Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུ་ཡོན་ཏན་གཏེར་མཛོད་རྒྱུན་ཁྱེར་དཔག་བསམ་ལྗོན་ཤིང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་ཡོན་ཏན་གཏེར་མཛོད་རྒྱུན་ཁྱེར་དཔག་བསམ་ལྗོན་ཤིང་། next

གུ་རུ་ཡོན་ཏན་གཏེར་མཛོད་རྒྱུན་ཁྱེར་དཔག་བསམ་ལྗོན་ཤིང་།

༄༅། །གུ་རུ་ཡོན་ཏན་གཏེར་མཛོད་རྒྱུན་ཁྱེར་དཔག་བསམ་ལྗོན་ཤིང་བཞུགས་སོ། །

༄༅། །རྒྱལ་བ་ཀུན་འདུས་ཨོ་རྒྱན་པད་འབྱུང་ལ། །འབྲལ་མེད་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །བླ་མ་གསང་འདུས་ཐེམ་མེད་ལས། དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དང་༔ དུས་ཀྱི་རྒྱལ་པོ་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ མི་ཚེ་བླ་མ་སྒྲུབ་པ་ལ༔ བསྐྱལ་ནས་ཚེ་ཡི་དུས་བྱས་ཚེ༔ ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ༔ ཞེས་དང་། མོ་གུས་ཅན་གྱི་དྲུང་དུ་ནི༔ ང་ཉིད་འདུ་འབྲལ་མེད་བར་གནས༔ ཞེས་གསུངས་པ་ལྟར་མོས་གུས་དང་དམ་ཚིག་རྣམ་པར་དག་པས་གསོལ་འདེབས་བསམ་པ་ལྷུན་གྲུབ་དང་འབྲེལ་བར་མཆོད་པའི་ཆོ་ག་ཇི་ལྟར་བྱ་བ་ལ། །ཐོག་མར་ཡིད་དང་མཐུན་པའི་གནས་ཁང་ཡོངས་སུ་བརྒྱན་ཅིང་། གུ་རུའི་སྐུ་རྟེན་བཀོད་པའི་མདུན་དུ་སྟེགས་གཙང་མར། བླ་གཏོར་ཆེ་བ་ཕོ་རྒྱུད་མོ་རྒྱུད། སྨན་རག་ལ་སོགས་ཏེ་ཕྱི་ནང་གསང་བའི་མཆོད་པ་དང་། ཉེ་བར་འཁོ་བའི་ཡོ་བྱད་མཐའ་དག་མ་ཚངས་པ་མེད་པར་འདུ་བྱས་ནས། །དང་པོ་གསོལ་འདེབས་ནི། ཨོཾ་ཨཱ༔ཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་འོད་དཔག་མེད༔ རང་བྱུང་སྤྲུལ་སྐུ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྦྱན་གྱིས་གཟིགས། །འདུ་འབྲལ་མེད་པ་བྱིན་གྱིས་རླབས་ཏུ་གསོལ། །པདྨ་རིག་འཛིན་མཁས་མཆོག་བསྟན་འཛིན་དང་། །ངེས་དོན་བསྟན་འཛིན་མི་འགྱུར་ནམ་མཁའི་མཚན། །ཆོས་ཀྱི་རྡོ་རྗེ་རིམ་བྱོན་བརྒྱུད་འཛིན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འདུ་འབྲལ་མེད་བར་བྱིན་གྱིས་རླབས་ཏུ་གསོལ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་སོགས། དཔལ་ལྡན་རྩ་བའི་སོགས། དཔག་ལྡན་བླ་མའི་རྣམ་སོགས། སྐྱེ་བ་ཀུན་ཏུ་སོགས། མྱུར་ཐོབ་ཤོག །ཚོགས་ཞིང་གསམ་གདབ་བ་ནི། རང་གི་སྙིང་ཁའི་ཧཱུྃ་གིས་འོད་ཟེར་གྱི་སྐྱབས་ཡུལ་གྱི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁའ་བཛྲ་ས་མ་ཡ་ཛཿ སྐྱབས་འགྲོ་ནི། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ། བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་སྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའོ༔ ལན་གསུམ། ཚོགས་བསགས་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ། ཉམས་ཆགས་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང་༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཚོགས་ཞིང་རྣམས་རང་ལ་བསྡུ། མཆོད་པ་བྱིན་གྱིས་རླབས་པ་ནི། ཨོཾ་སྭ་བྷ་ཝ་སོགས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲུཾ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨཱརྒྷཾ་སོགས་ནས། ཤཔྟ་ཨ་ཧཱུྃ༔ མཆོད་སྤྲིན་སྔགས་ལན་གསུམ། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་བྷ་ག་ཝ་ཏེ་བཛྲེ་སཱ་ར་པྲ་མརྡྷ་ནི་ཏ་ཐཱ་ག་ཏཱ་ཡ། ཨཱརྷ་ཏེ་སཾ་མྱགསཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ་མ་ཧཱ་ཏེ་ཛྭ་བཛྲེ་མ་ཧཱ་བིདྱ་བཛྲེ་མ་ཧཱ་བོ་དྷི་ཙིཏྟ་བཛྲེ་མ་ཧཱ་བོ་དྷི་མནྟྲོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་བ་ར་ཎ་བོ་ཤོ་དྷ་ན་བཛྲེ་སྭཱ་ཧཱ། བརྟེན་བསྐྱེད་པ་ནི། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ རྣམ་དག་འོད་ལྔ་རྡོ་རྗེའི་གཞལ་ཡས་ཁང་། །དེ་དབུས་རིན་ཆེན་པད་སྡོང་འདབ་མ་བཞི། །ལྟེ་བར་ཉི་ཟླ་པདྨ་བརྩེགས་པའི་སྟེང་། །རང་བྱུང་རྒྱལ་པོ་ཨོ་རྒྱན་རིན་པོ་ཆེ། །ཕྱག་གཡས་ཐོད་པའི་མཁར་བ་ཐུགས་ཀར་བསྣམས། །གཡོན་པས་རིན་ཆེན་ཤེལ་གྱི་བུམ་བཟང་ནས། །ཟག་མེད་བདུད་བརྩི་སྨན་གྱི་དངོས་གྲུབ་འབེབས། །ཞབས་གཉིས་སྐྱིལ་ཀྲུང་དང་པོའི་སྟབས་སུ་བཞུགས། །སྐུ་གསུང་ཐུགས་ལས་འོད་ལྔའི་འཕྲོ་འདུ་འཁྲུགས། །ཐུགས་སྲོག་ཧཱུྃ་དང་འོད་ཀྱི་ཚོམ་བུར་གསལ། །ཕྱོགས་མཚམས་སྟེང་འོག་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །རིག་འཛིན་བརྒྱུད་པ་སྤྲིན་ལྟར་ཐིབས་སེ་ཐིབ། །ཕྱོགས་བཞིར་འདབ་མ་ཟླ་སྟེང་ཐིག་ལེ་བཞི། །ཡོངས་གྱུར་རིག་བཞིའི་མཁའ་འགྲོ་ཕྱོགས་ཀྱི་མདོག །སྐུ་ལས་མཁའ་འགྲོ་འབུམ་འབུམ་ཕྱོགས་བཅུར་འཕྲོ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །ཡེ་ཤེས་ཐམས་ཅད་ཁྱེད་ཀྱི་སྐུ་ལ་རྫོགས། །ཏྲཾ་རཏྣ་མཎྜལ་བྷྲུཾ་ཧཱུྃ། སྤོས་དང་བདུག་རྫས་སོགས་དྲི་ཞིམ་གྱི་དུད་བ་བཏང་ལ། སྤྱན་འདྲེན་ནི། ཧྲཱི༔ སྔོན་གྱི་བསྐལ་བའི་སོགས། སྤྲོ་ན། ཧཱུྃ། བཞེངས་ཤིག་པདྨ་སོགས། ཕ་ལ་ཧཱུྃ། བཞུགས་གསོལ་ཕྱག་འཚལ་ནི། ཧཱུྃ། རིན་ཆེན་ཕོ་བྲང་རྒྱ་རེ་ཆེ། །པདྨ་ཉི་ཟླ་མདངས་རེ་གསལ། །མ་ཧཱ་གུ་རུའི་ལྷ་ཚོགས་རྣམས། །དགྱེས་ཤིང་བྱིན་གྱིས་བརླབ་ཕྱིར་བཞུགས། །མོས་ལྡན་བུ་ལ་ཞལ་བསྟན་འཚལ། །མཆོག་ཐུན་དངོས་གྲུབ་ཆར་འབེབས་པའི། །ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །པདྨ་ཀ་མ་ལཱ་ཡེ་སྟམ། ཨ་ཏི་པུ་ཧོ། པྲ་ཏི་ཙ་ཧོ། མཆོད་པ་ནི། ཨོཾ་ཨཱཿཧཱུྃ། ཡན་ལག་བརྒྱད་ལྡན་མཆོད་ཡོན་སྦྲེང་། །དག་ཅིང་ཞབས་བསིལ་གངྒའི་རྒྱུན། །སྣ་ཚོགས་མཛེས་པའི་མེ་ཏོག་ཚལ། །ཙནྡན་ལ་སོགས་བདུག་སྤོས་སྤྲིན། །མ་རིག་མུན་སེལ་གཟུགས་གསལ་བ། །ག་བུར་སོགས་སྦྱར་རྨད་བྱུང་དྲི། །རོ་བརྒྱ་བཤོས་གཙང་བཅུད་ལྡན་དང་༔ སྒྲ་སྙན་རོལ་མོ་སྣ་ཚོགས་འབུལ། །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །དྲི་བཟང་ལྷ་མའི་བཅུད་ལྡན་ཟས། །སྣ་ཚོགས་རེག་བྱ་དཔག་མེད་འབུལ། །གདུགས་བཟང་གསེར་ཉ་པདྨ་དུང་། །བུམ་པ་རྒྱལ་མཚན་དཔལ་བེ་འབར། །འཁོར་ལོ་ནོར་བུ་བཙུན་མོ་དང་། །བློན་པོ་གླང་པོ་རྟ་མཆོག་དང་། །དམག་དཔོན་ལ་སོགས་རིན་ཆེན་འབུལ། །ཡུངས་ཀར་དུར་ཝ་བིལ་བ་ཞོ། །མེ་ལོང་ལི་ཁྲི་དུང་དཀར་དང་། །གི་ཝཾ་ལ་སོགས་སྲིད་གསུམ་ན། །མཆོད་འོས་རྨད་བྱུང་ཇི་སྙེད་འབུལ། །བདག་ལ་བརྩེ་བས་བཞེས་ནས་ཀྱང་། །ཚེ་བསོད་དཔལ་འབྱོར་མཆོག་ཐུན་གྱི། །དངོས་གྲུབ་གངྒའི་རྒྱུན་ལྟར་ཕོབ། །བྱང་ཆུབ་རྒྱལ་སར་འཚོ་མཛད་གསོལ། །བསྡུ་ན། ཧཱུྃ། དངོས་སུ་འབྱོར་དང་སོགས། ཨོཾ་བཛྲ་ཨཱརྒྷཾ་སོགས་ནས། ཤཔྟ་པུ་ཛ་ཧོ། །རུ་པ་ཤཔྟ་གནྡྷེ་ར་ས་པཪྴེ་དྷརྨ་དྷརྟུ་པུ་ཛ་ཨཱ་ཧཱུྃ་མ་ཧཱ་པཉྩ་བྷ་ལིངྟ་རཀྟ་ག་ན་ཙཀྲཱ་ཁཱ་ཧི་ཁ་ཧི། བསྟོད་པ་ནི། ཧྲི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་འོད་གསལ་བླ་མ་ལོངས་སྤྱོད་རྫོགས། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཆལ་བསྟོད། །དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེན་པོའི་སྐུ། །པདྨ་ལས་འཁྲུངས་ཚེ་དབང་རྡོ་རྗེའི་སྐུ། །བདེ་ཆེན་ཀློང་ནས་ལྷུན་གྱིས་གྲུབ་པའི་སྐུ། །པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད། །མ་ཆགས་སྐྱོན་བྲལ་གསུངས་རབ་རྒྱ་མཚོའི་གླིང་། །གསང་སྔགས་མ་ལུགས་དམ་ཆོས་རིན་ཆེན་མཛོད། །ཚངས་དབྱངས་ཟབ་མོའི་ཆོས་ཀྱི་ཆར་འབེབ་པ། །པདྨ་རྒྱལ་པོའི་གསུང་ལ་༴ ཆོས་སྐུ་སྤྲོས་བྲལ་མཁའ་ལྟར་དག་པའི་ངང་། །ཏིང་འཛིན་སྐར་ཚོགས་འབུམ་ཕྲག་ཡངས་པའི་ཐུགས། །ཇི་སྙེད་ཇི་བཞིན་གཟིགས་པ་ཉི་ཟླའི་སྤྱན། །པདྨ་ཐོད་ཕྲེང་ཐུགས་ལ་ཕྱག་འཚལ་བསྟོད། །བསྡུ་ན། ཧྲི༔ མ་བཅོས་སྤྲོས་བྲལ་སོགས་ཀྱིས་བསྟོད། དེ་ནས། ཀྱེ་ཀྱེ་ཨོ་རྒྱན་རིན་པོ་ཆེ། །བདག་ལ་རེ་ལྟོས་ཁྱེད་ལས་མེད། །སྙིང་ནས་གུས་པས་གསོལ་འདེབས་ན། །དབང་དང་བྱིན་རླབས་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། བསྙེན་པ་བཟླ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། ཛབ་དབྱངས་ལན་གསུམ་བཟླས་དམིགས་ནི། བདག་མདུན་གྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །བསྟན་གཡོ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་མ་དག་པའི་སྣང་པ་རྒྱུ་དང་བཅས་བ་སྦྱོང་ཏེ། ལྷ་སྔགས་ཡེ་ཤེས་ཀྱི་རོལ་བར་གསལ་བར་བསམ་མོ། བསམ་ལྷུན་གྲངས་མང་དང་བསམ་མྱུར་ཁ་ཤས་སོགས་བརྗོད་མཐར། །མི་རྟོག་ངང་ལས་གཞལ་ཡས་གདན་རྣམས་བསྐྱེད། པད་སྡོང་ཉི་ཟླ་འབར་བའི་གདན་སྟེང་དུ། །སྐད་ཅིག་དྲན་རྫོགས་བླ་མ་སྤྲུལ་བའི་སྐུ། །རབ་བྱུང་ཆ་ལུགས་ཞི་མ་ཁྲོ་ཡི་ཉམས། །ཕྱག་གཡས་ཐོད་མཁར་གཡོན་པས་ཤེལ་བུམ་བསྣམས། །ཕྱོགས་བཞིར་རིགས་བཞི་རིགས་ཀྱི་ཕྱག་མཚན་འཛིན། །དཀར་སེར་དམར་ལྗང་ཅང་ཏེའུ་དྲིལ་བུ་གཡོན། །གྲི་ཐོད་ཁ་ཊཾ་བསྣམས་ཤིང་གར་སྟབས་བཞུགས། །རིན་ཆེན་རུས་རྒྱན་དར་དཔྱང་ཅོད་པཎ་ཕུལ། །སྟེང་ན་ཀུན་བཟང་མཐའ་ཡས་སྤྱན་རས་གཟིགས། །སྟེང་འོག་ཕྱོགས་མཚམས་རིག་འཛིན་མཁའ་འགྲོས་གང་། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་ཌཱ་ཀི་ནི་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོ། ན་མོ་པུ་རུ་ཤ་ཡ་ཧོ། །མཆོད་བ་ནི། ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་༴ ཀུན་ཏུ་བཟང་པོ༴ མཁའ་དབྱིངས༴ ཕྱི་ནང་གསང་བའི་མཆོད་རྒྱ་མཚོའི་མཆོད། །ནམ་མཁའ་མཛོད་སྔགས། ན་མ་སརྦ་ཏ་ཐཱ་སོགས། བསྟོད་པ་ནི། ཨེ་མ་ཧོ། མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །འགག་མེད་སྒྱུ་འཕྲུལ་རྡོ་རྗེ་སེམས་དཔའ་དངོས། །ཐུགས་རྗེའི་འགྲོ་དྲུག་འདྲེན་པའི་སྟོབས་མངའ་བ། །རྗེ་བཙུན་ཨོ་རྒྱན་གུ་རུའི་སྐུ་ལ་བསྟོད། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨ་ཧ་རི་ནི་ས་ཧཱུྃ། ཤནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་སརྦ་ཀརྨ་སིདྡྷི་ཧཱུྃ་ཨཱཿ ཅུང་ཟད་བཟླ། ཚོགས་རྫས་བཟའ་ལྟུང་སོགས་ཅི་འབྱོར་བཤམས་ལ། བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས། །ཚོགས་ཀྱི་དངོས་འཛིན་དྲི་མ་སྦྱངས་སྒྱུར་སྤེལ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །སྤྱན་འདྲེན་འདིར་གཤེགས་དགྱེས་པའི་ཚུལ་དུ་བཞུགས། བཛྲས་མ་ཡཱ་ཛཿ ཧཱུྃ། བླ་མ་རྗེ་བཙུན་པདྨ་ཐོད་འཕྲེང་སྩལ། །རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་ཡི། །རྩ་གསུམ་ཀུན་འདུས་རྒྱལ་བའི་་དཀྱིལ་འཁོར་ལ། །འདོད་ཡོན་ལྔ་ལྡན་ཚོགས་ཀྱིས་མཆོད་པ་འབུལ། །མ་རིག་དབང་གྱུར་ཉེས་ལྟུང་སྙིང་ནས་བཤགས། །བཟུང་འཛིན་གཉིས་སྣང་དགྲ་བགེགས་དབྱིངས་སུ་བསྒྲལ། །བཀའ་ཉན་ལྷག་ལ་དབང་བས་གཏོར་མ་བཞེས། བསམ་བ་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །དེ་ནས་ཐུགས་དམ་གནད་ནས་བསྐུལ་པའི་འདོད་གསོལ་ནི། ཨེ་མ་ཧོ། །བདེ་ཆེན་ཆོས་སྐུའི་ཞིང་ན་སྣང་མཐའ་ཡས། །དཔལ་ལྡན་གྲུ་འཛིན་རི་བོར་སྤྱན་རས་གཟིགས། །རྔ་ཡབ་དཔལ་རིར་མཚོ་སྐྱེས་ཐོད་ཕྲེང་རྩལ། །སྐུ་གསུམ་དབྱེར་མེད་མཆོག་ལ་གསོལ་བ་འདེབས། །མགོན་ཁྱོད་བླ་མ་མཆོག་གསུམ་ཡི་དམ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་བཅས། །སྐྱབས་གནས་ཀུན་འདུས་ངོ་བོར་ཤེས་པའི་བློས། །སྙིང་ནས་འབོད་དོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདག་དང་བདག་འདྲའི་མགོན་མེད་སྙིགས་མའི་འགྲོར། །གང་ལ་གང་འདུལ་སྤྲུལ་པའི་སྐུར་བཞེངས་ནས། །གནས་སྐབས་མཐར་ཐུག་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛོད་ཅིག་པདྨ་འབྱུང་། །ཁྱད་པར་ནད་གདོན་དྲག་པོའི་གཟིར་བའི་ཚེ། །ཨོ་རྒྱན་སྨན་གྱི་བླ་མའི་སྐུར་བཞེངས་ལ། །བྱིན་རླབས་དཔག་བསམ་རྒྱས་པའི་གྲིབ་བསིལ་དུ། །ངལ་བསོའི་དབུགས་འབྱིན་མཛོད་ཅིག་པདྨ་འབྱུང་། །རྣམས་མང་དུས་མིན་འཆི་ བས་འཇིགས་པ་ན། །ཨོ་རྒྱན་ཚེ་དཔག་མེད་མགོན་སྐུར་བཞེངས་ལ། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་གྲུབ་པའི། །སྐལ་བཟང་མངོན་སུམ་སྩོལ་ཅིག༴ སྣོད་བཅུད་རྒུད་པའི་གདུང་བས་ཉམས་ཐག་ཚེ། །ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྐུར་བཞེངས་ལ། །དཔའ་འབྱོར་ལོངས་སྤྱོད་རྫོགས་ལྡན་སྤྲིན་ཆེན་ལས། །འདོད་དགའི་གྲུ་ཆར་ཕོབས་ཤིག༴ ལུང་རྟོགས་ཆོས་ཀྱི་དགའ་སྟོན་ཉམས་པའི་ཚེ། །ཨོ་རྒྱན་ཤཱཀྱ་སེངྒེའི་སྐུར༴ བསྟན་འཛིན་ཞབས་བརྟན་བཤད་དང་སྒྲུབ་པ་ཡི། །བསྟན་བ་རྒྱས་པར་མཛོད་ཅིག༴ རྨོངས་དང་མ་རིག་འཐིབ་བུས་ནོན་པའི་ཚེ། །ཨོ་རྒྱན་བློ་ལྡན་མཆོག་སྲེད་སྐུར༴ ཇི་ལྟར་ཇི་སྙེད་ཤེས་བྱ་ཀུན་མཁྱེན་པའི། །ཡེ་ཤེས་སྣང་སྩོལ་ཅིག༴ རང་དང་གཞན་གྱི་དོན་གཉིས་སྒྲུབ་པའི་ཚེ། །ཨོ་རྒྱན་པདྨ་ས་བྷའི་སྐུར༴ འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀྱི། །དགེ་མཚན་རྒྱས་པར་མཛོད་ཅིག༴ མཁའ་ཁྱབ་འགྲོ་བའི་དོན་ལ་སྤྱོད་པའི་ཚེ། །ཨོ་རྒྱན་ཉི་མ་འོད་ཟེར་སྐུར༴ མཐོང་ཐོས་དྲན་རེག་གདུལ་བྱའི་ཚོགས་རྣམས་ཀུན། །སྨིན་ཅིང་གྲོལ་བར་མཛོད་ཅིག༴ རླབས་ཆེན་བསྟན་འགྲོའི་ཕན་བདེ་སྤེལ་བའི་ཚེ། །ཨོ་རྒྱན་པདྨ་རྒྱལ་པོའི་སྐུར༴ ཁམས་གསུམ་སྲིད་ཞིའི་ལེགས་ཚོགས་ཇི་སྙེད་ཀུན། །འབད་མེད་དབང་དུ་སྡུས་ཤིག༴ ཕས་རྒོལ་གཟའ་ཀླུ་འབྱུང་པོའི་འཚེ་བའི་ཚེ། །ཨོ་རྒྱན་སེངྒེ་སྒྲ་སྒྲོགས་སྐུར༴ མཐུ་སྟོབས་ཕྱག་ན་རྡོ་རྗེ་འབར་བ་ཡིས། །མིང་གི་ལྷག་མར་མཛོད་ཅིག༴ མཐའ་དམག་དུས་འཁྲུགས་རྒྱལ་འགོང་འཚེ་བའི་ཚེ། །ཨོ་རྒྱན་རྡོ་རྗེ་གྲོ་ལོད་སྐུར༴ གཟུགས་ཅན་གཟུག་མེད་དམ་སྲིའི་ཚོགས་རྣམས་ཀྱི། །དོན་སྙིང་ལྐོག་མར་ཕྱུངས་ཤིག༴ རྩེ་གཅིག་ཟབ་མོའི་རྣལ་འབྱོར་སྒོམ་པའི་ཚེ། །ཨོ་རྒྱན་རྡོ་རྗེ་འཆང་གི་སྐུར༴ སྐྱེད་རྫོགས་རྫོགས་པ་ཆེན་པོའི་གསེང་ལམ་ནས། །ཟུང་འཇུག་འགྲུབ་པར་མཛོད་ཅིག༴ གལ་ཏེ་ཚེ་འདིར་བརྟན་པ་མ་ཐོབ་ན། །ཨོ་རྒྱན་སྣང་བ་མཐའ་ཡས་སྐུར༴ འཆི་ཁར་གནད་བཅོད་སྡུག་བསྔལ་ཞི་བ་དང་། །བདེ་ཆེན་ཞིང་དུ་ཁྲིད་ཅིག༴ དེ་ཡང་འཁྲུལ་ནས་བར་དོ་འཁྱམས་སྲིད་ན། །ཨོ་རྒྱན་དུས་གསུམ་མཁྱེན་པའི་སྐུར༴ འཇིགས་སྐྲགས་འཁྲུལ་སྣང་རང་སར་གྲོལ་བ་དང་། །དག་པའི་ཞིང་དུ་དྲོངས་ཤིག༴ མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །སྐྱིད་སྡུག་ལེགས་ཉེས་བཟང་ངན་ཅི་བྱུང་ཡང་། །མགོན་པོ་ཁྱེད་ལས་སྐྱབས་གཞན་མ་མཆིས་པས། །འབྲལ་མེད་བྱིན་གྱིས་རློབས་ཤིག་པདྨ་འབྱུང་། །ཅེས་པ་འདིའང་འཇམ་དབྱངས་མཁྱེན་རྩེའི་གསུངས་སོ། །དེ་ནས་དངོས་གྲུབ་བླང་བ་ནི། །བླ་མའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་ཅིག་ཆར་བྱུང་། །བདག་གི་གནས་གསུམ་ཞུགས་ཤིང་ཐིམ་པ་ཡིས། །དབང་བསྐུར་སྒྲིབ་བྱང་སྨིན་གྲོལ་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སོགས། ཀཱ་ཡ་ཝཀྐ་ཙིཏྟ་སོགས། ཧཱུྃ། དེ་ནས་གཏོར་བསྔོས་བསྡུས་ཙམ་བྱ། མཆོད་བསྟོད་ནི། ཨོཾ་མ་ཧཱ་གུ་རུ་ས་པ་རི་ཝཱ་ར་ཨཱརྒྷཾ་སོགས་ནས། ས་མ་ཡ་ཁ་ཧི་ཁ་ཧི། ཧྲཱི༔ མ་བཅོས་སྤྲོས་བྲལ་སོགས་ཀྱི་བསྟོད་མཐར། བཟོད་གསོལ་ནི། མ་རྙེད་ཡོངས་སུ་སོགས། ཡིག་བརྒྱ་ལན་གསུམ། བརྟེན་བཞུགས་བྱ། བསྡུ་རིམ་ནི། ཧཱུྃ། སྣོད་བཅུད་གཞལ་ཡས་ཁང་དང་ལྷ། །མཁའ་ལ་སྤྲིན་བཞིན་དབྱིངས་སུ་ཐིམ། །གནས་ལུགས་རྫོགས་པ་ཆེན་པོའི་ངང་། །བློ་འདས་ཆོས་སྐུའི་རང་ཞལ་ལྟ། །ཨ་ཨ་ཨ། སེམས་གཞན་དུ་མ་ཡེངས་བར་རང་བབ་གློད་ལ་དར་ཅིག་མཉམ་པར་བཞག་ལ། སླར་ཡང་པདྨ་རྒྱལ་པོའི་སྐུ་རུ་ལྡང་། ཨོཾ་ཨཱཿཧཱུྃ། བསྔོ་སྨོན་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་པའི་དགེ་བ་ཡིས། །མཉམ་མེད་བླ་མ་མྱུར་འགྲུབ་ནས། །ཨོ་རྒྱན་གནས་སུ་ཕྱིན་པར་ཤོག །མེ་རྟོག་མཐོར་ལ། བཀྲ་ཤིས་ནི། ཨོཾ། བཀྲ་ཤིས་དམ་པ་དངོས་གྲུབ་ཆར་འབེབས་པ། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་། །གང་ཟག་སྙན་རྒྱུད་བླ་མའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེངས་འདིར་བདེ་ལེགས་ཤོག །བཀྲ་ཤིས་མེ་ཏོག་པདྨའི་མཚོ་གླིང་དུ། །གང་ཞིག་བལྟམས་པས་མཁའ་འགྲོའི་སྤྲིན་ཕུང་འཁྲིགས། །ཚེས་བཅུའི་ཉི་ཤར་དངོས་གྲུབ་ཆར་འབེབས་པ། །བཀྲ་ཤིས་དེས་ཀྱང་དེངས་འདིར་བདེ་ལེགས་ཤོག །བཀྲ་ཤིས་འཛམ་གླིང་ཀུན་གྱི་རྒྱན་གྱུར་པ། །སྣ་ཚོགས་མཛད་པའི་ངོ་མཚར་བསམ་མི་ཁྱབ། །ཕྲིན་ལས་རྣམས་བཞིས་འགྲོ་བ་འདུལ་མཛད་པ། །བཀྲ་ཤིས་དེས་ཀྱང་༴ བཀྲ་ཤིས་གངས་རིའི་ཡུལ་དུ་དཔལ་འབར་བ། །ལྷ་སྲིན་བཏུལ་ཞིང་དམ་ཆོས་ཆར་ཆེན་བབས། །ཟབ་གཏེར་རྒྱ་མཚོ་འགྲོ་ལ་སྣང་མཛད་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ནས་བཟང་སྤྱོད་སོགས་ཀྱི་མཐའ་རྒྱན་པར་བྱའོ། །ཅེས་པ་འདི་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་གསུང་ལ་ཅུང་ཟད་དུ་རང་བློ་དང་བསྟུན་པའི་སྤྲོས་བཅས་རྣམས་ལ་ཁ་སྐོང་གི་ཚུལ་དུ་ལེའུ་བདུན་པའི་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་དང་། གཞན་ཚིག་ཁ་ཤས་སྦྱར་ཏེ་བསྒྲིགས་པ་འདི་མཁན་རཏྣའི་མིང་ཅན་གྱིས་བྲིས་པ་འདིས་བདག་གཞན་སེམས་ཅན་ཐམས་ཅད་ལུས་རྒྱ་བྲལ་མ་ཐག་ཏུ་རྔ་ཡབ་དཔལ་གྱི་རི་བོར་པདྨ་འོད་ཀྱི་ཞིང་ཁམས་སུ་ཚོམ་བུ་གཅིག་ཏུ་སངས་རྒྱས་པའི་རྒྱུར་གྱུར་ཅིག། །དགེའོ།། །དགེའོ།། །དགེའོ། མངྒ་ལཾ།། །།


previousགུ་རུ་ཡོན་ཏན་གཏེར་མཛོད་རྒྱུན་ཁྱེར་དཔག་བསམ་ལྗོན་ཤིང་། next