Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད།

33 occurrences of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
20   
  
  
  
  
གསང་བློན་རྡོ་རྗེ་གྲགས་ལྡན་གྱི་ཕྲིན་ལས་ཆར་འབེབས།
  
  
  
  
  
  
  
  
  
  
  
  
  
 
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
 
  
  
  
  
  


33 occurrences of གཏེར་སྲུང་
[Clear Hits]

 
previousགསང་བློན་རྡོ་རྗེ་གྲགས་ལྡན་གྱི་ཕྲིན་ལས་ཆར་འབེབས། next

གསང་བློན་རྡོ་རྗེ་གྲགས་ལྡན་གྱི་ཕྲིན་ལས་ཆར་འབེབས།

གསང་བློན་རྡོ་རྗེ་གྲགས་ལྡན་གྱི་ཕྲིན་ལས་ཆར་འབེབས་ཞེས་བྱ་བ་བཞུགས་སོ།། །གསང་བློན་རྡོ་རྗེ་གྲགས་ལྡན་ཕྲིན་བཅོལ་ནི། ཧཱུྃ་ཧྲཱིཿ རང་སྣང་རྣམ་དག་འོག་མིན་ཞིང་ཁམས་ན། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས། །མ་ཚོགས་དབང་ཕྱུགས་དམ་ཅན་རྒྱ་མཚོ་རྣམས། །རྟ་སྐད་ཐེངས་གསུམ་བསྒྲག་ནས་བཏུལ་བའི་ཚེ། །ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་ཞིག །བར་དུ་ཧས་པོ་རི་ཡི་ཡང་རྩེ་ནས། །སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གིས། །དྲེགས་པ་༢སྡེ་བརྒྱད་ལྷ་སྲིན་ཚོགས་རྣམས་ཀྱང་། །རྡོ་རྗེའི་སྟང་སྟབས་གར་གྱི་ཕྱག་རྒྱ་ཡིས། །བཀའ་རྟགས་ཕྱག་རྒྱས་དམ་ལ་བཏགས་པའི་ཚེ། །ཁས་བླངས་ཞལ་བཞེས་དམ་ལས་མ་གཡེལ་ཞིག །ཐ་མ་རི་བོ་ཏ་ལའི་ཕོ་བྲང་དུ། །ཕྱག་ན་པདྨོ་འཇིག་རྟེན་དབང་ཕྱུག་ནི། །མི་ཡི་ཟོལ་འཛིན་ཐམས་ཅད་མཁྱེན་པ་ཉིད། །ཟ་ཧོར་ཡུལ་གྱི་སྔགས་འཆང་རིག་པ་འཛིན། །ངག་དབང་བློ་བཟང་རྒྱ་མཚོའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་ཞིག །ཕྱིས་སུ་ར་ས་འཁྲུལ་སྣང་ཞིང་ཁམས་སུ། །དབང་དྲག་རོལ་བའི་ཕོ་བྲང་ཆེན་པོ་ནས། །ནམ་གུང་སྲོད་ཀྱི་དུས་ལ་བབ་པའི་ཚེ། །ཐུབ་བསྟན་དྷ་རྨཱ་བཛྲའི་མིང་ཅན་ལ། །ཆོས་རྒྱལ་ཆེན་པོའི་རང་གཟུགས་དངོས་བསྟན་ཚེ། །ཇི་ལྟར་ཞལ་བཞེས་དམ་བཅས་དྲན་མཛོད་ཅིག །ད་ལྟ་བསྒྲུབ་པའི་རིག་འཛིན་བདག་ཅག་གིས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ་བ་དང་། །ཚེ་འདིར་བསམ་པ་མཐའ་དག་བསྒྲུབ་པའི་ཕྱིར། །བརྟེན་ཅིང་བསྒྲུབ་པའི་སྲུང་མ་མཐུ་བོ་ཆེ། །རྟག་ཏུ་རྩེ་གཅིག་སྒྲུབ་བར་དམ་བཅའ་ན། །རྡོ་རྗེ་གྲགས་ལྡན་ཁྱོད་ལས་གཞན་མེད་ཕྱིར། །ད་ལྟ་གདུངས་བ་དྲག་པོའི་ཁྱོད་འབོད་ན། །ལྷ་མཆོག་ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས། །ཉིན་མཚན་དུས་དྲུག་དུས་རྣམས་ཐམས་ཅད་དུ། །བརྩེ་བའི་མ་ཡིས་བུ་ལ་བྱམས་པ་བཞིན། །རྒྱལ་ཆེན་རྡོ་རྗེ་གྲགས་ལྡན་ཁྱོད་ཉིད་ལས། །བདག་ལ་རེ་ས་གཞན་ན་མ་མཆིས་པས། །དེ་ཕྱིར་ཁྱོད་ཀྱིས་དུས་རྣམས་ཐམས་ཅད་དུ། །སྡོང་གྲོགས་ཕྲིན་ལས་རྟག་ཏུ་མ་གཡེལ་ཞིག །མདོ་དང་སྔགས་ཀྱི་བསྟན་པ་རིན་པོ་ཆེ། །བཤད་དང་སྒྲུབ་པའི་བྱ་བ་རབ་འཕེལ་ཞིང་། །ཁྱད་པར་ཨ་ཏི་རྫོགས་པ་ཆེན་པོ་ཡི། །རིང་ལུགས་སྲིད་མཐའི་བར་དུ་འཕེལ་བ་དང་། །དེར་འཛིན་སྐྱེས་བུ་དགེ་འདུན་འདུས་པའི་སྡེ། །དབྱར་གྱི་མཚོ་ལྟར་རབ་ཏུ་རྒྱས་པ་དང་། །སྒྲུབ་པའི་རིག་འཛིན་རྣམ་འབྱོར་བདག་ཅག་རྣམས། །སྔོན་ལས་ངན་པའི་ལས་ཀྱིས་མནར་བ་དང་། །གློ་བུར་འཕྲལ་བྱུང་ངན་བའི་རྐྱེན་དབང་གིས། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས། །མདོར་ན་མི་མཐུན་ཚོགས་རྣམས་ཞི་བར་མཛོད། །ཚེ་བསོད་གཟི་བརྗིད་རིགས་རྒྱུད་ཕུན་སུམ་ཚོགས། །ཁ་རྗེ་དབང་ཐང་དཔལ་འབྱོར་སྟོབས་རྩལ་ལྡན། །སྙན་གྲགས་ནམ་མཁའི་འབྲུག་སྒྲ་ལྟ་བུར་སྒྲགས། འཁོར་དང་ལོངས་སྤྱོད་རབ་ཏུ་རྒྱས་པར་མཛོད། །སྲིད་པ་གསུམ་གྱི་བརྟན་གཡོའི་དྭངས་བཅུང་དང་། །ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་རྣམས། །མཁོ་རྒུའི་འབྱོར་བ་རྒྱ་མཚོ་ཇི་སྙེད་ཀུན། །ཡིད་ལ་ཅི་བསམ་ལྷུན་གྱིས་འགྲུབ་པར་མཛོད། །ཕ་རོལ་གདུག་ཅིང་སྡང་བའི་དགྲ་དང་བགེགས། །སྔ་དགྲ་ལག་བརྡར་ཕྱི་དགྲར་ཡིད་ལ་སེམས། །ད་དགྲ་ཕོད་དུ་བཙུགས་བའི་དགྲ་བོ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་བའི་ཕྲིན་ལས་མཛོད། །ཁྱད་པར་སྡེ་འཁྲུགས་སློང་བའི་དམ་ལོག་མཁན། །ཁ་འཇམ་སྙིང་རྩུབ་ལོག་སྤྱོད་ཚོགས་རྣམས་གྱིས། །ཕྲག་དོག་རླུང་དམར་འཚུབས་པའི་རྐྱེན་དབང་གིས། །མ་ཉེས་ཁ་ཡོག་མི་ཁ་གླིང་བརྗོད་དང། །དབྱེན་གཅུག་ཕྲ་མས་འགྱེད་བའི་ཚོགས་རྣམས་དང་། །བྱད་ཕུར་རྦོད་གཏོང་བཏང་བའི་བྱད་མ་མཁན། །མདོར་ན་བདག་ལ་སྡང་བའི་དགྲ་བགེགས་རྣམས། །མཐུ་སྟོབས་དབང་ཕྱུག་ཁྲོ་རྒྱལ་ཧེ་རུ་ཀ། །རྡོ་རྗེ་གྲགས་ལྡན་ཁྱོད་ཀྱི་ཟ་སྐལ་གྱིས། །གཞི་ལ་འདུག་ན་རྒྱབ་བརྟེན་ཁ་འཛིན་མཛོད། །བྱེས་སུ་ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད། །དགྲ་རྐུན་གཅན་སྤྱང་ལ་སོགས་འཇིགས་པ་ལས། །རྣམ་ཡང་འཚེ་བ་མེད་པའི་ཕྲིན་ལས་མཛོད། །བསག་ཅག་གཞི་བྱེས་ལམ་གསུམ་གར་གནས་ཀྱང། །གསེར་དངུལ་ལ་སོགས་རིན་པོ་ཆེ་ཡི་རིགས། །ཨ་ཝར་སྐྱུར་གསུམ་ལ་སོགས་སྨན་གྱི་རིགས། །དར་རས་ཕྱུག་སོགས་ཡོལ་བ་བླ་བྲེ་དང་། །ཁྲབ་རྨོག་མདའ་མདུང་གོ་དང་མཚོན་ཆའི་རིགས། །རྟ་ནོར་ལུག་སོགས་ཕྱུགས་ཀྱི་རིགས་རྣམས་དང་། །མདོང་ན་སྲིད་བ་གསུམ་གྱི་ལོངས་སྤྱོད་རྣམས། །མཁོ་རྒུའི་འབྱོར་བ་ཕུན་སུམ་ཚོགས་པའི་གཏེར། །ལྷ་ཆེན་འཕྲུལ་དགའི་ལོངས་སྤྱོད་ཇི་བཞིན་དུ། །ཡིད་ལ་ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་བྱང་ཆུབ་གོ་འཕོང་སྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མཐའ་དག་ཞི་བ་དང་། །མཐུན་པའི་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད། །མདོར་ན་བྱང་ཆུབ་སྙིང་པོ་མ་ཐོབ་བར། །ལྷ་མཆོག་ཁྱོད་དང་རྟག་ཏུ་མི་འབྲལ་ཞིང་། །ཇི་ལྟར་བཅོལ་པའི་ཕྲིན་ལས་མ་ལུས་ཀུན། །འབད་མེད་ལྷུན་གྱིས་འགྲུབ་བར་མཛད་དུ་གསོལ། །ཅེས་རྡོ་རྗེ་གྲགས་ལྡན་གྱི་ཕྲིན་བཅོལ་འདི་ནི་ཡིག་ཐུབ་བསྟན་ནོར་བུ་ནས་ལྷ་རྫས་རབ་དཀར་བཅས་ཡང་ཡང་བསྐུལ་བ་ལ་བརྟེན་ཏེ་ས་མོ་ལུག་གི་ལོའི་ཟླ་བ་བཞི་བའི་ཚེས་གཅིག་ལ་རང་སྤྱིལ་བཀྲ་ཤེས་གྲུབ་པའི་དགའ་ཚལ་དུ་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རང་ལོ་ཞེ་བརྒྱད་སོན་དུས་སུ་བྲེས་སུ་བགྱིས་པ་དགེ་ལེགས་སུ་གྱུར་ཅིག།། སརྦ་མངྒ་ལཾ།། དགེའོ་།།


previousགསང་བློན་རྡོ་རྗེ་གྲགས་ལྡན་གྱི་ཕྲིན་ལས་ཆར་འབེབས། next