Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།


   
   
   
   
   
   
   
   
   
   
   
   
   
   
   
   
འདོད་ཁམས་ལྷ་མོའི་མངའ་གསོལ་བཞུགས།།
   
   
   
   
   
   
   
   
   
   
   
   
   
   


 
previousའདོད་ཁམས་ལྷ་མོའི་མངའ་གསོལ་བཞུགས།།next

འདོད་ཁམས་ལྷ་མོའི་མངའ་གསོལ་བཞུགས།།

འདོད་པའི་ཁམས་ཀྱི་དབང་ཕྱུག་འཕྲུལ། འབར་མ་ཆེན་མོར་གུས་པས་འདུད། ཨཱ། བརྗོད་བྲལ་ཀ་དག་ཆེན་པོའི་དབྱིངས་ཉིད་ལ། །ཕན་གནོད་ལྷ་འདྲེའི་ཀུན་རྟོག་རྣམ་དག་ཀྱང་། །རོལ་རྩལ་ཐུགས་རྗེའི་རྣམ་འཕྲུལ་བསྟན་སྲུང་ཚུལ། །རཀྵ་སྲིན་མོའི་གདོང་ཅན་དགོངས་སུ་གསོལ། །རྣལ་འབྱོར་དཔའ་བོ་མིང་པོས་འབོད་ལགས་ཀྱིས། །སྲིང་མོ་དམ་ཅན་ལྷ་མོ་ད་ཚུར་བྱོན། །ཇི་ལྟར་སྣང་བའི་འཁྲུལ་སྣང་སད་པའི་ཆོས། །ཆོས་ཉིད་རྩལ་ལས་ཤར་བའི་དངོས་འབྱོར་རྫས། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དང་། །ཞལ་ཟས་དྲི་ཆབ་སིལ་སྙན་རོལ་མོའི་སྒྲ། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ཚོགས། །ལྷ་ཆེན་འཕྲུལ་དགའི་ལོངས་སྤྱོད་ཇི་བཞིན་པ། །ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས། །ནམ་མཁའི་ཁམས་ཀུན་གང་བས་ཁྱོད་གསོལ་མཆོད། །ལྷ་མིའི་སྟོན་པར་མངའ་གསོལ་བཀྲ་ཤིས་པའི། །རྫས་བརྒྱད་དང་ནི་རྒྱལ་སྲིད་རིན་ཆེན་བདུན། །དཔའ་བོ་ཡབ་ཡུམ་ཟུང་འཇུག་མཉམ་སྦྱོར་བའི། །ཐབས་ཤེས་བདུད་རྩི་བདེ་སྟོང་སྣོད་དུ་བསྐྱིལ། །ཏ་ན་ག་ན་སྦྱོར་སྒྲོལ་རྨད་དུ་བྱུང་། །སྨྲ་བསམ་བརྗོད་འདས་ཡང་དག་ཏིང་འཛིན་གྱིས། །བསྟན་སྲུང་ལྷ་མོ་ཆེན་མོ་མངའ་གསོལ་ལོ། །དགོངས་བརྡ་སྙན་བརྒྱུད་མདོ་སྔགས་ཐེག་པ་ཆེའི། །བསྟན་དང་བསྟན་པ་འཛིན་པའི་སྐྱེས་བུ་ལ། །ཤུན་ཏུ་བརྩེ་ཞིང་ལས་བཞིའི་དངོས་གྲུབ་ཀྱི། །འདོད་འབྱུང་ལྷ་མོ་ཆེན་མོར་མངའ་གསོལ་ལོ། །མི་མཐུན་མཚོན་རྣོན་བྲག་རི་ཤུགས་ཆེ་ཡང་། །ཐུགས་རྗེའི་ནུས་མཐུ་གནམ་ལྕགས་ཐོག་ཆེན་གྱིས། །སྐད་ཅིག་ཉིད་ལ་བྱེ་མར་གཞོམ་མཛད་པ། །བདུད་སྡེའི་གཤེད་མ་ཆེན་མོར་མངའ་གསོལ་ལོ། །དེ་ལྟར་མཆོད་ཅིང་བསྟོད་པའི་བྱིན་རླབས་ཀྱིས། །སྣོད་བཅུད་རྒུད་པ་ཀུན་ཞི་ལེགས་ཚོགས་རྒྱས། །རྒྱལ་བསྟན་མདོ་སྔགས་བསྟན་པ་ཕུན་སུམ་ཚོགས། །རྣམ་ཁྱེན་ལམ་ལ་འགོད་པའི་ཕྲིན་ལས་མཛོད། །ཅེས་ཕྱག་ཚའི་ཆོས་ཁྲིམས་པདྨ་དབང་ལྡན་དང་དབུ་མཛད་བློ་གྲོས་གཉིས་ཀྱི་བསྐུལ་ངོར་རྫོགས་སྤྲུལ་བཞི་པས་སྨྲས་པ་དགེའོ།། །།


previousའདོད་ཁམས་ལྷ་མོའི་མངའ་གསོལ་བཞུགས།།next