Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

9 occurrences of འབེན་
[Clear Hits]


  
  
  
  
  
འཇིགས་མེད་རྒྱལ་བའི་མྱུ་གུའི་འདས་རྗེས་ཞལ་ཆེམས།།
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


9 occurrences of འབེན་
[Clear Hits]

 
previousའཇིགས་མེད་རྒྱལ་བའི་མྱུ་གུའི་འདས་རྗེས་ཞལ་ཆེམས།།next

འཇིགས་མེད་རྒྱལ་བའི་མྱུ་གུའི་འདས་རྗེས་ཞལ་ཆེམས།།

ཆུ་ཡོས་ཟླ་བ་དང་པོའི་ཚེས་ཉེར་ལྔ་ལ་བདག་སྤྲུལ་མིང་ཚོགས་དྲུག་རང་གྲོལ་ས་སྐྱོངས་རྒྱལ་པོའི་ཚེ་སྒྲུབ་བསྙེན་སྐབས། ནང་པར་ཐོ་རངས་ཀྱི་ཆར་ཐུན་གྱི་འོད་གསལ་གྱི་ངང་ནས་བདག་མཆོད་རྟེན་བདེ་བྱེད་བརྩེགས་པར་སླེབ་འདུག ཁོ་བོ་མཆོད་རྟེན་གྱི་བུམ་པའི་ནང་དུ་འདུག་སྐབས་མདུན་གྱི་ནམ་མཁའ་ནས་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་རོལ་མོའི་སྒྲ་མང་དུ་བསྒྲགས་ཤིང་དྲི་བཟང་གི་དུད་པས་ཕྱོགས་ཀུན་ཁྱབ་པར་བྱས་ཤིང་། བདག་ལ་མཁའ་འགྲོ་ཞིག་གིས་ཕ་གི་རིག་འཛིན་ཆེན་པོ་འཇིགས་མེད་རྒྱལ་བའི་མྱུ་གུ་འཇིག་རྟེན་མི་ཡུལ་ནས་ཨོ་རྒྱན་མཁའ་འགྲོའི་ཚོགས་དཔོན་གཤེགས་སོ་ཟེར་བའི་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་དབུས་སུ། མཁའ་འགྲོ་མ་བཞིས་དར་གྱི་མདོ་ལི་ཕྱོགས་བཞིར་རྡོ་རྗེ་ཕྱེད་པས་མཚན་པའི་སྟེང་དུ་སེང་གེའི་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྣལ་འབྱོར་པའི་ཆ་བྱད་ཅན་གཟི་བརྗིད་སྔར་ལས་ཆེས་ཆེར་ལྷག་པ། ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་ཞིང་ཐུགས་ཀར་བསྣོལ་ཏེ་བཞུགས་པ། དར་གྱི་གྲྭ་བཞིར་ཤར་ལྷོ་ནུབ་བྱང་ནས་མཁའ་འགྲོ་མ་དཀར་སེར་དམར་ལྗང་བཞིས་ཕྱག་གཡས་རང་རྟགས་དང་གཡོན་དར་གྱི་གྲྭ་བཞིའི་རྡོ་རྗེ་བཟུང་ལ་བཏེགས་པ། མཁའ་འགྲོ་མ་བཞིས་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་རྣམས་ལ་ཞོན་པ། འཇའ་སྤྲིན་འོད་ལྔའི་ཀློང་ན་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་གླུ་གར་རོལ་མོའི་བྱེ་བྲག་སྣ་ཚོགས་བྱེད་འདུག་པའི་མོད་ལ་ཁོ་བོས་མི་ཡུལ་དུ་འགྲོ་དོན་མཛད་པར་ཞུ་ཞུས་པའི་ལན་དུ། རྗེ་སྲོང་བཙན་ནས་ད་ལྟའི་བར་དག་ཏུ། །འགྲོ་དྲུག་གི་གདུལ་བྱ་བྱས་ཟིན་ཏེ། །ཁྱད་པར་མི་ལུས་འདི་ཉིད་དུ། །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ། །དཀར་ནག་གི་ལས་འབྲས་བླང་དོར་དང་། །རྫོགས་ཆེན་གྱི་ཁྱད་ཆོས་ཨ་ཏི་ཡིས། །ཐམས་ཅད་ལ་འགྲོ་དོན་བྱས་ཟིན་ཏེ། །རྗེས་འཇུག་གི་བུ་སློབ་ཐམས་ཅད་ལ། །ཁོ་བོ་ཡི་རིག་འཛིན་ཆེན་པོའི་གསུངས། །དོན་མ་ནོར་བ་ཁྱེད་ལ་གདམས་པར་བྱ། །གདོད་ནས་རྣམ་དག་བསམ་ཡུལ་འདས་པའི་ཀློང་། །སེམས་ཉིད་རྒྱལ་པོ་རང་བཞིན་རྫོགས་པ་ཆེ། །གང་ཡང་མ་སྤང་ཀུན་ལས་འདས་པའི་དོན། །གང་ཤར་ཞེན་མེད་ལྷུན་འབྱམས་རིག་པའི་ཀློང་། །ཅོག་བཞག་རང་གྲོལ་གཅེར་མཐོང་བསམ་ཡུལ་མེད། །རང་བཞིན་བབ་ཡིན་བཅོས་ལྷད་མ་བྱེད་ཅིག །རྨོངས་པ་གང་གི་ངོ་བོ་དེ་བོར་ནས། །གཉུག་མའི་སེམས་ལ་སྒྲིམ་པོའི་གཟེབ་བསྐུལ་ནས། །བཅོས་ཤིང་བཅོས་ཤིང་སྙིང་པོའི་དོན་ལ་སྒྲིབ། །གྲོལ་བ་མེད་པར་དེ་ཡིས་སླར་འཆིང་བྱེད། །གང་ལ་བློ་ཡི་ཁོང་ན་ལྷོད་ཡོད་པ། །རང་བཞིན་ཉིད་དེ་དེ་ལ་བཅོས་མི་དགོས། །འགྱུ་མཐོང་རང་དག་གཉེན་པོས་མ་ལྷད་ཅིག ། །སྤང་བྱས་མ་བསྒྱུར་གཤིས་ཏེ་རྫོགས་པ་ཆེ། །ཡོད་ཉིད་མེད་ལ་མེད་ཉིད་ཡོད་པའི་མཐའ་། །དངོས་ཀུན་བཤིག་པའི་སྟོང་པ་རྫོགས་པ་ཆེ། །བཅོས་ཤིང་བཅོས་ཤིང་གྲོལ་བ་འདོད་པའི་མི། །རྟག་ཆད་གཉིས་ལས་ཐར་བ་ཡོད་དམ་ཅི། །གཞི་མེད་རྩལ་བྲལ་ཡེ་ནས་རྫོགས་པ་ཆེ། །སྟོང་དང་སྣང་དང་ཡོད་དང་མེད་པའི་སྒོམ། །གང་ལ་སྒོམ་ཡོད་ལྟ་དང་སྤྱོད་པ་ཡོད། །དེ་ལ་སྲིད་ཡོད་འཁོར་བའི་སྡུག་བསྔལ་ཡོད། །གང་ལ་ཆོས་ཡོད་ཐེག་པའི་ཞེ་འདོད་ཡོད། །དེ་ལ་ཉོན་མོངས་གཟེབ་ཡོད་འཆིང་བ་ཡོད། །གཞི་བྲལ་ལམ་འགགས་འབྲས་བུའི་ཞེ་འདོད་ཟད། །ཐེག་པའི་འདོད་ཞེན་རྡུལ་ཙམ་མི་གནས་ལ། །དེ་ལ་ལས་མེད་རྣམ་སྨིན་གོས་པ་མེད། །སྲིད་ཞིར་མི་གནས་ནམ་མཁའི་ངང་དུ་གྲོལ། །ཡུལ་གྱི་མཁའ་ལ་རིག་པའི་རྩལ་འཕྱོ་བ། །གཏད་མེད་རྒྱལ་པོ་འཛིན་མེད་ཤར་བའི་མི། །ཡུལ་དང་ཡུལ་ཅན་སྲིད་ལས་རང་གྲོལ་ནས། །དུས་གསུམ་འཕོ་འགྱུར་མེད་པའི་ངང་དུ་གནས། །རིག་པའི་རྒྱལ་པོ་སྟོང་གསལ་ཆོས་སྐུའི་གདངས། །མི་འགྱུར་ལྷུན་གྲུབ་གཞི་རྩ་བྲལ་བའི་གདངས། །གདེངས་དང་ལྡན་པས་གདོད་མའི་ཀློང་དུ་ཨཿ ཞེས་གསུངས་ཤིང་སྐད་ཅིག་ཉིད་ལ་རྔ་ཡབ་དཔལ་རིའི་ཕོ་བྲང་ཆེན་པོའི་དབུས་སུ་རིག་འཛིན་བླ་མ་དེ་ཉིད་གནས་འགྱུར་ནས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ། །གར་གྱི་ཉམས་དགུ་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ། །འཁོར་དུ་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཐམས་ཅད་བཀྲ་ལམ་གྱིས་ཤར་བའི་ཉམས་བྱུང་། ཁོ་བོ་དབང་བསྐུར་བའི་གསོལ་བ་བཏབ་པས་དབང་ཐོབ་པའི་ཉམས་བྱུང་། ཡང་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཐམས་ཅད་གཙོ་བོ་ལ་ཐིམ། དཔལ་ཆེན་པོ་འོད་སྔོན་པོའི་རྣམ་པར་གྱུར་ཏེ་གུ་རུ་རིན་པོ་ཆེའི་ཐུགས་ཀར་ཐིམ། དེ་མ་ཐག་ཏུ་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་བཛྲ་གུ་རུའི་སྒྲ་འབར་འབིར་བཟླས་པའི་རྐྱེན་གྱིས་མནལ་སད་པས་ཁོ་བོ་རང་མལ་ན་ཡོད་འདུགཉེར་ལྔའི་ཉིན་རིག་འཛིན་བླ་མའི་དུས་དྲན་གྱི་ཚུལ་དུ་བླ་སྒྲུབ་རིག་འཛིན་འདུས་པའི་ཚོགས་བརྒྱ་ཞིག་ཕུལ་ལོ། །


previousའཇིགས་མེད་རྒྱལ་བའི་མྱུ་གུའི་འདས་རྗེས་ཞལ་ཆེམས།།next