Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད།


   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་ལམ་ཐུགས་རྗེ་ཆེན་པོའི་ཚེ་འགུགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་ལམ་ཐུགས་རྗེ་ཆེན་པོའི་ཚེ་འགུགས། next

ཟབ་ལམ་ཐུགས་རྗེ་ཆེན་པོའི་ཚེ་འགུགས།

༄༅། །ཟབ་ལམ་ཐུགས་རྗེ་ཆེན་པོའི་ཚེ་འགུགས་གཡང་འགུགས་ཀྱི་རིམ་པ་རྣམས་རྒྱས་འདེབས་དང་བཅས་པ་བཞུགས་སོ།། །།

ཧྲཱིཿ མདངས་ལྡན་ལྷུན་འགྲུབ་འོད་ཟེར་ཐིག་ལེའི་དབུསཿ རྣམ་ཀུན་རྒྱལ་བ་སྲས་བཅས་རིག་འཛིན་ཚོགསཿ རྩ་གསུམ་ལྷ་ཚོགས་རིག་འཛིན་འགྲོ་འདུལ་གླིང་ཿ སྒྱུ་འཕྲུལ་ཚེ་ལྷའི་དཀྱིལ་འཁོར་རབ་འབྱམས་ཚོགསཿ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་དང་ཿ མདའ་དར་སྣ་ཚོགས་དར་གྱི་ཅོད་པཎ་གྱིཿ ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་དང་ཿ ལྷ་ཀླུ་གནོད་སྦྱིན་མི་ཡི་ནོར་བུ་སོགསཿ ཕྱི་སྣོད་འཇིག་རྟེན་སྲིད་པའི་བཅུད་ཀུན་བསྡུསཿ ཚངས་པ་བརྒྱ་བྱིན་དྲི་ཟ་ཀླུ་དབང་ལྷཿ སྟོབས་དཔལ་ཕུན་ཚོགས་མི་ཡི་ཚེ་སྲོག་མདངསཿ ནང་བཅུད་སྐྱེ་འགྲོ་མ་ལུས་ཐམས་ཅད་ཀྱིཿ དཔལ་འབྱོར་ཕུན་ཚོགས་ཚེ་ཡི་བཅུད་བསྡུས་ཤིགཿ གསང་བ་ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱིཿ སྐུ་གསུང་ཐུགས་དང་མཁྱེན་བརྩེ་ནུས་པའི་རྩལཿ ཕྱག་མཚན་འོད་ཟེར་སྣ་ཚོགས་སྐུ་ཡི་ཆརཿ དཀྱིལ་འཁོར་གཞལ་ཡས་ཁང་དང་འདིར་འདུས་པསཿ མཆེད་ལྕམ་སྒྲུབ་པ་པོ་ལ་བྱིན་ཆེན་ཕོབཿ མི་ཤིག་རྡོ་རྗེའི་ཚེ་དང་ཕུན་ཚོགས་དཔལཿ མཆོད་ཐུན་དཔོན་སློབ་འབྲལ་མེད་དངོས་གྲུབ་སྩོལཿ ཁྱད་པར་དུས་གསུམ་རྒྱལ་བའི་བསྟན་སྲུང་ཚོགསཿ ཞིང་དང་ཕྱོགས་སྐྱོང་དཔལ་མགོན་བདུན་ཅུ་ལྔཿ སྡེ་དཔོན་སུམ་ཅུ་མི་ཟད་དྲེགས་པའི་ཚོགསཿ སྐྱོབས་པའི་སྲུང་མ་ཀུན་གྱི་ཚེ་ཁུག་ཅིགཿ ཚེ་བཅུད་འོད་དང་ཐིག་ལེ་མེ་རེ་རེཿ བར་སྣང་སྐུ་དང་གསུང་གི་དཀྱིལ་འཁོར་འཁྲིགསཿ བདེ་དྲོད་ཉམས་དང་རྟོག་པའི་རིག་པ་བུནཿ ཟག་བཅས་འཇའ་སྐུར་ཞིག་པའི་སྣང་བཞི་བསྒྲོདཿ གསང་གསུམ་རིག་པ་སྨིན་པའི་རྡོ་རྗེའི་སྤུནཿ ཐོགས་མེད་མཁའ་ལ་སྤྱོད་པའི་དངོས་གྲུབ་སྩོལཿ དུས་གསུམ་དབྱིངས་སུ་དག་པའི་དུས་གཅིག་ཀློང་ཿ འཕོ་འགྱུར་སྐྱེ་འགགས་མེད་པའི་དབང་ཐོབ་ཤོགཿ ཅེས་ཚེ་འགུགས་སོ། །དེ་ནས་གཡང་འགུགས་ཏེ་མེ་ཏོག་འབར་བས་ཆར་སིལ་མ་ནི་གཅེས་ཕྲུག་བུ་མོ་གཙང་མས་ཁྲུས་བྱས། བརྒྱད་གྱི་སྤྲས། མདའ་དར་ཁ་དོག་ལྔ་ལྡན་བཀྲ་ཤིས་པའི་རྫས་ཀྱིས་རིགས་དཔག་ཏུ་མེད་པ་ལག་ཏུ་ཐོགས་ལ། ཚེའི་དཀྱིལ་འཁོར་དུ་གནས་སྐབས་ཀྱིས་བྱིན་འོད་གཡང་དཔལ་ཉམས་པ་སོགས། བཀྲ་མི་ཤིས་པ་བཟློག་པ་དང་། བཀྲ་ཤིས་བྱིན་འོད་འཇིག་རྟེན་སྲིད་བའི་བཅུད་རྣམས་འགུགས་ཤིང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བསྒྲིགས་ཀྱང་ཁྱད་པར་འཕགས་པའི་ཆོ་ག་ནི། ཧྲཱིཿ ཆོས་དབྱིངས་ཁྱབ་བརྡལ་ཡངས་བ་རྒྱལ་བའི་ཞིང་། །ཕྱོགས་དུས་རྒྱལ་བ་རྩ་གསུམ་རིག་པ་འཛིན། །མཁའ་སྤྱོད་འཇའ་འོད་འཁྲུགས་པའི་གུར་ཁང་ནས། །རིག་འཛིན་བླ་མའི་བྱིན་རླབས་གཡང་ཁུག་གཅིག །འོག་མིན་རྡོ་རྗེའི་དབྱིངས་ཀྱི་གཞལ་ཡས་མཆོག །ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་རིགས་ལྔ་དང་། །ཐེག་དགུའི་ཡི་དམ་ལྷ་ཡི་བསྐོར་རྣམས་ཀྱིས། །མཆོག་དང་ཐུན་མོང་དངོས་གྲུབ་གཡང་ཁུག་ཅིག །ཉི་ཤུ་རྩ་བཞིའི་གནས་ཡུལ་དུར་ཁྲོད་ནས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོ་ལ། །ལས་བྱེད་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ཡི། །ཕྲིན་ལས་རྣམ་བཞི་འགྲུབ་པའི་གཡང་ཁུག་ཅིག །སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་ནས། །བསྟན་པའི་བདག་པོ་དུས་གསུམ་རྒྱལ་བ་དང་། །བསྟན་འཛིན་སྐྱེས་བུ་འགྲོ་བའི་དཔལ་མགོན་གྱིས། །སངས་རྒྱས་བསྟན་བ་རྒྱས་པའི་གཡང་ཁུག་ཅིག །སྲིད་པའི་ལྷ་རབས་དགེ་བསྙེན་གཞི་བདག་དང་། །སྤར་སྨེའི་ལོ་འགྲོས་བདག་པོ་འབྱུང་བ་འདིའི། །ཕྱི་དང་ནང་དང་གསང་བའི་ལྷ་རྣམས་ཀྱིས། །རང་རང་ལས་ལ་དབང་བའི་གཡང་ཁུག་ཅིག །ཕྱོགས་སྐྱོང་བཅུ་དང་འཇིགས་བྱེད་ཆེན་པོ་དགུ། །ལྷ་ཀླུ་གཟའ་དང་རྒྱུ་སྐར་ཉེར་བརྒྱད་ལྷ། །གཙང་རིས་དཔལ་མགོན་ཆེན་པོ་བདུན་ཅུ་ཡིས། །སྟོབས་དང་གཟི་བརྗིད་རྒྱས་པའི་གཡང་ཁུག་ཅིག །ལོ་དང་ཟླ་བ་ཞག་དང་དུས་ཚོད་དང་། །རྟེན་འབྲེལ་ཚེས་ལ་དབང་བའི་ལྷ་རྣམས་དང་། །མཁར་གྱི་རྩེ་ལྷ་ཞིག་གི་ཚངས་པ་ཡིས། །འགྲུབ་ནོར་ལོངས་སྤྱོད་དཔལ་ཕུན་གཡང་ཁུག་ཅིག །གཡང་གི་བདག་པོ་ཨཱཪྱ་ཛཾ་བྷ་ལ། །རྒྱལ་ཆེན་རྣམས་ཐོས་སྲས་དང་གནོད་སྦྱིན་རིགས། །ཁམས་གསུམ་དབང་སྡུད་དབང་ཕྱུག་ཆེན་པོ་ཡི། །མཆོག་དང་ཐུན་མོང་དངོས་གྲུབ་གཡང་ཁུག་ཅིག །གཡང་གི་ལྷ་མོ་ནོར་རྒྱུན་དཔལ་ལྷ་མོ། །དབྱངས་ཅན་ཚེ་རིང་མ་དང་བསྟན་མའི་ཚོགས། །ཁམས་གསུམ་དབང་དུ་སྡུད་པའི་ཌཱཀི་མའི། །བུ་ནོར་ལོངས་སྤྱོད་རྒྱས་པའི་གཡང་ཁུག་ཅིག །ངོ་མཚར་ལྷ་ཡི་མེ་ཏོག་སྤོས་སྤྲིནདང་། །བཀྲ་ཤིས་རྫས་རྟག་སྣང་སྲིད་རོལ་མོའི་སྒྲ། །བུམ་པ་བཟང་དང་དཔག་བསམ་ཡིན་བཞིན་ནོར། །སྲིད་པའི་ངོ་མཚར་དཔལ་གྱི་གཡང་ཁུག་ཅིག །བཀྲ་ཤིས་གཡང་རའི་དབུས་ན་འོད་འབར་བའི། །ཕུན་ཚོགས་གཡང་རྫས་དགོས་འདོད་ཡིན་བཞིན་ནོར། །གཡང་ཆང་ཚེ་རིལ་བདུད་རྩི་དཔལ་གྱི་བཤོས། །རབ་འབྱམས་འཇའ་སྐུར་འཁྱིལ་བའི་འོད་ཟེར་སྤེལ། །སྟོབས་ཕུན་མངའ་ཐང་རྒྱས་པའི་གཡང་ཁུག་ཅིག །གཡང་འདིས་སྒྲུབ་གནས་ཀུན་ལ་བྱིན་འོད་ཕོབ། །གཡང་འདིས་ཚེ་དཔལ་ཉམས་པ་ཡར་ལ་གསོས། །གཡང་འདིས་རྒས་ཤིང་རྒུད་པ་མལ་ནས་སློང་། །གཡང་འདིས་དབུལ་པོ་ཐམས་ཅད་ནོར་དང་སྤྲོད། །གཡང་འདིས་འོན་ལོང་ཞ་བོའི་དབང་པོ་སྟོན། །གཡང་འདིས་ཆགས་ཆེ་ཉམ་ང་ཕྱིར་ལ་བསྒྱུར། །གཡང་འདིས་ཕོ་བྲང་སུ་བྱིན་འོད་ཕོབ། །གཡང་འདིས་ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས། །གཡང་འདིས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་སྤྲོད། །གཡང་འདིས་མཐུ་རྩལ་ནུས་པ་མེ་ལྟར་སྤོར། །གཡང་འདིས་འཁོར་དང་ལོངས་སྤྱོད་དབུས་སུ་ཆུག །གཡང་འདིས་ཕ་རོལ་རྩོད་ལས་རྒྱལ་བར་མཛོད། །གཡང་འདིས་བདག་ཅག་དཔོན་སློབ་མཐུན་ཞིང་འགྲོགས། །གཡང་འདིས་ཉམས་ཆགས་འགལ་འཁྲུལ་ཞིག་པ་གསོས། །གཡང་འདིས་གྲིབ་དང་མི་གཙང་ཡོངས་ལ་སྐྱོབས། །གཡང་འདིས་སྡེ་བརྒྱད་འབྱུང་པོའི་སྲུང་འཁོར་མཛོད། །གཡང་འདིས་དངོས་གྲུབ་ཡལ་པ་ཐམས་ཅད་ཁུག །གཡང་འདིས་སྙན་དང་གྲགས་པའི་ས་སྟེང་ཁོང་། །གཡང་འདིས་ངོ་མཚར་འབྲུག་སྒྲ་རྟག་ཏུ་སྒྲོགས། །གཡང་འདིས་བྱས་ཚད་ཆོས་སུ་འགྲོ་བར་མཛོད། །གཡང་འདིས་རིགས་དང་ཆོས་ཀྱིས་བརྒྱུད་པ་སྤེལ། །གཡག་འདིས་སྡེ་འདི་མི་གཡོ་བརྟན་པར་མཛོད། །གཡང་འདིས་རང་བྱུང་རིག་པ་མ་དང་སྤྲོད། །གཡང་འདིས་འཁོར་འདས་གཞི་ཟད་ས་ལ་སྐྱོལ། །གཡང་འདིས་ཚེ་གཅིག་རྫོགས་སངས་རྒྱས་པར་མཛོད། །གཡང་འདིས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས། །གཡང་འདིས་འགྲོ་ཀུན་ཕྱིར་མི་ལྡོག་པར་མཛོད། །གཡང་འདིས་འབྲེལ་ཚད་པདྨ་འོད་དུ་སྐྱོལ། །སྡུས་སྡུས་སརྦ་བ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། །འཕེལ་འཕེལ་སརྦ་པུཥྚི་ཀུ་རུ་ཡེ་སྭཱ་ཧཱ། །ལས་རྣམས་བསྒྲུབ་ཅིང་ཕྱྭ་གཡང་བཀྲ་ཤིིས་བདེ་ལེགས་ཐམས་ཅད་ནམ་ཡང་ནུབ་མེད་དུ་བརྟན་པར་གྱུར་ཅིག །སརྦ་མངྒ་ལཾ་སྭ་སྟི་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། །ཞེས་ཐུན་དྲུག་ཏུ་གཡང་ཁ་སྤྲོད་དུ་འགྲུབ་པར་བྱའོ། །དགེའོ།། །།


previousཟབ་ལམ་ཐུགས་རྗེ་ཆེན་པོའི་ཚེ་འགུགས། next