Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རཱུ་ཏྲའི་སྨེ་བཤགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརཱུ་ཏྲའི་སྨེ་བཤགས། next

རཱུ་ཏྲའི་སྨེ་བཤགས།

བཞི་བ་རཱུ་ཏྲའི་སྨེ་བཤགས་ནི༔ ཨོཾ༔ ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས༔ དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ༔ རྣམ་དག་འོད་གསལ་ཉི་ཟླ་འབུམ་གདལ་བཞིན༔ དཔའ་བོ་འོད་ཟེར་སྟོང་ཁམས་ལམ་མེ་བ༔ སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས༔ ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ༔ བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས༔ ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས༔ སྔོན་ཚེ་ལས་ལོག་སྡིག་པ་སྤྱད་པས་ནོངས༔ སྡིག་པའི་ལས་རྣམས་ཅི་སྤྱད་རབ་གནོང་འགྱོད༔ དར་ཅིང་དྲག་པོའི་ལས་དབང་དེ་བཙན་ནས༔ འཁོར་བ་སྡུག་བསྔལ་རྒྱ་མཚོར་བྱིངས་གྱུར་ཏེ༔ ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས༔ གཏི་མུག་མུན་པ་འཐིབས་པས་ཤེས་རབ་རྨོངས༔ འདོད་ཆགས་རྒྱ་མཚོའི་འགྲམ་དུ་རྣམ་ཤེས་བྱིངས༔ ང་རྒྱལ་དྲག་པོའི་རི་བོས་ངན་འགྲོར་མནན༔ ཕྲག་དོག་རླུང་དམར་འཚུབ་མས་འཁོར་བར་གཡེངས༔ བདག་ཏུ་ལྟ་བའི་མདུདཔ་དམ་པོས་བཅིངས༔ འདོད་པ་མེ་འདག་དོང་འདྲའི་འོབས་སུ་ལྷུང་༔ སྡུག་བསྔལ་དྲག་པོ་མི་བཟོད་ཆར་ལྟར་འབེབས༔ འདི་འདྲའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཞིང་༔ སྡིག་པའི་ལས་དབང་དྲག་པོའི་མེ་འབར་བས༔ རྣམ་ཤེས་དབང་པོའི་མྱུ་གུ་གདུང་གྱུར་ཏེ༔ ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན༔ བྱམས་མགོན་ཐུགས་རྗེ་ཅན་གྱིས་མཟོད་ལགས་སམ༔ བདག་ནི་བླུན་རྨོངས་ལས་ངན་སྡིག་པོ་ཆེ༔ ལས་ཀྱི་དབང་གིས་འདོད་ཁམས་རཱུ་ཏྲར་སྐྱེས༔ སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད༔ ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད༔ ལས་ཀྱི་ཤུགས་ནི་ཆུ་བོའི་གཞུང་དང་འདྲ༔ ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་བཟློག༔ རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང་༔ ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས༔ བདག་ནི་དེ་སྔོན་བསྐལ་པ་གྲངས་མེད་དུ༔ འཁོར་བའི་བཙོན་རར་མུན་པར་འཁྱམས་པ་ལས༔ བྱམས་མགོན་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ ལས་དང་ཉོན་མོངས་སྒྲིབ་པ་གནས་སྦྱངས་ནས༔ མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟར་འཁོད༔ ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི༔ ཐུགས་རྗེའི་ཞལ་ཉིད་ལྟ་བས་མི་ངོམས་ཀྱང་༔ ཐོག་མ་མེད་ནས་མ་རིག་ལིང་ཐོག་གིས༔ ལྡོངས་བའི་ཆུ་བུར་མིག་གིས་མ་མཐོང་ན༔ འགྲོ་བའི་མགོན་ཁྱོད་དེ་སྔ་གང་ན་བཞུགས༔ ལས་དབང་དྲག་པོ་ཤིན་ཏུ་མི་བཟད་པས༔ ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས༔ དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཅིང་༔ ཉམ་ཐག་འཕོངས་པའི་ང་རོས་འབོད་ལགས་ན༔ བྱམས་མགོན་ཐུགས་རྗེས་དུས་འདིར་མ་དགོངས་ན༔ ནམ་ཞིག་འཆི་འཕོ་ལུས་སེམས་བྲལ་བའི་ཚེ༔ གཉེན་བཤེས་གྲོགས་དང་བྲལ་ནས་གཤིན་རྗེས་འཁྲིད༔ དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ༔ ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་འཁྲིད༔ དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ཀྱིས༔ གང་གི་ཕྱི་བཤོལ་དུས་ལས་མ་གཡེལ་བར༔ ད་ལྟ་ཉིད་དུ་བཏུད་དེ་མངོན་སྤྱོད་མཛོད༔ ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ༔ ཐོག་མ་མེད་པའི་དུས་ནས་ལོག་རྟོག་པས༔ ཁམས་གསུམ་འཁོར་བའི་གནས་ནས་མ་ཐར་ཏེ༔ བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་དུ༔ རྡོས་པོ་ཅན་ལུས་གྲངས་མེད་བླངས་གྱུར་པའི༔ ཤ་རུས་བསོགས་ན་འཇིག་རྟེན་གཏོས་དང་མཉམ༔ རྣག་ཁྲག་བསོགས་ན་རྒྱ་མཚོ་ཆེན་པོ་ཙམ༔ ལས་འཕྲོ་བསོགས་ན་བསམ་འདས་བརྗོད་མི་ལང་༔ ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང་༔ བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས༔ སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལ༔ སྐྱེ་བ་ཚེ་གཅིག་ཁོ་ན་ཙམ་གྱི་ལས༔ བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན༔ དེ་ཙམ་བྱས་པའི་ལས་ལ་དོན་ཡོད་པས༔ དོན་གྱི་ཡོང་ཡེ་མྱ་ངན་འདས་ཟིན་ན༔ ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས༔ ཤ་ཁྲག་དྲ་བའི་ལུས་བླངས་འཁོར་བར་འཁྱམས༔ སྡུག་བསྔལ་བཟོད་དཀའ་སྲིད་པའི་བཙོན་རར་ཚུད༔ མི་བཟད་དྲག་པོའི་སྡུག་བསྔལ་འདི་ལྟ་བུ༔ ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་༔ ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ༔ ཉོན་མོངས་ལས་ཀྱི་རླུང་འདི་བཟློག་ཏུ་གསོལ༔ མ་རིག་ལོག་པའི་ལས་ཀྱི་དབང་བཙན་ནས༔ མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན༔ ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ༔ ཉེས་བྱས་ལས་ཀྱི་རྣམ་སྨིན་མི་བཟོད་ན༔ ཐུགས་རྗེ་ཆེན་པོའི་པྲིན་ལས་མི་མཛད་དམ༔ ཕྱིན་ཅི་ལོག་གི་གཡང་སར་ལྟུང་ལགས་ན༔ ཐུགས་རྗེའི་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ༔ དུག་གསུམ་བཟོད་དཀའི་ནད་ཀྱིས་གདུང་ལགས་ན༔ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོའམ༔ ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན༔ ཐུགས་རྗེ་བསིལ་བའི་ཆུ་རྒྱུན་མི་འབེབས་སམ༔ སྡུག་བསྔལ་འཁོར་བའི་འདམ་དུ་བྱིངས་གྱུར་ན༔ ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ༔ ཁམས་གསུམ་འཁོར་བའི་གནས་ནས་སྦྱངས་སྦྱངས་ནས༔ ནམ་ཞིག་རང་གི་འབྲས་བུ་ཐོབ་པའི་ཚེ༔ འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས༔ བདག་ཉིད་ལས་འཕྲོ་དབང་བཙན་བཞག་ན་ལྟ༔ ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི༔ དཔའ་བོ་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་ཞིང་༔ སྔོན་འབྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན༔ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར༔ སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ༔ འཁོར་བའི་འདམ་ནས་དྲངས་ཏེ་སྐུ་གསུང་གྱི༔ གོ་འཕང་མཆོག་ལ་མྱུར་དུ་དྲང་དུ་གསོལ༔


previousརཱུ་ཏྲའི་སྨེ་བཤགས། next