Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རླུང་རྟའི་གསོལ་མཆོད་ཕྲིན་ལས་ལྷུན་འགྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརླུང་རྟའི་གསོལ་མཆོད་ཕྲིན་ལས་ལྷུན་འགྲུབ། next

རླུང་རྟའི་གསོལ་མཆོད་ཕྲིན་ལས་ལྷུན་འགྲུབ།

༈ རླུང་རྟའི་གསོལ་མཆོད་ཕྲིན་ལས་ལྷུན་འགྲུབ་བཞུགས། ཧོཿ ཀུན་ཁྱབ་དག་པ་ཆོས་དབྱིངས་ཆེན་པོ་ལས། །རང་རྩལ་མ་འགག་རོལ་པ་ཕྲིན་ལས་ལྷ། །རྫུན་འཕྲུལ་རྐང་པ་བཞི་ལྡན་རླུང་ཤུགས་ཀྱིས། །གང་འདོད་གནས་སུ་ཐོགས་མེད་ཕྱིན་པའི་རྟ། །ཡེ་ཤེས་འཇིག་རྟེན་མགོན་མཛད་གང་ཡང་རུང་། །བརྫུས་གཟུགས་མྱུར་མཛད་ལས་ཀྱི་ལྷ་ཆེན་བཞིས། །འཁོར་འདས་ཡོངས་ལ་ཁྱབ་རྒྱུ་མཐུ་བོ་ཆེ། །བོས་པ་ཙམ་གྱིས་གློག་ལྟར་མྱུར་དུ་བྱོན། །དཔག་བསམ་ལྗོན་པའི་ཚལ་ན་རྒྱུ་བ་ཡིས། །དགྲ་བླ་ཁྱུང་ཆེན་སྤྱན་འདྲེན་གཤེགས་སུ་གསོལ། །དར་སྣ་བ་དན་རོལ་མོའི་མཆོད་པ་འབུལ། །མངའ་གསོལ་གཟིངས་བསྟོད་ཐུགས་དམ་གཉན་པོ་བསྐང་། །འཛད་འཕྲུལ་ཕུན་སུམ་ཚོགས་པའི་རླུང་རྟ་བསྐྱེད། །ཁྱད་པར་ཤིང་ཁམས་རླུང་གི་ཀ་བ་ཚུགས། །ཕ་རོལ་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །འཇིགས་རུང་མེ་ཡི་ཚྭ་ཚྭ་འཁྲུགས་པ་ཡི། །དགྲ་བླ་སྟག་ཆེན་སྤྱན་འདྲེན་གཤེགས་སུ་གསོལ། །དར་སྣ་བ་དན་རོལ་མོའི་མཆོད་པ་འབུལ། །མངའ་གསོལ་གཟེངས་བསྟོད་ཐུགས་དམ་གཉེན་པོ་བསྐང་། །དཔའ་སྟོབས་ཕུན་སུམ་ཙོགས་པའི་རླུང་རྟ་བསྐྱེད། །ཁྱད་པར་མེ་ཁམས་རླུང་གི་ཀ་བ་ཚུགས། །ཕ་རོལ་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཤེལ་བྲག་གང་ཆེན་ལྕག་རིའི་ཟམ་གནས་ནས། །དགྲ་བླ་སེང་ཆེན་སྤྱན་འདྲེན་གཤེགས་སུ་གསོལ། །དར་སྣ་བ་དན་རོལ་མོའི་མཆོད་པ་འབུལ། །མངའ་གསོལ་གཟེངས་བསྟོད་ཐུགས་དམ་གཉེན་པོ་བསྐང་། །མཛེས་བརྗིད་ཕུན་སུམ་ཚོགས་པའི་རླུང་རྟ་བསྐྱེད། །ཁྱད་པར་ལྕགས་ཁམས་རླུང་གི་ཀ་བ་ཚུགས། །ཕ་རོལ་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཆུ་ལྡན་ཆར་སྤྲིན་ཟབ་མོའི་ཀློང་ཡངས་ནས། །དགྲ་བླ་འབྲུག་ཆེན་སྤྱན་འདྲེན་གཤེགས་སུ་གསོལ། །དར་སྣ་བ་དན་རོལ་མོའི་མཆོད་པ་འབུལ། །མངའ་གསོལ་གཟེངས་བསྟོད་ཐུགས་དམ་གཉེན་པོ་བསྐང་། །སྙན་གྲགས་ཕུན་སུམ་ཚོགས་པའི་རླུང་རྟ་བསྐྱེད། །ཁྱད་པར་ཆུ་ཁམས་རླུང་གི་ཀ་བ་ཚུགས། །ཕ་རོལ་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །གང་གིས་མཆོད་ན་འཕྲལ་དུ་མགོན་མཛད་ཅིང་། །གློ་བུར་སྟོབས་འཕེལ་སྲིད་པ་ལས་ཀྱི་ལྷ། །རྟེན་འབྲེལ་གནས་ལ་དབང་བསྒྱུར་མཐུ་བོ་ཆེ། །མཆོད་དོ་བསྟོད་དོ་དེ་རིང་དཔལ་བསྐྱེད་ཅིག། །ཕྲིན་ལས་ལྷ་མགོན་ཐུགས་དམ་གཉན་པོ་ཅན། །གློགས་ལྟར་མྱུར་བའི་ཤུགས་དང་བཟློག་མེད་སྟོབས། །བསྐྱེད་ལ་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས། །ཚེ་དཔལ་རླུང་གི་རྒྱལ་མཚན་སྲིད་རྩེར་བསྒྲེངས། །སྙན་པའི་བ་དན་ས་ཆེན་གསུམ་དུ་ཕྱོར། །གྲགས་པའི་འབྲུག་སྒྲ་མཁའ་དང་མཉམ་པར་སྒྲོགས། །གང་བསམ་ཐོགས་མེད་བསྒྲིད་པའི་ལས་ཤུགས་ཀྱིས། །མཐུ་སྟོབས་ནུས་པ་རླུང་གིས་མེ་བཞིན་སྤོར། །ཕས་ཀྱིས་རྒོལ་བ་ཀུན་ལས་རྒྱལ་བའི། །འགྱུར་མེད་རླུང་གིས་དཔལ་ཡོན་རབ་གྲུབ་སྟེ། །ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པ། །ཡིད་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །འདི་ནི་རང་བཟོ་མ་ཡིན་ཏེ་ལག་གི་དགོངས་པ་བཞིན་དུ་རབ་ཚེས་ལྕགས་ཡོས་ཟླ་བའི་ཚེས་བཅུ་གཅིག་རེས་གཟའ་བཀྲ་ཤིས་དང་། རྒྱུ་སྐར་མེ་བཞི་བརྩེ་བའི་དུས་ཚེས་བཟང་པོའི་གང་གིས་ཆ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་རིག་པའི་རྩལ་ལས་བྱུང་བ་རྣོ་ཁྱད་ཕན་ཡོན་ཆེའོ།། །།


previousརླུང་རྟའི་གསོལ་མཆོད་ཕྲིན་ལས་ལྷུན་འགྲུབ། next