Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

4 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
དགོངས་འདུས་བརྒྱུད་འདེབས་བསྡུས་པ་བྱིན་རླབས་ཆར་འབེབས་བཞུགས་སོ།།
  
  
  
  
 
  
  
  
  


4 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདགོངས་འདུས་བརྒྱུད་འདེབས་བསྡུས་པ་བྱིན་རླབས་ཆར་འབེབས་བཞུགས་སོ།།next

དགོངས་འདུས་བརྒྱུད་འདེབས་བསྡུས་པ་བྱིན་རླབས་ཆར་འབེབས་བཞུགས་སོ།།

གདོད་མའི་མགོན་པོ་ཀུན་བཟང་སྣང་མཐའ་ཡས། །རྒྱལ་བ་རིགས་ལྔ་དྲུག་པ་རྡོ་རྗེ་འཆང་། །རྡོ་རྗེ་སེམས་དཔའ་སྤྱན་རས་གཟིགས་དབང་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དགའ་རབ་འཇམ་དཔལ་བཤེས་གཉེན་ཤྲཱི་སེང་ཧ། །རྒྱལ་ཀུན་སྤྱི་གཟུགས་མཚོ་སྐྱེས་རྡོ་རྗེ་དང་། །གཉིས་མེད་ཡུམ་ཆེན་ལྷ་ལྕམ་མནྡ་རར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཁྲི་སྲོང་ཡབ་སྲས་ལོ་པཎ་སྐྱེས་མཆོག་འཛིན། །ཤེས་རབ་རྗེ་མོ་ཡེ་ཤེས་མཚོ་རྒྱལ་དང་། །ཟབ་གཏེར་མཛོད་འཛིན་སངས་རྒྱས་གླིང་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཡེ་ཤེས་རྡོ་རྗེ་བློ་གྲོས་འགྲོ་བའི་མགོན། །པུཎྱེ་དྷརྨ་ཀརྨ་བྷ་དྲའི་མཚན། །གྲུབ་མཆོག་བཟང་པོ་རིག་འཛིན་སྙིང་པོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བདེ་ཆེན་དར་རྒྱས་ཀུན་བཟང་རང་གྲོལ་རྩལ། །ཕྲིན་ལས་རྡོ་རྗེ་བསྟན་པའི་རྒྱལ་མཚན་ཞབས། །འཁོར་ལོའི་མགོན་པོ་ངེས་དོན་བསྟན་འཛིན་བཟང་། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ནམ་མཁའ་ཚེ་དབང་རིག་འཛིན་བཟང་པོའི་ཞབས། །པདྨ་འགྲོ་འདུལ་པདྨ་མངྒ་ལམ། །དུས་གསུམ་དངོས་བརྒྱུད་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཞི་དང་ཁྲོ་གར་སྟོན་མཛད་ཡི་དམ་ལྷ། །དགོངས་པ་ཀུན་འདུས་དཀྱིལ་འཁོར་ལྷ་ཚོགས་དང་། །ཕྲིན་ལས་མྱུར་མགྱོགས་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དབང་བཞི་ཆུ་བོས་བདག་རྒྱུད་ཡོངས་སྨིན་ཞིང་། །རིམ་པ་གཉིས་ཀྱི་ལམ་བཟང་མཐར་ཕྱིན་ནས། །སྐུ་བཞིའི་འབྲས་བུ་མྱུར་དུ་འགྲུབ་པར་ཤོག །གདོད་ནས་འཕོ་འགྱུར་མེད་པའི་རིག་རྩལ་ལྷར། །ཡོངས་ཤར་སྣང་སྲིད་དག་པ་རབ་འབྱམས་སུ། །རྒྱས་ཐེབས་ཕྲིན་ལས་རྣམ་བཞིའི་བསྟན་འགྲོ་ཡི། །ཕན་བདེ་ཕྱོགས་བཅུར་རྒྱས་པར་བྱེད་ནུས་ཤོག །ཅེས་པའང་ངེས་དོན་བསྟན་འཛིན་བཟང་པོས་སྦྱར་བའོ། །འདི་ཉིད་སྨན་མཆོད་དུ་བསྒྱུར་ན་གོང་གི་ཚིག་རྐང་བཞི་པ་རྣམས་༼སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ།༽ཅེས་བསྒྱུར། མངྒ་ལམ།


previousདགོངས་འདུས་བརྒྱུད་འདེབས་བསྡུས་པ་བྱིན་རླབས་ཆར་འབེབས་བཞུགས་སོ།།next