Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད།


   
   
   
   
   
   
   
   
   
   
སྐྱབས་མགོན་རྫོགས་ཆེན་རིན་པོ་ཆེའི་ཞབས་བསྟན་གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱབས་མགོན་རྫོགས་ཆེན་རིན་པོ་ཆེའི་ཞབས་བསྟན་གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག next

སྐྱབས་མགོན་རྫོགས་ཆེན་རིན་པོ་ཆེའི་ཞབས་བསྟན་གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག

༄༅། སྐྱབས་མགོན་རྫོགས་ཆེན་རིན་པོ་ཆེའི་ཞབས་བསྟན་གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག་ཅེས་བྱ་བ་བཞུགས་སོ། །

བསྟན་གཡོའི་དྭངས་བཅུད་སྙིང་པོར་འདྲིལ་བའི་སྲོག །ཁ་སྦྱོར་བདུན་ལྡན་འཐའ་ཀླས་དཀྱིལ་འཁོར་བདག །ཚེ་དང་ཡེ་ཤེས་དངོས་ཀུན་སྩོལ་བའི་ལྷས། །རིང་པོར་འཚོ་བའི་དཔལ་གྱི་སྐབས་དབྱེ་ཤོག །ཀུན་བཟང་རྡོ་རྗེ་འཆང་དབང་པདྨ་འབྱུང། །གྲུབ་པའི་རིག་འཛིན་མཆོག་ཏུ་རོལ་བའི་གར། །བསྟན་འགྲོར་རྗེས་སུ་བརྩེ་བའི་ཡ་མཚན་ཕུལ། །རིམ་བྱོན་སྐྱེ་བའི་ཕྲེང་བར་གསོལ་བ་འདེབས། །རྨད་བྱུང་ཐུབ་བསྟན་ལུང་རྟོག་འཛིན་པའི་འཕྲུལ། །མཁྱེན་བརྩེ་ཡེ་ཤེས་ཉི་གཞོན་འོད་པོ་ཆེ། །སྲིད་ཞིའི་འཇིགས་བྲལ་ཕན་དང་བདེ་བའི་དཔལ། །མི་འགྱུར་ལྷུན་པོའི་སྤོ་ལ་རྟག་ཤར་ཤོག །འཇིགས་མེད་ཐེག་མཆོག་རྡོ་རྗེ་སྙིང་པོ་ཡི། །ཆོས་མཛོད་སྒོ་འཕར་འབྱེད་ལ་ཟླ་བྲལ་ཞིང། །བློ་གསལ་སྐལ་བཟང་རིག་འཛིན་གྲུབ་པའི་གཙོ། །ལྷ་མིའི་དབང་པོའི་རྒྱན་དུ་འཚོ་གཞེས་གསོལ། །ཚུལ་གནས་གསན་བསམ་སྒོམ་པའི་ཡོན་ཏན་རྫོགས། །མདོ་སྔགས་རབ་འབྱམས་འཆད་རྩོད་རྩོམས་པ་དང། །མཁྱེན་བརྩེ་ནུས་པའི་སྣང་བས་ས་གསུམ་ཁྱབ། །མཁས་བཙུན་བཟང་པོའི་ཕྲིན་ལས་རྒྱས་གྱུར་ཅིག །སྣ་ཚོགས་ཤེས་བྱའི་ཆོས་ཚུལ་མཐའ་ཀླས་པ། །མཁྱེན་པའི་མེ་ལོང་གཙང་མར་ལེགས་འཕོས་ནས། །ཇི་སྙེད་གདུལ་བྱ་འདྲེན་པའི་རྣམ་ཐར་གཟི། །བསྐལ་མཐའི་བར་དུ་ཉམས་མེད་ཞབས་བརྟེན་གསོལ། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་ཡང་ཞུན་མཆོག །ངེས་གསང་གདམས་པའི་དྲོད་རླངས་འཐུལ་པའི་བཅུད། །ཉམས་བཞེས་དགོངས་བའི་གྲུབ་གཉིས་དགའ་སྟོན་གྱིས། །བསྟན་འགྲོའི་ཕན་བདེ་སྤེལ་ཕྱིར་ཞབས་བརྟན་གསོལ། །མཆོག་གསུམ་རྒྱ་མཚོའི་ཐུགས་རྗེའི་འོད་སྣང་གིས། །བསྟན་འགྲོའི་རྒུད་མུན་མིང་མཐར་ཡོངས་བཏང་ནས། །རྫོགས་ལྡན་མགྲོན་དུ་འགུགས་པའི་དགེ་མཚན་གྱིས། །བསྟན་འགྲོའི་དབུ་འཕང་སྲིད་པའི་བླར་མཐོ་ཤོག །རང་བཞིན་ཡེ་དག་ཆོས་ཉིད་བདེན་པའི་བསྟོབས། །བསླུ་མེད་ཆོས་ཅན་རྟེན་འབྲེལ་དགེ་བའི་མཐུས། །ཇི་ལྟར་སྨོན་པ་ཇི་བཞིན་ཡོངས་གྲུབ་ནས། །ལེགས་དགུའི་དཔལ་གྱིས་ཀུན་ནས་ཤིས་གྱུར་ཅིག །ཅེས་བསྐལ་བཟང་རྣམ་འདྲེན་ཡོངས་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པ། སྐྱབས་རྗེ་རྫོགས་ཆེན་དྲུག་པ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས། མཁས་བཙུན་གྲུབ་པའི་དབང་ཕྱུག་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱི་རྫོགས་སྤྲུལ་བཞི་བའི་ཞབས་བརྟན་རྡོ་རྗེའི་བདེན་ཚིག་བྱིན་རླབས་ཀྱི་སྤྲིན་ཕུང་འཕྲོ་བ་ལ། ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་གྲུབ་དབང་ལྔ་བའི་ཞབས་བརྟན་ཞལ་བསྐང་གནང་བ་གཞི་བྱས། དེང་སྐབས་གསང་ཆེན་བསྟན་པའི་ཤིང་རྟ་རིག་འཛིན་ཉི་སྤྲུལ་རིན་པོ་ཆེ་དང་། རྒྱ་རོང་དབོན་སྤྲུལ་པའི་སྐུ་རིན་པོ་ཆེ་དང། སྐྱབས་རྗེ་རིན་པོ་ཆེ་རྫོང་སར་མཁྱེན་རྩེའི་དབང་པོ་བཅས་མཆོག་གཟིགས་རྣམ་གསུམ་གྱི། གོ་རིམ་ལྟར་མཚན་གསར་འབུལ་ལ་སོ་སོའི་ལྗགས་རྩམས་གནང་པ་གང་ཡོད་དང། རང་ཉིད་ཀྱི་དད་གུས་ལྷག་བསམ་གཙང་མའི་རྟེན་འབྱུང་ཕུན་སུན་ཚོགས་པའི་ཐོགས་མར་མཚན་གསར་འབུལ་ཞུས་པའང་ཞབས་བརྟན་གསོལ་འདེབས་སྨོན་ཚིག་ཏུ་སྤེལ་བ་བཅས་ཁ་བསྐང་གི་ཚུལ་དུ་ལེགས་པར་སྦྱར་བ་འདི་ཡང། སྐྱབས་རྗེ་གྲུབ་དབང་རྡོ་རྗེ་འཆང་དངོས་ཐམས་ཅད་མཁྱེན་གཟིགས་རྫོགས་སྤྲུལ་ལྔ་བ་རིན་པོ་ཆེའི་ཞལ་སྔ་ནས་སྨིན་གྲོལ་གྱི་བདུད་རྩིའི་འཀའ་དྲིན་ཆ་ཤས་རྩམ་ཐོབ་ཅིང། ཐུགས་རྗེའི་གྲིབ་བསིལ་གྱིས་ཉེ་བར་འཚོ་ཞིང་གྲྭ་རིགས་སུ་གཏོགས་པའི་གྲལ་མཐའ་ན་གནས་པ་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་དྲི་མེད་འོད་ཟེར་དེའི་སྔོན་བྱོན་གོང་མའི་ཕྱག་གསོལ་ལ་སྙེགས་ནས་ལྕགས་འབྲུག་ཟླ་བ་༩ ཚེས་༢༡ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན། རེས་བཟའ་ལྷའི་བླ་མ་དང། རྒྱུ་སྐར་རྒྱལ་ཀྱི་འགྲུབ་སྦྱོར་འཛོམས་པའི་ཕུན་སུམ་ཚོགས་པའི་དུས་ཚེས་བཟང་བོར་སྐྱབས་རྗེ་མཆོག་གི་ཞབས་པད་རིན་པོ་ཆེ་གུས་པས་བསྙེན་པའི་བསྐལ་བ་བཟང་པོ་དང་ལྷན་ཅིག་པར་སྙིང་ནས་གསོལ་བ་བཏབ་པ་ཐོག་མཐའ་བར་གསུམ་དུ་དགེ་ཞིང་ལེགས་ཚོགས་ཀྱི་སྣང་བ་ཆེན་པོས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱུ་གྱུར་ཅིག། །།


previousསྐྱབས་མགོན་རྫོགས་ཆེན་རིན་པོ་ཆེའི་ཞབས་བསྟན་གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག next