Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

4 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
 
  
ནོར་བདག་ཡིད་བཞིན་ནོར་བུའི་བསྐང་བ་དངོས་གྲུབ་ཆར་འབེབས་བཞུགས་སོ།།
  
  
  


4 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousནོར་བདག་ཡིད་བཞིན་ནོར་བུའི་བསྐང་བ་དངོས་གྲུབ་ཆར་འབེབས་བཞུགས་སོ།།next

ནོར་བདག་ཡིད་བཞིན་ནོར་བུའི་བསྐང་བ་དངོས་གྲུབ་ཆར་འབེབས་བཞུགས་སོ།།

ཨོཾ་སྭཱ་སྟི། བླ་མ་མཆོག་དང་གསང་བའི་བདག །རྩ་གསུམ་ནོར་ལྷ་རྒྱ་མཚོ་ལ། །བྱང་ཆུབ་བར་དུ་གུས་བཏུད་ནས། །ཐུགས་དམ་བསྐང་བའི་ཆོ་ག་སྤེལ། །འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་བདེ་ཞིང་ཡིད་དང་མཐུན་པའི་གནས་སུ་སྐུ་རྟེན་རབ་གནས་ཅན་བཀྲམ་པའི་སྤྱན་སྔར་ཕྱི་ནང་གསང་བའི་མཆོད་ཚོགས་རྣམས་གཙང་ཞིང་བཀོད་ལེགས་པར་བཤམས་ནས་ལྟ་སྒོམ་གྱི་རྩལ་དང་ལྡན་པས་འདི་སྐད་དོ། །ཨོཾ་ཨཱཿཧཱུྃ། དངོས་སུ་འབྱོར་བཤམས་ཡིད་ཀྱིས་སྤྲུལ་པའི་བསྐང་རྫས་ཀ་ཆ་དཀོར་རྟེན་དང་བཅས་པ་འདི་རྣམས་ནོར་ལྷ་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད། མཆོད་པའི་རྫས། མཉེས་པའི་རྫས། བརྟེན་པའི་རྫས། སྒྲུབ་པའི་རྫས། བསྐང་བའི་རྫས། གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་དང་ལྡན་པའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སོགས་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ནས། ཧཱུྃ། འོག་མིན་ལྕང་ལོ་ཅན་དང་པདྨ་འོད། །ངོ་མཚར་དཔལ་གྱི་བརྒྱན་པའི་གཞལ་ཡས་ནས། །རྡོ་རྗེ་འཆང་དང་གསང་བདག་པདྨ་འབྱུང་། །སྐུ་གསུམ་ལྷ་ཚོགས་མ་ལུས་འཁོར་གྱིས་བསྐོར། །ཐུགས་རྗེ་དབང་གིས་བསྐང་བའི་གནས་འདིར་གཤེགས། །རིན་ཆེན་རི་རབ་ལྷུན་པོའི་བྱང་གི་ཕྱོགས། །ནོར་མང་རྣམ་ཐོས་རྒྱལ་པོའི་ཕོ་བྲང་ནས། །ནོར་བདག་ཡིད་བཞིན་ནོར་བུའི་ལྷ་ཚོགས་རྣམས། །ཐུགས་བསྐྱེད་སྨོན་ལམ་དགོངས་ལ་གནས་འདིར་གཤེགས། །ཚོགས་ཁང་རིན་ཆེན་དབང་གི་གཞལ་ཡས་འདིར། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །འདུ་འབྲལ་མེད་པའི་དབྱིངས་སུ་ཕྱག་བགྱིད་དོ། །ཕྱི་ནང་གསང་གསུམ་བསྐང་རྟེན་རྫས་ཀྱིས་མཆོད། །ལུས་ངག་ཡིད་གསུམ་དད་གུས་ལྡན་པས་བསྟོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། སྐུ་གསུམ་སངས་རྒྱས་རྩ་གསུམ་བརྒྱུད་པར་བཅས། །དུས་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷ་ཡི་ཚོགས། །ཕྱོགས་བཅུའི་སངས་རྒྱས་བདེ་གཤེགས་བཅོམ་ལྡན་འདས། །མ་ལུས་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཧཱུྃ། སྔོན་ཚེ་བསྐལ་བ་བརྒྱད་ཁྲིའི་གོང་རོལ་ནས། །ཡང་དག་རྫོགས་པའི་བྱང་ཆུབ་མངོན་གྱུར་ཀྱང་། །རིགས་ལྔའི་ཚངས་ཆེན་བསྐལ་བ་མ་སྟོང་བར། །ས་བརྒྱད་ངལ་བསོས་དགེ་བའི་སྟོབས་པོ་ཆེ། །མགོན་པོ་རྣམ་མང་ཐོས་སྲས་ཐུགས་དམ་བསྐང་། །རིགས་བདག་བཛྲ་པཱ་ཎིའི་ཐུགས་དམ་བསྐང་། །ཐུགས་འཛིན་ཡུམ་མཆོག་བཞི་ཡི་ཐུགས་དམ་བསྐང་། །རྒྱལ་ཆེན་རྣམ་སྲས་རིགས་བཞིའི་ཐུགས་དམ་བསྐང་། །སྲས་མཆོག་ཛམ་ལྷ་རིགས་བཞིའི་ཐུགས་དམ་བསྐང་། །གནོད་སྦྱིན་རྟ་བདག་བརྒྱད་ཀྱི་ཐུགས་དམ་བསྐང་། །ནོར་བདག་ཀླུ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང་། །བཀའ་སྐྱོང་སྒོ་བ་བཞི་ཡི་ཐུགས་དམ་བསྐང་། །འཁོར་ཚོགས་བྱེ་བ་འབུམ་སྡེའི་ཐུགས་དམ་བསྐང་། །མཆོད་འོས་བསྟོད་འོས་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་གཏེར་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་། །ཧཱུྃ། ཐུགས་དམ་གཉེན་པོ་བསྐང་བའི་དམ་རྫས་ནི། །ཕྱི་མཆོད་འདོད་ཡོན་རྣམ་ལྔས་ཐུགས་དམ་བསྐང་། །ནང་མཆོད་སྨན་གཏོར་རཀྟས་ཐུགས་དམ་བསྐང་། །གསང་མཆོད་གྷ་ན་པཱུ་ཙས་ཐུགས་དམ་བསྐང་། །རིན་ཆེན་རི་རབ་ཆེན་པོས་ཐུགས་དམ་བསྐང་། །གླིང་དང་གླིང་ཕྲན་ཚོགས་ཀྱིས་ཐུགས་དམ་བསྐང་། །གསེར་རི་རོལ་མཚོ་རྣམས་ཀྱིས་ཐུགས་དམ་བསྐང་། །ཉི་ཟླ་རྒྱུ་སྐར་ཕྲེང་བས་ཐུགས་དམ་བསྐང་། །ལྕགས་རི་མུ་ཁྱུད་རྒྱ་མཚོའི་ཐུགས་དམ་བསྐང་། །བཀྲ་ཤིས་རྫས་བརྒྱད་དཔལ་གྱིས་ཐུགས་དམ་བསྐང་། །རྒྱལ་སྲིད་རིན་ཆེན་བདུན་གྱིས་ཐུགས་དམ་བསྐང་། །དཔག་བསམ་ཤིང་ཆེན་རྣམས་ཀྱིས་ཐུགས་དམ་བསྐང་། །ཡན་ལག་བརྒྱད་ལྡན་རྫིང་བུའི་ཐུགས་དམ་བསྐང་། །འདོད་འབྱུང་གཏེར་གྱི་བུམ་པས་ཐུགས་དམ་བསྐང་། །མ་རྨོས་ལོ་ཏོག་འབྲུ་སྨན་ཐུགས་དམ་བསྐང་། །ནོར་འཛིན་ནེ་འུ་ལེ་ཡིས་ཐུགས་དམ་བསྐང་། །གཞལ་ཡས་ཁང་པའི་ཚོགས་ཀྱིས་ཐུགས་དམ་བསྐང་། །སྤྱན་གཟིགས་ཀ་ཆ་དཀོར་ཆའི་ཐུགས་དམ་བསྐང་། །ཡོལ་བ་བླ་བྲེ་ལྡ་ལྡིས་ཐུགས་དམ་བསྐང་། །ཕན་དང་གྲྭ་ཕྱམ་ཕྲེང་བས་ཐུགས་དམ་བསྐང་། །ཕོ་ཆས་མོ་ཆས་རྒྱན་གྱི་ཐུགས་དམ་བསྐང་། །སར་སིར་ཆ་ལང་ཕེབ་རྡོས་ཐུགས་དམ་བསྐང་། །ད་དིར་རྫ་ཟངས་རྔ་ཆེན་ཐུགས་དམ་བསྐང་། །འ་འུར་ཟངས་དུང་དཀར་གྱིས་ཐུགས་དམ་བསྐང་། །ཙར་རྩིར་སིལ་སྙན་ཏིང་གིས་ཐུགས་དམ་བསྐང་། །ཀྱར་ཀྱུར་པི་ཝང་གླིང་བུས་ཐུགས་དམ་བསྐང་། །ཟང་ཟིང་གོ་ཁྲབ་མཚོན་ཆས་ཐུགས་དམ་བསྐང་། །ཕྱར་ཕྱུར་དྲི་ཞིམ་དུད་པས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ། །བཤགས་པ་ནི། ཧཱུྃ། ཐོག་མེད་དུས་ནས་དེ་རིང་ཡན་ཆད་དུ། །རྐུ་འཕྲོག་རློམ་སེམས་སེར་སྣ་ཅི་བགྱིད་དང་། །བླ་མ་དཀོན་མཆོག་མཆོད་པའི་དཀོར་ལ་འབགས། །དགེ་བཅུའི་ལམ་བཅད་དགེ་འདུན་དཀོར་ཁ་བགགས། །གཏོར་ཚོགས་མཆོད་ལ་འབག་རྩོག་ཕུད་ལྷག་གཞོལ། །ཉ་སྟོང་དུས་ཀྱི་མཆོད་པ་འགྱང་བ་དང་། །འཕྲོག་མའི་ཟན་དང་ཛམ་ལྷའི་ཆུ་རྒྱུན་ཆད། །མདོར་ན་ཉེས་བྱས་བསེ་རག་ཡི་དྭགས་ཀྱིས། །རྒྱུ་བསགས་ཅི་མཆིས་རྣམ་དག་ཀློང་དུ་བཤགས། །གནོང་འགྱོད་ཉེས་ཚོགས་མ་ལུས་བཟོད་པར་གསོལ། །ཚངས་པ་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཞེས་ཡི་གེ་བརྒྱ་པས་ནོངས་པ་བཤགས། དེ་ལྟར་ནོར་བདག་ཡིད་བཞིན་ནོར་བུའི་བསྐང་མདོས་ལས་ཅུང་ཟད་ཉེ་བར་བསྡུས་པ་འདི་ནི་གནས་སྐབས་རྒྱུན་གསོལ་ལྟ་བུར་འདོན་བདེ་བའི་ཆེད་དུ། ངེས་དོན་བསྟན་འཛིན་བཟང་པོས་སྦྱར་བའོ།། །།མངྒ་ལཾ། །


previousནོར་བདག་ཡིད་བཞིན་ནོར་བུའི་བསྐང་བ་དངོས་གྲུབ་ཆར་འབེབས་བཞུགས་སོ།།next