Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནོད་སྦྱིན་ཙིའུ་དམར་པོའི་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནོད་སྦྱིན་ཙིའུ་དམར་པོའི་སྒྲུབ་ཐབས། next

གནོད་སྦྱིན་ཙིའུ་དམར་པོའི་སྒྲུབ་ཐབས།

༄༅། །གནོད་སྦྱིན་ཙིའུ་དམར་པོའི་སྒྲུབ་ཐབས་བཞུགས་སོ། །

གནོད་སྦྱིན་ཆེན་པོའི་གསོལ་ཀའི་སྒྲུབ་ཐབས་ནི། ཧྲཱིཿཔདྨ་ཙནྡྷ་མ་ཧཱ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མཆོད་གཏོར་ལེགས་པར་བཤམས་ནས་བྱིན་གྱིས་རླབས་ཏེ། རོལ་པ་རྐྱ་བདུན་གྱི་ལས་བྱང་ནི༔ དྲེགས་པ་རང་རྒྱུད་པ་ཡིན་པས་བསྐྱེད་མི་དགོས༔ བདག་ཉིད་རྟ་མགྲིན་དབང་ཆེན་དུ་གསལ་བའི་ཐུགས་ཀའི་ཡི་གེ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་ཏེ་སོ་སོའི་གནས་ནས་སྤྱན་དྲངས་པ་ནི་སྤོས་དང་ཕྱེ་མར་བསྲེག་ཅིང་༔ དར་དམར་པོ་གཡབ་ལ་གདུང་བའི་ང་རོས་འབོད་པ་ནི༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ནས༔ པདྨ་དབང་གི་བཀའ་ཉན་པ༔ ཆེ་བཙན་རོལ་པ་རྐྱ་བདུན་ནི༔ ཕལ་ཆེར་སྐུ་མདོག་དམར་པོ་ལ༔ ཕྱག་ན་བ་དན་ཞགས་པ་བསྣམས༔ སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས༔ ཚུར་བྱོན་ཚུར་བྱོན་གནས་འདིར་བྱོན༔ ཤུ་ལ་ཏྲི་བཛྲ་ས་མ་ཡ་ཛ༔ བྷྱོ༔ བཙན་མཁར་དམར་པོའི་ནང་ཤེད་ན༔ ཤ་ཁྲག་ལོངས་སྤྱོད་བསམ་མི་ཁྱབ༔ ཡིད་འོང་སྤྱན་གཟིགས་ཀུན་ནས་མཛེས༔ དམ་ཚིག་གཙང་མའི་གདན་ལ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཀྱཻ༔ སྐྱེས་བུ་རོལ་པ་མཆེད་བདུན་ནི༔ ཕྲིན་ལས་མཛད་པ་བསམ་མི་ཁྱབ༔ པདྨ་དབང་གི་བཀའ་ཉན་པ༔ དམ་ཚིག་གཉེར་གཏད་ཁྱོད་ལ་བསྟོད༔ གཙང་མའི་སྐུ་ཁྲུས་འདི་འབུལ་ལོ༔ བདག་དང་ཡོན་གྱི་བདག་པོ་ལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ ཨཱརྒྷཾ་བི་ཤུདྡྷེ་སྭཱ་ཧཱ༔ གཙང་མའི་བདུག་སྤོས་སྤྲིན་ལྟར་གཏིབས༔ མེ་ཏོག་སྣང་གསལ་དྲི་ཆབ་དང་༔ ཞལ་ཟས་སྙན་པའི་རོལ་མོ་འབུལ༔ ཐུགས་རྗེའི་དབང་གི་ཉེ་བར་མཛོད༔ རཱུ་པ་དྷུ་པེ་པུཥྤེ་ཨ་ལོ་ཀེ་གནྡྷེ་ནཻ་ཝི་ཏེ་ཤཔྟ་པཱུ་ཙ་ཧོ༔ ཀྱཻ༔ སྐྱེས་བུ་སྲོག་གི་བདག་པོ་ནི༔ འཇིགས་བྱེད་རོལ་པ་སྡེ་བདུན་ཚོགས༔ ཁྱེད་ལ་དགྱེས་པའི་ལོངས་སྤྱོད་ནི༔ ཤ་ཁྲག་དམར་གཏོར་རི་ལྟར་སྤུངས༔ ཟག་མེད་བདུད་རྩི་མཚོ་ལྟར་བསྐྱིལ༔ རཀྟའི་ཡོན་ཆབ་རྫིང་བུར་གཏམས༔ སྤྱན་གཟིགས་ལོངས་སྤྱོད་སྐར་ལྟར་བཀྲམ༔ རྔ་གླིང་རོལ་མོ་འབྲུག་ལྟར་སྒྲོགས༔ གླུ་དབྱངས་སྙན་པའི་ཚོགས་དང་བས༔ དམ་ཅན་མཆེད་བདུན་ཐུགས་དམ་བསྐངས༔ བཙན་རྒོད་འབར་བའི་ཐུགས་དམ༴ སྡེ་བརྒྱད་སྡོང་ཟླའི་ཐུགས་དམ་བསྐངས༔ དཀོར་སྲུང་དམ་ཅན་ཐུགས་དམ༴ ལས་བྱེད་ཕོ་ཉའི་ཐུགས་དམ༴ ཧཱུྃ༔ བསེ་མཁར་དམར་པོ་ལྡེམས་སེ་ལྡེམས༔ དར་དམར་རུ་མཚོན་པུ་རུ་རུ༔ བ་དན་དམར་པོ་ཡེངས་སེ་ཡེང་༔ དྲེགས་པའི་མདའ་འཕེན་བྲེགས་སེ་བྲེང་༔ ལས་བྱེད་གཤན་པ་རོལ་ལོ་ལོ༔ བཤུགས་པའི་འབོད་སྒྲ་དི་རི་རི༔ ཆེ་བཙན་རྒྱལ་པོའི་ཐུགས་དམ་བསྐངས༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཐུགས་དམ་ཞལ་བཞེས་དེར་དགོངས་ལ༔ ཁྲོ་སྲོང་ལྡེའུ་བཙན་རྗེ་རིགས་དང་༔ རྣལ་འབྱོར་དམ་ལྡན་བརྒྱུད་པར་བཅས༔ དམ་ཚིག་གཅིག་ཏུ་སྐྱོང་བ་ལ༔ སྐུ་ལ་བདོ་བའི་རིགས་བརྒྱུད་ཆོད༔ ལོག་ལྟའི་སྡེ་དཔུང་ཆམ་ལ་ཕོབ༔ སྔགས་འཆང་རྡོ་རྗེའི་དམ་མ་དྲལ༔ བཅོལ་ལོ་གཉེར་རོ་མཐུ་རྩལ་བསྐྱེད༔ ཡལ་ཡོལ་བྲི་བཀོལ་མ་མཛད་པར༔ ངོ་སྲུང་ཟས་ཕྱིར་མ་འབྲེང་མཛོད༔ ཐུགས་དང་འགལ་བ་སྐང་གྱུར་ལ༔ བུ་སྡུག་ཚ་བོ་བཞིན་དུ་སྐྱོངས༔ ཞེས་ཕུད་གཙང་ཕྱོགས་བཅུར་གཏོར་ཞིང་གསོལ་ལོ༔ བྲག་བཙན་མཆེད་བདུན་གྱི་གསོལ་ཀ་ལས་བྱང་པདྨ་ཐོད་ཕྲེང་རྩལ་གྱིས་མཛད་པའི་རྗེའི་སྐུ་ལྷར་བསྔགས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་དབང་ཆེན་གྱི་བཀའ་སྲུངས་སོ༔ ཿདགེའོ། །


previousགནོད་སྦྱིན་ཙིའུ་དམར་པོའི་སྒྲུབ་ཐབས། next