Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
བསྟན་སྲུང་དམ་ཅན་རྒྱ་མཚོ་སྤྱི་ལ་གཏོར་མ་འབུལ་བའི་ཆོ་ག་དོན་གཉིས་མྱུར་འགྲུབ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousབསྟན་སྲུང་དམ་ཅན་རྒྱ་མཚོ་སྤྱི་ལ་གཏོར་མ་འབུལ་བའི་ཆོ་ག་དོན་གཉིས་མྱུར་འགྲུབ། next

བསྟན་སྲུང་དམ་ཅན་རྒྱ་མཚོ་སྤྱི་ལ་གཏོར་མ་འབུལ་བའི་ཆོ་ག་དོན་གཉིས་མྱུར་འགྲུབ།

༄༅། །བསྟན་སྲུང་དམ་ཅན་རྒྱ་མཚོ་སྤྱི་ལ་གཏོར་མ་འབུལ་བའི་ཆོ་ག་དོན་གཉིས་མྱུར་འགྲུབ་ཞེས་བྱ་བ་བཞུགས་སོ།། །།

ནམཿཤྲཱི་བཛྲ་དྷ་རྨ་པ་ལ་ཡ། །གང་ཞིག་དྲན་པ་ཙམ་གྱིས་ཀྱང་། །ངན་འགྲོའི་འཇིགས་པ་ཀུན་སྐྱོབས་ཤིང་། །ཐར་གླིང་གནས་སུ་འདྲེན་མཛད་པའི། །ཀུན་འདུས་དཔལ་ལྡན་བླ་མར་འདུད། །གདོད་ནས་མངོན་པར་བྱང་ཆུབ་ཀྱང་། །མ་རུང་གདུག་དཀའ་འདུལ་བ་པོ། །བསྟན་པ་གཉན་པོ་སྲུང་བ་དང་། །སྒྲུབ་ལ་དངོས་གྲུབ་སྩོལ་བའི་ལྷ། །སྙིང་རྗེའི་དབྱིངས་ལས་མ་གཡོས་ཀྱང་། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་གཙོ་བོར་སྐུར་བཞེངས་པ། །ཞི་དང་ཞི་མ་ཁྲོ་ཡི་སྐུ། །གཏུམ་དྲག་ཉམས་བརྒྱ་འབར་བའི་ཚུལ། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་དང་། །བྱང་ཆུབ་མ་ཐོབ་བར་དུ་ནི། །ནམ་ཡང་མི་འབྲལ་འགྲོགས་པར་མཛོད། །དེ་ལ་འདིར་རྫོགས་སྤྲུལ་བཞི་བ་ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེས་མཛད་པའི་དམ་ཅན་སྤྱི་ལ་གཏོར་མ་འབུལ་ཐབས་འདོད་པའི་རེ་སྐོང་ལ་གཞིར་བྱས་ཏེ་ལས་དང་པོ་པ་སྤྲོས་པ་ལ་དགའ་བ་རྣམས་ཀྱི་ཆེད་དུ་ཅུད་ཟད་རྒྱས་བར་སྤྲོ་ན། མདུན་དུ་སྟེགས་བུ་འཇམ་པའི་སྟིང་དུ་སྤྲོ་ན་དམ་ཅན་སོ་སོའི་སྐུ་རྟེན། གཏོར་མ་སྤྱན་གཟིགས་བསྐང་རྫས་རྣམས་བཤམས། ཡང་ན་ཐེབ་གཅིག་གི་ནང་དུ་དཔལ་གཏོར་གཅིག་ལ་འཁོར་བཞི་བཅུ་དང་། མཐེབ་ཀྱུ་ཅི་མང་དང་ལྡན་པས་བསྐོར། །གང་ལྟར་ཡང་གཡས་སུ་སྨན་དང་། གཡོན་དུ་རཀྟ།མདུན་ངོས་སུ་ཞི་དྲག་གི་མཆོད་པ་བྲེང་ཚར་དུ་བཤམས། རང་གི་མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་མེ་ཏོག་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བྱས། རང་ཉིད་ཡི་དམ་གང་རུང་གི་ང་རྒྱལ་ལྡན་པར་བྱའོ། །དེ་ནས་མཆོད་པ་དང་གཏོར་མ་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་གསུམ་གྱི་ཡི་གེ་གསུམ་འཕྲོས་པ་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱིས་སྟེང་དུ། ཐོད་པ་དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དམ་ཚིག་གི་རྫས་ཤ་ལྔ་དང་བདུད་རྩི་ལྔར་གྱུར། འོག་གི་རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་ནས་དམ་ཚིག་གི་བདུད་རྩི་དེ་ཉིད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། སླར་ཡང་རང་གི་ཐུགས་ཀ་ནས་ཨོཾ་ཨཱཿཧཱུྃ་གསུམ་གྱི་ཡི་གེ་གསུམ་འཕྲོས་པ་ལས་ཨོཾ་གྱིས་མ་དག་པའི་དངོས་པོའི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། ཨཱཿཡིག་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཧཱུྃ་གིས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་ལོངས་སྤྱོད་ཟད་མི་ཤེས་པ་རྒྱ་ཆེར་སྤེལ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱི་བྱིན་གྱིས་བརླབ་ནས། མགྲོན་རྣམས་བསྐུལ་བ་ནི། ཧཱུྃ། རིག་པ་སྟོང་གསལ་སྐུ་གསུམ་ལྷུན་གྱིས་གྲུབ། །རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་བཀྲ་ལམ་མེ། །ཧྱཱ་གྷྲཱི་ཝ་ལ་སོགས་བསྟན་སྲུང་རྣམས། །རང་སེམས་རིག་པའི་རྩལ་ལས་སྤྱན་འདྲེན་གཤེགས། །དེ་ནས་སྤྱན་འདྲེན་པ་ནི། གསུང་ཆེན་སོགས་དྲི་བཟང་པོའི་བདུག་ཅིང་། དར་ནག་གཡབ་ཅིང་རྐང་གླིང་འབུད། །རོལ་མོ་སྣ་ཚོགས་པའི་སྒྲ་བསྒྲགས་ཅིང་གདུང་བའི་དབྱངས་སྙན་བོས་འདི་སྐད་དོ། །ཧཱུྃ་ཧྲཱིཿ སྤྱན་རས་གཟིགས་དབང་གཏུམ་རྔམས་ཆེར་འབར་བ། ཧྱ་གྲཱི་ཝའི་སྒྲ་དབྱངས་སྲིད་གསུམ་ཁྱབ། །འཁོར་འདས་རང་སར་གྲོལ་བའི་གཞི་དབྱིངས་དང་། །ལྷ་ཁྱོད་རང་བྱུང་རིག་པའི་ངང་ནས་སྒྲུབ། །འགགས་མེད་འདོད་ཡོན་རྒྱན་ཤར་མཆོད་པ་འབུལ། །བརྩེ་བརྩེའི་ཆས་ལྡན་ཕྱག་ན་པདྨོ་བསྣམས། །འཇིགས་འཇིགས་རྔམས་བརྫུས་རྡོ་རྗེ་ནག་པོ་ཆེའི། །ཁམས་གསུམ་འཁོར་བའི་འཁྲུལ་སྣང་ཞལ་དུ་སྟོབས། །ཡེ་ཤེས་རིག་པའི་ཀློང་དུ་ཞི་གྱུར་ཅིག །ཞིང་བཅུའི་འཁོར་བ་སྟོང་པའི་ཕྲིན་ལས་མཛོད། །དྲེགས་པ་སྡེ་བརྒྱད་དེ་ཡི་མཐའ་ལ་གནས། །དོན་ལ་ཡེ་ཤེས་ངང་དེར་དགོངས་ཀློང་གཅིག །བདུད་དྲེགས་བགེགས་འདུལ་ཕྱིར་དུ་རྔམས་པའི་ལྷ། །ཡེ་ཤེས་མགོན་པོ་མ་ཧཱ་ཀ་ལ་ཡ། །ལེགས་ལྡན་མ་ནིང་ནག་པོ་ཕྱག་བཞི་པ། །ཚོགས་བདག་དགྲ་ལྷ་ཞིང་སྐྱོང་སེང་གེའི་གདོང་། །སྔགས་སྲུང་སྔགས་བདག་གཤོག་རྒོད་སྲོག་སྒྲུབ་མ། །ཚེ་རིང་མཆེད་ལྔ་གཡུ་སྒྲོན་བརྟན་མའི་ཚོགས། །དབང་ཕྱུག་ཆེན་པོ་གཟའ་བདུད་རཱ་ཧུ་ལ། །དམ་ཅན་རྡོ་རྗེ་ལེགས་པ་མགར་དམར་ནག །ལྷ་བཙན་ནོར་སྒྲུབ་ཤན་དམར་སྲོག་གི་བདག །རིག་འཛིན་ལྷ་མོ་འཆིམས་ཕུ་བྲག་བཙན་དང་། །ཕུར་སྲུང་བཅུ་གཉིས་ལྡང་ལྷ་ཙི་མ་ར། །རབ་བྱུང་མཛེས་པའི་ཚུལ་ཅན་རཱ་ཛ་རྒྱལ། །རྡོ་རྗེ་གྲགས་ལྡན་དགྲ་ལྷ་ཀུན་གྱི་གཙོ། །གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་སྩལ། །རྒྱལ་བ་རིན་ཆེན་འབྱུང་དང་དབྱེ་བ་མེད། །རྣམ་ཐོས་སྲས་པོ་ལས་བཞིའི་ལྷ་ཆེན་དང་། །ཛམ་ལྷ་དམར་པོ་ཨཱཪྱ་རེ་མནྟ། །ཟིལ་ཁྲོམ་ཡབ་ཡུམ་གཉན་ཆེན་ཐང་ལྷ་དང་། །ནོར་བུ་གཡུལ་རྒྱལ་སྙོན་ཁ་དྲེགས་སྡེའི་ཚོགས། །དུར་ཁྲོད་ལྷ་མོ་ལས་གཤིན་སྦྱང་ཞོན་ཚོགས། །ཟངས་རི་བཙན་རྒོད་ཀླུ་མོ་གཟི་འབར་མ། །སྨན་སྲུང་ལྷ་སྨན་གཏེར་སྲུང་ཁོལ་པོ་ཁ། །དགྲ་བླ་གེ་སར་རླུང་རྟའི་ལྷ་རྣམས་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །རིག་པར་རང་གསལ་ངང་ནས་སྤྱན་འདྲེན་གཤེགས། །བཛྲ་ས་མ་ཡ་ཛཿ སྤྱན་དྲངས་ལ། བཞུགས་སུ་གསོལ་བ་ནི། ཧཱུྃ། བསོད་ནམས་ཡེ་ཤེས་ཚོགས་གཉིས་ལས་གྲུབ་པའི། །རྡོ་རྗེའི་བྲག་ཆེན་པདྨ་ཉི་ཟླའི་སྟེང་། །བདུད་དྲེགས་ཕོ་མོ་བསྣོལ་བའི་གདན་ཁྲི་ལ། །དགྱེས་ཤིང་བརྟན་པར་བཞུགས་མཛོད་ཆོས་སྐྱོང་ཚོགས། །ས་མ་ཡ་ཏིཥྠ་ལྷན། ཞེས་བཞུགས་སུ་གསོལ། དེ་ནས་དམ་ཅན་རྣམས་ཀྱི་སྤྱི་བོར་རྡོ་རྗེ་བཞག་ཅིང་། ངག་ཏུ་བདུད་རྩི་བླུད་པར་མོས་ལ། ཨོཾ་ཤྲཱི་བཛྲ་དྷརྨཱ་པ་ལ་ས་མ་ཡ་བཛྲ་རཀྵ་ཏིཥྠ་ཨེ་དན་ཏེ་ན་ར་ཀན། ཞེས་དམ་ལ་བཞག །དེ་ནས་ཕྱག་འཚལ་བ་ནི། ཧཱུྃ། རབ་འཇིགས་གཏུམ་རྔམས་སྙིང་རྗེ་ཁྲོས་པའི་དཔལ། །བདུད་དྲེགས་རྒྱལ་བསེན་འདྲེ་གདོན་བརླག་མཛད་པ། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ། །མོས་གུས་འགག་མེད་འཆར་བའི་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏི་ཛ་ཧོ། ཕྱག་འཚལ་ལོ། །དེ་ནས་མཆོད་པ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་སྤྱིའི་མཆོད་པ་ནི། ཧཱུྃ། ཚོགས་དྲུག་ཡུལ་དུ་སྣང་བའི་མཆོད་པ་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྡོ་རྗེ། །མེ་ཏོག་ཡིད་འོང་ཨུཏྤལ་པདྨ་སོགས། །བདུག་སྤོས་ཙནྡན་དཀར་དམར་ཨ་ཀ་རུ། །སྣང་གསལ་ཉི་ཟླ་ནོར་བུ་མེ་ཤེལ་དང་། །དྲི་ཆབ་ཙནྡན་ག་བུར་གཙང་མའི་ཆབ། །ལྷ་ཡི་ཞ་ཟས་རོ་བརྒྱ་དཔག་མེད་ལྡན། །ཚངས་དབྱངས་ཡན་ལག་དྲུག་ཅུ་ལྡན་པའི་སྒྲ། །དམར་ཆེན་མཆོད་ཡོན་ཝུ་ཕྲེང་རབ་ཏུ་གཡོ། །དུག་ཆུས་ཞབས་བསིལ་ནག་པོ་མཚོ་ལྟར་བསྐྱིལ། །དབང་པོ་ལྔ་ཡི་མེ་ཏོག་མཆོག་ཏུ་མཛེས། །ཚིལ་ཆེན་གསུར་གྱི་དུད་པ་སྤྲིན་ལྟར་གཏིབ། །ཞུན་ཆེན་མར་མེ་དུས་མཐའི་མེ་ལྟར་འབར། །སྣ་ཚོགས་མཁྲིས་པའི་དྲི་ཆབ་རབ་ཏུ་འཁྲུག །ཤ་ཁྲག་རུས་པའི་ཞལ་ཟས་རོ་བཅུད་ལྡན། །རྐང་གླིང་ཐོད་རྔ་སིལ་སྙན་ལ་སོགས་པ། །བསྟན་སྲུང་ཡིད་བཞིན་ནོར་བུ་རྣམས་ལ་འབུལ། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཨཱརྒྷཾ༴ པ་དྱཾ༴ པུཥྤེ༴ དྷུ་པེ༴ ཨ་ལོ་ཀེ༴ གནྡེ༴ ནཻ་ཝི་དྱ༴ ཤབྡ་ཨཱཿཧཱུྃ༴ མ་ཧཱ་ཤ་མ་ཤ་ན་པུཥྤཾ། དྷུ་པཾ། དི་པཾ། གྷནྡྷཾ། ནཻ་ཝི་དྱཾ། ཤབྟ་པུ་ཛ་ཧོཿ རུ་པ་ཤབྟ་གྷན་དྷེ་ར་ས་སྤཪྴེ་པུཙྪ་ཨཱཿཧཱུྃ། གཉིས་པ་བྱེ་བྲག་གི་མཆོད་པ་ནི། ཧཱུྃ། ཁྱད་པར་མཆོག་གི་མཆོད་པའི་དམ་རྫས་ནི། །ཟག་མེད་གཏོར་མ་བརྗིད་ལྡན་མཛེས་པ་འདི། །སྲིད་པ་གསུམ་གྱི་ཟས་བཅུད་ཐམས་ཅད་བསྡུས། །བསྟན་སྲུང་ཡིད་བཞིན་ནོར་བུ་རྣམས་ལ་འབུལ། །ལྕང་ལོར་བཅས་པའི་བྷན་དྷའི་སྣོད་ཡོངས་སུ། །བདུད་དགྲ་བསྒྲལ་བའི་རཀྟ་དམར་ལ་དྭངས། །འདོད་ཆགས་ལ་སོགས་ཉོན་མོངས་འཇོམས་ཕྱིར་དུ། །བསྟན་སྲུང་ཡིད་བཞིན་ནོར་བུ་རྣམས་ལ་འབུལ། །དུག་ལྔ་སེལ་བའི་པཉྩ་ཨ་མྲྀ་ཏ། །འཆི་མེད་ལྷ་ཡི་བདུད་རྩི་རོ་བརྒྱ་ལྡན། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ་ཕྱིར་དུ། །བསྟན་སྲུང་ཡིད་བཞིན་ནོར་བུ་རྣམས་ལ་འབུལ། །རྟོགས་ཚོགས་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི། །དངོས་དང་དངོས་མེར་བློ་ལ་སྣང་བ་ཀུན། །ཐམས་ཅད་སྟོང་གསལ་དོན་དམ་རྩིས་ཟིན་པའི། །རང་ཤར་རང་གྲོལ་དག་པའི་མཆོད་པ་རྣམས། །བསྟན་སྲུང་ཡིད་བཞིན་ནོར་བུ་རྣམས་ལ་འབུལ། །ཡེ་ཤེས་རང་སྣང་འཁྲུལ་མེད་ལྷ་ཁྱེད་རྣམས། །རིམ་གཉིས་འཁྲུལ་པ་མེད་པའི་ངང་ནས་བསྒྲུབས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཚེ་ཆོས་སྲིད་ནོར་ཁ་རྗེ་དབང་ཐང་དཔལ། །ཟང་ཟིང་འདོད་ཡོན་ཡིད་ལ་གང་འདོད་རྣམས། །ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བསྡུས་པ་ལྟར། །ཕྱ་གཡང་དངོས་གྲུབ་སིདྡྷི་ཕ་ལ་ཧོ། །གེགས་ཞི་བསམ་དོན་ལྷུན་གྱིས་གྲུབ་པར་ཤོག །ཁྱད་པར་སྤྱན་རས་གཟིགས་སྤྲུལ་རྟ་གདོང་ཞལ། །དཔལ་མགོན་གཏེར་མགོན་རྒྱུད་མགོན་བདུད་མགོན་དང་། །སྔགས་སྲུང་སྔགས་བདག་གཤོག་རྒོད་སྲོག་སྒྲུབ་མ། །རིགས་ལྔའི་ལྷ་མོ་སྨན་བཙུན་བུ་མོའི་ཚུལ། །ལས་བཞིའི་ཁ་དོག་ཡ་མཚན་ངོམས་པ་དང་། །སྲིད་ཞིའི་དངོས་གྲུབ་སྡུད་བྱེད་མཁའ་འགྲོ་ལྔ། །གཡུ་སྒྲོན་མཆོད་ལྔ་བརྟན་སྐྱོང་ཚོགས་དང་བཅས། །དབང་གི་གཟི་འོད་པདྨ་རཱ་ག་འདྲ། །མ་ཧཱ་དེ་ཝ་ཡབ་ཡུམ་སྲས་འཁོར་བཅས། །བསོད་ནམས་ཕུན་སུམ་ཚོགས་པའི་མཆོད་འདི་འབུལ། །འདོད་ཆགས་བདེ་སྟོང་སྦྱོར་བའི་སྲིད་འཛིན་དག །རྣལ་འབྱོར་ནུས་བྱིན་གྲུབ་པའི་དངོས་གྲུབ་སྩོལ། །གཟའ་བདུད་ནག་བོ་རྡོར་ལེགས་ཞི་དྲག་གསུམ། །ལྷ་བཙན་ཤན་པ་དམར་ནག་རིག་འཛིན་པ། །བྲག་བཙན་ཕུར་སྲུང་ལྡང་ལྷ་མཆེད་གསུམ་དང་། །གནོད་སྦྱིན་ཙི་དམར་རཱ་ཛ་སྐུ་ལྔ་རྒྱལ། །མཐུ་ཆེན་རྡོ་རྗེ་གྲགས་ལྡན་མཐུ་རྩལ་ཅན། །གྲི་བཙན་ནོར་བདག་ཛམ་དམར་རེ་མནྟ། །བསོད་ནམས་ཕུན་སུམ་ཚོགས་པའི་མཆོད་འདི་འབུལ། །ཞེ་སྡང་མཚན་མའི་རྟོག་པ་རང་དག་ནས། །རྣལ་འབྱོར་ནུས་བྱིན་གྲུབ་པའི་དངོས་གྲུབ་སྩོལ། །ཟིལ་ཁྲོམ་ཡབ་ཡུམ་ཡར་ཞུར་གཉེན་གྱི་ལྷ། །ནོར་བུ་གཡུལ་རྒྱལ་དགེ་བསྙེན་སྙོན་ཁ་དང་། །དྲེགས་པའི་སྡེ་དཔོན་སུམ་ཅུ་རྩ་གཉིས་པོ། །རྡོ་རྗེ་ཁྲོས་མ་སྟོབས་ཆེན་ཝ་ར་ཧི། །ལས་ཀྱི་གཤིན་རྗེ་སྤྱང་ཞོན་མཆེད་གསུམ་དང་། །དུར་ཁྲོད་ལྷ་མོའི་ཚུལ་གྱི་གཟི་བྱིན་མས། །ཞིང་བཅུའི་འདྲེ་གདོན་ཚེར་མ་བཞིན་དུ་བསྲེགས། །ཟངས་རི་བཙན་རྒོད་ཀླུ་མོ་གཟི་འབར་མ། །རྨ་རྒྱལ་ལྷ་སྨན་གནོད་སྦྱིན་ཁོལ་པོ་ཁ། །དགྲ་བླ་གེ་སར་རླུང་རྟ་སྡེ་ལྔའི་ཚོགས། །སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད་ལ། །བསོད་ནམས་ཕུན་སུམ་ཚོགས་པའི་མཆོད་འདི་འབུལ། །མ་རིག་གཏི་མུག་རྟོག་པ་རང་དག་ནས། །རྣལ་འབྱོར་ནུས་བྱིན་གྲུབ་པའི་དངོས་གྲུབ་སྩོལ། །ཞེས་མཆོད་ཅིང་སྨན་དང་རཀྟ་འབུལ་བ་ནི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། །དེ་ནས་གཏོར་བ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་གསུམ་པའི་སྦུ་གུས་གཏོར་མ་བདུད་རྩིའི་རང་བཞིན་ཅན་གྱི་བཅུད་དྲངས་ཤིང་གསོལ་བས་ཚིམས་ཤིང་མཉེས་པར་བསམས་ལ། སོ་སོའི་རྩ་སྔགས་ལ་གཏོར་སྔགས་ཁཱ་ཧཱི་བཏགས་པ་བདུན་ནམ་གསུམ་རེའི་འབུལ་བ་ནི། ཐོག་མར་ཉང་གཏེར་རྟ་ནག་ལྕགས་རལ་ཅན་ནི། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ་ཕཊཿ ཡཀྴ་ནག་པོ་དགྲ་བགེགས་མར་ཡ་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་བ་ལིང་ཏ་ཁ་རཾ་ཁཱ་ཧིཿ རྒྱུད་མགོན་ལེགས་ལྡན་ནི། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྷི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊཿ ས་པཱ་རི་ཝ་ར་ཨེ་དམ་བ་ལིང་ཏ་ཁ་རཾ་ཁཱ་ཧི།རཏ་གླིང་མགོན་པོ་མ་ནིང་ནི། ཨོཾ་ཤྲཱི་མ་ཧཱ་ཀ་ལ་བྷ་ན་གུ་ཧྱ་རམ་སིདྡྷི་ཧཱུྃ་ཛཿ ས་པཱ་རི་ཝ་ར་ཨི་དམ་བ་ལིང་ཏ་ཁ་རཾ་ཁཱ་ཧི༔་དཔལ་མགོན་ཚོགས་ཀྱི་བདག་པོ་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གུ་ཎ་གུ་ཏི་ཀ་མ་ལ་ཤྲཱི་ན་ག་མོ་ཏི་ལ་བྷྱོཿ ས་པཱ་རི་ཝ་ར༴་ཉང་གཏེར་མགོན་པོ་ཕྱག་བཞི་ནི། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛེ་ཊི་གུ་ཎ་ཧྲི་དཱ་ཧཱུྃ་ཕཊཿ ས་པཱ་རི༴ བདུད་མགོན་ཞིང་སྐྱོང་སེང་གེའི་གདོང་ཅན་ནི། ཨོཾ་མ་ཧཱ་ཀཱ་ལ་སིངྷ་མ་ཁ་ཧཱུྃ་ཕཊ། ཏྲི་ཏྲི་ར་ཛཱཿཡ་མ་ར་ཛཿ དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ། ས་པཱ་རི༴ ལྷ་མོ་ཨེ་ཀ་ཙ་ཏི་ནི། ཨོཾ་རོ་རུ་ཨེ་ཀ་ཙ་ཏི་སྙིང་ཁ་རཀྨོ་རུ་ལུ་རུ་ཧཱུྃ་བྷྱོ་ཧཱུྃ་ཛ་ཛཿ ཏྲག་རཀྴ་ཁ་མུ་ཏྲ་མུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། རཀྨོ་ཏེ་ཀོ་ཚ་ཁཱ་ལ་བྷྱོ་རུ་ལུ་རུ་ལུ་རེ་མ་ཏི་བྷྱོ། ས་པཱ་རི་ཝ་ར༴ ཉི་གྲགས་ལྷ་མོ་སྔགས་བདག་འབར་མ་ནི། ཨོཾ་བཛྲ་དྷཱ་ཀི་མ་ཧཱ་ཀཱ་ལི་རེ་མ་ཏི་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཞེས་རྩ་སྔགས་དང་། མ་མ་དེ་ཝི་ཀ་ལི་རེ་མ་ཏི་ཨེ་དཾ་བ་ལིངྟ་ཁ་རཾ་ཁཱ་ཧི། པུ་ཙ་བི་ཕེ་ཏི་ཧོ་ས་མ་ཡ་ས་པཱ་རི་ཝ་ར་ཨེ་དཾ་བ་ལིངྟ་ཁ་རམ་ཁཱ་ཧི། གཤོག་རྒོད་མ་ནི། བྷྱོ་རཀྨོ་དུ་ར་དུནྟིང་བྷྱོ། ཁ་ཁ་དུ་ནྟི་ང་བྷྱོ། ཧེ་ར་དུ་ར་དུནྟིང་བྷྱོ། ཨེ་དམ། མཁའ་འགྲོ་སྙིང་ཐིག་བཀའ་སྲུང་ཤན་པ་སྲོག་སྒྲུབ་མ་ནི། ཨོཾ་ཁྱི་ཁ་ལེ་ནག་མོ་སོད། སྲོག་མ་ཏྲི་སོད། སྙིང་ཁ་ཁ་བཾཿ ཡ་ཡ་སོདཿ ཙ་བ་བི་རི་མི་སོད༔ བྷ་ཡ་སོད༔ ནྲིཡ་སོདཿ རཀྨོ་ཙིཏྟ་དགྲ་བོའི་སྲོག་ལ་རྦུདཿ རཀྨོ་དགྲ་བོའི་ཙིཏྟ་རྦུད༔ ཨེ་དཾ་བ་ལིངྟ༴ བརྟན་མ་བཅུ་གཉིས་ནི། དྭད་ཤནྟ་བ་རི་ས་པཱ་རི་ཝ་ར་ཨེ་དམ་བ་ལིངྟ༴ ཀློང་ཆེན་སྙིང་ཐིག་ཚེ་རིང་མ་ནི། བཾ་ཧ་རི་ནི་ས་བཛྲ་པྲ་མོ་ཧ་ས་པཱ་རི་ཝཱ་ར་ཨེ་དམ༴ རྡོ་རྗེ་གཡུ་སྒྲོན་མ་ནི། ཨོཾ་བཛྲ་པྲ་མོ་ཧ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྨིན་གླིང་བདེ་གཤེགས་ཀུན་འདུས་བཀའ་སྲུང་ལྷ་ཆེན་ནི། ཨོཾ་མ་ཧཱ་དེ་ཝ་ཛ༔་ཨུ་མ་དེ་ཝི་ཧྲིང་ཧ་རི་ནི་ས་པ་ཤཾ་ཀུ་རུ་ཧོཿ ས་པཱ་རི་ཝར་ཨེ་དཾ༴ རཏ་གླིང་ཀློང་གསལ་བཀའ་སྲུང་དྲང་སྲོང་ནི། ཧྲཱིཿ ཤག་རུ་རམ་ནཱ་ག་ཙིཏྟ་ཏྲཾཿ མ་མ་ཡོ་ཟ་འགྲམ་ཧ་ཧི་ཡོ་གི་ཤ་ལ་ཛ་ཛ༔ ས་པཱ་རི་ཝ་ར༴ རཏ་གླེད་དམ་ཅན་སེང་ཞོན་ནི། ཨོཾ་བཛྲ་ས་དྷུ་ས་མ་ཡ་བྷ་ག་ཏ་མ་ཤེ་ནི་ཀྲ་མ་ནི་ས་མ་ཡ་ས་དྷུ་ཏྲི་ཛ་ཛ་༔ཧཱུྃ་བཾ་ཧོཿ ས་པཱ་རི་ཝ་ར༴ །ཉི་གྲགས་བདེ་མཆོག་བཀའ་སྲུང་དམ་ཅན་ར་ཞོན་ནི། ཨོཾ་བཛྲ་ས་དྷུ་སེ་མ་ཡ་ཏྲི་ཤུ་ལ་ཨ་ཡ་མ་ངུ་རུ་ཙ་ཤ་ན་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ ས་པཱ་རི་ཝ་ར་ཨེ་དམ༴ །ཉི་གྲགས་བདེ་མཆོག་གཏེར་སྲུང་ལྷ་བཙན་ནི། ཨོཾ་བྷི་ཧུ་ཙ་ན་ལྷ་བཙན་འབར་བ་ཆེན་པོ་སྐུ་འཁོར་དང་བཅས་ཞལ་དུ་ཨེ་དམ་བ་ལིང་ཏ་ཁ་རམ་ཁཱ་ཧི༔ མ་ཏིའི་སེང་དམར་དམ་ཅན་ནོར་སྒྲུབ་ནི། ཨོཾ་བཛྲ་སདྷུ་ས་མ་ཡ་ཀིང་ཀ་ར་ཧཱུྃ༔ བཛྲ་ལི་ལམ་ཧཱུྃ་ཛཿ ཨོཾ་ཛམ་བྷ་ལ་ཛ་ལེན་དྲ་ཡེ་སྭཱ་ཧཱ༔ ཏྲི་ཀར་ཤ་ལིང་ཏྲི་པྲ་མ་ནི་ཀི་ཀ་ར་བྷྱོཿ རཏྣ་སིདྡྷི་ཀུ་རུ་ཧཱུྃ་ཛ་ཛ༔ ཏྲིའུ་ཏྲིའུ་པྲ་མ་དུ་ན་ཀར་བ་སྐྱེས་བ་བུད་མེད་སརྦ་པ་ཤམ་ཏྲི་ཡ་རཏྣ་སིདྡྷི་ཕ་ལ་ཁུག་སྐྱོལ༔ ས་པཱ་རི་ཝཱ་ར་ཨེ་དམ་བ་ལིང་ཏ་ཁ་རམ་ཁཱ་ཧི༔ གནོད་སྦྱིན་ཤན་པ་དམར་ནག་ནི། ཨེ་ཧེ་མ་རུ་ཙེ། གུ་ཎ་ཧྲི་ཏྲི་གྷྲཾ་བྷྱོ། ཤ་རམ་བྷྱོ་བུར་ཛ། གྷྲིག་ཧ་ལ་གྷྲན་ཏ་ཡ་ཛ་ཛཿ ས་པཱ་རི་ཝ༴ སངས་རྒྱས་གླིང་པའི་དགོངས་འདུས་བཀའ་སྲུང་ལྷ་མོ་རིག་འཛིན་མ་ནི། ཨོཾ་དེ་ཝི་ཀ་ལ་དྷ་རི་ཌཱ་ཀི་ནི་ཨེ་ཀ་ཛ་ཊི། ཨེ་དམ༴ སངས་རྒྱས་གླིང་པའི་དགོངས་འདུས་གཏེར་སྲང་བཙན་རྒོད་ནི། ཨོཾ་ན་ག་ཙན་ཏྲི་ཙར་ར་ཏྲིཿ ཀིང་ཀ་ར་ཡཀྴ་ཡཀྴ་ས་མ་ཡཱ་ཧཱུྃ་ཕཊ། ས་པཱ་རི་ཝ་རེ༴ རཏ་གླིང་ཕུར་པའི་བཀའ་སྲང་བཅུ་གཉིས་ན། ཨོཾ་བཛྲ་ཀི་ལི་ཀཱི་ལ་ཡ་དྷ་རྨ་པ་ལ་ས་པཱ་རི་ཝཱ་ར་ཨེ་དམ་བྷ་ལིང་ཏ་ཁ་རམ་ཁཱ་ཧི༔ རཏ་གླིང་ཕུར་པའི་གཏེར་སྲུང་ལྡང་ལྟ་ནི། ཨོཾ་པ་རི་པར་ཀིང་ཀར་ཛཿ ས་པཱ་རི་ཝཱ་ར༴ གནོད་སྦྱིན་རྩིའུ་དམར་པོ་ནི། ཨོཾ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ་ཤུ་ལ་གྲྀ་ཝ་ཏྲི་ཤུ་ལ་ཧྲིང་ཧྲིང་ཛ་ཛཿ ས་པཱ་རི༴ ཉི་གྲགས་དྲེགས་ཟིལ་བཀའ་སྲུང་རྒྱལ་པོ་སྐུ་ལྔ་ནི། ཨོཾ་རཱ་ཛ་ཨ་ཧོ་ཤྲཱ་པུཥྟིཾ་ཀཱ་ར་ལས་པཱ་རི་ཝ་ར༴ གནོད་སྦྱིན་དགྲ་ལྷའི་གཙོ་བོ་གསུང་གི་བློན་པོ་རྡོ་རྗེ་གྲགས་ལྡན་ན། རཀྴ་ར་ཛཿདུམ་བུ་ཤིགཙིཏྟ་ཟུང་སོད། མ་ལེ་ཐུན། མ་ལེ་རཱ་ཛ་བྷྱོ། ས་པ་རི༴ ཉི་གྲགས་དྲེགས་བིལ་གཏེར་སྲུང་གྲི་བཙན་ནི། གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་སྐུ་འཁོར་དང་བཅས་པའི་ཞལ་དུས་པཱ་རི་ཝ་རེ་ཨེ༴ ཉི་གྲགས་ནོར་བདག་ནི། ཨོཾ་བཻ་ཤྲ་མ་ན་ཡཀྴ་སརྦ་གྷྲི་ཧ་ན་ས་པཱ་རི་ཝཱ་ར༴ གྲ་པའི་ཛམ་དམར་ནི། ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡེ། དྷ་ན་མེ་དྷི་ཧྲི་སྭཱ་ཧཱ༔ ཨེ་དམ༴ རྟ་ལྷ་ནི། ཨོ་ཨཱཪྱ་རེ་མནྟ་སྭཱ་ཧཱ། གྷོ་ར་སིདྡྷི་ཕ་ལ་ཧཱུྃ། ཨེ་དམ་བ་ལིཾ༴ ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་ནི། ཨོཾ་བཛྲ་གཡུང་དྲུང་རྩལ་སྐུ་འཁོར་དང་བཅས་པའི་ཞལ་དུ་ས་པཱ་རི་ཝཱ་ར༴ ཟིལ་ཁྲོམ་གསང་ཡུམ་རྒོད་ལྕགས་ཁ་རག་ནི། ཧཱུྃ་ཛ༔མུ་ཏིག་ཤེལ་རུ་སྨན་བཙུན་་ཆེན་པོ་དམ་ལ་ཤོག །བཛྲ་ས་མཱ་ཛཿ ས་པ་རི༴ བྱང་གཏེར་གཉན་ཆེན་ཐང་ལྷ་ནི། ཨོཾ་བཛྲ་ཐང་ཀ་ར་མུད་ཉིད་ཁུ་ཤ་ལི་ཨ་མྲྀཏ་ས་པཱ་རི་ཝ་ར༴ གནས་བདག་རྣོར་བུ་གཡུལ་རྒྱལ་ནི། ཨོཾ་ཨཱ་ཤ་ཡ་པ་ཏི་མ་ཎི་མྲྀ་དྷཾ་ཉྫ་ནྱཾ། ས་པཱ་རི་ཝཱ་ར༴ །བླ་མ་གསང་འདུས་གཏེར་སྲུང་དགེ་བསྙེན་སྨྱོན་ཁ་ནི། ཨོཾ་ནག་པོ་ཏི་པ་རཱ་ཛ་ན་ག་རཀྴ་ཀྲོ་ཏ་པ་ཙ་ལ་ས་པཱ་རི༴ བཀའ་བརྒྱད་དྲེགས་སྡེ་སུམ་ཅུ་ནི། ཨོཾ་བཛྲ་སརྦ་དུཥྚ་ན་ཨེ་ཛ་བྷྱོ་ས་པཱ་རི༴ བཀཱ་སྲུང་དུར་ཁྲོད་ལྷ་མོ་ནི། ཨོཾ་མ་མ་ར་ལི་པྲ་མ་ཡ་ཀ་ལི་ཡེ་ཛཿཛ་ས་པཱ་རི་ཝ་ར༴ སྨིན་གླིང་གཤིན་རྗེ་དྲེགས་འཇོམས་བཀའ་སྲུང་ལས་གཤིན་ནི། ཨོཾ་ཡ་མ་རཱ་ཛ་ས་མ་ཡ་ཧཱུྃ་ཕཊཿ ཉང་གཏེར་ཁྲོས་ནག་སྦྱང་ཞོན་མ་ནི། ཨོཾ་ནག་མོཾ་རུ་ཏཱ་ས་མ་ཛཿ ནག་མོ་ནག་མོ་ཡཾ་མ་ཏྲི་ཛཿམ་མ་སྲོག་ལ་ཛཿས་མ་ཡ་ཙིདྟ་སི་ཛ་ས་པཱ་རི༴ གཅོད་སྲུང་ཟངས་རི་བཙན་རྒོད་ནི། ཨོཾ་ཙི་ཏྲི་ཧུར་ཐུཾ་བྷྲཱུཾ་འདུས་ས་པ་རི༴ ཉི་གྲགས་ཚེ་སྒྲུ་ཀླུ་མོ་གཟི་འབར་མ་ནི། ཨོཾནཱ་གཱ་གྷོ་བྷི་ཏེ་སརྦ་ཨ་ཧེ་ར་མུ་ཡ་ཛཿཧཱུྃ་ས་པཱ་རིཿ རྨ་རྒྱལ་ནི། རྨ་རཱ་ཛ་སྠུ་ལི་ཀ་ས་པ་རི༴ སྨན་སྲུང་ནི། སྨན་སྲུང་ལྷ་སྨན་མཆེད་གསུམ་ཞལ་དུ་ས་པཱ་རི༴ ཉི་གྲགས་སྨན་ལྷའི་གཏེར་སྲུང་ཁོལ་བོ་ཁ་ནི། གཏེར་སྲུང་ཁོལ་བོ་ཞའི་ཞལ་དུ་ས་པཱ་རི༴ དགྲ་བླའི་རྒྱལ་བོ་གེ་སར་ནི། གེ་སར་དགྲ་ལྷའི་རྒྱལ་པོ་འཁོར་དང་བཅས་པའི་ཞལ་དུ་ས་པཱ་རི་ཝཱ་ར་ཨེ་དམ་བ་ལིང་ཏ་ཁ་རམ་ཁ་ཧི། རླུང་རྟ་སྡེ་ལྔ་ནི། རླུང་རྟ་སྐྱེད་པའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ས་པཱ་རི་ཝཱ་ར་ཨེ་དམ་བ་ལིང་ཏ་ཁ་རམ་ཁཱ་ཧི། ཞེས་གསུམ་མ་མ་བདུན་གྱིས་ཕུལ་ལ། ཕྲིན་ལས་བཅོལ་བ་ནི། དཔལ་ཁྲག་འཐུང་གི་རྒྱལ་པོ་དུག་གསུམ་ནད་ཀྱི་སྨན་པ་བདུད་དཔུང་སྒྲོལ་བའི་དཔའ་བོ། །དཔལ་ཆེན་ཁྲོ་མཆོག་རྟ་མགྲིན་ནག་པོ། ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོ། དཔལ་མགོན་མ་ནིང་ནག་པོ། ཚོགས་བདག་དགྲ་ལྷ་བཅུ་གསུམ། ནག་པོ་ཆེན་པོ་ཕྱག་བཞི་པ། ཞིང་སྐྱོང་སེང་གདོང་ཡབ་ཡུམ། སྔགས་སྲུང་ཨེ་ཀ་ཅ་ཏི། མ་མོ་སྔགས་ཀྱི་བདག་མོ། དཔལ་ལྡན་རྡོ་རྗེ་གཤོག་རྒོད་མ། ཤན་པ་སྲོག་སྒྲུབ་ནག་མོ། མ་སྲིང་བརྟན་མ་བཅུ་གཉིས། སྨན་བཙུན་ཚེ་རིང་མཆེད་ལྔ། གཡུ་སྒྲོན་བསྟན་མ་བཅུ་གཉིས། ལྷ་ཆེན་དབང་ཕྱུག་ཆེན་པོ། གཟའ་བདུད་དུག་གི་སྤུ་གྲི། དམ་ཅན་སྐྱེས་བུ་སེང་ཞོན། གནོད་སྦྱིན་མགར་ནག་ར་ཞོན། ཇོ་བོ་ལྷ་བཙན་རྡོ་རྗེ་འབར་བ། གསང་བ་ནོར་བདག་ཡབ་ཡུམ། གནོད་སྦྱིན་ཤན་པ་དམར་ནག །བཀའ་སྲུང་རིག་འཛིན་ལྷ་མོ། ཀླུ་བཙན་འབར་བ་སྤུན་བདུན། རྡོ་རྗེ་ཕྲ་མེན་ཤྭ་ན་ཆེན་མོ། གཏེར་སྲུང་ལྡང་ལྷ་མཆེད་གསུམ༑ གནོད་སྦྱིན་རྩིའི་དམར་པོ། རྒྱལ་པོ་ཆེན་པོ་བེ་ཧ་ར་སྐུ་ལྔ། དགྲ་ལྷའི་རྒྱལ་པོ་རྡོ་རྗེ་གྲགས་ལྡན། གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ། རྒྱལ་ཆེན་རྣམ་མང་ཐོས་སྲས། གནོད་སྦྱིན་ཛམ་ལྷ་དམར་པོ། རྟ་ལྷ་ཨཱཪྱ་རེ་མནྟ། ཟིལ་ཁྲོམ་རྡོ་རྗེ་གཡུང་དྲང་རྩལ། དཀོར་བདག་ཆེན་མོ་རྒོད་ལྕམ་ཁ་རག །དྲི་བའི་རྒྱལ་པོ་ཟུར་ཕུད་ལྔ་པ། གནས་བདག་ནོར་བུ་གཡུལ་རྒྱལ། གཏེར་སྲུང་དགེ་བསྙེན་སྨྱོན་ཁ། དྲེགས་པའི་སྡེ་དཔོན་སུམ་ཅུ། ཞིང་སྐྱོང་དུར་ཁྲོད་ཀྱི་མ་མོ། ལས་གཤིན་འཆི་བདག་ནག་པོ། མཁའ་འགྲོ་སྤྱང་ཞོན་མཆེད་གསུམ།སྲོག་ཟན་ཤན་པ་མཆེད་གཉིས། གཏེར་སྲུང་ཀླུ་མོ་གཟི་འབར་མ། མཐུ་ཆེན་རྨ་རྒྱལ་སྤོམ་ར། སྨན་སྲུང་ལྷ་སྨན་མཆེད་གསུམ། གཏེར་སྲུང་ཁོལ་བོ་ཁ། གེ་སར་དགྲ་ལྷའི་རྒྱལ་པོ་མཐུ་ཆེན་རླུང་རྟ་སྡེ་ལྔ་ལ་སོགས་པའི་དམ་པ་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུང་། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོང་། འཇིག་རྟེན་གྱི་རྒུད་པ་སེལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབ། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམ། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱིས་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ལོངས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་པ། །འབར་བའི་རྒྱལ་པོ་དབང་གི་སྐུ་སྤྲུལ་པ། །འཇིག་རྟེན་དྲེགས་པ་འདུལ་ལ་ཕྱག་འཚལ་བསྟོད། །འཇིག་བྱེད་ཁྲག་འཐུང་དཔལ་ལྡན་ནག་པོ་ཆེ། །བདུད་དཔུང་མཐར་བྱེད་དུར་ཁྲོད་སྒྲོལ་བའི་གིང་།།སྒྲུབ་པའི་རེ་སྐོང་ལེགས་ལྡན་ཚོགས་ཀྱི་བདག །རྒྱལ་བའི་བཀའ་སྡོང་མཐུ་ཆེན་ཁྱོད་ལ་བསྟོད། །འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ། །ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས། །སྲིད་རྩེའི་བདག་འཛིན་རུ་ཏྲ་སྡེ་གསུལ་འདུལ། རྩལ་ཆེན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད། །དུས་གསུམ་རྒྱལ་བའི་བསྟན་པ་སྲུང་མཛད་ཅིང་། །སྐུ་གསུམ་ཞིང་ཁངས་ཡོངས་ལ་མངའ་དབང་བསྒྱུར། །ས་གསུམ་གནས་ན་ཆེ་བཙན་འགྲན་ཟླ་བྲལ། །ཚོགས་བདག་དགྲ་ལྷ་སྤྲུལ་འཁོར་བཅས་ལ་བསྟོད། །ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །ཐབས་དང་ཤེས་རབ་གདུག་པ་མ་ལུས་འདུལ། །དྲག་པོ་འཇིགས་བྱེད་ཆེན་པོར་སྐུར་སྟོན་པ། །དཔལ་ལྡན་མགོན་པོ་ཡབ་ཡུམ་ཕྱག་འཚལ་བསྟོད། །སངས་རྒྱས་བསྟན་སྐྱོང་དྲེགས་པ་ཡོངས་ཀྱི་རྗེ། །མི་སྡུག་མི་བསྲུན་རྣལ་འབྱོར་དགྲ་ལྷ་ཆེ། །དམ་ཉམས་འཇོམ་ཕྱིར་སྣ་ཚོགས་སྤྲུལ་པ་འགྱེད། །ཞིང་སྐྱོང་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད། །ཆོས་དབྱིངས་བདེ་བ་ཆེན་པོའི་མཁའ་ཀློང་ནས། །སྐུར་བཞེངས་ཡེ་ཤེས་ལས་དང་མཁའ་འགྲོའི་གཙོ། །སྔགས་སྲུང་ཆེན་མོ་མ་མ་ོར་གཅིག་མ། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་བསྟོད། །སྔོན་དུས་གུ་རུ་རྡོ་རྗེ་ཐོད་ཕྲེང་གིས། །དམ་ཚིག་བསྒྲགས་ནས་དམ་ལ་བཏག་པའི་ཚེ། །སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི། །འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོར་བསྟོད། །སྲིད་གསུམ་དབང་སྡུག་ནག་མོ་རེ་མ་ཏི། །མཐིང་ནག་ཆར་སྦྲིན་གཏིབ་པ་ལྟ་བུའི་སྐུ། །མ་བས་བྱམས་ཤིང་སྲིང་ལྟར་བརྩེ་བ་ཅན། །རྡོ་རྗེ་གཤོག་རྒོད་མ་ལ་ཕྱག་འཚལ་བསྟོད། །མཁའ་འགྲོ་ནག་མོ་ཤིན་ཏུ་མི་བསྲུ་མ། །འཇིག་པའི་གཟུགས་ཅན་མཁའ་འགྲོ་ཀུན་གྱི་གཙོ། །ལྡུས་བཞི་ཉུལ་ཞིང་བསྟལ་པ་བསྲུང་མཛད་ཅིང་། །ཤན་པ་སྲོག་སྒྲུབ་ནག་མོར་ཕྱག་འཚལ་བསྟོད། །སྒྲུབ་གནས་ཨ་སུ་ར་ཡི་བྲག་ཕུག་ཏུ། །པད་འབྱུང་ཀློང་ཆེན་དཔལ་གྱི་སེང་གེ་ཡིས། །དམ་ལ་བཏགས་ཤིང་སྲུང་མར་གཉེར་གཏད་པ། །བརྟན་མ་བཅུ་གཉིས་འཁོར་དང་བཅས་ལ་བསྟོད། །ཡེ་ཤེས་སྐྱེད་མཛད་ཆོས་སྐུ་ཡུམ་ཆེན་མོ། །རྒྱལ་ཀུན་རྡོ་རྗེ་བཙུན་མོའི་རྣལ་འབྱོར་མ། །གངས་ཅན་སངས་རྒྱས་བསྟན་སྲུང་འཁོར་ལོའི་བསྒྱུར། །བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ་ལ་བསྟོད། །རྡོ་རྗེ་གཡུ་སྒྲོན་ཤིན་ཏུ་མཛེས་པའི་སྐུ། །དཀར་གསལ་གངས་རིའི་ངོས་ལ་ཉི་ཤར་འདྲ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །མཆེད་ལྔ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སྤྱན་རས་གཟིགས་སྤྲུལ་དབང་ཕྱུག་ལྷ་ཆེན་པོ། །འཇིག་རྟེན་མེས་པོ་ཁམས་གསུམ་ཀུན་གྱི་བདག །དངོས་གྲུབ་མཆོག་སྩོལ་ཡོན་ཏན་རྫོགས་པའི་ལྷ། །རྒྱལ་བའི་བཀའ་སྡོད་མཐུ་ཆེན་ཁྱོད་ལ་བསྟོད། །རང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །འགྲོ་བའི་དོན་དུ་འབར་བའི་སྐུར་བཞེངས་པ། །དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །མཐུ་ཆེན་དྲག་པོ་འདོད་རྒུར་བསྒྱུར་ལ་བསྟོད། །སྤྱིར་ན་ཉིད་ཀྱི་རྫུ་འཕྲུལ་སྟོབས་ཀྱིས་ནི། །སྐུ་མདོག་ཕྱག་མཚན་གཅིག་ཏུ་མ་ངེས་ཀྱང་། །སྔགས་ཀྱི་ཕྱག་མཚན་རྡོ་རྗེ་རྩེ་དགུ་བསྣམས། །རྡོ་རྗེ་ལེགས་པ་ཁྱོད་ལ་ཕྱག་འཚལ་བསྟོད། །ཆོས་དབྱིངས་ལྷུན་གྲུབ་ངང་ལས་མ་གཡོས་ཀྱང་། །རང་མདངས་དྲག་པོའི་ཆ་ལུགས་ཅིར་ཡང་སྟོན། །བསྟན་པ་སྲུང་བའི་ཕྲིན་ལས་སྣ་ཚོགས་མཛད། །དམ་ཅན་སྐྱེས་བུ་ཁྱོད་ལ་ཕྱག་འཚལ་བསྟོད། །འགྱུར་མེད་བདེ་ཆེན་ཆོས་དབྱིངས་རང་རྩལ་ལས། །སྟོན་ཟླའི་མདོག་འདྲ་ཁྲོ་ཆགས་ཉམས་འབར་ཞིང་། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བའི་ལྷ། །ཇོ་བོ་ལྷ་ཡི་བཙན་རྒོད་ཆེན་པོར་བསྟོད། །སངས་རྒྱས་བསྟན་སྲུང་ཆོས་སྐྱོང་མངོན་རྒྱུགས་ཅན། །མ་འོངས་དུས་ན་ནག་ཕྱོགས་འཇོམ་པའི་དཔལ། །སྐྱེས་མཆོག་རིག་འཛིན་སྒྲུབ་པའི་དགྲ་བླ་ཡིན། །བསྟན་སྲུང་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །སྲིད་པ་གསུམ་གཡོ་ཁམས་གསུམ་རབ་ཏུ་འཁྲུགས། །གར་རྦད་ས་རུ་དམ་ཉམས་ཐལ་བར་རློག །གར་ཕེབ་ས་རུ་མི་རོ་རག་སུ་འཆེར། །གནོད་སྦྱིན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བདེ་ཆེན་ཆོས་དབྱིངས་འདུ་འབྲལ་མེད་པའི་ཀློང་། །དུས་གསུམ་རྒྱལ་བའི་ཡུམ་དང་དབྱེར་མེད་ཅིང་། །མཁའ་སྦྱོང་རིག་པ་འཛིན་པའི་རྣལ་འབྱོར་མ། །གནས་གསུམ་མཁའ་འགྲོ་ཡོངས་ཀྱིས་གཙོ་ལ་བསྟོད། །དཀྱིལ་འཁོར་སློབ་དཔོན་པདྨ་སམ་བྷ་བའི། །བཀའ་ཉན་དམ་ཚིག་རྗེས་དགོངས་གཏེར་གྱི་བདག །མཐུ་རྩལ་ཐོགས་མེད་རྣམ་བཞིའི་ཕྲིན་ལས་ཀྱི། །དམ་ལྡན་རེ་སྐོང་བཙན་རྒོད་ཁྱོད་ལ་བསྟོད། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་མཁའ་ཀློང་ནས། །ཐུགས་རྗེ་དྲག་གཏུམ་ཁྲོས་པའི་ཆོ་འཕྲུལ་ལས། །མི་སྲུན་མ་ཧཱ་ཀ་ལ་ཤྭ་ན་ཆེ། །ཕྲ་མེན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །མཐུ་རྩལ་ཐོགས་མེད་དུས་མཐའི་མེ་བཞིན་དུ། །གདུག་ཅན་དགྲ་བགེགས་ཐལ་བར་བརླག་མཛད་པའི། །རྡོ་རྗེ་ཕུར་པའི་ཟབ་གཏེར་སྐྱོང་བའི་བདག །ལྡང་ལྷ་ཆེན་པོ་འཁོར་དང་བཅས་ལ་བསྟོད། །གཏུམ་རྔམས་རབ་འཇིགས་ཤིན་ཏུ་མི་ཟད་པ། །པདྨའི་ཟབ་ཆོས་སྤྱོད་པའི་རྣལ་འབྱོར་ལ། །མ་ལྟར་བརྩེ་བའི་བསྟན་སྲུང་མཐུ་བོ་ཆེ། །གནོད་སྦྱིན་ཙིའུ་དམར་པོ་འཁོར་བཅས་བསྟོད། །རྒྱལ་ཀུན་གསུང་གི་རྡོ་རྗེ་རྟ་མཆོག་དཔལ། །མ་དག་སྣང་བ་འཇིག་རྟེན་དྲེགས་པའི་ཚུལ། །སངས་རྒྱས་བསྟན་པ་གཉན་པོ་སྲུང་མཛད་པའི། །སྐུ་ལྔ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཁམས་གསུམ་ཀུན་ལས་རྒྱལ་བའི་སྟོབས་ལྡན་སྐུ། །དྲག་སྔགས་ཚ་ཟེར་ཐོག་འབེབས་དབྱར་རྔའི་གསུང་། །ཆོས་དབྱིངས་ལྷན་སྐྱེས་བདེ་ཆེའི་རོ་གཅིག་ཐུགས། །བསྟན་སྲུང་དགྲ་ལྷའི་གཙོ་ལ་ཕྱག་འཚལ་བསྟོད། །རིག་འཛིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་གིས། །ཕྲིན་ལས་རྣམ་བཞིའི་ལས་རྣམས་སྒྲུབ་པ་དང་། །པདྨའི་ཟབ་གཏེར་སྐྱོང་བའི་མཐུ་བོ་ཆེ། །གྲི་བཙན་ཆེན་པོ་འཁོར་དང་བཅས་ལ་བསྟོད། །ས་བརྒྱད་དབང་ཕྱུག་སེམས་དཔལ་རིན་ཆེན་མང་། ནམ་མཁའི་མཛོད་མངའ་དབུལ་བའི་གདུང་བ་འཕྲོག །ཡིང་བཞིན་འདོད་རྒུའི་ཆར་འབེབས་དཔག་བསམ་ཤིང་། རྣམ་མང་ཐོས་སྲས་ངལ་བསོའི་བུ་ལ་བསྟོད། བདེ་གཤེགས་ཀུན་གྱི་གསུངས་ལས་ལེགས་སྤྲུལ་ཞིང་། །ཐུགས་རྗེས་ཆགས་པའི་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛམ་བྷ་ལར། །མ་ལུས་འགྲོ་བའི་རེ་སྐོང་ཁྱོད་ལ་བསྟོད། །ར་ཁྲོས་གནོད་སྦྱིན་བྱ་གཅན་སྤྲུལ་པ་འགྱེད། །རྔོགས་ཆགས་ལ་གནོད་དགྲ་བགེགས་བརླག་མཛད་པའི། །ཆོས་སྐྱོང་སྲུང་མ་རྡོ་རྗེ་རེ་མནྟ། །རྟ་ལྷའི་རྒྱལ་པོའི་འཁོར་དང་བཅས་ལ་བསྟོད། །རྟ་མཆོག་ངང་པ་སྤྲིན་དཀར་ཆང་འདྲེའི་སྟེང་། །ལྷ་གཉན་དཀར་པོ་ཟླ་བ་རྒྱས་འདྲེའི་ཞལ། །དར་དང་རིན་ཆེན་རྒྱན་སྤྲས་འཛུམ་མཛེས་ལྡན། །དཀར་ཕྱོགས་སྐྱོང་བ་ཁྱོད་ལ་ཕྱག་འཚལ་བསྟོད། །པདྨ་ཐོད་ཕྲེང་བཀའ་ཉན་ཐ་ཚིག་ཅན། །ཡུལ་ལྷ་སྨན་མོ་ཀླུ་གཉན་ཀུན་གྱི་གཙོ། །སྨན་བཙུན་ཆེན་མོ་ཟིལ་ཁྲོམ་ གསང་བའི་ཡུམ། །དཀོར་བདག་ཆེན་མོ་འཁོར་དང་བཅས་ལ་བསྟོད། །ཧས་པོ་རི་དང་རི་རྒྱལ་བཀྲ་བཟང་སོགས། །ཕྱགརྡོར ་རྟ་མགྲིན་རྡོ་རྗེ་གཞོན་ནུ་ཡིས། །དམ་ལ་བཞག་པའི་བསྟན་སྲུང་མཐུ་བོ་ཆེ། །དྲི་ཟའི་རྒྱལ་པོ་འཁོར་དང་བཅས་ལ་བསྟོད། །སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །སྒྲུབ་ལ་དངོས་གྲུབ་སྩོལ་བར་ཞལ་བཞེས་པའི། །དཀར་ཕྱོགས་སྐྱོང་བ་ཡོངས་ཀྱི་ཟོ་དོར་གཙོ། །གནས་བདག་ནོར་བུ་གཡུལ་རྒྱལ་འཁོར་བཅས་ལ༴ འབར་བའི་ཕོ་བྲང་བླ་མཚོ་ནག་པོ་རུ། །ཀླུ་སྲིན་བཤོས་པའི་བསྟན་སྲུང་དྲག་རྩལ་ཅན། །སྐུ་གཅིག་སྤྲུལ་བསྒྱུར་སྣ་ཚོགས་འགྱེད་མཛེས་པ༑ །གཏེར་སྲུང་དགེ་བསྙེན་ཁ་འཁོར་བཅས༴ །བདེ་གཤེགས་བཀའ་ཡི་བསྟན་པ་སྲུང་བའི་ཕྱིར། །ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །གཟུགས་སྐུ་དྲེགས་པའི་ཚུལ་དུ་སྐུར་སྟོན་པ། །མཐུན་ཆེན་སྡེ་དཔོན་སུམ་ཅུའིཚོགས་ལ༴ མི་འགྱུར་བདེ་ཆེན་ཆོས་དབྱིངས་ངང་ཉིད་ལས། །མ་རུང་འདུལ་ཕྱིར་དྲག་པའི་སྐུར་སྟོན་པ། །སྒྱུ་འཕྲུལ་རྡོ་རྗེའི་གར་མཛད་མ་མོའི་གཙོ། །རྒྱལ་བའི་བསྟན་སྲུང་གཙོ་ལ་ཕྱག་འཚལ༴ འཇམ་དཔལ་ཁྲག་འཐུང་གཤིན་རྗེ་གཤེད་པོ་ཡི། །བཀའ་ཉན་ལས་བྱེད་མི་བསྲུན་དྲེགས་པའི་སྡེ། །བསྟན་པའི་བཀའ་སྲུང་མཐུ་སྟོབས་རྫུ་འཕྲུལ་ཅན། །ལས་ཀྱི་གཤིན་རྗེ་འཁོར་དང་བཅས་ལ་བསྟོད། །ཆོས་སྐུ་འགྱུར་མེད་རྡོ་རྗེ་ཁྲོས་མ་ནག །གདུལ་དཀའི་གཤེད་གྱུར་རྒྱལ་བའི་བསྟན་སྲུང་གཙོ། །མཐུ་རྩལ་ཐོགས་མེད་དགྲ་བོའི་སྲོག་གཅོད་པའི། མཁའ་འགྲོ་སྤྱང་ཞོན་མཆེད་གསུམ་ཕྱག་འཚལ་བསྟོད། །རབ་འཇིགས་གནས་མཆོག་ཟངས་རི་མཁར་དམར་རུ། །རྗེ་བཙུན་མ་གཅིག་ལབ་ཀྱི་སྒྲོན་མ་ཡིས། །བཀའ་བསྒོས་གཅོད་ཡུལ་བསྟན་སྲུང་ཞལ་བཞེས་པའི། །བཙ་རྒོད་སྲོག་ཟན་ཤན་པ་མཆེད་གཉིས་བསྟོད། །ཀླུ་རྒྱལ་དུང་སྐྱོང་སྲས་མོ་གཟི་འབར་མ། །འཛད་མེད་རིན་ཆེན་དངོས་གྲུབ་ཀུན་གྱི་བདག །རྒྱལ་བའི་ཟབ་གཏེར་སྐྱོང་བར་ཞལ་བཞེས་པའི། །གཏེར་སྲུང་ཀླུ་སྨན་འཁོར་དང་བཅས་ལ་བསྟོད། །ཤར་ཕྱོགས་རྨ་གཡང་ཀུན་གྱི་གཏེར་བདག་པོ། །པད་འབྱུང་བཀའ་ཉན་ཡུལ་ལྷ་ཀུན་གྱི་གཙོ། །རྨ་གཡང་འདོད་རྒུའི་དངོས་གྲུབ་སྩོལ་མཛད་པའི།།རྨ་རྒྱལ་སྤོམ་ར་འཁོར་དང་བཅས་ལ༴ རྒྱལ་བ་རྣམས་ཀྱི་བཀའ་ལས་མི་འདའ་ཞིང་། །སྒྲུབ་ལ་དངོས་གྲུབ་སྩོལ་བའི་དམ་ཚིག་ཅན། རྣོ་མཐོང་མངོན་ཤེས་སྟོན་པའི་ལྷ་རྣམས་དང་། །ཡེ་ཤེས་ཁྱེའུ་ཆུང་སྨན་སྲུང་ཚོགས་ལ་བསྟོད།།བྱང་ཕྱོགས་གནོད་སྦྱིན་རྫོངས་གི་ཕོ་བྲང་ནས། །གནོད་སྦྱིན་ཡོངས་ཀྱི་དེད་པོན་མཐུ་རྩལ་ཅན། །གསང་བདག་བཀའ་ཉན་གཏེར་སྲུང་ཁོལ་པོ་ཁ། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་བསྟོན། །སྡང་དགྲ་ཆམ་ཤིང་བགེགས་དཔུང་ཐལ་བར་རློག །གཞན་སྡེ་ཕམ་ཞིང་རང་ཉིད་རྒྱལ་བ་དང་། །ཆབ་སྲིད་སྙན་གྲགས་ཕྱོགས་བཅུར་རྒྱས་མཛད་པའི། །འཛམ་གླིང་དབང་བསྒྱུར་གེ་སར་རྒྱལ་པོར་བསྟོད། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མྱུར་མགྱོགས་ཡོན་ཏན་གཟི་བརྗིད་ཆེ་བ་དང་། །སྙན་གྲགས་རྒྱས་དང་དཔལ་སྙིང་ཆེ་བ་ཡི། །རླུང་རྟ་བསྐྱེད་པའི་མྱུར་མཛད་ལྷ་རྣམས་བསྟོད། །ཞེས་བརྗོད་ཅིང་འདི་བར་སྤྲ་ོན་དམ་ཅན་སོ་སོའི་གཏོར་ཆོག་ཀྱང་བཏང་། མ་བཏང་ནའང་རང་ངོ་། བསྐབས་འདིར་སྤྲོ་ཞིང་ནུས་ན་ནི་དམ་ཅན་སྤྱིའི་བསྐང་བ་ཡིན་བཞིན་རེ་སྐོང་ཀྱང་འདིར་བཏང་ན་ལེགས། མ་བཏང་ན་ཡང་འགལ་བ་མེད་དོ། གང་ལྟར་ཡང་དམ་ཅན་གྱི་གཏོར་མ་ལ་དགྲ་བགེགས་དགུགས་བསྟེམ་བྱ་བ་ནི། དམ་ཅན་སྤྱི་གཏོར་ལྟར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་ཆོས་ཀྱི༴ དགེ་འདུན༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོང་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པར་བདག་ཅག་ཡོན་མཆོད་འཁོར་དང་བཅས་བ་རྣམས་ལ་སྔ་དགྲ་ལག་གི་བ་སྔར་བ། ཕྱི་དགྲ་ཡིད་ལ་སེམས་པ། །ད་དགྲ་ཐད་དུ་འཛུགས་པའི། །གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་པའི་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་གྲོས་ཀྱང་། སྐད་ཅིག་ཡུང་ཙམ་ལ་དམིགས་བའི་སྟེན་འདི་ལ་ཁུག་ཅིག །བཛྲ་ཨང་ཀུ་ཤ་ཛཿ བཛྲ་པ་ཤ་ཧཱུྃ། བཛྲ་སྤོ་ཊ་བཾ། བཛྲ་གྷན་དྷེ་ཧོཿ བཛྲ་ཨཾ་ཝེ་ཤ་ཡ་ཨ་ཨཿ དེ་ནས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾགིས་བྱིན་གྱིས་རླབས་ནས། སྤྲོ་ན་དམ་ཅན་སོ་སོའི་རྩ་སྔགས་མཐར་ཁཱ་ཧི་བཏག་བ་དང་། ཡང་ན། ཨོཾ་གུ་རུ་དྷེ་ཝཱ་དྷ་ཀི་ནི་དྷ་རྨ་བཱ་ལ་ཀྵེ་ཊ་པ་ལ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨེ་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཞེས་ལན་བདུན་ནམ་གསུམ་ཕུལ་ལ། དེ་ནས་དམ་ཅན་རྣམས་ལས་ལ་བསྐུལ་བ་ནི། ཧཱུྃ། སྐྱེ་མེད་ཆོས་དབྱིངས་དང་ལས་མ་གཡོས་ཀྱང་། །འགགས་མེད་རྩལ་ལས་སྣ་ཚོགས་ཤར་བའི་ལྷ། བཅོམ་ལྡན་དཔལ་ཆེན་རྟ་མགྲིན་ཁྲོ་པོའི་རྒྱལ། །ལེགས་ལྡན་རྡོ་རྗེ་སྲིན་པོའི་ཚོགས་གྱི་བདག །ལྷ་ཆེན་དཔལ་འབར་བདུད་མགོན་མ་ནིང་ནག །བདུད་འདུལ་ལས་ཀྱི་དབང་ཕྱུགས་ཚོགས་ཀྱི་བདག །དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཞིང་སྐྱོང་སེང་གེའི་གདོང་ཅན་ཡབ་དང་ཡུམ། །མ་མོ་ཆེན་མོ་ཨེ་ཀ་ཙ་ཏི་མ། །འདོད་ཁམས་དབང་ཕྱུག་དཔལ་ལྡན་རེ་མ་ཏི། །རྡོ་རྗེ་གཤོག་རྒོད་མ་མོ་ཡོངས་ཀྱི་རྗེ། །དུས་བཞི་དབང་བསྒྱུར་ཤན་པ་སྲོག་སྒྲུབ་མ། །བོད་ཁམས་སྐྱོང་བའི་མ་ཡི་བརྟན་མའི་ཚོགས༑ །རྒྱལ་བའི་ཡུམ་ཆེན་རྡོ་རྗེ་ཀུན་བཟང་མོ། །སྨན་བཙུན་ལྷ་མོ་རྡོ་རྗེ་གཡུ་སྒྲོན་མ། །དབང་ཕྱུག་ཆེན་པོ་ཤྲི་རལ་པ་ཅན། །དྲག་རྩལ་ཐོགས་མེད་བཟའ་བདུད་རཱ་ཏུ་ལ། །འཛམ་གླིང་སྐྱེས་མཆོག་བཛྲ་ས་དྷུ་སྩལ། །སྐྱེས་བུ་ཆེན་པོ་མགར་ནག་ར་ཞོན་དང་། །ཇོ་བོ་ལྷ་ཡི་བཙན་རྒོད་རྡོ་རྗེ་འབར། །དགེ་སྙེན་ཆེན་པོ་གསང་བ་ནོར་གྱི་བདག །གནོད་སྦྱིན་ཤན་པ་དམར་ནག་འཇིག་པའི་སྐུ། །སྣང་སྲིད་མཁའ་འགྲོའི་གཙོ་མོ་རིག་འཛིན་མ། །ཕྱི་ནང་གསང་པའི་བཙན་རྒོད་རབ་ཏུ་གཏུམ། །ཕུར་བའི་ལས་མཁན་སྲུང་མ་བཅུ་གཉིས་ཚོགས། །མཐུ་སྟོབས་ཐོགས་མེད་ལྡང་ལྷ་མཆེད་གསུམ་དང་། །དམ་ཉམས་དགྲ་སྲོག་རྔམས་པའི་ཙིའུ་དམར། །རྒྱལ་པོ་ཆེན་པོ་ལི་བྱིན་སྐུ་ལྔ་དང་། །རྡོ་རྗེ་གྲགས་ལྡན་དགྲ་ལྷ་ཀུན་གྱི་གཙོ། །གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇམས་སྩལ། །ཡིད་བཞིན་ནོར་བུ་རྒྱལ་པོ་རྣམ་ཐོས་སྲས། །དབང་གི་ཕྲིན་ལས་རྫོགས་མཛད་ཛམ་ལྷ་དམར། རྡོ་རྗེ་ཁྲོ་རྒྱལ་ཨཱཪྱ་རེ་མནྟ། །ཁྲོ་རི་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་རྩལ། །དཀོར་བདག་ཆེན་མོ་རྒོད་ལྕམ་ཤེལ་རུ་སྨན། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་། གནས་བདག་ནོར་བུ་གཡུལ་རྒྱལ་མཐུ་རྩལ་ཅན། །གཏེར་སྲུང་དགེ་བསྙེན་ཆེན་པོ་སྨྱོན་ཁ་དང་། །དྲེགས་པའི་སྡེ་དཔོན་སུམ་ཅུ་རྩ་གཉིས་པོ། །རྒྱལ་བའི་བསྟན་སྲུང་དུར་ཁྲོད་ལྷ་མོ་མཆོག །ལས་གཤིན་ནག་པོ་དྲེགས་པ་ཡོངས་ཀྱི་གཙོ། །གཏེར་སྲུང་མཁའ་འགྲོ་ཆེན་མོ་སྤྱང་ཞོན་མ། །གཅོད་ཡུལ་བཀའ་སྲུང་ཟངས་རི་ཆེད་གཉིས་དང་། །གཏེར་སྲུང་ཀླུ་མོ་ཆེན་མོ་གཟི་འབར་མ། །མཐུ་ཆེན་རྨ་རྒྱལ་སྤོམ་ར་ལྷ་ཡི་སྲས། །སྨན་སྲུང་ལྷ་སྨན་རིག་འཛིན་དྲང་སྲོང་ཚོགས། །ཟབ་གཏེར་བསྟན་སྲུང་གནོད་སྤྱིན་ཁོལ་བོ་ཁ། གེ་སར་དགྲ་ལྷའི་རྒྱལ་པོར་འཁོར་དང་བཅས། །སྲིད་གསུམ་དབང་མཛད་རླང་རྟ་བསྐྱེད་པའི་ལྷ། །རང་རང་གཡོག་འཁོར་ལྷ་སྲིན་དྲེགས་པའི་ཆོགས། །སྔོན་ཚེ་ཐུགས་དམ་དབང་གི་གནས་འདིར་གཤེགས། །སྣང་བ་བདེ་ཡང་སྣོད་ལ་རིག་པ་ཡི། །།འཁྲུལ་སྣང་སྲིད་ཞེས་གཏོར་ལ་དངོས་གྲུབ་དཔལ། །འབྱུང་བའི་མ་བཞིན་སྣང་སྩལ་འགགས་མེད་རྣམས་། །ལེགས་འབུལ་དངོས་འབྱོར་ཤ་ཁྲག་གཟུགས་རབ་མཆོག །བཟའ་བཏུང་བཅུད་ལྡན་རབ་མཛེས་བྷ་ལིངྟ། །སྨན་དང་རཀྟ་ཕྱི་ནང་གསར་བ་ཡི། །རྨད་དུ་བྱུང་བའི་མཆོད་རྫས་ཅི་སྙེད་ཀུན། །སོ་སོའི་ཐུགས་ལ་ཇི་ལྟར་འདོད་པ་བཞིན། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡིས། །དཔག་མེད་ནམ་མཁའི་ཁྱོན་རྣམས་ཡོངས་བཀང་སྟེ། །གུས་པས་སེམས་ཀྱིས་རབ་ཏུ་འབུལ་བ་འདིས། །སྡར་མཛད་ལས་ཀྱི་༥༨་གཏང་རག་གཉན་པོ་དང་། །ད་བཅོལ་ལེགས་པའི་ལས་ཀྱི་གསལ་འདེབས་སུ། །འབུལ་ཕྱིར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནད་གདོན་གནོད་པ་མ་ལུས་ཞི་བ་དང་། །ཚེ་བསོད་རྒྱས་ཤིང་དོན་གཉིས་ལྷུན་གྱིས་གྲུབ། །སྲིད་གསུམ་དབང་དུ་འདུ་བའི་ཕྲིན་ལས་མཛོད། །སྤྱིར་ན་སངས་རྒྱས་བསྟན་པའི་སྤྱི་དགྲ་དང་། །དཀོན་མཆོག་སྐུ་དགྲ་རྣལ་འབྱོར་དགོས་དགྲ་རྣམས། །ད་ལྟ་ཉིད་དུ་སྒྲོལ་བའི་པྲིན་ལས་མཛོད། །གཞན་ཡང་ཡུལ་རིང་རྒྱལ་ཁམས་ཐམས་ཅད་དུ། །ནད་མཚོན་མུ་གེའི་བསྐལ་པར་རབ་ཞི་ནས། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ལོ་ཕྱུགས་ལེགས་ཤིང་དཔལ་དང་འབྱོར་བས་ཕྱུག །ཅི་བསམ་དོན་རྣམ་རབ་ཏུ་གྲུབ་ནས་ཀྱང་། །ཕུན་ཚོགས་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །ཅེས་ཕུད་དང་གཏོར་མ་གཙང་སར་མཆོད། དེ་ནས་གཏང་རག་མཆོད་བསྟོད། ཨོཾ་ཤྲི་བཛྲ་་པཱ་ལ་ས་པཱ་རི་ལྦཱ་ར་ཨཱརྒྷཾ་སོགས་ནས། ཤབྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ཁཱ་ཧི༔ ཞེས་མཆོད་ཅིང་བསྟོད་པ་ནི། སྔོན་ཚེ་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུ། །ཚུལ་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། །མ་ཡི་བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ཅིང་། ནོངས་པ་བཤགས་པ་ནི། མ་རྙེད་ཡོངས་སུ་མ་ཚངས་དང་། །གང་ཡོད་ནུས་པ་མ་མཆིས་པ། །འདིར་ནི་བགྱིས་པ་གང་ནོངས། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིག །ཞེས་དང་། ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་བརྗོོད་ཅིང་ནོངས་བ་བཤགས། རྟེན་ཡོད་རྟེན་བཞུགས་སྤྱི་ལྟར་བྱ་བ་ནི། འདིར་ནི་རྟེན་དང་ལྷན་གཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏི་ཥྭཱ་བཛྲ་ཡ་སྭཱ་ཧཱ། ཅེས་བརྟན་བཞུགས་དང་། རྟེན་མེད་ནི་བཛྲ་མུཿགཤེགས་གསོལ་བྱ། དེ་ནས་དགེ་བ་བསྔོ་བ་ནི། དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན། །ཕྱི་ནང་ཉེར་ཚེའི་བར་ཆད་ཀུན་ཞི་ཞིང་། །ཚེ་བསོད་རྒྱས་ཤིང་ཉམས་རྟོགས་ཡེ་ཤེས་འབར། །མཐར་ཐུག་བླ་མེད་བྱང་ཆུབ་མཆོག་ཐོབ་ཤོག །བཀྲ་ཤིས་ནི། ཧཱུྃ། མི་ཤིགས་གཉུག་མ་དོན་གྱི་གཞལ་ཡས་ནས། །རྩ་བརྒྱུད་བླ་མ་རྣམས་གྱིས་བཀྲ་ཤིས་ཤོག །བདེ་ཆེན་འགྱུར་མེད་ཆོག་དབྱིངས་ཕོ་བྲང་ནས། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཤོག །གནས་ཡུལ་ཉེར་བཞིའི་དུར་ཁྲོད་ཆེན་པོ་ནས། །མ་སྲིད་མཁའ་འགྲོའི་ཚོགས་ཀྱིས་བཀྲ་ཤིས་ཤོག །དམ་ཉམས་དགྲ་བགེགས་འདུལ་བའི་ཕོ་བྲང་ནས། །དམ་ཅན་ཆོས་སྐྱོང་རྣམས་ཀྱིས་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར་ཞིང་རོལ་མོའི་སྒྲ་བསྒྲགས་སོ། །ཅེས་པ་འདི་ནི་རྫོགས་ཆེན་བཞི་བ་ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེས་མཛད་པའི་དམ་ཅན་སྤྱི་ལ་གཏོར་མ་འབུལ་ཐབས་འདོད་པའི་རེ་སྐོང་ནི་བདག་འདྲ་བླུན་རྨོངས་ལས་དང་པོ་བ་རྣམས་ལ་ཚིག་ཅུང་ཟད་བསྡུ་ཆེ་བ་ལྟ་བུའི་དབང་གིས་དོན་གསལ་ཐེབས་པ་དཀའ་བའི་རྡོ་རྗེའི་ཚིག་དེ་ཉིད་ལ་གཞི་བྱས་ཏེ། སྨིན་ཀླིང་དམ་ཅན་སྤྱི་གཏོར་གྱི་འགོས་ལྟར་ཅུད་ཟད་རྒྱས་ཤིད་སྤྲོས་བདོན་གཉིས་མྱུར་འགྲུབ་ཞེས་བྱ་བ་འདི་ནི། རང་ལོ་བཅོ་བརྒྱད་ཀྱི་སྟིང་དུ་པདྨ་ཐེག་མཆོག་བསྟན་འཛིན་གྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེ་ནས་བྲིས་བ་འདིས་ཀྱང་། རྣལ་འབྱོར་རིག་པ་འཛིན་པ་རྣམས་ཀྱིས་གནས་སྐབས་སུ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་། རིམ་གཉིས་ཀྱི་ལམ་ལ་བརྟན་ནས། མཐར་ཐུགས་རྫོགས་པའི་སངས་རྒྱས་གྱི་གོ་འཕང་རིན་པོ་ཆེ་རིང་པོར་མི་ཐོག་པར་མྱུར་དུ་ཐོབ་བའི་རྒྱུར་གྱུར་ཅིག །དགེའོ། །


previousབསྟན་སྲུང་དམ་ཅན་རྒྱ་མཚོ་སྤྱི་ལ་གཏོར་མ་འབུལ་བའི་ཆོ་ག་དོན་གཉིས་མྱུར་འགྲུབ། next