Nitartha Digital Library
Tibetan
 
previousགཉེན་ཆེན་ཐང་ལྷའི་བསྐུལ་བ།།no next

གཉེན་ཆེན་ཐང་ལྷའི་བསྐུལ་བ།།

ཧཱུྃ། གཡས་རུ་རི་རྒྱལ་བཀྲ་བཟང་རྩེར། །རིག་འཛིན་རྡོ་རྗེ་དྲག་པོ་རྩལ། །བཀའ་ཉན་ལྷ་སྲིན་ཀུན་འདུས་ཚེ། །ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་ཁྱེད། །ལྷ་བྲག་ཐུགས་གཏེར་བདག་པོ་བསྔགས། །རྫོགས་པ་ཆེན་པོའི་རྣལ་འབྱོར་སྐྱོངས། །སྙིགས་དུས་རྒྱལ་འགོང་དམ་སྲི་ཡི། །གཉེན་པོ་སྲོག་གི་གཤེད་མར་བསྐོས། །རྒྱལ་བའི་བསྟན་པ་གུས་མཆོད་ཅིང་། །དཀར་ཕྱོགས་སྐྱོང་བའི་ལས་ལ་བརྩོན། །གུས་པས་བསྟན་ལ་སྙིང་ཉེ་ཞིང་། །མགོན་སྐྱབས་དཔུང་གཉེན་མི་འབྲལ་ཞིང་། །མདོར་ན་བདག་སོགས་འཁོར་བཅས་ཀྱི། །བྱང་ཆུབ་སྒྲུབ་ལ་གེགས་མེད་ཅིང་། །བསམ་དགུ་ཆོས་བཞིན་འགྲུབ་པ་དང་། །འདོད་རྒུ་ཡིད་བཞིན་འཇོ་བ་ཡི། །མཆོག་ཐུན་དངོས་གྲུབ་མ་ལུས་རྣམས། །འབད་མེད་ལྷུན་གྲུབ་ཕྲིན་ལས་མཛོད། །ཅེས་རྫོགས་ཆེན་སྐུ་འཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་པས་བྲིས་པ་དགེ། །


previousགཉེན་ཆེན་ཐང་ལྷའི་བསྐུལ་བ།།no next