Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

4 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
དྲག་པོའི་སྦྱིན་སྲེག་བསྡུས་པ་བདུད་དཔུང་སྲེག་པའི་མེ་ཆེན་བཞུགས་སོ།།
 
  
  
  
  


4 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདྲག་པོའི་སྦྱིན་སྲེག་བསྡུས་པ་བདུད་དཔུང་སྲེག་པའི་མེ་ཆེན་བཞུགས་སོ།།next

དྲག་པོའི་སྦྱིན་སྲེག་བསྡུས་པ་བདུད་དཔུང་སྲེག་པའི་མེ་ཆེན་བཞུགས་སོ།།

ཨོཾ་སྭ་སྟི། རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །གདུག་པ་འདུལ་ཕྱིར་དྲག་པོའི་སྐུར། །ཡོངས་ཤར་ཁྲག་འཐུང་དཔའ་བོ་ཆེ། །བཏུད་ནས་སྦྱིན་སྲེག་ཆོ་ག་བཤད། །དེ་ཡང་དབང་ཐོབ་དམ་ཚིག་ལྡན་ཞིང་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ལ་མཁས་པའི་སྔགས་པས།ཕུང་གསུམ་བདུད་ཀྱི་ཉི་མའམ། །ཡང་ན་དགུ་མཚམས་གཟའ་ཟིན་སོགས། །དྲག་པོའི་འགྲུབ་སྦྱོར་ལྡན་པའི་ཚེ། །དུར་ཁྲོད་འདྲེ་འཚུབས་ཕུང་ཤུལ་སར། །དྲག་པོའི་མེ་ཡི་སྟེགས་བུ་བརྩིགས། །དུག་དང་ཁྲག་གིས་ཆག་ཆག་གདབ། །ཅེས་གསུངས་པ་ལྟར། དུར་ཁྲོད་དམ་ལྷོ་ཕྱོགས་ས་དྲག་པོའི་གཞི་ནག་ཅིང་རྩུབ་པའི་གནས་སུ་ལོ་ཟླ་ཚེས་གྲངས་དུས་ཚོད་རྩུབ་ཅིང་གཟའ་སྐར་འཕྲོད་སྦྱོར་ངན་པའི་དུས། གདུག་པའི་ས་སྣ་གསུམ་གྱི་སྟེགས། རྒྱར་མདའ་གང་དཔངས་སུ་ཁྲུ་གང་བའི་ཁར། ཐབ་ཁུང་གྲུ་གསུམ། རྒྱར་སོར་ཉི་ཤུ། དཔངས་སུ་སོར་བཅུ་གཅིག་གིས་དམན་པ་རོ་སོལ་དང་དུག་ཁྲག་གིས་བྱུག་པའི་ཁ་ཁྱེར་ལ་མཚོན་ཆ་དང་། མུ་རན་ལ་མེ་རིས་མཚན་པ།དབུས་སུ་རཾ་ཡིག་བྲིས་པའི་ཁར་ལྷ་གྲངས་ཀྱི་ཚོམ་བུ་བཞུགས་ཚུལ་དང་མཐུན་པར་བཀོད།ཐབ་ནང་དུ་སྐྱེར་བ་སོགས་དུག་ཤིང་ཚེར་མ་ཅན་དུག་ཁྲག་གིས་སྦགས་པའི་ཧོམ་། མེ་ཚང་ཏིང་ལོ་སོགས་ཚད་དང་ལྡན་པ་བཅའ། གཡས་ངོས་སུ་མེ་སྲོག་འཛིན་པའི་རྫས་ཚེར་མ་ཅན་གྱི་ཡཾ་ཤིང་ཟུར་གསུམ་པ་སོར་བཅུ་གཅིག །སྦོམ་ཕྲ་མཐེའུ་ཆུང་ཙམ་དུ་བཞོགས་པ་ལ། དུག་ཁྲག་གིས་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད། ཅེས་བྲིས་པ་རྩ་རྩེར་མར་ནག་ཚིལ་ཆེན་གྱི་སྦགས་པ་གང་ཡང་། རྩ་བའི་རྫས་དགྲ་བགེགས་གང་ལ་བྱེད་པའི་གཟུགས་མིང་རུས་ཅན། དགྲ་ཡིན་ན་ཟག་རྫས་དྲི་མ་དྲུག་གིས་ནོགས་པ་བརྒྱ་རྩ་བརྒྱད་སོགས་གྲངས་ལྡན་དྲག་པོའི་རྫས་དམིགས། མི་རྟ་ཁྱི་གསུམ་སོགས་ཤ་སྣ་བག་ཕྱེ་དང་བསྲེས་པའི་རིལ་བུའི་ནང་དུ་གནོད་བྱེད་ཀྱི་མིང་རུས་དུག་ཤོག་ལ་བྲིས་ནས་བཅུག་པ། གནད་ཀྱི་རྫས་སྦལ་སྦྲུལ་ཉ་ཁྱི་སོགས་ཀྱི་ཤ ར་དུག ཐང་ཁྲོམ། བཙན་དུག ཐར་ནུ་པ་སོགས་དུག་སྣ་རྣམས་དང་བསྲེས་པ། གསོད་པའི་རྫས། གྲི་ལྕགས། ཟངས་ཕྱེ། བྲག་ཐོག་གིས་བཤིགས་པ། གནམ་ནས་བབ་པ། མཁར་ཟངས་བརྡར་བའི་ཕྱེ་མ་མྱོས་པའི་རྫས་མར་ནག་དམེ་བསྣོལ་གྱིས་ཁྲག་དང་སྦྱར་བ། ཚ་བའི་རྫས། ཏིལ་ནག ཡུངས་ནག ཡུངས་ཀར་ལྕེ་ཚ་དབྱི་མོང་བྲུབ་ཀ་སྟེ་ཚ་བ་གསུམ་གྱི་རྫས་དེ་རྣམས་ལྕགས་སམ་བྷནྡྷའི་སྣོད་དུ་རིམ་པར་བཀོད་པ་དང་། རྡོ་ཐལ་མར་དང་སྦྱར་བའི་སོ་རྩི། ལས་མཐུན་གྱི་གོས་ཟུང་རྣམས་བཤམས། གཡོན་ངོས་སུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཕྱི་ནང་གི་ཉེར་སྤྱོད་གཏོར་མ་སྨན་རཀ་དང་བཅས་པ་བཤམས། མདུན་དུ་རྡོ་དྲིལ་དགང་གཟར། མེ་ཡོལ།རླུང་གཡབ། མེ་ཏོགལས་བུམ་སོགས་ཉེ་བར་མཁོ་བ་རྣམས་འདུ་བྱས་ཤིང་། ཡི་དམ་གྱི་ལས་གཞུང་ཚོགས་ལྷག་ཡན་འགྲུབ་ནས། ལས་བུམ་གྱི་ཁར་གཟུགས་ཐག་བཀོད་དེ། ཨོཾ་སྭ་བྷ་ཝས་སྟོང་པར་སྦྱངས་། སྟོང་པ་ཆེན་པོའི་ངང་ཉིད་ལས། །ལས་བུམ་ཁྲོ་བོའི་གཞལ་ཡས་ཁང་། །པད་ཉི་ཧཱུྃ་ལྗང་འཕྲོ་འདུ་ལས། །བདུད་རྩི་འཁྱིལ་བ་རྔམ་ཞིང་ཁྲོ། །གཡས་གཡོན་རྒྱ་གྲམ་སྡིགས་མཛུབ་བསྒྲེངས། །རབ་འཇིགས་ཁྲོ་བོའི་ཆ་ལུགས་རྫོགས། །སྐུ་ལས་ཁྲོ་ཆུང་དཔག་མེད་འཕྲོ། །ལྷ་སྲིན་སྡེ་བརྒྱད་མི་སྲུན་སོགས། །བསྐྲད་གཟིར་མནན་བསྲེགས་རྡུལ་དུ་བརླག །ཚུར་འདུས་བུམ་པའི་ཆུ་དང་འདྲེས། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅི་འགྲུབ་བཟླས་རྗེས། ཁྲོ་བོའི་དབང་པོ་འོད་དུ་ཞུ།བདུད་རྩི་བུམ་ཆུའི་རྣམ་པར་གྱུར། ཞེས་བསྒྲུབས། རྒྱུ་དུས་ཀྱི་ཀུན་སློང་སྙིང་རྗེ་བསྐྱེད་ཅིང་། དེ་དུས་ཀྱི་ཀུན་སློང་ཞིང་བཅུ་སྒྲོལ་བའི་ཞེ་སྡང་དང་ལྡན་པས་ཆས་གོས་ནག་པོ་གྱོན། རག་ཤའི་ཕྲེང་བ་སེ་རལ་ཁ་བྱ། ཞིང་གི་གདན་ལ་ངག་བཅད་ནས་ཁ་ལྷོར་ཕྱོགས་པར་འཁོད་དེ་གུ་གུལ་བདུག་པ་དང་བཅས་ཁྲོ་བོའི་དྲག་སྔགས་དང་། སུམ་བྷ་ནི། བགེགས་བསྐྲད། ཨོཾ་བཛྲ་རཀྵ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊཿ ཅེས་པས་བསྲུང་བའི་འཁོར་ལོས་བཅིང་བར་བསམ། དེ་ནས་མཆོད་བསྲེག་གི་རྫས་རྣམས་ལ་ལས་བུམ་གྱི་ཆུ་འཐོར་ཞིང་། རཾ་ཡཾ་ཁཾ་གིས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཀྱི་ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་མཆོད་རྫས་དང་བསྲེག་རྫས་རྣམས་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་པས་ནམ་མཁའ་གང་བར་གྱུར་བར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྟ་པུ་ཙ་ཨཱཿ་ཧཱུྃ་གིས་མཆོད་རྫས་དང་། ཨོཾ་བཛྲ་ཀྲོ་ཏཱ་ནྲྀ་ཏྲི་མཱ་ར་ཡ་ཛ་ཛཿ ཞེས་ལན་གསུམ་གྱིས་བསྲེག་རྫས་རྣམས་བྱིན་གྱིས་བརླབས་ལ་གདོལ་བཤན་དམེ་ཡུག་གི་མེས་ཏིང་ལོ་སྦར་བ་དང་བཅས། ཨཱོཾ་ཨགྣེ་ཡེ་གནོད་བྱེད་དགྲ་བགེགས་ཛྭ་ལ་རཾ། ཞེས་མར་ནག་བླུག་གཟར་བདུན་གྱིས་གསོ། མེ་ཐབ་ལ་བསང་ཆུ་གཏོར་ཞིང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷ་ཝས་སྦྱངས་། སྟོང་པའི་ངང་ལས་ཧཱུྃ་ལས་དྲག་པོའི་ཐབས་ཁུང་ནག་པོ་གྲུ་གསུམ་པ་བང་རིམ་གསུམ་ལྡན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་རཾ་ལས་བསྐལ་བའི་མེ་དཔུང་འབར་བའི་དབུས་སུ་པདྨ་ཟླ་ཉི་དྲེགས་པ་ཕོ་མོའི་གདན་ལ་ཧཱུྃ་ལས་ཁྲག་འཐུང་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོ་ཆེ་གེ་མོའི་ལྷ་ཚོགས་གཙོ་འཁོར་བཀའ་སྲུང་དྲེགས་པའི་ཚོགས་དང་བཅས་པ་རྔམ་བརྗིད་གཏུམ་པའི་རྣམ་རོལ་མཐའ་ཡས་པའི་བདག་ཉིད་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་སྤྱན་དྲངས་པར་གྱུར༔ ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི་བྷ་གྷ་ཝཱན་མ་ཧཱ་ཀ་རི་ཎི་ཀ་ཏྲི་ཤྱ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོ། ཞེས་སྤྱན་དྲངས། བཞུགས་གསོལ་ནི། ཧཱུྃ། རབ་འཇིགས་དུས་མཐའི་མེ་རླུང་འཁྲུགས་པའི་ཀློང་། །འབར་བའི་དུར་ཁྲོད་གཞལ་ཡས་ཆེན་པོའི་དབུས། །པདྨ་ཉི་ཟླ་དབུགས་བྲལ་བརྩེགས་པའི་ཁྲིར། །དཔལ་ཆེན་དཀྱིལ་འཁོར་འཁོར་བཅས་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭཾ། ཕྱག་བྱ་བ་ནི། ཧཱུྃ། མི་འགྱུར་རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །ཡེ་ཤེས་ཆེན་པོ་ཐུགས་རྗེའི་སྐུར་སྤྲུལ་པ། །གདུག་པ་འདུལ་མཛད་དཔལ་ཆེན་གཙོ། །དྲག་པོའི་སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། གདུགས་པའི་སྙིང་ཁྲག་མཆོད་ཡོན་མཚོ་ལྟར་བསྐྱིལ། །མྱོས་བྱེད་དུག་ཁྲག་ཞབས་བསིལ་རྔམ་ཞིང་བརྗིད། །དབང་པོ་རྣམ་ལྔའི་མེ་ཏོག་ཚལ་དུ་དངར། །ཤ་ཆེན་དུད་པའི་སྤྲིན་ཕུང་ལང་ལོངས་གཡོ། །ཞུན་ཆེན་མར་མེ་བསྐལ་བའི་མེ་ལྟར་འབར། །ཁྲག་ཞགས་བདུད་རྩིའི་དྲི་ཆབ་ལྦུ་འཕྲེང་གཡོ། །ཤ་ཁྲག་རུས་པའི་ཞལ་ཟས་ཆེ་བརྗིད་རྔམ། །དྲག་པོའི་རོལ་མོས་ས་གསུམ་འདར་ཞིང་གཡོ། །དུར་ཁྲོད་ནང་གི་མཆོད་སྤྲིན་བསམ་མི་ཁྱབ། །འབུལ་གྱིས་ཚིམ་ཞིང་དགྱེས་ནས་དགྲ་བགེགས་སྒྲོལ། །བཛྲ་ཨརྒྷཾ་ནས་ཤབྟའི་བར་བརྗོད། སྨན་མཆོད་ནི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁ་ཧི།རཀྟའི་མཆོད་པ་ནི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། གཏོར་མའི་མཆོད་པ་ནི། མ་ཧཱ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟོད་པ་ནི། ཧཱུྃ། མི་བཟད་ཤིན་ཏུ་འཇིགས་པའི་གཟུགས། །གར་དགུའི་ཉམས་ལྡན་རྔམས་ཤིང་ཁྲོ། །གཏུམ་ཆེན་ཉི་མ་འབུམ་གྱི་གཟི། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །རབ་འཇིགས་ཧ་ཧ་ཧཱུྃ་ཕཊཿཀྱིས། །རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །རྡོ་རྗེ་གད་མོའི་ས་གསུམ་གཡོ། །དཔལ་ཆེན་གསུང་ལ་ཕྱག་འཚལ་བསྟོད། །མི་དམིགས་ཁྱབ་བརྡལ་ཟབ་གསལ་བ། །སྤྲོས་པ་ཀུན་བྲལ་ཡེ་ཤེས་ཆེ། །སྨྲ་བསམ་བརྗོད་མེད་རྡོ་རྗེའི་ཐུགས། །དཔལ་ཆེན་ཐུགས་ལ་ཕྱག་འཚལ་བསྟོད། །དེ་ནས་ལྷ་ཚོགས་ཐམས་ཅད་སྐུ་མདོག་ཆར་སྤྲིན་གནག་ཅིང་བཟོད་པར་དཀའ་བའི་གཟི་བརྗིད་ཅན། དྲག་པོའི་བསྲེག་བྱ་ཟ་བའི་ལས་ལ་རྔམས་པར་གྱུར་པར་བསམ་ལ། བྱོན་སྐྱེམས་ནི། ལྷ་ཚོགས་རྣམས་ཀྱིས་ལྗགས་རྡོ་རྗེ་རྩེ་མོ་གཅིག་པར་རཾ་དང་དགང་བླུགས་གྱི་རྩེར་ཧཱུྃ་མཐིང་ནག་འབར་བ་རེས་མཚན་པར་གྱུར་པར་བསམ་ནས་གང་ཡིན་གྱི་རྩ་བའི་སྔགས་བདུན་གྱིས་བཀང་བའི་གཟར་བུ་གཉིས་ཁ་སྦྱོར་བ་ཁྲོ་བོའི་ཁུ་ཚུར་གྱིས་བཟུང་ནས་པུས་མོ་ལས་ནང་དུ་མི་འདའ་བར་གཡོན་དུ་བསྐོར་ཞིང་། ཨོཾ་ཨགྣེ་ཡེ་དེ་བྱ་དེ་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་ཝ་ཧ་ན་ཡེ་བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་བྱད་མ་རྦོད་གཏོང་ཐམས་ཅད་མཱ་ར་ཡ་རྦད། ཅེས་ལན་གསུམ་གྱིས་ཕུལ་ལ། དེ་ནས་གསེར་སྐྱེམས་གཟི་དཔང་འགུག་འདྲེན་བསྐུལ་བ་དང་བཅས་གདབ་ལས་ཀྱི་རིམ་པ་གཞུང་བཞིན་བྱས་ནས། ལིང་རོར་བདུད་རྩི་བྲན་བྱིན་གྱིས་བརླབས། དེ་ནས་བསྐུལ་ཐུང་ཡོད་ན་འདིའི་མཐར་རམ། ཡང་ན། ཛཿ དགྲ་བགེགས་བདུད་དཔུང་འདུལ་མཛད་པའི་། །དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་རྣམས། །དྲག་པོའི་དམ་ཚིག་དུས་ལ་བབ། །དགྲ་བགེགས་བསྒྲལ་བའི་དུས་ལ་བབ། །སྤྲུལ་པའི་དམག་ཚོགས་དགྲ་ལ་གྱིས། །ལས་ངན་གདུག་ཅན་དགྲ་བགེགས་རྣམས། །སྟོང་གསུམ་འཇིག་རྟེན་གར་ནས་ཀྱང་། །རིང་བར་ཁུག་ལ་དམ་དུ་ཆིངས། །མྱུར་བར་སོད་ལ་རྡུལ་དུ་རློགས། །ཤ་ཟོ་ཁྲག་འཐུང་རུས་པ་འཆོས། །སྲོག་རྩ་ཆོད་ལ་དུས་མཐའ་བསྟུངས། །བཞེས་ཤིག་ལྷག་མ་མེད་པར་མཛོད། །ཧཱུྃ། གདུག་རྩུབ་དྲག་པོའི་ཧོམ་ཁུང་དུ། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །སྡང་དགྲ་གནོད་པའི་བགེགས་ཚོགས་ཀྱི། །ཕྱི་ཡི་ཕུང་ཁམས་སྐྱེ་མཆེད་འབུལ། །ནང་གི་བླ་ཚེ་སྲོག་དབུགས་འབུལ། །ཁ་རྗེ་དབང་ཐང་རླུང་རྟ་འབུལ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །ལས་ངན་གདུག་པའི་དགྲ་བགེགས་འདི། །དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབས། །འཁོར་ཚོགས་རྒྱ་མཚོའི་ཞལ་དུ་བསྟབས། །བཞེས་ཤིག་རོལ་ཅིག་ཁཱ་རཾ་ཁཱ་ཧི། །འཁོར་བཅས་དགྱེས་ཤིང་ཚིམ་གྱུར་ནས། །དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད། །ཛཿ སྲིད་པའི་བརྩོན་ཁང་དྲག་པོའི་ཨེ། །བསྐལ་བའི་མེ་དཔུང་འབར་བའི་ཀློང་། །གདུག་པའི་ཡམ་ཤིང་མར་ནག་ཚིལ། །དམིགས་པའི་གཟུགས་རྟེན་དྲག་པོའི་རྫས། །གནད་འབེབས་མྱོས་བྱེད་གསོད་པའི་མཚོན། །ཚ་བའི་ནད་སྐྱེད་རྫས་རྒོད་རྣམས། །ཕུལ་བས་དགྲ་བགེགས་གདུག་པའི་ཚོགས། །ལུས་ངག་རྡུལ་དུ་བསྲེགས་ནས་ཀྱང་། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །ཅེས་རྩ་སྔགས་མཐར། གནོད་བྱེད་དགྲ་བགེགས་སྲི་ངན་བྱད་མ་ལྷ་སྲུང་དང་བཅས་པའི་བླ་ཚེ་སྲོག་གསུམ་ཤ་ཁྲག་དབང་པོ་དོན་སྙིང་དང་བཅས་པ་ལ་ཁཱ་ཧི་རཾ་རཾ། ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ས་མ་ཡ་ནྲྀ་ཏྲི་ཤ་ཏྲུན་ཧུར་ཐུཾ་ཛཿ མ་ར་ཡ་རྦད། ཅེས་པའི་མེ་སྲོག་འཛིན་པའི་རྫས་ཀྱི་བར།སྔགས་རྫས་བསྟུན་པའི་བརྒྱ་རྩ་བརྒྱད་སོགས་གཙོ་འཁོར་ཐམས་ཅད་ལ་ཐུན་མོང་དུ་འབུལ། འདིར་འཇུག་པ་བདེ་བའི་དབང་དུ་བྱས་ཀྱིས་རྒྱས་པར་སྤྲོ་ན་གཙོ་བོ་ལ་བརྒྱ་རྩ་འཁོར་རྣམས་ཉེར་གཅིག་རེ་སོགས་སོ་སོར་འབུལ་བའི་ཚུལ་ཤེས་པར་བྱའོ། །དམིགས་བསལ་བགེགས་ལྟ་བུ་ལ་རྫས་གཞན་རྣམས་རྫོགས་ནས་ལྕགས་སླང་དུ་མར་ནག་བསྐོལ་བའི་མེ་ལྕེ་སླེབ་པའི་བར་ལིངྒ་བཀྲམ་ལ་གསེར་སྐྱེམས་འགུག་འདྲེན་དྲག་བསྐུལ་རྣམས་བྱས་ནས་བཞེས་སྒྲ་དྲག་པོ་དང་བཅས་ཛ་གད་རྫས་ལྡན་གྱི་མེ་སྦར་ཏེ་ཧམ་མཆོད་བྱ་བ་ཡིན་ནོ། །བྱོན་ཟས་ཇི་ལྟ་བུའི་གཤེགས་སྐྱེམས་ཕུལ་ལ་སླར་ཡང་ཨོཾ་བཛྲ་པུཥྤཱེ་དྷུཔྤེ་ནས་ཤབྟ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་མ་ཧཱ་སརྦ་པཱུ་ཙ་ས་མ་ཡ་ཁཱ་ཧི་ཁཱ་ཧི།ཞེས་མཆོད་ཅིང་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ། སོ་རྩི་དང་། ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོས་ཟུང་ཕུལ་བསྟོད་པ་ལས་བྱང་བཞིན་བྱ། འདོད་དོན་གསོལ་བ་ནི། ཧོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་ཁྲག་འཐུང་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་སྤྱི་རྗེ། དོན་ཅན་རྒྱ་མཚོའི་ཚོགས་ཀྱི་ཡང་རྗེ། འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོ་ཆེ་གེ་མོའི་སོགས་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་སུ་བཅོལ་བ་ནི། སྤྱི་དགོས་བསྟན་པའི་རུ་ཏྲ་སྡང་དགྲ་དམག་ཇག་ཆོམ་རྐུན་བསམ་ངན་དུག་སྦྱོར་མི་ཁ་གྱོད་བྱུར་ཕྱོགས་བཅུ་གང་དུ་མཆིས་ཀྱང་ཐལ་བ་རྡུལ་དུ་རློག་ཅིགགནོད་བྱེད་ལོག་འདྲེན་འབྱུང་པོ་སུ་དང་གང་གིས་གནོད་ཀྱང་མིང་ཙམ་མེད་པར་མཛོད་ཅིག བྱད་དང་སྦད་འདྲེ་རྦོད་གཏོང་བན་བོན་གང་གིས་བཏང་ཡང་རང་གཤེད་རང་ལ་ཕོབ་ཅིག ཟ་འདྲེ་གོད་འདྲེའི་རྫུན་ལམ་མི་ནོར་གང་ལ་ཟུག་ཀྱང་གནོད་པའི་རྫུན་ལམ་ཆོད་ཅིག མདོར་ན་སྔོན་ལས་འཕྲལ་རྐྱེན་ལས་གྱུར་པའི་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་དམ་སྲི་བདུད་སྡེ་དཔུང་དང་བཅས་པ་ཐམས་ཅད་ལོ་དང་ཟླ་བ་ཞག་དང་ཟ་མར་མ་འགྱང་བར་མྱུར་བ་ཉིད་དུ་སོད་ལ་མིང་ཙམ་བརྡ་ཙམ་མ་ལུས་པ་ཐལ་བ་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག ཅེས་འདོད་དོན་གསོལ། ཡི་གེ་བརྒྱ་པས་ལྷག་ཆད་བསྐངས་ཏེ་ནོངས་པ་བཟོད་པར་གསོལ། ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས་ཤིང་། དམ་ཚིག་པ་བདག་ལ་ཐིམ་པར་བསམ། ཤེས་པ་བརྗོད་ཅིང་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ། མེ་དུག་ཁྲག་གིས་གཞལ་ནས་ཐལ་སོལ་རྣམས་མཆོད་རྟེན་ནམ་ལམ་རྒྱ་གྲམ་དུ་སྦས་ལ་མནན་གཟིར་གྱིས་རྟ་བྲོ་གཞུང་བཞིན་བྱའོ། །ཞེས་པའང་གཏེར་ཆེན་རིན་པོ་ཆེའི་གསུང་དང་། དྲག་དམར་བློ་བུར་ཧོཾ་བསྲེག་དང་ཕྱོགས་མཐུན་པར་ཁྱབ་བདག་བླ་མ་མཆོག་གིས་མཛད་པའི་དྲག་པོའི་སྦྱིན་བསྲེགས་ལ་སོགས་ལས་འོས་འཐད་ཀྱིས་བརྒྱན་ཏེ་ངེས་དོན་བསྟན་འཛིན་བཟང་པོས་བྲིས་པའོ། །དགེའོ། །


previousདྲག་པོའི་སྦྱིན་སྲེག་བསྡུས་པ་བདུད་དཔུང་སྲེག་པའི་མེ་ཆེན་བཞུགས་སོ།།next