Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞི་ཁྲོ་ན་རག་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་འགྱོད་ཚངས་ཀྱི་ཆོ་ག་དྲི་མེད་བཤགས་རྒྱུད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོ་ན་རག་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་འགྱོད་ཚངས་ཀྱི་ཆོ་ག་དྲི་མེད་བཤགས་རྒྱུད། next

ཞི་ཁྲོ་ན་རག་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་འགྱོད་ཚངས་ཀྱི་ཆོ་ག་དྲི་མེད་བཤགས་རྒྱུད།

༁ྃ༔ ཞི་ཁྲོ་ན་རག་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་འགྱོད་ཚངས་གྱི་ཆོ་ག་དྲི་མེད་བཤགས་རྒྱུད་ཅེས་བྱ་བ་བཞུགས་སོ།། །།

༁ྃ༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་པདྨ་འབྱུང་གནས་ངས༔ སྐྱོ་ངལ་མེད་བའི་མཚོ་རྒྱལ་ལ༔ ན་རག་གནས་ཀྱང་དོང་སྤྲུགས་པའི༔ ཉུང་བསྡུས་མན་ངག་ཟབ་མོ་འདི༔ རྒྱུན་གྱི་ཡི་དམ་ནང་མར་གདམས༔ འདི་ཡི་ཕན་ཡན་བསྟན་པ་ནི༔ རྒྱལ་བ་དགོངས་པ་འདུས་པ་ཡི༔ ཀློང་ཆེན་རྒྱུད་དབང་འདི་སྐད་གསུངས༔ སྒྱུ་འཕྲུལ་རྒྱལ་བ་ཞི་ཁྲོ་ཡི༔ དཀྱིལ་འཁོར་ལྷ་ཚོགས་འདི་དག་གི༔ མཚན་རྣམས་ལན་གཅིག་བརྗོད་བྱེད་ཅིང་༔ མཚམས་མེད་ལྔ་ཡི་སྡིག་པ་བྱང་༔ དམ་ཚིག་སྡོམ་པ་སོར་ཆུད་ནས༔ ན་རག་གནས་ཀྱང་དོང་སྤྲུགས་ཏེ༔ མཆོག་དང་མཐུན་མོང་དངོས་གྲུབ་ཐོབ༔ ཚེ་འདིར་བདེ་ལེགས་ཕུན་སུམ་ཚོགས༔ ཚེ་འདས་སྐུད་དུང་རིང་བསྲེལ་འབྱུང་༔ ཕྱི་མ་རིག་འཛིན་ཞིང་དུ་འགྲོ༔ དེ་སྐད་ཀློང་ཆེན་རྒྱུད་ནས་གསུངས༔ དེ་ཕྱིར་སྔགས་ཀྱི་སྒོར་ཞུགས་ནས༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ ཉམས་ཆགས་བསྐང་ཕྱིར་ཕྱག་འཚོལ་ཤིག༔ ཨེ་མ་ཧོ༔ ཆོས་དབྱིངས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ནས༔ ཕྱོགས་བཅུ་དུས་བཞི་རྒྱལ་བ་སྲས་དང་བཅས༔ ཐུགས་རྗེ་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ རིན་ཆེན་པདྨ་ཉི་ཟླའི་གདན་ལ་བཞུགས༔ ཀུན་བཟང་མཆོད་པའི་སྤྲིན་གྱིས་མཆོད་པར་བགྱི༔ ཨ་ལ་ལ་ཧོ༔ དོན་དམ་ཆོས་དབྱིངས་ཡུམ་གྱི་བྷ་གའི་ཀློང་༔ མཁའ་དབྱིངས་ཡངས་པའི་དཀྱིལ་འཁོར་ཆེན་པོ་ན༔ བཞུགས་པའི་ཕྱོགས་བཅུ་དུས་གསུམ་བདེ་བར་གཤེགས༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་རབ་ཏུ་འཕྲོ༔ མཉེན་ལྕགས་འཁྲིལ་ལྡེམ་ཞི་བའི་ཚུལ་དགུ་ལྡན༔ སངས་རྒྱས་བཞི་བཅུ་གཉིས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང་༔ བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག༔ ཆོས་དབྱིངས་ཡེ་ཤེས་མཆོག་ལ་མངའ་བརྙེས་པ༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་༔ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ༔ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ ངོ་མཚར་ཕོ་བྲུང་བདེ་བར་གཤེགས་པའི་ཡུམ༔ དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་མཛད་ཅིང༔ བདེ་སྟོང་ཟུང་འཇུག་ཡབ་ཀྱི་སྐུ་ལ་འཁྲིལ༔ རིགས་ཀྱི་ཡུམ་མཆོག་རྣམས་ལ་ཕྱག་འཚལ་ལོ༔ རྣམ་ཤེས་དབང་པོ་དག་པའི་སྐུ་གསུང་ཐུགས༔ བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ༔ ཉོན་མོངས་སྤྱོད་པའི་སྐྱོན་དང་བྲལ་བ་ཡི༔ སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ༔ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་བཅས༔ བདུག་སྤོས་མེ་ཏོག་སྣང་གསལ་དྲི་ཆབ་མ༔ རྒྱལ་བའི་དཀྱིལ་འཁོར་མཆོད་པས་མཉེས་མཛད་མ༔ མཆོད་པའི་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ༔ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ༔ བདུདཀྱི་དཔུང་དང་བགེགས་ཚོགས་རྣམ་པར་འཇོམས༔ ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་བསྲུང༔ ཏ་ཀྲིཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ༔ རྟག་ཆད་མཐའ་ཕྱིན་གསང་བ་ཡུམ་གྱིས་ངང༔ མི་མཐུན་ཕྱོགས་འཇོགས་རབ་འཇིགས་ཁྲོ་མོའི་ཚུལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་ལོ༔ སྟེང་འོག་ཕྱོགས་བཅུ་འཇིག་རྟེན་འདུལ་བའི་གཙོ༔ ཉོན་མོངས་དྲུག་འཇོམས་རྒྱུ་དྲུག་དག་པར་སྦྱངས༔ འགྲོ་དྲུག་འདྲེན་ཕྱིར་སྤྲུལ་བའི་སྐུར་སྟོན་པ༔ བཅོམ་ལྡན་ཐུབ་བ་དྲུག་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ སྒྱུ་འཕྲུལ་ཞི་བའི་ལྷ་ཚོགས་འདི་དག་གི༔ མཚན་ནས་ལན་གཅིག་བརྗོད་བྱེད་ཅིང་༔ གང་གིས་གུས་པས་ཕྱག་འཚལ་ན༔ ཉམས་ཆགས་བསྐང་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་གུས་པར་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཁྲོ་བོ་རྨད་དུ་བྱུང་བའི་དཀྱིལ་འཁོར་ནས༔ སྒེག་པ་དཔའ་བརྗིད་འཇིགས་སུ་རུང་བ་དང་༔ རྒོད་དང་གཤེ་དང་ཁྲོ་བོར་བསྟན་པ་དང་༔ སྙིང་རྗེ་རྔམས་དང་ཞི་བར་སྐུར་བསྟན་པ༔ འབར་བ་ལྔ་བཅུ་བརྒྱད་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་སྐུར་སྟོན་ཞིང་༔ གདུག་པ་འདུལ་ཕྱིར་ཁྲོ་ཆེན་འབར་བའི་སྐུ༔ དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཁྲོ་རྒྱལ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་༔ དགྱེས་པ་བསྐྱེད་ཕྱིར་དུད་ཁྲག་ཡབ་ལ་སྟོབས༔ ཁྲོ་མོ་མི་བཟད་འབར་བའི་སྤྲིན་འཕྲོ་མ༔ ཀྲོ་ཏི་ཤྭ་རི་ཡུམ་ལ་འཚལ་ལོ༔ ཐུགས་རྗེས་ཐབས་མཁས་མ་རུངསའདུལ་མཛད་ཅིང་༔ ཡེ་ཤེས་མཚོན་ཆས་ཉོན་མོངས་མ་ལུས་བཅོད༔ སྲིད་གསུམ་བླ་མེད་དབྱིངས་སུ་བསྒྲལ་མཛད་པ༔ རིགས་བཞི་ཁྲག་འཐུང་ཚོགས་ལ་ཕྱག་འཚལ་ལོ༔ ཁྲག་འཐུང་སོ་སོའི་ཡབ་ཀྱི་སྐུ་ལ་འཁྲིལ༔ ཁྲོ་མོའི་གཟུགས་ཀྱི་ལོག་ལྟ་ཟིལ་གྱིས་གནོན༔ འགྲོ་རྣམས་ཐུགས་རྗེས་འདྲེན་སྤྱིར་མཛད་པའི་ཡུམ༔ རིགས་བཞི་ཁྲོ་མོ་ཡུམ་ལ་ཕྱག་འཚལ་ལོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ སྒེག་མོ་ལ་སོགས་འབར་བའི་ཉམས་ལྡན་ཞིང་༔ ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བཞུགས༔ ཀོའུ་རི་ཁྲོ་མོ་བརྒྱད་ལ་ཕྱག་འཆལ་ལོ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་༔ འདོད་དགུ་བསྒྱུར་པའི་གཟུགས་ཅན་འཕྲུལ་མོ་ཆེ༔ མ་སྲིང་བྱམས་པའི་ཚུལ་དུ་གྲོགས་མཛད་མ༔ སེང་ཧ་ཕྲ་མེན་བརྒྱད་ལ་ཕྱག་འཚལ་ལོ༔ རྡོ་རྗེའི་གདོང་མོ་ཕོ་ཉ་མགྱོགས་མ་བཞི༔ འགུགས་དང་འཆིང་སྡོམས་མྱོས་པའི་ལས་ཀུན་མཛད༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་བསྲུང་༔ སྒོ་བསྲུང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ༔ དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལི༔ མཁའ་འགྲོ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ༔ སྲིན་མོའི་ཆ་ལུགས་འཇིགས་པའི་མགོ་བརྙན་ཅན༔ རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ན༔ ཡེ་ཤེས་བསྐལ་པ་མེ་དཔུང་འབར་བའི་ཀློང་༔ མི་དགེ་ཚར་གཅོད་དགེ་བཅུའི་དོན་དུ་བསྐུལ༔ ཕྱོགས་བཅུའི་ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ སྒྱུ་འཕྲུལ་ཞི་ཁྲོ་འདི་དག་གི༔ མཚན་ནས་ལན་གཅིག་བརྗོད་བྱེད་ཅིང་༔ གང་གིས་གུས་པས་ཕྱག་འཚལ་ན༔ ཉམས་ཆགས་སྐོངས་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་གུས་པར་ཕྱག་འཚལལོ༔ ཨ་ལ་ལ་ཧོ༔ དུས་གསུམ་སངས་རྒྱས་ཡོན་ཏན་ཀུན་རྫོགས་ཤིང་༔ གདུལ་བྱ་མ་ལུས་སྨིན་ཅིང་གྲོལ་མཛད་པའི༔ བླ་མ་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ༔ སྐྱེ་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་པྱག་འཚལ་ལོ༔ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ༔ དུས་གསུམ་རྒྱལ་བ་ཀུན་གྱིས་སྒྲུབ་པ་ཡི༔ ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐའ་ཕྱིན་པའི༔ སྐུ་དང་ཡེ་གིས་ཚིགས་ལ་ཕྱག་འཚལ་ལོ༔ འབྱུང་བ་ལྔ་ལས་བསྐུར་བཞིངས་པའི༔ རྟག་པའི་རྒྱལ་མོ་ལྔ་ལ་ཕྱག་འཚལ་ལོ༔ རང་བཞིན་དབྱིངས་ལས་གྲུབ་པ་མོ༔ དབང་ཕྱུག་ལྔ་ལ་ཕྱག་འཚལ་ལོ་༔ རྒྱུ་འབྲས་བྱང་ཆུབ་སེམས་ཀྱི་སྤྲུལ་པ་སྟེ༔ མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་ལོ༔ ག་ན་པ་ཏེའི་སྤྲུལ་པ་སྟེ༔ གིང་ཕོ་རྣམས་ལ་ཕྱག་འཚལ་ལོ༔ ལྷ་མོ་དཔའ་མོའི་སྤྲུལ་བ་སྟེ༔ གིང་མོ་རྣམས་ལ་ཕྱག་འཚལ་ལོ༔ འཇིག་རྟེན་ཁམས་ལ་མངའ་མཛད་མ༔ འཇིགས་བྱེད་དཔལ་འབར་རལ་པ་ཅན༔ འདོད་པའི་རོ་ལ་ཆགས་པ་མོ༔ མ་མོའི་ཚོགས་ལ་ཕྱག་འཚལ་ལོ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༔ བཀའ་བཞིན་རྗེས་སུ་བསྒྲུབ་པའི་གྲོགས་མཛད་མ༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོཿ ཨ་ལ་ལ་ཧོཿ བཅོམ་ལྡ་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོཿ ཨོཾ་བཛྲ་ས་ཏྭ་ས་མ་ཡཱཿམ་ནུ་པཱ་ལ་ཡཿ བཛྲ་ས་ཏྭ་ཏྭེ་ནོ་པཿ ཏིཥྛ་དྲྀཌྷོམེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝཿ སུ་པོ་ཥྱོ་མེ་བྷ་ཝ༔ ཨནུ་རཀྟོ་མེ་བྷ་ཝ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲཱི་ཡེ༔ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་༔ བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ ཨ་ལ་ལ་ཧོ་ཿ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས༔ ཡང་སྙིང་ཡི་གེ་བརྒྱ་པ་འདི༔ བདུན་ནམ་ཉི་ཤུ་རྩ་གཅིག་གམ༔ བརྒྱ་དང་རྩ་བརྒྱད་བརྗོད་གྱུར་ན༔ མཚམས་མེད་ལྔ་ཡི་སྡིག་པ་བྱང༔ ཉམས་ཆགས་མ་ལུས་ཀུན་བྱང་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྲས་ཀྱི་དམ་པར་དགོངས་པར་གྱུར༔ ཧོ༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་དགོངས༔ རྒྱལ་བའི་བཀའ་དང་བླ་མའི་ལུང༔ ཅི་བཞིན་མ་སྤྱད་ལུང་དང་འགལ༔ གསང་སྔགས་དམ་ཚིགས་ཆགས་ཉམས་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་ནི༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ བླ་མ་རྡོ་རྗེ་སློབ་དཔོན་དང༔ མཆེད་དང་ལྕམ་དྲལ་ལ་སོགས་པའི༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ མཚམས་མེད་ལྔ་དང་ཉེ་བ་ལྔ༔ ལྕི་བ་བཞི་དང་ལོག་པ་བརྒྱད༔ མི་དགེ་བཅུ་ཡི་ལས་བགྱིས་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱི་བཤགས་པར་བགྱི༔ གསང་སྔགས་ཕྱི་དང་ནང་གི་དཀྱིལ་འཁོར་དུ༔ རྡོ་རྗེ་ཐེག་པའི་དམ་བླང་ནས༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་ལ༔ མ་གུས་བརྙས་པར་གྱུར་ལ་སོགས༔ སྐུ་ཡི་དམ་ཚིག་ཆགས་ཉམས་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ བསྐྱེད་རྫོགས་བཟླས་བསྒོམ་པར་ཆོད་ཅིང༔ ཚོགས་དང་གཏོར་མ་ཆགས་ལ་སོགས༔ གསུང་གི་དམ་ཚིགས་ཆགས་ཉམས་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱི་མཐོལ་ལོ་བཤགས༔ ཉམས་དང་མ་སྨིན་སེམས་ཅན་ལ༔ གསང་བ་བསྒྲགས་པ་ལ་སོགས་པ༔ ཐུགས་ཀྱི་དམ་ཚིག་ཆགས་ཉམས་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ སྤྱད་བྱ་ལྔ་དང་མི་སྤང་ལྔ༔ བླང་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ ཤེས་བར་བྱ་བ་ལྔ་ལ་སོགས༔ ཡན་ལག་དམ་ཚིག་ཆགས་ཉམས་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཉ་སྟོང་ཚེས་བརྒྱད་ལ་སོགས་དུས་ཀྱི་མཆོད་པ་ཆགས༔ བསྙེན་བསྒྲུབ་ཏིང་འཛིན་མ་གསལ་ལྟ་བསྲོ་སྒ༔ ཕུད་དང་གཙང་སྦྲ་མ་བགྱིས་འབག་རྩོག་ཤོར༔ ལེ་ལོ་སེར་སྣའི་དབང་དུ་གྱུར་པ་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱི་བཤགས་པར་བགྱི༔ འདི་ནས་བཟུང་སྟེ་བྱང་ཆུབ་མཆིས་ཀྱི་བར༔ སྡིག་པ་མི་དགེའི་ལས་སུ་གྱུར་བ་ཀུན༔ ལུས་དང་སོག་ལ་བབ་ཀྱང་མི་བགྱི་བའི༔ རྒྱལ་བ་ཁྱེད་ཀྱི་སྤྱན་སྔར་དམ་བཅའ་འོ༔ ཁྱེད་ཀྱང་ཐུགས་རྗེ་བཏང་སྙོམས་མ་མཛད་པར༔ བྱམས་བརྩེ་ལྡན་པའི་བུ་བཞིན་བསྐྱང་དུ་གསོལ༔ དེ་ལྟར་མཐོལ་ཞིང་བཤགས་པ་ཡི༔ བདག་ཅག་གསང་སྔགས་སྒོར་ཞུགས་རྣམས་༔ རྩ་བ་ཡན་ལག་དམ་ཚིག་གི༔ ཉམས་ཆགས་ཐམས་ཅད་བསྐང་གྱུར་ཅིག༔ མཆོག་དང་ཐུན་མོང་ལ་སོགས་ཏེ༔ དངོས་གྲུབ་ཐམས་ཅད་ཐོབ་གྱུར་ཅིག་༔ ཏ་ན་ག་ནའི་ལྟ་སྤྱོད་དབང༔ སེམས་ཀྱི་རྟོགས་པ་ཐོབས་གྱུར་ཅིག༔ དེ་ལྟ་བུ་ཡི་འགྱོད་ཚངས་ཀྱི༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ ལུས་ངག་ཡིད་གསུམ་སྒྲིབ་སྦྱངས་ནས༔ ན་རག་གནས་ཀྱང་དོང་སྤྲུགས་ཉེ༔ འགྲོ་དྲུག་གནས་ནས་ཐར་གྱུར་ཅིག༔ ལམ་ལྔ་ས་བཅུའི་རིམ་པ་རྣམས༔ སྐད་ཅིག་ཉིད་ལ་བགྲོད་གྱུར་ཅིག༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ སངས་རྒྱས་སྐུ་གསུམ་ཐོབ་པར་ཤོག༔ དེ་ལས་བྱུང་པའི་དགེ་བ་འདིས༔ གསང་སྔགས་རྡོ་རྗེ་ཐེག་པ་རྣམས་༔ བཀའ་བཙན་བྱིན་ཆེ་དར་གྱུར་ཅིག༔ གསང་སྔགས་འདི་བསྒྲགས་རྒྱལ་ཁམས་སུ༔ མི་ནད་ཕྱུགས་ནད་ཞི་གྱུར་ཅིག༔ མི་དར་ལོ་ཕྱུགས་ལེགས་གྱུར་ཅིག༔ འགྲོ་ཀུན་དགེ་བཅུ་སྦྱོང་གྱུར་ཅིག༔ ཀུན་ཀྱང་སངས་རྒྱས་མྱུར་ཐོབ་ཤོག༔ ཅེས་རྣལ་འབྱོར་གྱི་སྤྱི་ཁྲུས་ན་རག་གདོང་སྤྲུགས་འགྱོད་ཚང་གི་རྒྱལ་པོ༔ སློབ་དཔོན་པདྨས་ངོ་མོ་མཚོ་རྒྱལ་ལ་གདམས་པའོ༔ གསང་སྔགས་འདི་ལན་གཅིག་བརྗོད་བ་ཙམ་གྱིས་ཀྱང་མཆམས་མེད་པ་ལྔ་ཡང་དུང་བྱིངས་ལྟར་འགྱུརའོཿ ཅེས་དགོངས་འདུས་ཀློང་ཆེན་རྒྱུད་ལས་གསུངས་སོ༔ དེ་བས་འདི་ལ་ཡི་དམ་དུ་བྱེད་པ་གལ་ཆེའོཿ མངའ་བདག་ཆེན་པོ་ཉང་གི་གཏེར་མའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ །ཨྀ། གཏེར་དང་སྦས་རྒྱཿ རྒྱའོ༔ གསང་སྔགས་ཕྱི་ནང་གི་དབང་ཐོབ་པའི་སྡོམ་པ་དམ་ཚིག་ལ་གཅེས་སྤྲས་དང་ཕྱིར་བཅོས་སོགས་ལ་འདི་ཉིད་ཀློག་དང་བཤགས་པ་ཡང་དག་ཡིན་ནོ༔ སརྦ་མངྒལཾ།། །།


previousཞི་ཁྲོ་ན་རག་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་འགྱོད་ཚངས་ཀྱི་ཆོ་ག་དྲི་མེད་བཤགས་རྒྱུད། next