Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྔགས་བདག་འབར་མའི་ཐུགས་ཐིག་ལས་ལས་བྱང་གནམ་ལྕགས་རལ་གྲི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྔགས་བདག་འབར་མའི་ཐུགས་ཐིག་ལས་ལས་བྱང་གནམ་ལྕགས་རལ་གྲི། next

སྔགས་བདག་འབར་མའི་ཐུགས་ཐིག་ལས་ལས་བྱང་གནམ་ལྕགས་རལ་གྲི།

༄༅། སྔགས་བདག་འབར་མའི་ཐུགས་ཐིག་ལས། ལས་བྱང་གནམ་ལྕགས་རལ་གྲི་བཞུགས་སོ།

ནྃ།༔ ༔ན།ནྱ།ཏབཏ།ན།༔ རྦོད་གཏོང་མ་མོའི་ལྷ་ལ་འདུདཿ གསང་བ་སྔགས་ཀྱི་རྣལ་འབྱོར་པས༔ དཔལ་ལྡན་ལྷ་མོ་ཆེན་མོ་ལ༔ མཆོད་བསྟོད་ཕྲིན་ལས་བཅོལ་འདོད་ན༔ དབང་བསྒྲུབ་ལས་སྦྱོར་རང་གཞུང་བཞིན༔ དཀྱིལ་འཁོར་བཅའ་གཞི་ལས་ལ་སྦྱོར༔ ཀུན་གྱི་ཁ་བསྐོང་ལས་གཞུང་བསྲངས༔ ཁྱད་པར་ཉ་སྟོང་དུས་ཆེན་དང་༔ ཡསར་ངོ་མར་ངོའི་ཚེས་བཅུ་སོགས༔ ལྷ་མོ་བརྟེན་ཅིང་མཆོད་འདོད་ན༔ བྷན་དྷར་བཤོས་བུ་ལྷ་གྲངས་བཤམས༔ ནལ་བུའི་ཤ་དང་ལིངྒ་དང་༔ ཤ་སྣ་ཁྲག་སྣ་མྲ་མེས་བརྒྱན༔ བ་སུ་ཏའི་ཞགས་པས་བསྐོར༔ འཚེ་དང་ཡུང་དཀར་ཕྱག་གཙང་གཟུགས༔ སྨྱུག་རྒོད་འམ་ནི་མདའ་མགུལ་དུ༔ ཙཀླིི་བཏགས་ཞིང་དང་གུར་ཕུབ༔ གཏོར་མར་བཙུགས་ཤིང་སྨན་རཀ་བཤམས༔ གྱེར་བསྒོམ་གསོལ་འདེབས་འདི་ལྟར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པའི་ཡིག་འབྲུ་གནས་གྱུར་པ་ལས་སྐད་ཅིག་གི་བདག་ཉིད་ཏི་ར་ཉི་ཟླ་པདྨ་བདུད་བཞིའི་སྟེང་དུ་དཔལ་ཆེན་པོ་ཡང་དག་ཧེ་རུ་ཀ་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱས་ཡུམ་ལ་འཁྱུད་པ་ཞབས་བརྐྱང་བསྐུམ་འདོར་ཐབས་སུ་བསྒྲད་པ་ཞལ་གདངས་ཤིང་ལྗགས་འདྲིལ་བ་སྤྱན་གསུམ་ཁྲག་མཚོ་ལྟར་ཁོལ་ཞིང་། སྨ་ར་དང་ཁ་སྤུ་ལས་མེ་འབར་བ་དབུ་སྐྲ་ཁམ་སེར་གྱེན་དུ་འབར་ཞིང་མཐུར་དུ་གཏིབ་པ་ལ༔ ཐོད་ཕྲེང་དང་རྩེ་བྲན་གསོལ་ཞིང་མི་བསྐྱོད་པ་སྔོན་པོའི་དབུར་བརྒྱན་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱད་ཅིང་མེ་རབ་ཏུ་འབར་བའི་ཀློང་དུ་བཞུགས་པའི་སྐུལ་ལུས་དང་གྲིབ་མའི་ཚུལ་ལྟར་ཡུམ་ཆེན་མོ་བཛྲ་ཀྲོ་ཏི་མ་མཐིང་སྐྱ་གྲི་ཐོད་ཀྱི་ཕྱག་རྒྱ་དག་ཁྲོ་མོའི་ཆས་རྣམས་ཀྱིས་བརྒྱན་ཅིང་ཡབ་ལ་འཁྲིལ་བ་ཡབ་ཡུམ་གཉིས་ཀ་གར་དགུའི་ཉམས་དང་ལྡན་པར་བསྒོམ༔ འོག་མིན་གྱི་ཞིང་ཁམས་ཡང་དག་རོལ་པའི་དུར་ཁྲོད་ནས་དཔལ་ཆེན་པོ་ཧེ་རུ་ཀ་སྐུ་འཁོར་དང་བཅས་པ་བཛྲ་ས་མ་ཡཱ་ཛ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ ཨ་ཏི་པུ་ཧོ༔ ཨ་ལ་ལ་ཧོ༔ བཛྲ་པུཥྤེ་དྷུཔྤེ་སོགས། ཤབྟ་ཨ་མྲྀ་ཏཿ རཀྟ་བྷ་ལིང་ཏ་པུཙྪ་ས་མ་ཡཱ་ཁཱ་ཧི་ཁཱ་ཧིཿ ཧཱུྃ༔ ཆོས་ཀྱིས་དབྱིངས་ལས་མ་གཡོས་ཀྱང་ཿ ཚར་གཅོད་རྗེས་འཛིན་ཧེ་རུ་ཀ༔ སྟོབས་བཅུའི་དབང་བསྒྱུར་ཡབ་ཡུམ་ཆེ༔ རྡོ་རྗེ་ཁྲག་འཐུང་སྐུ་ལ་བསྟོདཿ ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཕྱག་མཚན་གྱི་ལྟེ་བར་ཧཱུྃ་མཐིང་ནག་གི་མཐར་སྔགས་ཕྲེང་འཁོར་བའི་སྟོབས་བཅུའི་དབང་དང་ལྡན་པར་གྱུར༔ ཨོཾ་བཛྲ་ཤྲི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཅི་ནུས་བཟླ་ཞིང་ཏིང་འཛིན་རབ་ཏུ་གསལ་བར་བསྐྱེད༔ དེ་ནས་སྒྲུབ་གཏོར་སྔ་མོར་བསྐྱིད༔ མཆོད་གཏོར་དགྲ་བགེགས་སུ་དམིགས་ཤིང་ཤ་ཁྲག་གི་རྒྱ་མཚོར་བྱིན་གྱིས་བརླབ་ནས། ལྷ་མོ་བསྐྱེད་ཅིང་འབད་དེ་མཆོད་ཕྲིན་ལས་འདི་ལྟར་བཅོལ༔ བདག་ཉིད་དཔལ་ཆེན་པོ་གསལ་བའི་མདུན་དུ་ཨེ་གྲུ་གསུམ་དམར་ནག་ཏུ་འབར་བའི་ཀློག་དུ་ཁྲག་ཞགས་གི་རྒྱ་མཚོ་ཆེན་པོ་རབ་ཏུ་ཁོལ་ཤིང་འཁྱམས་པའི་དབུས་སུ་ཐོད་པ་སྐམ་རློན་གྱི་སྐུ་མཁར་ཟུར་གསུམ་པ་ནང་གནམ་ལྕགས་ལས་གྲུབ་ཅིང་བསྐལ་པའི་མེ་ཆེན་འབར་བ་དུག་རླང་ཁམ་ནག་ཏུ་འཚུབས་ཤིང་མི་རོ་ཏ་རོ་འབུམ་ཁྲི་བརྡལ་བ༔ སྟེང་གི་བར་སྣང་ལ་གནམ་ལྕགས་ཀྱི་ཐོག་སེར་འབེབས་ཤིང་འབྲུག་སྟོང་ལྡིར་ཏེ་གློག་སྟོང་འཁྱུག་པའི་དབུས་སུ་ཉི་དཀྱིལ་ཏི་རའི་སྟེང་དུ་ཏྲིཿལས་སྐྱེས་པའི་བོང་བུ་དམར་ག་དྲག་རྩལ་མྱུར་མགྱོགས་དང་ལྡན་པའི་རྒྱབ་ཏུ་གཡང་གཞི་དང་མི་མགོའི་སྒ་སྟན་ལ་མཆོང་སྦྲུལ་དང་རྒྱུ་མས་གོང་སྨེད་བྱས་ཤིང་༔ མགོ་བོ་དང་སྙིང་གི་ཐོག་དམ་འཕྱང་བ་གཡུ་མཐུར་དང་གསེར་སྲབ་ལ་མིག་འབྲེས་ཀྱི་ཕྲས་བརྒྱན་ཅིང་༔ གསེར་གྱི་གཡོན་ཁ་མང་དུ་འཁྲོལ་བ་རྣ་བར་དར་གྱི་འཕུར་ལྕེས་བརྒྱན་པར་བསྐྱེདཿ དེ་ཡི་སྟེང་དུ་རང་གི་ཐུགས་ཀའི་ས་བོན་ལས་ཡི་གེ་མ་མཐིང་ནག་གཅིག་འཕྲོས་པ་ལས་དཔལ་ལྡན་ལྷ་མོ་ཆེན་མོ་སྐུ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་རབ་ཏུ་བསྒྲད་ཅིང་ཞལ་གདོངས་ཤིང་༔ ལྗག་འདྲིལ་བ་མཆེ་བ་རབ་ཏུ་གཙིགས་ཤིང་རལ་བ་ཁམ་ནག་གྱེན་མཐུར་དུ་གཏིབ་པ་ལ་གསེར་གཡུ་མུ་ཏིག་གི་ཆུན་པོ་དང་ཐོད་པས་བརྒྱན་པ༔ གཡས་པས་ཁ་ཊྭཱྃ་དང་བ་དན་ནག་པོ་ནམ་མཁའ་ལ་ཕྱར་བ༔ གཡོན་པས་ནད་ཀྱི་རྐྱལ་པ་བསྣམས་པ་སྐུ་སྟོད་ལ་ཞིང་ལྤགས་དང་དར་ནག་གསོལ་བ༔ སྐུ་སྨད་ལ་སྟག་ལྤགས་དང་མི་རྩིབ་ཀྱི་རེ་ལྡེ་མིག་མང་རིས་སུ་དཀྲིས་པ་སྤྱི་བོར་རྨྱ་བྱའི་སྒྲོ་ཕུག་གཙུག་པ་སྙན་གཡས་ན་སེང་གེ་འཕྲོ་ཞིང་གཡོན་ནས་སྦྲུལ་ནག་གདེངས་པ༔ ཐོད་པ་སྐམ་རློན་དང་སྦྲུལ་གྱི་དོ་ཤལ་བྱས་པ༔ སྤྱི་བོའི་གཙུག་ནས་ཟླ་བ་རྒྱས་པ༔ ལྟེ་བའི་དཀྱིལ་ནས་ཉི་མ་འཆར་བ༔ ཞབས་གཉིས་ཕྱེད་སྐྱིལ་གྱི་ཆིབས་ལ་རོལ་པ་ནད་མཚོན་དུག་རླངས་ཀྱི་ཆར་པ་འཕྲོ་ཞིང་ལྟར་མི་བཟོད་པའི་སྐུར་གསལ་བའི་འཁོར་དུ༔ བ་ལམ་དྲེལ་སྣ་མ༔ སྟག་མན་གཟེར་འདེབས་མ༔ ཁྲི་སྨན་སི་ཡི་མ༔ རྡོ་རྗེ་བ་ལམ་མ༔ ཚངས་པ་དུང་གི་ཐོར་གཙུག༔ གཤིན་རྗེ་བྷེ་བ་ས་ཏྭ༔ བདུད་པོ་བྱེ་བ་གུང་རིང་ལ་སོགས་པ་འཆི་བདག་དྲེགས་པ་ཆེན་པོ་བདུན་དང་ཡེ་ཤེས་དང་འཇིག་རྟེན་གྱི་མ་མོ་མཁའ་འགྲོ་བྱེ་བ་འབུམ་གྱི་ཚོགས་ཀྱིས་བསྐོར་བ་བསྐྱེད་པའི་གནས་གསུམ་ལས་འོད་ཟེར་འཕྲོས་པས༔ རྒྱ་མཚོ་ཆེན་པོའི་ཕ་རོལ༔ བྱང་ཤར་མཚམས་ཀྱི་དུར་ཁྲོད་ཡོངས་འདུ་ཤིང་གི་རྩ་བ༔ མེ་རུ་རྩིའི་སྒོ་དྲུང་མུ་ལེ་མཐིང་མཚོའི་གཏིང་རུམ་མཐིང་ཤུམ་སྔོན་པོའི་གུར་ཁང་༔ ཐོད་མཁར་འབར་བའི་ཕོ་བྲང་སོགས་ནས་དཔལ་ལྡན་སྔགས་ཀྱི་བསྲུང་མ་ཆེན་མོ་སྐུ་འཁོར་དང་བཅས་པ་བསྐྱེད་པའི་གནས་འདིར་བཛྲ་ས་མ་ཡཱ་ཛ་ཛ༔ རོལ་མོ་རྣམས་འཁྲོལ་ཞིང་གསུར་ཆེན་གྱི་དུད་པ་གཏོར༔ མི་རྐང་གི་གླིང་བུ་འབུད་དར་ནག་གི་གཡབ་འདོར་ནས་གདུང་བའི་ཡིད་ཀྱིས་སྤྱན་འདྲེན་པ་ནི་འདི་སྐད་དོ༔ ཧཱུྃ་བྷྱོ༔ ཕྱོགས་ནི་ཉི་མ་བྱང་ཤར་མཚམས༔ ཡུལ་ནི་རྒྱ་མཚོའི་ཕ་རོལ་ན་༔ མ་མོ་མཁའ་འགྲོ་འདུ་བའི་གནས༔ ལས་བྱེད་མཁའ་འགྲོའི་དུར་ཁྲོད་ནས༔ མུ་ལེ་མཐིང་མཚོའིགུར་ཁང་ནས༔ ཡོངས་འདུ་ཤིང་ཆེན་ལོ་འདབས་རྒྱས༔ ཐོད་མཁར་འབར་བའི་གཞལ་ཡས་ནས༔ དཔལ་ལྡན་ལྷ་མོ་ཆེན་མོ་ལ༔ དྲེགས་པ་བདུན་དང་ནག་མོ་འབུམ༔ མ་མོ་བྱེ་བའི་འཁོར་གྱིས་བསྐོར༔ མ་ཐོག་མྱུར་དུ་ད་ཚུར་བྱོན༔ ཞལ་བཞེས་དགོངས་ལ་གནས་འདིར་བྱོན༔ དམ་བཅས་དགོངས་ལ་ཕྲིན་ལས་སྒྲུབས༔ བུ་ཡི་སྒྲུབ་པའི་གནས་མཆོག་འདིར༔ མ་ལ་གདུང་བས་བོས་པའི་ཚེ༔ དམ་ལ་འདུས་ཤིག་དཔལ་ལྡན་མ༔ ཆད་ལ་བྱོན་ཅིག་རེ་མ་ཏི༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དྲེགས་པའི་འཁོར་ཚོགས་གཤེགས༴ ནག་མོ་འབུམ་སྡེ༴ བཀའ་ཉན་བྲན་གཡོག༴ རླུང་ནག་འཚུབ་མ་འུ་རུ་རུ༔ བསྐལ་བའི་མེ་འབར་ལྷབས་སེ་ལྷབ༔ ནད་ཀྱི་རླང་པ་ཐིབས་སེ་ཐིབ༔ ཚོན་གྱི་གྲུ་གུ་ཧྲི་ལི་ལི༔ དུག་རླང་མང་པོ་ཕྱུ་རུ་རུ༔ ཐུན་གྱི་སེར་བ་ཤ་ར་ར༔ མཚོན་གྱི་ཐོག་མདའ་ཆེམས་སེ་ཆེམ༔ དྲག་ཏུ་སྐྱོང་ལ་ལས་མཛོད་ཅིག༔ དགྲ་རྣམས་སྒྲོལ་ཕྱིར་གཤེགས་སུ་གསོལ༔ བགེགས་རྣམས་འདུལ་ཕྱིར་གཤེགས་ས་གསོལ༔ ནད་རྣམས་བཟློག་ཕྱིར་༴ བར་ཆད་སེལ་ཕྱིར་༴ རྐྱེན་རྣམས་བསྒྱུར་ཕྱིར་༴ ནག་མོ་ཏི་ལམ་མ་མ་དུན་བྷྱོ༔ བྷྱོ་རེ་མ་ཏི་བཛྲ་ས་མ་ཡཱ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ་བྷྱོ་ སྒྲུབ་པའི་གནས་མཆོག་ཆེན་པོ་འདིར༔ བསྐྱེད་པའི་ལྷ་མོ་དཔལ་ལྷ་མོ༔ མ་ལུས་འཁོར་དང་བཅས་པ་རྣམས༔ དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ༔ ནག་མོ་ཏི་ལམ་མ་མ་དུན་བྷྱོ༔ ས་མ་ཡཱ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ བླ་མེད་བསྟན་པ་བསྲུང་བའི་ཕྱིར༔ ཁྲག་འཐུང་བཛྲ་དྷཀྐི་མ༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ནག་མོ་ཏི་ལམ་མ་མ་དུན་བྷྱོ༔ བྷྱོ་རེ་མ་ཏི་བཛྲ་ན་མོ་པུཙྪ་ཨ་ལ་ལ་ཧེ་ཧོ་ཧཱུྃ༔ མཆོད་པ་འབུལ་བ་ནི༔ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ་འཁོར་བཅས་ལ༔ ཆུ་སྣ་སྟོང་གི་ཡོན་ཆབ་འབུལ༔ འབྲུ་སྣ་སྟོང་གི་མེ་ཏོག་འབུལ༔ ཤིང་སྣ་སྟོང་གི་དུད་སྤྲིན་འབུལ༔ ཉི་ཟླ་སྟོང་གི་མར་མེ༴ དྲི་བཟང་སྟོང་གི་བྱུག་པ་འབུལ༔ བཅུད་ལྡན་སྟོང་གི་ཞལ་ཟས༴ སྒྲ་སྙན་སྟོང་གི་རོལ་མོ༴ ཧཱུྃ་བྷྱོ༔ དཔལ་ལྡན་ལྷམོ༴ དབང་པོ་ལྔ་ཡི་པུཥྤེས༴ ཞུན་ཆེན་གསུར་གྱི་དྷུདྤེས་མཆོད༔ ཚིལ་ཆེན་སྣང་གསལ་ཨ་ལོས༴ རྡོ་རྗེ་དྲི་ཆུའི་གྷནྡྷེས༴ བདུད་རྩི་དྲི་ཆེན་ནཻ་ཝི་ཏེས༴ རྐང་གླིང་ཐོད་པའི་ཤབྟས་མཆོད༔ ཧཱུྃ་བྷྱོ༔ དཔལ་ལྡན༴ རཀྟ་དམར་གྱི་ཨརྒྷྃས་མཆོད༔ བྷ་ལིང་རྒྱན་དང་ལྡན་པས༴ ཨམྲྀ་ཏ་ཡི་བཅུད་ཀྱིས༴ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ༴ གཏི་མུག་ཤ་སྣ་སྟོང་གིིས༴ འདོད་ཅགས་ཁྲག་སྣ་སྟོང་གིས༴ ཞེ་སྡང་རུས་སྣ་སྟོང་གིས༴ ཕྲག་དོག་མཁྲིས་སྣ་སྟོང་༴ ང་རྒྱལ་ཀླད་སྣ་སྟོང་ཞིས༴ ཧཱུྃ་བྷྱོ༔ དཔལ་ལྡན༴ དཔྱིད་གསུམ་མཆོད་པ་འབུལ་བ་ནི༔ ག་བུར་གྲི་སྙིང་རཀྟ་དང་༔ འཚུབ་ནག་རླུང་གི་བསྡུས་པའི་རྫས་ཀྱིས་མཆོད༔ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ༴ དབྱར་གསུམ་མཆོད་པ་འབུལ་བ་ནི༔ མདངས་ལྡན་མེ་ཏོག་འབྱུང་ཟད་ཁྲག༔ གསོན་ཁྲག་འཕྱོནམའི་མཚལ་ཐིིག་མཆོད༔ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ༴ སྟོན་གསུམ་མཆོད་པ་འབུལ་བ་ནི༔ འབྲས་བཟང་གྲོ་ཏིལ་མོན་སྲན་དང་༔ ཤིང་ཐོག་སྣ་ཚོགས་འབྲུ་སྣས་མཆོད༔ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ༴ དགུན་གསུམ་མཆོད་པ༴ བསད་པའི་ཤ་ཁྲག་མྱོས་བྱེད་ཆང་༔ མི་དབང་འབྲས་བུའི་ཤ་ཡིས་མཆོད༔ ཨོཾ་བཛྲ་མ་ཧཱ་ཀ་ལི་དྷཀྐི་རེ་མ་ཏི་སརྦ་ས་མ་ཡ་སརྦ་པུཙྪ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ་བྷྱོ༔ ཁམས་གསུམ་དབང་བསྒྱུར་དཔལ་ལྡན་མོ༔ སྲིད་གསུམ་ཟིལ་གནོན་རལ་གཅིག་མ༔ མ་བདུན་ཆེན་མོ་རེ་མ་ཏི༔ མཁའ་འགྲོའི་གཙོ་ལ་ཕྱག་འཚལ་སྟོད༔ འདོད་ཁམས་ལྷ་དབང་དགྱེས་སྡེ་མོ༔ ནཱ་ག་རཀྴ་ཀླུ་ཡི་ལྕམ༔ བདུད་མོ་ནག་མོ་ཕྱག་གཉེན་མོ༔ སྔགས་ཀྱི་བསྲུང་མར་ཕྱག་འཚལབསྟོད༔ མ་མོ་མཁའ་འགྲོའི་ལས་མཁན་མོ༔ བསྟན་པ་ཀུན་གྱི་ཡང་རྗེ་མོ༔ དུར་ཁྲོད་དྷཀྐིའི་གཙོ་མོ་སྟེ༔ ཤ་ཟ་ཀ་ལིར་ཕྱག་འཚལ་བསྟོད༔ འཆི་བདག་ལས་བྱེད་དྲེགས་པར་བདུན༔ སོ་སོའི་བྲན་གཡོག་བཀའ་ཉན་དང་༔ ནག་མོ་འབུམ་སྡེ་བྱེ་བའི་ཚོགས༔ འཁོར་དང་བཅས་ལ་བསྟོད་པར་བགྱི༔ ཨོཾ་བཛྲ་དྷཀྐཱི་མ་ཧཱ་ཀ་ལི་རི་མ་ཏི་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཅེས་བཟླས་པ་ལ་འབུངས༔ དགེའོ།།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ བཀའ་བསྲུང་མའི་མཆོད་ཐབས་བཞུགས་སོ། །རྦོད་གཏོང་མ་མོའི་ཚོགས་ལ་འདུད༔ དམར་གྱི་གཏོར་མ་ཤ་ཁྲག་བརྒྱན༔ རང་ཉིད་ལྷར་གསལ་འདི་སྐད་དོ༔ ཧཱུྃ་བྷྱོ༔ མ་མོ་ཆེན་མོ་སྔགས་ཀྱི་བསྲུང་མ་ནི༔ ནམ་མཁའ་ཡང་པའི་ཁམས་ལ་དབང་བསྒྱུར་ཞིང་༔ སྲིད་པ་གསུམ་གྱི་སྲོགས་གི་བདག་མོ་བྱེད༔ ཟས་སུ་ཤ་ཟ་སྐོམ་དུ་ཁྲག་ལ་འཐུང་༔ ལས་སུ་གསོད་དང་གཅོད་པའི་ཕྲིན་ལས་བསྒྱུར༔ ཁྲག་འཐུང་ལས་ཀྱི་མ་མོ་མཐུ་མོ་ཆེ༔ གཡར་དམ་དགོངས་ལ་འབོད་པའི་གནས་འདིར་བྱོན༔ ཞིང་བཅུ་ཚངས་པའི་ཤ་ཁྲག་བྷ་ལིང་ཏ༔ མཆོད་པ་འབུལ་ལོ་དགྱེས་པར་འདི་བཞེས་ལ༔ སྔོན་ཚེ་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ༔ ཁས་བླང་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ འཛམ་གླིངརྒྱལ་ཁམས་འགྲོ་ལ་བདེ་སྐྱིད་སྤེལ༔ བཤད་སྒྲུབ་སྡེ་སྐྱོང་ཐོས་བསམས་ཉམས་རྟོགས་བསྐྱེད༔ ལྷ་མོ་དམར་མོ་སྣ་ཚོགས་སྤྲུལ་པ་འགྱེད༔ གཡས་པས་ཙིཏྟ་གཡོན་པས་བམ་རོ་འདྲེད༔ འཇིགས་གཟུགས་ལྡན་པའི་མ་ཁྱོད་དགྲ་བོ་སྒྲོལ༔ སྒྲུབ་ལ་རྟགས་མེད་ལས་ལ་མཐུ་མེད་ན༔ བསྲུང་མ་ཁྱོད་ཀྱང་དམ་ལ་མི་འགལ་ལམ༔ སྐུ་ཡི་ཤུགས་ཕྱུང་ནུས་པའི་བརྩལ་བསྐྱེད་ལ༔ མཐུ་སྟོབས་དྲག་པོའི་དམ་ཉམས་དགྲ་བགེགས་སྒྲོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གཏོར་མ་འབུལ་ཞིང་བསྲུང་མ་མཆོད༔ བཅོལ་བའི་ལས་བྱེད་འཁོར་དང་བསྟན་པ་སྐྱོངས༔ དེ་ཡི་ཕྱིར་ན་གཅེས་པར་སྙིང་ལ་མཆོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པས་གཏེར་ནས་སྤྱན་དྲངས་པའོ༔ མངྒ་ལཾ༔


previousསྔགས་བདག་འབར་མའི་ཐུགས་ཐིག་ལས་ལས་བྱང་གནམ་ལྕགས་རལ་གྲི། next