Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

4 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
 
  
  
ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསང་མཆོད་དངོས་གྲུབ་ཆར་འབེབས་བཞུགས་སོ།།
  
  


4 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསང་མཆོད་དངོས་གྲུབ་ཆར་འབེབས་བཞུགས་སོ།།next

ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསང་མཆོད་དངོས་གྲུབ་ཆར་འབེབས་བཞུགས་སོ།།

ན་མོ་གུ་རུ། ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསང་མཆོད། རང་གི་ཡུལ་གྱི་ལྷ་གང་ཡིན་གཏོང་སྲོལ་ལ་ད་ལམ་གནས་མཆོག་འདིའི་མཚོན་པའི་ཡུལ་སྐྱོང་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསང་མཆོད་ལ། ཡོ་བྱད་རྣམས་སྤེལ་ཏེ་འདི་སྐད་དོ། །ཀྱཻ། མདོ་ཁམས་སྒང་གི་ཟོ་དོར་ནི། །ལྷ་ནི་རྒྱལ་ཆེན་བཞི་ཡི་རིགས། །གནས་ནི་ཤེལ་བྲག་གངས་ཀྱི་རི། །ས་ལ་གནས་པའི་རྫུ་འཕྲུལ་ཅན། །བོད་ཁམས་ཡོངས་ཀྱིས་མཚན་གསོལ་བ། །གཉན་ཆེན་ཟིལ་ཁྲོམ་ཟོ་དོར་གཙོ། །སློབ་དཔོན་པདྨས་དབང་བསྐུར་ནས། །གསང་མཚན་རྡོ་རྗེ་གཡུང་དྲུང་རྩལ། །ལྷ་ཡི་དགེ་བསྙེན་ཆེན་པོ་ནི། །རྣལ་འབྱོར་བདག་གིས་སྤྱན་འདྲེན་གྱི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །གཉན་ཆེན་ཁྱེད་ཀྱི་ཕོ་བྲང་ནི། །རིན་ཆེན་དུང་གི་སྐུ་མཁར་ལ། །ཁ་བད་དངུལ་ལ་བ་གམ་ཤེལ། །མུ་ཏིག་ཕྲེང་བས་བད་ཚར་བྱས། །གསེང་ཀ་གཡུ་གདུང་མིག་མང་རས། །འཆོང་སྒོ་དངུལ་གྱི་པ་ཊ་ཅན། །སྐར་ཁུང་གཡུ་ཡི་དྲྭ་མིག་ཅན། །ལྷབ་ལྷུབ་དར་གྱི་འཕན་གདུག་ཅན། །འདོད་དགུའི་ལོངས་སྤྱོད་ཕུན་སུམ་ཚོགས། །རྩེ་མོ་མཐོན་པོ་དགུང་དང་མཉམ། །ཐད་ནས་ཉི་མ་ཟླ་བ་ཤར། །མགུལ་དུ་ལྷོ་སྤྲིན་ཕྱུག་མོ་འཁྲིགས། །ཞོལ་དུ་མེ་ཏོག་རྩི་ཐོག་བཀྲ། །གསེར་ཁྲི་གཡུ་ཡི་པ་ཏྲ་ཅན། །ལྷབ་ལྷུབ་དར་གྱི་གདན་སྟེང་ན། །གཉན་ཆེན་ཟིལ་ཁྲོམ་སྐུ་མདོག་དཀར། །དབུ་ལ་དར་དཀར་ལ་ཐོད་དང་། །སྐུ་ལ་དར་དཀར་བྱམ་ཚེ་མནབས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །བཙུན་མོ་སྲས་བཅས་འཁོར་གྱིས་བསྐོར། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །གཞི་ནས་བྱེས་སུ་བྱོན་པའི་ཚེ། །མི་དཀར་དུང་གི་རྨོག་ཞུ་ཅན། །དར་འཕྲུ་རྒོད་འཕྲུ་དགུང་དུ་འཕུར། །དུང་ཁྲབ་དར་དཀར་ན་བཟའ་མནབ། །གཡས་ཀྱི་སྟག་དོང་ཁྲ་བོ་ལ། །ཤེས་རབ་ལྷ་མདའ་སྐར་ལྟར་འཁྲུགས། །གཡོན་གྱི་གཟིག་ཤུབས་ཐིག་ལེ་ལ། །ཐབས་ཀྱི་གཞུ་བརྡུང་ཅོགས་སེ་ཅོག །དེ་མཆན་དངུལ་ཤུབས་ཟབ་བཀྲ་ལ། །ཡ་ཚ་སྐར་ཕྲན་གློག་ལྟར་འཁྱུགས། །གཡས་པས་བ་དན་དཀར་པོ་ཕྱར། །གཡོན་པས་སྦ་ལྕག་གླད་ལ་གཡུགས། །ཆིབས་སུ་ངང་པ་གཡུ་རྔོག་བཅིབས། །རོལ་དུ་ཁམས་པ་ཤལ་མིག་ཁྲིད། །གསེར་སྲབ་གཡུ་མཐུར་སི་ལི་ལི། །གསེར་སྒ་གཡུ་ཡི་ཨ་འཇོག་ཅན། །སྔ་རུ་མེ་ཤེལ་ཉི་མ་རིས། །ཕྱི་རུ་ཆུ་ཤེལ་ཟླ་བ་རིས། །འཇའ་ཚོན་གོང་སྨེད་འཁྱུགས་སེ་འཁྱུག །འཁྲུལ་གྱི་ཡོབ་ཆེན་ཝངས་སེ་ཝང་། །སྟག་གཟར་གཟིག་གཟར་ལྷབས་སེ་ལྷབ། །དར་གྱི་འཕྲུལ་ལྕེ་པུ་རུ་རུ། །སྐྱེས་མཆོག་ཁྱེད་ཀྱི་གཡས་ཕྱོགས་ན། །སྐྱེས་ཕྲན་རྟ་བ་སྟོང་ཕྲག་གཅིག །ཁྲབ་གྱོན་མདུང་རྩེ་ལྗིབས་སེ་ལྗིབ། །ལྷ་གཉན་ཁྱེད་ཀྱི་གཡོན་ཕྱོགས་ན། །སྐྱེས་ཕྲན་བེར་གྱོན་སྟོང་ཕྲག་གཅིག །མདའ་འཕེན་ལེན་མ་ཤ་ར་ར། །རྒྱལ་ཆེན་ཁྱེད་ཀྱི་མདུན་ཕྱོགས་ན། །མི་དཀར་རྟ་དཀར་སྟོང་ཕྲག་གཅིག །བ་དན་རྩེ་བརྒྱད་པུ་རུ་རུ། །སྐྱེས་མཆོག་ཁྱེད་ཀྱི་རྒྱབ་ཕྱོགས་ན། །ལྷ་དམག་གཉན་དམག་དཔུངས་སེ་དཔུང་། །སྐྱེས་མཆོག་ཁྱེད་ཀྱི་སྟེང་ཕྱོགས་ན། །བྱ་ཁྲ་བྱ་རྒོད་ཤ་ར་ར་། །མཚམས་ཀྱི་བར་སྐབས་ཐམས་ཅད་ལ། །དུང་སེང་མཆོང་བ་རྒྱངས་སེ་རྒྱང་། །སྟག་གཟིག་དོམ་དྲེད་རྦད་དེ་རྦད། །ལྷ་གཡག་ངུར་གདང་ཆེམས་སེ་ཆེམ། །ལྷ་རྟ་སྒ་བཅས་སི་ལི་ལི། །མ་སྲིང་ལྕམ་དྲལ་བཙུན་མོའི་ཚོགས། །ཆིབས་སུ་ཤ་རྐྱང་རྩོད་རྒོ་བཅིབས། །མཚར་སྡུག་འོད་ཆགས་མཛེས་མ་རྣམས། །གསེར་གཡུ་མུ་ཏིག་ལན་ཚར་སྤྲས། །དར་ཟབ་ས་ཁར་ཞོམ་ཞིང་ལྡེམ། །མདའ་དར་མེ་ལོང་བུམ་པ་འཛིན། །འཁོར་བཅས་མ་ལུས་ཐམས་ཅད་ལ། །འདོད་དགུའི་ལོངས་སྤྱོད་སྣ་ཚོགས་འབུལ། །སྲིད་པ་གངས་ཀྱི་མཚོན་པའི་ཕྱིར། །རི་དབང་རྒྱལ་པོ་ཆེན་པོ་བསང་། །རི་གཉན་འོག་ཏུ་འཁོད་པའི་ཕྱིར། །གོང་ན་མེད་པའི་ཟོ་དོར་བསང་། །ཞལ་རས་ཤར་དུ་གྱུ་བའི་ཕྱིར། །ལྷ་ཡི་སྲིད་སྐྱོང་དགྲ་ལྷ་བསང་། །ཕྲག་པ་ཙམ་ལས་མི་མཐོ་བའི། །འབྲི་ལུང་རྒྱུད་ཀྱི་ཟོ་དོར་བསང་། །བཀའ་ཉན་གཡས་ནས་བསྐོར་བ་བསང་། །སྐེད་པ་ཙམ་ལས་མི་མཐོ་བའི། །ཟླ་ཤོད་རྒྱུད་ཀྱི་ཟོ་དོར་བསང་། །བཀའ་ཉན་གཡོན་ནས་བསྐོར་བ་བསང་། །ང་འདྲ་མོ་རྣམས་གཙང་དཀར་སོགས། །བློན་ཆེན་མདུན་ནས་འཁོར་བ་བསང་། །ཞུལ་ཡག་ཞུལ་ཕྲན་ལ་སོགས་པའི། །སྲས་འཁོར་རྗེས་སུ་འབྲང་བ་བསང་། །བཙུན་མོ་མུ་ཏིག་ཤེལ་རུ་སྨན། །རྒོད་ལྕམ་ཁ་རག་ལ་སོགས་པའི། །ལྕམ་སྨན་མཆན་དུ་འཁོད་པ་བསང་། །བྲག་དཀར་མདུང་རྩེ་གཤིབ་འདྲས་བསྐོར། །ལྷ་དམག་གཉན་དམག་འཁོར་བཅས་བསང་། །སྒྲུབ་གནས་བརྒྱ་ཡིས་བསྐོར་བ་དེ། །དགེ་བའི་སྡོང་གྲོགས་མཛད་ཕྱིར་བསང་། །གཏེར་ཁ་བརྒྱ་ཡིས་བསྐོར་བ་དེ། །བདེ་ལེགས་འབྱོར་བ་རྒྱས་ཕྱིར་བསང་། །མདུན་གྱི་ལྷ་མཚོ་དཀར་མོ་དེ། །ལྷ་སྨན་ཡུལ་དུ་རོལ་ཕྱིར་བསང་། །མཚོ་མོ་བརྒྱ་ཡིས་བསྐོར་བ་དེ། །ཀླུ་ཆེན་འཁོར་དུ་རོལ་ཕྱིར་བསང་། །ཆུ་མིག་འབུམ་གྱིས་བསྐོར་བ་དེ། །ཀླུ་ཕྲན་བྲན་དུ་འཁོར་ཕྱིར་བསང་། །ངམ་འབྲོག་ནགས་ཚལ་བསྐོར་བ་དེ། །ཤ་ཟའི་ཚོགས་ཀྱིས་བསྐོར་བ་བསང་། །གཡང་ཤལ་གངས་ཤལ་མང་བ་དེ། །ལྷ་སྨན་རྣམས་ཀྱི་བསྐོར་བ་བསང་། །བྲག་ནག་དོམ་ནག་ཁྲོས་འདྲས་བསྐོར། །བདུད་དམག་མང་པོས་བསྐོར་བ་བསང་། །བྲག་དམར་སྤྲེལ་དམར་ཁྲོས་འདྲས་བསྐོར། །བཙན་དམག་མང་པོས་བསྐོར་བ་བསང་། །བྲག་ནག་མཚོན་ཆ་ཕྱར་འདྲས་བསྐོར། །ཕོ་ཉ་མང་པོས་བསྐོར་བ་བསང་། །མདའ་མདོ་རི་བྲག་མང་པོས་བསྐོར། །སྒོ་སྲུང་མང་པོས་བསྐོར་བ་བསང་། །འཁོར་དང་བཅས་པ་ཁྱེད་རྣམས་ལ། །ཤིང་རྩི་སྨན་བཟང་ཕྱེ་མར་དང་། །སྦ་སྨྱུག་དར་སྣས་བརྒྱན་པས་མཆོད། །འབྲས་ཀྱི་གཡག་ལུག་ར་གསུམ་དང་། །དཀར་གསུམ་མངར་གསུམ་ཞིམ་དགུའི་མཆོད། །ཤ་ཕུད་ཆང་ཕུད་ཇ་ཕུད་དང་། །འདོད་དགུའི་ལོངས་སྤྱོད་སྣ་ཚོགས་འབུལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ནད་མེད་ཚེ་དང་ལོངས་སྤྱོད་དང་། །དཔལ་དང་འབྱོར་བ་རྒྱས་པ་དང་། །གྲགས་དང་སྙན་པས་ཁྱབ་པ་དང་། །ལོ་འབྲས་རྟག་ཏུ་ཡག་པར་མཛོད། །མི་མཐུན་ཕྱོགས་རྣམས་ཞི་བ་དང་། །འགྲོ་ན་མ་བཅག་སྐྱེལ་མ་དང་། །འདུག་ན་མ་སྡང་འཚོ་བ་སྦྱོར། །མཐུ་དཔུང་མགོན་སྐྱབས་སྡོང་གྲོགས་མཛོད། །བསྟོད་པ་ནི། ཧཱུྃ་བྷྱོཿ ཆེ་བཙན་ཟླ་བྲལ་རི་དབང་སྤུན་དགུ་པོ། །པདྨའི་བཀའ་འབངས་གང་འདུལ་རྡུལ་བརླག་མཛད། །བཤད་སྒྲུབ་སྡེ་སྐྱོངས་ལེགས་ཉེས་ཀུན་འབྱེད་པ། །ཆབ་སྲིད་རིགས་རྒྱུད་སྐྱོང་མཛད་ཁྱོད་ལ་བསྟོད།། འདི་ཉིད་ཀྱི་མཛད་བྱང་མི་གསལ་ཡང་སྔར་ནས་ངེས་དོན་བསྟན་འཛིན་བཟང་པོའི་གསུང་ཡིན་པ་སོར་བཞག་བྱས་པ་དེ་བཞིན་ད་ལམ་གསུང་ཆོས་སུ་བཀོད་པའོ།།


previousཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསང་མཆོད་དངོས་གྲུབ་ཆར་འབེབས་བཞུགས་སོ།།next