག་དོག་གིས་བཅོམ་ཕྱིར། །ཡོན་ཏན་སྐྱོན་དག་མི་ཤེས་པས། །སྐྱོན་མེད་པ་ཡང་རྟག་ཏུ་སྐྱོན། །སྐྱེ་བོ་དམ་པ་རིང་ནས་བཅོམ་ན་ཡང༌། །ད་ལྟར་གཞན་གྱི་སྐྱོན་དག་རྒྱས་མི་བྱེད། །སྐྱེ་དགུ་རྣམས་ལ་ནམ་ཡང་མི་བརྙས་པའི། །ཡོན་ཏན་ཕྱོགས་སུ་ལྷུང་བ་དེར་ཕྱག་འཚལ། །དེ་ལ་རེ་ཞིག་དང་པོར་སྒྲའི་མཚན་ཉིད་ཉེ་བར་བརྗོད་པར་བྱ་བ་ནི། །ནམ་མཁའ་རླུང་ལས་འབྱུང་དང་ལུས་ལས་དང༌། །བརྗོད་དང་ཁ་དང་ཉེ་བ་ནཱ་ད་སྟེ། །གནས་གཞན་རྣམས་སུ་དབྱེ་བར་བྱེད་པ་ཡིས། །ཡི་གེ་ཉིད་དུ་འབྱུང་གང་སྒྲ་ཡིན་ནོ། །ནམ་མཁའ་དང་རླུང་དང་ཞེས་པ་ནི་ནམ་མཁའ་དང་རླུང་དག་ལས་དེ་དག་འབྱུང་བའི་རྒྱུ་གང་ཡིན་པ་དེ་ནམ་མཁའ་འགྱུར་རྙེད་ཞིག་ན། ནམ་མཁའ་རླུང་ལས་རབ་ཏུ་བྱུང་ཞིང་ལུས་ལས་ནི། །ཡང་དག་རིམ་པས་གྱེན་བསྐྱོད་ཁ་ནང་སྒྲ་རིང་འདི། །གནས་རྣམས་དེ་མ་ཐག་པར་རབ་ཏུ་རྣམ་རྩོལ་ལྡན། །ཡི་གེ་ཉིད་དུ་ཀུན་དུ་འགྲོ་བ་གང་དེའི་སྒྲ། །ཞེས་པ་སྣང་སྟེ་འགྱུར་མི་བདེ།དང་རླུང་ལས་བྱུང་བའོ། །ཡང་ན་ནམ་མཁའ་དང་རླུང་ལས་འབྱུང་བ་ནི་སྐྱེ་བ་སྟེ་སྐྱེའོ་ཞེས་པའི་དོན་ཏོ། །ལུས་ལས་ཞེས་པ་ནི་ལུས་ཀྱི་ཕྱོགས་གཅིག་ལྟེ་བའི་ཕྱོགས་ལས་སོ། །བརྗོད་པ་ཞེས་པ་ནི་ཡང་དག་པར་སྟེང་ནས་ཕྱིར་འབྱུང་བའི་བར་དུ་འགྲོའོ་ཞེས་པའོ། །ཁ་དང་ཉེ་བ་ནི་འོང་བ་སྟེ་ཐོབ་པོ་ཞེས་པའི་དོན་ནོ། །ཅི་ཡིས་དེ་ནི་ནཱ་དའི་སྒྲར་འགྱུར་ཞེ་ན་མི་གསོལ་བའི་སྒྲ་ཞེས་པའོ། །གནས་གཞན་རྣམས་ནི་བརྒྱད་དེ། ཁོག་པ། མགྲིན་པ། སྤྱི་བོ། །ལྕེ་རྩ། སོ། །སྣ། མཆུ། རྐན་རྣམས་ཏེ། དེ་སྐད་དུའང༌། ཡི་གེའི་གནས་ནི་བརྒྱད་ཡིན་ཏེ། །ཁོག་པ་མགྲིན་པ་སྤྱི་བོ་


DTG212_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དང། །དེ་བཞིན་ལྕེ་རྩེ་སོ་དང་སྣ། །མཆུ་དག་དང་ནི་རྐན་རྣམས་སོ། །དེ་རྣམས་ཀྱང་གང་ལ་མ་ལྟོས་པའི་གནས་གཞན་དུ་བརྗོད་པའོ། །ཁོག་པའི་གནས་ནི་མགྲིན་པ་ལ་མ་ལྟོས་པའི་གནས་ཏེ་གནས་གཞན་མགྲིན་པའི་གནས་ལས་མི་བརྗོད་པས་ཁོག་པར་བལྟའོ། །གནས་གཞན་རྣམས་ཀྱང་གཞན་ཁོ་ནར་བལྟ་བར་བྱའོ། །དེས་ན་དེ་ཉིད་གནས་གཞན་རྣམས་སུ་དབྱེ་བར་བྱེད་པས་སོ་སོར་བྱ་བ་ཡིན་ནོ། །གང་ཡི་གེ་ཨ་ཡིག་ལ་སོགས་པ་རྣམས་ཀྱི་གཟུགས་སུ་འབྱུང་བ་དེ་ནི་སྒྲ་ཞེས་གསལ་བར་རྟོགས་པར་བྱའོ། །སྒྲ་གང་གི་མཚན་ཉིད་ཉེ་བར་བརྗོད་པ་དེ་ནི་སྤྱིའི་བདག་ཉིད་དོ། །ཅི་སྟེ་ཡི་གེ་དེ་རྣམས་ཅི་ལས་སྐྱེ་བར་འགྱུར་ཞེ་ན་སྨྲས་པ། གནས་དང་བྱེད་པ་དང་རྩོལ་བ་རྣམས་ལས་ཡི་གེ་རྣམས་སྐྱེའོ་ཞེས་པ་སྟེ། གནས་ནི་སྔར་བཤད་པའི་ཁོག་པ་དང་མགྲིན་པ་ལ་སོགས་པའོ། །བྱེད་པ་ནི་ལྕེའི་རྩ་བ་ལ་སོགས་པའོ། །རྩོལ་བ་ནི་འཕྲད་པ་ལ་སོགས་པའོ། །གནས་དང་བྱེད་པ་དང་རྩོལ་བ་ནི། གནས་དང་བྱེད་པ་དང་རྩོལ་བ་རྣམས་སོ། །དེ་རྣམས་ལས་ཡི་གེ་ཨ་ཡིག་ལ་སོགས་པ་རྣམས་སྐྱེ་བ་སྟེ་མངོན་པར་འབྱུང་བའོ། །དེ་རྣམས་ཀྱི་ནང་ནས་ཡི་གེ་རྣམས་ཅི། གནས་ནི་ཅི། །རྩོལ་བ་ནི་ཅི། རྣམ་པར་གཞག་པ་ཅི་ཞེ་ན། སྨྲས་པ། དེ་ལ་ཞེས་པ་ནི་ངེས་གཟུང་ལ་བདུན་པ་སྟེ། རེ་ཞིག་གནས་རྣམ་པར་བཤད་པ་འང་འདིའོ་ཞེས་བསམས་པའོ། །ཨ་ཀུ་ཧ་རྣམ་པར་བཅད་པ་རྣམས་ཀྱི་མགྲིན་པའོ། །མགྲིན་པ་ལས་བྱུང་བ་ནི་མགྲིན་པའི་གནས་ཏེ་མགྲིན་པའི་གནས་ནས་བརྗོད་པའོ། །དེ་དག་ཅི་ཞེ་ན། ཨ་ཀུ་ཧ་རྣམ་པར་བཅད་པ་རྣམས་སོ། །ཨ་ནི་ཨ་ཡིག་གོ །ཀུ་ནི་ཀ་སྡེའོ། །ཧ་ནི་ཧ་ཡིག་གོ །རྣམ་པར་བཅད་པའི་ཡང་ཨ་སྦྱར་བ་ནི་བརྗོད་པའི་རྟེན་ནོ། །དེ་རྣམས་མགྲིན་པའི་གནས་ལས་འབྱུང་བར་ཤེས་པར་བྱའོ། །ཨི་ཏ་ཨེ་ཏ་ཨཻ་ཏ་རྣམས་ཀྱི་མགྲིན་པ་དང་རྐན་ནོ། །རྐན་ལས་གྱུར་པ་ནི་རྐན་ཅན་ནོ། །མགྲིན་པ་དང་རྐན་དང་ཞེས་པ་ནི་མགྲིན་རྐན་གྱི་གནས་སོ། །ཅི་རྣམས་ཀྱི་ཞེ་ན་ཨི་ཏ་ནི་ཨི་ཡིན་ནོ། །ཨེ་ཏ་ནི་ཨེ་ཡིན་ནོ། །ཨཻ་ཏ་ནི་ཨཻ་ཡིན་ནོ། །ཨི་ཏ་ཨེ་ཏ་ཨཻ་ཏ་དེ་རྣམས་སོ། །ཏ་ཕ་རོལ་


DTG212_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྱེད་པ་ནི་བརྗོད་བདེ་བའི་དོན་དུའོ། །ཨུཏ་ཨོཏ་ཨཽཏ་རྣམས་ཀྱི་མགྲིན་མཆུའོ། །མགྲིན་པ་དང་མཆུ་ནི་མགྲིན་མཆུའི་གནས་སོ། །ཨུཏ་ནི་ཅི་ཞེ་ན་ཨུ་ཡིག་གོ །ཨོཏ་ནི་ཨོ་ཡིག་གོ །ཨཽ་ཏ་ནི་ཨཽ་ཡིག་གོ །ཨུཏ་ཨཽཏ་སྟེ་དེ་རྣམས་སོ། །ཏ་ཕ་རོལ་ཏུ་བྱེད་པ་ཙམ་ཀྱང་སྔ་མ་བཞིན་ནོ། །རི་ཊུ་ར་ཥ་རྣམས་ཀྱི་སྤྱི་བོའོ། །རྀ་ནི་རྀ་ཡིན་ནོ། །ཊུ་ནི་ཊ་སྡེའོ། །ར་ནི་རེ་ཕའོ། །ཥ་ནི་ཥ་ཡིག་གི་དོན་ནོ། །རྀ་ཊུ་ར་ཥ་རྣམས་ཀྱི་གནས་ནི་སྤྱི་བོའོ། །འདིར་སྔོན་མེད་པ་བསམ་པར་བྱ་བ་ནི་འདི་ཡིན་ཏེ་ཞེས་རེ་ཕ་འདིར་ཡིག་གི་དང་པོ་འམ་འོན་ཏེ་དབུས་སམ་མཐར་གནས། དེ་ལ་གལ་ཏེ་རེ་ཞིག་དང་པོར་དམ་འཆའ་ན། ཨགྒིར། རྀ་ཏ་དྲྀ་ཥྱེ་ཞེས་པ་འདི་ལ་རྀ་ཡིག་དེ། གང་ནི་དང་པོར་ཞེས་པ་འདིའི་ཕྱིར། ཨགྣིཿ་སྟེ་རྀ་ཏ་ཅེས་པ་འདི་ལ། རའི་ར་ལ་ཞེས་པ་འདིས་དབྱེ་བར་འགྱུར་རོ། །དེ་ལྟར་ཡང་ཡང་ན་ར་དབྱི་བས་རིང་པོར་ཐལ་ལོ། །དེའི་ཕྱིར་དང་པོར་མི་སྦྱོར་ཏེ། འོན་ཏེ། མཐར་ངེས་པར་གཟུང་བ་དེ་ལྟར་ཡོད་ན། ཧོ་ཏྲི་ར་ཐནྟ་རི་ཞེས་པ་འདིར། རའི་ར་ལ་དབྱི་བར་འགྱུར་བའི་ཕྱིར་དེ་ཡང་མ་ཡིན་ནོ། །དེ་ནས་ངེས་པར་བྱ་བ་ནི་དེ་བཞིན་དུ། ནྲྀ་ཎཱཾ་ཞེས་པ་འདིར་མཚོན་བྱ་ར་ཥ་ལས་ནའི་ཎའ་ཞེས་པ་འདིར་མཚོན་བྱ་ར་ཥ་ལས་ནའི་ཎའོ་ཞེས་པའི་སྦྱོར་བ་འདིས་ཎ་ཉིད་དུ་མི་འགྱུར་རོ་ཞེས་སོ། །བར་དུ་མི་ཐོབ་པ་ཁོ་ན་ཡོད་པ་འདི་ནི་མ་ངེས་པའི་གནས་ཀྱི་བྱ་བའི་དབང་ལས་ཀྱང་རྣམ་པར་ཤེས་སོ། །དེས་ན་ཇི་ལྟར་བྱ་བ་རྣམས་བསྒྲུབ་པའི་སྐྱོན་རྣམས་ཀྱང་སྤང་བར་བྱའོ། །དཔེར་ན་བྱ་རོག་ལྟ་བ་བཞིན་དུ་འདི་ཁས་བླང་བར་བྱ་སྟེ། བྱ་རོག་ལྟ་བར་བྱེད་པ་དེ་ནི་ནང་དགང་གི་ལོགས་ལྟ་བར་བྱེད་པ་དེ་དང་དེ་ཉིད་དུ་འདིའི་དབང་པོ་འགྲོའོ། །དེ་སྐད་དུ་འང༌། དང་པོར་ཨནྣིཿ་རྀ་ཏི་མཐོང༌། །དེ་ནས་ཧོ་ཏྲི་ར་ཐན་བཞག་བར་དུ་ནྲྀ་ཎཱཾ་གཞག་པར་བྱ། །དེ་ཕྱིར་བྱ་རོག་ལྟ་བཞིན་བརྗོད། །ཅེས་སོ། །སོ་ནོ་ལྀ་ཏུ་ལས་རྣམས་ཀྱིའོ། །ལྀ་ནི་ལྀ་ཡིན་ནོ། །ཏུ་ནི་ཏ་སྡེའོ། །ལ་ནི་ལ་ཡིག་གོ །ས་ནི་ས་ཡིག་གོ །ལྀ་ཏུ་ལ་ས་རྣམས་སོ། །འདི་རྣམས་ཀྱི་གནས་ནི་སོ་ཡིན་པར་རྟོགས་པར་


DTG212_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །སྣ་ནི་རྗེས་སུ་ང་རོའི་འོ། །ཨི་ཞེས་པ་རྗེས་སུ་ང་རོ་སྟེ་ཟླ་བ་ཕྱེད་པ་ཅན་ནོ། །དེའི་གནས་ནི་སྣའོ། །ང་ཉ་ཎ་ན་མ་རྣམས་ནི་རང་གི་གནས་དང་རྗེས་སུ་སྣ་ལྡན་ནོ། །རང་གི་ཞེས་པ་ནི་མགྲིན་པ་རྐན། སྤྱི་སོ། །མཆུ་དག་གོ ། གནས་ཀྱི་མཚན་ཉིད་ནི་གང་དག་སྣ་དང་རྗེས་སུ་འབྲེལ་པའི་མཐའ་ཅན་ནམ། རང་གི་གནས་དང་རྗེས་སུ་སྣ་ལྡན་པའོ། །ང་ཡིག་གི་རང་གི་གནས་ནི་མགྲིན་པ་སྟེ། ཀ་སྡེ་ཡིན་པའི་ཕྱིར་རོ། །ཉ་ཡིག་གི་རང་གནས་ནི་རྐན་ཏེ། རྩ་སྡེ་ཡིན་པའི་ཕྱིར་རོ། །ཎ་ཡིག་གི་རང་གི་གནས་ནི་སྤྱི་བོ་སྟེ་ཊ་སྡེ་ཡིན་པའི་ཕྱིར་རོ། །ན་ཡིག་གི་རང་གི་གནས་ནི་སོ་སྟེ། ཏ་སྡེ་ཡིན་པའི་ཕྱིར་རོ། །མ་ཡིག་གི་རང་གི་གནས་ནི་མཆུ་དག་སྟེ། པ་སྡེ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་བཤད་པར་འགྱུར་བ་ནི། ད་ཡིག་ལ་སོགས་པ་རེ་རེ་འང། མགྲིན་པ་ལ་སོགས་པ་རེ་རེའི་གནས་ཉེ་བར་མཚོན་པས་ན། གནས་ཞེས་པའོ། །ཨི་ཙུ་ཡ་ཤ་རྣམས་ཀྱི་རྐན་ནོ། །ཨི་ཏ་ནི་ཨི་ཡིག་གོ །ཙུ་ནི་ཙ་སྡེའོ། །ཡ་ནི་ཡ་ཡིག་གོ །ཤ་ནི་ཤ་ཡིག་གོ །དེ་རྣམས་ཨི་ཙུ་ཡ་ཤ་རྣམས་སོ། །དེ་རྣམས་ཀྱི་གནས་ནི་རྐན་ནོ། །མཆུ་དག་ནི་ཨུ་དང་པུ་དང་མཆུ་དང་ཉེ་བ་ཅན་རྣམས་ཀྱིའོ། །ཨུ་ནི་ཨུ་ཡིག་གོ །པུ་ནི་པ་སྡེའོ། །མཆུ་དང་ཉེ་བར་ཅན་ནི་པ་ཡིག་དང་ཕ་ཡིག་གི་སྟེང་དུ་བཞག་པའི་ཡི་གེ་གླང་པོ་ཆེའི་བུམ་པའི་རྣམ་པ་ཅན་ནོ། །འདི་ནི་མཆུ་དང་ཉེ་པ་ཅན་ཏེ་མཆུ་ལས་འབྱུང་བར་བལྟ་བར་བྱའོ།། སོ་དང་མཆུ་ནི་ཝ་ཡིག་གིའོ། །སོ་དང་མཆུ་སྟེ་ཝ་ཡིག་གི་གནས་སུ་རྟོགས་པར་བྱའོ། །དེ་ལྟར་ཡི་གེའི་རིམ་པ་ཇི་ལྟ་བས་གནས་ཀྱི་སྤྲོས་པ་མངོན་པར་བརྗོད་དེ། བྱེད་པ་ནས་བརྩམས་ནས་སྨྲས་པ། བྱེད་པ་ནི་ལྕེའི་རྩ་བ་ཅན་གྱི་ལྕེའི་རྩ་བའོ་ཞེས་པ་ལ་སོགས་པའོ། །ཀ་ཡིག་དང་ཁ་ཡིག་དག་གི་སྟེང་དུ་བཞག་པའི་རྡོ་རྗེའི་རྣམ་པའི་ཡི་གེའོ། །ལྕེའི་རྩ་བ་ཅན་དེའི་བྱེད་པ་ནི་ལྕེའི་རྩ་བས་བྱེད་དོ། །འདིས་ནི་འདིའི་བྱེད་པ་དང་གནས་ཀྱང་འདི་ཉིད་དུ་རྟོགས་པར་བྱའོ། །ལྕེ་དབུས་རྣམས་ཀྱི་ནི་རྐན་གྱི་གནས་ལས་


DTG212_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་སྔར་བཤད་པ་རྣམས་ཀྱི་ལྕེའི་དབུས་བྱེད་པར་གཟུང་ངོ༌། །ལྕེའི་རྩེ་མོ་དང་ཉེ་བ་ནི། སྤྱི་བོ་ལས་བྱུང་བ་རྣམས་ཀྱིའོ། །སྤྱི་བོའི་གནས་ནས་བྱུང་བ་རྣམས་ཀྱི་ནི། ལྕེའི་རྩེ་མོ་དང་ཉེ་བ་གོམས་པ་སྟེ། རྩེ་མོ་དང་ཉེ་བ་ནི་བྱེད་པར་རྟོགས་པར་བྱའོ། །སོ་ལས་བྱུང་བ་རྣམས་ཀྱི་ནི་ལྕེའི་རྩེ་མོའོ། །ལྕེ་རྩེའི་མཐའ་ཐུག་པ་ནི་སོའི་གནས་ལས་བྱུང་བ་རྣམས་ཀྱི་བྱེད་པར་བལྟ་བར་བྱའོ། །ལྷག་མ་རྣམས་ནི་རང་གི་གནས་ཀྱི་བྱེད་པ་ཅན་ནོ། །གང་ལྷག་མ་རྣམས་ཀྱི་བྱེད་པ་ནི་རང་གི་གནས་ཁོ་ན་བྱེད་པ་སྟེ་རང་གི་གནས་བྱེད་པ་ཡིན་པ་འདིས་ནི་བྱེད་པ་བཞི་མངོན་པར་སྒྲུབ་པ་གཞན་མ་བཤད་པའི་གནས་ལས་བྱུང་བ་རྣམས་རང་གི་གནས་ཁོ་ན་ལས་རྟོགས་བར་བྱའོ། །དེ་ལྟར་བྱེད་པ་མངོན་པར་བརྗོད་ནས་རྩོལ་བ་ཉེ་བར་བསྟན་པའི་ཕྱིར་སྨྲས་པ། རྩོལ་བ་རྣམ་པ་གཉིས་ཏེ་ཞེས་པ་ལ་སོགས་པ་སྟེ། ཆེས་རབ་ཏུ་འབད་བས་ན་རྩོལ་བ་སྟེ་བྱེད་པ་རྣམས་ཀྱི་ནང་དུ་གཏོགས་པའི་ཡོན་ཏན་གྱི་ཁྱད་པར་ལས་ངེས་པར་བྱུང་བའི་རང་བཞིན་ཏེ། ནམ་དུའང་འདིའི་རང་བཞིན་མཐའ་དག་བར་ངེས་པར་མི་ནུས་སོ། །དེས་ན་འདིར་ཡང་དེ་བཞིན་ཁོ་ནར་རྣམ་པར་བཤད་པ་བརྩམ་པར་བྱ་ཞེས་པའོ། །དེ་ཡང་རྣམ་པ་གཉིས་ཏེ། ཇི་ལྟར་ཞེ་ན། ནང་དང་ཕྱི་རོལ་གྱི་རབ་ཏུ་བྱེད་པ་གཉིས་སོ། །ནང་ནི་ནང་དུ་འཇུག་པའི་བྱེད་པའི་ནང་དུ་སོན་པར་རོ། །དེ་ལས་བཟློག་པ་ནི་ཕྱི་རོལ་ལོ། །དེ་ལའི་སྒྲ་ནི་འདིར་ངེས་གཟུང་ལ་འཇུག་གོ །ནང་ནི་ཇི་སྲིད་མ་ནོར་བ་བརྗོད་དོ་ཞེས་པ་དེ་སྲིད་དུའོ། །ནང་གི་རྩོལ་བ་འདི་ལའང་བཙུམས་པ་དང་ཕྱེ་བ་དང་ཕྲད་པ་དང་ཅུང་ཟད་ཕྲད་པའི་དབྱེ་བས་ཕྱེ་བ་རྣམ་པ་བཞིར་འགྱུར་རོ། །བཙུམས་པ་ནི་ཨ་ཡིག་གིའོ། །མགྲིན་པ་ཕྱེ་བ་མ་ཡིན་པས་བརྗོད་པ་ནི་བཙུགས་པ་སྟེ། ཨ་ཡིག་གི་ཡིན་པར་བཞག་གོ །དེ་ལས་ཕྱེ་བ་ནི་དབྱངས་རྣམས་དང་དྲོ་བ་རྣམས་ཀྱིའོ། །ཕྱེ་བ་ཞེས་པ་ནི་མགྲིན་པ་མ་བསྡམས་པས་བརྗོད་པའི་ཡི་གེ་ཨཱ་ཡིག་དང་ཨེ་ཡིག་དང་ཨོ་ཡིག་སྟེ། དབྱངས་ཡིག་རྣམས་དང་སྡེ་པའི་གཉིས་པ་དང་བཞི་པ་དང་ཤ་ཥ་ས་ཧ་རྣམས་ཏེ་དྲོ་བ་རྣམས་སོ། །དེ་རྣམས་ལས་ཕྱེ་བ་ཉིད་ནི་ཨེ་ཏ་ཨཻཏ་དག་གིའོ། །དེ་རྣམས་ལས་ཀྱང་ལྷག་པར་བྱེ་བ་ནི། ཨེ་ཡིག་དང་ཨཻ་ཡིག་དག་


DTG212_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གིའོ། །དེ་དག་ལས་ཨོ་ཏ་ཨཽ་ཏ་དག་གིའོ། །ཨེ་ཡིག་དང་ཨཻ་ཡིག་དེ་རྣམས་ལས་ཀྱང་ཆེས་ཆེར་ཕྱེ་བ་ནི། ཨོ་ཡིག་དང་ཨཽ་ཡིག་དག་གོ །དེ་དག་ལས་ཀྱང་ཨཱ་ཡིག་གིའོ། །ཨོ་ཡིག་དང་ཨཽ་ཡིག་དེ་དག་ལས་ཀྱང་ལྷག་པར་ཕྱེ་བ་ཡིན་པ་ཨཱ་ཡིག་གིའོ། །ཕྲད་པ་ནི་རེག་པ་རྣམས་ཀྱིའོ། །ཕྲད་པ་ནི་གནས་གང་དུ་ཡི་གེ་དེ་རྣམས་མཐོན་པོར་བརྗོད་པ་རྩོལ་བ་ཆེན་པོས་བཙི་ར་ནས་འཕྲད་པ་དེ་རྣམས་ཏེ། ཀ་སྡེ་དང༌། ཙ་སྡེ་དང༌། ཊ་སྡེ་དང༌། ཏ་སྡེ་དང༌། པ་སྡེ་རྣམས་སུ་བཤད་པ་ནི་ཕྲད་པ་མངོན་པར་བརྗོད་དོ། །ཅུང་ཟད་ཕྲད་པ་ནི་མཐར་གནས་ཀྱིའོ། །བཤད་མ་ཐག་པ་ལས་བཟློག་པ། མཐར་གནས་ཏེ། ཡ་ར་ལ་ཝ་རྣམས་ནང་དུ་ཅུང་ཟད་ཕྲད་པ་མངོན་པར་བརྗོད་དོ། །ཕྱི་རོལ་ནི་སྡེ་པ་རྣམས་ཀྱི་དང་པོ་དང་གཉིས་པ་རྣམས་དང་ཤ་དང་ཥ་དང་ས་དང་རྣམ་པར་བཅད་པ་དང་ལྕེ་རྩ་ཅན་དང་མཆུ་དང་ཉེ་བ་འང་ཕྱི་རོལ་དུ་བྱུང་བ་ནི་ཕྱིའི་རྩོལ་བའོ། །ཅི་རྣམས་ཀྱི་ཞེ་ན། སྡེ་པ་ལྔ་པོ་རྣམས་ཀྱི་དང་པོ་དང་གཉིས་པ་རྣམས་ཏེ། ཀ་ཁ་ཙ་ཚ་ཊ་ཋ་ཏ་ཐ་པ་ཕ་ཞེས་བྱ་བ་དེ་རྣམས་དང༌། གང་ཡང་ཤ་ཡིག་དང༌། ཥ་ཡིག་དང་ས་ཡིག་དང་རྣམ་པར་བཅད་པ་དང་ལྕེ་རྩ་ཅན་དང་མཆུ་དང་ཉེ་བ་ཅན་རྣམས་ཀྱང་སྟེ། ཁྱད་པར་ཅི་ཞེ་ན། མགྲིན་པ་ཕྱེ་བས་སྒྲ་རྗེས་སུ་རྟོགས་པ་ནི་སྒྲ་མེད་པ་རྣམས་ཡིན་ལ། ཕྱེ་བ་ནི་མགྲིན་པའི་བུ་ག་མ་བསྡམས་པས་བརྗོད་པ་གང་དག་མགྲིན་པ་ཕྱེ་བས་སྒྲ་རྗེས་སུ་སྟེ། ཕྱི་ནས་གྲག་པ་གང་ཡིན་པ་དེ་རྣམས་ནི་སྒྲ་རྗེས་སུ་རྟོགས་པའོ། །སྒྲ་ཞེས་བྱ་བའི་ཡོན་ཏན་གང་ལ་མེད་པ་དེ་རྣམས་སྒྲ་མེད་རྣམས་སོ། །དང་པོ་དང་གསུམ་པ་རྣམས་དང༌། ལྔ་པ་རྣམས་དང་མཐར་གནས་རྣམས་སྲོག་ཆུང་བའོ། །གང་སྡེ་པ་རྣམས་ཀྱི་དང་པོ་དང་གསུམ་པ་དང་ལྔ་པ་རྣམས་ཏེ། ཀ་ག་ང་ཙ་ཛ་ཊ་ཌ་ཎ་ཏ་ད་ན་པ་བ་མ་ཞེས་བྱ་བ་རྣམས་སོ། །གང་ཡང་མཐར་གནས་ཡ་ར་ལ་ཝ་འདི་རྣམས་ཐམས་ཅད་སྲོག་ཆུང་བ་རྣམས་ཉིད་དོ། །ཅིའི་ཕྱིར་ཞེ་ན། སྲོག་ཅེས་བྱ་བའི་རླུང་འདི་རྣམས་ལ་ཆུང་ཞིང་ཕྲ་བས་སོ། །ཅིག་ཤོས་རྣམས་སྲོག་ཆེ་བའོ། །ཅིག་ཤོས་ནི་སྔར་མ་


DTG212_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའི་སྡེ་པ་ལྔའི་གཉིས་པ་རྣམས་དང་བཞི་པ་རྣམས་ཏེ། ཁ་གྷ་ཚ་ཛྙ་ཋ་དྷ་ཕ་བྷ་ཞེས་བྱ་བ་རྣམས་སོ། །ཤ་ཥ་ས་ཧ་འདི་རྣམས་ཀྱང་བརྗོད་མ་ཐག་པ་ལས་བཟློག་པ་ས་ངེས་པར་གཟུང་ངོ༌། །གསུམ་པ་དང་བཞི་པ་དང་ལྔ་པ་རྗེས་སུ་ང་རོ་དང་བཅས་པ་རྣམས་དང་མཐར་གནས་དང་ཧ་ཡིག་རྣམས་སོ། །སྡེ་པ་ལྔའི་གསུམ་པ་རྣམས་དང་བཞི་པ་རྣམས་དང་ལྔ་པ་རྣམས་ཏེ། ག་གྷ་ང་ཛ་ཛྙ་ཉ་ཌ་ཌྷ་ཎ་ད་དྷ་ན་བ་བྷ་མ་ཞེས་བྱ་བ་རྣམས་རྗེས་སུ་ང་རོར་བཅས་པས་རྗེས་སུ་ང་རོ་དང་བཅས་པའི་ཡ་ཡིག་དང་རེ་ཕ་དང་ལ་ཡིག་དང་ཝ་ཡིག་དང་ཧ་ཡིག་རྣམས་ཀྱང་སྟེ། མགྲིན་པ་བཙུམས་པས་སྒྲ་རྗེས་སུ་རྟོགས་པ་འདི་དག་ནི་སྒྲ་དང་ལྡན་པའོ། །བཙུམས་པ་ནི་ཕྱེ་བ་མ་ཡིན་པ་ལ་སོགས་པ་སྔར་བཞིན་ཡིན་ལ། སྒྲའི་ཡོན་ཏན་དང་ལྡན་པའི་ཕྱིར་སྒྲ་ལྡན་ནོ། །གཉིས་པ་དང་བཞི་པ་དང་ཤ་ཥ་ས་རྣམས་དྲོ་བའོ། །གང་དག་སྡེ་པ་ལྔའི་གཉིས་པ་དང་བཞི་པ་སྟེ། གཉིས་པ་དང་བཞི་པ་རྣམས་ནི་ཁ་གྷ་ཙ་ཛྙ་ཋ་ཌྷ་ཐ་དྷ་ཕ་བྷ་རྣམས་སུ་མངོན་པར་བརྗོད་པ་རྣམས་དང་ཤ་ཥ་ས་ཧ་རྣམས་ཀྱང་སྟེ། འདི་དག་ཐམས་ཅད་དྲོ་བ་ཉིད་ཀྱི་ཡོན་ཏན་དང་ལྡན་པས་དྲོ་བ་རྣམས་ཀྱི་མིང་ཅན་དུ་འགྱུར་རོ་ཞེས་པ་འདི་ནི་ཕྱིའི་རྩོལ་བའོ། །དེ་ལྟར་བར་མ་ཆད་དུ་བརྗོད་པ་དེ་རྣམས་ནི་ཕྱིའི་རྩོལ་བར་རིག་པར་བྱའོ། །འདིར་ཡང་ཨ་ཡིག་ནི་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོ་ཞེས་པ་རྣམས་པ་གསུམ་དུ་དབྱེའོ། །འདིར་ཞེས་པ་ཡི་གེའི་རབ་ཏུ་བྱེད་པ་འདི་ལ་སྟེ། ཨ་ཡིག་ནི་ཨའི་ཡི་གེའོ། །དེ་ཡང་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོའི་རབ་ཏུ་བྱེད་པས་གསུམ་མོ། །དབྱེ་བ་ནི། ཨེཏ་དང་ཨིཏ་ཏུ་འགྱུར་རོ། །བརྞ་སྨོས་པས་གནས་སྐབས་ཐམས་ཅད་དུ་ལྡན་པ་ཉིད་དེ། ཨའི་རིགས་འཛིན་ཞིང༌། དེ་ལྟར་གཞན་དུའང་ངོ༌། །ཏེ་ཏེ་ལ་ཨུ་དཱཏྟ་དང༌། ཨནུ་དཱཏྟ་དང་སྭ་རི་ཏས་ཕྱེ་བ་དང་རྗེས་སུ་སྣ་ལྡན་དང་བཅས་པས་རྗེས་སུ་སྣ་ལྡན་མེད་པའི་དབྱེ་བས་རྣམ་པ་བཅོ་བརྒྱད་དུ་འགྱུར་རོ། །ཏེ་ཏེ་བ་སྟེ། ཐུང་ངུ་ལ་སོགས་པ་རེ་རེ་ལ་ཨུ་དཱཏྟ་དང་ཨ་ནུ་དཱཏྟ་དང་སྭ་རི་ཏས་ཕྱེ་བས་རྣམ་པ་གསུམ་དུ་དབྱེ་བར་འགྱུར་རོ། །ཐུང་ངུ་ལ་སོགས་པ་རེ་རེ་པོ་དེ་ཉིད་སླར་ཡང་རྗེས་སུ་


DTG212_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ལྡན་དང་བཅས་པ་དང་རྗེས་སུ་སྣ་ལྡན་མེད་པ་ཉིད་ཀྱིས་ཉམས་སུ་ཕྱེ་བས་དེ་ལྟར་གསུམ་པོ་རྣམས་སོ་སོར་རྣམས་པ་དྲུག་ཏུ་འགྱུར་རོ། །རྣམ་པ་དྲུག་པོ་ནི་བཅོ་བརྒྱད་དུ་འགྱུར་རོ། །དེ་ལྟར་ཨིའི་ཡི་གེ་དང་ཨུའི་ཡི་གེ་དང་རྀའི་ཡི་གེའང་ངོ༌། །ཇི་ལྟར་ཨ་ཡིག་ལ་ཐུང་ངུ་ལ་སོགས་པའི་རབ་ཏུ་བྱེད་པ་ཕྱེ་བས་རྣམ་པ་བཅོ་བརྒྱད་དུ་འགྱུར་བ་དེ་ལྟར་ཨེ་ཡིག་ལ་སོགས་པའི་ཡི་གེའང་དབྱེ་བར་འགྱུར་རོ། །ལྀའི་ཡི་གེ་ལ་རིང་པོ་ཡོད་པ་མ་ཡིན་ཏེ། དེ་ནས་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །ལྀ་ཡིག་ཐུང་ངུ་དང་ཤིན་ཏུ་རིང་པོར་ཕྱེ་བས་བཅུ་གཉིས་ཁོ་ན་ཡིན་ཏེ། རིང་པོར་དབྱེ་བའི་རབ་ཏུ་བྱེད་པ་དྲུག་པ་མེད་པའི་ཕྱིར་རོ། །མཚམས་སྦྱོར་གྱི་ཡི་གེ་རྣམས་ལ་ཐུང་ངུ་ཡོད་པ་མ་ཡིན་ཏེ། དེ་ན་དེ་རྣམས་ཀྱང་རྣམ་པ་བཅུ་གཉིས་རྣམས་སུ་འགྱུར་རོ། །ཨེ་ཡིག་ལ་སོགས་པ་ཡི་གེ་བཞི་རྣམས་ནི་མཚམས་སྦྱོར་ཡི་གེ་རྣམས་ཏེ། དེ་ལ་འང་ཐུང་ངུ་དྲུག་རྣམས་མེད་པས་རིང་པོ་དང་ཤིན་ཏུ་རིང་པོ་རྒྱས་པར་བྱ་བས་རེ་རེ་ལ་བཅུ་གཉིས་ཁོ་ནའོ། །ཡི་གེ་གཉིས་རྣམས་ཀྱང་ངོ༌། །ཀྱང་གི་སྒྲ་ནི་མཚམས་སྦྱོར་ཡི་གེ་རྣམས་སུ་མངོན་པར་འབྲེལ་ལོ། །དེ་རྣམས་ཀྱང་ཡི་གེ་རེ་རེ་བ་ཉིད་དུ་འགྱུར་རོ། །ཅི་ཨ་ཡིག་དག་དང་རྀ་ཡིག་དང་ལྀ་ཡིག་རྣམས་ཀྱི་ཆེས་གཞན་པ་ཚོགས་པ་ལ་ཨེ་ཡིག་ཏུ་འགྱུར་བ་དེ་བཞིན་དུ་ཨེ་ཡིག་དག་ཀྱང་ཨཻ་ཡིག་སྟེ་འདི་དག་ཀྱང་ཨུ་ཡིག་དང་ཨཱུ་ཡིག་རྣམས་ཀྱི་ཆེས་གཞན་པ་ཚོགས་པ་ལ་ཨོ་ཡིག་ཏུ་འགྱུར་བ་ཡོད་པ་དེ་བཞིན་དུ་ཨོ་ཡིག་ཀུན་ཏུ་བརྗོད་པ་ལའང་ཨཽ་ཡིག་གོ །འདི་དག་ཨི་ཡིག་དང་པའི་ཡིག་དང༌། ཨཱུ་ཡིག་དང༌། ཨུ་ཡིག་རྣམས་ཀྱི་ཅིག་ཤོས་ཕྲད་པ་ལའང་ཨེ་ཡིག་དང་ཨོ་ཡིག་དག་འབྱུང་བ་ཡོད་པ་མ་ཡིན་ནམ་ཞེ་ན། ཡོད་པ་བདེན་ཏེ། དེ་རྣམས་ཨེ་ཡིག་དང་ཨོ་ཡིག་སྨོས་པས་གཟུང་བའི་ཕྱིར་འདི་དག་སོ་སོར་བརྗོད་དོ། །ཕྱི་མོ་གཅིག་པ་ཐུང་ངུའོ། །ཐུང་ངུའི་ཡི་གེ་ནི་ཕྱི་མོ་གཅིག་ཅན་དུ་བསྟན་ཏོ། །ཕྱི་མོ་གཉིས་པ་རིང་པོའོ། །རིང་པོ་ནི་ཕྱི་མོ་གཉིས་པ་ཅན་དུ་བརྗོད་དོ། །ཕྱི་མོ་གསུམ་པ་པླུ་ཏའོ། །ཕྱི་མོ་གཉིས་པའི་རིགས་པས་པླུ་ཏ་མངོན་པར་བརྗོད་པར་འགྱུར་རོ། །མཐོན་པོ་རྣམས་ཀྱིས་ཨུདཱཏྟའོ། །གང་དག་


DTG212_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ང་རོ་མཐོན་པོས་མངོན་པར་བརྗོད་པའི་ཡི་གེ་དེ་ནི་ཨུ་དཱཏྟའོ། །དམའ་བ་རྣམས་ཀྱིས་ཨ་ནུ་དཱཏྟའོ། །ཡི་གེ་གང་གི་ང་རོ་དམའ་བས་བརྗོད་པར་བྱ་བ་དེ་ནི་ཨ་ནུ་དཱཏྟའོ། །དེ་དག་པར་མ་སྭ་རི་ཏའོ། །ཨུདཱཏྟ་དང༌། ཨ་ནུ་དཱཏྟ་དེ་དག་ལས། བར་མའམ་བསྡུས་པ་དང་རོ་མཉམ་པ་ནི་སྭ་རི་ཏར་འགྱུར་བ་ཉིད་དེ། དེའི་ཚེ་འདིས་མངོན་པར་བརྗོད་པ་ལས་མཐོ་བ་དང་དམའ་བའི་ང་རོ་མ་གཏོགས་པའི་ང་རོས་ཡི་གེ་གང་མངོན་པར་བརྗོད་པར་བྱེད་པ་དེ་ནི་སྭ་རི་ཏར་བརྗོད་དོ། །རང་གི་གནས་དང་རྗེས་སུ་སྣ་ལྡན་དང་རྗེས་སུ་སྣ་ལྡན་མ་ཡིན་པའོ། །རང་གི་ནི་བདག་ཉིད་ཀྱི་གནས་དང༌། སྣ་དང་ལྡན་པའི་གནས་ནི་ཡི་གེ་དང༌། །རང་གི་གནས་ཀྱི་རྗེས་སུ་སྣ་དང་ལྡན་པ་དང༌། རྗེས་སུ་སྣ་ལྡན་མ་ཡིན་པ་ནི་སྣའི་གནས་དང་བྲལ་བའོ། །མཐར་གནས་ནི་རབ་ཏུ་དབྱེ་བ་གཉིས་པའོ། །རབ་ཏུ་དབྱེ་བ་གཉིས་ཀྱིས་རྟོགས་པ། ཡ་ར་ལ་ཝ་རྣམས་སོ། །ཅི་ལྟར་ཞེ་ན། རྗེས་སུ་སྣ་ལྡན་དང་བཅས་པ་དང༌། རྗེས་སུ་སྣ་ལྡན་མ་ཡིན་པ་རྣམས་ཀྱང་སྟེ་སྔར་སྨོས་པ་བཞིན་ནོ། །ཕྲག་དོག་སེར་སྣས་རིག་པ་ཡི། །རྗེས་སུ་ལེགས་པར་འབྲང་བ་དག །ཡང་དག་ལྟ་བའི་དངོས་པོ་ཡི། །མཚན་ཉིད་མི་ལྡན་དོར་བར་བྱ། །གང་ཕྱིར་གཞན་གྱི་དོན་ཚོལ་བའི། །བླ་མའི་མཁྱེན་པ་ལས་ཐོབ་པ། །མཁས་པ་བདག་ཉིད་ཀྱིས་བྱས་པའི། །དགེ་བ་བླང་བྱ་ཉིད་ཡིན་ནོ། །གང་འདིར་ཡི་གེའི་མདོ་ནི་འགྲེལ་བྱས་པའི། །དགེ་བ་ཅུང་ཟད་བསགས་པ་དེ་དག་གིས། །འཁོར་བའི་རྒྱ་མཚོ་ཆེན་པོར་འཕྱན་གྱུར་པའི། །སྐྱེ་བོའི་སྡུག་བསྔལ་སྦྱོར་བ་ཞི་གྱུར་ཅིག །ལུང་སྟོན་པ་ཙནྡྲ་པའི་ཡི་གེའི་མདོའི་འགྲེལ་པ་རྫོགས་སོ།། །།འདི་ནི་འཛམ་བུའི་གླིང་མཐའ་དག་སྙན་གྲགས་ཀྱི་གདུགས་དཀར་པོ་དྲི་མ་མེད་པ་གཅིག་གིས་ཁེབས་པ་དངོས་གྲུབ་མཆོག་བརྙེས་པའི་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིའི་ཞལ་སྔ་ནས་མཛད་པ་སྟེ། སྔོན་བོང་དུ་མ་འགྱུར་སྣང་བས། གངས་ཅན་གྱི་སྐྱེ་བོ་ཀུན་གྱི་མིག་གཅིག་པུ་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཙཱ་བ་ཆེན་པོ་དྷརྨྨ་པཱ་ལ་བྷ་དྲའི་བཀའ་དྲིན་ལས་རྣམས་དཔྱོད་ཀྱི་སྐལ་བའི་ཆ་ཤས་ཐོབ་པ་སྐྱོགས་སྟོན་ལོ་ཙཱའི་མིང་ཙམ་འཆད་པ་ངག་


DTG212_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རིན་ཆེན་བཀྲ་ཤིས་དཔལ་བཟང་པོས་འཛིན་བྱེད་ཅེས་བྱ་བ་མེ་ཕོ་བྱི་བའི་རྒྱལ་ཅན་གྱི་ཉ་ལ་དཔལ་གྲ་ཐང་གི་གཟིམས་ཁང་དུ་བླ་མ་དམ་པ་ཉིད་ཀྱིས་བསྒྱུར་ཅིག་ཅེས་བཀའ་སྩལ་པ་བཞིན་དཔང་ལོ་ཆེན་པོའི་ཕྱག་དཔེ་རྒྱ་དཔེ་ལས་བསྒྱུར་ཅིང་མ་རྟོགས་པ་དང་ལོག་པར་རྟོགས་པ་ཐམས་ཅད་རྗེ་ལོ་ཙཱ་བ་ཆེན་པོའི་གསུང་ལ་ག་ཏུགས་ནས་དག་པར་བྱས་པའོ། །སླར་ཡང་ཁ་ར་ཞེས་བྱ་བ་ལྕགས་མོ་ཡོས་ཀྱི་དབོའི་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་ལ་ཉང་པོའི་ཡུལ་གྱི་ལྗོངས་ཕྲག་ཟུར་དུ་གདོང་གི་དཔལ་ཀརྨྨ་པའི་ཆོས་ཀྱི་སྡེ་ཆེན་པོ་འཇམ་དབྱངས་དགྱེས་པའི་གཙུག་ལག་ཁང་གི་འདབས་སུ་རྒྱ་དཔེལ་གཏུགས་ཏེ་བསྒྱུར་བ་པོ་ཉིད་ཀྱིས་ཅུང་ཟད་ཞུས་ཤིང་གཏན་ལ་ཕབ་པའི་ཡི་གེ་པ་ནི་སྒྲ་རིག་སྨྲ་བ་ཨཱ་ནནད་བཛྲ་ཞེས་བྱ་བའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་དང་ལུས་ཅན་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག །


previousལུང་སྟོན་པ་ཙནྡྲ་པའི་ཡེ་གེའི་མདོའི་འགྲེལ་པ། ཙནྡྲགོམིན།next