Nitartha Digital Library
Tibetan
 
previousབདུད་འདུལ་སེང་གདོང་དྲག་མོའི་ཉམས་ལེན་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས་སོ།།next

བདུད་འདུལ་སེང་གདོང་དྲག་མོའི་ཉམས་ལེན་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས་སོ།།

སྐྱབས་སེམས་ནི། ན་མོ། །མཆོག་གསུམ་རྩ་གསུམ་མ་ལུས་དང་། །ཡེ་ཤེས་མཁའ་འགྲོར་སྐྱབས་སུ་མཆི། །དབང་དྲག་ལས་ཀྱི་བྱང་ཆུབ་སེམས། །འགྲོ་བའི་དོན་དུ་བསྐྱེད་པར་བགྱི། །རང་བཞིན་དག་པའི་སྔགས་ཀྱིས་སྦྱངས། སྟོང་ཉིད་བརྗོད་བྲལ་རིག་པའི་རང་མདངས་ལས། །སྣོད་ཀྱིས་འཇིག་རྟེན་དག་པ་གཞལ་ཡས་ཁང་། །གསང་ཆེན་མཁའ་འགྲོའི་ཕོ་བྲང་ཆེན་པོའི་དབུས། །པད་ཉི་བམ་རོའི་སྟེང་དུ་རང་རིག་ཧཱུྃ། །འོད་འཕྲོས་དོན་གཉིས་ལས་སྒྲུབ་ཚུར་འདུས་པས། །བདག་ཉིད་ཟིལ་གནོན་མཁའ་འགྲོ་ཆེན་མོའི་སྐུ། །དམར་ནག་བསྐལ་མེ་ལྟར་འབར་གཏུམ་བརྗིད་གཟུགས། །སེང་ཞལ་རབ་ཁྲོས་གར་དགུའི་ཚུལ་དང་ལྡན། །ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་བསྣམས། །ཁྲོ་མོའི་ཆས་རྫོགས་མཆན་དུ་ཁ་ཊྃ་བརྟེན། །བསྐལ་མེའི་ཀློང་དུ་བརྐྱང་སྐུམ་གར་གྱིས་རོལ། །འཁོར་དུ་མཁའ་འགྲོ་རྒྱ་མཚོའི་ཚོགས་བཅས་གསལ། །གནས་གསུམ་འབྲུ་གསུམ་འོད་འཕྲོས་ཡེ་ཤེས་ཚོགས། །སྤྱན་དྲངས་དབྱེར་མེད་རོ་གཅིག་བརྟན་པར་གྱུར། །བཛྲ་ས་མ་ཛཿཛཿཧཱུྃ་བྃ་ཧོཿབཛྲ་ཨརྒྷཾ་སོགས། སྨན་རཀ་གཏོར་མས་མཆོད། ཧཱུྃ། །རང་བཞིན་གསང་ཆེན་རོལ་བའི་དུར་ཁྲོད་ནས། །སྐྱེ་མེད་དབྱིངས་ལས་གང་འདུལ་སྤྲུལ་པའི་ལྷར། །ཡོངས་ཤར་མཁའ་འགྲོ་ཆེན་མོ་སེང་གེའི་གདོང་། །སྤྲུལ་འཁོར་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །སྙིང་དབུས་རང་འདྲའི་ཁྲོ་མོའི་ཐུགས་དཀྱིལ་ཉི། །དེ་དབུས་ཧཱུྃ་དམར་སྔགས་ཀྱིས་གཡོན་དུ་བསྐོར། །འོད་འཕྲོས་འཕགས་མཆོད་སེམས་ཅན་སྒྲིབ་གཉིས་སྦྱངས། །དགྲ་བགེགས་ཚར་བཅད་འོད་ཟེར་ཚུར་འདུས་བསྟིམ། །སྣང་གྲགས་དག་པ་ལྷ་སྔགས་རབ་འབྱམས་དང་། །རང་རིག་ཡེ་ཤེས་མཁའ་འགྲོའི་ངོ་བོར་གྱུར། །ཨོཾ་བཾ་སེང་ཧ་དྷ་ཀི་ཧ་རི་ནི་ས་ཧཱུྃ་ཛཿཨ་ཀ་ས་མ་ར་ཙ་ཤ་ད་ར་ས་མ་ར་ཡ་ཕཊཿ ཞེས་བསྙེན་སྒྲུབ་དང་སྤྲོ་ན་བསྲུང་བཟློག་གམ་སྔགས་དམིགས་འཕྲུལ་ཤེས་པར་བྱའོ། །ཐུན་མཐར། སྣང་སྲིད་སྣོད་བཅུད་འོད་ཞུ་རང་ལ་བསྟིམ། །བདག་གི་ཐུགས་ཀའི་ཧཱུྃ་ལས་གྱེན་རྫོགས་སུ། །མི་དམིགས་སྤྲོས་ཀུན་ཞི་བའི་ངང་དུ་བཞག །ཧཱུྃ་ཕཊ་རྟག་ཆད་ལྟ་བའི་མཐའ་ཀུན་བསལ། །སླར་ཡང་ཐུན་མཚམས་ལྷ་དང་གཞལ་ཡས་ཁང་། །སྣོད་བཅུད་དག་པ་རབ་འབྱམས་འཁོར་ལོས་སྦྱངས། །འདི་སྒྲུབ་དགེ་ཚོགས་ཉིན་བྱེད་རབ་འབར་བས། །ཕ་རོལ་བདུད་སྡེའི་སྨག་རུམ་ཀུན་ཟོས་ནས། །དགེ་ལེགས་སྣང་བ་རྒྱས་པའི་སྐལ་བཟང་ལ། །མ་གྱུར་འགྲོ་རྣམས་རྟག་པར་སྤྱོད་གྱུར་ཅིག། ཅེས་པ་འདི་ཡང་དགེ་སློང་ཕྲིན་ལས་པས་བསྐུལ་ངོར། འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱིས་དབེན་གནས་ནགས་ཁྲོད་དུ་བྲིས་པ་དགེའོ། །


previousབདུད་འདུལ་སེང་གདོང་དྲག་མོའི་ཉམས་ལེན་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས་སོ།།next