Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟིལ་ཁྲོམ་གསོལ་མཆོད་བསྡུས་པ་བཞུགས་སོ།།
   
   
   
   
   


 
previousཟིལ་ཁྲོམ་གསོལ་མཆོད་བསྡུས་པ་བཞུགས་སོ།།next

ཟིལ་ཁྲོམ་གསོལ་མཆོད་བསྡུས་པ་བཞུགས་སོ།།

རྃ་ཡྃ་ཁྃ། ཨོྃ་ཨཱཿཧཱུྃ། སྐུ་གསུམ་རོལ་གར་ཐུགས་རྗེས་ཡུལ་སྐྱོང་ཚུལ། །ཞི་བའི་ཉམས་སྟོན་ཚངས་མཛེས་ཞལ་དཀྱིལ་ནི། །ཉ་རྒྱས་ཟླ་བ་ལྟ་བུའི་གཟི་བྱིན་ཅན། །ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གཏོར་མགྲོན་གཤེགས། །བཛྲ་ས་མ་ཡ་ཛཿ ཀྱེ། ཡ་མཚན་ཡུལ་བཟང་རུ་དམ་ལུང་པ་དེར། སྟེང་ན་རྩ་གསུམ་དཀྱིལ་འཁོར་བླ་བྲེའི་འོག །བར་ན་དཔའ་བོ་མཁའ་འགྲོ་ཉི་རྡུལ་འདྲ། །ས་གཞི་རྟེན་ཁང་གཙུག་ལག་འགྱུར་བ་མེད། །བསྟན་སྲུང་ཆོས་སྐྱོང་རྣམས་ནི་འདུ་ཚོགས་འདྲ། །གླིང་བཟང་ལེགས་སྐྱོང་རྡོ་རྗེ་གཡུང་དྲུང་རྩལ། །སྣོད་བཅུད་བཀོད་ལེགས་ཐམས་ཅད་མཆོད་པའི་རྫས། །བྷ་ལིང་དཀར་དམར་དངོས་འབྱོར་གཙང་ལ་མཛེས། །ཡིད་སྤྲུལ་རི་བོ་ལྟ་བུའི་བཅུད་ཆེན་འབུལ། །བསམ་གཏན་ཆོས་གླིང་སྣོད་བཅུད་ཟས་ཀྱི་ཕུལ། །དཀོར་ཆ་ལོངས་སྤྱོད་ཁྱོད་ལ་སྤྱན་གཟིགས་འབུལ། །ཚངས་པ་ལྷ་མཛེས་ཡབ་ཡུམ་བདེ་སྟོང་སྦྱོར། །རྒྱན་ཆ་ཆིབས་སོགས་མཐོང་ན་མི་མཐུན་མེད། །ལྷ་ཀླུ་གཉན་གཙན་རྣམས་ཀྱིས་མཐའ་ནས་བསྐོར། །ཡུལ་ལྔའི་རང་བཞིན་ས་ཆུ་མེ་རླུང་ཁམས། །རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་བཀྲ་ལམ་མེར། །རྒྱལ་བསྟན་སྲུང་མ་ཡེ་ཤེས་འཇིག་རྟེན་གཉིས། །ཚངས་པ་གཞོན་ནུ་གདོས་བཅས་ལུས་དངོས་མེད། །དག་པའི་སྣང་ངོར་བྱམས་མགོན་སྤྱན་རས་གཟིགས། །ཚོགས་གཉིས་རྫོགས་ཕྱིར་བཤམས་པའི་མཆོད་འདི་བཞེས། །བཅོས་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །རྃ་ཡྃ་ཁྃ། ཨོྃ་ཨཱཿཧཱུྃ། ངོ་མཚར་གནས་མཆོག་སྦས་ཡུལ་རོང་མོ་ལྗོངས། །སྐྱོང་མཛད་དཀར་ཕྱོགས་རྡོ་རྗེ་གཡུང་དྲུང་རྩལ། །ཕུན་ཚོགས་འདོད་དགུའི་མཆོད་པས་དགྱེས་བཞིན་ཚིམས། །བསམ་དོན་ཀུན་འགྲུབ་བཀྲ་ཤིས་འཕེལ་རྒྱས་མཛོད། །བསང་མཆོད་སྐབས་ཕུན་ཚོགས་འདོད་དགུ་མཆོད་པས་བསང་ཞིང་བརྔན་ཞེས་བསུངས་སོ། །ཞེས་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གསོལ་མཆོད་འདོད་དོན་ཀུན་འགྲུབ་འདི་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་གསུངས་སོ། །ཤུན་ཏུ་བསྡུས་པ་འདིའང་སྡེ་དགེའི་རྒྱལ་ཁབ་ལྕང་རིའི་བུམ་སྒྲུབ་སྐབས་མི་འགྱུར་ནམ་མཁའི་རྡོ་རྗེས་གསུང་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ། །


previousཟིལ་ཁྲོམ་གསོལ་མཆོད་བསྡུས་པ་བཞུགས་སོ།།next