Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད།

33 occurrences of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་ཕྱག་བཞེས་མཐོང་བརྒྱུད་ལྟར་བསྒྲིགས་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
20   
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
 
  
  
  
  
  


33 occurrences of གཏེར་སྲུང་
[Clear Hits]

 
previousཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་ཕྱག་བཞེས་མཐོང་བརྒྱུད་ལྟར་བསྒྲིགས་པ། next

ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་ཕྱག་བཞེས་མཐོང་བརྒྱུད་ལྟར་བསྒྲིགས་པ།

༁ྃ༔ ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་ཕྱག་བཞེས་མཐོང་བརྒྱུད་ལྟར་བསྒྲིགས་པ་བཞུགས་སོ། །

ཨོཾ་ཨཱཿཧཱུྃ༔ ཐོག་མའི་སངས་རྒྱས་ཀུན་བཟང་སྣང་མཐའ་ཡས། །གངས་ཅན་མགོན་པོ་ཁ་སར་པ་ཎི་དང་། །འཇའ་ལུས་སྣང་སྲིད་དབང་སྡུད་པདྨ་འབྱུང་། །ཡེ་ཤེས་མཚོ་རྒྱལ་ཏིང་འཛིན་བཟང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབས་ཏུ་གསོལ། །ཧཱུྃ་ནག་མེ་འབར་ཆོས་ཀྱི་རྒྱ་མཚོའི་ཞབས། །པདྨ་རིག་འཛིན་ནམ་མཁའི་མཚན་ཅན་སོགས། །བརྒྱུད་ལྡན་བླ་མ་རྩ་བའི་བླ་མ་དང་། །རྩ་གསུམ་དམ་ཅན་སྲུང་མའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རླབས་ཏུ་གསོལ། །ཀ་དག་ལྷུན་གྲུབ་གཞི་ཐོག་ཕེབས་པ་དང་། །ཁྲེགས་ཆོད་ཐོད་རྒལ་ལམ་ལ་རྩལ་འབྱོང་ནས། །སྐུ་དང་ཡེ་ཤེས་དབྱེར་མེད་མངོན་གྱུར་ཏེ། །མཐའ་ཡས་འགྲོ་ཀུན་སྤྲུལ་པས་འདྲེན་པར་ཤོག །ཀཱ་ཡ་ཝཱ་ཀྐ་ཙིཏྟ་སིདྡྷི་ཧཱུྃ༔ ཅེས་པ་འདི་རིག་འཛིན་འཇའ་མཚན་སྙིང་པོས་མཛད་པ་ལྟར་ཁ་བསྐང་བྱས་པའོ། །༁ྃ༔ ག་མུ་གྲུ་ཊུ་ཐསན་ཅ་ཁཱ་ལེའུ་དང་པོ་ནས༔ ཐ་མ་ངོ་སྤྲོད་ལག་ལེན་གྱིས༔ སྐལ་ལྡན་མྱུར་གྲོལ་གདམས་པ་བཤད༔ ཅེས་པ་དང་༔ ཕྲིན་ལས་རང་བཞུང་བསྟན་པ་ནི༔ བཀྲ་ཤིས་བྱིན་ཆགས་དབེན་གནས་སུ༔ ཞེས་སོགས་གསུངས་པའི་དང་པོ་ལས་བྱང་བསྟན་པ་ནི༔ དཀྱིལ་འཁོར་གཏོར་མཆོད་བཀོད་པའི་བྱེ་བྲག་རྣམས༔ བག་དྲོ་རྒྱན་ལྡན་རོལ་མོ་དབྱངས་དང་བཅས༔ སྐུ་གསུང་ཐུགས་རྟེན་མཛེས་ཤིང་ཡིད་འོང་བཀྲམ༔ མཚམས་གཅོད་སྲུང་འཁོར་སྐྱབས་འགྲོ་སེམས་བསྐྱེད་དང་༔ ཡན་ལག་བདུན་དང་མཆོད་པ་བྱིན་རླབས་བྱ༔ ཏིང་འཛིན་གསལ་ཞིང་བསྐྱེད་རིམ་སྤྱན་འདྲེན་མཆོད༔ བསྟོད་པ་སྔགས་བཟླས་ཚོགས་མཆོད་རྗེས་ལ་སོགས༔ དང་པོ་ལྟ་བའི་མཚམས་གཅོད་ནི༔ ཧྲཱི༔ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་གཞལ་ཡས་སྐྱེ་འགྲོ་ལྷ༔ ཕྱོགས་དང་ཕྱོགས་མཚམས་འཇའ་འོད་མཚོན་ཆས་གཏམས༔ རྡོ་རྗེའི་ས་གཞི་རྭ་གུར་མེ་རིས་བསྐོར༔ ཨོཾ་བཛྲ་རཀྵ་ཛྭ་ལ་རཾ༔ སྐྱབས་འགྲོ་སེམས་བསྐྱེད་ནི། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་ཀུན༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཡན་ལག་བདུན་པ་ནི༔ ཨོཾ་ཨཱ་ཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིག་ངང་དུ་ཡི་རང་ངོ་༔ འཛིན་མེད་ཁྱབ་བརྡལ་རོལ་པའི་ཆོས་འཁོར་བསྐོར༔ འཁོར་འདས་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་བྱ༔ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོག༔ མཆོད་པ་བྱིན་རླབས་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱ༔ཧཱུྃ༔ རང་གི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན༔ དེ་ལས་ཟེར་མ་ཕྱོགས་བཅུར་རབ་འཕྲོས་པས༔ མཆོད་རྫས་དངོས་འཛིན་རྣམ་རྟོག་བག་ཆགས་ཀུན༔ ཉེས་སྐྱོན་བསྲེགས་གཏོར་སྦྱངས་བཀྲུས་བདུད་རྩིར་གྱུར༔ སྨན་རཀ་གཏོར་མཆོད་འོད་ཕུང་ལྡེམས་སེ་ལྡེམ༔ བླ་མེད་མཆོད་པ་དཔག་ཡས་བསམ་མི་ཁྱབ༔ ཨོཾ་བྷྲཱུཾ་ཏྲཱཾ་ཧྲཱིཿཨཱཿ ཏིང་འཛིན་ནི། ཨོཾ་ཨཱཿཧཱུྃ༔ འདི་ལྟར་སྣང་སྲིད་གཉིས་བསྡུས་ཆོས་རྣམས་ཀུན༔ ཡེ་ནས་སྟོང་ཞིང་ནམ་མཁའ་ལྟ་བུ་ལ༔ གཟུང་འཛིན་སྤང་བླང་བྱ་བྱེད་མཐའ་ལས་འདས༔ པདྨ་སཾ་བྷ་བདག་ནི་དེ་ལྟར་སྨྲ༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཿཧཱུྃ༔ ཧྲཱིཿ བདག་ཉིད་ཐ་མལ་རང་སེམས་བཟོད་མེད་འདི༔ དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊྭཱཾ་གཡོན་ནས་འཁྲིལ༔ ཕོད་ཀ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེས་རབ་བརྒྱན་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་བའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམས༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཅེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ དེ་ལས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ་འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་དཔག་ཏུ་མེད་པ་སྤྱན་དྲངས༔ དེ་ནས་སྤྱན་འདྲེན་ནི༔ ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་ཕྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཅེས་མང་དུ་བཟླ་ཞིང་བྱིན་དབབ༔ ཕྱག་འཚལ་བ་ནི༔ ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ པདྨ་འོད་འབར་སྐུ་ལ་ཕྱག་འཚལ་ལོ༔ མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃཿ མཆོད་འོས་ཕྱི་ནང་སྣོད་བཅུད་ཀུན༔ བློ་ཡིས་སྤྲུལ་ལམ་ལྷུན་གྱིས་གྲུབ༔ ཏིང་འཛིན་མཉམ་ཉིད་ཆེན་པོ་རུ༔ དཀོན་མཆོག་སྤྱི་འདུས་རྒྱལ་བར་འབུལ༔ གཞན་ཡང་མཆོད་རྫས་བྱེ་བྲག་ནི༔ མཛེས་པའི་མེ་ཏོག་དབུ་ལ་འབུལ༔ དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ༔ སྣང་གསལ་མར་མེ་སྤྱན་ལ་འབུལ༔ མཆོད་ཡོན་དྲི་ཆབ་སྐུ་ལ་འབུལ༔ རོ་ལྡན་ཞལ་ཟས་ལྗགས་ལ་འབུལ༔ སྙན་པའི་རོལ་མོ་ཐུགས་ལ་འབུལ༔ ཕྱག་རྒྱ་གར་གྱི་མཆོད་པ་འབུལ༔ བསྟོད་དབྱངས་གླུ་ཡི་མཆོད་པ་འབུལ༔ འདོད་ཡོན་མ་སྤངས་ཕྱི་མཆོད་འབུལཿ ཉོན་མོངས་མ་སྤངས་ནང་མཆོད་འབུལཿ འདུ་འབྲལ་མེད་པའི་གསང་མཆོད་འབུལ༔ རྩ་བརྒྱད་སྟོང་སྦྱར་སྨན་མཆོད་འབུལཿ དུག་ལྔ་བསྒྲལ་བའི་རཀྟ་འབུལ༔ བྷ་ལིང་གཏོར་མའི་མཆོད་པ་འབུལ༔ དམ་རྫས་བདུད་རྩིའི་མཆོད་པ་འབུལ༔ བླང་དོར་མེད་པའི་མཆོད་པ་འབུལཿ ཨཱརྒྷཾ་པཱ་ཏྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤཔྟ་པྲ་ཏཱི་ཙྪ་ཨཱཿཧཱུྃ༔ མ་ཧཱ་པཉྩ་རཀྟ་བྷ་ལིང་ཏ་ཁཱ་ཧི༔ བསྟོད་པ་ནི༔ ཧྲཱིཿ རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག༔ ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་༔ ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ༔ ཐུགས་རྗེས་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་ཀུན་འདུས་གཞོན་ནུ་ལོ་བརྒྱད་ཚུལ༔ འགྲོ་བ་ཡོངས་ཀྱི་སྐྱབས་མགོན་པདྨ་འབྱུང་༔ འགྱུར་མེད་སྐུ་མདོག་གངས་ལ་ཉི་ཤར་ལྟར༔ དམར་མདངས་ཅུང་ཟད་འཚེར་ལ་ཕྱག་འཚལ་བསྟོད༔ ཐབས་ཤེས་དབྱེར་མེད་རྡོ་རྗེ་ཐོད་པ་དང་༔ ཟུང་འཇུག་ཚེ་དང་ཡེ་ཤེས་བུམ་པ་འཛིན༔ དུག་གསུམ་རྩད་གཅོད་ཁ་ཊྭཱཾ་ཡུམ་གྱི་ཚུལ༔ ཁྲོ་འཛུམ་འགྲོ་འདུལ་མཛད་ལ་ཕྱག་འཚལ་བསྟོད༔ ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན༔ ཤ་བའི་སྙན་ཞུ་རྒོད་ལྡེམ་དར་སྣ་ལྔ༔ པདྨའི་གདན་ལ་མཚན་དང་དཔེ་བྱད་འབར༔ ཕྱི་ནང་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ སྐུ་དང་ཞིང་ཁམས་ཡེ་ནས་འདུ་འབྲལ་མེད༔ ཕྱོགས་བཅུ་ཀུན་ཀྱང་རྒྱལ་བའི་ཆོ་འཕྲུལ་ལས༔ ཆེ་ཆུང་མ་ངེས་སྐུ་གསུམ་ངང་དུ་བཞུགས༔ སྤྲུལ་པའི་གློག་སྟོང་འཁྱུག་ལ་ཕྱག་འཚལ་བསྟོད༔ གཟི་བརྗིད་ཉི་མ་འབུམ་གྱི་འོད་ཟེར་གྱིས༔ ཚེ་ཡི་དངོས་གྲུབ་རང་བཞིན་གནས་ནས་འགུགས༔ དགོས་འདོད་རེ་སྐོང་ཡིད་བཞིན་མཆོག་གི་ངང་༔ འཆི་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ དེ་ལྟར་མཆོད་དང་བསྟོད་བྱ་མི་དམིགས་ཀྱང་༔ གློ་བུར་དྲི་མའི་རྣམ་རྟོག་བསལ་ཕྱིར་དུ༔ ཐབས་ཤེས་དབྱེར་མེད་ཆུ་ལ་ཆུ་བཞག་ཚུལ༔ གཉིས་མེད་རོལ་པ་ཆེན་པོར་ཕྱག་འཚལ་བསྟོད༔ བཟླས་པ་བྱ་བ་ནི༔ རང་ཉིད་པདྨ་འོད་འབར་དུ་གསལ་བའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་དུ་རང་གི་རྣམ་ཤེས་ཀྱི་རྟེན་གསེར་གྱི་རྡོ་རྗེའི་ཁང་སེང་དུ་ཡི་གེ་ཧཱུྃ་གིས་མཚན་པ། རྡོ་རྗེའི་མཐའ་བསྐོར་དུ་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པ་གཡས་བསྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས། ཞིང་ཁམས་རབ་འབྱམས་ཀྱི་རྒྱལ་བ་ཐམས་ཅད་ལ་མཆོད་པ་བླ་ན་མེད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རང་ལ་བསྡུས། བར་དུ་ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས། ཅི་བསྒོ་བའི་ལས་ཐམས་ཅད་རྩོལ་མེད་དུ་བསྒྲུབས། མར་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། བདེ་བས་ཚིམས་པར་བྱས། འོད་ཟེར་འཕྲོ་འདུས་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་གསལ་བར་གྱུར། ཨོཾ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཅེས་བཟླས་སོ༔ སྤོས་དྲི་ངད་ལྡན་ཐུ་ལེ་བ༔ ཉམས་དང་རྨི་ལམ་འགྱུར་བའི་ཚེ༔ ཟབ་སྙིང་འདི་ནི་དབྱངས་ཆུང་ངུ༔ སྐབས་སུ་ཐུན་བར་འཁྲབ་ཅིང་བཟླས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ འདིས་ནི་སྣང་སྲིད་གཡོ་བར་འགྱུར༔ དུས་གསུམ་རྒྱལ་བ་གཅིག་ཏུ་སྡུད༔ བླ་མ་ཀུན་དང་འདུ་འབྲལ་མེད༔ འབྱུང་པོ་དྲེགས་པ་འདར་ཞིང་བརྒྱལ༔ མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་འདུ༔ དཔའ་བོ་ཕོ་ཚོགས་མོ་ཚོགས་ཀུན༔ རང་དབང་མེད་པར་མངོན་དུ་འོང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ ཅེས་གསུངས་སོ༔ ཕྲིན་ལས་བཞི་བསྒྲུབ་ནི༔ ཞི་བ་རྩ་སྔགས་ཤམ་བུ་རུ། ཨོཾ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བརྒྱ་ཕྲག་སོགས༔ སྨོན་ལམ་ཁ་བསྒྱུར་འདི་བཞིན་བྱ༔ ནད་གདོན་སྡིག་སྒྲིབ་བག་ཆགས་ངན༔ སྡང་དགྲ་གནོད་བྱེད་གདུག་པའི་དཔལ༔ རྣོ་བའི་མཚོན་དང་སྦྱོར་བའི་དུག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀུན་དང་༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ རྨིས་ལྟས་མཚན་ངན་ཐམས་ཅད་ཀུན༔ མྱུར་བ་ཉིད་དུ་ཞི་གྱུར་ཅིག༔ རྒྱས་པ་རྩ་སྔགས་ཤམ་བུ་རུ༔ བྷྲཱུཾ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་དང་བསོད་ནམས་སྙན་གྲགས་སྟོབས༔ འཁོར་དང་བུ་སློབ་ཕྲིན་ལས་རྒྱས༔ མངའ་ཐང་ལོངས་སྤྱོད་ཡོན་ཏན་ཀུན༔ མྱུར་བ་ཉིད་དུ་རྒྱས་གྱུར་ཅིག༔ དབང་གི་རྩ་སྔགས་ཤམ་བུ་རུ༔ ཧྲཱིཿཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང་༔ སྐྱེ་འགྲོ་མཐོང་ཐོས་དྲན་རེག་སོགས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ དྲག་པོའི་རྩ་སྔགས་ཤམ་བུ་རུ༔ ཧཱུྃ་མཱ་ར་ཡ་ཕཊ༔ དམ་སྲི་འབྱུང་པོ་མ་རུངས་པ༔ བསྟན་དགྲ་སྒོས་དགྲ་ལ་སོགས་པ༔ ཞིང་བཅུ་ལྡན་རྣམས་བརླག་གྱུར་ཅིག༔ ཚེ་བསྒྲུབ་ནི༔ རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿདཀར་པོ་དེ་ཡི་མཐར་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པ་འཁོར་བ་ལས་འོད་ཟེར་འཕྲོ་འདུས་ཕྱི་སྣོད་ནང་བཅུད་ཐམས་ཅད་ལྷ་སྔགས་སུ་གསལ་བའི་གཟི་བརྗིད་ཀྱིས༔ སངས་རྒྱས་བྱང་སེམས་རྩ་བ་གསུམ་དང་ཆོས་སྐྱོང་ཐམས་ཅད་ཀྱི་ཚེ་ཡི་བྱིན་རླབས་དང་༔ འབྱུང་བའི་བཅུད་ཀྱི་དྭངས་མ་ཐམས་ཅད་དང་༔ དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་དང་༔ མདོར་ན་སེམས་ཅན་བསོད་ནམས་ཅན་དཀར་པོ་དགེ་བའི་ལས་སྒྲུབ་ཅིང་དབང་ཆེ་བ་རྩལ་དྲག་པ་འཁོར་མང་བ༔ ཡོན་ཏན་ཆེ་བ་སྟོབས་དང་སྙན་གྲགས་ལྡན་པ༔ གདུལ་བྱ་ཕྲིན་ལས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་ཡི་གེ་ནྲྀའི་རྣམ་པ་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་ལི་ལི༔ བདག་མདུན་གྱི་སྤྱི་བོའི་གཙུག་ནས་སིབ་སིབ་ཐིམ་པས་འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་གྱུར་བར་བསམ་ལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿ ཞེས་བཟླ་ཞིང་བསྒྲུབ་བོ༔ ཐུན་མཐར་མཆོད་ཅིང་བསྟོད་ནས་གསོལ་བ་བཏབ་པ་ནི༔ ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་སྒྲོལ་བའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མོས་གུས་ཀྱི་སྨོན་ལམ་གདབ་པ་ནི༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འགྲོག་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཚེ་འགུགས་ནི༔ ཧྲཱིཿ ཕྱི་ནི་བུམ་པ་ནང་དུ་བདུད་རྩིས་གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧྲཱིཿ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་དབང་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿ ཅེས་དང་དབང་ཡིད་ལེན་བྱ། དེ་ནས་ཞི་བ་གནས་འགྱུར་རིག་འཛིན་དྲག་པོར་གསལ་ཞིང་། སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་པདྨ་འོད་འབར་སྐད་ཅིག་ལ༔ རྔམ་བརྗིད་ཁྲོས་པའི་ངར་སྐད་ཕྱོགས་བཅུར་སྒྲོགས༔ སྤྲུལ་པ་ཡང་སྤྲུལ་དཔག་ཡས་འཇིགས་ཚུལ་སྟོན༔ ཆེ་མཆོག་དམར་ནག་མེ་ཡི་ཕྲེང་བ་ཅན༔ དེང་འདིར་རྣལ་འབྱོར་བདག་གི་གྲོགས་ལ་བྱོན༔ ཛ༔ ཆོས་ཀྱི་དབྱིངས་ནས་སྒྱུ་མའི་སྐུར་བཞེངས་པ༔ དུག་གསུམ་འབར་བའི་ཁྲོ་གཏུམ་འཇིགས་གཟུགས་ཅན༔ དྲེགས་པ་སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ གཉན་ལྷོག་སྨྱོ་འབོག་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས་སུ་གསོལ༔ སྣང་སྲིད་བྲན་དུ་བཀོལ་ཕྱིར་གཤེགས་སུ་གསོལ༔ དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ མཆོད་པ་ནི༔ ཧཱུྃ༔ སྲིད་གསུམ་ཡེ་ནས་གཏོར་གཞོང་དུ༔ སྣང་སྲིད་ཐམས་ཅད་གཏོར་མར་སྦྱར༔ འཁོར་འདས་ཡོངས་སྒྲོལ་ཆེན་པོའི་ཚོགས༔ དབང་དྲག་འབར་བ་ཁྱེད་ལ་འབུལ༔ སྟོང་གསུམ་སྟོང་གི་གཏོར་གཞོང་དུ༔ རི་རབ་འབར་བའི་དཔལ་བཤོས་བཙུགས༔ སྐྱེ་འགྲོ་སེམས་ཅན་གྲངས་ལས་འདས༔ དབང་དྲག་འབར་བ་ཁྱོད་ལ་འབུལ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་ཐོད་ཚིལ་སྤུངས༔ ཞག་དང་རླངས་པ་ཆི་ལི་ལི༔ དབང་དྲག་འབར་བའི་ཐུགས་དམ་བསྐང་༔ བདུད་རྩི་གཏོར་ཆེན་རཀྟའི་མཚོ༔ སྦྱོར་སྒྲོལ་ཏིང་འཛིན་ཚོགས་མཆོད་དང་༔ ཕྱི་ནང་གསང་བའི་མཆོད་སྤྲིན་གཏིབས༔ དབང་དྲག་འབར་བའི་ཐུགས་དམ་བསྐང་༔ བསྟོད་པ་ནི༔ ཧཱུྃ༔ བདེ་ཆེན་རང་བཞིན་ཁྲོས་པའི་དཀྱིལ་འཁོར་ནས༔ དཀོན་མཆོག་སྤྱི་འདུས་དམར་ནག་འབར་བའི་སྐུ༔ ཟུར་ཞལ་གཡོན་གཟིགས་ཞབས་གཉིས་འདོར་ཐབས་བསྒྲད༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ དགྲ་བགེགས་ཤ་ཁྲག་རུས་པ་ཀྲུམ་ཀྲུམ་རོལ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་འཁྱིལ༔ དྲེགས་པ་ཕོ་མོ་འདར་ཞིང་སྔངས་པར་བྱེད༔ ཤངས་ནས་རླུང་འཚུབས་འབྲུག་སྒྲ་ལྡིར་བ་ཡིས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ རལ་པ་ཁམ་ནག་ནམ་མཁའི་དབྱིངས་ལ་བསྒྲེངས༔ ཁྲོ་ཆུང་མང་པོས་དགྲ་བགེགས་ཐལ་བར་བརླག༔ ཕྱག་གཡས་གསེར་གྱི་རྡོ་རྗེས་མཐའ་དམག་ཟློག༔ གཡོན་པས་ལྕགས་སྡིག་ནག་པོའི་སྤྲུལ་པ་འགྱེད༔ ཀླུ་རྣམས་འདུལ་ཕྱིར་སྦྲུལ་རིགས་ལྔ་ཡིས་བརྒྱན༔ འཁོར་བ་སྟོང་མཛད་མགོ་ཕྲེང་ལྔ་བཅུས་བརྒྱན༔ གླང་ཆེན་ཀོ་རློན་སྟོབས་བཅུ་ལྷུན་གྱིས་རྫོགས༔ སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་སྡུད༔ རིན་ཆེན་རུས་རྒྱན་མཁའ་འགྲོ་རོལ་དུ་ཁྲིད༔ བ་སྤུའི་རྩེ་ནས་ཁྲོ་ཆུང་ཚྭ་ཚྭ་འཕྲོ༔ མེ་དུད་ཟེར་གྱིས་སྲིད་གསུམ་སྐར་ལྟར་འཁྲུགས༔ གུ་རུ་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དབང་དྲག་འབར་བའི་ཐུགས་དམ་དུས་ལ་བབ༔ རྣལ་འབྱོར་བདག་གི་སྔོན་གྱི་དམ་ཚིག་གིས༔ ལྷ་མཆོག་ཁྱེད་ལ་གདུང་བས་འབོད་ལགས་ན༔ ཁྱོད་ཀྱི་ཐུགས་དམ་གནད་ནས་ད་སྐུལ་ཅིག༔ གདུག་པའི་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ནག་པོ་ཀླུ་གཉན་འདུལ་བའི་དུས་ལ་བབ༔ དྲེགས་པ་གཟའ་རྒོད་འདུལ་བའི་དུས་ལ་བབ༔ སྡེ་བརྒྱད་ལྷ་སྲིན་འདུལ་བའི་དུས་ལ་བབ༔ བེ་ཧར་སྲོག་བདག་འདུལ་བའི་དུས་ལ་བབ༔ མཐའ་ཡི་དམག་དཔུང་བཟློག་པའི་དུས་ལ་བབ༔ མི་ནད་ཕྱུགས་ནད་བཟློག་པའི་དུས་ལ་བབ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ འཛབ་ནི༔ རང་གི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་དམར་ནག་གི་མཐའ་བསྐོར་དུ་སྔགས་ཕྲེང་ལས་འོད་ཟེར་དམར་ནག་ཡེ་ཤེས་ཀྱི་མེ་དང་མཚོན་ཆ་ལ་སོགས་པ་འཕྲོས་པས༔ མ་རུངས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ སྣང་སྲིད་ཐམས་ཅད་རིག་འཛིན་དྲག་པོའི་སྐུར་གསལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཨ་རྩིག་ནེ་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དང་ཤམ་བུ་རུ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅེས་བཟླས༔ དྲག་པོ་གནས་འགྱུར་སེང་གདོང་མར་བསྒོམ་ཞིང་༔ སྤྱན་འདྲེན་པ་ནི༔ ཧཱུྃ་བྷྱོ༔ མ་སྐྱེས་རྫོགས་པ་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ འགྲོ་བའི་དོན་མཛད་ཡེ་ཤེས་མཁའ་འགྲོ་མ༔ ནམ་མཁའི་མདོག་ཅན་དབུ་ནི་སེང་གེའི་གདོང་༔ གཅེར་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངའ་མ༔ ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་འཛིན༔ དུག་ལྔ་གཅོད་ཅིང་སྐྱེ་མེད་དབྱིངས་སུ་རོལ༔ རྩེ་གསུམ་མཆན་དུ་བཟུང་ནས་དུག་གསུམ་སྒྲོལ༔ རུས་རྒྱན་མེ་ལོང་རྒྱན་གྱིས་ཌཱཀྐི་དབང་དུ་སྡུད༔ ཡེ་ཤེས་མེ་རིས་མ་རིག་མུན་པ་འཇོམས༔ གཡས་བསྐུམ་གཡོན་བརྐྱང་ཐབས་ཤེས་དབྱེར་མེད་ངང་༔ པདྨ་ཉི་ཟླ་བམ་རོའི་གདན་ལ་བཞུགས༔ རང་བཞིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ བྷྱོ༔ སྐུ་གསུང་ཐུགས་སྤྲུལ་མཁའ་འགྲོའི་ཚོགས༔ ཕྲིན་ལས་སྤྲུལ་པ་མ་མོའི་ཚོགས༔ ཀུན་ཀྱང་ཡང་སྤྲུལ་བསམ་མི་ཁྱབ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ན་མོ༔ ལྕང་ལོ་བཅས་པའི་བྷནྡྷ་རུ༔ དམར་གཏོར་ཁྲག་དང་ཞག་གིས་བརྒྱན༔ ཤ་སྣ་སྙིང་སྣའི་རྒྱལ་མཚན་བཙུགས༔ མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་༔ རཀྟའི་རྦ་ཀློང་ཕྱ་ར་ར༔ འོ་མཚོ་དཀར་དྭངས་ཀྱི་ལི་ལི༔ ཞག་གི་རྒྱ་མཚོ་མེ་རེ་རེ༔ ཞུན་ཆེན་གསུར་དུད་ཆི་ལི་ལི༔ རྔ་དུང་རོལ་མོ་དི་རི་རི༔ རྐང་གླིང་ཐོད་རྔ་ཁྲོ་ལོ་ལོ༔ དགྲ་བོའི་ཤ་ཁྲག་དམར་ཉི་ལི༔ མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་༔ དམ་ཉམས་དགྲ་བགེགས་མྱུར་དུ་སྒྲོལ༔ ཌཱཀྐི་ནི་སིང་ཧ་མུ་ཁཿཨཱརྒྷཾ་སོགས་ནས། ཤཔྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། མ་ཧཱ་མཱཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་བྷ་སུ་ཏ་བྷ་ལིང་ཏ་ཁཱ་ཧི༔ བསྟོད་པ་ནི། ཞི་ཆགས་ཁྲོ་མོའི་རྣམ་འགྱུར་གྱིས༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་བདག༔ ཡེ་ཤེས་མཁའ་འགྲོ་སེང་གདོང་མར༔ གུས་པས་འདུད་དོ་དངོས་གྲུབ་སྩོལ༔ འཛབ་ནི༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་དུ་ཧཱུྃ་སྔོན་པོའི་མཐར་སྔགས་ཕྲེང་སྔོན་པོ་གཡོན་དུ་བསྐོར་བ་དེ་ལས་འོད་ཟེར་འཕྲོས་དམ་ཆོས་བསྒྲུབ་པའི་བར་ཆད་ཐམས་ཅད་སྤུ་གྲིས་སྐྲ་བཞར་བ་ལྟར་སོང་བར་བསྒོམ༔ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཅེས་བཟླས༔ ཚོགས་མཆོད་ནི། ཧྲཱིཿ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས༔ དངོས་འཛིན་རྣམ་རྟོག་བག་ཆགས་ཀུན༔ བསྲེག་གཏོར་བཀྲུས་ནས་བདུད་རྩིར་གྱུར༔ རྃ་ཡྃ་ཁྃ༔ ལན་གསུམ་བརྗོདལ༔ ཨོཾ་ཨཱཿཧཱུྃ༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ འདོད་ཡོན་ཟག་མེད་སྣང་སྲིད་གང་༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད༔ རང་བཞིན་སྐུ་གསུམ་ཞིང་ཁམས་ནས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་དམ་ཅན་གཏེར་བདག་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་པདྨ་འབྱུང་གནས་ལ༔ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ དབུ་སྐྲ་ཐོར་ཚུག་ལྡེམས་སེ་ལྡེམ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ གླུ་ལེན་གར་སྟབས་ཁྱུགས་སེ་ཁྱུག༔ ནམ་མཁའ་ས་གཞི་བར་སྣང་གང་༔ གནས་ཁང་འདི་ལ་བྱིན་ཅིག་ཕོབ༔ ཚོགས་གཏོར་འདི་ལ་བཅུད་ཅིག་སྩོལ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ རྣལ་འབྱོར་ཕོ་མོ་དམ་ཚིག་གཙང་༔ ཚོགས་དང་མཆོད་རྫས་དངས་རེ་སྤྲོ༔ ལྷུན་གྲུབ་འོད་ཁྱིམ་བཀྲག་མདངས་མཛེས༔ ཨོཾ་ཨཱཿཧཱུྃ༔ ཚོགས་མཆོད་འོད་ཕུང་འབར་བ་འདི༔ མཆོད་འོས་སྐྱེས་མཆོག་རྣམས་ལ་འབུལ༔ ཉམས་ཆགས་འགལ་འཁྲུལ་ཐམས་ཅད་བཤགས༔ གཉིས་འཛིན་འཁྲུལ་སྣང་རཱུ་ཏྲ་འདི༔ ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔གུ་རུ་དྷེཝ་ཌཱཀྐི་ནི་ཀིཾ་ནི་རི་ཏི་གྷ་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བསྐང་བ་བཞན་དང་། ན་རཀ་ལ་སོགས་ཟུང་བཞིའི་བཤགས་པ་སོགས་འདིར་བྱའོ༔ ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་རྒྱལ་བ་སྤྱི་བསྐང་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་པ་གང་ཞིག་གི་ཚོགས་གཉིས་མཆོག་ཏུ་གྱུར་པ་ཞི་ཁྲོ་བཀའ་བརྒྱད་ཀྱི་བསྒྲུབ་པ་ཆེན་པོའམ༔ བསྙེན་བསྒྲུབ་དབང་དུས་ཚོགས་མཆོད་ཀྱི་སྐབས་སུ༔ ཚོགས་གཏོར་ཅི་འབྱོར་བ་སྟོབས་བསྐྱེད་ལ་བཤམས༔ འཕྲིན་ལས་གཞུང་བསྲང་ཚོགས་ཀྱི་སྐབས་སུ་བབ་པ་དང་༔ བསངས་སྦྱངས་སྤེལ་བ་བྱིན་རླབས་རྣམས་མཆོད་གཞུང་ནས་བྱུང་བ་ལྟར་བྱས་ལ༔ བསྐང་བའི་ཆོ་ག་ནི་ལྟ་བསྒོམ་དང་ལྡན་པས་འདི་སྐད་དོ༔ ཧྲཱི༔ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང་༔ ཏིང་འཛིན་མཆོག་བརྙེས་བརྡའ་ཡི་བརྒྱུད་པ་སྟེ༔ རིག་འཛིན་རིག་པ་བརྒྱུད་པའི་ཐུགས་དམ་བསྐང་༔ བཀའ་ལུང་ལྷག་ཆད་མེད་པའི་དཀྱིལ་འཁོར་ནས༔ སྙན་ཁུང་བརྒྱུད་པའི་བླ་མའི༴ བཀའ་བརྒྱུད་གཏེར་དུ་སྦས་པའི་བྱ་ར་མཛད༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི༴ མ་འོངས་ལས་འཕྲོ་ལྡན་པར་ལུང་དུ་བསྟན༔ སྨོན་ལམ་དབང་བསྐུར་བརྒྱུད་པའི༴ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི༴ འགྲོ་ཀུན་ཞི་བདེའི་གནས་སུ་འདྲེན་མཛད་པའི། གསུང་མཆོག་དམ་ཆོས་རྣམས༴ ས་དང་ལམ་ལ་གནས་ནས་བསྟན་པ་སྐྱོང་༔ འཕགས་པའི་དགེ་འདུན་རྣམས་ཀྱི༴ ལྟ་བསྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས༴ ཕྱི་དང་ནང་གི་བར་ཆད་ཀུན་སེལ་པའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི༴ མ་སྐྱེས་གདོད་ནས་རང་བཞིན་རྣམ་པར་དག༔ སྐྱེ་མེད་མངོན་གྱུར་ཆོས་སྐུའི༴ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ ཞི་ཁྲོ་ལོངས་སྤྱོད་རྫོགས་སྐུའི༴ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི༔ སྐུལ་སྐུ་འགྲོ་དོན་མཛད་པའི༴ ཧཱུྃ༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི༴ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི༴ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས༴ གསུང་མཆོག་འགགས་པ་མེད་པའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས༴ ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས༴ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བདུད་རྩི་ཡོན་ཏན་ལྷ་ཚོགས་ཐུགས༴ ཕྲིན་ལས་དྲག་པོ་སྒྲོལ་བའི་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས༴ ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས༴ ཐུགས་རྗེའི་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་སློབ་དཔོན་ལྷ་ཚོགས༴ དམ་རྫས་རྫ་ལྟར་ལྷག་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས༴ དགྲ་བགེགས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས་དམ་བསྐང་༔ ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བླ་མེད་དཀོན་མཆོག་སྤྱི་འདུས་ཐུགས་དམ༴ ལྷ་སྲིན་སྡེ་བརྒྱད་འདུལ་བའི་དཀྱིལ་འཁོར་ནས༔ གུ་རུ་དྲག་པོའི་ལྷ་ཚོགས༴ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་བ༔ མཁའ་འགྲོ་སེདྒེའི་གདོང་ཅན༴ སངས་རྒྱས་ཀུན་གྱི་བསྟན་པ་སྲུང་མཛད་པའི༔ ཆོས་སྐྱོང་མ་མགོན་ལྕག་དྲལ༴ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ༔ དམ་ཅན་རྒྱ་མཚོ་ཡོངས་ཀྱི༴ སྒྲུབ་པ་པོ་ལ་ལོངས་སྤྱོད་ཆར་འབེབས་པའི༔ རྒྱལ་ཆེན་རྣམ་ཐོས་སྲས་ཀྱི༴ སྟོང་ཁམས་འདི་ན་དྲག་རྩལ་ལྡན་པ་ཡི༔ གཟའ་བདུད་རཱ་ཧུ་ལ་ཡི་ཐུགས༴ གསང་སྔགས་རྒྱུད་སྡེ་ཀུན་གྱི་གཉེར་དུ་བསྐོས༔ དམ་ཅན་རྡོ་རྗེ་ལེགས་པའི་ཐུགས༴ ཨོ་རྒྱན་པདྨའི་བཀའ་ཡིས་གཉེར་དུ་བསྐོས༔ གཏེར་བདག་ གཏེརསྲུང next hit་རྣམས་ཀྱི༴ ཚུལ་བཞིན་སྒྲུབ་པ་བྱེད་པའི་གྲོགས་མཛད་པའི༔ གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས་དམ༔ ཧཱུྃ༔ གཞན་ཡང་ཐུགས་དམ་བསྐང་བའི་དམ་རྫས་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང་༔ པདྨ་མཾ་ས་སྦྱར་བའི་རཀྟ་དང་༔ ཁྱད་པ་རྨད་དུ་བྱུང་བའི་གཏོར་མ་དང་༔ ཚོགས་ཀྱི་ཡོ་བྱད་ལོངས་སྤྱོད་རྒྱ་ཆེན་འདིས༔ ཁྱེད་རྣམས་ཐུགས་དམ་གཉན་པོ་སྐོང་གྱུར་ནས༔ བདག་གི་དབྱར་དམ་གཉེན་པོ་སོར་སྩོལ་ཅིག༔ སྐོང་གྱུར་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང་༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ སྒྲོལ་དུ་མེད་དེ་ཡེ་ཤེས་ཆེན་པོར་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡཱ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏཾཥྛ༔ ཌི་བྷོ་མེ་བྷ་ཝ༔ སུ་ཏྭ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཕུད་ནམ་མཁའ་འབུལ་ཞིང་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཚོགས་ལ་རོལ༔ ཡི་དམ་རྒྱ་མཚོ༴ མཁའ་འགྲོ་རྒྱལ་མཚོ༴ ཆོས་སྐྱོང་རྒྱ་མཚོ༴ ནོར་ལྷ་རྒྱ་མཚོ༴ སྣང་སྲིད་ལྷ་འདྲེ༴ ཡུལ་ལྷ་གཞི་བདག༴ རིགས་དྲུག་ཕ་མ་ཚོགས༴ ལན་ཆགས་བགེགས་རིགས༴ ལ་ལ་ཕྱི་ཡི་ཚོགས༴ ལ་ལ་ནང་གི་ཚོགས༴ ལ་ལ་གསང་བའི༴ དེ་ཁོ་ན་ཉིད་ཀྱི་ཚོགས་བདེ་བ་ཆེན་པོ་ལ་རོལ༔ ག་ན་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ ཅེས་པ་འདི་ཞི་ཁྲོ་བཀའ་བརྒྱད་ཀྱི་ནང་ནས་རིག་འཛིན་འཇའ་ཚོན་བས་ཁོལ་བུར་ཕྱུང་བའོ༔ ཐམས་ཅད་ཚོགས་ལ་རོལ༔ རྗེས་ལྷག་མ་བསྔོ་བ་ནི་ཞལ་ཕྲུ་བཏབ་ཅིག་༔ ཧཱུྃ༔ ལྷག་ལ་དབང་བ་དྲེགས་པའི་ཚོགས༔ སྤྲིན་ལྟར་གཏིབ་ཅིང་ཧབ་ཤ་རྒྱུག༔ ཤ་ཁྲག་བརྒྱན་པའི་ཚོགས་ལྷག་བཞེས༔ སྔོན་གྱི་དམ་བཅས་ཇི་བཞིན་དུ༔ བསྟན་དགྲ་དམ་ཉམས་ཟས་སུ་ཟོ༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ སྒྲུབ་པའི་བར་ཆད་བཟློག་པ་དང་༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ ཨུ་ཙྪི་ཥྚ་བྷ་ལིངྟ་ཁཱ་ཧི༔ བསྐུལ་པ་ནི། ཧཱུྃ༔ དམར་ནག་ཟུར་གསུམ་འབར་བའི་དཀྱིལ་འཁོར་ནས༔ ལས་ཀྱི་དབང་དྲག་སྲིན་པོའི་གཟུགས་ཅན་ནི༔ སྐུ་ལས་མེ་འོད་མཚོན་ཆ་ཡ་ལ་ལ༔ ཁྲོ་ཚོགས་རབ་འཇིགས་གཡས་ནས་ཧཱུྃ་སྒྲ་ལྡིར༔ མཁའ་འགྲོ་རབ་འཇིགས་གཡོན་ནས་ཕཊ་སྒྲ་སྒྲོགས༔ ཕྱོགས་དང་ཕྱོགས་མཚམས་ལྕགས་སྡིག་ཤིགས་ཤིགས་ཟིང་༔ ལྷ་སྲིན་སྡེ་བརྒྱད་བྲན་བཞིན་རོལ་དུ་ཁྲིད༔ གནོད་བྱེད་མ་ལུས་ཧབ་ཧབ་ཟས་སུ་ཟ༔ ཧོར་སོགས་འཇིགས་པའི་དམག་དཔུང་མྱུར་དུ་བཟློག༔ རང་རང་གནས་སུ་བྱང་ཆུབ་བསྒྲུབ་པ་ཡི༔ ཕྲིན་ལས་དུས་ལ་བབ་པོ་ས་མ་ཡ༔ སེང་གདོང་མའི་བསྐུལ་པ་ནི། ཧཱུྃ༔ ང་ནི་དབང་དྲག་ཆེ་མཆོག་བདག༔ བྷྱོ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཁྲག་མཚོ་ཁོལ་མའི་དབུས་ནས་བཞེངས༔ བསྲུང་མ་འཁོར་དུ་རོལ་ཞིང་བཞེངས༔ བདག་ལ་བརྣག་པའི་དགྲ་བོ་འདིས༔ བླ་མ་དམ་པའི་སྐུ་ལ་བརྡོས༔ སངས་རྒྱས་བསྟན་པའི་རྨིའི་རྡོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ ཆོས་མཛད་ཡོངས་ལ་བརྙས་སུ་བྱས༔ དགེ་བ་བཅུ་ཡི་བསོད་ནམས་བཅག༔ མི་དགེ་བཅུ་ནི་དང་དུ་བླངས༔ རྣལ་འབྱོར་བདག་ལ་བརྡོས་སུ་བཙུག༔ སྔགས་སྲུང་ཁྱོད་ལ་མཐུ་མེད་ཟེར༔ བསྐུལ་ལོ་མཁའ་འགྲོ་ལས་ལ་བསྐུལ༔ འདི་ལ་ཁྱོད་ཀྱིས་མཐུ་མེད་ན༔ ཁྲག་འཐུང་ཆེན་པོའི་བཀའ་ཡང་བཅག༔ ཁྱོད་ཀྱང་དམ་ཚིག་ཉམས་པ་སྟེ༔ རྣལ་འབྱོར་ཡིད་ཡང་མི་ཆད་དམ༔ རྒྱུ་འབྲས་བདེན་པ་མི་བསླུ་འམ༔ དགྲ་བོ་ཚེ་ཟད་དུས་ཐེབས་ན༔ ཁྱོད་ཀྱི་མཐུ་རྩལ་ཅི་ཞིག་བྱ༔ གློ་བུར་ཧུར་ཐུམ་དུས་ལ་བབ༔ སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང་༔ ལོ་དང་ཟླ་བར་བཞག་ཐབས་མེད༔ བསད་རྟགས་དོན་སྙིང་ད་ལྟ་ལོང་༔ དུས་ལ་བབ་པོ་ས་མ་ཡ༔ ཆད་མདོ་ནི། ཧཱུྃ༔ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་དང་༔ སྙིགས་མ་རྩོད་ལྡན་དུས་དང་ལྷ་མའི་གནས༔ ཀུན་བཟང་སྣང་བ་མཐའ་ཡས་པདྨ་འབྱུང་༔ རྒྱུད་གསུངས་གཏེར་དུ་སྦས་དང་གཏོན་པའི་ཚེ༔ སྣང་སྲིད་སོ་སོས་ཁས་བླང་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ འགོང་པོ་སྤུན་དགུ་རྒྱ་འདྲེའི་གནོད་པ་དང་༔ ཧོར་སོགས་འཇིགས་པའི་དམག་དཔུང་བཟློག་ཏུ་གསོལ༔ བསྟན་སྐྱོང་ནི། ཁྱད་པར་སློབ་དཔོན་པདྨའི་བཀའ་བསྒྲུབ་པ༔ བོད་ཁམས་སྐྱོང་བའི་བསྟན་མ་ཆེན་མོ་ནི༔ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི༔ འཁོར་དང་ལྷབ་ལྷུབ་སིལ་སྙན་སྒྲ་དང་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས༔ བོད་ཁམས་དཀར་བའི་ཆོས་ལ་འགོད་པར་མཛོད༔ ཡང་ཟབ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་༔ མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བར་མཛོད༔ གཏོར་བྲོ་ནི། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཞིག་བཅུ་བསྒྲལ་བའི་གདན་སྟེད་དུ༔ དབང་དྲག་ལྷ་ཚོགས་བྲོ་བརྡུང་བས༔ དགྲ་ནི་ཐལ་བར་བརླག་པའི་བྲོ༔ བགེགས་ནི་ཕྱེ་མར་འཐག་པའི་བྲོ༔ རྣལ་འབྱོར་དམ་སྲི་འདུལ་བའི་བྲོ༔ བར་ཆད་མེད་པར་བརྡུང་བར་བྱ༔ སུམྦྷ་ནི་རྗེས་སུ། ཧཱུྃ་ཧཱུྃ༔ ལམ་ལམ༔ སྟཾ་བྷ་ཡ་ནན༔ རྗེས་ན། མཆོད་བསྟོད་ཡིག་བརྒྱ་བཟླ་ཞིང་། ཨེ་མ་ཧོ༔ བདག་གཞན་བླ་མེད་ཚོགས་མཆོད་འདི་དག་གིས༔ སྡིག་སྒྲིབ་ཉམས་ཆགས་མ་ལུས་ཀུན་བྱང་སྟེ༔ ཚེ་འདི་ཉིད་ལ་རིགས་འཛིན་མཆོག་འགྲུབ་ཅིང་༔ བྱིན་རླབས་རྩལ་དབང་གཟི་བརྗིད་ནུས་མཐུ་སྡན༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ༔ བསྔོ་བ་ནི། ཨོཾ་ཨཱཿཧཱུྃ༔ སྐྱབས་མེད་མགོན་མེད་སྐྱེ་འགྲོ་འདི་དག་ཀུན༔ འཁོར་བའི་འཁྲུལ་འཁོར་ཀུན་གྱི་གཞི་རྟེན་ལ༔ རྟེན་འབྲེལ་བཅུ་གཉིས་ཤིང་རྟ་ལྟ་བུ་ཡི༔ འཕང་ལོ་འདྲ་བ་མྱུར་དུ་ཞིག་གྱུར་ཅིག༔ བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག༔ བཀྲ་ཤིས་ནི། ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ རྫོགས་རིམ་བྱ་བ་ནི། ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ སྒྱུ་ལུས་གཞལ་ཡས་ཁང་དུ་བསྡུ༔ དེ་ཡང་ཡས་མར་འོད་དུ་ཞུ༔ སྔགས་ཕྲེང་གསེར་གྱི་རྡོརྗེར་བསྡུ༔ དེ་ཡང་འཇའ་འམ་ཆུ་བུར་ལྟར༔ དམིགས་མེད་རྒྱ་ཡན་ལྷུག་པར་བཞག༔ རང་བཞིན་དབྱིངས་རིག་མ་བུ་འདྲེས༔ གདོད་མའི་ཀུན་བཟང་མཇའ་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དངོས་ཧམ་འཕྲང་མཚོ་གཉན་སྟེང་གི་བྲག་རི་རྡོ་རྗེ་གནམ་ལངས་འདྲ་བའི་འོག་ནས༔ རིག་འཛིན་འཇའ་ཚོན་སྙིང་པོས་གཏེར་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ༔ ༈ གདོད་ནས་གཞི་ལམ་འབྲས་གསུམ་རྫོགས་ཆེན་པ། །དགོན་འདིར་ལྷག་བློས་སྒྲུབས་མཁན་ཟུར་བླ་ཡི། །ཚེས་བཅུ་དགེ་ནས་ཆོས་སྦྱིན་སྤར་གྱི་འཁྲུལ། །དཀོན་མཆོག་སྤྱི་འདུས་ཞལ་བཏོན་འདི་ཀོ་རྨད། །བསྙེན་བསྒྲུབ་ལས་ཀྱི་སྒྲུབ་ཐབས་འདི་ཁོ་ནས། །རྒྱལ་བ་གཉིས་པའི་ཞིང་མཆོག་རྔ་ཡབ་གླིང་། །གཤེགས་པར་ཐེ་མི་ཚོམས་པའི་ཡོངས་བསྔོ་དེས། །ལུས་ཅན་མཐའ་དག་ཕྱམས་གཅིག་སངས་རྒྱས་ཤོག། །།སྤར་བྱང་འདི་བྲིས་པས་ཕུལ་བས་མངྒ་ལཾ། །


previousཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་ཕྱག་བཞེས་མཐོང་བརྒྱུད་ལྟར་བསྒྲིགས་པ། next