Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད།


   
   
   
   
   
   
   
བླ་བརྒྱུད་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་བརྒྱུད་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་། next

བླ་བརྒྱུད་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།

༄༅། །བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །

ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་། །ཨུ་རྒྱན་པདྨ་རྗེ་འབངས་ཉི་ཤུ་ལྔ། །བཀའ་གཏེར་བརྒྱུད་ལྡན་རྩ་བའི་བླ་མ་སོགས། །འདྲེན་མཆོག་ཡབ་སྲས་རྣམས་ལ་གསོལ་བ་འདེབས། །སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །བློ་གསལ་དབང་པོ་བི་མ་མི་ཏྲ་སོགས། །རྙིང་མའི་རྒྱལ་བ་རྣམས་ལ་གསོལ་བ་འདེབས། །བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། །ཞུས་ཆེན་བསྒྱུར་བྱེད་མཆན་བུའི་གནས་འདུག་པའི། །སྐད་གཉིས་སྨྲ་བ་བཻ་རོ་ཀ་ཅོག་སོགས། །ལོ་ཙཱ་སྐྱེས་ཆེན་རྣམས་ལ་གསོལ་བ་འདེབས། །མི་ཡི་བདག་པོ་ཆོས་བཞིན་ས་སྐྱོང་བ། །རྣམ་དཔྱོད་བློ་གྲོས་དེས་པས་འགྲོ་བ་འདུལ། །དཔའ་མཛད་ཚོགས་བཅས་མེས་དབོན་རྣམ་གསུམ་སོགས། །རྒྱལ་བློན་བྱང་སེམས་རྣམས་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །མཁྱེན་རབ་ཆོས་ཀྱི་ཉི་མ་འབྱམས་སུ་ཀླས། །ཀློང་ཆེན་རབ་འབྱམས་ཞབས་ལ་གསོལ་བ་འདེབས། །ཕྱོགས་མེད་ཤེས་རབ་མཆོག་གི་དངོས་གྲུབ་སྩོལ། །འཛམ་གླིང་མཛེས་པའི་རྒྱན་ཅིག་ངུར་སྨྲིག་འཆང་། །བཤད་སྒྲུབ་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན། །ཁམས་གསུམ་འགྲོ་བའི་མགོན་པོ་རྒྱལ་དབང་མཆོག །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །བསྐལ་བཟང་སངས་རྒྱས་སྟོང་གི་རིགས་ཀྱི་བདག །ནུས་ལྡན་རྡོ་རྗེ་ཧཱུྃ་ཆེན་ཀཱ་ར་སོགས། །འགྲོ་འདུལ་དག་པའི་སྐུ་མཆོག་བསམ་མི་ཁྱབ། །བདུད་འདུལ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །གདོད་ནས་རྣམ་དག་ཀུན་ཁྱབ་རིག་པའི་གཤིས། །མཚན་འཛིན་འཁྲུལ་བའི་སྦུབས་ལས་རབ་གྲོལ་ཞིང་། །འགྱུར་མེད་བདེན་དོན་གནས་ལུགས་མངོན་སུམ་དུ། །ཡོངས་གཟིགས་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །བསམ་ཡས་ཆོས་ཚུལ་རྒྱ་མཚོའི་འབྱུང་གནས་མཆོག །བཀའ་གཏེར་དག་སྣང་གདམས་པའི་ཆོས་མཛོད་འཆང་། །ཐུགས་རྗེ་ཚད་མེད་ཕན་བདེའི་མཆོག་སྦྱིན་མཁན། །ཀརྨ་ཆགས་མེད་ཞབས་ལ་གསོལ་བ་འདེབས། །ཧྲཱིཿ སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན། །འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི། །ཁ་བ་ཅན་དུ་དཔལ་ལྡན་ཐང་བ་ཞེས། །པདྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས། །ལུང་རིགས་མན་ངག་རྩལ་གསུམ་རབ་རྫོགས་ཤིང་། །འཆད་རྩོད་སྤོབས་པའི་ང་རོའི་སྒྲ་སྐད་ཀྱི། །ལོག་སྨྲའི་གཅན་གཟན་མཐའ་དག་ཟིལ་གནོན་པའི། །རབ་འབྱམས་སྨྲ་བའི་སེང་གེར་གསོལ་བ་འདེབས། ཧྲཱིཿ སྔོན་ཚེ་འཕགས་པ་སེམས་ཉིད་ངལ་གསོ་ཞེས། །ཐུབ་པའི་སྤྱན་སྔར་དགྲ་བཅོམ་བློ་གྲོས་གྲགས། །གུ་རུའི་དྲུང་དུ་ལོ་ཆེན་ཀླུ་ཡི་དབང་། །མ་འོངས་སངས་རྒྱས་སོ་བདུན་གྲགས་པོ་ཆེ། །ཉི་མ་གྲགས་པའི་ཞབས་ལ་གསོལ་བ་འདེབས། །བཀའ་གསང་ཐེག་པའི་སྙིང་པོ་རྫོགས་པ་ཆེའི། །བསྟན་འཛིན་ཟླ་མེད་པདྨ་རིག་འཛིན་གྱི། །ཕྲིན་ལས་ནོར་བུ་བཤད་སྒྲུབ་རྒྱལ་མཚན་རྩེར། །འཛིན་མཛད་ནམ་མཁའ་འོད་གསལ་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་གཟིགས་པན་ཆེན་བི་མ་ལ། །རྩོད་པའི་དུས་འདིར་མཆོག་གི་སློབ་དཔོན་དུ། །ཡོངས་བཞེངས་སྔ་འགྱུར་བསྟན་པའི་ཉི་མ་མཆོག །འགྱུར་མེད་ཐེག་མཆོག་ཞབས་ལ་གསོལ་བ་འདེབས། །རབ་འབྱམས་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་རྣམ་འདྲེན་མཆོག །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ་གསོལ་བ་འདེབས། །སྔོན་ཚེ་རྣལ་འབྱོར་དབང་ཕྱུག་ནུས་ལྡན་པ། །བར་དུ་པདྨའི་རྒྱལ་ཚབ་བདུད་འདུལ་གླིང། །སྙིགས་དུས་བསྟན་འགྲོའི་མགོན་པོ་རྫོགས་ཆེན་པ། །ཀུན་གྲོལ་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །རྗེ་དཔོན་བླ་མའི་ཐུགས་བསྐྱེད་སྐྱ་རེངས་ཀྱིས། །ཉེར་དྲངས་བསྟན་འགྲོའི་རྒུད་མུན་སེལ་བའི་ཉི། །པད་འབྱུང་བི་མ་ལ་དངོས་ཆོས་ཀྱི་རྗེ། །ཨ་ཏི་བསྟན་པའི་རྒྱལ་མཚན་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་བའི་དགོངས་ཀློང་ནམ་མཁའ་ལ། །སྲིད་པའི་སྨག་རུམ་སེལ་མཛད་ཐུགས་རྗེའི་འོད། །ཕྱོགས་བྲལ་ཕྱོགས་མེད་གསལ་མཛད་རྫོགས་ཆེན་པ། །པདྨ་གསང་སྔགས་བསྟན་འཛིན་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར། །དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད། །འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ། །འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བ་དཀོན་མཆོག་ཀུན་གྱི་ངོ་བོ་ཉིད། །བྱ་བྲལ་ནམ་མཁའི་རྣལ་འབྱོར་ཀློང་ཡངས་པ། །འཁོར་འདས་ཟག་མེད་དགོངས་པར་འུབ་ཆུབ་པའི། །ཆོས་དབྱིངས་དྲི་མེད་རྩལ་ལ་གསོལ་བ་འདེབས། །འཁོར་འདས་ཆོས་ཀུན་གདོད་མའི་དབྱིངས་གཞིར་རྫོགས། །རྣམ་བཞིའི་ལས་ཀུན་སྒྱུ་མའི་གར་དུ་འབྱོངས། །དུས་གསུམ་ཀུན་ཏུ་བསྟན་འགྲོའི་ཕན་བདེ་སྤེལ། །ནམ་མཁའ་ཚེ་དབང་ཞབས་ལ་གསོལ་བ་འདེབས། །རྔ་ཡབ་གླིང་ནས་པདྨ་འབྱུང་གནས་ཀྱིས། །རིག་འཛིན་ཐེག་མཆོག་རྒྱ་མཚོར་མཚན་གསོལ་ཞིང་། །བཀའ་གཏེར་བསྟན་པའི་བདག་པོར་དབང་བསྐུར་བ། །མི་འགྱུར་ཕན་བདེ་རྒྱ་མཚོར་གསོལ་བ་འདེབས། །དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་རྗེའི། །ཟབ་གཏེར་བདག་པོར་མངའ་གསོལ་འཁོར་ལོས་བསྒྱུར། །སངས་རྒྱས་གླིང་པའི་ཡང་སྤྲུལ་སྦས་ཚུལ་འཆང། །ཀུན་བཟང་གཞན་ཕན་ཞབས་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང། །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་བི་མ་ལ། །དབྱེར་མེད་ཐུགས་རྗེ་གཅིག་བསྡུས་སྤྲུལ་པའི་སྐུ། །མི་འགྱུར་ནམ་མཁའི་རྡོ་རྗེར་གསོལ་བ་འདེབས། །འཕགས་པ་འཇིག་བརྟེན་དབང་ཕྱུག་ཐུགས་བསྐྱེད་ལས། །ལྔ་བརྡོའི་མུན་སེལ་ཐེག་མཆོག་སྒྲོན་མེ་མཆོག །འབྲེལ་ཚད་དོན་ལྡན་གྲུབ་པའི་དབང་ཕྱུག་མཆོག །ནམ་མཁའ་ཆོས་ཀྱི་རྒྱ་མཚོར་གསོལ་བ་འདེབས། །རྒྱལ་ཀུན་སྤྱི་གཟུགས་པདྨ་ཐོད་ཕྲེང་དང། །དབྱེར་མེད་གར་དབང་ཐུགས་མཆོག་སེམས་དཔའ་རྩལ། །བསམ་བཞིན་བསྟན་འགྲོར་རྗེས་ཆགས་སྤྲུལ་པའི་སྐུ། །ཀུན་བཟང་བསྟན་པའི་ཉི་མར་གསོལ་བ་འདེབས། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་གཅིག་བསྡུས་པ། །མཚོ་སྐྱེས་རྡོ་རྗེའི་ངོ་བོ་དབྱེར་མེད་པའི། །བཀའ་དྲིན་མཉམ་མེད་དྲིན་ཆེན་བླ་མ་མཆོག །རིག་འཛིན་བཟང་པོའི་ཞབས་ལ་གསོལ་བ་འདེབས། །ལྔ་བརྡོའི་འགྲོ་ལ་དུས་གསུམ་རྒྱལ་བ་ལས། །ཐུགས་རྗེ་ཆེས་ལྷག་པད་འབྱུང་ཡབ་ཡུམ་དང། །ལྷ་ཡི་མེ་ཏོག་ཐུགས་རྗེ་གཅིག་བསྡུས་སྐུ། །པདྨ་འགྲོ་འདུལ་རྩལ་ལ་གསོལ་བ་འདེབས། །བསྟན་འགྲོའི་ཉི་མ་ཕན་བདེའི་གྲགས་སྙན་དབྱངས། །གངས་ལྗོངས་བདེ་བྱེད་པདྨོ་མཛེས་པའི་རྒྱན། །ལས་རབ་རྩལ་དངོས་གྲུབ་པའི་རིག་པ་འཛིན། །ཀློང་ཆེན་རོལ་པ་རྩལ་ལ་གསོལ་བ་འདེབས། །སྟོབས་ལྡན་རྡོ་རྗེ་ཟླ་འོད་གཞོན་ནུ་ཡི། །ཐུགས་བསྐྱེད་དུས་སྨིན་ཟབ་གཏེར་གདམས་པའི་མཛོད། །འཁོར་འདས་ཡོངས་གྲོལ་བརྟུལ་ཞུགས་རྩལ་ཆེན་རྫོགས། །ཟླ་བའི་འོད་ཟེར་ཞབས་ལ་གསོལ་བ་འདེབས། །འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འཕྲུལ། །འགྲོ་བ་ཐར་གླིང་བསྒྲོད་པའི་དཔོན་མཆོག །འབྲེལ་ཚད་དོན་ལྡན་ཀློང་ཆེན་རྣལ་འབྱོར་པ། །འཇིགས་མེད་རྒྱལ་པའི་མྱུ་གུར་གསོལ་བ་འདེབས། །དྲི་མེད་མཁྱེན་པའི་ལྷ་ལམ་ཡངས་པ་ནས། །བརྩེ་བའི་སྙིང་རྗེའི་འོད་སྟོང་འབར་བའི་གཟིས། །འགྲོ་རྣམས་མུན་པའི་སྨག་རུམ་སེལ་མཛད་པ། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེར་གསོལ་བ་འདེབས། །རྩ་གསུམ་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ། །ཞིང་འདིའི་འགྲོ་མགོན་འཇིགས་བྲལ་ཆོས་ཀྱི་རྗེ། །བྱུང་ཆུབ་ཆེན་པོར་སྤྱོར་བའི་དེད་དཔོན་ཆེ། །རྡོ་རྗེ་འཛིན་པ་ཁྱེད་ལ་གསོལ་བ་འདེབས། ཁ་བསྐང་དགོས །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པའི། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ངེས་འབྱུང་སྐྱོ་ཤས་དག་སྣང་མོས་གུས་ལྡན། །སོ་ཐར་བྱང་སེམས་རིག་པ་འཛིན་པ་ཡི། །སྡོམ་གསུམ་དམ་ཚིག་ཉམས་ཆགས་སོར་ཆུད་ནས། །རྒྱལ་བསྟན་སྙིང་པོའི་ཉམས་ལེན་མཐར་ཕྱིན་ཤོག །རང་རིག་གདོད་ནས་དག་ཅིངསྤྲོས་བྲལ་ཡང། །རང་གསལ་མ་འགག་རང་བཞིན་ལྷུན་གྲུབ་དང། །རང་བབས་མ་ཡེངས་མི་སྒོམས་ལྷུག་པ་ཡི། །རང་བཞིན་གདོད་མའི་གནས་ལུགས་མངོན་གྱུར་ཤོག། །།


previousབླ་བརྒྱུད་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་། next