Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

9 occurrences of འབེན་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རུ་དམ་པདྨ་བཀོད་ཀྱི་ཡུལ་ལྷའི་བསང་མཆོད་བཞུགས་སོ།།
  
  
  
  


9 occurrences of འབེན་
[Clear Hits]

 
previousརུ་དམ་པདྨ་བཀོད་ཀྱི་ཡུལ་ལྷའི་བསང་མཆོད་བཞུགས་སོ།།next

རུ་དམ་པདྨ་བཀོད་ཀྱི་ཡུལ་ལྷའི་བསང་མཆོད་བཞུགས་སོ།།

ཨོཾ་ཨཱཿཧཱུྃ། །རང་སེམས་འཁྲུལ་པ་དག་པའི་སེམས་ཉིད་དང་། །སྐུ་གསུམ་ལྷུན་གྲུབ་པདྨ་རྒྱལ་པོར་སམ། །སྐུ་གཅིག་མཚན་བརྒྱད་རྣམ་འཕྲུལ་སྣ་ཚོགས་ཀྱིས། །འགྲོ་བ་སེམས་ཅན་མ་ལུས་བདེ་བ་བཀོད། །སྡེ་བརྒྱད་དབང་བསྡུས་བྲན་ཁོལ་ཟིལ་གནོན་ལྷས། །འོད་ཟེར་སྤྲོས་བསྡུས་དོན་གཉིས་ལྷུན་གྲུབ་གྱུར། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་སིདྡྷི་ཧཱུཾཿ གྲངས་བསོགས། ཨེ་མ་ཧོ། །འབྱུང་ལྔ་ལྷུན་གྲུབ་ཡུམ་ཆེན་རང་བཞིན་ལ། །རྟོག་ཚོགས་ཐམས་ཅད་སྐུ་གསུམ་ལྷུན་གྲུབ་རྩལ། །རང་ཤར་རང་གྲོལ་ཀུན་ཏུ་དག་སྣང་ཐེབས། །རྩ་གསུམ་ལས་བཞིའི་ཡ་མཚན་སྤྲུལ་བསྒྱུར་ངོམ། །གནས་ཡུལ་བྱིན་ཆེན་རུ་དམ་པདྨ་བཀོད། །གནས་སྲུང་ཆ་ཤས་ཡུལ་གླིང་བཀོད་པ་ལས། །ལྷོ་ཕྱོགས་གངས་དཀར་རྫ་རི་ལེགས་པར་མཛེས། །དབང་ཆེན་རྒྱལ་པོ་གདན་ལ་བཞུགས་པ་འདྲ། །བློན་འཁོར་ས་བདག་ལྷ་དང་ཀླུ་གཉན་ཚོགས། །སྨན་མོ་ཞི་དྲག་གྲོང་ཁྱེར་ཆེན་པོའི་དབུས། །ནོར་བུ་འབར་བའི་རི་དབྱིབས་རྫ་སྨུག་མཐོ། །དབྱར་སོས་རིན་ཆེན་སྣ་ལྔའི་མེ་ཏོག་བཀྲ། །དོན་ལ་ལྷ་ཡི་ཕོ་བྲང་ཉམས་དགའ་བར། །དར་ཟབ་འབོལ་བརྩེགས་སྟག་གཟིགས་ལྤགས་པའི་སྟེང་། །གནས་བདག་ལྷ་དེ་སྐྱེས་པ་གཞོན་ནུའི་ཚུལ། །པ་སྟྲ་སྔོ་ནག་དྲི་བྲལ་མཛེས་པར་གསོལ། །སྙན་རྒྱན་གསེར་གྱི་རྣ་དཀོར་མཛེས་པ་འགུལ། །དོན་ལ་ཡིད་གཟུགས་དངོས་མེད་རྫུ་འཕྲུལ་ཅན། །རིག་པའི་ཡེ་ཤེས་སྟོང་གསལ་རྒྱས་ཐེབ་ན། །སྤྱན་རས་གཟིགས་དབང་ཟོ་དོར་ཡུལ་སྐྱོང་ཚུལ། །མོས་གུས་ཅན་གྱི་སྣང་ངོར་ཞལ་སྟོན་ཅིག །ཀྱཻ། མེ་ཐབ་སངས་རྒྱས་སྤྱན་མའི་མཁའ་ཀློང་ལ། །ན་བཟའ་དཀར་མོའི་བྱིན་ནུས་མེ་དྲོད་འབར། །གསེར་འཛིན་ཡ་མཚན་རྩི་ཤིང་སྨན་གྱི་འབྲུ། །སྣ་ཚོགས་རཾ་གྱིས་བསྲེགས་པའི་དྲི་ཞིམ་དུད། །བར་སྣང་ལྷ་ལམ་ངོས་ལ་མཛེས་པ་འཐུལ། །དམ་ཚིག་སྒྲོལ་མའི་ཡཾ་གྱིས་རབ་ཏུ་བསྐྱོད། །ནམ་མཁའ་དབྱིངས་ཕྱུག་མ་ཡི་དགོངས་པས་ཁྱབ། །མ་ཀིའི་ཆབ་ཀྱིས་བྲན་པའི་བྱིན་ནུས་ཀྱིས། །འདོད་དགུའི་ལོངས་སྤྱོད་དཔལ་འབྱོར་རྡུལ་མང་འཚུབ། །བསང་གི་མཆོད་པ་དྲི་ཙམ་ཚོར་བ་ཡིས། །ལྷ་མི་ཀུན་གྱི་མི་གཙང་བྱིང་འཐིབས་གསལ། །ནམ་མཁའ་ལ་གནས་སྣ་ཚོགས་རྒྱུ་སྐར་བཀྲ། །ས་ལ་ལེགས་འཕོས་འདྲ་བའི་དཔལ་འབྱོར་ཚོགས། །སྣ་ཚོགས་ཡུལ་འདིའི་འདོད་ཡོན་མཆོད་པའི་ཕུད། །མཆོད་པར་བཤམས་པའི་དངོས་འབྱོར་ཡིད་སྤྲུལ་འདིས། །སྟེང་ཕྱོགས་དབྱིངས་ལ་གསལ་བཏབ་རྩ་བ་གསུམ། །བསང་གི་མཆོད་པ་འབུལ་ལོ་མཉེས་གྱུར་ཅིག །བར་སྣང་ལྷ་གནས་གསུམ་གྱི་ཕོ་བྲང་མཛེས། །གཙོ་བོ་ཚངས་པ་བརྒྱ་བྱིན་སྟོབས་དཔལ་ཆེ། །དཀར་ཕྱོགས་ལྷ་ཡི་གཙོ་འཁོར་ཐམས་ཅད་བསང་། །བསང་གི་མཆོད་པ་འབུལ་ལོ་མཉེས་གྱུར་ཅིག །ས་གཞི་ལ་གནས་འགྲོ་བ་སེམས་ཅན་རྣམས། །བདེ་གཤེགས་སྙིང་པོའི་མ་ཁྱབ་མེད་པ་ལ། །རག་རང་ཕོ་ལྷ་དགྲ་ལྷ་མགོ་བའི་ལྷ། །ས་རྡོ་རི་བྲག་ཆུ་མཚོ་ལ་གནས་པའི། །ལྷ་ཀླུ་གཉན་གསུམ་འཁོར་དང་བཅས་པ་ལ། །བསང་གི་མཆོད་པ་འབུལ་ལོ་གཉེས་གྱུར་ཅིག །ཨོ་རྒྱན་བསམ་གཏན་ཆོས་གླིང་གཙུག་ལག་ཁང་། །རྩ་གསུམ་རྟགས་ཀྱི་དཀྱིལ་འཁོར་བཀོད་རེ་ལེགས། །དོན་གྱི་འོག་མིན་ཡེ་ཤེས་རང་སྣང་ལྷར། །དངོས་འབྱོར་ཡིད་སྤྲུལ་བསང་གི་མཆོད་པ་འབུལ། །གནས་སྲུང་དངོས་མེད་དཀོར་བདག་ཐམས་ཅད་བསང་། །རྟ་ནོར་ལུག་གསུམ་རྐང་བཞིའི་ཕྱྭ་གཡང་ལྷ། །རིན་ཆེན་དྲི་མེད་བཻཌཱུར་མུ་མེན་དང་། །གསེར་སྦྱངས་བཙོ་མའི་མདངས་འདྲའི་དཔལ་སྟེར་ལྷ། །གཙོ་དང་འཁོར་གཡོག་མ་ལུས་ཐམས་ཅད་ལ། །དྲི་བཟང་བསང་དང་མཆོད་པ་སྣ་ཚོགས་འབུལ། །སྤྱན་རས་གཟིགས་སྤྲུལ་པདྨ་རཱ་གའི་མདངས། །ཁམས་གསུམ་དབང་བསྡུད་ཡེ་ཤེས་ལྷ་ཡབ་ཡུམ། །ལྕགས་ཀྱུ་ཞགས་པ་འཛིན་པ་འཁོར་བཅས་བསང་། །དེ་ལྟར་མཆོད་པ་ཕུལ་བས་ལེགས་མཉེས་པས། །སྣོད་བཅུད་ཕྱྭ་གཡང་དཔལ་འབྱོར་ལེགས་སོས་ཤིང་། །རཱ་ཅན་ནོར་གྱི་གོད་ཁ་ཞི་གྱུར་ཅིག །ནད་མུག་མཚོན་གསུམ་མི་བདེའི་ལྟས་ངན་རིགས། །ཐམས་ཅད་འཁྲུལ་སྣང་བདེན་སྒྲུབ་བཟུང་བ་རྣམས། །རིག་པའི་ཡེ་ཤེས་ངང་དུ་ཞི་དག་ཤོག །ལས་བཞིའི་ཕྱྭ་གཡང་དངོས་གྲུབ་འདོད་འབྱུང་བུམ། །རྩ་གསུམ་ལྷ་ཡི་ཕྱག་བསྣམས་བདུད་རྩིའི་རྒྱུན། །ཟག་མེད་དགའ་སྟོན་ཀུན་ལ་དཔལ་སྟེར་ཞིང་། །བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །རང་གི་ཉེ་གནས་མཆོད་དཔོན་པྱཎྱེན་ཐས་བསྐུལ་ངོར། །ཡུལ་ལྷའི་བསང་མཆོད་འདི་རྫོགས་སྤྲུལ་བཞི་པ་ཨོ་རྒྱན་ཆེ་མཆོག་དེ་ཡིས་སྨྲས་པ་དགེ།


previousརུ་དམ་པདྨ་བཀོད་ཀྱི་ཡུལ་ལྷའི་བསང་མཆོད་བཞུགས་སོ།།next