Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

9 occurrences of འབེན་
[Clear Hits]


  
  
  
  
  
  
འཇིགས་མེད་རྒྱལ་བའི་མྱུ་གུའི་འདས་རྗེས་ཞལ་ཆེམས་ཀྱི་འགྲེལ་བ་སེམས་ཉིད་གཅེར་མཐོང་།།
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


9 occurrences of འབེན་
[Clear Hits]

 
previousའཇིགས་མེད་རྒྱལ་བའི་མྱུ་གུའི་འདས་རྗེས་ཞལ་ཆེམས་ཀྱི་འགྲེལ་བ་སེམས་ཉིད་གཅེར་མཐོང་།།next

འཇིགས་མེད་རྒྱལ་བའི་མྱུ་གུའི་འདས་རྗེས་ཞལ་ཆེམས་ཀྱི་འགྲེལ་བ་སེམས་ཉིད་གཅེར་མཐོང་།།

སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ་ཕྱག་འཚལ་ལོ། །འདིར་རང་བཞིན་རྫོགས་པ་ཆེན་པོའི་ལམ་ནས་གྲུབ་པ་བརྙེས་པའི་སྔོན་གྱི་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཀྱང་རྟོགས་དོན་ཉམས་ལེན་གྱི་གནད་མཐར་ཐུག་པ་སྲས་ཀྱི་ཐུ་བོ་རྣམས་ལ་འདས་རྗེས་ཞལ་ཆེམས་ཀྱི་ཚུལ་དུ་གདམས་པས་རྟོགས་གྲོལ་དུས་མཉམ་ཞིང་སློབ་དཔོན་དང་དགོངས་པ་མཉམ་པར་གྱུར་པ་ཤ་སྟག་ཡིན་ལ། དེ་བཞིན་དུ་དེང་གི་སྐབས་སུ་ཡང་མཚུངས་མེད་ཆོས་རྗེ་ཁྱབ་བདག་འཁོར་ལོའི་མགོན་པོ་འཇིགས་མེད་རྒྱལ་བའི་མྱུ་གུ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་སྐབས་སུ་ཐུགས་ཀྱི་སྲས་མཚུངས་པ་མེད་པ་སྤྲུལ་པའི་སྐུ་རིན་པོ་ཆེ་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་འོད་གསལ་ཡེ་ཤེས་ཀྱི་སྣང་ཆ་རྫོགས་པ་ཆེན་པོ་ཉམས་ལེན་གྱི་གནད་མཐར་ཐུག་པ་ཞལ་ཆེམས་འདས་རྗེས་ཀྱི་ཚུལ་དུ་གསུངས་པ་འདིའི་དོན་ཅུང་ཟད་བཀྲལ་ནས་འཆད་པ་ལ་གསུམ། གཞི་མ་འཁྲུལ་བའི་ཆོས་ཉིད་གཉུག་མ་རང་གི་ངོ་བོ་བསྟན་པ། ལམ་མ་བཅོས་པའི་སེམས་ཉིད་རིག་སྟོང་རྗེན་པར་ཉམས་སུ་བླང་ཚུལ། འབྲས་བུ་བླང་དོར་བྲལ་བའི་ངང་དུ་འཁྲུལ་རྟོག་གི་གྲོལ་ས་བསྟན་པའོ། དང་པོ་ནི། འདི་ལྟར་གདོད་མའི་གཤིས་ཀྱི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་བདེ་གཤེགས་སྙིང་པོ་རང་གི་ངོ་བོ་གང་ཡིན་པ། རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་དུས་ཙམ་ན་འཁོར་འདས་ཀྱི་སྤྱི་གཞི་སྟེ་ཆོས་ཉིད་རང་གི་ངོ་བོ་སྒྲིབ་གཉིས་ཀྱི་དྲི་མས་བསླད་མ་མྱོང་བའི་གཞི་ཀ་དག་ཆེན་པོ་དེ་ལ་གདོད་ནས་རྣམ་དག་ཅེས་བྱ། དེ་ལྟ་བུའི་ཆོས་ཉིད་དེ་བློས་རྟོག་དཔྱོད་ཚིག་གིས་བརྗོད་པ་ལ་སོགས་པས་ཤེས་པར་མི་ནུས་ཤིང་བསམ་པའི་ཡུལ་ལས་འདས་པས་ན་བསམ་ཡུལ་འདས་པའི་ཀློང་། དེ་ཡང་དོན་དུ་ན་དབྱིངས་སྟོང་པ་ཉིད་ཆོས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནི་བསམ་བརྗོད་ཀྱི་ཡུལ་འདས་པ་ཡིན་ནོ་ཞེས་བསྟན། དེ་ལྟ་བུའི་ཆོས་ཉིད་དེའང་གཞན་ན་མེད་དེ་རང་གི་སེམས་ཀྱི་རང་བཞིན་འོད་གསལ་བ་དང་གཉིས་སུ་མེད་པས་ན་སེམས་ཉིད། །སེམས་ཀྱི་གཉུག་མ་དེ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བྱེད་པོ་ཡིན་ཞིང་ཆོས་ཐམས་ཅད་ལ་དབང་བསྒྱུར་བས་ན་རྒྱལ་པོ་དེ་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དབྱེར་མེད་པས་ན་རང་བཞིན་ཆོས་ཉིད་དེའི་ཀློང་དབྱིངས་དོན་དམ་པའི་ངང་དུ་སྣང་སྲིད་གཞི་ལས་མ་གཡོས་པར་རྫོགས་པས་ན་རྫོགས་པ་ཆེན་པོ། དཔེར་ན་དངོས་པོ་ཐམས་ཅད་ལ་ནམ་མཁས་ཁྱབ་ཅིང་ནམ་མཁས་དངོས་པོ་ཐམས་ཅད་མ་སྤང་བ་ལྟར་ཆོས་ཐམས་ཅད་ལ་ཆོས་ཉིད་རྫོགས་པ་ཆེན་པོས་ཁྱབ་ཅིང་། རྫོགས་པ་ཆེན་པོས་ཆོས་གང་ཡང་མ་སྤང་བས་ན་གང་ཡང་མ་སྤང་། དངོས་པོའི་མཚན་ཉིད་དབྱིབས་དང་ཁ་དོག་ལ་སོགས་པ་ཐམས་ཅད་ནམ་མཁའ་ལ་མེད་ཀྱང་ནམ་མཁའ་དེ་དག་གི་ཡུལ་ལས་འདས་པ་ལྟར་ཆོས་ཅན་ཐམས་ཅད་ལ་ཡོད་པའི་དངོས་པོ་དང་མཚན་མ་དང་སྨྲ་བརྗོད་ལ་སོགས་པ་ཐམས་ཅད་ཆོས་ཉིད་རྫོགས་པ་ཆེན་པོ་ལ་མེད་ཀྱང་རྫོགས་པ་ཆེན་པོ་དེ་དག་གི་ཡུལ་ལས་འདས་པས་ན་ཀུན་ལས་འདས་པའི་དོན། དེ་ལྟར་དབྱིངས་ཆོས་ཉིད་རྫོགས་པ་ཆེན་པོས་གཞིའི་གནས་ལུགས་གཉུག་མའི་གནས་ལུགས་ཡེ་ཤེས་རང་གི་ངོ་བོ་བསྟན་ནས། དེ་ཉིད་ཤར་གྲོལ་གཉིས་མེད་ཀྱི་ཆོས་སྐུ་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བར་ཐག་བཅད་པ་ནི། ཐོལ་སྐྱེས་ཀྱི་རྣམ་རྟོག་ཡུལ་ལ་ཤར་བའི་ཚེ། ཤར་བའི་ཡུལ་དང་ཤར་བའི་རྣམ་རྟོག་གཉིས་ཀ་ལ་ཞེན་འཛིན་གྱི་སྤང་བླང་ཅུང་ཟད་ཀྱང་མི་བྱེད་པར་གང་ཤར་གྱི་ངོ་བོ་ལ་བལྟས་པས་རྣམ་རྟོག་རང་དག་སྟེ་རང་བཞིན་མ་བཅོས་པ་ཤར་བ་དེ་ལྷུན་གྲུབ་སྐུ་གསུམ་གྱི་ངང་དུ་འབྱམས་པའི་རིག་པ་ཡེ་ཤེས་ཀྱི་ཀློང་ཆེན་པོ་ཡིན་པས་ན་གང་ཤར་ཞེན་མེད་ལྷུན་འབྱམས་རིག་པའི་ཀློང་། དེ་ལྟར་ལྟ་བའི་རང་ངོ་མཐོང་བ་དེའི་ངང་དུ་སེམས་མ་བཅོས་པར་ཅོག་གེ་བཞག་པས་རྣམ་རྟོག་རང་དག་སྟེ་རང་བཞིན་བབ་ཀྱི་བསམ་གཏན་ལ་གནས་པ་ནི་ཅོག་བཞགདེའི་ཚེ་སྐྱེ་མེད་ཀྱི་ངང་ནས་འགགས་མེད་ཀྱི་རིག་རྩལ་སྣ་ཚོགས་སུ་ཤར་ཡང་ཞེན་མེད་ཀྱི་ངང་དུ་རོལ་བས་ན་རང་གྲོལ། རྣམ་རྟོག་གང་སྐྱེས་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་པས་རྣམ་རྟོག་རང་ཡལ་ཚེ་གཉུག་མའི་ངོ་བོ་ལྷག་གིས་མཐོང་བ་ནི་ཅེར་མཐོང་། དེ་ལྟ་བུའི་ལྟ་སྒོམ་དེའང་བདེ་གསལ་མི་རྟོག་པ་ལ་སོགས་པའི་ཉམས་གྱི་ཞེན་པ་ཐམས་ཅད་དང་བྲལ་སྟེ་རང་བཞིན་འདི་ལྟ་བུ་ཞིག་གོ་ཞེས་བློས་བསམ་པའི་ཡུལ་ལས་འདས་པས་ན་བསམ་ཡུལ་མེད། ཡེ་ནས་མ་བཅོས་པ་འདི་རང་ངོ་རང་ཤེས་དྲན་པས་སྐྱོངས་ཙམ་ཉམས་ལེན་གྱི་གནད་འགག་ཡིན་པས་ན་རང་བཞིན་བབ་ཡིན། བློས་ནན་གྱི་བཟུང་ནས་སེམས་ལ་བཟོ་བཅོས་ན་ཅི་ཙམ་བཅོས་ན་དེ་ཙམ་ལམ་གོལ་དུ་འགྲོ་བས་ན་བཅོས་ལྷད་མ་བྱེད་ཅིག དེ་ལྟར་མ་བཅོས་པའི་ཆོས་ཉིད་རང་ངོ་མ་ཤེས་པ་རྣམས་ནི་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལ་རྨོངས་པ་ཡིན་པས་ན་རྨོངས་པ་གང་གིས། དེ་ལྟ་བུའི་རྨོངས་པ་རྣམས་ཀྱིས་སེམས་ཀྱི་ངོ་བོ་མ་བཅོས་པ་དེ་བོར་ནས་བཅོས་མ་ལ་ལམ་དུ་བྱེད་པས་ན་ངོ་བོ་དེ་བོར་ནས་གཉུག་མའི་སེམས་ཡེ་གྲོལ་དུ་གནས་པ་ཉིད་ལ་རིག་པ་སྒྲིམ་པོའི་རྟོག་དཔྱོད་སྣ་ཚོགས་བཏང་ནས་རེ་དོགས་ཀྱི་གཟེབ་དུ་ཚུད་པས་ན་གཉུག་མའི་སེམས་ལ་སྒྲིམ་པོའི་གཟེབ་བསྐུལ་ནས། དེ་ལྟར་རེ་དོགས་ཀྱི་གཟེབ་དུ་ཚུད་པས་འདི་ནི་ཡིན་ནོ་འདི་ནི་མིན་ནོ་སྙམ་དུ་བློས་ཡང་དང་ཡང་དུ་བཅོས་པས་ན་བཅོས་ཤིང་བཅོས་ཤིང་འདི་ཙམ་བཅོས་པས་དེ་ཙམ་དུ་སྙིང་པོའི་དོན་མི་མཐོང་ཞིང་བློས་བྱས་ཀྱི་ལྟ་སྒོམ་གྱིས་ས་མི་ཆོད་པས་ན་སྙིང་པོའི་དོན་ལ་སྒྲིབ། ནམ་མཁའ་ལ་ཡེ་ནས་མདུད་པ་བྱར་མེད་པས་ན་དེ་ལ་བཀྲོལ་རྒྱུའང་མེད་པ་ལྟར་སེམས་ཉིད་ཡེ་གྲོལ་དུ་གནས་པ་ལ་གཟོད་འབད་པས་གྲོལ་བར་རློམ་པས་མི་གྲོལ་བས་ན་གྲོལ་བར་མེད་པར། དེ་ལྟར་འབད་ནས་བཅོས་པས་གྲོལ་བར་འདོད་པ་རྣམས་ནི་སྲིན་བུའི་ཁ་ཆུས་རང་ཉིད་བཅིང་པ་ལྟར་ཞེ་འདོད་ཀྱི་གྲུབ་མཐས་སླར་ལ་འཆིང་བས་ན་དེ་ཡིས་སླར་འཆིང་བྱེད། དེ་དག་གི་གནད་དོན་ཧྲིལ་དྲིལ་ན་ད་ལྟ་ཐ་མལ་གྱི་ཤེས་པ་བློས་བཟོ་བཅོས་གང་ཡང་མ་སོང་བར་འདི་ཀ་ལ་གཞི་གནས་ཀྱི་རིག་པ་ཡང་ཟེར། རྫོགས་པ་ཆེན་པོ་ཡང་ཟེར། དེ་བཞིན་དུ་ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་མོ། སྤྲོས་པ་དང་བྲལ་བ་སྐྱེ་བ་མེད་པ་ལ་སོགས་མིང་བཏགས་ཀྱང་། དོན་དུ་ཐ་མལ་གྱི་ཤེས་པ་རང་རིག་རྗེན་པ་འདི་ཀ་ཡིན་པས་དེ་རང་ངོ་ཤེས་པ་ལ་ལྟ་བ་ཟེར་བ་ཡིན་པས་དེ་ཡན་ཆོད་ཀྱི་ས་བཅད་དང་པའོ། གཉིས་པ་ནི། དེ་ལྟར་རང་ངོ་ཤེས་པའི་ལྟ་བའི་གནས་ཚུལ་མ་བཅོས་པ་དེ་ཀའི་ངང་དུ་སེམས་བཅོས་མ་དང་བྲལ་བ་ལྷོད་དེ་འཇོག་པ་ནི་སྒོམ་པ་ཡིན་པས་ན་གང་ལ་བློ་ཡི་ཁུང་ན་ལྷོད་ཡོད་ན། དེ་ལྟར་རང་བབ་ཀྱི་ངང་དུ་མ་ཡེངས་ཙམ་དུ་བཞག་ན་རིག་པ་ལ་རང་གནས་ཀྱི་བསམ་གཏན་ཡོད་པས་རང་བབ་ཀྱི་ཏིང་འཛིན་དང་བྲལ་མི་སྲིད་པས་དེ་ལ་བཅས་བཅོས་དང་བླང་དོར་གཞན་གང་ཡང་མི་དགོས་པས་ན་རང་བཞིན་ཉིད་དེ་དེ་ལ་བཅོས་མི་དགོས། དེ་ལ་རང་བབས་སུ་བཞག་པའི་ཚེ་རྩལ་གྱི་རྣམ་རྟོག་སྣ་ཚོགས་ཡུལ་ལ་འཕྲོ་ཞིང་འགྱུ་བའི་ཚེ་དང་པོ་རྣམ་རྟོག་འགྱུ་བ་དེ་ངོ་ཤེས། དེ་ནས་རང་ངོ་མཐོང་བའི་ངང་དུ་བཞག་པས་རྣམ་རྟོག་རང་སར་དག་སྟེ་ཤར་གྲོལ་རྗེས་མེད་དུ་འགྲོ་བས་ན་འགྱུ་མཐོང་རང་དགདེ་ཡང་བཟང་རྟོག་དགེ་བའི་རྣམ་པར་ཤར་ཡང་འདི་ནི་བཟང་པོ་ཡིན་ནོ་སྙམ་དུ་དེ་ལ་ཞེན་འཛིན་གྱི་འཁྲིས་མི་གདགས་པར་ཞེན་མེད་དུ་བཞག་པས་རང་ཡལ་བས་ན་གཉེན་པོས་མ་བསླད་ཅིང་། ངན་རྟོག་ཆགས་སྡང་དང་ཆོས་བརྒྱད་ཀྱི་རྟོག་པ་ཤར་ཡང་འདི་ནི་ངན་པ་ཡིན་ནོ་སྙམ་ནས་འགྱོད་པ་དང་དགག་པ་སོགས་མི་བྱ་བར་རང་གྲོལ་གྱིས་གཤིས་ལ་བཞག་པས་རང་དག་པས་ན་སྤང་བྱས་མ་བསྒྱུར། དེ་ལྟར་བཟང་རྟོག་དགེ་བའི་རྣམ་པར་ཤར་ཡང་སེམས་ཀྱི་རང་ངོ་ལ་བཟང་པོ་བསྒྱུར་དུ་མེད་ཅིང། ངན་རྟོག་མི་དགེ་བའི་རྣམ་པར་ཤར་ཡང་ངན་པ་བསྒྱུར་དུ་མེད་ལ་སེམས་ཅན་སངས་རྒྱས་ཀྱི་བར་དུ་སེམས་ཀྱི་གཤིས་ལ་ཁྱད་པར་མེད་པས་ན་གཤིས་ཏེ་རྫོགས་པ་ཆེ། དེ་ལྟ་བུའི་རང་བཞིན་རྟོགས་ན་གང་ཡང་སྤང་བླང་མེད་པའི་ངང་དུ་རོ་མཉམ་སྟེ་ད་ལྟའི་བླང་དོར་དང་རེ་དོགས་དགག་སྒྲུབ་དང་ཆགས་སྡང་། འདི་ནི་ཡིན་ནོ་འདི་ནི་མིན་ནོ་སྙམ་དུ་བདེན་ཞེན་གྱིས་བཅིངས་པའི་ཆོས་དང་ཁྲིག་ཆགས་སྣ་ཚོགས་སུ་ཡོད་པར་དེ་ཐམས་ཅད་མེད་པ་རང་རིག་ཟང་ཐལ་ཡུག་འབྱམས་ཀྱི་ངང་དུ་ཐམས་ཅད་སྤང་བླང་མེད་པར་དག་པས་ན་ཡོད་ནི་མེད་ལ། དེའི་ཚེ་ཉམས་ལེན་རང་རིག་རྗེན་པ་དེ་ཡང་དེའི་རང་བཞིན་འདི་དང་འདི་ལྟ་བུ་ཡིན་ནོ་ཞེས་བདེ་ལྷང་ངེ་བ་དང་གསལ་སང་ངེ་བ་དང་། མི་རྟོག་པའི་ངང་དུ་ཆམས་སེ་ཞེས་པ་ལ་སོགས་པ་གང་ཡང་མིན་པའི་ཚིག་གི་བརྗོད་པ་དང་། བློས་བསམ་པའི་ཡུལ་དུ་མེད་ལ་རྣམ་འབྱོར་པ་ལ་དུས་ཐམས་ཅད་དུ་རང་རིག་ཟང་མ་ཐལ་བྱུང་དུ་ལྷག་གེར་ཤར་བ་ཉིད་སོ་སོར་རང་རིག་པའི་ཡེ་ཤེས་སྤྱོད་ཡུལ་དུ་ཡོད་པས་ན་མེད་ལ་ཡོད་པའི་མཐའ། དེ་ལྟར་སེམས་ཉིད་མ་བཅོས་པའི་ངང་དུ་དངོས་པོ་བདེན་ཞེན་གྱི་ཆ་ཐམས་ཅད་རང་ཞིག་པས་ན་དངོས་ཀུན་བཤིག་པའི་བདེན་ཞེན་གྱི་འཆིང་བ་དང་བྲལ་བའི་རང་བབ་དེ་རིག་སྟོང་གཉིས་སུ་མེད་པའི་སྟོང་ཉིད་ཡིན་པས་བློས་ཡུལ་དུ་བྱས་པའི་སྟོང་ཉིད་ལོག་ནས་འཚོལ་མི་དགོས་པས་ན་སྟོང་པ་རྫོགས་པ་ཆེ། དེ་ལྟར་མ་ཤེས་པར་ཡིད་དཔྱོད་ཀྱི་སྟོང་པ་ལ་རེ་བ་རྣམས་སྣང་ཐོག་ཏུ་སྟོང་པ་ལོག་ནས་རྩལ་ཏེ་སྟོང་འཛིན་གྱི་ཞེན་པས་བཅིངས་ནས་བཅོས་ཤིང་བཅོས་ཤིང་བརྟག་པའི་སྟོང་པ་ཡིན་ནོ་སྙམ་པས་བློ་གྲོལ་བ་འདོད་པས་ན་བཅོས་ཤིང་བཅོས་ཤིང་གྲོལ་བ་འདོད་པའི་མི་དེ་ལྟ་བུའི་སྣང་ཚད་ལ་སྐུར་པ་བཏབ་ནས་སྟོང་པར་ཞེན་པའི་ཆད་པའི་མཐར་ལྷུང་ལ། སྟོང་པ་ལ་མཆོག་ཏུ་བཟུང་ནས་བདེན་པར་ཞེན་པས་རྟག་པའི་མཐར་ལྷུང་སྟེ་རྟག་ཆད་ཀྱི་གཡང་ས་ལས་མི་ཐར་བས་ན་རྟག་ཆད་གཉིས་ལ་ཐར་བ་ཡོད་དམ་ཅི། དཔེར་ན་འབྱུང་བཞིའི་བསྡུས་པའི་སྣོད་བཅུད་ཐམས་ཅད་ནམ་མཁའ་ལ་བརྟེན་ནས་གནས་ཀྱང་ནམ་མཁའ་གང་ལའང་བརྟེན་པ་མེད་པ་ལྟར་ཆོས་ཐམས་ཅད་ཆོས་ཉིད་རྫོགས་པ་ཆེན་པོ་ལ་བརྟེན་ཀྱང་ཆོས་ཉིད་རྫོགས་པ་ཆེན་པོ་ནི་གང་ལ་ཡང་མི་བརྟེན་ཏེ། བརྟེན་པའི་གཞི་མེད་པས་ན་གཞི་མེད། འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ་མེད་ཀྱང་ཆོས་ཉིད་རྫོགས་པ་ཆེན་པོ་ནི་གང་གིས་ཀྱང་བསྐྱེད་པའི་རྩ་བ་མེད་པས་ན་རྩ་བྲལ། གཞི་རྩ་མེད་པའི་ཆོས་ཉིད་དེ་ནི་དུས་ཐམས་ཅད་དུ་བཅོས་ལྷད་མེད་པར་ཡེ་ནས་གནས་པས་ན་ཡེ་གནས་རྫོགས་པ་ཆེ། དེ་ལྟར་ཡེ་གནས་གཉུག་མའི་ཆོས་ཉིད་རང་བབས་སུ་གནས་པ་མི་ཤེས་པ་རྣམས། ཁ་ཅིག་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ནོ་སྙམ་དུ་སྟོང་འཛིན་ལ་ཆེད་དུ་གཉེར་ནས་སྒོམ། ཁ་ཅིག་ནི་སྣང་ཆ་གཟུགས་ཀྱི་རྣམ་པ་ལ་དོན་དུ་འཛིན་ཞིང་ལྷ་དང་ཐིག་ལེ་ལ་སོགས་མཚན་བཅས་ཀྱི་སྒོམ་ལ་རེ། ཁ་ཅིག་ནི་ཆོས་ཉིད་དོན་དམ་པ་དེ་ནི་འདི་དང་འདི་ལྟ་བུ་ཡིན་ནོ་ཞེས་བདེན་བརྟག་ཨ་འཐས་སུ་བཟུང་ནས་བློས་གཏད་སོ་ལ་སྒོམ་དུ་བཟུང་ནས་ཡོད་པར་སྒྲོ་འདོགས། ཁ་ཅིག་ནི་ཆོས་ཐམས་ཅད་ལ་སྟོང་པ་ཉིད་ཡིན་པས་འཁོར་བ་མེད་མྱང་འདས་མེད། །ལས་འབྲས་སོགས་ཅང་མེད་ཆད་པར་སྒོམ་ཞིང་མེད་པར་སྐུར་པ་འདེབས། དེ་ལྟར་མ་རྟོག་པ་རྣམས་རང་རང་གི་ཞེ་འདོད་སྣ་ཚོགས་ལ་དམ་པའི་དོན་དུ་འཛིན་ཞིང་སྒོམ་པས་ན་སྟོང་དང་སྣང་དང་ཡོད་དང་མེད་པའི་སྒོམ། དེ་ལྟར་བློས་བྱས་གཉིས་འཛིན་གྱི་སྒོམ་པ་སུ་ལ་ཡོད་པ་དེ་ལ་ཞེ་འདོད་གྲུབ་མཐའི་ལྟ་བའང་ཡོད་ཅིང་། བླང་དོར་ཕྱོགས་རིས་ཀྱི་སྤྱོད་པའང་ཡོད་པས་ན་གང་ལ་སྒོམ་ཡོད་ལྟ་དང་སྤྱོད་པ་ཡོད། །དེ་ལྟར་བློས་བྱས་བཅོས་མའི་ལྟ་སྒོམ་ལ་རེ་བ་རྣམས་ལ་ཡེ་གྲོལ་སྤང་བླང་དང་བྲལ་བའི་གནད་མེད་པས་འཁོར་འདས་ལ་བཟང་ངན་དུ་འཛིན་པས་ན་དེ་ལ་སྲིད་ཡོད། །དེ་ལྟར་སྲིད་པ་བདེན་པར་བཟུང་ནས་སྤང་བྱར་བྱེད་པ་དེས་ནི་སྲིད་པ་སྤང་མི་ནུས་སྟེ། །དཔེར་ན་ལུས་མ་སྤང་བར་གྲིབ་མ་སྤང་མི་ནུས་པ་ལྟར་འཁོར་བའི་རྩ་བ་བདེན་ཞེན་མ་སྤང་བར་འཁོར་བའི་སྡུག་བསྔལ་སྤང་མི་ནུས་པས་ན་འཁོར་བའི་སྡུག་བསྔལ་ཡོད། །དེབཞིན་དུ་གཉིས་འཛིན་ཕྱོགས་རིས་ལ་ཞེན་པ་རྣམས་ཆོས་དང་ཐེག་པའི་ཞེན་འདོད་སྣ་ཚོགས་ཀྱིས་བཅིངས་ཏེ་འདི་ནི་བཟང་པོའོ། །འདི་ནི་ངན་པའོ། །འདི་ནི་རང་ལུགས་སོ། །འདི་ནི་གཞན་ལུགས་སོ། །ངེད་ནི་མཆོག་གོ །གཞན་ནི་དམན་ནོ། །ཞེས་ཆགས་སྡང་དང་རྩོད་པ་མངོན་པར་འཕེལ་བས་ན་གང་ལ་ཆོས་ཡོད་ཐེག་པའི་ཞེན་འདོད་ཡོད། དེ་ལྟ་བུ་དེ་ནི་རང་གཞན་གཉིས་འཛིན་གྱི་རྗེས་སུ་འབྲང་ནས་ཉོན་མོངས་པའི་གཟེབ་ཏུ་ཆུད་ཅིང་འཁོར་བའི་འཆིང་བ་ཐམས་ཅད་ཀྱིས་བཅིངས་པ་ཡིན་པས་ན་དེ་ལ་ཉོན་མོངས་གཟེབ་ཡོད་འཆིང་བ་ཡོད། འདི་ལྟ་བུའི་དོན་འདི་རྣམས་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རིན་ཆེན་ཕྲེང་བ་ལས་ཀྱང་གསུངས་ཏེ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་སྟེ།ཞེས་སོགས་གསུངས་པ་ལྟར་རོ། །གཤིས་ཀ་དག་གི་ངང་དུ་ཡེ་སྟོང་རྩ་བ་བྲལ་བའི་གཞི་འཛིན་པ་དང་བྲལ། རང་རིག་ཟང་ཐལ་རྗེན་པ་རྩོལ་སྒྲུབ་ཀྱི་སྒྲོག་ལ་གྲོལ་བས་ལམ་གྱི་གོ་རིམ་འགག་ཐམས་ཅད་ཡེ་གྲོལ་དུ་ཤེས་པས་སྒྲུབ་བྱའི་འདོད་པ་མེད་པས་འབྲས་བུ་ཞེ་འདོད་ཟད་པས་ན་གཞི་བྲལ་ལམ་འགག་འབྲས་བུའི་ཞེ་འདོད་ཟད། །ཆོས་ཉིད་ཀྱི་རིག་པ་མཚོན་བརྗོད་ལས་འདས་པ་ཐེག་པའི་ཚིག་གི་ཇི་བཞིན་པར་མཚོན་མི་ནུས་ཤིང་ཕྱོགས་རེ་ནས་གཞལ་ན་ཐེག་པ་ཐམས་ཅད་ཀྱང་འཐད་པས་ཐེག་པ་དང་གྲུབ་མཐའི་ལྟ་གྲུབ་ལ་མཆོག་དམན་གྱི་འདོད་ཞེན་དང་བྲལ་བས་ན་ཐེག་པ་འདོད་ཞེན་རྡུལ་ཙམ་མི་གནས་པ་དེ་ལྟ་བུའི་རྣལ་འབྱོར་པ་དེ་རང་རིག་ཟང་ཐལ་དུ་རྟོགས་པས་རྣམ་རྟོག་ཐམས་ཅད་ཤར་གྲོལ་དུས་མཉམ་དུ་དག་སྟེ་ཆུ་ལ་རི་མོ་བྲིས་པ་ལྟར་སྐད་ཅིག་གིས་ཞིག་པས་ལས་མི་བསོགས་པས་ན་དེ་ལ་ལས་མེད། །ལས་མི་བསོགས་པས་ལྟར་སྣང་གི་རྟོག་པ་ཆགས་སྡང་ལྟར་སྣང་ཡང་དེའི་ཕན་གནོད་གང་ཡང་མེད་པས་ན་རྣམ་སྨིན་གྱིས་གོས་པ་མེད། འཁོར་བ་མེད་སྣང་དུ་ཤེས་པས་སྲིད་པའི་མཐའ་ལ་མི་གནས་ཤིང་། སྐུ་གསུམ་ལམ་སྣང་དུ་རྫོགས་པས་ཞི་བ་ཕྱོགས་གཅིག་ཏུ་མི་ལྟུང་བས་ན་སྲིད་ཞིར་མི་གནས། ཆོས་ཉིད་ནམ་མཁའ་ལྟ་བུའི་ངང་དུ་གཉུག་མ་རྒྱུན་ཆད་མེད་པས་ན་ནམ་མཁའི་ངང་དུ་གྲོལ། ཕྱི་ཡུལ་འཁྲུལ་བའི་སྣོད་བཅུད་ལྟར་སྣང་བ་ཐམས་ཅད་ཀྱང་སྟོང་གཟུགས་སྒྱུ་མའི་རྣམ་པར་ཤར་བས་ན་ཡུལ་གྱི་མཁའ་ལ་རིག་རྩལ་སེམས་ཀྱི་རྣམ་རྟོག་ཡད་ཡུད་དུ་འཕྱོ་བ་ཡང་ཤར་གྲོལ་རྒྱུན་མི་འཆད་པས་ན་རིག་པའི་རྩལ་འཕྱོ་བ། །འདི་ཡིན་གྱི་གཏད་སོ་དང་བྲལ་བས་རིག་པའི་རྒྱལ་པོ་ཟང་མ་ཐལ་བྱུང་གི་ཀློང་དུ་ཇི་ལྟར་ཤར་ཡང་དེ་ལྟར་མི་འཛིན་ཅིང་འཛིན་མེད་གཉུག་མར་དག་པས་ན་གཏད་མེད་རྒྱལ་པོ་འཛིན་མེད་ཤར་བའི་མི། །དེ་ལྟར་ཡུལ་གཏད་མེད་ལ་བློ་འཛིན་མེད་དུ་ཤར་བས་ན་གཟུང་བ་དང་། ཡུལ་ཅན་འཛིན་པའི་རྣལ་རྟོག་གཟུང་འཛིན་སྲིད་པའི་འཁྲུལ་སྣང་ཐམས་ཅད་ལས་རྣམ་པར་གྲོལ་བས་ན་ཡུལ་དང་ཡུལ་ཅན་སྲིད་ལས་རང་གྲོལ་ནས། དེ་ལྟར་རང་གྲོལ་གནས་ལུགས་མངོན་དུ་གྱུར་པ་དེ་ཉིད་དུས་དང་རྣམ་པ་ཐམས་ཅད་དུ་འབྲལ་མི་ཤེས་ཤིང་གཉུག་མ་རྒྱུན་ཆད་མེད་པར་འཆར་བས་ན་དུས་གསུམ་འདུ་འབྲལ་མེད་པའི་ངང་དུ་གནས། དེ་ལྟར་གཉུག་མ་མ་བཅོས་པའི་ཆོས་སྐུ་ཟང་ཐལ་རྗེན་པའི་ཀློང་དུ་རང་གནས་སུ་འཇོག་པ་ནི་སྒོམ་པ་དང་། རང་གྲོལ་དུ་སྤྱོད་པའི་འབྲས་བུ་ཡིན་པས་དེ་ཡན་ཆད་ཀྱིས་ས་བཅད་གཉིས་པ་སོང་། །གསུམ་པ་ནི། དེ་ལྟར་ཀ་དག་གི་རིག་པའི་ཡེ་ཤེས་སྟོང་གསལ་ཆོས་སྐུའི་དགོངས་པ་མ་བཅོས་པར་གནས་པའི་སྟོང་གདངས་རིག་རྩལ་ཡེ་ཤེས་ཀྱི་རྣམ་རོལ་སྤྲུལ་པའི་སྐུ་རུ་འཆར་བས་ན་རིག་པའི་རྒྱལ་པོ་སྟོང་གསལ་ཆོས་སྐུའི་གདངས་ལྷུན་གྲུབ་སྣང་ཆའི་འཆར་གཞི་མི་འགྱུར་གཞི་རྩལ་བྲལ་བའི་འོད་གདངས་ལོངས་སྤྱོད་རྫོགས་སྐུའི་སྣང་བ་འཆར་བས་ན། །མི་འགྱུར་ལྷུན་གྲུབ་གཞི་རྩ་བྲལ་བའི་གདངས། གདངས་ཐམས་ཅད་ཀྱི་འཆར་གཞི་གདོད་མའི་ཆོས་ཉིད་སྤྲོས་བརྗོད་ལས་འདས་པ་ཆོས་སྐུའི་དགོངས་པ་འགྱུར་བ་མེད་པ་སྐྱེ་མེད་གཉུག་མའི་གཏན་སྲིད་ཟིན་པས། གདེངས་དང་ལྡན་པ་གདོད་མའི་ཀློང་དུ་ཨཿ ཞེས་སོ། །ཐམས་ཅད་ཆོས་སྐུའི་དགོངས་པར་འཕོ་འགྱུར་མེད། །འོད་གསལ་ལོངས་སྐུའི་ཞིང་སྣང་རྟག་པར་གཟིགས། །ཐུགས་རྗེ་སྤྲུལ་པས་སྲིད་ན་འགྲོ་དོན་མཛད། །དྲིན་ཅན་བླ་མའི་ཞབས་ལ་གུས་ཕྱག་འཚལ། །སྙིང་ནས་གུས་པས་གསོལ་བ་འདེབས་པའི་བདག །ཚེ་རབས་ཀུན་ཏུ་མཚུངས་མེད་བླ་མ་དང་། །མཇལ་ནས་ཅི་གསུངས་སྒྲུབ་ཅིང་གུས་པས་བསྟེན། །ཕྲིན་ལས་འགྲོ་བ་འདྲེན་པའི་ཁོལ་པོར་ཤོག །ཟབ་མོའི་ཚིག་དོན་རྟོགས་པར་དཀའ་བའི་གནས། །བཀྲལ་ལ་དབང་བ་ཁོ་བོ་མ་ཡིན་ཡང་། །ཀུན་མཁྱེན་བླ་མའི་གཞུང་ལ་ཐོས་བསམ་གྱིས། །ཅུང་ཟད་འདྲིས་པའི་དབང་བྱས་འདིར་བཀོད་དོ། །དགེ་བ་དེ་ཡང་འགྲོ་བ་མ་ལུས་པ། །ཟབ་མོའི་ལམ་འདི་བརྟེན་ནས་འབད་མེད་དུ། །རྣམ་གྲོལ་རྒྱལ་བའི་འབྱོར་པ་ཐོབ་པ་དང་། །གནས་སྐབས་ཆགས་སྡང་སྣང་བ་ཞི་ཕྱིར་བསྔོ། །དགེའོ། །དགེའོ། །དགེའོ།


previousའཇིགས་མེད་རྒྱལ་བའི་མྱུ་གུའི་འདས་རྗེས་ཞལ་ཆེམས་ཀྱི་འགྲེལ་བ་སེམས་ཉིད་གཅེར་མཐོང་།།next