Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

9 occurrences of འབེན་
[Clear Hits]


  
  
  
  
  
  
 
བཀའ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་སྙིང་ཐིག་དོན་ཁྲིད་གསལ་བའི་མེ་ལོང་བཞུགས་སོ།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


9 occurrences of འབེན་
[Clear Hits]

 
previousབཀའ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་སྙིང་ཐིག་དོན་ཁྲིད་གསལ་བའི་མེ་ལོང་བཞུགས་སོ།།next

བཀའ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་སྙིང་ཐིག་དོན་ཁྲིད་གསལ་བའི་མེ་ལོང་བཞུགས་སོ།།

ན་མོ་མ་ཧཱ་སིནྡ་གུ་རུ་ཡེ། །རྣམ་དག་སྤྲོས་བྲལ་ཆོས་དབྱིངས་འདུས་མ་བྱས། །དག་པ་རབ་འབྱམས་ཡེ་ཤེས་འཁོར་མོ་ཡུག །ཕན་བདེའི་འབྱུང་གནས་མཐའ་ཡས་བསམ་མི་ཁྱབ། །ཀུན་བཟང་ཆོས་ཀྱི་སྐུ་ཡི་ཞབས་ལ་འདུད། །རང་སྣང་རང་ཤར་སྣ་ཚོགས་གཞལ་ཡས་ཁང་། །ཡེ་ཤེས་ལྔ་ལྡན་རྨད་བྱུང་མཚན་དཔེས་བརྒྱན། །ངེས་པ་ལྔ་ལྡན་ལྷུན་གྲུབ་ཕུན་སུམ་ཚོགས། །རིགས་ལྔ་བདེ་གཤེགས་དག་པ་ལྷ་ཚོགས་མཆོད། །མ་འགགས་ཐུགས་རྗེའི་བྱིན་རླབས་སྡོང་པོ་ལས། །ཚད་མེད་མཁྱེན་བརྩེ་ཡལ་འདབ་རྣམ་མཛེས་ཤིང་། །མཐའ་ཡས་འགྲོ་ལ་འདོད་སྟེར་རབ་འཕྲོ་བ། །འགྲོ་འདུལ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །སྐུ་གསུམ་ངོ་བོ་དྲུག་པ་རྡོ་རྗེ་འཆང་། །འགྲན་གྱི་ཟླ་མེད་པདྨ་ཐོད་ཕྲེང་རྩལ། །རྩ་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་སོགས། །འདྲེན་མཆོག་དེད་དཔོན་དམ་པ་རྣམས་ལ་བསྟོད། །དེ་ལྟར་འགྲོ་མགོན་ཐུགས་རྗེ་ཆེན་པོ་རྣམས་ལ་གུས་པས་མཆོད་པ་བརྗོད་ནས། སྐུ་གསུམ་སྟོན་པ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་གསུང་ཚུལ་དགོས་པ་གསུམ་དང་ལྡན་པའི་སྒོ་ནས་གསུངས་པ་ལས། དེ་ཡང་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་གསང་སྔགས་ཀྱི་ཐེག་པ་གསུངས་པ་ལས། འདིར་གསང་སྔགས་རྡོ་རྗེ་ཐེག་པའི་དོན་བླ་ན་མེད་པའི་འོད་གསལ་རྡོ་རྗེའི་སྙིང་པོའི་ཁྲིད་ཀྱི་རིམ་པ་གཏན་ལ་དབབ་པར་བྱེད་པ་ལ། དེ་ཡང་བླ་མ་བརྒྱུད་པའི་རིམ་པ་དང་དེ་ལས་བྱུང་བའི་གདམས་པ་དང་གཉིས་ལས། ཐོག་མར་བླ་མ་བརྒྱུད་པའི་ལོ་རྒྱུས་ནི། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་དང་། བཤད་དགོས་པ་ཡང་ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །ལོ་རྒྱུས་གསལ་བར་བཤད་པར་བྱ། །ཞེས་སོ། དང་པོ་ནི། གནས་ཕུན་སུམ་ཚོགས་པ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྣམ་དག་སྟུག་པོ་བཀོད་པའི་ཞིང་ན། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལས་ལོངས་སྐུ་རིགས་ལྔ་ལྷུན་གྲུབ་རྫོགས་པའི་རྣམ་པར་བཞེངས་ཏེ། ཆོས་ཕུན་སུམ་ཚོགས་པ་རང་བཞིན་རྫོགས་པ་ཆེན་པོ་འོད་ལྔ་ལྷུན་གྲུབ་ཀྱིས་བསྟན་པ། འཁོར་ཕུན་སུམ་ཚོགས་པ་ལོངས་སྐུ་རྡོ་རྗེ་སེམས་དཔའ། དུས་ཕུན་སུམ་ཚོགས་པ་གཞི་རྫོགས་འཕོ་འགྱུར་མེད་པའི་ཚེ། རང་བཞིན་བྱིན་གྱིས་རླབས་ཀྱིས་གསུང་། དེས་དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་སུ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་གསུངས། དེས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ་སློབ་དཔོན་ཆེན་པོ་ཤྲཱི་སེངྷ་ལ་གསུངས། དེས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ་ལ་གསུངས། དེས་གཞོ་སྟོད་ཏི་སྒྲོ་བྲག་དཀར་དུ་རྡོ་རྗེ་ཕག་མོ་དང་དབྱེར་མེད་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་མངོན་སུམ་གཏན་ལ་ཕབ་ནས་གསུངས། ཡེ་ཤེས་མཚོ་རྒྱལ་གྱིས་བསྡུད་བ་པོ་མཛད་ནས་མ་འོངས་ལས་འཕྲོ་ཅན་གྱི་ཐུགས་སུ་བརྒྱུད་པར་བྱིན་གྱིས་བརླབས་ཏེ་ཌཱཀྐི་མ་ལ་གཏད་དེ་རིན་ཆེན་སའི་གཏེར་དུ་སྦས་སོ། །དེ་སྤྲུལ་པའི་སྐུ་པདྨ་ལས་འབྲེལ་རྩལ་གྱིས་དིང་ལུང་ཁྲ་མོ་བྲག་ལས་གཏེར་ནས་གདན་དྲངས་པའོ། །དེས་ཐམས་ཅད་མཁྱེན་པ་ཀློང་ཆེན་རབ་འབྱམས། ཡེ་ཤེས་རབ་འབྱམས། མཁས་གྲུབ་བསམ་གཏན་པ། གྲུབ་ཆེན་སྦྱིན་པ་བཟང་པོ། རྫོགས་ཆེན་ཤཱཀྱའི་མཚན་ཅན། བསོད་ནམས་རིན་ཆེན། གྲུབ་ཆེན་ངག་དབང་པདྨ། །རྫོགས་ཆེན་བསོད་ནམས་དབང་པོ། །རིག་འཛིན་ཆོས་ཀྱི་རྒྱ་མཚོ། གྲུབ་ཐོབ་པདྨ་རིག་འཛིན་སོགས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་སྡེ་མཐའ་དག་གི་སྙིང་པོ་ཡང་ཞུན་བཅུད་དུ་དྲིལ་པའི་སྙིང་ཏིག་གསལ་བའི་ཉམས་ལེན་གྱི་སྐོར་རྣམས་ཆ་ལག་ཚང་ཞིང་། རྒྱུད་མན་ངག བཀའ་ལུང་རྗེས་གནང་། ཆིངས་དང་བཅས་པ་ཡོངས་རྫོགས་རྣམས་བུམ་པ་ཚད་ལྡན་ནས་ཚད་ལྡན་དུ་ཆུ་བྱོས་ཞིང་མ་ཟགས་པའི་ཚུལ་གྱིས་རྩ་བའི་བླ་མའི་བར་རོ། །གཉིས་པ་དེ་ལས་བྱུང་བའི་གདམས་པ་ནི། ཆོས་སྐུའི་སྟོན་པ་ཕུན་སུམ་ཚོགས་པ་སྟེ། ཆོས་སྐུ་དག་པ་གཉིས་ལྡན་ནི། དབྱིངས་རྣམ་པར་དག་པའི་སྟོན་པ་གློ་བུར་དྲི་མས་མ་གོས་པའོ། །ལོངས་སྐུ་ངེས་པ་ལྔ་ལྡན་ནི། གནས་འོག་མིན་སྟུག་པོ་བཀོད་པ། སྟོན་པ་རིགས་ལྔའི་སངས་རྒྱས། འཁོར་ས་བཅུའི་སེམས་དཔའ། ཆོས་གསང་སྔགས་བླ་མེད་ཐེག་ཆེན་འབའ་ཞིག དུས་ཐོག་མཐའ་མེད་པའོ། །སྤྲུལ་སྐུ་མ་ངེས་པ་ལྔ་ལྡན་ལས། གནས་སྟོང་གསུམ་གྱི་སྟོང་ཆེན་པོ། སྟོན་པ་ཐུབ་པ་དྲུག འཁོར་འགྲོ་བ་རིགས་དྲུག ཆོས་ཐེག་པ་སྣ་ཚོགས། དུས་མ་ངེས་པའོ། །སྐུ་གསུམ་བསྟན་པའི་གཞུང་ལུགས་ལས། བསྐྱེད་རྫོགས་ཉམས་སུ་ལེན་པའི་བཤད་པ་ལ། སྨིན་བྱེད་དབང་དང་གྲོལ་བྱེད་ཀྱི་གདམས་པ་ཐོབ་དགོས་པར་བཤད་པ་ལས། ཐོག་མར་སྨིན་བྱེད་ཀྱི་དབང་བསྐུར་དགོས་ཏེ། མ་སྨིན་པ་སྨིན་པར་བྱེད་པའི་དབང་གི་རིམ་པ་ནི། རྒྱུད་རྣམ་བཀོད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར། དཔེར་ན་མཉན་པ་ལག་སྐྱ་མེད་པ་བཞིན། །ཕ་རོལ་བསྒྲོལ་བར་ག་ལ་ནུས། དབང་རྣམས་རབ་ཏུ་ཐོབ་བྱས་ནས། །གསང་སྔགས་ཐམས་ཅད་མ་བསྒྲུབས་འགྲུབ། །ཅེས་གསུངས། ཀློང་གསལ་ལས། དཔེར་ན་ཞིང་ས་གཤིན་པོ་ཡོད་གྱུར་ཀྱང་། །སོ་ནམ་རིམ་པར་མ་བྱས་ན། །འབྲས་བུ་སྨིན་པར་མི་འགྱུར་ལྟར། །སེམས་ལ་ཆོས་ཉིད་གནས་གྱུར་ཀྱང་། །དབང་གིས་སྨིན་པར་མ་བྱས་ན། །རྣལ་འབྱོར་དངོས་གྲུབ་ག་ལ་ཐོབ། །ཅེས་གསུངས་པས། དེ་ཡང་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་། ཡོངས་སུ་སྤྲོས་མེད་དང་། རབ་ཏུ་སྤྲོས་མེད་དང་། རིག་པའི་རྩལ་དབང་ལ་སོགས་པ་བསྐུར་ལ་རྒྱུད་ཡོངས་སུ་སྨིན་པར་བྱའོ། །དེ་ལྟར་དབང་བསྐུར་བར་དགོས་ཆེད་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གོ །གནས་སྐབས་སུ་རྒྱུད་གསང་སྔགས་ཀྱི་སྣོད་དུ་རུང་བ་ལས། མཐར་ཐུག་གསང་སྔགས་ཀྱི་ཡོན་ཏན་ཐམས་ཅད་འཐོབ་བོ། །དབང་མ་བསྐུར་ན་ཡོན་ཏན་དེ་ལས་བཟློག་པའི་སྐྱོན་ཡོད་དོ། །དེ་ཡང་སྨིན་པར་བྱེད་པའི་དབང་བསྐུར་ནས། གྲོལ་བར་བྱེད་པའི་གདམས་པ་སྟོན་པ་ལ། རྒྱུ་ཕ་རོལ་ཕྱིན་པའི་ཐེག་པ་ལས། སངས་རྒྱས་འཇིག་རྟེན་དུ་བྱོན་ཚུལ་དང་། དགྲ་བཅོམ་པ་རྣམས་ཀྱིས་བཀའི་བསྡུ་བ་མཛད་ཚུལ། པཎྚི་ཏ་རྣམས་ཀྱིས་བསྟན་བཅོས་མཛད་ཚུལ། འཆད་པ་པོ་སློབ་དཔོན་གྱི་མཚན་ཉིད། ཉན་པ་པོ་སློབ་བུའི་མཚན་ཉིད། ཐུན་མོང་དུ་དོན་བྱ་བའི་རང་བཞིན། ཉན་པ་ལ་མི་སྐྱོ་ཞིང་སྤྲོ་བ་བསྐྱེད་པའི་ཆེད་དུ་ཆོས་འབྱུང་དང་གཏམ་རྒྱུད་ཁྱད་པར་ཅན་སྐབས་སུ་བཤད་པར་གསུངས། འདིར་གསང་སྔགས་རྡོ་རྗེ་ཐེག་པའི་ཁྲིད་ཀྱི་རིམ་པ་ལས། སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས། དང་པོ་ལ་གསུམ། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ཁྱད་པར་རོ། །དང་པོ་ལ་དྲུག་དལ་འབྱོར་རྙེད་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན། ཡང་དག་པའི་དད་པ་བསྐྱེད་པའོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ་དྲུག སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། སྡོམ་པ་བཟུང་བ། སྒྲིབ་པ་བྱང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད། ཚོགས་བསགས་པའི་མཎྜལ་གྱི་ཁྲིད། བྱིན་རླབས་འཇུག་པའི་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ལ་གསུམ། ཕྱི་དང་། ནང་དང་། གསང་བ། དེ་ཡང་དང་པོ་ཉན་པ་པོ་སྣོད་དུ་རུང་བར་བྱ་བའི་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་མ་ཡེངས་པར་ཉན་དགོས་ཏེ། རྒྱ་ཆེན་རོལ་པ་ལས། དེ་ལ་དད་པ་ནི། ཆོས་སྣང་བའི་སྒོ་སྟེ། སེམས་ལས་སུ་རུང་བར་བྱེད་པའོ། །ཞེས་གསུངས། དེ་ཡང་སྐྱོན་གསུམ་དང་དྲི་མ་དྲུག་ལས་འདས་ཤིང་ཡོན་ཏན་དྲུག་དང་ལྡན་པའི་སྒོ་ནས་གསན་འཚལ། སྐྱོན་གསུམ་ནི། སྣོད་ཁ་སྦུབ་ལྟར། །ཚིག་དོན་ལ་རྣ་བས་མི་གཏད་པས་ཅུང་ཟད་ཀྱང་མི་འཛིན་པ་དང་། །ཞབས་རྡོལ་ལྟར་བཟུང་ཡང་ནན་ཏན་མཐར་ཆགས་སུ་མི་བྱེད་པས་རྟོགས་པ་མི་བརྟན་པ་དང། དུག་ཅན་ལྟ་བུའི་ཟིན་ཡང་ངེས་འབྱུང་གི་བློ་དང་སེམས་བསྐྱེད་ཀྱིས་མ་ཟིན་པས་ཉོན་མོངས་པའི་གཉེན་པོར་མི་འགྲོ་བ་གྲོགས་སུ་འགྲོ་བ་རྣམས་སྤངས་ཏེ་ཉན་པ་ནི། མདོ་ལས། དགེ་སློང་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་ཁྱེད་ལ་བསྟན་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །ལེགས་པར་ཉན་པས་ནི་དུག་ཅན་གྱི་སྐྱོན་སེལ་བའོ། །རབ་ཏུ་ཉན་པས་ནི་ཁ་སྦུབ་གྱི་སྐྱོན་སེལ་བའོ། །ཡིད་ལ་བཟུང་བས་ནི་ཞབས་རྡོལ་གྱི་སྐྱོན་སེལ་བའོ།དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་སོ། །ཆོས་ཉན་དུས་ཆེས་ཁྱད་ཀྱི་ང་རྒྱལ་དང་སྒེག་ཆོས། མཐོ་བར་སྡོད་པ་ལ་སོགས་པ་དང་། ཆོས་དང་། གྲོགས་དང་། བླ་མ་ལ་མ་དད་བཞིན་དུ་ཉན་པ་དང་། ཆོས་ལ་དོན་གཉེར་འདོད་འདུན་མེད་པ་དང་། མིག་དང་རྣ་བ་ཡིད་ལ་སོགས་པ་དབང་པོ་ཕྱིའི་ཡུལ་ལ་འཆོར་འཇུག་པ་དང་། གཉིད་རྨུགས་ལ་སོགས་པའི་སེམས་ནང་དུ་བསྡུད་པ་དང་། ཆོས་འདི་བྱ་སྙམ་པ་ལ་སོགས་པ་ཆོས་ལ་བར་དུ་གཅོད་པའི་སྐྱོ་བ་རྣམས་སྤངས་ལ་མཉན་ནོ། །དེ་ཡང་དགའ་བ་དང་། གུས་པ་དང་། དད་པ་བསྐྱེད་ནས། གཉིད་རྨུགས་ལ་སོགས་པའི་སྒྲིབ་པ་དང་། ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་རྣམས་སྤངས་ལ་ཚེ་འདི་ཡི་བློ་ངན་དྲི་མ་ཅན་ལས་འདས་པ་ཐར་བ་ཁོ་ན་ལ་དམིགས་པ། སེམས་ཅན་གྱི་དོན་དུ་ངས་ཆོས་འདི་ཉན་ལ་རྒྱུད་ལ་ཕན་པ་ཞིག་བྱ་སྙམ་དུ་མོས་པ་དང་འདུན་པ་ཁྱད་པར་ཅན་དུ་དྭངས་བ་བསྐྱེད་ནས་ཉན་པས་ཐོས་པ་དྲི་མེད་གཟི་བརྗིད་དུ་འགྱུར་རོ། གཉིས་པ་སངས་རྒྱས་བྱོན་ཚུལ་ནི། ཐེག་པ་ཆེ་ཆུང་གཉིས་ལས། ཉན་ཐོས་པ་ལྟར་ན་བདག་ཅག་གི་སྟོན་པ་བསྐལ་བ་གྲངས་མེད་པ་གསུམ་འདས་པའི་སྔོན་རོལ་དུ་སངས་རྒྱས་ཐུབ་པ་ཆེན་པོའི་དྲུང་དུ་སེམས་བསྐྱེད་ནས། ཚོགས་ལམ་ཆུང་ངུའི་རྟེན་དེ་ཉིད་ལ་ཚོགས་གཉིས་བསགས་པས་མཐར་དགའ་ལྡན་ནས་འཛམ་བུ་གླིང་དུ་གཤེགས་ཏེ་ལམ་ལྔ་མངོན་དུ་མཛད་ནས་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས། དགུང་ལོ་བརྒྱད་བཅུ་ལ་མྱ་ངན་ལས་འདས་ཏེ་ད་ལྟ་ལྷག་མ་མེད་པའི་དབྱིངས་ན་བཞུགས་པར་འདོད་དོ། །དེ་ལ་སེམས་བསྐྱེད་ནས་རྡོ་རྗེ་གདན་དུ་མཉམ་པར་བཞག་པའི་བར་ལ་སོ་སོའི་སྐྱེ་བོ་དབང་པོ་རྣོན་པོ་བརྩོན་འགྲུས་ཕུན་སུམ་ཚོགས་པ་ཞིག །བསམ་གཏན་བཞི་པའི་ཏིང་འཛིན་མངོན་དུ་མཛད་པའི་མཐར་སངས་རྒྱས་པ་ལས་ སོ་སོའི་སྐྱེ་བོ་ཡིན་པ། མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་སོ། །བསྟན་ཐོག་གཅིག་ཏུ་ལམ་ལྔ་མངོན་ཏུ་མཛད་པ་ཡང་། དེ་ཉིད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཅེས་སོ། །ཐེག་པ་ཆེན་པོ་ལའང་ཁ་ཅིག་ལྟར་ན་གྲངས་མེད་གསུམ་གྱི་སྔོན་རོལ་དུ་སངས་རྒྱས་ཐུབ་པ་ཆེན་པོ་དང་། དཀོན་མཆོག་ཡང་དག་དང་། རིན་ཆེན་ཏོག་རྣམས་རིམ་གྱིས་བྱོན་པ་ལ་སེམས་བསྐྱེད་དེ། གྲངས་མེད་དང་པོ་ལ་ཚོགས་སྦྱོར་གཉིས་སུ་སོ་སོའི་སྐྱེ་བོའི་སས་བསྡུས་པའི་ཚོགས་གཉིས་དང་། ས་དང་པོ་ནས་གཉིས་པའི་བར་གྲངས་མེད་གཉིས་པ་དང་། དག་པ་ས་གསུམ་ལས་གྲངས་མེད་ཐ་མ་སྟེ་འཕགས་པ་སློབ་ལམ་གྱིས་བསྡུས་པའི་ཚོགས་གཉིས་རྫོགས་པའི་མཐར་འོག་མིན་ཏུ་སངས་རྒྱས་ཏེ་སྤྲུལ་པའི་མཛད་པ་བཅུ་གཉིས་བསྟན་པ་མཛད་པར་འདོད་དོ། །དེ་ཡང་འོག་མིན་དུ་སངས་རྒྱས་པར་ཆོས་དང་ལོངས་སྤྱོད་མངོན་པར་སངས་རྒྱས་པའི་མདོ་ལས། རིན་ཆེན་སྣ་ཚོགས་མཛེས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བར། །གཙང་མའི་གནས་ཀྱི་སྟེང་བཞག་སྟེ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ། །ཞེས་སོ། །ཁ་ཅིག་གི་ལྟར་ན་བསྐལ་བ་གྲངས་མེད་བསམ་གྱིས་མི་ཁྱབ་པའི་སྔོན་རོལ་དུ་སངས་རྒྱས་ནས། སླར་ཡང་གདུལ་བྱའི་དོན་དུ་སེམས་བསྐྱེད་པ་དང་། ཚོགས་བསགས་པ་དང་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་སྟོན་པར་འདོད་དེ། ཡབ་སྲས་མཇལ་བའི་མདོ་ལས། སྔོན་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ་འཇིག་རྟེན་གྱིས་ཁམས་གངྒཱའི་ཀློང་གི་བྱེ་མ་སྙེད་ཀྱི་ཞིང་གཅིག་དུ་གྱུར་པ་དེས། དེ་བཞིན་གཤེགས་པའི་དབང་པོ་ཏོག་ཅེས་བྱ་བར་སངས་རྒྱས་ནས་དོན་མཛད་དེ་ཞེས་པ་ནས། དཔའ་བོ་ཆེན་པོ་ཐབས་མཁས་ཆེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་གྱུར་ནས་ཀྱང་། །ད་དུང་ཡང་ནི་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་པའི་བར་དུ་གསུངས་སོ། །ལུགས་འདི་གཉིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚུལ་དུ་གནས་ཤིང་ངེས་པ་དོན་ལ་ཕྱི་མ་ལྟར་ཡིན་ཏེ། པད་མ་དཀར་པོ་ལས་ཀྱང་། རིགས་ཀྱི་བུ་ང་ནི་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་གོང་རོལ་དུ། མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དང་། བསྐལ་བ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་འདི་ནི་ངེས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་གསུངས་སོ། །དེ་ལ་སྐབས་འདིར་མཛད་པ་བཅུ་གཉིས་ཀྱིས་སངས་རྒྱ་བའི་ཚུལ་ནི། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ན་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང། །བཟོ་ཡི་གནས་ན་མཁས་པ་དང། །བཙུན་མོ་འཁོར་གྱིས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོ་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པ་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོར་དང་། །མྱ་ངན་འདའ་བར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་ཡོངས་སུ་མྱ་ངན་འདའ་བའི་ཚུལ་བསྟན། འཁོར་རྣམ་བཞིའི་བསྟན་པ་འོད་སྲུང་དང་ཀུན་དགའ་བོ་ལ་གཏད་པ་ལས། དེ་ལྟར་སངས་རྒྱས་ཀྱི་མཛད་པ་མདོ་ཙམ་བསྟན་ནས། །གཉིས་པ་དགྲ་བཅོམ་པ་རྣམས་ཀྱིས་བཀའི་བསྡུ་བ་མཛད་ཚུལ་ནི་གསུམ་ལས། བསྡུ་བ་དང་པོ་ལ། སྡོམ་ནི། དུས་དང་འདུས་པ་གནས་དང་ནི། །གསོལ་འདེབས་དངོས་པོ་སྦྱིན་བདག་དང་། །དགོས་པ་བསལ་བྱ་བསྡུས་ཚུལ་གཙོ། །རྣམ་པ་དགུ་ནི་མཁས་རྣམས་བཞེད། །དུས་ནི་སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་ལོ་ལའོ། །ཚོགས་འདུས་པ་ནི་དགྲ་བཅོམ་པ་ལྔ་བརྒྱའོ། །གནས་ནི་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོ་རིའི་ཕྱོགས་ཤིག་ན་ཨ་སུ་ར་གསང་བའི་བྲག་ཕུག་བྱ་བ་ཡོད་པ་དེར། གསོལ་འདེབས་མཁན་འཕགས་པ་འོད་སྲུང་ཆེན་པོ་སྟེ། སྣམ་སྦྱར་ལྔ་བརྒྱ་སྟན་ཏུ་བཏིང་ནས་ཉེ་བ་འཁོར་ཞུས་པ་ལས། སྟོན་པ་འཇིག་རྟེན་ཕན་བཞེད་པ། །རྒྱལ་བས་གསུང་པ་ཆོས་རྣམས་ཀྱི། །རྣམ་པ་མཆོག་ནི་གང་བཤད་པ། །ཚེ་དང་ལྡན་པ་འདུལ་བ་གསུངས། །ཞེས་གསོལ་བ་བཏབ་དུས་འདུལ་བ་ལུང་སྡེ་བཞི་འབྲས་བུ་དྲུག་གིས་ཚད་དུ་ལོངས་པ་རྣམས་ཁ་ཏོན་དུ་གསུངས་པ་དང། དེ་བཞིན་དུ་ཀུན་དགའ་བོས་མདོ་སྡེ་དང་། འོད་སྲུང་ཉིད་ཀྱིས་མངོན་པ་གསུངས་སོ། །བསྡུ་བར་བྱ་བའི་ཆོས་ནི་དེ་ལྟར་སྡེ་སྣོད་གསུམ་མོ། །སྦྱིན་བདག་ནི་རྒྱལ་པོ་མ་སྐྱེས་དགྲའོ། །དགོས་པ་ནི་མ་འོངས་པའི་གདུལ་བྱ་ལུང་དང་མངོན་པར་རྟོགས་པ་མེད་པ་དག་སྒྲོ་འདོགས་པ་དང་སྐུར་བ་འདེབས་པ་སྤངས་ནས་སངས་རྒྱས་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རོ། །བསལ་བྱ་ནི་ལྷའི་བུ་ཚེ་བསྐལ་བར་ཐུབ་པ་དག་ན་རེ། །སངས་རྒྱས་མྱ་ངན་ལས་འདས་ནས་རིང་པོར་མ་ལོན་པར་བཀའི་བསྡུ་བར་མ་བྱུང་བ་ལས། ཤཱཀྱ་ཐུབ་པ་འདས་ནས་ད་རུང་མ་བྱུང་བ་འདི། ད་ནི་སངས་རྒྱས་ཀྱི་བསྟན་པ་མེ་ཤི་བའི་དུ་བ་ལང་ལོང་ཙམ་དུ་འགྱུར་རོ། །ཞེས་འཕྱ་བ་བསལ་བའི་ཕྱིར་རོ། །སྡུད་པ་པོའི་གཙོ་བོ་ནི་གནས་བརྟན་འོད་སྲུང་ཆེན་པོ་དང་། ཉེ་བ་འཁོར་དང་། ཀུན་དགའ་བོ་རྣམས་སོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོ་མྱ་ངན་ལས་འདའ་བར་བཞེད་ནས། བསྟན་པ་ཀུན་དགའ་བོ་ལ་གཏད་དེ། ལྷ་དང་ཀླུའི་གནས་ནས་སངས་རྒྱས་ཀྱི་ཚེམས་མཆེ་བ་གཡས་དང་གཡོན་བཞུགས་པ་ལ་ཕྱག་འཚལ་ནས། སླར་བྱོན་ཏེ་རི་བོ་བྱ་རྐང་ཅན་གྱི་ནང་དུ་སྐུ་གདུང་མི་འཇིག་པར་བྱིན་གྱིས་བརླབས་ཏེ་མྱ་ངན་ལས་འདས་སོ། །དེའི་དགོས་པ་ནི། མ་འོངས་པ་ན་བྱམས་པའི་འཁོར་དུང་ཕྱུར་དང་བཅས་པ་ཚེ་ལོ་བརྒྱད་ཁྲིའི་དུས་དེར་བྱོན་དུས། རི་ཁ་ཕྱེ་ནས་སྤུར་དེ་གཟིགས་ནས། འཁོར་རྣམས་ཀྱིས་དྲིས་པས། བྱམས་པས་དེའི་དོན་རྒྱ་ཆེར་གསུངས་དུས་ཐམས་ཅད་སྦྱངས་པའི་ཡོན་ཏན་དང་ལྡན་པར་གྱུར་པ་ལ་དགོས་པ་ཡོད་དོ། །དེ་ནས་ཀུན་དགའ་བོ་ཡང་མྱ་ངན་ལས་འདའ་བར་དགོངས་ཏེ། རྒྱལ་པོའི་ཁབ་དང་ཡངས་པ་ཅན་བསྡུམ་པའི་ཕྱིར་དེ་གཉིས་ཀྱི་བར་ཆུ་བོ་གང་གཱའི་དབུས་སར་བྱིན་གྱིས་བརླབས་ནས་བཞུགས་ཏེ། སྐྱེ་བོ་མང་པོ་རབ་ཏུ་བྱུང་ནས། ཆུ་དབུས་པ་དང་། ཉི་ཟླ་གུང་པ་ལ་སོགས་པ་མིང་བཏགས། དེ་དག་གིས་བསྒྲུབས་པས་དགྲ་བཅོམ་པ་ཐོབ་ནས་མཁན་པོའི་སྔོན་ཏུ་མྱ་ངན་ལས་འདའ་བར་བཞེད་པ་ལས། ཀུན་དགའ་བོས་ཉི་ཟླ་གུང་པ་ལ་ཁྱོད་ཁ་ཆེའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འཛིན་པར་སྙིང་རྗེ་པདྨ་དཀར་པོ་ལས་གསུངས་པས་དེར་སོང་ལ་བསྟན་པ་ཟུངས་ཤིག ཅེས་གཏད་དེ་ཀུན་དགའ་བོའི་སྐུ་གདུང་ཚལ་གཉིས་སུ་འགྲོ་བར་བྱིན་གྱིས་བརླབས་ཏེ་མྱ་ངན་ལས་འདས་སོ། །བསྡུ་བ་གཉིས་པ་ལ་ཡང་དགུ་ལས། དུས་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུ་ལོན་པ་ནའོ། །འདུས་པ་འཕགས་པ་ཟླ་སྒུར་དང་བཅས་པ་དགྲ་བཅོམ་པ་ལྔ་བརྒྱའོ། །གནས་ནི་ཡངས་པ་ཅན་གྱི་གྲོང་ཁྱེར་ཀུསྨ་པུ་རིའི་གཙུག་ལག་ཁང་ངོ་། །གསོལ་བ་འདེབས་པ་པོ་ནི་ཚེ་དང་ལྡན་པ་གྲགས་པའོ། །བསྡུ་བར་བྱ་བའི་ཆོས་ནི་སྡེ་སྣོད་གསུམ་སྟེ། ཆོས་རྒྱལ་འདས་ནས་དགེ་འདུན་འགྱེད་པའི་ཕྱིར་རྩོད་པ་འགའ་ཞིག་བྱུང་བ་ལས་བརྩམས་ཏེ་རྩ་བའི་སྡེ་བཞིར་གྱེས་པའི་བསྡུ་བ་ཡང་བྱས་སོ། །སྦྱིན་བདག་དྷརྨ་ཨ་ཤྭ་ཀ་སྟེ་ཆོས་རྒྱལ་མྱ་ངན་མེད་དོ། །དགོས་པ་སྔར་བཞིན་ལ་ཁྱད་པར་དུ་སྐད་གཞན་ལ་མོས་པའི་གདུལ་བྱ་རྣམས་ཀྱིས་ཚེགས་ཆུང་ངུས་རྟོགས་པར་བྱ་བའི་ཆེད་དུའོ། །བསལ་བྱ་ནི་དེའི་ཚེ་ཡངས་པ་ཅན་དུ་དགེ་སློང་ལྷ་ཆེན་པོས་རུང་བ་མ་ཡིན་པའི་གཞི་བཅུ་ཆོས་སུ་མཐུན་པར་བྱས་པ་རྣམས་སོ། །བསྡུ་བ་གསུམ་པ་ལའང་དགུ་ལས། དུས་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ནའོ། །འདུས་པ་ནི་དགྲ་བཅོམ་པ་ལྔ་བརྒྱ། སོ་སོའི་སྐྱེ་བོ་དགེ་སློང་ཁྲི་དྲུག་སྟོང་ངོ་། །གནས་ནི་ཁ་ཆེ་མེ་ཏོག་བརྩེགས་པའི་ཀུན་དགའ་ར་བའོ། །གསོལ་བ་འདེབས་པ་དང་སྦྱིན་བདག་ནི་རྒྱལ་པོ་ཀ་ནིཥྐའོ། །བསྡུ་བར་བྱ་བའི་ཆོས་ནི་སྡེ་སྣོད་གསུམ་དང་གྱེས་པའི་བཅོ་བརྒྱད་ཆོས་སུ་མཐུན་པར་བསྡུ་བའོ། །དེ་ཡང་སྡེ་བ་ཐ་དད་པར་ལྡོག་པའི་འཁོར་ལོ་ལས། ཤཱཀྱ་སེངྒེའི་བསྟན་པ་ནི། ཐ་དད་རྣམ་པ་བཅོ་བརྒྱད་དུ། །འགྱུར་ཏེ་འགྲོ་བའི་བླ་མ་དེ། །སྔོན་གྱི་འཕྲིན་ལས་དབང་གིས་ཡིན། །ཞེས་བཤད་པ་ལྟར་དེའི་ཚེ་བདུད་སྡིག་ཏོ་ཅན་གྱིས་དགེ་སློང་དུ་སྤྲུལ་ཏེ་དབྱེན་བྱས་པས། ཐམས་ཅད་དུ་བློང་བློང་པོར་གྱུར་ཅིང་མདོའི་གནས་སོ་སོ་དང་སློབ་བརྒྱུད་སོ་སོའི་ཚན་ཚན་དུ་ཆད་དེ། ལྟ་བ་དང་ཆོ་ག་མི་མཐུན་པ་ངེད་ཀྱི་ལྟར་གྱིས། ཁྱེད་ཀྱི་ལྟར་མ་ཡིན་ཞེས་སྐུར་པ་འདེབས་པ་ན། དེ་དག་དང་པོ་གང་ལས་འཕྲོས་པའི་སྡེ་བ་དེ་དང་དེར་བསྡུས་ནས་ཁ་འཆམས་པར་སངས་རྒྱས་ཀྱི་ཆོས་དང་བསྟན་པའི་སྲོལ་ཡིན་པར་བཅད་པ་ལ། ནང་ཚན་གྱི་རྩ་བའི་སྡེ་པ་བཞི། དེ་ལས་གྱེས་པ་བཅྭོ་བརྒྱད་དུ་གྲགས་པ་ནི། གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་དབྱེ་ན། གཞི་ཡོད་པ། འོད་སྲུང་བ། ཆོས་སྲུང་བ། མང་དུ་ཐོས་པར་སྨྲ་བ། ས་སྟོན་པར། གོས་དམར་ཅན། རྣམ་པར་ཕྱེ་སྟེ་སྨྲ་པའི་སྡེ་དང་། སྔོན་འདི་དག་རྒྱལ་རིགས་སྒྲ་གཅན་འཛིན་རབ་ཏུ་བཟང་པོ་བཅོམ་ལྡན་འདས་ཀྱིས་བསླབ་པ་ལ་གུས་པའི་མཆོག་ཏུ་ལུང་བསྟན་པ་དེའི་སློབ་བརྒྱུད་དོ། །སྐད་ནི་ལེགས་པར་སྦྱར་བ་སྟེ། སཾ་སྐྲྀ་ཏ་ལྷའི་སྐད་དང་མཐུན་པ། སྣམ་སྦྱར་གྱི་སྣམ་ཕྲན་ནི་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་དེ་ཟུང་མ་གཏོགས། རྟགས་ནི་ཨུཏྤལ་ལ་དང་། པདྨ་དང་། རིན་པོ་ཆེ་དང་། ཤིང་ལོ་འབྱུང་བའོ། །ཕལ་ཆེར་སྡེ་བ་ལ་དབྱེ་ན། ཤར་གྱི་རི་བོའི་སྡེ། ནུབ་ཀྱི་རི་བོའི་སྡེ། གངས་རིར་གནས་པའི་སྡེ། རྟག་པར་སྨྲ་བའི་སྡེ། འཇིག་རྟེན་ལས་འདས་པ་སྨྲ་པའི་སྡེ་དང་ལྔའོ། །འདི་དག་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བ་གནས་བརྟན་འོད་སྲུང་ཆེན་པོ་བཅོམ་ལྡན་འདས་ཀྱིས་སྦྱངས་པའི་ཡོན་ཏན་དང་ལྡན་པའི་མཆོག་ཏུ་ལུང་བསྟན་པ་དེའི་སློབ་བརྒྱུད་དོ། །སྐད་ནི་པྲ་ཀྲྀ་ཏ་སྟེ་འོད་གསལ་གྱི་ལྷ་རྣམས་དང་མཐུན་པར་སྨྲ་བ། སྣམ་ཕྲན་ནི་དགུ་ཡན་ཆད་ཉི་ཤུ་རྩ་གསུམ་མན་ཆད་དེ་ཟུང་མ་གཏོགས། རྟགས་ནི་གཡུང་དྲུང་འཁྱིལ་བ་དཔལ་བེའུའོ། །གནས་བརྟན་པ་ལ་དབྱེ་ན། རྒྱལ་བྱེད་ཚལ་ན་གནས་པའི་སྡེ། འཇིག་མེད་རི་ལ་གནས་པའི་སྡེ། གཙུག་ལག་ན་གནས་པའི་སྡེ་དང་གསུམ་མོ། །འདི་དག་སྨྱིག་མ་མཁན་གྱི་རིགས་ལས་རབ་ཏུ་བྱུང་བའི་འཕགས་པ་ཀ་ཏྱ་ན་ཆེན་པོ་བཅོམ་ལྡན་འདས་ཀྱིས་མཐའ་འཁོབ་འདུལ་བའི་མཆོག་ཏུ་ལུང་བསྟན་པ་དེའི་སློབ་བརྒྱུད་དོ། །སྐད་ནི་ཨ་བ་བྷྲཾ་ཤ་སྟེ་ཟུར་ཆགས་པ་ཤ་ཟ་རྣམས་དང་མཐུན་པ། སྣམ་ཕྲན་དགུ་ཡན་ཆད་ཉི་ཤུ་རྩ་གཅིག་མན་ཆད་དེ་ཟུང་མ་གཏོགས། རྟགས་སུ་དུང་འབྱུང་བའོ། །མང་པོ་བཀུར་བ་ལ་དབྱེ་ན། ས་སྒྲོག་རི་པའི་སྡེ། བསྲུང་བ་ས་ཡི་སྡེ། གནས་མ་བུའི་སྡེ་དང་གསུམ་མོ། །འདི་དག་འདྲེགས་མཁན་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ཉེ་བ་འཁོར་བཅོམ་ལྡན་འདས་ཀྱིས་འདུལ་བ་འཛིན་པ་རྣམས་ཀྱི་ནང་ནས་མཆོག་ཏུ་ལུང་བསྟན་པ་དེའི་སློབ་བརྒྱུད་དོ། །སྐད་ནི་པི་ཤ་ཙི་སྟེ་ཐ་མལ་པ་གནས་གཙང་མའི་ལྷ་རྣམས་དང་མཐུན་པ། སྣམ་ཕྲན་ནི་གནས་བརྟན་པ་དང་མཐུན། རྟགས་ནི་དུང་ངོ་། །དགོས་པ་ནི། བསྟན་པ་ནང་མཐུན་པ་དང་ཡུན་རིང་དུ་གནས་པའི་དགོས་པ་ཡོད་དོ། །བསལ་བྱ་ནི། གྱེས་པ་བཅྭོ་བརྒྱད་ཆོས་མ་ཡིན་པར་འདོད་པ་རྣམས་སོ། །སྡུད་པ་པོའི་གཙོ་བོ་ནི། སྲིད་པ་ཐ་མལ་པ་བྱང་ཆུབ་སེམས་དཔའ་སུ་མི་ཏྲ་དང་། དགྲ་བཅོམ་པ་པུརྟི་ཀའོ། །གསུམ་པ་པཎྚི་ཏ་རྣམས་ཀྱིས་བསྟན་བཅོས་མཛད་ཚུལ་ལ་གསུམ། སློབ་དཔོན་གྱི་མཚན་ཉིད། བསྟན་བཅོས་ཀྱི་རང་བཞིན། ཇི་ལྟར་མཛད་པའི་ཚུལ་དང་གསུམ་ལས། དང་པོ་ནི། རབ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས་པ། འབྲིང་ཡི་དམ་ལྷའི་ཞལ་མཐོང་ཞིང་གནང་བ་ཐོབ་པ། ཐ་མ་རིག་པའི་གནས་ལྔར་ཤེས་པའོ། །གནས་ལྔ་ནི། སྒྲ་དང། ཚད་མ། བཟོ། གསོ་བ། ནང་གི་དེ་ཁོ་ན་ཉིད་ཀྱི་གནས་སོ། །གཉིས་པ་བསྟན་བཅོས་ཀྱི་རང་བཞིན་ནི། རྩོམ་པ་པོ་མཚན་ཉིད་དང་ལྡན་པའི་བཀའི་དགོངས་འགྲེལ་དུ་བརྩམས་ཤིང་ཐར་པའི་ལམ་སྟོན་པས་འཆོས་སྐྱོབ་གཉིས་ཀྱི་ཡོན་ཏན་དང་ལྡན་པ་སྟེ། མགོན་པོ་བྱམས་པས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་བཞིན་ནོ། །གསུམ་པ་ཇི་ལྟར་མཛད་པའི་ཚུལ་ལ་སངས་རྒྱས་ཞལ་བཞུགས་པ་ན་དགྲ་བཅོམ་པ་བདུན་བརྒྱས་བསྟན་བཅོས་མངོན་པ་སྡེ་བདུན་མཛད་པ་དང་། བསྡུ་བ་གཉིས་ཀྱི་དུས་སུ་དགྲ་བཅོམ་པ་ཉེར་སྦས་ཀྱིས་བྱེ་བྲག་བཤད་མཛོད་ཆེན་མོ་མཛད་པ་དང་། སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ན། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་བྱོན་ཏེ། དབུ་མའི་ལུགས་རྒྱ་ཆེར་གསལ་བར་མཛད་པ་བཀའ་གསུམ་གྱི་དོན་འགྲེལ་བ། གཏམ་གྱི་ཚོགས་བཀའ་དང་པོ་འགྲེལ་བ་དང་། རིགས་པའི་ཚོགས་བར་པའི་འགྲེལ་བ་དང་། བསྟོད་པའི་ཚོགས་ཐ་མའི་འགྲེལ་བ་མཛད་པ་དང་། འཕགས་པ་ལྷས་བཞི་བརྒྱ་པ་ལ་སོགས་པར་མཛད་པ་དང་། ལེགས་ལྡན་འབྱེད་ཀྱིས་སྤྱན་རས་གཟིགས་བརྟུལ་ཞུགས་ལ་སོགས་པ་དང་། ཟླ་བ་གྲགས་པས་མཛད་པའི་ཚིག་གསལ་དང་། །དབུ་མ་འཇུག་པ་ལ་སོགས་པ་དང་། ལོ་དགུ་བརྒྱ་ལྷག་སྟོང་དུ་ཉེ་བ་ན་སློབ་དཔོན་ཐོགས་མེད་སྐུ་མཆེད་ལ་སོགས་པ་བྱོན་ཏེ། ཐོགས་མེད་ཀྱིས་བྱམས་པ་བསྒྲུབས་ནས་དགའ་ལྡན་དུ་བྱོན་ཏེ། ལྷའི་དྲོ་སྐད་ཅིག་གནས་པ་ལ། འཕགས་པ་བྱམས་པས་བཀའ་སྤྱིའི་འགྲེལ་པར། རྒྱན་གཉིས། འབྱེད་གཉིས། ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་དང་ལྔ་མཛད། དེས་གསུངས་པ་རྣམས་འཛམ་བུ་གླིང་དུ་དར་བར་བྱས་ཏེ། སློབ་དཔོན་སོ་སོའི་འགྲེལ་བ་དུ་མ་མཛད་པ་དང། ཁྱད་པར་དུ་སློབ་དཔོན་ཐོགས་མེད་ཀྱི་ས་སྡེ་ལྔ་སྡོམ་རྣམ་གཉིས་ལ་སོགས་པ་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུར་གྲགས་པ་རྣམས་མཛད་པ་དང་། དབྱིག་གཉེན་གྱིས་དེ་དག་གི་འགྲེལ་བའི་རིགས་དུ་མ་དང་། ཁྱད་པར་དུ་ཆོས་མངོན་པ་མཛོད་རང་འགྲེལ་དང་བཅས་པ་ལ་སོགས་དུ་མ་མཛད་པ་དང་། ཕྱོགས་ཀྱི་གླང་པོས་བརྒྱད་སྟོང་དོན་བསྡུས་དང་། ཚད་མ་ཀུན་བཏུས་ལ་སོགས་པ་དུ་མ་མཛད་པ་དང་། ཆོས་ཀྱི་གྲགས་པས་ཚད་མ་སྡེ་བདུན་ལ་སོགས་པ་མཛད་པ་དང་། ཙནྡྲ་གོ་མིས་སྒྲའི་བསྟན་བཅོས་ཙནྡྲ་པ་ལ་སོགས་པ་དུ་མ་མཛད་པ་དང་། དཔའ་བོས་སྐྱེས་རབས་ཀྱི་སྡེ་ལ་སོགས་པ་དུ་མ་མཛད་པ་དང་། སློབ་དཔོན་ཡོན་ཏན་འོད་ཀྱིས་མདོ་རྩ་བའི་བམ་པོ་དང་། ཀརྨ་ཤ་ཏམ་བམ་པོ་དགུ་ལ་སོགས་པ་མཛད་པ་དང་། ཤཱཀྱ་འོད་ཀྱིས་སུམ་བརྒྱ་བ་ལ་སོགས་པ་མཛད་པ་དང་། ཆོས་ཀྱི་བཤེས་གཉེན་གྱིས་རྒྱ་ཆེར་འགྲེལ་བ་ལ་སོགས་པ་དང་། སློབ་དཔོན་བཱི་མ་ལས་ལུང་སྡེ་བཞིའི་གནས་སྟོན་པ་དགའ་བ་བསྐྱེད་པ་དང་། དགེ་སློང་ཆུ་འཐུང་ལ་སོགས་དུ་མ་མཛད་པ་དང་། མཁན་པོ་ཞི་བ་འཚོས་དབུ་མ་སྣང་བ་ལ་སོགས་པ་དང་། ཀ་མ་ལ་ཤི་ལས་སྒོམ་རིམ་རྣམ་གསུམ་ལ་སོགས་པ་མཛད་པ་དང་། ཤིནྟི་པས་ཉི་ཁྲི་དག་ལྡན་པ་ལ་སོགས་མཛད་པ་དང་། ཇོ་བོ་རྗེས་བྱང་ཆུབ་ལམ་གྱི་སྒྲོན་མེ་ལ་སོགས་པ་མཛད་དེ། མདོར་ན་རྒྱ་གར་གྱི་པཎྟི་ཏ་དེ་དག་དང་གཞན་ཡང་དཔག་ཏུ་མེད་པ་ཕྱི་ནང་གི་གནས་གསལ་བར་བྱེད་པའི་བསྟན་བཅོས་དུ་མ་མཛད་དེ། འཛམ་བུ་གླིང་དུ་དར་ཞིང་རྒྱས་པར་སངས་རྒྱས་ཀྱི་མཛད་པ་ཡུན་རིང་དུ་གནས་པར་མཛད་པ་ཡིན་ཏེ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་ཏེ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་སུ་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལ་གསང་སྔགས་ཀྱི་བསྟན་བཅོས་ནི། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཕྱི་མ་ལས།ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་ཉི་ཤུ་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་དེ། །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །དཔལ་ཞེས་བྱ་བའི་རི་བོ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། རྒྱལ་པོ་ཛཿཞེས་བྱ་བ་ལ། ལག་ན་རྡོ་རྗེས་སྣང་བར་བྱེད། མི་ལས་སྐལ་ལྡན་དམ་པ་རྣམས། །བྱང་ཆུབ་མཆོག་ཏུ་གྲུབ་གྱུར་པས། །དེ་ལ་རྟག་ཏུ་གུས་པར་གྱིས། །ཞེས་དང་། མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོ་ལས། རྒྱུ་ལ་མོས་པ་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་ ཞལ་ཆེམས་བཞིན་ཏན་ཏྲའི་སྡེ་རྣམས་རྒྱལ་པོ་ཛའི་ཁང་ཐོག་ཏུ་བབས། དེ་རྣམས་ལ་བརྟེན་ནས་མཁས་པ་རྣམས་ཀྱིས་སྒྲུབ་ཐབས་མང་དུ་མཛད་པ་ནི། སྒྱུ་འཕྲུལ་སྡེ་བཞིའི་རྒྱུད་ལ་བརྟེན་ནས། སློབ་དཔོན་སངས་རྒྱས་གསང་བས་བྷུདྡྷ་བཞི་བཅུ་རྩ་གཉིས་ཀྱི་སྒྲུབ་ཐབས་རྣམས་མཛད། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་གཤིན་རྗེ་ནག་པོའི་རྒྱུད་སྡེ་རྣམས་ལ་བརྟེན་ནས། འཇམ་དཔལ་སྐུའི་སྒྲུབ་ཐབས་རྣམས་མཛད། སློབ་དཔོན་ཀླུ་སྒྲུབ་ཀྱིས་རྟ་མཆོག་རོལ་པའི་རྒྱུད་ལ་བརྟེན་ནས། པདྨ་གསུང་གི་སྒྲུབ་ཐབས་རྣམས་མཛད། སློབ་དཔོན་ཧཱུྃ་ཆེན་ཀ་རས་ཧེ་རུ་ཀའི་གལ་པོའི་རྒྱུད་ལ་བརྟེན་ནས། ཡང་དག་ཐུགས་ཀྱི་སྒྲུབ་ཐབས་རྣམས་མཛད། སློབ་དཔོན་བཱི་མ་ལ་མི་ཏྲས་བམ་པོ་བརྒྱད་པ་ལ་བརྟེན་ནས། བདུད་རྩི་ཡོན་ཏན་གྱི་སྒྲུབ་ཐབས་རྣམས་མཛད། བདག་ཉིད་པདྨ་རྣལ་འབྱོར་མས་དམ་པ་གསང་ཆེན་དང་། བི་ཏོ་ཏ་མ་འབུམ་སྡེ་ལ་བརྟེན་ནས། ཕུར་བ་ཕྲིན་ལས་ཀྱི་སྒྲུབ་ཐབས་རྣམས་མཛད། སློབ་དཔོན་དྷ་ན་སཾ་སྐྲི་ཏས། སྲིད་པའི་བམ་རིག་སྐོར་གསུམ་ལ་བརྟེན་ནས། མ་མོ་རྦོད་གཏོང་གི་སྒྲུབ་ཐབས་རྣམས་མཛད། སློབ་དཔོན་རམ་བུ་གུ་ཡ་དེ་ཝ་ཙནྟྲས་དྲེགས་པ་སྐུ་གསུང་ཐུགས་ཀྱི་རྒྱུད་ལ་བརྟེན་ནས། འཇིག་རྟེན་མཆོད་བསྟོད་ཀྱི་སྒྲུབ་ཐབས་རྣམས་མཛད། སློབ་དཔོན་ཕུང་བྱེད་ཤནྟིང་གརྦྷས། །དྲག་པོ་ངན་སྔགས་ཀྱི་རྒྱུད་ལ་བརྟེན་ནས། །དམོད་པ་དྲག་སྔགས་ཀྱི་སྒྲུབ་ཐབས་རྣམས་མཛད། །བསྟན་བཅོས་ཀྱི་དགོས་པ་ནི། གཞུང་གི་མཛེས་རྒྱན་ཆེ། གདུལ་བྱའི་མོས་པ་སྐྱེ། གཞུང་འཐོར་བ་བསྡུས། ཉམས་པ་གསོས། ཆོས་བྱེད་དང་བ་འདྲེན་པ་ལ་སོགས་པ་དགོས་པ་ཡོད་དོ། ། བཞི་པ་བོད་དུ་ཆོས་འབྱུང་བའི་གཏམ་རྒྱུད་ནི། དེ་ཡང་གངས་ཅན་བོད་ཀྱི་ཡུལ་འདིར་ཐུགས་རྗེ་ཆེན་པོའི་གདུལ་ཞིང་དུ་བྱིན་གྱིས་བརླབས་པས་འཕགས་པའི་སྤྲུལ་པ་སྤྲེའུ་བྱང་ཆུབ་དང་། སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་གཉིས་བསྡད་པ་ལས་བོད་ཀྱི་མི་དང་ཡུལ་གྲུ་རྣམས་ཆགས་པ་ལས་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་རྒྱ་གར་ནས་རྒྱལ་རིགས་སམ་མཁའ་ལས་བབས་པའི་བོད་ཀྱི་རྗེ་བོའི་སྔ་བ་གཉའ་ཁྲི་བཙན་པོ་ཡིན། དེའི་གདུང་རབས་གནམ་ལ་ཁྲི་བདུན་ས་ལ་ལེགས་དྲུག ཚིག་ལ་བཙན་ལྔ་རིམ་པར་བྱོན་པ་ལས། རྒྱལ་པོ་ཐོ་ཐོ་རི་སྙན་བཙན་ཕོ་བྲང་ཡུམ་བུ་བླ་མཁར་དུ་བཞུགས་དུས། རྒྱ་གར་དུ་རྒྱལ་བོ་ཛའི་ཁང་སྟེང་དུ་ཏན་ཏྲ་སྡེ་བཅྭོ་བརྒྱད་ཆར་འབབ་པའི་དུས་སུ། ཐུགས་རྗེ་ཆེན་པོའི་བྱིན་རླབས་ལས། བོད་ཀྱི་ཆོས་སྐལ་ལ་ཉི་མ་ཤར་བ་དང་། དུས་མཉམ་དུ་ཟ་མ་ཏོག་སྤང་སྐོང་ཕྱག་རྒྱ་དང་། ཙིནྟ་མ་ཎི་སྐོས་ཕོར་དང་། མུ་ཏྲ་ཕྱག་རྒྱ་རྣམས་འཇའ་འོད་ཀྱི་གུར་ཕུབ། མེ་ཏོག་གི་ཆར་ཕབས། ཕུན་སུམ་ཚོགས་པའི་ལྟས་བཟང་པོ་དང་བཅས་པས་ཕོ་བྲང་ཡུམ་བུ་བླ་སྒང་དུ་བབས། ཡི་གེ་དང་དགེ་བའི་སྲོལ་མེད་པས་དོན་མ་ཤེས། རྒྱལ་རབས་ལྔ་ནས་འདི་ཡི་དོན་ཤེས་པར་འབྱུང་བའི་ལུང་བསྟན་ཐོབ་ནས་གཉན་པོ་གསང་བ་ཞེས་མཚན་གསོལ་ནས་རྒྱལ་པོའི་གཙུག་ལག་ཁང་དུ་འཆང་བ་ནས་དམ་པའི་ཆོས་ཀྱི་དབུ་བརྙེས། དེའི་རྒྱལ་རབས་ལྔ་ནས་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་སྲོང་བཙན་སྒམ་པོའི་དུས་དེའི་དོན་རྣམས་དགོངས་ཤིང་རྒྱ་གར་ནས་མདོ་རྒྱུད་འགའ་ཞིག་བསྒྱུར་ཅིང་དགེ་བ་བཅུའི་སྲོལ་བཏོད། དེ་ནས་རྒྱལ་རབས་ལྔ་ནས་འཇམ་དབྱངས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་བྱོན་ནས་བོད་དུ་གཙུག་ལག་ཁང་བཞེངས་ཤིང་རྒྱ་གར་ནས་མཁན་སློབ་གཙོས་པའི་པཎ་ཆེན་རྣམས་སྤྱན་དྲངས། དགེ་འདུན་གྱི་སྡེ་བཙུགས། མདོ་སྔགས་ཀྱི་ཆོས་བསྒྱུར་ཅིང་མཐའ་རྒྱས་པར་མཛད་པས་མེས་དབེན་རྣམ་གསུམ་བོད་ལ་བཀའ་དྲིན་ཆེ་བར་གྲགས། བོད་འདིར་ཆོས་ལ་དར་རྒུད་ཀྱིས་སྔ་དར་དང་ཕྱི་དར་གྱི་ལོ་རྒྱུས་མང་དུ་ཡོད་ཀྱང་འདིར་མ་སྨོས། ལྔ་པ་འཆད་པ་པོ་སློབ་དཔོན་གྱི་མཚན་ཉིད་ནི། འདིར་ཡང་བླ་མའི་མཚན་ཉིད་དང་མི་ལྡན་པ་ཚེ་འདི་དོན་དུ་གཉེར་བ། ཟང་ཟིང་དང་འདོད་ཡོན་ལ་སྲེད་པ་ཆེ་བ། དད་ལྡན་ཆོས་ལ་མོས་པ་རྣམས་ལོག་པའི་ལམ་དུ་ཁྲིད་པ། ཕ་རོལ་ཐབས་ཀྱིས་བསླུས་ཤིང་ཡང་དག་གི་དོན་ལ་ཕྱོགས་ཙམ་ཡང་མ་གཏོགས་པ། ཁ་ལྟས་བྲེ་སྐམས་ཆེ་ཞིང་སྟོང་སྐད་མང་པོ་འདོན་ནས་རང་རྒྱུད་མ་གྲོལ་བ་གྲུབ་ཐོབ་ཏུ་ཁས་ལེན་པ། དེ་ལྟ་བུའི་གང་ཟག་ཐོ་ཅོ་ཅན་གྱིས་ཨ་ཏི་བློ་འདས་ཀྱི་དོན་སྟོན་མི་ནུས་ཏེ། སྤྱིར་ནམ་མཁའ་དང་མཉམ་པའི་རྒྱུད་ལས་འདི་སྐད་དུ། གདམས་ངག་མེད་པར་ཚུལ་འཆོས་བྱེད། །མི་སྨོན་འདོད་ན་གཞན་སེམས་འཛིན། །དོན་བོར་བདག་འཛིན་ཕྲག་དོག་ཅན། །རྫུན་ཞེན་ཆགས་མེད་དོན་གྱིས་འཛིན། །ལོངས་སྤྱོད་རང་གྲོལ་ལོག་པར་རྟོགས། །རྣལ་འབྱོར་རང་བྱུང་ཞེས་བྱ་སྟེ། །དགོན་པར་གནས་ནས་དད་ལྡན་བསྡུས། །ཚུལ་བཅོས་ཁ་གསག་མི་རྣམས་བསྟེན། །ཁ་ལེན་ཟས་ནི་ཀུན་ལ་སྟེར། །འདུ་འཛི་ལོངས་སྤྱོད་བདུད་ཞུགས་ཏེ། །ཏིང་འཛིན་དོར་ནས་གཞན་སེམས་འཛིན། །འབུལ་དུ་རེ་ནས་མཐོ་ས་མཆོང་། །ཆོས་པ་ཡིན་ཟེར་སྨོན་འདོད་ནས། །འདོན་ཀློག་མཚན་མའི་ཆོས་ལ་དགའ། །བསྒོམ་པའི་དོན་བོར་གཡེང་བར་བསྒྲུབ། །ཡོན་ཏན་རྣམས་ལ་ང་བདག་འཛིན། །འདུ་འཛི་ཆེ་བ་རང་བསླུས་སྡུག །ཅེས་པ་དང་། ཡང་འདི་སྐད་དུ། རྣལ་འབྱོར་ཆོས་ལ་མི་ལྡན་པས། ཡོན་ཏན་སྣ་ཚོགས་ཤེས་པ་ཡི། །རིག་པ་ཅུང་ཟད་ལྡན་པས་ཀྱང་། །ཆེད་དུ་བྱས་པའི་གཞན་དོན་བྱེད། །གཡེང་བ་བདུད་ནི་ཁོང་དུ་ཞུགས། །གཞན་གྱིས་བསྟོད་པའི་ཏིང་འཛིན་བཏང་། །ཆོས་འཆད་སྨན་དང་བཟོ་རྣམས་བྱེད། །གཞན་དོན་བྱང་ཆུབ་ཟེར་ཡིན་པ། །འདོད་པའི་རྫས་ལ་ཞེན་པ་བསྐྱེད། །བྱ་བ་ལས་ཀུན་ཆེད་དུ་བྱས། །གཡེང་བ་རང་སེམས་བདུད་དུ་ལང་། །དོན་དང་བྲལ་ནས་རང་བསླུས་ལྟུང་། །ཞེས་པའི་བླ་མར་ཁས་འཆེ་ཞིང་རིག་གནས་ཀྱི་རྣམ་གཡེང་གིས་དུས་འདའ་བར་བྱེད་ཅིང་། ངེས་པའི་དོན་མཆོག་ཡལ་བར་དོར་བའི་སློབ་དཔོན་དང་། ཟས་ནོར་འདོད་སྲེད་གདུང་ནས་ཚུལ་འཆོས་གཡོ་སྒྱུ་ཁ་གསག་གིས་བླུན་པོ་བསླུ་བར་བྱེད་པ་སློབ་དཔོན་བདུད་ཀྱི་བྱིན་རླབས་ཞུགས་པ་དག་ཀྱང་འབྱུང་བར་འགྱུར་ཏེ། སྔ་མ་ལས། ངེས་པའི་གདམས་ངག་མེད་པར་ནི། གདིང་མེད་ཚུལ་འཆོས་ཟོར་ཅན་དེས། གཡོ་སྒྱུ་ཅན་ལ་འཕགས་ལམ་རིང་། །ཁ་གསག་དོན་ཁྲིད་བདུད་ཞུགས་ཏེ། །དད་ལྡན་གླེན་པའི་གང་ཟག་ལས། །གདམས་ངག་མེད་པར་ཡིད་ཆེས་ནས། །ཚུལ་འཆོས་བྱེད་ཅིང་ཆོས་པར་འཆོས། །གདམས་ངག་མེད་ཀྱང་གསུང་བ་སྐད། །བསྟན་རྒྱུ་ཡོད་ཀྱིས་ཕྱི་ནས་བཤད། །ཟེར་ཞིང་ཟས་ནོར་སྲེད་པ་ཆེ། །རང་གི་རང་བསླུས་སྙིང་རྗེའི་གནས། །ཕྱི་མ་ཡི་དྭགས་ལྟོ་ཕྱིར་སྐྱེས། །ཞེས་སོ། །གཞན་ཡང་སྙིགས་དུས་སུ་རང་འདོད་ཀྱི་ཁེངས་པ་བསྐྱུངས་ནས། ཆོས་ལ་ཕག་ཚོལ་ཞིང་། བླ་མའི་གསོབ་ཏུ་ཞུགས་ཏེ་འགྲོ་བ་བསླུ་བའི་ལོག་ཆོས་སྟོན་པར་བྱེད་པ་མང་དུ་འབྱུང་བ་ཡང་། སྤྱི་རྒྱུད་ལས། ལན་གཅིག་དུས་ཀྱི་དེང་སང་ན། །འདྲ་མིན་བསླུ་ཆོས་དར་བའི་ཚེ། །དམ་ཉམས་ཁ་གསག་ཅན་གྱིས་བསླུས། །གསུང་བཤད་མ་ནོར་ཡོད་ཟེར་ནས། །གཞི་འབོལ་ཆགས་ཆུང་ཚུལ་འཆོས་ཏེ། །སྣོད་དང་ལྡན་པ་སྦྱིན་གྱི་ཟེར། །རང་ལ་ངེས་པར་ཕུགས་མེད་པ། །མཁན་ཆེན་དག་ལ་ཁུང་ཕྱུང་སྟེ། །ནོར་ཟས་དཔག་མེད་ངེས་ཕུལ་བས། །རྫུན་གྱི་དཔེའུ་ཆུང་འབྲི་བཀྲམ་ནས། །འབྱོར་ཚད་ཕུལ་ན་ཟེར་ནས་བསླུས། །མཁས་པ་རྣམས་ནི་བསླུ་མི་ཚུགས། །བླུན་པོ་ཀུན་བསླུས་སྙིང་རེ་རྗེ། །ཁ་གསག་རྫུན་ཚིག་སྨྲས་ནས་ཀྱང་། །བསྟན་རྒྱུད་མེད་པར་ཕྱི་དུས་འདེབས། །རང་མེད་གདམས་ངག་གཞན་འཚོལ་འགྲོ། །མ་རྙེད་འཕྱས་ཀ་བཏང་ཞིང་འཕྱ། །རྙེད་ནས་སྟོན་གྱི་ནོར་འབུལ་ཟེར། །ཀུན་བསླུས་སུན་ཐོན་ཆོས་དང་བྲལ། །གཅིག་བསླུས་སེམས་ཅན་བརྒྱ་བསད་ལས། །སྡིག་པ་ཤིན་ཏུ་ཆེ་བ་ཡིན། །དེ་ཕྱིར་འདོད་ཆོས་མི་བཤད་དོ། །ཞེས་དེ་ལྟ་བུ་ཚུལ་འཆོས་བསླུ་བའི་བྱ་བ་ཐམས་ཅད་སྤངས་ནས་མཚན་ཉིད་བཟང་ལྡན་གྱི་བླ་མ་བསྟེན་པ་གལ་ཆེ་སྟེ། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ནི་བྱ་བ་དང་མི་བྱ་བ་ཐམས་ཅད་སྟོན་པ། འཇིག་རྟེན་གྱི་ན་ཙམ་འདོར་བ། སྡིག་པ་དང་བག་མེད་པའི་གནས་ལས་བཟློག་པ། སྒྲིབ་པ་ཐམས་ཅད་སྦྱང་བ། འཁོར་བའི་གྲོང་ཁྱེར་ནས་འདོན་པ། བདུད་ཀྱི་ཞགས་པ་གཅོད་པ། མ་རིག་པའི་མུན་པ་སེལ་བ། ལྟ་བའི་འཆིང་བ་གཅོད་པ། སྡུག་བསྔལ་གྱི་ཟུག་རྔུ་འབྱིན་པ། མི་ཤེས་པའི་འདུན་པ་སེལ་བ། སྲིད་པའི་ཆུ་བོ་སྒྲོལ་བ། འདོད་པའི་འདམ་དུ་བྱིང་བར་བྱང་ཆུབ་སེམས་དཔའི་ལམ་སྟོན་པ། ཡིད་ལ་འཇོག་ཅིང་ནན་ཏན་ལ་འགོད་པ། རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བར་ལམ་སྟོན་པ། སྙིང་རྗེ་ཆེན་པོ་བསྐྱེད་པ། ཤེས་རབ་ཀྱི་མིག་སྦྱངས་པ། བྱང་ཆུབ་ཀྱི་སེམས་སྤེལ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བརྟེན་པ། ཕ་རོལ་ཕྱིན་པའི་གདམས་པར་སྟོན་པ། ས་བཅུའི་གནས་ལ་འགོད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གནས་པར་བྱེད་པའོ། །ཞེས་སོ། དེ་ལྟ་བུའི་བདེ་ལེགས་ཀྱི་ལམ་ལ་འགོད་པར་བྱེད་པའི་བཤེས་གཉེན་བསྟེན་པ་ཤིན་ཏུ་གནད་ཆེ། ཁྱད་པར་དུ་འདིར་གསང་སྔགས་རྙིང་མའི་རྣམ་བཞག་ཚེ་གཅིག་ལུས་གཅིག་ཏུ་ཐར་པ་སྟོན་པ་ཡིན་པས་ལེགས་པར་བརྟགས་པ་ཤིན་ཏུ་གནད་ཆེ་བའོ། །དྲུག་པ་ཉན་པ་པོ་སློབ་མ་སྣོད་དང་ལྡན་པ་དགོས་ཏེ། སློབ་མ་ཡང་སྤྱི་རྒྱུད་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡང་དག་ངེས་དོན་ཁྱད་པར་ཅན། །འབྲས་བུ་ངེས་པའི་དོན་ཆེ་ནི། །བླ་མར་མི་གུས་ང་རྒྱལ་ཅན། །ཚུལ་འཆོས་བྱེད་ཅིང་བླ་མར་སྨོད། །འབུལ་བ་མེད་ཕྱིར་གདམས་ངག་མེད། །བཀའ་རྐུན་བྱེད་ཅིང་ཕྱི་ཐག་ཐུང་། །དོན་ལ་མི་གུས་ཆོས་ལ་ཡང་། །འགྲན་སེམས་བཅུག་པ་མཆེད་དང་འཁོན། །ལྟ་བ་མེད་པ་གཟུང་འཛིན་ཆེ། །བདག་མེད་མ་ཤེས་རང་མཐོང་བྱེད། །ང་རང་མཁས་ཟེར་བླ་མར་སྨོད། །སྔོན་ནས་ཡོད་ཟེར་ང་རྒྱལ་ཆེ། །གཞན་རྙེད་ཟེར་ཞིང་བཀའ་རྐུན་བྱེད། །གདམས་ངག་མེད་པའི་ཚུལ་འཆོས་སྟོན། །ཕྱི་ནས་འབུལ་ཟེར་ཐབས་ཀྱིས་བྲིད། །ནོར་འཕོངས་བཞོག་ངོམ་ཁ་གསག་ཅན། །གཡོ་སྒྱུ་ཐབས་ཀྱིས་ཆོས་འདོད་པས། །ངེས་དོན་གནད་ཀྱི་མན་ངག་ནི། །ནམ་ཡང་བསྟན་པར་མ་གསུངས་སོ། །ཞེས་རྒྱས་པ་མང་དུ་གསུངས་ན་ཡང་མདོར་བསྡུས་ན། དད་པ་དང་མོས་གུས་ཆེ་བ། བྱ་བ་ཉུང་ཞིང་བསྒྲུབ་ལ་བརྩོན་པ། ཞི་དུལ་དང་ལྡན་ཞིང་ངང་རྒྱུད་རིང་བ། བག་ཡོད་ཅིང་བཀའ་བཞིན་དུ་བསྒྲུབ་པ་ཞིག་དགོས་ཏེ། དེ་ཡང་ཀློང་གསལ་ལས། དམ་ཚིག་གཙང་ལྡན་དག་སྣང་ཆེ། །དུག་ལྔ་ཤུགས་ཆུང་བློ་ཁོག་ཡངས། །དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །རྒྱུད་དུལ་སྡིག་འཛེམས་དབང་པོ་རྣོ། །གསང་ཐུབ་ཉམས་མྱོང་བརྟུལ་ཞུགས་ཆེ། །སྐྱོ་ཤས་སྡུག་སྲན་སྙིང་རུས་ཆེ། །ངང་རྒྱུད་དལ་ཞིང་སློབ་དཔོན་བསྟེན། །དེ་ལྟ་བུ་ཡི་བློ་གྲོས་ཆེ། །གསང་སྔགས་སྙིང་པོའི་སྣོད་དུ་རུང་། །ཞེས་གསུངས་སོ། །གཉིས་པ་གྲོགས་བསྟན་པ་ནི། དེ་ཡང་མཛོད་ལས། བསྟན་པའི་རྩ་བ་བསླབ་གསུམ་སྲུང་བ་དང་། །ཐོས་པ་ཕྱོགས་མེད་སྣ་ཚོགས་བྱ་བ་དང་། །སྒོ་གསུམ་ཞི་ཞིང་རང་རྒྱུད་དུལ་བ་དང་། །དགེ་བ་སྤེལ་ཞིང་སྡིག་ལ་འཛེམས་པ་དང་། །ངོ་ཚ་ཁྲེལ་ཡོད་དད་པ་བསྐྱེད་པ་དང་། །དགེ་བའི་བཤེས་གཉེན་དགེ་གྲོགས་བསྟེན་པ་དང་། །དང་པོའི་ལས་ཅན་རྣམས་ལ་ཤིན་ཏུ་གཅེས། །ཞེས་པའི་སློབ་དཔོན་ཤཱཀྱ་འོད་ཀྱི་ཞལ་སྔ་ནས། །བླ་མ་ལ་གུས་ཚུལ་ཁྲིམས་ཡང་དག་དང་། །བསམ་གཏན་ལ་ནི་དོན་ལ་རྟག་བརྩོན་དང་། །སྒྲིམ་ཞིང་དུལ་ལ་བཟོད་དང་ལྡན་པ་སྟེ། །སྡོམ་བརྩོན་གནས་པ་ཆོས་ལྡན་ལེགས་པར་གསུངས། །ཞེས་གལ་ཏེ་ཐར་བ་འདོད་པ་རྣམས་ཀྱིས་སྡིག་པའི་གྲོགས་པོ་སྤངས་ཤིང་དགེ་བའི་བཤེས་གཉེན་བསྟེན་པ་གལ་ཆེ་སྟེ། སྡིག་པའི་གྲོགས་པོ་ནི་དུག་གི་སྡོང་པོ་དང་འདྲ་སྟེ་འབྲེལ་ཚད་ཉོན་མོངས་པའི་དུག་གིས་གོས་ནས་སྡུག་བསྔལ་བར་འགྱུར། ཁེ་དྲག་ཆེ་བཙན་དང་འགྲོགས་ནས་གཏུམ་ཐུང་བརྡེགས་བཙོག་གི་ཉེས་པ་འགོས། དེ་ལ་སོགས་པའི་ལེ་ལོ་རྣམ་གཡེང་ཚོང་ཁེ་སྤོགས་སོ་ནམ་ལས་ཀ་ཚེ་འདིའི་བྱ་བྱེད་གང་དང་གང་བྱས་པ་དེ་དང་འགྲོགས་ནས་གང་ཡིན་དེའི་ཉེས་པ་འགོས་ན་མར་ཐེན་གྱི་ཐག་པ་ཐར་པའི་གེགས་བྱས་པ་ཡིན་ཏེ། དེ་དག་རིང་དུ་སྤང་དགོས། དེ་ཡང་སྡིག་གྲོགས་ཀྱི་ཉེས་པའི་སྐྱོན་གྱིས་གོས་པ་དེ་ནི། རླུང་ལ་དྲི་བཟང་ངན་གང་ཡང་མེད་ཀྱང་རོ་རུལ་དང་མི་གཙང་བའི་ཁྲོད་ནས་བྱུང་བའི་རླུང་ལ་དྲི་ངན་གྱི་གོས་པ་དང་། སྨན་དང་སྤོས་དང་དྲི་བཟང་གི་ཕྱོགས་ནས་བྱུང་བའི་རླུང་དྲི་བཟང་པོ་དང་འགྲོགས་པ་ལྟར་སྐྱོན་དང་ཡོན་ཏན་གྱི་དཔེ་ཡང་དེ་དང་མཚུངས་པ་རྟག་ཏུ་དགེ་བའི་གྲོགས་ལ་བསྟེན་པར་འཚལ། སྤྲོ་ན་འདི་དག་སྐབས་སུ་བཤད་པ་དང་། གཞན་མདོ་རྒྱུད་བསྟན་བཅོས་རྣམས་ལེགས་པར་བཀྲམ་སྟེ་བཤད་པར་བྱ། བརྒྱད་པ་བླ་སློབ་ཐུན་མོང་དུ་དོན་བྱ་བའི་རང་བཞིན་ནི་གསུམ་ལས། སྦྱོར་བ། དངོས་གཞི། རྗེས། དང་པོ་ནི། སྦྱོར་བ་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཐོབ་པར་བྱ། དེའི་ཆེད་དུ་ཆོས་ཉན་སྙམ་དུ་སེམས་བསྐྱེད་ནས། ཕ་རོལ་ཏུ་ཕྱིན་པའི་ཆོས་སྟོན་པ་དེ་ཐུབ་པ་དང་། འཁོར་རྣམས་ལ་འཁོར་རྣམ་བཞིའི་སོ་སོར་ཤེས་པར་ཉོན། སྔགས་ལ་དཀྱིལ་འཁོར་གཅིག་ཏུ་ཤེས་པའི་གཙོ་འཁོར་གསལ་བཏབ་ནས་ཉོན། ཡང་ན་སློབ་དཔོན་འཇམ་དཔལ་དུ་བསམ་པའི་ཞལ་ནས་ཆོས་ཀྱི་འོད་ཟེར་འཕྲོས་པས། སློབ་མ་སྒྲོལ་བར་བསམ་པའི་རྣ་བར་ཚུར་ཐིམ་པར་བསམ་པའོ། །དེ་ཡང་དཔེ་དོན་ཀློག་མཁན་གྱི་ཚུལ་དུ་མི་བཤད་པར། ཚིག་གསལ་ཞིང་དོན་གོ་བ། ངེས་དོན་གྱི་སྡེབ་ལེགས་པར་བཤད་ཅིང་། ཀློང་གསལ་ལས། རྒྱུད་འཁྲུག་པ་རྣམས་བསྡེབ་ལ་བཤད། །རྡོ་རྗེའི་ཚིག་རྐང་བཀྲོལ་ལ་བཤད། །ཅེས་གསུངས་པས། དེ་ཡང་བཤད་ལུགས་ཀྱི་རྣམ་གྲངས་ཉེར་དགུ་བསྟན་ཏེ། རིག་པ་རང་གྲོལ་ལས། སྟག་མོ་མཆོང་སྟབས་ལྟ་བུའི་བློས། །དོན་གྱི་ས་མཚམས་བཅད་དེ་བཤད། །མཁའ་ལྡིང་ཁྱུང་ཆེན་ལྟ་བུའི་བློས། །དོན་གྱི་ཁོག་ནས་ཕུབ་སྟེ་བཤད། །སེང་གེའི་གདངས་སྐད་ལྟ་བུའི་བློས། །ཐེག་དམན་ཟིལ་གྱིས་མནན་ཏེ་བཤད། །རུས་སྦལ་འགྲོས་པ་ལྟ་བུའི་བློས། །ཡི་གེའི་འབྲུ་རྣམས་ཆམ་པར་བཤད། །ཕོ་རོག་སོ་བཏོགས་ལྟ་བུའི་བློས། །གོལ་སྒྲིབ་གདར་ཤ་བཅད་དེ་བཤད། །གྱད་ཀྱི་མདོར་ཐབས་ལྟ་བུའི་བློས། །རྒྱས་པའི་དོན་ལ་བསྡུས་པར་བཤད། །གླང་ཆེན་ཉལ་བ་ལྟ་བུའི་བློས། །ལྟ་བའི་མིག་ལ་བཙུག་སྟེ་བཤད། །མཁའ་ལྡིང་རྒུམ་ཐུན་ལྟ་བུའི་བློས། །དོན་གྱི་དམིགས་ལ་བཙལ་ཏེ་བཤད། །གླག་མོ་གཟན་འཇུས་ལྟ་བུའི་བློས། །དོན་ལ་ཐེ་ཚོམ་མེད་པར་བཤད། །རྣ་ཕྲུག་བྲག་འཛེགས་ལྟ་བུའི་བློས། །མི་འཚམ་པ་ཡང་འཆོས་པར་བཤད། །མུ་ཏིག་བསྟར་རྒྱུས་ལྟ་བུའི་བློས། །མན་ངག་མངོན་དུ་སྡེབ་སྟེ་བཤད། །དུས་ཀྱི་འབྲུག་ཆར་ལྟ་བུའི་བློས། །ཕ་རོལ་སུན་རྣམས་ཕྱུང་སྟེ་བཤད། །མཚན་མ་བུ་བ་ལྟ་བུའི་བློས། །རྒ་མོ་ཀུན་ན་བསྡུར་ཏེ་བཤད། །དཔག་བསམ་ལྗོན་ཤིང་ལྟ་བུའི་བློས། །ཤིན་ཏུ་རྒྱས་པ་ཆེན་པོ་བཤད། །མཁའ་གསལ་ཉི་མ་ལྟ་བུའི་བློས། །ཐམས་ཅད་ཡོངས་ལ་ཁྱབ་པར་བཤད། །གཏིང་གསལ་ཟླ་བ་ལྟ་བུའི་བློས། །འཁོར་བ་མྱ་ངན་འདས་པར་བཤད། །སེང་གེའི་བཞུགས་ཚུལ་ལྟ་བུའི་བློས། །བསྒོམ་པའི་དོན་དང་བསྟུན་ཏེ་བཤད། །ངང་མོ་མཐུན་འགྲོས་ལྟ་བུའི་བློས། །དོན་གྱི་ཁོག་ཕུབ་སྡེབ་སྟེ་བཤད། །བར་སྣང་འཇའ་ཚོན་ལྟ་བུའི་བློས། །ཆོས་ཉིད་རྒྱན་དང་བཅས་པར་བཤད། །སྦྲུལ་གྱི་སོ་འདེབས་ལྟ་བུའི་བློས། །ལྟ་བ་ལ་ཤན་ཕྱེ་སྟེ་བཤད། །མེ་ལོང་དཀྱིལ་འཁོར་ལྟ་བུའི་བློས། །རྒྱུ་རྐྱེན་གཉིས་དང་བཅས་ཏེ་བཤད། །བར་ཆད་གློག་འགྱུ་ལྟ་བུའི་བློས། །ཚིག་རེ་དོན་རེ་མྱུར་བར་བཤད། །ནམ་མཁའ་སྟོང་པ་ལྟ་བུའི་བློས། །རྒྱ་ཆེ་མཐར་ཐུག་མེད་པར་བཤད། །ཟུགས་པའི་རྩ་བ་ལྟ་བུའི་བློས། །རིག་པ་དངོས་པོས་བསྟན་ཏེ་བཤད། །དྲིལ་བ་སྡོང་པོ་ལྟ་བུའི་བློས། །ཆོས་རྣམས་དོན་ལ་དྲིལ་སྟེ་བཤད། །གྱེས་པ་ཡལ་ག་ལྟ་བུའི་བློས། །མན་ངག་དོན་གྱིས་བཏབ་ཏེ་བཤད། །རྒྱས་པ་ལོ་འདབ་ལྟ་བུའི་བློས། །ཉི་ཤུ་རྩ་གཅིག་ལྟ་བར་བཤད། །གསལ་བ་མེ་ལོང་ལྟ་བུའི་བློས། །སྒྲོན་མ་རྣམ་གཉིས་ལྡན་པར་བཤད། །སྨིན་པའི་འབྲས་བུ་ལྟ་བུའི་བློས། །འབྲས་བུ་རྒྱུར་མི་ལྡོག་པར་བཤད། །དེ་ལ་སོགས་པའི་བཤད་ཐབས་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །ཞེས་སོ། །གཉིས་པ་དངོས་གཞི་ནི། འཆད་པ་པོ་དང་ཉན་པ་པོ་གཉིས་ཀ་ཆོས་ཀྱི་ཚིག་དོན་ལ་འཇལ་བའི་ངང་ལ་མ་ཡེངས་པར་སེམས་རྩེ་གཅིག་ཏུ་འཛིན་པའོ། །དེ་ལྟར་བཤད་ཅིང་ཉན་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བ་ནི། ཆོས་ཀྱི་བསྟན་དང་མཆོད་པ་བཤམ་པ་ནི་སྦྱིན་པ། སྒོ་གསུམ་བསྡམས་ནས་ཉན་པ་ནི་ཚུལ་ཁྲིམས། དེའི་དུས་སྲོག་ཆགས་ལ་མི་འཚེ་བ་ནི་བཟོད་པ། བླ་མ་ལ་ཆོས་གསུངས་པར་བསྐུལ་བ་ནི་བརྩོན་འགྲུས། མ་ཡེངས་པར་ཉན་པ་བསམ་གཏན། ཐེ་ཚོམ་གྱི་གནས་རྣམས་བརྒལ་རྟགས་ཀྱི་འདྲི་བ་ཤེས་རབ་སྟེ། ཆོས་སྤྱོད་མན་ངག་མངོན་རྟོགས་ལས། མེ་ཏོག་སྟན་སོགས་མཆོད་འབུལ་བ། །ས་ཕྱོགས་སྤྱོད་ལམ་བསྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་འཛིན། །དོགས་བསལ་ཕྱིར་ལ་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་གསུངས་སོ། །ཀློང་གསལ་ལས། བདེ་བའི་ས་ལ་སྐྱིལ་ཀྲུང་བཅའ། །ལག་གཉིས་མཉམ་བཞག་ཕྱག་རྒྱ་བཅའ། །མིག་གཉིས་བླ་མའི་ཞལ་ལ་བལྟ། །རྣ་བས་ཚིག་གི་སྒྲ་ལ་ཉོན། །ཚིག་དོན་རེ་རེ་བཞིན་འགྲེལ་བྱ། །ཞེས་གསུངས། ཞར་ལ་སློབ་དཔོན་གྱི་དྲུག་ཀྱང་། །ཆོས་སྤྱོད་མངོན་རྟོགས་ལས། ལེགས་པར་སྨྲ་བ་སྦྱིན་པ་སྟེ། །ཉོན་མོངས་བསྡོམ་པ་ཚུལ་ཁྲིམས་ཉིད། །སྐྱོ་ངལ་བཟོད་པ་བཟོད་པ་སྟེ། །འཆད་ལ་བརྩོན་པ་བརྩོན་འགྲུས་ཉིད། །དེ་ལ་མ་གཡེང་བསམ་གཏན་ལས། །ཚིག་དོན་འབྱེད་མཁས་ཤེས་རབ་ཉིད། །འཇམ་དཔལ་ཡན་ལག་དྲུག་དང་ལྡན། །ཞེས་བྱ་བ་ནི་བསྡུས་པའི་ཚིགས་སུ་བཅད་པའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས། དང་པོ་ནི། རྗེས་ལ་དགེ་བ་སེམས་ཅན་གྱི་དོན་དུ་བསྔོས་ནས་མི་རྟག་པ་དང་རྨི་ལམ་སྒྱུ་མ་ཙམ་དུ་ཤེས་པའི་ཆོས་དང་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པར་བྱའོ། །གཉིས་པ་དེ་ལྟར་བཤད་ཅིང་ཉན་པས་ཕན་ཡོན་བསྟན་པ་ནི། །དེ་ལྟར་ཡང་དག་པའི་ཆོས་གང་གིས་བཤད་ན་སྦྱིན་པ་རྣམས་ཀྱི་ནང་ནས་ཆོས་ཀྱི་སྦྱིན་པ་མཆོག་ཏུ་འཕགས་པའི་ཕན་ཡོན་འཐོབ་སྟེ། ཚེ་རབས་ཐམས་ཅད་དུ་ཆོས་ཀྱི་མཛོད་འཛིན་པ་དང་། དེ་བཞིན་གཤེགས་པ་སྲས་དང་བཅས་པ་དགོངས་པར་འགྱུར་བ་དང་། རྟག་ཏུ་ཚེ་རབས་དྲན་པ་དང་། སངས་རྒྱས་ལས་ཆོས་ཐོས་པར་འགྱུར་བ་དང་། མྱུར་དུ་སངས་རྒྱས་ཐོབ་པ་ལ་སོགས་པ་དང་། ཉན་པ་ནི་སེམས་ཀྱི་སྒྲིབ་པ་སྦྱང་བ་དང་། ཐེ་ཚོམ་གྱི་འཆིང་བ་གཅོད་པ་དང་། །རྟག་ཏུ་དམ་པའི་ཆོས་དང་མི་འབྲལ་བ་དང་། ཆོས་ཀྱི་གཟུངས་འཐོབ་པ་དང་། ངན་འགྲོ་ལ་སོགས་པར་ལྟུང་བར་མི་འགྱུར་བ་དང་། ལྷས་བསྲུང་ཞིང་ནད་དང་འཚེ་བ་ཉུང་བ་དང་། མྱུར་དུ་སངས་རྒྱས་ཐོབ་པ་ལ་སོགས་ཏེ། ཤེས་རབ་ཀྱི་མིག་རྙེད་པས་འཁོར་བ་ལས་འདའ་བར་འགྱུར་རོ། །བརྒྱད་པ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི། ཁྱད་པར་འཕགས་ཚུལ་གཞིའི་དབྱེ་ཚུལ་ལོ། །དང་པོ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་མཐའ་དག་མཐར་ཐུག་གི་འབྲས་བུ་སངས་རྒྱས་སྒྲུབ་པར་དོན་གཅིག་ཀྱང་། དེ་སྒྲུབ་པར་བྱེད་པའི་ལམ་དུས་ཀྱི་ཐབས་ལ་ཁྱད་པར་ཞུགས་པའི་འཕགས་ཆོས་བཞིས་འཕགས་པའི་ཚུལ་ལ། མ་རྨོངས་པ་དང་། ཐབས་མང་བ་དང་། དཀའ་ལས་ཆུང་བ་དང་། དབང་པོ་ཤིན་ཏུ་རྣོན་པོའི་དབང་དུ་བྱས་པ་སྟེ། མ་རྨོངས་པ་ནི་འདི་ལྟར་ཟབ་པ་དང་རྒྱ་ཆེ་བའི་གནས་དག་མཇལ་བ་ན། མཚན་ཉིད་ཐེག་པའི་གཏན་ཚིགས་ཀྱི་སྒོ་ནས་གཞིགས་ཏེ་རྗེས་དཔག་ངེས་པའི་ཚད་མས་གཞལ་བའི་དོན་དམ་བདེན་པ་བློས་བྱས་ཀྱི་གཞིར་གཏན་ལ་ཕབ་ནས་དེའི་ངང་ལས་འབད་པས་འཇོག་པ་ནི་ལམ་ཞི་ལྷག་ཙམ་ངེས། དུས་བསྐལ་བ་མང་པོ་ནས་བདེན་མཐོང་ཐར་པའི་འབྲས་བུ་ལ་དམིགས་པ་ཟབ་པ་ཙམ་དང་། རྒྱ་ཆེ་བ་ཕྱི་ནང་གི་ཆོས་རྣམས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པ་ཀུན་རྫོབ་ཀྱི་བདེན་པར་གཞལ་ནས་བླང་དོར་གྱི་དམིགས་རྣམ་ངེས་པར་བྱེད་པ་ཙམ་ལས་མེད་དོ། །གཉིས་པ་གསང་སྔགས་ནི། ཟབ་པའི་གནས་གང་གིས་འཇལ་བ་ན་ཡིད་དཔྱོད་ལ་མ་ལྟོས་པར་ལུས་ངག་གི་གནད་རྩ་རླུང་ཐིག་ལེའི་འཕྲོ་འདུ་ཁྱད་པར་ཅན་དང་བསྟུན་པ་ཙམ་གྱིས་སྐད་ཅིག་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་སྐུའི་གཞི་དོན་བདེན་པ་གཏན་ལ་ཕབ་ནས། དེའི་ངང་ལ་ཐབས་ཁྱད་པར་ཅན་གྱི་བློར་གནས་པས། ཚེ་འདི་ཉིད་ལ་སོགས་པར་དབྱིངས་དོན་དམ་པའི་བདེན་པ་རྟོགས་ནས་བྱང་ཆུབ་མངོན་དུ་བྱས་པས་ཟབ་པའི་ཁྱད་པར་དུ་འཕགས་པ་དང་། རྒྱ་ཆེ་བའང་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དབྱིངས་འོད་གསལ་གྱི་རིམ་པ་དང་། ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པ་རྫོགས་པའི་རིམ་པ་སྟེ། རིམ་པ་གཉིས་པོ་བདེན་པ་གཉིས་སུ་ངེས་པའི་ཐབས་དང་ཤེས་རབ་མཆོག་ཏུ་གྱུར་པ་ལམ་ཁྱད་པར་ཅན་སྒོམ་པས་གནས་སྐབས་སུ་གྲུབ་པ་བརྒྱད་དང་། ཕྲིན་ལས་བཞི་དང་། གཞན་གྱི་རེ་བ་བསྒྲུབ་པ་དང་། མཐར་ཐུག་ཚེ་གཅིག་གམ་བར་དོའམ། སྐྱེ་བ་བཅུ་དྲུག་ལས་མི་འགྱང་བར་བྱང་ཆུབ་མངོན་དུ་བྱེད་པའི་འབྲས་བུ་མཆོག་ཏུ་གྱུར་པའི་གནས་བསྟན་པ་རྒྱ་ཆེ་བའི་ཁྱད་པར་དུ་འཕགས་པའི་ཕྱིར། གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་པ་དང་རྒྱ་ཆེ་བའི་གནས་ལ་མ་རྨོངས་པས་ཀྱང་མཚན་ཉིད་ཀྱི་ཐེག་པ་ལས་ཆེས་ཁྱད་པར་འཕགས་སོ། །ཐབས་མང་བས་ཀྱང་འཕགས་ཏེ། སྤང་བྱ་འདོད་ཆགས་ལྟ་བུ་ཞིག་སྤང་བ་ལའང་། མཚན་ཉིད་ཀྱི་ཡུལ་དང་ཡུལ་ཅན་སྤང་འགེགས་བྱེད་པ་དེ། སྔགས་ཀྱིས་བསྐྱེད་རིམ་ལྷའི་རྣལ་འབྱོར་དུ་བསྒྲུབ་པ་དང་། གྱ་ནོམ་གྱི་འདོད་ཆགས་དགའ་བ་བཞིའི་ཡེ་ཤེས་སུ་འཆར་བའི་གཞིར་གཏན་ལ་འབེབས་པ་དང་། ཐུན་མོང་གི་སྤྱོད་པ་ཞིག་ལའང་། མཚན་ཉིད་ཀྱིས་རང་རང་གིས་སྔོན་ལས་སྦྱིན་འབྲས་སུ་བྱས་ཏེ། རྐྱེན་ཐ་མལ་པས་ཚོང་དང་སོ་ནམ་སོགས་འབད་པས་བསྒྲུབ་པ་ལྟ་བུ་ཉིད། སྔགས་ཀྱིས་ཆུ་དབང་སྣོད་གནས་ལ་སོགས་པའི་སྒྲུབ་ཐབས་ཀྱིས་དངོས་སུ་འབྱོར་བ་སྤེལ་དུ་ཡོད་པས་འཕགས་སོ། །དཀའ་བ་མེད་པ་ལས་ཀྱང་འཕགས་ཏེ་། མཚན་ཉིད་ཀྱི་ལམ་སྤང་ལེན་དཀའ་སྤྱད་ཀྱི་མཐར་ངལ་ཞིང་དུབ་པ་ལས། སྔགས་ནི་ཐབས་ཁྱད་པར་ཅན་གྱིས་གང་ཡང་གྲོགས་སུ་འཆར་བའི་འདོད་པའི་ཡོན་ཏན་མ་སྤངས་རྒྱན་དུ་བྱེད་པས་འཕགས་སོ། །དབང་པོ་རྣོན་པོའི་ལམ་ཡིན་པས་ཀྱང་འཕགས་ཏེ། ཚེགས་ཆུང་ངུ་ལ་བུན་ཆེ་བ་མན་ངག་དམ་པའི་མཐར་ཐུག་ཡིན་པའི་ཕྱིར་རོ། །དེ་སྐད་དུའང་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །དེ་ཡང་འབྲས་བུ་བཞག་ཚུལ་ལ་གསུམ་ལས། དུས་མྱུར་བ་ལ་ལྟོས་ནས་འབྲས་བུ་ཐེག་པ་ལ་བཞག་སྟེ། དཔེར་ན་མཚོན་རྣོ་རྟུལ་གཉིས་ཀྱིས་ཤིང་ལྟ་བུ་ཞིག་གཅོད་པ་ལས། རྟུལ་བ་དེ་ལ་འདིས་མི་ཆོད་ཟེར། རྣོ་བ་ལ་འདིས་ཆོད་རེག་པས་མཆོག་ཟེར་བ་ལས། མཚན་ཉིད་ཀྱི་ཐེག་པས་དུས་རིང་པོར་ཐོགས་པས་བྱང་ཆུབ། སྔགས་ཀྱིས་ཚེ་བཅུ་དྲུག་གམ་གཅིག་གིས་ཐོབ་པས། དུས་ཉེ་རིང་ལ་ལྟོས་ནས་ཀྱང་འབྲས་བུར་བཤད། སམྦུ་ཊི་ལས། བསྐལ་བ་བྱེ་བ་དུ་མ་རུ། །བསྒྲུབ་པར་དཀའ་བའི་སངས་རྒྱས་ཀྱང་། །ཚེ་འདི་ཉིད་ལ་སྟེར་བ་ན། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་སོ། །དེ་ཡང་བརྩོན་པ་རབ་ཀྱིས་ཚེ་གཅིག་གིས་འགྲུབ་པར། སངས་རྒྱས་མཉམ་སྦྱོར་ལས། བསྐལ་བ་བྱེ་བ་དུ་མ་རུ། །སངས་རྒྱས་ཀུན་དངོས་མི་མཐོང་བས། །གསང་སྔགས་ཚེ་འདིའི་ཆོ་ག་ཡི། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་སོ། །བརྩོན་པ་འབྲིང་གིས་ལུས་སེམས་བྲལ་མ་ཐག་བར་དོ་གྲོལ་བར་བཤད་དོ། །རྡོ་རྗེ་གདན་བཞི་ལས། །བུ་ག་དགུ་ཡི་སྟེང་ཕྱོགས་ནས། །འཕྲལ་དུ་ཡིད་ཀྱི་འཕོ་བྱས་ནས། །ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པས། །འདི་ཡི་ལམ་གྱིས་གྲོལ་གྱུར་ཏེ། །སྡིག་གིས་གོས་པར་མི་འགྱུར་རོ། །ཞེས་པ་དང་། འཇམ་དཔལ་ཞལ་ལུང་ལས། གཟུགས་ཅན་ཕུང་པོ་རང་ལུས་འདི། །ཚེ་འདི་ཉིད་ལ་མ་གྲུབ་ཀྱང་། །ཡིད་ནི་རྡོ་རྗེའི་སྐུར་གྲུབ་ནས། །བར་དོ་ཡང་དག་འགྲུབ་པར་འགྱུར། །ཞེས་པ་དང་། ཡེ་ཤེས་ཐེག་ཆེན་ལས། ཡང་ན་ལུས་འདི་སྤངས་མ་ཐག །བླ་ན་མེད་པ་ཡེ་ཤེས་སྐུ། །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །བརྩོན་འགྲུས་ལྡན་པས་སྨོས་ཅི་དགོས། །ཞེས་སོ། །དབང་པོ་ཐ་མའི་རབ་རྣམས་ཕྱི་མ་ལ་གྲོལ་བ། མཚན་བརྗོད་ལས། སྐྱེ་མ་ཐག་ཏུ་འགྲོ་བར་བཏགས་ཞེས་པ་དང་། སངས་རྒྱས་ཐོད་པའི་རྒྱུད་ལས། དེ་ཕྱིར་རྣལ་འབྱོར་བློ་ལྡན་གྱིས། །ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི། །སྐྱེ་འདིར་དངོས་གྲུབ་མ་ཐོབ་ཀྱང་། །སྐྱེ་གཞན་སྲིད་པར་དངོས་གྲུབ་ཐོབ། །ཅེས་སོ། །ཐ་མའི་འབྲིང་རྣམས་སྐྱེ་བ་བདུན་ནས་གྲོལ་ཏེ། །གསང་བའི་མཛོད་ལས། དབང་སྐུར་ཡང་དག་སྦྱིན་ལྡན་ནས། །སྐྱེ་ཞིང་སྐྱེ་བར་དབང་སྐུར་གྱུར། །དེ་ཡི་སྐྱེ་བ་བདུན་ནས་ནི། །མ་བསྒོམས་ཀྱང་ནི་འགྲུབ་པར་འགྱུར། །ཞེས་སོ། །ཐ་མའི་ཐ་མས་ཀྱང་སྐྱེ་བ་བཅུ་དྲུག་ནས་གྲོལ་བར་རྡོ་རྗེ་རྩེ་མོ་ལས། ཕ་རོལ་ཕྱིན་པའི་ཐེག་པ་ནི། །བསྐལ་བ་གྲངས་མེད་མི་ཐོབ་པས། །གལ་ཏེ་རྣལ་འབྱོར་བ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །སོ་སོའི་སྐྱེ་བོ་སངས་རྒྱས་ཉིད། །འགྲུབ་པར་འགྱུར་གྱི་གཞན་དུ་མིན། །ཞེས་སོ། །ཐབས་མཆོག་ཏུ་གྱུར་པས་ཀྱང་འབྲས་བུ་བཞག་པ་ནི། དཔེར་ན་བྱ་བ་གཅིག་བསྒྲུབ་པ་ལྟ་བུ་ལ། མི་གཅིག་གིས་ཉིན་བདུན་འབད་པས་མི་ཟིན་པ་དེ། གཅིག་གིས་འཕྲུལ་བྱས་པའི་ཉིན་གཅིག་ཟིན་པ་ལྟར། མཚན་ཉིད་ཀྱིས་ལོ་དང་ཟླ་བ་དུ་མར་འབད་པས་འགྲུབ་པའི་ཞི་ལྷག་ཙམ་སྟེ། སྔགས་ཀྱིས་རྩ་རླུང་གིས་གནད་དུ་བསྣུན་པས་སྐད་ཅིག་ལས་འགྲུབ་པ་ལ་སོགས་བའི་ཕྱིར་ཡང་འབྲས་བུ་ཆེ་བར་འབྲས་བུར་བཞག་སྟེ། པདྨ་རྩེ་མོ་ལས། ཤིན་དུ་དཀའ་བ་མི་འགྲུབ་པས། །སྐད་ཅིག་ཡང་དག་འབྱོར་བའི་ཕྱིར། །རྒྱུ་སྔོན་སོང་ལ་མ་ལྟོས་པར། །གནད་ལ་འབྲས་བུ་འབྱིན་པའི་ཕྱིར། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་སོ། །འབྲས་བུ་དང་འདྲ་བ་ལམ་དུ་བྱེད་པས་ཀྱང་འབྲས་བུའི་ཐེག་པ་བཞག་པ་ནི་སངས་རྒྱས་དུས་ཀྱི་འབྲས་བུ་གཟུགས་སྐུ་གཉིས་ལྟར་ཐབས་བསྐྱེད་པའི་འཁོར་ལོ་ལྷའི་རང་བཞིན་གསང་སྔགས་ཀྱི་འཁོར་ལོར་ངེས་པ་དང་། ཆོས་སྐུར་ལྟར་ཤེས་རབ་རྫོགས་པའི་རིམ་པ་བསམ་མི་ཁྱབ་པའི་ཡེ་ཤེས་ཀྱི་འཁོར་ལོ་ལམ་དུ་བྱེད་པས། འབྲས་བུ་ཆ་འདྲ་ལམ་དུ་བྱེད་པའི་ཕྱིར་དེ་སྐད་བརྗོད་དེ། སྔ་མ་ལས། འདྲ་བའི་ལམ་དུ་བྱེད་པའི་ཕྱིར། །འབྲས་བུ་ཐེག་པ་ཡང་དག་བརྗོད། །ཅེས་སོ། །གསུམ་པ་དེ་ཉིད་སྟོན་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱོན་ཚུལ་མང་ན་ཡང་། འདིར་ཐེག་ཆེན་ངེས་དོན་བླ་མེད་ཀྱི་ལུགས་ལ། སྐུ་གསུམ་སྟོན་པ་ཡང་ཕྱི་ལྟར་ན་ཤཱཀྱ་ཐུབ་པ། ནང་ལྟར་ན་རྡོ་རྗེ་འཆང་ཆེན་པོ། གསང་བ་ལྟར་ན་ཀུན་ཏུ་བཟང་པོའི་ངོ་བོར་འདོད། ཞོར་དུ་གསང་བ་སྔགས་ཀྱི་རང་བཞིན་ལས། གསུང་ཚུལ་གསུམ་གྱི་སྤྱིར་དབྱེ་བ། རིམ་པ་དགུ་ངེས་པར་དབྱེ་བ། ཕྱི་ནང་བཤད་པའི་འགགས་བསྡུས་པ་དང་གསུམ་ལས། དང་པོ་ནི། སྐུ་གསུམ་སོ་སོའི་སྟོན་པས་ཆོས་བསྟན་པ་ཐམས་ཅད་དབང་པོའི་རིམ་པ་དང་སྦྱར་ཏེ་གསུངས་པ་ལས། སྙིང་པོའི་དོན་རྣམས་བསྡུས་ཏེ་གསུངས་པ་དང་། དུས་གསུམ་སྤྱི་དང་། བྱེ་བྲག་གཉེན་པོར་གསུངས་པ་དང་གསུམ་དུ་ངེས་སྟེ། ཨ་ཏི་བཀོད་པ་ཆེན་པོ་ལས། བསྟན་པའི་ལུགས་ནི་རྣམ་པ་གསུམ། །ཇི་ལྟར་སྐས་ཀྱི་རིམ་པ་བཞིན། །དབང་པོའི་དོན་དུ་བསྟན་པ་དང། །འོ་མ་ལ་ནི་མར་བཞིན་དུ། །བསྡུ་བའི་དོན་དུ་བསྟན་པ་དང་། །ཚ་བའི་ནད་ལ་ག་བུར་བཞིན། །གཉེན་པོའི་དོན་དུ་བསྟན་པའོ། །ཞེས་པ་དང་། ཐལ་འགྱུར་ལས། གསུང་ཚུལ་དགོངས་པ་གསུམ་དུ་བཅས། །གཉེན་པོའི་བསྡུས་དང་དབང་པོའི་དོན། །ཚིག་རྣམས་བསྡུས་ཏེ་བསྟན་པར་བྱ། །ཞེས་སོ། །དེ་ཡང་གཉེན་པོའི་དོན་དུ་གསུང་པ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་དེ་དག་ཆ་མཉམ་པའི་ཉོན་མོངས་བ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བ། མདོ་སྡེ། མངོན་པ། སྡེ་སྣོད་གསུམ་ཆ་མཉམ་པའི་ཉི་ཁྲི་ཆིག་སྟོང་ཏེ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ངོ་། །དབང་པོའི་དོན་དུ་གསུངས་པ་ནི། ཐེག་པ་རིམ་པ་དགུའོ། །བསྡུས་བའི་དོན་དུ་གསུངས་པ་ནི། གསང་སྔགས་ཕྱི་ནང་གཉིས་སོ། །གཉིས་པ་རིམ་དགུའི་ངེས་པར་དབྱེ་བ་ནི། དེ་ཡང་ཆུང་ངུའི་ཆུང་ངུ་ཉན་ཐོས་ཀྱི་ཐེག་པ། ཆུང་ངུའི་འབྲིང་རང་སངས་རྒྱས་ཀྱི་ཐེག་པ། ཆུང་ངུའི་ཆེན་པོ་བྱང་ཆུབ་སེམས་དཔའི་ཐེག་པ། འབྲིང་གི་ཆུང་ངུ་ཀྲི་ཡའི་ཐེག་པ། འབྲིང་གི་འབྲིང་ཨུ་པ་ཡའི་ཐེག་པ། འབྲིང་གི་ཆེན་པོ་ཡོ་གའི་ཐེག་པ། ཆེན་པོའི་ཆུང་ངུ་མ་ཧཱའི་ཐེག་པ། ཆེན་པོའི་འབྲིང་ཨ་ནུའི་ཐེག་པ། ཆེན་པོའི་ཆེན་པོ་ཨ་ཏིའི་ཐེག་པ་སྟེ་རིམ་པ་དགུ་སྟེ། ཐལ་འགྱུར་ལས། དེ་ལྟར་དགུ་ལ་བསྟེན་པ་ནི། །ཁམས་གསུམ་པོ་ཡང་ཡང་དག་གི །ལམ་དུ་འཇུག་པར་བྱེད་པའོ། །ཞེས་དང། བཀོད་པ་ཆེན་པོ་ལས། ཆུང་ངུ་གསུམ་ལ་བསྟེན་པ་ནི། །མཚན་མ་འཛིན་ལས་ཉན་ཐོས་ཏེ། །འདུ་ཤེས་ཅན་ལ་རང་རྒྱལ་ཉིད། །རྟོགས་འཇུག་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟེན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་གཡེང་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་གསུམ་ལ་བསྟེན་པ་ནི། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུ་པ་ལ་རྫོགས་པ་ཉིད། །མཆོག་གསུང་རབ་ལ་རྫོགས་པ་ཆེ། །ཞེས་སོ། དེ་ཡང་དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ལྔ་ལས། ངོ་བོ། ངེས་ཚིག དབྱེ་བ། ལྡང་ཚད། དེའི་འཐད་པའོ། །ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུ་ཐར་བར་འདོད་པའི་བློ་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི། སྟོན་པ་ལས་ཆོས་ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལ་ལྟོས་པའི་ཕྱིར་ཉན་ཐོས་སོ། །དགོས་པ་ནི། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ་ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་འཐོབ་པའོ། །དབྱེ་ན། བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་གཉིས་ལས། བྱེ་བྲག་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེའུ་སིང་ལྟར་ཚོགས་པ་གཅིག་སྣང་བ་ཡང་། དོན་དམ་པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་པ། ཤེས་པའི་རྒྱུ་ཀུན་རྫོབ་སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་བོ་ཁམས་དང་སྐྱེ་མཆེད་ལ། རགས་སྣང་རྡུལ་ཕྲན་བར་བསྐོར་བ་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤང་བླང་དུ་ཤེས་ནས། སྡུག་བསྔལ། ཀུན་འབྱུང་བ། འགོག་པ། ལམ་རྐྱེན་གྱིས་རྣམ་པ་བཞི་ལ་དམིགས་ནས་ཤེས་པའི་རྣམ་པ་སྡུག་བསྔལ་ཤེས་པ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོགས་པ་ཐོབ་བྱའི་ཚུལ་གྱིས་ཤེས་པར་བྱ་བ་དང་། སྡུག་བསྔལ་བ་སྤང་བྱ་དང་། སྟོང་པ་དང་བདག་མེད་པ་རྟོགས་པའི་རྣམ་པས། ལམ། རིག་པ། བསྒྲུབ་པ། ངེས་པར་འབྱིན་པ། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་སྒོམ་པས་ཁམས་གསུམ་གྱི་མཐོང་བ་དང་སྒོམ་པའི་སྤང་བར་བྱ་བ་བཞི་དང་བརྒྱད་དང་བཞི་བཅུ་སྤངས་ནས། ཟད་པ་ཤེས་པ་དང་། མི་སྐྱེ་བའི་ཤེས་པ་ཡེ་ཤེས་དམ་པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལས། དམིགས་པར་བྱ་བའི་ཤེས་པ་བཅུ་གཉིས་སུ་ཤེས་པའམ། ཉོན་མོངས་པ་ཕྲག་བརྒྱད་བཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་རྟོགས་པར་འདོད་དོ། །དེ་ཡང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་དུ་འཕགས་ཏེ། དེ་ཡང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བོ་ཁེག་ལ། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་པ་མིན་པའི་འདུད་བྱེད། ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས་ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེག་སྟེ། ཆོས་ཁམས་ཀྱི་ཕྱོགས་ཕྱེད་གཟུང་ཡུལ་རགས་སྣང་རྡུལ་ཕྲན་བར་རེག་ལ་མ་འབྱར་བའི་བརྩམ་པ་དེ་ཡང་། ཆ་མེད་དུ་རྟོགས་པས་སྔར་བས་འཕགས་སྟེ། དོན་གྱི་ལྟར་མེད་པའི་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ལམ་སྒོམ་དུས། ལམ་ལྔ་སྐྱེ་བའི་རིམ་པ་ནན་ཏན་དུ་བྱེད་པ་ནས་དུས་གསུམ་སྤྱིའི་གཉེན་པོ་བདག་མེད་པ་དང་སྒྱུ་མ་སྒོམ་པ་ལས། སོ་སོའི་གཉེན་པོར་འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང་། ཀེང་རུས་སྒོམ་ལ། ཞེ་སྡང་ལ་བྱམས་པ་དང་། གཏི་མུག་ལ་རྟེན་འབྲེལ་ལུགས་བཟློག་སྒོམ་ཞིང་། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་གྲངས་གཞལ་དུ་སྒོམ་མོ། །བདག་མེད་སྒོམ་པའང་ཡུལ་དང་ཡུལ་ཅན་འགག་པའི་འགོག་པ་ཅི་ཡང་མི་དམིགས་པས་དོན་བསྒོམ་ཞིང་བྱིང་ནས་རྨུགས་པའི་གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མེར་འབར་བ་ལ་སེམས་གཏད་པར་བྱེད་དོ། །དེ་ལྟར་བྱས་པའི་དབང་པོ་རྟུལ་བ་དང་། འབྲིང་བརྩོན་འགྲུས་ཅན་ཁ་ཅིག་གིས་ཚེ་དེ་ཉིད་ཀྱི་འབྲས་བུ་ཐོབ་ལ། རྣོན་པོ་དང་བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ལམ་ལྔ་སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་དུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། །དེ་ཡང་ཉན་ཐོས་ཀྱི་ཐེག་པ་ནས། བློ་ཆུང་དང་། འབྲིང་དང་། ཆེ་བའི་ཉན་ཐོས་དང་། རང་སངས་རྒྱས། སངས་རྒྱས་ཀྱི་བྱང་ཆུབ་གསུམ་འགྲུབ་བར་འདོད་ཀྱི། ཐེག་ཆེན་དང་། སྔགས་ཀྱི་ལམ་བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དེ། དེ་ལ་བརྟེན་ནས་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་སྟེ་རེ་རེ་ལ་ཞུགས་པ་དང་། གནས་པ་གཉིས་གཉིས་སུ་ཕྱེད་པའི་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཅེས་བྱའོ། །བྱང་ཆུབ་ལ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལ་དགེ་སྦྱོང་གི་འབྲས་བུ་བཞི་ཡོད་པར་བཤད་དོ། །དེ་དག་ཀྱང་རིག་པ་རང་ཤར་ལས་འདི་སྐད་དུ། ཉན་ཐོས་ཐེག་པ་འདི་ལྟ་སྟེ། འཇུག་པའི་སྒོ་ནི་བདེན་པ་བཞི་ཉན་ཐོས་སྤྱིའི་འཇུག་སྒོ་འང་དབྱེ་བ་རྣམ་པ་གཉིས་འདོད་དེ། བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པའི་ལྟ་བ་ནི། ཕུང་བོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནེའུ་སིང་ཚུལ་དུ་འདོད། །རང་གི་བློ་ཡིས་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་རབ་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་ཏོན་བྱས་པའི་རང་གཞིན་དང་། །ཐོས་པ་བསམ་པ་སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་སྒོམ་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང་། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པ་འདོད་པ་ལས། །ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པའི་སྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་དེ་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་འགྱུར་བ་དང་། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། །བསམ་གཏན་མི་རྟོག་ཅི་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང་། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤང་པའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང་། །གཏི་མུག་གཉེན་པོར་སྒོམ་པ་དང་། །དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་དག་གི་གཉེན་པོ་རུ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་བོ་མཐེ་བོང་ཙམ། །དཀར་པོ་འདོད་ཆགས་སྒོམ་པ་ལས། །དེ་ལ་བསྐྱེད་ན་མགོ་བོ་ཙམ། །དེ་ལ་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡོར་ཙམ། །དེ་ནས་ཅི་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་དཀར་བོ་སྟེ། །དེ་ལྟར་དཀར་པོ་གོམས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤང་པའོ། །གཏི་མུག་སྡུག་བསྔལ་སྤང་པ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང་། །མར་མེ་གསལ་ལ་གདོང་པ་གཅིག །སྒོམ་པ་ཤེས་པ་གསལ་བ་དང་། །སེམས་ནི་སྟོང་བར་འདོད་པའོ། །དེ་ནི་གཏི་མུག་སྡུག་བསྔལ་སྤང་། །དེ་ལྟར་རྣམ་བཞི་སྒོམ་པ་ཡིས། །འབྲས་བུ་རྣམ་པ་བཞི་འཐོབ་བོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་སྒོམ་པས་འབྲས་བུ་ནི། །རྒྱུན་དུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནི། །དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་སྒོམ་པའི་རང་བཞིན་ནི། །ལན་གཅིག་ཕྱིར་མི་འོང་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་སྒོམ་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །ས་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་ལམ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལས་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་རླབས་ཀྱིས་ནི་ཐོབ་པའོ། །ཉན་ཐོས་ཐེག་པ་དེ་ལྟར་འདོད། །ཅེས་སོ། །གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ལའང་ལྔ་ལས། ངོ་བོ་ནི་རང་དོན་ཕྱོགས་གཅིག་པ་བྱང་ཆུབ་སློབ་དཔོན་ལ་མ་བསྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་བཞིན་ནོ། །ངེས་ཚིག་ནི་རང་ཉིད་གཅིག་པུ་སངས་རྒྱས་སུ་འདོད་པའོ། །དགོས་པ་ནི། འཁོར་བ་ལས་ཐར་བ་བྱང་ཆུབ་འབྲིང་ཐོབ་བོ། །འབྲས་བུ་ནི་དགྲ་བཅོམ་པ་གཉིས་སོ། །དབྱེ་ན་ནེ་ཙོ་ལྟར་ཁྱུ་ལྡིང་བ་དང་། བསེ་རུ་ལྟར་གཅིག་པུར་གནས་པ་གཉིས་ལས། བསེ་རུ་ནི་དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་སྒོམ་པའི་ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤང་པར་འདོད་དོ། །དེ་ཡང་མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པར་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང་། ལྟ་བ་གང་ཟག་གི་བདག་དང་ཆོས་བདག་གི་ཕྱེད་ཕྱི་གཟུང་བའི་རྡུལ་ཕྲན་ཆ་བཅས་དང་ཆ་མེད་གཉིས་ཀ་མེད་པར་གཟུགས་བརྙན་ལྟར་རང་བཞིན་གྱིས་ངོ་བོ་མེད་ཅིང་མ་སྐྱེས་པར་རྟོགས་པའོ། །དེ་ལ་ཆོས་བདག་ལ་ཕྱི་གཟུང་བ་དང་། ནང་གཉེན་པོར་འཛིན་པའི་ཤེས་པ་གཉིས་སྒྲོ་བཏགས་པ་ཡིན་ལ། གང་ཟག་གི་བདག་ནི་ཕུང་བོ་ལྔས་བསྡུས་པའི་ཆོས་ལ་སྤང་བྱར་ཤེས་པ་དང་ངར་འཛིན་པ་སྟེ། གང་ཟག་དང་ཆོས་བདག་ཅེས་བྱའོ། །འཕགས་པ་ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་རྟོགས་ཀྱང་ཆོས་ཀྱི་བདག་མེད་མ་རྟོགས། རང་སངས་རྒྱས་ཀྱིས་དེའི་སྟེང་དུ་ཆོས་ཀྱི་ཕྱེད་ཕྱི་གཟུང་བ་མེད་པར་རྟོགས་ཀྱང་། ནང་འཛིན་པ་མེད་པར་མ་རྟོགས་སྟེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་སོ། །དེ་ཡང་དུས་ནི་བསྐལ་བ་ཆེན་པོར་བརྒྱར་ཚོགས་ལམ་གྱི་བསྡུས་པའི་ཚོགས་བསགས་པ་ལས་བྱུང་སྟེ། བསེ་རུ་བསྐལ་བ་བརྒྱ་ཡི་རྒྱུས། །ཞེས་གསུངས་པ་ལྟར་རོ། །ནེ་ཙོ་ལྟ་བུ་ནི། རྟེན་འབྲེལ་ལུགས་བཟློག་ཏུ་སྒོམ་སྟེ། དུར་ཁྲོད་དུ་སོང་ནས་རོ་འདི་ཅི་ལས་བྱུང་། ཤི་བ་ལས་བྱུང་ཞེས་པ་ནས་མ་རིག་པའི་བར་དུ་བརྟགས་ནས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་གཞིར་བྱས་ཏེ་ལམ་ལྔ་སྒོམ་པས་ཟད་པ་དང་མི་སྐྱེ་བའི་ཤེས་པ་བྱང་ཆུབ་མངོན་དུ་བྱེད་དོ། །དེ་གཉིས་ཀའང་ལུས་ཀྱི་བརྡ་ཡི་སྒོ་ནས་ཆོས་སྟོན་གྱི། ངག་གི་སྒོ་ནས་མི་སྟོན་པ་ཡིན་ནོ། །འདི་དག་ཀྱང་། རང་ཤར་ལས། ཨ་ཧོ་གསང་བའི་བདག་པོ་ཉོན། །རང་རྒྱལ་མདོ་སྡེའི་ཐེག་པ་ནི། །འཇུག་པའི་སྒོ་ནི་རྟེན་འབྲེལ་བཅུ་གཉིས་སོ། །རྟོགས་པའི་ལྟ་བ་གང་ཟག་བདག་མེད་ལ། །ཆོས་ཀྱི་བདག་ཕྱེད་ཡོད་པར་ལྟ་བུའོ། །འབྲས་བུ་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་། །སྒོམ་པ་རིམ་པ་མི་རྟོགས་ཆོས་ཉིད་སྒོམ། །ཕྱི་དང་ནང་གི་རྟེན་འབྲེལ་རྣམས། །གོམས་ནས་སྟོབས་སུ་འགྱུར་བ་དང་། །འབྲས་བུ་མཐར་ཕྱིན་ཚད་དུ་འདོད། །དེ་ཡང་དཔེ་མཚོན་འདི་ལྟ་སྟེ། །དཔེར་ན་དུར་ཁྲོད་རོ་བཞིན་ཏེ། །དུར་ཁྲོད་དག་ཏུ་སོང་ནས་ནི། །རོ་འདི་དང་པོ་གང་ནས་བྱུང་། །ད་ལྟ་འདི་ཡི་དངོས་པོ་ཅི། །སྙམ་དུ་དཔེ་ཡིས་མཚོན་པར་བྱེད། །དེ་ཡང་མ་རིག་པ་ལས་བྱུང་། །མ་རིག་པ་ལས་འདུ་བྱེད་དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པས་མིང་འབྱུང་ཞིང་། །མིང་དང་གཟུགས་ཀྱི་རང་བཞིན་བྱུང་། །གཟུགས་ཀྱིས་སྐྱེ་མཆེད་རྣམ་དྲུག་འབྱུང་། །སྐྱེ་མཆེད་དྲུག་ལས་རེག་པ་བྱུང་། །རེག་ལས་ཚོར་བ་འབྱུང་བར་འབྱུང་། །ཚོར་བས་སྲེད་པ་འབྱུང་བར་འགྱུར། །སྲེད་པ་ལས་ནི་ལེན་པ་འབྱུང་། །ལེན་པ་ལས་ནི་སྲིད་པ་འབྱུང་། །སྲིད་པ་ལས་ནི་སྐྱེ་བ་འབྱུང་། །སྐྱེ་བ་ལས་ནི་རྒས་པ་འབྱུང་། །ན་བ་ལས་ནི་ཤི་བ་འབྱུང་། །དེ་བཞིན་རྟེན་འབྲེལ་བཅུ་གཉིས་སྒོམ། །དེ་ལྟར་བསྒོམ་པའི་ཡོན་ཏན་གྱིས། །ས་བཅུ་པ་ཡི་འབྲས་བུ་ཐོབ། །མི་སྡུག་རྣམ་པ་བརྒྱད་སྒོམ་སྟེ། །དུར་ཁྲོད་ཕྱོགས་སུ་ཕྱིན་ནས་ནི། །རང་གི་ལུས་ལ་འདི་ལྟར་བརྟགས། །དང་པོ་རྣམ་པར་སྔོ་བར་འདོད། །དེ་ནས་རྣམ་པར་དམར་བ་དང་། །རྣམ་པར་ནག་པ་དག་དང་ནི། །དེ་བཞིན་རྣམ་པར་བམ་པ་དང་། །དེ་བཞིན་རྣམ་པར་འབུ་ཞུགས་དང་། །རྣམ་པར་འཐོར་བ་དག་དུ་འདོད། །དེ་བཞིན་རྣམ་པར་དཀར་བའོ། །དེ་ནས་འདོད་ཆགས་གཉེན་པོ་རུ། །མི་སྡུག་རྣམ་བརྒྱད་བསྒོམ་པའོ། །ཉན་དང་ཐོས་པ་མེད་པ་སྟེ། །དེ་ཕྱིར་རང་རྒྱལ་ཐེག་པ་འདོད། །ཅེས་གསུངས་སོ། །གསུམ་པ་བྱང་ཆུབ་སེམས་དཔའི་ཐེག་པ་ནི། ཐེག་དམན་ལས་ཇི་ལྟར་འཕགས་པའི་ཚུལ་དང་། ཁྱད་པར་འཕགས་པའི་ཐེག་པ་ཉིད་དོ། །དང་པོ་ནི། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་བདག་མེད་གཉིས་རྟོགས་པ་ཁྱད་པར་དུ་བྱས་ཏེ། རིན་ཆེན་ཕྲེང་བ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་བསྒྲུབ་པ་ཁ་ཅིག་ལའོ། །ཞེས་པ་དང་། དེ་ཡང་སྙིང་རྗེ་འབའ་ཞིག་གིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཉན་ཐོས་ཐེག་པ་དེ་ལ་ནི། །བྱང་ཆུབ་བདེ་བའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །ཐེག་པ་ཆེན་པོ་ག་ལ་འགྱུར། །ཞེས་པ་དང་། བསྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་། །ཞེས་གསུངས། གཉིས་པ་ལ་ལྔ་ལས། བྱང་ཆུབ་སེམས་དཔའི་ཐེག་པའི་ངོ་བོ་ནི། ཆོས་ཐམས་ཅད་ནམ་མཁའ་ལྟར་རྟོགས་ཤིང་སྙིང་རྗེ་ཆེན་པོས་གཞན་དོན་རླབས་པོ་ཆེ་སྤྱོད་པ་རྒྱུའི་ཐབས་དམ་པར་གྱུར་ཏེ། དེ་ཉིད་ལས། ཅི་ཕྱིར་འདི་ནི་བྱང་ཆུབ་ཐེག་ཆེན་བྱ་ཞེ་ན། །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་ཕྱོགས་སུ་འགྲོ་བ་དམིགས་སུ་མེད། །མྱ་ངན་འདས་པར་འགྲོ་བར་གསུངས་པ་འགྲོ་མི་དམིགས། །དཔེར་ན་མེ་ཤི་དེ་ཡི་འགྲོ་རྒྱུ་མེད་པ་བཞིན། །རྒྱུ་དེས་དེ་ནི་མྱ་ངན་འདས་ཞེས་རབ་ཏུ་བརྗོད། །ཅེས་སོ། །ངེས་ཚིག་ནི། ཐབས་གང་ལ་བསྟེན་ནས་ཐར་པ་ཆེན་པོའི་གྲོང་ཁྱེར་དམ་པར་ཁྲིད་པས་ན་ཐེག་པ་ཆེན་པོའོ། །དགོས་པ་ནི། བློ་མཆོག་ཏུ་གྱུར་པ་རྣམས་སངས་རྒྱས་ཐོབ་པར་བྱེད་པའོ། །འབྲས་བུ་ནི། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་འགྲུབ་པའོ། །འདི་དག་དབྱེ་ན་མང་ཡང་། སྐབས་འདིར་ལམ་སྤྱིའི་ངོ་བོ་མདོར་བསྟན་པ་དང་། གྲུབ་པའི་མཐའ་སོ་སོ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི་མཚན་ཉིད་ཀྱི་ཐེག་པའི་ལུགས་ཀྱི་དབང་པོ་རྣོན་པོ་སེམས་སྟོབས་ཆེན་པོ་དག་གི་ལམ་སྟེ། དེ་ཡང་གཞི་བདེན་པ་གཉིས་ཀྱི་རང་བཞིན་ཤེས་པར་བྱ་བ། ཤེས་ནས་ཇི་ལྟར་ཉམས་སུ་བླང་བ། ལམ་མཐར་ཕྱིན་པའི་འབྲས་བུ་བསྟན་པ་དང་གསུམ་ལས། དང་པོ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་རང་བཞིན་དུ་འདུས་ཏེ། རྩ་བ་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བསྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་པ་དང་། བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་སོ། །དེ་ལ་ཆོས་ཅན་མཚན་མར་སྣང་བའི་བློས་ཡུལ་དུ་སྣང་རུང་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དབྱེ་ན་ལོག་པ་དང་ཡང་དག་ཀུན་རྫོབ་གཉིས་ལས། དང་པོ་ནི། སྣང་སྲིད་སྣོད་བཅུད་བློའི་བཀོད་པའི་ཆོས་སོ་ཅོག་དང་བཅས་པ་ཐམས་ཅད་ལོག་པའི་ཀུན་རྫོབ་ཡིན་ཏེ། ཡུལ་འཁྲུལ་སྣང་བློ་རྫུན་པའི་ངོ་ལ་སྣང་བ་ཡིན་པའི་ཕྱིར་རོ། །དེ་ཡང་རྟག་པར་སྣང་བ་འདི་དག་བློ་འཁྲུལ་ངོ་ན་མཐུན་པར་སྣང་བ། དོན་བྱེད་ནུས་པ། བརྟགས་ན་ངོ་བོ་ཉིད་ཀྱིས་དབེན་པ། སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་སྟེ། མེད་པ་གསལ་སྣང་ཙམ་དུ་ཤར་བ་ནི། སྔ་མ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུའང་འཇིག་པར་གསུངས། །ཞེས་སོ། །ཡང་དག་ཀུན་རྫོབ་ནི་འཁྲུལ་པར་སྣང་ཡང་བདེ་འགྲོ་དང་ཐར་པའི་རྒྱུ་བྱེད་པ། དགེ་བ་བཅུའི་ལས་རྣམ་པར་དཀར་བ། སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་དང་། ཚོགས་སྦྱོར། མཐོང་སྒོམ་བཞིའི་སེམས་ཀྱི་ཏིང་ངེ་འཛིན་ལམ་བདེན་གྱིས་བསྡུས་པ་རྣམས་ཏེ། རྒྱུད་བླ་མའི་འགྲེལ་བར། ལམ་བདེན་ཐམས་ཅད་ནི་འདུས་བྱས། འདུས་བྱས་ཐམས་ཅད་ནི་ཀུན་རྫོབ་སྟེ། ཞེས་སོ། །ཆོས་ཉིད་རང་བཞིན་གྱི་གནས་པ་སྟོང་པ་ཉིད་ཀྱི་ངོ་བོ་དང་རྗེས་སུ་མཇལ་བའི་ཤེས་རབ་སྤྲོས་པ་ཞི་བའི་རྣམ་པ་དང་བཅས་པ་ནི་དོན་དམ་བདེན་པ་སྟེ། དབྱེ་ན་རྣམ་གྲངས་པ་མཚན་མའི་ཚིག་གི་དོན་དམ་དང་། རྣམ་གྲངས་མ་ཡིན་པ་ཡང་དག་གཤིས་ཀྱི་དོན་དམ་གཉིས་ལས། དང་པོ་ནི་རིགས་པས་ཕྱེ་ཞིང་གཞིགས་ན། གང་དུའང་མ་གྲུབ་པའི་ཆོས་ཉིད་དུ་ཐམས་ཅད་ཡེ་ནས་གནས་པ་རྟོགས་པའི་ཤེས་རབ་གཤིས་དང་མཐུན་པར་སྐྱེ་བ་སྟེ། བདེན་པ་གཉིས་ལས། སྐྱེ་བ་བཀག་པ་དོན་དམ་དང་། །མཐུན་པའི་ཕྱིར་ཡང་འདོད་པ་ཡིན། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལས། །དོན་དམ་ཞེས་པའི་བརྡ་མཛད་དོ། །གཉིས་པ་ནི་ཆོས་རྣམས་གདོད་མ་ཉིད་ནས་ཡོད་མེད་ཀྱི་སྤྲོས་པ་ལས་འདས་པ་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་སྟེ། རྩ་བ་ཤེས་རབ་ལས། གཞན་ལ་ཤེས་མིན་ཞི་བ་དང་། །རྣམ་རྟོག་མེད་དོན་ཐ་དད་མིན། །སྤྲོས་པ་རྣམས་ཀྱི་མ་སྤྲོས་པ། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་སོ། །གཉིས་པ་ཤེས་ནས་ཉམས་སུ་བླང་པའི་རིམ་པ་ནི། །བྱང་ཆུབ་སེམས་དཔའ་ཁྱིམ་པ་ཡིན་པ་དགེ་བསྙེན་གྱི་སྡོམ་པ་བླངས་པའམ་མ་བླངས་ཀྱང་རུང་ལ། རབ་ཏུ་བྱུང་བ་ཡིན་ན་དགེ་ཚུལ་གྱི་བསླབ་པ་ལ་གནས་པ་བཅུ། དགེ་སློང་གི་ཁྲིམས་གཉིས་བརྒྱ་ལྔ་བཅུ། དགེ་སློང་མའི་སུམ་བརྒྱ་དྲུག་བཅུ་རྩ་གསུམ་གྱི་གཞིར་བྱས་པའི་སྟེང་དུ། ཐེག་པ་ཆེན་པོའི་སྨོན་འཇུག་གི་སེམས་བསྐྱེད་ནས། བསླབ་མདོ་བརྒྱད་ཅུ་རྩ་ལྔ་ལ་གནས་པ། ཚོགས་ལམ་ཆུང་ངུ་དྲན་པ་ཉེར་བཞག་བཞི། འབྲིང་དུ་ཡང་དག་སྤོང་བ་བཞི། ཆེན་པོ་རྫུ་འཕྲུལ་རྐང་བ་བཞི། སྦྱོར་ལམ་དྲོད་རྩེར་དབང་པོ་ལྔ། བཟོད་པ་ཆོས་མཆོག་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཀྱི་ལམ་ཡང་དག་བདུན། བསྒོམ་ལམ་ས་དགུར་འཕགས་ལམ་བརྒྱད་སྒོམ་པ། རབ་ཏུ་དགའ་བ་ལ་སོགས་པའི་ས་ལམ་གྱི་དྲོད་ཚད་རྟགས་དང་བཅས་པ་རྫོགས་སྟེ། མི་སློབ་པའི་ལམ་མངོན་དུ་བྱེད་པའོ། །གསུམ་པ་མཐར་ཕྱིན་པའི་འབྲས་བུ་ནི། ཀུན་ཏུ་འོད་ཀྱི་ས་ལ་རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་དམ་པ་གཉིས་ཐོབ་ནས། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་ཀྱིས་གཟིགས་སྟེ། སེམས་ཅན་གྱི་དོན་འཁོར་བ་མ་སྟོང་གི་བར་དུ་མཛད་དེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་བསྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་གསུངས་སོ། །འདི་དག་ཀྱང་རིག་པ་རང་ཤར་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ནི། །འཇུག་པའི་སྒོ་ནས་བདེན་པ་གཉིས། །དོན་དམ་དང་ནི་ཀུན་རྫོབ་བོ། །བསྲུངས་པའི་ཚུལ་ཁྲིམས་ཡང་དག་ནི། །སྡོམ་པ་བརྒྱད་ཅུ་རྩ་ལྔའོ། །ལྟ་བ་སྟོང་ཉིད་ཡེ་ཤེས་སོ། །དོན་དམ་ཀུན་རྫོབ་འདི་ལྟ་སྟེ། །ཀུན་རྫོབ་རྣམ་པ་གཉིས་སུ་འདོད། །ལོག་པ་དང་ནི་ཡང་དག་གོ། །ལོག་པའི་ཀུན་རྫོབ་འདི་ལྟ་སྟེ། །རྟག་པར་སྣང་བ་ཐམས་ཅད་ཀུན། །མཐུན་པར་སྣང་ལ་དོན་བྱེད་ནུས། །བརྟགས་ན་ངོ་བོ་ཉིད་ཀྱིས་དབེན། །དོན་ནི་མེད་པ་ལྟར་སྣང་ངོ་། །དེ་ནི་ལོག་པའི་ཀུན་རྫོབ་བོ། །ཡང་དག་ཀུན་རྫོབ་འདི་ལྟ་སྟེ། །དགེ་བ་བཅུ་ཡི་ལས་རྣམས་དང་། །དཀར་བོ་འགྱུར་བའི་བསམ་པ་དང་། །མོས་པའི་བསམ་པ་ཇི་སྙེད་པ། །ཡང་དག་ཀུན་རྫོབ་ཆེན་པོ་འདོད། །སྦྱིན་པ་ལ་སོགས་ཚུལ་ཁྲིམས་དང་། །དེ་བཞིན་ཏིང་འཛིན་ལ་སོགས་རྣམས། །ཡང་དག་ཀུན་རྫོབ་ཆེན་པོའོ། །དོན་དམ་པ་ལ་རྣམ་པ་གཉིས། །མཚན་མ་ཚིག་གི་དོན་དམ་དང་། །ཡང་དག་སེམས་ཀྱི་དོན་དམ་དང་། །མཚན་མ་ཚིག་གི་དོན་དམ་གྱིས། །ཐམས་ཅད་སུན་འབྱིན་རྩོད་པའོ། །དེ་ཡང་ཚད་མའི་རིགས་པ་ནི། །གང་དེ་ཉིད་ལ་དེ་ལྟར་སྣང་། །ཚིག་གི་སྟོང་པ་ཆེན་པོ་ལས། །དོན་ལ་སྟོང་ཞིང་མ་རྟོགས་པའོ། །མཚན་མའི་ཚིག་གི་དོན་དམ་མོ། །ཡང་དག་སེམས་ཀྱི་དོན་དམ་ནི། །སྟོང་པ་ཅང་མེད་སྒོམ་པར་འདོད། །དཔེར་ན་ནམ་མཁའ་སྟོང་བ་བཞིན། །སྟོང་པའི་དོན་དམ་དེ་བཞིན་ཉིད། །སྟོང་ཉིད་ཕྱང་ཆད་མུ་མེད་དོ། །ཞེས་ནི་སྤྱོད་ཅིང་ཆགས་པའོ། །ལམ་ནི་འདི་ལྟར་འདོད་པའོ། །ས་ལ་སྦྱང་པའི་འདོད་པའོ། །དེ་ཡང་དྲོད་སྐྱེ་བཟོད་པ་དང་། །རྩེ་མོ་འཇིག་རྟེན་ཆོས་མཆོག་གོ །དྲོད་ལ་རྣམ་པ་གཉིས་ཀྱིས་བསྟན། །ཕྱི་དང་ནང་དང་གཉིས་ཀའོ། །ཕྱི་ནི་དྲོད་སྐྱེ་འདི་ལྟ་སྟེ། །གཉིས་པ་དྲི་མ་མེད་པ་ལ། །དངོས་པོ་སྣང་བ་སྟོང་པ་སྐྱེས། །དེ་ནི་ཏིང་འཛིན་ཉམས་ལེན་ཏེ། །ས་གཉིས་དག་ལས་སྐྱེ་བར་གསུངས། །ནང་གི་དྲོད་ནི་དྲུག་པ་ལ། །སྟོང་པ་རིག་བྱེད་དག་དུ་རྟོགས། །གཉིས་ཀའི་དྲོད་ནི་འདི་ལྟ་སྟེ། །བདུན་པ་དག་ལས་སྐྱེ་བར་གསུངས། །བརྒྱད་པ་བཟོད་པ་ཐོབ་པ་སྟེ། །དགུ་པ་རྩེ་མོ་མཐར་ཕྱིན་ནོ། །བཅུ་པ་འཇིག་རྟེན་ཆོས་ཀྱི་མཆོག །དེ་བཞིན་ས་བཅུ་ཐོབ་པར་འདོད། །དེ་ནི་བྱང་ཆུབ་ཐེག་པ་སྟེ། །སྟོང་པའི་ཚིག་མེད་ཡི་གེ་མེད། །ཅང་མེད་སྟོང་པར་འདོད་པའོ། །ཞེས་གསུངས་སོ། །བཞི་པ་བྱ་བའི་རྒྱུད་ཀྱི་ཐེག་པ་གཏན་ལ་དབབ་པ་ལ་ལྔ་ལས། ངོ་བོ་ནི། རང་བྱུང་གི་ཡེ་ཤེས་དབྱིངས་འོད་གསལ་གྱི་བདེན་པ་ཐད་དྲང་དུ་རྟོགས་པའི་ཐབས་མཆོག་ཏུ་གསལ་བ་བསྐྱེད་རྫོགས་ལྷུན་གྲུབ་ཀྱི་དབྱིངས་ལ་འཇལ་བའི་རྣམ་གྲངས་སོ། །ངེས་ཚིག་ནི། ཉོན་མོངས་པ་ལས་སྐྱོབ་པ་དང་བྱང་ཆུབ་མྱུར་དུ་འགྲུབ་པ་ལ་མཆོག་ཏུ་བསྔགས་པས་སྔགས་སོ། །དགོས་པ་ནི། དབང་པོ་རྣོན་པོས་རྣོན་པོ་མྱུར་དུ་གྲོལ་བར་བྱེད་པའོ། །འབྲས་བུ་ནི་ཚེ་གཅིག་གམ་བར་དོའམ་རྒྱུད་ནས་མགོན་པོ་རྡོ་རྗེ་འཆང་གི་མཆོག་འགྲུབ་པའོ། །དབྱེ་ན་གཉིས། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །དེ་སྐད་རིག་པ་རང་ཤར་ལས། རྡོ་རྗེའི་ཐེག་པ་རྣམ་པ་གཉིས། །ཕྱི་མ་ཐུབ་པའི་རྒྱུད་དང་ནི། །ནང་པ་ཐབས་ཀྱི་རྒྱུད་དུ་གསུངས། །ཞེས་སྔགས་ལ་རྒྱུད་དུ་འཇོག་པ་ཅི་ཡིན་ཞེ་ན། གཙོ་བོར་གང་ཟག་གི་རྒྱུད་དབྱིངས་ཀྱི་འོད་གསལ་མཇལ་བ་ན། དེ་སྐད་ཅེས་བརྗོད་པ་ཡིན་ནོ། །དང་པོ་ལའང་དབྱེ་ན་གསུམ་སྟེ། བྱ་བ་རྒྱུད་ཀྱི་ཐེག་པ་ཀྲི་ཡ་དང་། སྤྱོད་པ་རྒྱུད་ཀྱི་ཐེག་པ་ཨུ་པ་ཡ་དང་། རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ཡོ་གའོ། །རང་ཤར་ལས། ཕྱི་བའི་རྒྱུད་ལ་རྣམ་གསུམ་སྟེ། །ཀྲི་ཡ་ཨུ་པ་ཡོ་གའོ། །ཞེས་སོ། །དང་པོ་ནི་དག་པ་གསུམ་དང་། གཙང་སྦྲ་སྤྱོད་པའི་བདག་དང་ལྷ་གཉིས་རྗེ་དང་འབངས་ཀྱིས་ཚུལ་དུ་བསྒྲུབ་པས་དངོས་གྲུབ་ཐོབ་པར་འདོད་པའོ། །འདི་ལ་གཉིས། དག་པ་གཙོ་བོར་བྱེད་པ་དང་། དམིགས་པ་གཙོ་བོར་བྱེད་པའོ། །དང་པོ་ནི་ཁྲུས་དང་གཙང་སྦྲ་ལ་ཞུགས་ནས། ལུས་དག་པ་སྐུའི་ལྷ་སྒོམ་སྟེ། ཁྲུས་གསུམ་བྱེད་པ་དང་། གོས་གསུམ་བརྗེ་བ་དང་། དཀར་གསུམ་ལ་བསྟེན་པ་དང་། མངར་གསུམ་ལ་བསྟེན་པ་ལ་སོགས་པའོ། །འོག་མ་ལས་འདི་འཕགས་ཚུལ་ནི། ཀུན་རྫོབ་སྣང་ཚོད་དུ་བརྟེན་པར་མི་འཇོག་པར་དམིགས་པ་གསུམ་སྟེ་སྐུ་གཟུགས་བརྟེན་ལ་དམིགས་པའི་སྣང་བ་ཐམས་ཅད་གཟུགས་ཀྱི་ལྷར་གསལ་བཏབ་སྟེ། གཟུགས་མ་སྤངས་བའི་གཅིག་དང་དུ་མའི་མཐའ་ལ་མི་གནས། གསུང་ཡིག་འབྲུ་ལ་དམིགས་པའི་གྲགས་པ་ཐམས་ཅད་ལྷའི་གསལ་བའི་སྒྲ་ཚིག་བཟླས་པར་གྱུར་ཏེ། མུ་བཞི་སྐྱེ་བ་འགོག་པ་ལ་མི་གནས་ཏེ་གྲགས་ཚད་ལྷའི་སྒྲའི་ལྷ་ལས་གཞན་མ་ཡིན། ཐུགས་ཕྱག་མཚན་ལ་དམིགས་པའི་དྲན་བསམ་ཐམས་ཅད་ཏིང་ངེ་འཛིན་གྱི་ལྷར་གསལ་བས། རྟོག་པ་ཐམས་ཅད་བསམ་གཏན་ལས་མི་འདའ་བས་རྟེན་འབྲེལ་ཆེན་པོ་ལ་མི་གནས་པས། ཀུན་རྫོབ་ཙམ་དུ་ཡང་མ་བྱུང་མ་སྐྱེས་པའོ། །དོན་དམ་པར་ཡི་དམ་གྱི་ལྷ་ཡེ་ཤེས་སེམས་དཔའ་དང་། བདག་དམ་ཚིག་སེམས་དཔའ་གཉིས་རྗེ་ཁོལ་གྱི་རྣམ་པ་ལྟར་བལྟས་པས། བར་ཆད་ཞི་ཞིང་དངོས་གྲུབ་ཐོབ་སྟེ། ཐུན་མོང་གིས་དངོས་གྲུབ་ལ་བརྟེན་ནས་ཀུན་རྫོབ་མི་སྤངས། མཆོག་གི་དངོས་གྲུབ་ལ་བརྟེན་ནས་དོན་དམ་པ་མི་བསྒྲུབ་པའི་ཁྱད་པར་དུ་འཕགས་སོ། །དམིགས་པ་གཙོ་བོར་བྱེད་པ་ནི། བསྐྱེད་རིམ་དང་རྫོགས་རིམ་ཕྲ་མོ་འཕྲོ་འདུས་དམིགས་པ་ལྷ་སྒོམ་པ་སྟེ། གཟུགས་དང་། སྒྲ་དང་། རྟོག་ཚོགས་ལྷའི་སྐུ་གསུང་ཐུགས་སུ་དམིགས་པའོ། །དག་པའི་ལུས་ཡང་དག་གི་གཙང་སྦྲ་གཙོ་བོར་བྱེད་པ་ལས། དམིགས་པ་སེམས་ཀྱི་སྒོམ་པ་གཙོ་བོར་བྱེད་པ་ཡིན་ནོ། །དེ་ཡང་རིག་པ་རང་ཤར་ལས། ཀྲི་ཡ་ཐེག་པའི་གྲུབ་མཐའ་ནི། འཇུག་པའི་སྒོ་ནས་དག་པ་གསུམ། ཁྲུས་དང་གཙང་སྦྲ་འཇུག་པའོ། །བསྲུང་པའི་དམ་ཚིག་འདི་ལྟ་སྟེ། །ལུང་གཅིག་ཆུ་ལ་མི་བཏུང་ཞིང་། །མ་ཡེངས་ངང་ལ་སྤྱོད་པའོ། །བྱ་བ་དག་པ་རྣམས་སུ་བྱེད། །དག་པ་རྣམས་སུ་གང་ཞེ་ན། །ལྷ་དང་དཀྱིལ་འཁོར་དག་པ་དང་། །རྫས་དང་ལོངས་སྤྱོད་དག་པ་དང་། །སྔགས་དང་ཏིང་འཛིན་དག་པ་འམ། །རྟོགས་པའི་ལྟ་བ་འདི་ལྟ་སྟེ། །ལྷ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབངས་ཀྱིས་ཚུལ་དུ་ལྟ། །སྤངས་བའི་རིམ་པ་འདི་ལྟ་སྟེ། །ཤ་དང་ཉ་དང་སྒོག་པ་དང་། །དེ་བཞིན་ཆང་ལ་སོགས་པ་སྤངས། །ཏིང་ངེ་འཛིན་ལ་ཞེན་པའོ། །ཀྲི་ཡའི་ཐེག་པ་དེ་བཞིན་ནོ། །ཞེས་སོ། །ལྔ་བ་གཉིས་ཀའི་རྒྱུད་ཀྱི་ཐེག་པ་ཨུ་པ་ཡ་ན་ནི། སྤྱོད་པ་ཀྲི་ཡ་ལྟར་བྱེད་ལ། ལྟ་བ་ཡོ་ག་ལྟར་འདོད་པ་ནི། མ་ནིང་གི་ཐེག་པ་ཞེས་བྱའོ། །དེ་ཡང་ཁྲུས་དང་གཙང་སྦྲ་ལ་གནས་པ་སྒོ་གསུམ་དག་པར་བྱས་ནས་དམིགས་པ་མངོན་བྱང་ལྔ་ལ་སོགས་པའི་དཀྱིལ་འཁོར་རྒྱལ་མཆོག་ལ་སོགས་པ་བསྒྲུབ་པའོ། །དེ་ཡང་རིག་པ་རང་ཤར་ལས། ཨུ་པ་ཡ་ན་འདི་ལྟ་སྟེ། །ལྟ་བ་ཡོ་གར་ལྟ་བ་ལས། །སྤྱོད་པ་ཀྲི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀ་རྒྱུད་ཅེས་གྲགས། །ཞེས་སོ། །དྲུག་པ་རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ཡོ་ག་ནི། མངོན་བྱང་ལྔའི་སྒོ་ནས་བདག་དང་ལྷ་གཉིས་སྤུན་དང་གྲོགས་ལྟར་ལྟ་བའི་དམ་ཚིག་དང་གཙང་སྦྲར་སྤྱོད་པ་སྟེ། འབྲས་བུ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པར་འདོད་པའོ། །དབྱེ་ན་ལས་གཙོ་བོར་བྱེད་པ་དང་། །ཏིང་འཛིན་གཙོ་བོར་བྱེད་པའོ། །དང་པོ་ནི་ཆོ་ག་བྱ་བའི་ལས་བྱེད་པ་སྟེ། ལས་རྒྱལ་ཆོག་དང་། དཀྱིལ་འཁོར་རྒྱལ་ཆོག་གཉིས་ལས། ལས་ལ། ལས་ཐོར་བུ་པ་དང་། ལས་རྒྱལ་ཆོག་ལ་བསྟེན་པ་གཉིས་ལས། འཐོར་བུ་པ་ནི་ཆོ་གའི་ཡན་ལག་གང་རུང་གཅིག་ལ་བསྟེན་ནས། བྱང་ཆུབ་འདོད་པ་སྟེ། མཆོད་པ་དང་གཏོར་མ་དང་། སྦྱིན་སྲེག་དང་། བསྙེན་པ་ལྟ་བུ་གཅིག་ལ་རྒྱུན་དུ་འབད་པའོ། །ལས་རྒྱལ་མཆོག་ནི། དེ་ཐམས་ཅད་དཀྱིལ་འཁོར་བསྒྲུབ་པའི་ཡན་ལག་ཏུ་ཉམས་སུ་ལེན་པ་སྟེ། གཏོར་མ་དང་སྦྱིན་སྲེག་ལ་སོགས་པ་ལྔའམ་དྲུག་གིས་བྱང་ཆུབ་ཐོབ་པར་འདོད་པའོ། །དཀྱིལ་འཁོར་རྒྱལ་མཆོག་ནི། སའི་ཆོ་ག་ནས་དབང་སྐུར་བའི་ཡན་ལ་བརྟེན་ནས་གང་ཟག་གཅིག་སངས་རྒྱས་བར་འདོད་པའོ། །ཏིང་འཛིན་གཙོ་བོར་བྱེད་པ་ནི། སྦྱོར་བ་དང་པོ་ཏིང་འཛིན་དང་། ཡོངས་སུ་དག་པའི་ཏིང་འཛིན་ལ་བསྟེན་ནས། ལྷ་གཅིག་སྒོམ་ཡང་རུང་། དཀྱིལ་འཁོར་འཁོར་ལོ་ཡང་རུང་སྟེ། མངོན་བྱང་ལྔས་བསྐྱེད་པ་ནི། གདན་ཉི་མ་དང་ཟླ་བ་ལ་བསྟེན་ནས། ཐབས་དང་ཤེས་རབ་མངོན་པར་བྱང་ཆུབ་པ་ནི། པདྨའི་སྟེང་དུ་བརྩེགས་མར་བསྒོམས་པ་ལས་བྱུང་བ་དང་། སྐུ་ཡོངས་སུ་རྫོགས་པར་རྒྱན་ཆའི་སྒོ་ནས་སྐྱེ་མཆེད་རྣམ་པར་དག་པར་མངོན་པར་བྱང་ཆུབ་པ་དང་། གསུང་ཡིག་འབྲུ་ལ་ཨ་ལི་ཀ་ལིའི་འཁོར་ལོ་ལ་བསྟེན་ནས། སྒྲ་ཚིག་མིང་གི་རྣམ་པ་མངོན་པར་བྱང་ཆུབ་པ་དང་། ཐུགས་ཕྱག་མཚན་རྡོ་རྗེ་དང་། འཁོར་ལོ་དང་རིན་པོ་ཆེ་ལ་སོགས་པའི་སྒོ་ནས་སོ་སོའི་རིགས་ཀྱི་སངས་རྒྱས་སུ་མངོན་པར་བྱང་ཆུབ་པ་དང་། རྣམ་དག་ཡེ་ཤེས་སེམས་དཔའི་སྒོ་ནས་ཆོས་ཉིད་རྣམ་པར་དག་པ་མངོན་པར་བྱང་ཆུབ་པ་དང་ལྔ་བསྒོམས་པ་ལས། ཕྱི་ཕུང་པོ་དང་འབྱུང་བ་ལྔ་རྣམ་པར་དག་པ་དང་། ནང་དུ་ལས་དང་ཉོན་མོངས་པ་ལྔ་རྣམ་པར་དག་པ་དང་། །གསང་བ་ཡུལ་དང་དབང་བོ་ལྔ་རྣམ་པར་དག་པ་ནས་རིགས་ལྔའི་སངས་རྒྱས་སུ་བདག་ཉིད་གྱུར་པ་ནི། ཡི་དམ་གྱི་ལྷ་དང་བདག་གཉིས་སྤུན་དང་གྲོགས་པོ་ལྟར་བསྒོམས་པས་ལྷ་ལ་བཟང་རྒྱུ་མེད་པར་ཤེས་ཏེ། དངོས་གྲུབ་རང་ལ་བྱུང་བ་དང་། བདག་ལ་ངན་རྒྱུ་མེད་པར་རྟོགས་པས་ད་ལྟ་ཉིད་དུ་སྒྱུ་ལུས་ལྷའི་སྐུར་གསལ་བར་ནུས་པས་འོག་མ་ལས་ཁྱད་པར་འཕགས་སོ། །དེ་ཡང་སྐྱེ་རྒྱུའི་ལྷ་དང་བདག་གཉིས་སུ་མེད་པར་རྟོགས་པས། དོན་དམ་དང་ཀུན་རྫོབ་ཀྱི་མིང་མེད་པའོ། །དེ་ཡང་རང་ཤར་ལས། ཡོ་གའི་གྲུབ་མཐའ་འདི་ལྟ་སྟེ། འཇུག་པའི་སྒོ་ནི་མངོན་པར་བྱང་ཆུབ་ལྔ། །རྟོགས་པའི་ལྟ་བ་ལྷ་དང་གྲོགས་པོའི་ཚུལ། །བསྲུང་བའི་དམ་ཚིག་མ་ཁྲེལ་རྣམས་སུ་བསྲུངས། །སྤྱོད་པ་དག་ནི་དགག་སྒྲུབ་མེད་པའོ། །བྱང་ཆུབ་ལྔ་པོ་འདི་ལྟ་སྟེ། །གདན་གྱི་སྒོ་ནས་བྱང་ཆུབ་དང་། །སྐུ་ཡི་སྒོ་ནས་བྱང་ཆུབ་དང་། །ཕྱག་མཚན་སྒོ་ནས་བྱང་ཆུབ་དང་། །ཡིག་འབྲུའི་སྒོ་ནས་བྱང་ཆུབ་དང་། །ཆོས་ཉིད་རྣམ་དག་བྱང་ཆུབ་བོ། །དེ་ལྟར་བྱང་ཆུབ་ལྔ་པོ་སྤྱོད། །མ་ཁྲེལ་གསུམ་པོ་གང་ཞེ་ན། །ཡིད་དམ་ལྷ་ཡི་མ་ཁྲེལ་དང་། །སློབ་དཔོན་མཆེད་ཀྱི་མ་ཁྲེལ་དང་། །རང་གི་སེམས་ཀྱི་མ་ཁྲེལ་བའོ། །ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང་། །སྤུན་དང་གྲོགས་པོའི་ཚུལ་དུ་འདོད། །ལྷ་ཡི་དཀྱིལ་འཁོར་བདག་དང་གཉིས་མེད་སྒོམ། །ལྷ་ཡང་བདག་ལས་བྱུང་ཞིང་ཐིམ་པར་འདོད། །བདག་དང་ལྷ་ཡི་འཕྲོ་འདུས་འདོད་པའོ། །དོན་བདུན་པ་རྒྱུད་མ་ཧཱ་ཡོ་གའི་ཐེག་པ་ལས། འོག་མ་ལས་འཕགས་པའི་ཚུལ་དང་། འཕགས་ཆོས་ཀྱི་ཐེག་པ་ཉིད་བཤད་པ་གཉིས་ལས། དང་པོ་ནི། ཕྱི་བ་གསུམ་གྱི་དཀར་གསུམ་ལ་སོགས་པ་བསྟེན་ཞིང་ཁྲུས་དང་གཙང་སྦྲ་སྤྱོད་ཅིང་སྨྱུང་པར་གནས་པ་ལ་སོགས་པའི་བསྲུངས་ལ། ནང་བ་ཤ་ལྔ་བདུད་རྩི་ལ་སོགས་པ་སྤྱོད་ཅིང་རིག་མ་བརྟེན་པ་ལ་སོགས་པ་བླང་དོར་གཙང་སྨེ་མེད་པ་འཕགས་པ་དང་། འོག་མས་ལྷ་ཞལ་སྦྱོར་དུ་བསྒོམ་པར་མི་ནུས་ལ། ནང་བ་ནུས་པས་ཀྱང་འཕགས་པ་དང་། ཕྱིའི་ལྟ་བ་དབྱེར་མེད་མ་རྟོགས་ལ། ནང་པ་རྟོགས་པས་ཀྱང་འཕགས་པ་ཡིན་ནོ། །གཉིས་པ་ལ་ལྔ་ལས། ངོ་བོ་ནི་བདེན་པ་དབྱེར་མེད་དམ། དག་མཉམ་ཡེ་ཤེས་ཀྱི་རོལ་པ་ཚེ་གཅིག་གིས་གྲོལ་བ་འཐོབ་པའི་རང་བཞིན་ནོ། །ངེས་ཚིག་ནི། ཚེགས་ཆུང་ངུའི་ཐབས་ཀྱིས་དོན་ཆེན་པོ་འགྲུབ་པའི་ཕྱིར་ནང་བ་ཐབས་ཀྱི་ཐེག་པའོ། །དགོས་པ་ནི་ཚེ་གཅིག་གིས་དངོས་གྲུབ་གཉིས་ཐོབ་པར་བྱེད་པའོ། །འབྲས་བུ་ནི་ཚེ་འདི་ཉིད་དུ་རྡོ་རྗེ་འཆང་གི་སར་བགྲོད་པའོ། །དེ་ཡང་དབྱེ་ན། རྒྱུད་མ་ཧ་ཡོ་ག ལུང་ཨ་ནུ་ཡོ་ག རྫོགས་པ་ཨ་ཏི་ཡོ་ག་དང་གསུམ་སྟེ། རང་ཤར་ལས། ནང་པ་པ་ནི་གསུམ་དུ་འདོད། མ་ཧཱ་ཨ་ནུ་ཨ་ཏིའོ། །ཞེས་སོ། །དེ་ལ་རྒྱུད་ལ་མ་ཧཱ་ཡོ་གའི་ཐེག་པ་ནི། ཐབས་བསྐྱེད་པའི་རིམ་པ་གཙོ་བོ་ཏིང་འཛིན་གསུམ་གྱི་སྒོ་ནས་བདེན་པ་དབྱེར་མེད་ཆེན་པོ་གསལ་སྟོང་འོད་གསལ་གྱི་ཡེ་ཤེས་སྒོམ་པའོ། །དབྱེ་ན་གཞི་ལམ་འབྲས་བུ་གཙོ་བོ་དང་། སྣ་ཚོགས་ལམ་འགྱུར་དུ་འདོད་པའི་ལུགས་དང་གསུམ་ལས། དང་པོ་ནི། གཞི་བསལ་བར་བྱ་བའི་རྒྱུད་ཡིན་པས། སེམས་ཉིད་དོན་དམ་སྤྲོས་བྲལ་ཆེན་པོ་ཁྱད་པར་དུ་བྱས་པའི་འབད་རྩོལ་བྱར་མེད་པ་ཆེ་བ་ཉིད་དོ། །དེ་ཡང་ངོ་བོའི་གཞིའི་སེམས་དང་གཉིས་སུ་མེད་པ་གསེར་དང་དེའི་སེར་པོ་གཉིས་སུ་མེད་པ་བཞིན། བརྟགས་གཞིའི་མིང་གི་རྣམ་གྲངས་ལ་བརྟེན་ནས་གནས་སྐབས་གཏན་ལ་འབེབས་པར་བྱེད་པའོ། །གཞིའི་བསྒྲུབ་བྱ་སྟེ་སྒྲུབ་པ་སེམས་ཀྱི་མཚན་ཉིད་ཉེ་བར་རྟོགས་པའོ། །དེ་ཡང་གཞིའི་གནས་དང་། རང་གྲོལ་གྱི་ཏིང་ངེ་འཛིན་གྱི་ཁྱད་པར་བྱས་པའོ། །ལམ་གསལ་བར་བྱེད་པ་སྟེ། མངོན་པར་རྟོགས་པའི་ལམ་གནས་པས་གྲུབ་ལ། གྲུབ་པས་སྒྲུབ་པ་སྟེ། ཏིང་ངེ་འཛིན་རྣམ་འགྱུར་གྱི་ལམ་ཞེས་བྱའོ། །གོ་རིམ་འཇུག་པའི་རྣམ་གྲོལ་གྱི་ལམ་ནི། མཐུན་བྱ་རྣལ་འབྱོར་ཀྱི་ལམ་སྐྱེ་པའི་རིམ་པ་ལ་བརྟེན་ནས། རྣལ་འབྱོར་ཆེན་པོའི་ལུགས་སུ་འཇུག་པ་དང་རྟོགས་པ་དང་གྲོལ་བར་འདོད་པའོ། །འབྲས་བུ་གསལ་བར་བྱས་པ་སྟེ། སྨིན་པ་སེམས་ཀྱི་འབྲས་བུ་སྣ་ཚོགས་སུ་སྣང་ལ་སྣ་ཚོགས་སུ་གྲོལ་བ། རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །སྨིན་པ་ཆོས་ཉིད་ཀྱི་འབྲས་བུ་འབད་རྩོལ་གྱིས་བསྒྲུབ་ཏུ་མེད་པ། སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །དེ་ཡང་གཞིའི་བསྒྲུབ་བྱ་ལ་བརྟེན་ནས། བསྒྲུབ་པ་ལམ་སྒྲུབ་བྱེད་མངོན་དུ་གྱུར་པ་ན་རྟོགས་པ་ཆེན་པོ་སྦྱོར་ཞེས་བྱ་ལ། འབྲས་བུ་རང་བསྒྲུབ་པའི་སངས་རྒྱས་ཀྱི་ཐུགས་རྣམ་པར་དག་པའི་ཡེ་ཤེས་ཞེས་བྱའོ། །བསྒྲུབ་པ་གཙོ་བོ་འདོད་པའི་ལུགས་ནི། དབྱེ་བ་སྐུའི་བསྒྲུབས་པའི་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ལམ་དུ་འཁྱེར་བ་དང་། གསུང་གི་བསྒྲུབ་པའི་པདྨའི་རིགས་ཀྱི་སངས་རྒྱས་སུ་བྱེད་པ་དང་། ཐུགས་ཀྱི་བསྒྲུབ་པ་ཁྲག་འཐུང་རྡོ་རྗེའི་རིགས་ཀྱི་སངས་རྒྱས་སུ་བྱེད་པ་དང་། ཡོན་ཏན་བསྒྲུབ་པ་རིན་པོ་ཆེའི་རིགས་ཀྱི་སངས་རྒྱས་སུ་བྱེད་པ་དང་། འཕྲིན་ལས་ཀྱི་བསྒྲུབ་པ་ལས་ཀྱི་རིགས་ཀྱི་སངས་རྒྱས་སུ་བསྒྲུབ་པའོ། །དེ་དག་གི་ངོ་བོ་བསྒྲུབ་པ་སོ་སོའི་ལྷ་དང་གཉིས་སུ་མེད་པར་ཏིང་འཛིན་གསུམ་གྱིས་འཇུག་པར་བྱེད་པའོ། །ངེས་ཚིག བསྒྲུབ་པ་ལ་བསྟེན་ནས་དཔའ་བོ་གཅིག་གི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་པར་བསྒྲུབ་པར་བྱེད་པ་ལས། དགོངས་པ་ལམ་བསྒྲུབ་པར་འབྲས་བུ་མངོན་དུ་བྱེད་པའོ། འབྲས་བུ་སོ་སོའི་རིགས་ཀྱི་སངས་རྒྱས་སུ་འགྱུར་བའོ། །སྣ་ཚོགས་ལམ་གྱུར་དུ་འདོད་པ་ནི། ཐོར་བུ་པ་དང་། ཕྲ་མོ་དང་། དྲ་བ་བསྟེན་པ་ལུགས་མང་ཡང་རྒྱུད་དང་ནོ་བི་ཀ་གཉིས་སུ་འདུ་བ་ཡིན་ནོ། །རྒྱུད་ལ་བསྐྱེད་པའི་རིམ་པ་གཙོ་བོ་དང་། རྫོགས་རིམ་གཙོ་བོ་དང་། ཟུང་འཇུག་གཙོ་བོར་འདོད་པ་སྟེ། ཆ་རྫོགས་སུ་འདོད་པ་དང་། ཆ་ཤས་དུམ་བུར་འདོད་པ་ལ་སོགས་པ་མང་ངོ་། །ནོ་བི་ཀ་ལ་གཉིས་ལས། སྭ་ཏྭ་ནོ་བི་སེམས་གཙོ་བ། ཡན་ལག་དང་བཅས་ནས་བསྒྲུབ་པ་དང་། མ་དྷལ་ནོ་བི་ཀ་དཀྱིལ་འཁོར་གྱི་འཇུག་པ་དང་བཅས་ནས་བསྒྲུབ་པའོ། །དེ་དག་གི་ངོ་བོ་ཀུན་རྫོབ་ཙམ་དུ་ཡང་དག་པའི་ཀུན་རྫོབ་ཀྱི་གནས་སྐབས་ཙམ་དུ་ཡང་དག་པའི་ཀུན་རྫོབ་ཀྱི་གནས་སྐབས་ཀྱི་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བལྟ་ལ། རྟེན་པ་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་བལྟས་པས། འགྲོ་བ་ཐམས་ཅད་ལྷ་དང་ལྷ་མོའི་གཟུགས་སུ་མཐོང་ནས། ཡི་དམ་གྱི་ལྷ་ལ་སྲོག་གཅོད་པ་དང་། རྫུན་ལ་སོགས་མི་དགེ་བ་མི་བྱེད་པའི་དགོས་པ་ཡོད་པ་དང་། ཆེད་དུ་ཡིད་ལ་བྱ་བའི་ཆོས་མེད་པ་དང་། དོན་དམ་པར་ཅིའི་ངོ་བོར་ཡང་མ་གྲུབ་དང་། བདེན་པ་ཡ་བྲལ་དུ་མ་སོང་བ་དང་། ཟུང་འཇུག་དབྱེར་མེད་དུ་རྟོགས་པའི་ཕྱི་བ་ལས་འཕགས་ཏེ་དོན་དམ་པར་ལྷ་ཡང་མེད་པས་དངོས་པོ་དང་མཚན་མ་མེད་ལ། ཀུན་རྫོབ་ཙམ་དུ་སྦྱང་བྱ་ཕུང་བོ་དང་ཁམས་ལ་སོགས་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་བྱས་པས། ཕུང་བོ་ལྔ་དང་། འབྱུང་བ་ལྔ་དང་། ཡུལ་ལྔ་དང་། དབང་པོ་ལྔ་དང་། ཉོན་མོངས་པ་ལྔ་ལ་སོགས་པ་སྦྱང་ལ། དོན་ལ་སྦྱང་གཞི་དབྱིངས་རང་བཞིན་རྣམ་དག་གི་སྟེང་ནས། །སྦྱང་བྱ་ཕུང་བོའི་ཁམས་དང་གཟུང་འཛིན་ལ་སོགས་པ། །སྦྱོང་བྱེད་བསྐྱེད་རྫོགས་ཐབས་ཀྱི་རིམ་པ། སྦྱང་འབྲས་སྐུ་དང་ཡེ་ཤེས་སུ་གྲུབ་པ་ཙམ་ཡང་མེད་པར་རྟོགས་པ་ཡིན་ནོ། །འདི་དག་ཀྱང་རང་ཤར་ལས། ཀྱེ་མ་གསང་བདག་ངེས་པར་ཟུང་། །མ་ཧཱའི་གྲུབ་མཐའ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་ཏིང་འཛིན་རྣམ་པ་གསུམ། །རྟོགས་པའི་ལྟ་བ་ཅིར་སྣང་ལྷ་རུ་རྟོགས། །བསྲུང་པའི་དམ་ཚིག་རྩ་བ་སྐུ་གསུང་ཐུགས། །འབྲས་བུ་ཐབས་དང་ཤེས་རབ་འདུ་བྲལ་མེད། །ཏིང་འཛིན་རྣམ་གསུམ་འདི་ལྟ་སྟེ། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། །རྟོག་མེད་ས་ལེ་སང་ངེའོ། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། །གསལ་ལ་མ་ཡེང་ཚུལ་དུ་སྒོམ། །དེ་བཞིན་རྒྱུ་ཡི་ཏིང་ངེ་འཛིན། །ཧཱུྃ་ལ་སེམས་དཔའ་སུམ་བརྩེགས་སྒོམ། །བདག་ཉིད་དམ་ཚིག་སེམས་དཔའ་ལ། །ཕུན་སུམ་ཚོགས་པའི་གཞི་དང་ལྡན། །ཏིང་འཛིན་ཡིག་འབྲུ་སེམས་དཔའ་ལ། །གསལ་བ་རྣམ་པ་གསུམ་དང་ལྡན། །ཡེ་ཤེས་སེམས་དཔའ་རྣམ་གཉིས་སྟེ། །ཞི་བ་དང་ནི་ཁྲོ་བོའོ། །རྒྱུ་ཡི་ཏིང་འཛིན་འདི་ལྟ་སྟེ། །ཡཾ་དང་རཾ་དང་ཁཾ་དང་ནི། །ར་དང་སུཾ་དང་ཀེཾ་དང་ནི། །སཾ་དང་ཨ་དང་མ་དང་ནི། །ཧཱུྃ་དང་ཕཊཿལ་སོགས་པ་ཡི། །ཡིག་འབྲུའི་འོད་ཟེར་བསམ་མི་ཁྱབ། །རབ་ཏུ་སྤྲུལ་ནས་ང་རྒྱལ་ལྡན། །རྣམ་པ་ལྷ་དང་སྟོང་པའོ། །དེ་ནི་ཏིང་འཛིན་གསུམ་དུ་འདོད། །དམ་ཚིག་རྣམ་གསུམ་འདི་ལྟ་སྟེ། །སྐུ་ཡི་སྒོ་ནས་སྲོག་གཅོད་སྤང་བར་བྱ། །མ་བྱིན་ལེན་དང་མི་ཚངས་སྤྱོད་པ་སྤངས། །གསུང་གི་སྒོ་ནས་རྫུན་དང་ཕྲ་མ་སྤངས། །ཚིག་རྩུབ་དང་ནི་དེ་བཞིན་འཁྱལ་པ་སྤངས། །ཐུགས་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་སྤངས། །ལོག་པར་ལྟ་བ་རབ་ཏུ་སྤང་བར་བྱ། །ཐབས་དང་ཤེས་རབ་འདུ་བྲལ་མེད་པར་རྟོགས། །མ་ཧཱ་ཡོ་གའི་གྲུབ་མཐའ་དེ་བཞིན་འདོད། །ཅེས་སོ། །བརྒྱད་པ་ལུང་ཨ་ནུའི་ཡོ་གའི་ཐེག་པ་ནི། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྤྲོས་བྲལ་མཐའ་གང་དུ་ཡང་མི་གནས་པས་རྫོགས་རིམ་ཤེས་རབ་གཙོ་བོའི་སྒོ་ནས་བསྒྲུབ་པའོ། །དབྱེ་ན་ལུང་དང་། མདོ་གཉིས་ལས། ལུང་ལ་བསྟེན་པའི་ལུང་། སེམས་དང་སེམས་ལས་བྱུང་བར་འདོད་པ་དང་། བརྗོད་པའི་ལུང་། ཚིག་དང་ཐ་སྙད་ཀྱི་གཞི་མར་འདོད་པའོ། །མདོ་ནི་སྒྱུ་འཕྲུལ་གཞི་ལམ་ལས་ཁྱད་པར་དུ་གྱུར་པ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ལྔ་པ་གཞི་ལམ་དག་ཏུ་སྨྲ་བ། ཕུར་བ་ཐལ་འབྱིན་གྱི་དོན་ངེས་པར་མཚོན་པ་དུར་ཁྲོད་ཁུ་བྱུག་རོལ་པ་ཡེ་ཤེས་ཐོད་རྒལ་དུ་སྨྲ་བ་དང་། དཔལ་ཆེན་པོའི་ཕྱག་རྒྱ་ཡང་དག་པ་ལས་ཁྱད་པར་འཕགས་པ་ཀུན་འདུས་རིག་པའི་མདོ་ལས། ཡང་དག་པ་ལམ་གྱུར་དབྱིངས་སུ་སྨྲ་བ་དང་། ཨ་ནུའི་རང་གཞུང་མངོན་པར་རྟོགས་པའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་དབྱིངས་དང་ཡེ་ཤེས་གཉིས་མེད་དུ་སྨྲ་བ་དང་། སེམས་དང་ཡེ་ཤེས་ཀྱི་མཚན་ལས་ཁྱད་པར་དུ་སེམས་ལུང་ཆེན་པོ་ཡི་གེ་རྣམ་དག་གི་མདོ་དབྱིངས་དང་ཡེ་ཤེས་གཅིག་ཆར་དང་། རིམ་གྱིས་དང་། ཐར་ཆགས་དང་། ཐོད་རྒལ་དུ་སྨྲ་བ་དང་ལྔའོ། །དེ་ལྟར་བློ་བྲལ་ཕྱག་རྒྱ་ཆེན་པོ་དབྱིངས་དང་ཡེ་ཤེས་བདེ་སྟོང་བྱང་ཆུབ་སེམས་དཔའི་ཐེག་པའོ། །འདི་དག་ཀྱང་། རིག་པ་རང་ཤར་ལས། ཀྱེ་མ་རྡོ་རྗེ་འཛིན་པ་ཉོན། །ལུང་ཆེན་ཨུ་ནུའི་ཐེག་པ་ནི། དབྱིངས་དང་ཡེ་ཤེས་རྣམ་པ་གཉིས། །འདུ་བྲལ་མེད་པའི་རྡོ་རྗེ་འདོད། །འཇུག་པའི་སྒོ་ནི་གཅིག་ཆར་རིམ་པའོ། །རྟོགས་པའི་ལྟ་བ་འདུ་བྲལ་མེད་པའོ། །གཅིག་ཆར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །རིམ་གྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམ་བཞིན་ཞུགས་ནས་ནི། །རྡོ་རྗེ་འཛིན་གྱི་ས་ལ་འབྲས་བུ་ཐོབ། །བསྲུངས་བའི་དམ་ཚིག་འདི་ལྟ་སྟེ། །གསང་སྔགས་དོན་སྟོན་རྟག་ཏུ་བཀུར་བར་བྱ། །གསང་སྔགས་སྟོན་པའི་སློབ་དཔོན་ལ། །ཅིས་ཀྱང་འབྱོར་བའི་མཆོད་པར་འབུལ། །སློབ་དཔོན་དང་ནི་དེ་བཞིན་དག །ཁྱད་མེད་གཅིག་གི་ངོ་བོར་བསྟེན། །མདོར་བསྡུས་དབྱིངས་དང་ཡེ་ཤེས་སོ། །ལུང་ཆེན་ཨ་ནུའི་གྲུབ་མཐའོ། །ཞེས་ཆོས་ཐམས་ཅད་ཡེ་ནས་དཀྱིལ་འཁོར་དུ་སངས་རྒྱས་པའི་དབྱིངས་དང་ཡེ་ཤེས་བདེན་པ་དབྱེར་མེད་གཅིག་གི་ངང་ནས་ཁམས་བདེ་བ་ཆེན་པོ་ཕྲ་མོའི་རྣལ་འབྱོར་ལ་དངོས་གྲུབ་འདོད་པའོ། །དགུ་པ་ཨ་ཏི་ཡོ་གའི་ཏན་ཏྲ་སྡེ་གཉིས་མེད་རྫོགས་པ་ཆེན་པོ་ནི། ཆོས་ཐམས་ཅད་ཡེ་ནས་བྱང་ཆུབ་ཀྱི་སེམས་སུ་རྫོགས་པའི་སྤང་བླང་བྱ་རྩོལ་མེད་པའི་ཆོས་ཉིད་སྐུ་གསུམ་ལྷུན་གྲུབ་ཆེན་པོར་ཡེ་ནས་གྲོལ་ཏེ། རང་བྱུང་གི་ཡེ་ཤེས་ལ་ཕྱོགས་དང་རིས་མེད། རྟག་ཆད་འཕོ་འགྱུར་མེད་པ་ལ་ཟློས་པ། གཞི་ལམ་འབྲས་བུའི་ཐ་སྙད་ལས་འདས་ཏེ། དུས་བཞི་ཆོས་ཉིད་ཀྱི་འཁོར་ལོ་དང་མི་འབྲལ་བའི་ཆོས་ཉིད་ཀྱི་ཕྱོགས་ཡན་ཆེན་པོ་རང་ཤར་ཏེ། འཁོར་འདས་སེམས་ལས་མེད་པར་ཐག་ཆོད། རྟག་ཆད་ཚིག་ལས་འདས་པར་སུན་ཕྱུང་། ཁམས་གསུམ་ཡང་གྲོལ་ཆེན་པོ་འུབ་ཆུབ། གང་སྣང་ཐུག་ཕྲད་ཡེ་གྲོལ་དུ་དམིགས་རྙེད། རང་ཤར་ཆོས་སྐུ་ཟང་མར་གདིངས་ཆོས། སྣང་སེམས་ཆོས་ཟད་བློ་འདས་གཟེར་ཐེབ་སྟེ། ཡུལ་ཆོས་ཉིད་ཀྱི་རོལ་པ་ལས། ཡུལ་ཅན་ཡེ་ཤེས་ཀློང་རྡོལ་བའི་འཁོར་འདས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའི་དོན་ལ་གཞན་དུ་མི་འགྱུར་བའི་ཡེ་ཤེས་སུ་འགག་བཅིངས་པས། མ་བྱས་པའི་ཡེ་བསྒྲོད། རྒྱུ་འབྲས་ལ་བཟློས་པ་ཆོས་ཉིད་དུ་བཟུང་སྟེ། དངོས་གྲུབ་རང་ཆས་ཆོས་སྐུ་ལས་མི་འདའ་བར་འདོད་ལ། དེ་དག་ཀྱང་སེམས་སྡེ། ཀློང་སྡེ། མན་ངག་གི་སྡེའི་གནས་ཆེན་པོ་གསུམ་གྱིས་བཅིངས་བའི་རང་བཞིན་དུ་བཞག་གོ གསང་སྔགས་ནང་པ་གསུམ་པོ་དེ་ཡང་དང་པོ་དང་བར་པ་ཡོངས་སུ་རྫོགས་པའི་ཚུལ་གྱིས་གཞི་ལམ་འབྲས་བུའི་ཚུལ་གྱི་བདག་ཉིད་ཆེན་པོ་གཅིག་ཏུ་གཞུགས་པ་ནི། སེངྒེ་རྩལ་རྫོགས་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །ལུང་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་སོ། །དེ་དག་ནི་ཐེག་པ་སྤྱི་དང་བྱེ་བྲག་གི་བཤད་པ་སྟེ། སྐྱེས་བུ་བློ་དང་ལྡན་པ་རྣམས་ཀྱིས་ཐོས་པ་ཡང་དག་པ་སྦྱང་དགོས་སྟེ། ཐོས་པ་མེད་པའི་བསྒོམ་པ་དེ། །ལག་རྡུམ་བྲག་ལ་འཛེགས་པ་དང་། །མ་ལག་རྡུམ་གྱི་བུ་ཆུས་འཁྱེར་བ་བཞིན། བསམ་པ་ཡོད་ཀྱང་སྒྲུབ་པར་དཀའ། དེ་ཡང་ཐོས་པའི་ཚོམས་ལས། ཐོས་པ་མང་ཞིང་འཛིན་པ་དང་། །ཤེས་རབ་ལྡན་ཞིང་མཉམ་བཞག་པ། །འཛམ་བུ་གླིང་གི་གསེར་རྒྱན་བཞིན། །དེ་དག་སུས་ཀྱང་སྨད་འོས་མིན། །ཞེས་དང་། སྐྱེས་རབས་ལས། ཐོས་པ་མ་རིག་མུན་སེལ་སྒྲོན་མེ་སྟེ། །རྐུན་པོ་ལ་སོགས་མི་འཕྲོག་ནོར་གྱི་མཆོག །ཀུན་ནས་རྨོངས་པའི་དགྲ་འཇོམས་མཚོན་ཆ་སྟེ། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །དཔལ་དང་གྲོགས་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབ་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་དགའ་བར་བྱེད། །ཕས་ཀྱི་རྒོལ་བར་ཉི་མའི་དཀྱིལ་འཁོར་བཞིན། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང་། ཐོས་པ་དྲི་མེད་སྦྱང་དགོས་ཏེ། ཐོས་པས་སྡིག་ལས་ལྡོག་དགོས་དགེ་ལ་སྦྱོར། དགེ་བ་དང་ནི་སྡིག་པའི་ལས་རྣམས་མ་ཐོས་པས་ཤེས་པར་མི་ནུས། ཐོས་པས་མྱ་ངན་ལས་འདའ་བར་སྟོན། དེ་ལ་སོགས་པའི་ཡོན་ཏན་མཐའ་ཡས་པར་གསུངས་སོ། །གཉིས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཁྲིད་ཀྱི་རིམ་པ་ལ་དྲུག དེ་ཡང་དང་པོ་ནི་དལ་འབྱོར་རྙེད་དཀའི་བསམ་པ་ནི། གང་ཞིག་མཐའ་མེད་པའི་འཁོར་བར་སྐྱེ་ཤིའི་ཆུ་བོས་འཁྱེར་བ་ལས། ད་རེས་དལ་འབྱོར་གྱི་གྲུ་རྙེད་ནས་འཁོར་བའི་ཕ་རོལ་དུ་ཕྱིན་པ་ཡོད་པ་འདི་ཤིན་ཏུ་རྙེད་དཀའ་བ་ཞིག་རྙེད་པས་སྤྲོ་བ་ཆེར་བྱས་ཏེ། ཆོས་ལ་སྦྱང་བ་རིགས་སོ། །དེ་ཡང་མི་ཁོམ་བརྒྱད་ལས་ལོག་པའི་དལ་བ་རྙེད་པར་དཀའ་ཞིང་མིར་གྱུར་པ་དང་དབང་པོ་ཚང་བ་ཡང་རྙེད་དཀའ་སྟེ། བྲམ་ཟེ་རྒྱལ་བ་དྲོད་ཀྱི་སྐྱེ་མེད་ཀྱི་རྣམ་པར་ཐར་པ་ལས། མི་ཁོམ་པ་བརྒྱད་ལས་ལོག་པ་ཡང་རྙེད་པར་དཀའོ། །དལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའོ། །མིར་གྱུར་པ་ཡང་རྙེད་དཀའོ། །དབང་པོ་ཚང་བ་ཡང་རྙེད་པར་དཀའོ། །ཞེས་སོ། །མཐུན་པར་གྱུར་པའི་ཡུལ་བཟང་པོ་ཆོས་དར་བའི་ས་ཕྱོགས་དང་། བདག་ནི་སྔོན་སྨོན་པའི་ཆོས་ལ་གྱུར་པ་དང་། བསོད་ནམས་སྟོབས་སྦྱང་པའི་ལས་འཕྲོ་ཆོས་ལ་སད་པ་དང་། བླ་མ་དགེ་བའི་བཤེས་གཉེན་དམ་པར་འཕྲད་ནས་དེ་ལ་བསྟེན་ནས་ཡོད་པ་རྣམས་ནི་འཁོར་ལོ་ཆེན་པོ་རྙེད་པར་དཀའོ། །བཤེས་སྤྲིང་ལས། མཐུན་པར་གྱུར་བའི་ཡུལ་དུ་གནས་པ་དང་། །སྐྱེས་བུ་དམ་པ་ལ་ནི་བསྟེན་པ་དང་། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་སོ། །ལས་ཀྱི་མཐའ་མ་ལོག་པར་རྟག་ཏུ་དགེ་བ་བྱེད་པ་ཡང་རྙེད་པར་དཀའ། བསྟན་པ་གནས་པ་ལ་དད་པས་ཞུགས་པ་ཡང་རྙེད་པར་དཀའོ། །གྲོགས་དམ་པ་ཆོས་བཞིན་སྤྱོད་པ་མང་པོ་དང་འགྲོགས་སུ་ཡོད་པ་ཡང་རྙེད་པར་དཀའ། དེས་ན་དེ་ལྟ་བུའི་དལ་བ་རྙེད་དུས་འདིར་ཆོས་མ་བྱས་ན། ཕྱི་མ་ལ་འདི་ལྟ་བུའི་དལ་བ་རྙེད་པར་དཀའ་ཞིང་། ཆོས་དང་འཕྲད་པར་ཡང་དཀོན་པར་འགྱུར་ཏེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཅེས་སོ། །དེ་དག་རྙེད་དཀའ་བའི་རྒྱུ་མཚན་བསམ་པ་ལ། དང་པོ་མི་ཁོམ་པ་ལ་བསམ་ཞིང་རྙེད་དཀའ་བ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དམྱལ་བ་ཡི་དྭགས་དུད་འགྲོ་ཚེ་རིང་ལྷ། །ཀླ་ཀློ་ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུག་པ་འདི་བརྒྱད་ཆོས་ཀྱི་སྣོད་མ་གྱུར། །ཅེས་དེ་ཡང་ཆོས་བྱ་བར་མི་ཁོམ་པས་མི་ཁོམ་པའི་གནས་ཞེས་བྱའོ། །འདི་ལ་རང་རྒྱུད་རྟེན་གྱི་མི་ཁོམ་པའི་གནས་བརྒྱད་དང་། འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པའི་གནས་བརྒྱད་ཡོད་པ་ལས། དང་པོ་བརྒྱད་ནི། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་གསུམ་ནི་རང་རང་གི་སྡུག་བསྔལ་གྱིས་མནར་ནས་བྲེལ་བས་མི་ཁོམ་ལ། ལྷ་ཚེ་རིང་པོ་ནི་ཐོས་བསམ་གྱི་རྟེན་འགག་པས་མི་ཁོམ། ཀླ་ཀློ་ནི་ཆོས་ཀྱི་སྣང་བ་མེད་པས་མི་ཁོམ། །ལོག་པར་ལྟ་བ་མུ་སྟེགས་ཅན་གྱི་ལྟ་བ་ལོག་པས་མི་ཁོམ། སངས་རྒྱས་ཀྱིས་སྟོང་པ་མུན་པའི་བསྐལ་བ་ལ་སྐྱེ་བ་རྣམས་ནི་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་པས་མི་ཁོམ། ལྐུག་པ་ནི་ཆོས་ལ་བློ་ཁ་མི་ཕྱོགས་པས་མི་ཁོམ་པའོ། །འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དུག་ལྔ་འཁྲུགས་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་རྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱི་མི་ཁོམ་རྣམ་པ་བརྒྱད། །ཐར་ལམ་ཆོས་ཀྱི་སྣོད་མིན་ཕྱིན་ཅི་ལོག །ཅེས་གསུངས་སོ། །མིར་གྱུར་པ་གང་ཞིག་ཆོས་སྤྱོད་པའི་ཡུལ་དུ་སྐྱེས་ཀྱང་། དུག་ལྔ་ཤིན་ཏུ་རགས་པའི་དབང་གིས་རྒྱུད་རྟག་ཏུ་འཁྲུགས་པ་རྣམས་དང་། སྡིག་པའི་གྲོགས་པོས་ཁྲིད་པའི་བླུན་རྨོངས་རྣམས་དང་། ལྟ་སྤྱོད་ཕྱིན་ཅི་ལོག་པའི་ལམ་ནོར་བའི་བདུད་ཀྱིས་ཟིན་པ་རྣམས་དང་། ཆོས་ལ་སློབ་པར་འདོད་ཀྱང་བརྩོན་འགྲུས་མེད་པའི་ལེ་ལོ་ཅན་རྣམས་དང་། བརྩོན་ཀྱང་ཡོན་ཏན་མི་སྐྱེ་བའི་སྡིག་སྒྲིབ་ཅན་ལས་ངན་གྱི་མཚོ་ཆེན་རྡོལ་བ་རྣམས་དང་། །རང་དབང་མེད་པར་གཞན་གྱིས་བཀོལ་བ་བྲན་གྱི་རིགས་རྣམས་དང་། ཚེ་འདིའི་ལྟོ་གོས་ཀྱི་ཆེད་དམ་འཚེ་བས་འཇིགས་ནས་དེའི་ཆེད་དུ་ཆོས་ལ་ཞུགས་ནའང་སྔོན་གྱི་བག་ཆགས་རྙིང་བས་ཆོས་མིན་སྤྱོད་པ་རྣམས་དང་། ཆོས་སུ་བཅོས་ནས་ཡོད་བྱད་དང་། རྙེད་བཀུར་དང་། བསྙེན་བཀུར་དང་། སྙན་གྲགས་བསྒྲུབ་པའི་གཟུགས་ཅན་པ་རྣམས་ཏེ། བརྒྱད་པོ་དེ་ཡང་དམ་ཆོས་བསྒྲུབ་པའི་གནས་སུ་མི་ཁོམ་པ་ཡིན་ནོ། །དེ་ནས་ཐར་བའི་ལམ་དང་ལས་འབྲེལ་མེད་པས་དལ་བ་ཆུད་གསོན་པའི་ཕྱིར་ཕྱིན་ཅི་ལོག་ཅེས་བྱའོ། །རིས་ཆད་བློའི་མི་ཁོམ་པ་རྣམ་པ་བརྒྱད་ནི། དེ་ཉིད་ལས། འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བས་མི་སྐྲག་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་མེད། །སྡོམ་དང་དམ་ཚིག་ཉམས་པ་ཞེས་བྱ་བ། །རིས་ཆད་བློ་ཡིས་མི་ཁོམ་རྣམ་པ་བརྒྱད། །ཆོས་ལས་རིང་གྱུར་ཐར་ལམ་སྒྲོན་མེ་ནུབ། །ཞེས་གསུངས་པ་ལྟར། ཚེ་འདིའི་རྫས་ཡོ་བྱད་བུ་ནོར་གཉེན་འདུན་ལ་སོགས་པའི་འཆིང་བ་དམ་པོས་བཅིངས་བ་དང་། རང་རྒྱུད་ངན་པའི་མི་གཞི་ཏིལ་འབྲུ་ཙམ་མེད་ཅིང་ཀུན་ལ་སྤྱོད་པ་སྐྱེད་འདོན་དུ་མེད་པ་དང་། ངན་སོང་དང་འཁོར་བའི་ཉེས་པ་བཤད་དམ། ཚེ་འདིའི་སྡུག་བསྔལ་ཇི་ལྟ་བུ་ལའང་སྐྲག་པའི་བློ་གཏན་ནས་མི་སྐྱེ་བ་དང་། ཐར་བ་དང་དཀོན་མཆོག་གི་བསྔགས་པ་བརྗོད་དམ་ཡུལ་ཡོན་ཏན་ཅན་མཐོང་ཡང་དད་པ་ཅུང་ཟད་མེད་པ་དང་། མི་དགེ་བའི་སྡིག་སྤྱོད་ལ་དགའ་བས་སྒོ་གསུམ་ཉེ་བར་མ་ཞི་བ་དང་། ཡོན་ཏན་དང་དགེ་བ་དམ་པའི་ཆོས་ཀྱི་སྣང་བ་མེད་པ་ཁྱིའི་མདུན་དུ་རྩྭ་བཞག་པ་ལྟ་བུ་དང་། ཐུན་མོང་གི་ཐེག་པ་ལ་ཞུགས་ནས་སེམས་བསྐྱེད་དང་སྡོམ་པ་རལ་བས་ངན་སོང་ལས་འགྲོ་ས་མེད་པ་དང་། གསང་སྔགས་ཀྱི་ཐེག་པ་ལ་ཞུགས་ནས་བླ་མ་དང་མཆེད་གྲོགས་ལ་དམ་ཚིག་ཉམས་པ་སྟེ། བརྒྱད་པོ་འདི་དག་ནི་དམ་པའི་ཆོས་ལ་རིང་ཞིང་ཐར་བའི་སྒྲོན་མེ་ནུབ་པ་ཞེས་བྱའོ། །སྡོམ་པ་ཉམས་པ་ནི། ཏིང་འཛིན་རྒྱལ་པོ་ལས། ཚུལ་ཁྲིམས་འཆལ་བས་ངན་འགྲོ་དེར་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། །ཞེས་སོ། །དམ་ཚིག་ཉམས་པ་ནི། དོ་ཧ་ལས། ཀྱེ་མ་བསྟན་པའི་ས་ལ་ཕྱིན་ནས་དམ་ཚིག་མི་ལྡན་ན། །རྒྱལ་པོས་ཆད་པ་གཅོད་པའི་མི་ནི་བཟུང་བ་ལྟར། །རྣམ་སྨིན་ལྕགས་ཀྱུས་སྲོག་གི་རླུང་ནི་བཟུང་བྱས་ནས། །ཁྲོ་ཆུ་ཁོལ་མར་ཁར་བླུག་པ་ནི་ཤིན་ཏུ་བཟོད་པར་དཀའ། །ཞེས་སོ། །དོན་བསྡུ་བ་ནི། དེ་ལྟར་མི་ཁོམ་པའི་གནས་སུ་ཉི་ཤུ་རྩ་བཞི་བོ་དེར་བདག་མ་སྐྱེས་ཞིང་དམ་པའི་བླ་མར་བསྟེན་ནས་ཟབ་མོའི་ཆོས་བསྒྲུབ་ཏུ་ཡོད་པ་འདི་རེ་དགའ་སྙམ་དུ་བསམ་ལ་རྟག་ཏུ་ལེགས་པའི་ཆོས་ལ་བརྩོན་པས་ཉིན་མཚན་དུས་འདའ་བར་བྱའོ། །མི་ལུས་རྙེད་དཀའི་གཏན་ཚིགས་གཉིས་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འདི་ལྟར་སེམས་ཅན་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་འཁོར་ལོས་བསྒྱུར་རྙེད་འདྲ། །ཞེས་གསུངས་པ་ལྟར་སེམས་ཅན་སྤྱི་ཙམ་ལ་བསམ་ན། ནམ་མཁའི་དབྱིངས་དང་མཉམ་པ་ལས་འཛམ་བུ་གླིང་པའི་སེམས་ཅན་ཁབ་མིག་གི་ནམ་མཁའི་ཆ་ཙམ་འཛམ་བུ་གླིང་པའི་ཡུལ་གཞན་རྣམས་ཕར་ཞོག ནགས་ཚལ་གཅིག་གམ། ཆུ་ཀླུང་གཅིག་གམ། འཁྱིལ་ཆུ་གཅིག་ན་སྣང་བའི་སྲོག་ཆགས་ལ་ལྟོས་ན། མི་ལུས་ཐོབ་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐོབ་པའི་མང་ཉུང་དང་ཚོད་མཉམ། མི་རྣམས་ལ་བསམ་ན་རྒྱ་དཀར་ནག་ལྷོ་བྱང་། མོན་ལྷོ་བལ། རྡོ་སོག་རིགས་ལ་སོགས་པའི་ཡུལ་དང་། ཚོང་འདུས་རེ་རེ་ན་ཚོགས་པ་མང་ཡང་། སངས་རྒྱས་བསྟན་པ་ལ་ཞུགས་ནས་རྗེས་སུ་སློབ་པའི་དད་པ་ཅན་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལས་ཀྱང་དཀོན་པར་བསམ་ལ། རང་གིས་རང་ལ་སྤྲོ་བ་བསྐྱེད་དེ་དལ་འབྱོར་ཆུད་མ་ཟོས་པར་བྱའོ། །དེ་བཞིན་དུ་གཏན་ཚིགས་ལྷག་མ་རྣམས་ལ་བསམ་ནས་རྙེད་དཀའ་བར་བསྟན་པ་ཡང་དེ་ཉིད་ལས། དེ་བཞིན་དབང་པོ་མ་ཚང་མཐའ་འཁོབ་སྐྱེས། །ཆོས་ལ་ལས་མེད་ལས་ཀྱི་མཐའ་ལོག་ཅིང་། །བསྟན་ལ་མ་དད་ཆོས་མིན་སྡིག་པའི་གྲོགས། །ཤིན་ཏུ་གྲངས་མང་རབ་ཏུ་བསམ་བྱས་ནས། །དེ་དག་མ་གྱུར་ཆོས་ལྡན་ལུས་རྙེད་འདི། །ཉིན་མཚན་ཀུན་ཏུ་ངེས་པར་བསམ་བྱས་ནས། །ཞེས་དེ་ལྟར་མིག་ལོང་པ་ལ་སོགས་པ་དབང་པོ་མ་ཚང་བ་རྣམས་བསམ་ལ། བདག་ནི་དབང་པོ་ཚང་བ་འདི་འཚེངས་ཆོས་བྱའོ་སྙམ་དུ་བསམ་ནས། ལྷོ་འཛམ་བུ་གླིང་འདི་ཉིད་ཀྱི་མཐའ་འཁོབ་བར་ཡུལ་དཀོན་མཆོག་གི་སྒྲ་མི་གྲགས་པ་ཀླ་ཀློ་སོགས་ལ་བསམ་ནས་ཀྱང་རང་ལ་སྤྲོ་དགའ་བསྐྱེད་དེ་ཆོས་ལ་བརྩོན་པར་བྱའོ། །ཆོས་དང་ལས་འབྲས་ཙམ་ཡང་མེད་པའི་མི། ཟ་ཉལ་འགྲོ་འདུག་ཅི་བྱས་ཀྱང་། དཀོན་མཆོག་གསུམ་སྐད་ཅིག་ཀྱང་མི་དྲན་ཞིང་སྐྱབས་སུ་མཆི་ཞེས་ལན་གཅིག་ཀྱང་ཁར་འདོན་མ་མྱོང་བ་རྣམས་དང་། ལས་ཀྱི་མཐའ་ལོག་པ་སྔོན་ལ་ཆོས་སྒོར་ཞུགས་ཀྱང་ལོག་ནས་སྡིག་པ་སྣ་དགུ་བྱེད་པ་རྣམས་དང་། སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པའི་མི་རིགས་རྣམས་དང་། སྡིག་པ་འབའ་ཞིག་བྱེད་པ་རྣམས་ལ་བསམ་ནས། འདི་ལྟ་བུས་ཡུལ་གཞན་ནའང་ཁེངས་ཡོད་ངེས། བདག་ཀྱང་དེའི་རིགས་ཅན་དུ་མ་སྐྱེ་པ་འདི་རེ་འཚེངས་སྙམ་དུ་སྤྲོ་དགའ་དང་བཅས་པ་ཆོས་ལ་བརྩོན་པར་བྱའོ། །བདག་རྐྱེན་འབྱོར་བ་ཚང་ན་ཆོས་ཀྱི་ལས་འཕྲོ་ཡོད་པར་ཐག་བཅད་པ་ནི། འདི་སྐད་དུ་ཡང་སྔ་མ་ལས། ཆོས་ལ་སྤྱོད་པའི་འབྱོར་བ་ལེགས་ཚང་བ། །དཀར་པོ་ལས་འཕྲོ་སད་པར་བསྟན་པ་ཡང་། །མིར་གྱུར་དབུས་སྐྱེས་དབང་པོ་ཚང་ཞིང་དད། །ལས་མཐའ་མ་ལོག་ཡང་དག་ལྟ་བ་ཅན། །དེ་དག་ཐོབ་དཀའ་ལས་འཕྲོར་ལྡན་པ་ཡིན། །ཞེས་གསུངས་པ་ལྟར་སྤྱིར་ལས་འཕྲོ་ཅན་ཞེས་བྱ་བ་ལས་བྱ་བ་གང་ཞིག་བྱེད་འཕྲོར་ཡོད་པ་ལ་ཟེར་བས། འདིར་ཡང་སྐྱེ་བ་སྔ་མ་ལ་ཆོས་བྱེད་པའི་འཕྲོ་ཡོད་པ་དེ་སྐྱེས་དུས་སྔོན་གྱི་བྱ་བ་བཟང་པོ་ལ་གོམས་པའི་བག་ཆགས་ཀྱི་རྐྱེན་ཇི་འདྲ་བ་ལ་བརྟེན་ནས་སད་དེ་སྔར་གྱི་འཕྲོ་གང་ཡོད་ཀྱི་ཆོས་ལ་སྤྱོད་པ་ནི། རྒྱུ་འབྲས་བསླུས་བ་མེད་པའི་རིགས་པས་ཐོབ་པ་སྟེ། དཀར་པོའི་ལས་སད་པའི་རྟགས་སུ་ལྷ་ཆོས་ཀྱི་རྟེན་མི་ལུས་ཐོབ་པའི་འབྱོར་བ། བསྟན་པ་གནས་པའི་ཡུལ་དབུས་སུ་སྐྱེས་བས་འབྱོར་བ། ཐོས་བསམ་གྱི་རྟེན་དབང་པོ་ཚང་བས་འབྱོར་བ། ཐར་བའི་ལམ་ཡང་དག་གི་གནས་ལ་དད་པས་འབྱོར་བ། འཇུག་པའི་སྒོ་ལས་ཀྱི་མཐའ་མ་ལོག་པས་འབྱོར་བ། གྲུབ་པའི་མཐའ་ལོག་ལྟའི་རིགས་སུ་མ་སྐྱེས་པས་འབྱོར་བའོ། །དེ་དག་ལས་སྔོན་དཀར་པོ་དགེ་བའི་ལས་བྱེད་པའི་རྒྱུས། ཚེ་འདིར་ཐོབ་པའི་སྒོ་མིའི་ལུས་ལ་སོགས་པ་རྙེད་པས་ལས་ཀྱི་འཕྲོ་ཡོད་པ་ཐག་ཆོད་པའོ། །གང་དག་འདིར་མི་ཉིད་ཐོབ་ཀྱང་ཕྱི་མ་ལ་མི་ལུས་གཏན་ནས་མི་ཐོབ་པའི་རྟགས་ནི། སའི་སྙིང་པོའི་མདོ་ལས། འཁོར་བ་མི་ཉིད་རྙེད་པར་དཀའ་བའི་གང་ཟག་བཅུ་ཡོད་དེ། གང་ཞེ་ན། དགེ་བའི་རྩ་བ་མི་བསྐྱེད་པ་དང་། བསོད་ནམས་ཀྱི་ཚོགས་མི་གསོག་པ་དང་། སྡིག་པའི་གྲོགས་པོའི་རྗེས་སུ་སྤྱོད་པ་དང་། ཉོན་མོངས་པ་ཉིང་མཚམས་སྦྱོར་བ་དང་། ཚེ་ཕྱི་མའི་སྡུག་བསྔལ་ལ་མི་འཇིགས་པ་དང་། ཉོན་མོངས་པས་སེམས་འཁྲུགས་པ་དང་། ལེ་ལོ་དང་གཡེང་བས་ཆོས་ལ་རྟག་ཏུ་གཡེལ་བ་དང་། སངས་རྒྱས་ཀྱི་བཀའ་ལ་ཞུགས་ཀྱང་རྗེས་སུ་མི་སྤྱོད་པ་དང་། ལོག་པར་ལྟ་བའི་རྗེས་སུ་འཇུག་པའོ། །ཞེས་སོ། །དེ་དག་སྤྱོད་འཇུག་ཏུ། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་རྙེད་མི་འགྱུར། །མི་ལུས་ཐོབ་པ་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དེ་ཚེ་བདག་གིས་མ་བྱས་སོ། །ཞེས་སོ། །དེས་ན་ད་ལྟ་བྱེད་པ་ངན་པའི་རྒྱུ་དང་ལས་ཀྱི་འཕྲོས་ངན་སོང་དུ་སྡུག་བསྔལ་བ་ལ། ད་ལྟར་དཀར་པོ་དགེ་བ་བྱས་པའི་ལས་ཀྱི་འཕྲོས་མཐོ་རིས་ཀྱི་བདེ་དཔལ་ལ་སྤྱོད་པ་ཡིན་ནོ། །དེས་ན་དལ་འབྱོར་ཐོབ་དུས་ཆོས་ལ་སྤྱོད་པར་རིགས་པ་ཉིད། ཡབ་སྲས་མཇལ་བའི་མདོ་ལས། མི་ཁོམ་བརྒྱད་པོ་ཐམས་ཅད་རབ་སྤངས་ཤིང་། །དལ་བ་ཕུན་ཚོགས་རྙེད་དཀའ་ཐོབ་འགྱུར་ནས། །བདེ་གཤེགས་བསྟན་ལ་དད་པ་རྙེད་གྱུར་པའི། །མཁས་པ་རྣམས་ཀྱིས་རིགས་པའི་རྣལ་འབྱོར་སྤྱོད། །ཅེས་སོ། །མཐུན་རྐྱེན་གཞན་ཚང་བའི་ཆོས་ལ་བརྩོན་པར་རིགས་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གཞན་འབྱོར་ཚང་བའི་རྙེད་དཀའ་བརྩོན་པ་ཡང་། །སྟོན་བྱོན་ཆོས་གསུངས་བསྟན་པ་གནས་རྗེས་འཇུག །བརྩེ་ལྡན་བཤེས་དང་མཐུན་པའི་རྐྱེན་འབྱོར་བ། །རབ་ཏུ་དཀོན་ཕྱིར་བརྩོན་འགྲུས་རྩོམ་འཚལ་ལོ། །ཞེས་གསུངས་པ་ལྟར་བདག་ཅག་ཐར་བའི་ཆོས་སྒྲུབ་པ་ལ་མཐུན་རྐྱེན་གཞན་གྱི་འབྱོར་བ་བདག་ལ་སྡུག་བསྔལ་ཞིང་ལོག་པར་བྱེད་པའི་སྐབས་འདིར་དམ་པའི་ཆོས་ལ་བརྩོན་པར་བསྒྲུབ་དགོས་སོ། །དེ་ལ་དང་པོ་ཐུགས་རྗེ་དང་ལྡན་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དུས་འདིར་རྟེན་སྟོན་པ་གཞན་ལས་འཕགས་པ་ཡོད་པའི་ཕྱིར་རོ། །སྤྱིར་བསྐལ་བ་ལ་གཉིས་ཏེ། སངས་རྒྱས་འཇིག་རྟེན་དུ་མ་བྱོན་པ་མུན་པའི་བསྐལ་བ་དང་། བྱོན་པ་སྒྲོན་མེའི་བསྐལ་བའོ། །དགོངས་འདུས་ལས། སྒྲོན་མེའི་བསྐལ་བ་ནི་སྔོན་འདས་པའི་དུས་ན། བསྐལ་བ་ཆེན་པོ་མངོན་པར་དགའ་བ་ཞེས་བྱ་བ་ལས། སངས་རྒྱས་སུམ་ཁྲི་སུམ་སྟོང་བྱོན། དེའི་འོག་དུ་མུན་པའི་བསྐལ་བ་བརྒྱ་ཞིག་བྱུང་ངོ་། །དེ་ནས་བསྐལ་བ་རྫོགས་ལྡན་ཞེས་བྱ་བ་ལ། སངས་རྒྱས་བྱེ་བ་ཕྲག་བརྒྱ་བཅུ་བྱུང་ངོ་། །དེའི་འོག་དུ་མཐའ་འཁོབ་ཀྱི་བསྐལ་བ་བརྒྱ་བྱུང་ངོ་། །དེའི་འོག་དུ་བཟོད་ལྡན་ཞེས་བྱ་བ་ལ། སངས་རྒྱས་བྱེ་བ་ཕྲག་བརྒྱ་བཅུ་རྩ་བཞི་བྱུང་། དེའི་འོག་དུ་མུན་པའི་བསྐལ་བ་ལྔ་བརྒྱ་བྱུང་ངོ་། །དེ་ནས་བསྐལ་བ་མཐོང་ན་དགའ་བ་ལ། སངས་རྒྱས་ཕྲག་བརྒྱ་བཅུ་བྱུང་ངོ་། །དེ་ནས་མུན་པའི་བསྐལ་བ་ལྔ་བརྒྱ་བྱུང་ངོ་། །དེ་ནས་བསྐལ་བ་དགའ་བ་དང་ལྡན་པའི་སངས་རྒྱས་སྟོང་ཕྲག་དྲུག་བརྒྱ་བྱུང་ངོ་། །དེའི་རྗེས་ལ་བསྐལ་བ་བཟང་པོ་འདི་ཉིད་ལ། སངས་རྒྱས་སྟོང་ཕྲག་མངོན་པར་བྱུང་བའོ། །དེའི་འོག་དུ་མཐའ་འཁོབ་གྱི་བསྐལ་བ་རིགས་ངན་དྲུག་ཅུ་འབྱུང་ངོ་། །དེའི་འོག་ཏུ་བསྐལ་བ་གྲངས་ལྡན་ལ་སངས་རྒྱས་སྟོང་ཕྲག་བཅུ་འབྱུང་ངོ་། །དེའི་འོག་ཏུ་རིགས་ངན་གྱི་བསྐལ་བ་སྟོང་ཕྲག་བཅུ་འབྱུང་ངོ་། །དེ་དག་ལ་སོགས་པའི་མུན་པ་དང་སྒྲོན་མེའི་བསྐལ་བ་དུ་མ་འབྱུང་བ་ལས། མུན་པའི་བསྐལ་བ་དང་འཕྲད་པའི་དུས་སུ་སངས་རྒྱས་མིང་ཡང་མེད་དོ། །ཞེས་པ་དང་། མྱ་ངན་ལས་འདས་པའི་མདོ་ལས །སངས་རྒྱས་འབྱུང་བ་ཤིན་ཏུ་རྒྱ་ལམ་རེ་འགའ་སྟེ་མཆོག་ཏུ་རྙེད་པར་དཀའོ། །ཞེས་དེ་ལྟར་སངས་རྒྱས་རྒྱ་ལམ་ཞིག་ནས་འབྱུང་བ་ལས། ད་རེས་སངས་རྒྱས་བྱོན་པས་འབྱོར་པའོ། །སངས་རྒྱས་བྱོན་ཡང་ཆོས་གསུངས་པ་དཀོན་པ་ལས། བཀའ་མདོ་སྡེ་དང་རྒྱུད་སྡེས་བསྡུས་པའི་ཆོས་གསུངས་པས་ལམ་ཐར་བ་དམ་པའི་འབྱོར་བ་ཚང་སྟེ། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་འདི་ནི་ཀུན་འཁྱེན་དག །ཨུ་དུམ་ཝ་རི་མེ་ཏོག་བཞིན། །རྒྱ་ལམ་ཡང་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །ཞེས་གསུངས་པ་དེ་ལྟར་ཆོས་གསུངས་ཀྱང་བསྟན་པ་ནུབ་ན་ཕན་མེད་པ་ལས། ད་ལྟར་སངས་རྒྱས་ཀྱི་བསྟན་པའི་ཉི་མ་ནུབ་ཀྱི་རི་འགོར་ལྷུང་དུ་ཉེ་བའི་དུས་ལ་བབ་པས་བསྟན་པ་དམ་པའི་འབྱོར་བ་ཚང་ཞིང་ཐེག་པ་ཆེ་ཆུང་གིས་བསྡུས་པའི་བསྟན་པ་མ་ནུབ་ཙམ་དུ་གནས། བསྟན་པ་ཡོད་ཀྱང་བདག་ཉིད་ལ་འདོམས་ཤིང་རྗེས་སུ་ཕན་བདེ་བྱེད་པའི་གྲོགས་མེད་ན་ཕན་མེད་པ་ལས། བཀའ་ལུང་རྗེས་སུ་མཐུན་པའི་ཆོས་ཀྱི་གྲོགས་ཁྱད་པར་ཅན་ཡོད་པས་ཐོས་བསམ་དང་སྒོམ་སྒྲུབ་བྱེད་པའི་འབྱོར་བ་ཚང་སྟེ། ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས། འཇིག་རྟེན་ན་ཆོས་དང་རྗེས་སུ་མཐུན་པའི་ནན་ཏན་བྱེད་པ་ཡང་རྙེད་པར་དཀའོ། །དེ་དག་ཡོད་ཀྱང་དགེ་བའི་བཤེས་གཉེན་མེད་ན་ཐར་ལམ་མི་རྙེད་པས། ཞེས་དེང་སང་ན་མདོ་རྒྱུད་ཀྱི་གཞུང་ལམ་ཕྱིན་ཅི་མ་ལོག་པ་མཁྱེན་ཅིང་དགོངས་པ་ནམ་མཁའ་ལྟར་ཡངས་བས་གཞན་དོན་མཛད་པའི་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཞལ་བཞུགས་པས་བསྟན་ས་གཞན་ལས་ཕུལ་དུ་བྱུང་བས་འབྱོར་ཏེ། དེ་ཉིད་ལས། ཡང་དག་པ་དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའོ། །ཞེས་སོ། །དེ་ལྟར་ཚང་བའི་ཆོས་ལ་སྤྱོད་པས་ན་མཐུན་རྐྱེན་མཐའ་གཉིས་སུ་མ་ལྷུང་བ་རྙེད་པར་དཀའ་སྟེ། འཚོ་གོས་ཀྱི་ཕྱིར་བྲེལ་བས་ཆོས་ལ་ནན་ཏན་སྤྱོད་པ་རྩོམ་པ་ལྷོད་པར་གྱུར་པ་ལས། དེང་སང་ནི་སྙིང་ནས་ཆོས་སྒྲུབ་པ་ལ་སྦྱིན་བདག་དད་པ་ཅན་རྣམས་ཀྱི་ཡོན་སྦྱོར་བ་དང་། གོང་མ་རྣམས་ཀྱི་གདམས་པ་ཁྱད་པར་ཅན་དཀའ་ཐུབ་དང་བཅུད་ཀྱིས་ལེན་དམ་པ་དང་། སྟོན་གྱི་ཟླ་བ་ལ་སྟེར་སློངས་ཀྱི་སྲོལ་ཁ་མ་ནུབ་དུ་ཡོད་པ་རྣམས་ལ་བརྟེན་པས་སྲོག་འཚོ་བའི་ཕྱིར་མཐུན་རྐྱེན་གྱི་འབྱོར་བ་ཚང་བའི་དུས་འདི་ཉིད་དུ། ནམ་ཞིག་གཏན་གྱི་འདུན་མ་ད་རེས་ལ་རག་ལས་པས། ཐར་བའི་ལམ་སྣ་ཟིན་ནས་བདེ་ཆེན་གྱི་གླིང་དུ་བགྲོད་པར་བྱ་བའི་ཕྱིར། ཚེ་འདིའི་སྣང་བ་རྫས་དང་ཡོ་བྱད་འཁོར་འདབ་གཉེན་འདུན་ལ་སོགས་པ་ལ་མ་ཆགས་པར། སྒེག་མོའི་མགོ་ལ་མེ་ཤོར་བའམ། སྡར་མའི་པང་དུ་སྦྲུལ་ཞུགས་པ་ལྟར་རབ་ཏུ་འབད་པ་གཅེས་ཏེ། །པདྨ་དཀར་པོ་ལས། མི་ཁོམ་པ་བརྒྱད་སྤངས་ཏེ་དལ་བ་ཕུན་སུམ་ཚོགས་པ་ཐོབ་པ་ནི་རྒྱ་ལམ་དུ་ཟད་པ་ན། བག་ཡོད་པར་ལེགས་པར་བརྩོན་འགྲུས་བརྩམ་པར་གྱིས་ཤིག་ཕྱིས་འགྱོད་པ་གྱུར་ཏ་རེ། ཞེས་པ་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སངས་རྒྱས་འཇིག་རྟེན་ཕན་པ་དྲང་སྲོང་ཆེ། །བསྐལ་བ་བྱེ་བ་རྒྱ་ལམ་འབྱུང་བར་འགྱུར། །ད་ལྟར་དལ་བ་དམ་པ་རྙེད་པ་ལ། །གལ་ཏེ་ཐར་འདོད་བག་མེད་སྤང་བར་གྱིས། །ཞེས་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པའི་མདོ་ལས། དགེ་སློང་དག་དེ་ཐོབ་ནས་དེ་རྙེད་དེ་རྒྱལ་བའི་བསྟན་པ་ལས་རབ་ཏུ་བྱུང་བ་རྙེད་དཀའ་ན། ཅིའི་ཕྱིར་བརྩོན་འགྲུས་དང་། བརྟུལ་བ་བརྟན་པོས་བསྒྲུབ་པར་མི་བྱེད། རྒས་པ་དང་། ན་བ་དང་། འཆི་བ་ནི་མངོན་པར་འོང་ཞིང་། ཐུབ་པའི་བསྟན་པ་ཡང་ནུབ་པར་འགྱུར་ན། ཕྱིས་འགྱོད་པར་འགྱུར་ཏ་རེ། ཞེས་གསུངས་པ་ལྟར་དལ་འབྱོར་དཔེས་མཚོན་རྙེད་པར་དཀའ་བ་ཡང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། མཚོ་དབུས་གཡེང་བའི་གཉའ་ཤིང་བུ་ག་རུ། །རུས་སྦལ་མགྲིན་ཆུད་སྲིད་ཀྱི་ངན་སོང་ལས། །མིར་གྱུར་རྙེད་དཀའ་དེ་བཞིན་རྩིག་ངོས་ཀྱི། །ཞལ་ཞལ་ལོག་ལ་སྲན་མ་ཆགས་སྲིད་ཀྱི། །མིར་གྱུར་ན་ཡང་ཡུལ་དབུས་སྐྱེ་བ་དཀོན། །ཅེས་གསུངས་པ་ལྟར་རྒྱ་མཚོའི་གཏིང་ན་རུས་སྦལ་ཞར་བ་ཞིག་ལོ་བརྒྱ་བརྒྱ་ན་ཆུའི་སྟེང་དུ་འོང་བ་དེ་དང་། གཉའ་ཤིང་བུ་ག་གཅིག་པ་དེ་སྐད་ཅིག་ཀྱང་ས་གཅིག་ཏུ་མི་སྡོད་པར་རླུང་གིས་ཕྱོགས་བཅུར་བསྐྱོད་པ་དེ་གཉིས་འཕྲད་དེ་མགུལ་བ་བུ་ག་དེའི་ནང་དུ་ཆུད་པ་སྲིད་ཀྱི། ངན་སོང་ནང་དུ་སྐྱེ་བ་ལས་སླར་མི་ལུས་ཐོབ་པ་དེ་བས་ཀྱང་དཀོན་ཏེ། སྤྱོད་འཇུག་ལས། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལས། །མི་ཉིད་ཤིན་ཏུ་རྙེད་དཀའ་གསུངས། །ཞེས་སོ། །ཡང་འཁོར་བ་རྒྱུད་ནས་འཁོར་བ་ལས་ད་རེས་མི་ལུས་ཐོབ་པ་འདི་རྩིག་ངོས་ཀྱི་ཞལ་བ་འཇམ་པོ་ལ་སྲན་མ་གཏོར་བས་ཆགས་པ་ལས་ཀྱང་དཀའ་སྟེ། ཟླ་སྙིང་ཞུས་པ་ལས། མི་ཁོམ་པ་བརྒྱད་ལས་ལོག་ནས་མིར་གྱུར་པ་ཡང་རྙེད་པར་དཀའོ། །ཞེས་སོ། །དལ་འབྱོར་མི་ལུས་ཐོབ་པ་མང་ཡང་། དེའི་ནང་ན་དམ་པའི་ཆོས་ལ་ཞུགས་པ་རྙེད་པར་དཀའ་བ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོ་འབྱུང་དཀའ་བ་དང་མཚུངས་སོ། །རྟོགས་པ་བརྗོད་པའི་མདོ་ལས། ཆོས་དང་འཕྲད་ནས་རྣལ་འབྱོར་དུ་བྱེད་པ་ཡང་རྙེད་པར་དཀའོ། །ཞེས་སོ། །སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཨུ་དུམ་ཝཱ་རའི་མེ་ཏོག་བས་དཀོན་པར་བསམ་ལ་ཆོས་ལ་འཇུག་ཅིང་བརྩོན་དགོས་ཏེ། མྱ་ངན་ལས་འདས་པའི་མདོ་ལས། ཨུ་དུམ་ཝཱ་རའི་མེ་ཏོག་དེ་ནི་གནས་ཐམས་ཅད་དུ་མི་སྐྱེ་སྟེ། མཚོ་མ་དྲོས་པའི་བྱང་ཕྱོགས་རིའི་རྩེ་ན་དེའི་ཚལ་ཡོད་པ་དེར་སྐྱེ་ཞིང་དུས་ཐམས་ཅད་དུ་མི་སྐྱེ་སྟེ། ནམ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དེའི་ཚེ་སྐྱེའོ། །སྐྱེ་ནས་ཀྱང་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ཤིན་ཏུ་རྒྱས་པར་གྱུར་ལ། མྱ་ངན་ལས་འདའ་བའི་ཚེ་རྙིངས་ཤིང་ས་ལ་ལྷགས་པར་འགྱུར་རོ། །དེའི་ཕྱིར་སངས་རྒྱས་འབྱུང་བར་ཤིན་ཏུ་རྙེད་པར་དཀའོ། །སྡོང་པོ་བཀོད་པ་ལས། །འཇིག་རྟེན་འདྲེན་པ་འཇིག་རྟེན་ན། །བསྐལ་བ་བྱེ་བ་རྙེད་པར་དཀའ། །ཞེས་སོ། །ཆོས་ཐོས་པའི་དོན་ཚུལ་བཞིན་ཉམས་སུ་ལེན་པར་དཀའ་བ་ལ་སོགས་པ་ནི། མདོ་ལས། ཨུ་དུམ་ཝཱ་ར་འཇིག་རྟེན་འབྱུང་དཀའ་བ། །དེ་བས་ཆོས་ཞུགས་ཡང་དག་ལམ་འཕྲད་དཀོན། །ཁབ་མིག་རས་ཡུག་ཆུད་པ་དཀའ་བས་ཀྱང་། །ལམ་རྙེད་དེ་དག་ཚུལ་བཞིན་འགྲུབ་པར་དཀོན། །མཚོ་གླིང་དག་ལ་ཡིད་བཞིན་རྙེད་པས་ཀྱང་། །ཡང་དག་བླ་མ་རྙེད་པར་དཀའ་བས་ན། །དེ་དག་བསམ་ལ་བརྩོན་པས་སྒྲུབ་འཚལ་ལོ། །ཞེས་ཨུ་དུམ་ཝཱ་རའི་དཔེ་འདི་ནི་སྐབས་འདིར་བར་གྱི་གསལ་བྱེད་དུ་བལྟ་སྟེ། དོན་སྔ་མ་སངས་རྒྱས་འབྱུང་དཀའ་བ་ལ་ཡང་སྦྱོར་ལ། དོན་ཕྱི་མ་དམ་པའི་ཆོས་ལ་ཚུལ་བཞིན་བསྒྲུབ་པ་དང་ཞུགས་དཀའ་བ་ལ་ཡང་སྦྱར་རོ། །དེ་ཡང་ངས་ཆོས་ཞིག་བྱའོ་སྙམ་པའི་བསོད་ནམས་ཀྱི་བློ་སྐད་ཅིག་ཙམ་ཡང་སྐྱེ་བ་དཀའོ། །སྐྱེས་པ་དེ་ནི་སངས་རྒྱས་ཀྱི་ཐུགས་རྗེ་ཡིན་པར་ཤེས་པར་བྱ་སྟེ། དཔེར་ན་མཚན་མོ་མུན་པའི་ནང་དུ་གློག་འབྱུང་བ་དཀའ་བ་བཞིན་ནོ། །སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུ་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡི་རྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐེངས་འགའ་འབྱུང་། །ཞེས་གསུངས་པས་དེ་བས་ཀྱང་ཐེག་པ་ཆེ་ཆུང་གི་ཆོས་སྒོར་ཞུགས་པ་དཀོན་པ་ནི། ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་ནོ། །དེ་བས་ཀྱང་ཐར་བའི་ལམ་མ་ནོར་བ་དང་འཕྲད་པ་དཀོན་ཏེ། ཕལ་ཆེར་ལས་ཀྱི་སྒྲིབ་པ་དང་། བདུད་ཀྱིས་བསླུས་པའི་དབང་དུ་སོང་བས་ལམ་ལོག་པའམ་དམན་པར་ཞུགས་པ་མང་བའི་ཕྱིར་ཏེ། སྡོང་པོ་བཀོད་པ་ལས། ཡང་དག་པའི་ཆོས་དང་འཕྲད་པ་ཡང་ཤིན་ཏུ་རྙེད་པར་དཀའོ། །ཞེས་སོ། །དེ་བས་ཀྱང་ཐོས་པ་བཞིན་ཉམས་སུ་ལེན་པ་ལ་བརྩོན་པའི་ཚུལ་དཀོན་ཏེ། ཁབ་ཕྲ་མོའི་མིག་ཏུ་རས་ཡུག་ཤོང་བར་དཀའ་བས་ཀྱང་རྙེད་པར་དཀའོ། །སངས་རྒྱས་འགྲོ་བའི་མདོ་ལས། སྙིང་རྗེས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བསླབ་པ་ལ་གུས་པས་སྲོག་དང་བསྡོས་ཏེ་བསྲུང་བ་དང་། སྟོང་པ་ཉིད་ཀྱི་དོན་ལ་ཡིད་ཆེས་ཤིང་མོས་པ་དང་། དེ་དག་ལ་ནན་ཏན་གྱིས་སྤྱོད་པ་ཡང་ཤིན་ཏུ་དཀོན་ནོ། །ཞེས་སོ། །དེ་ཐམས་ཅད་ཕྱོགས་གཅིག་དུ་བཞག་པ་ལས་སྔར་སྨོས་པའི་མཚན་ཉིད་ཅན་གྱི་བླ་མ་དམ་པ་དང་མཇལ་ནས་སྙིང་པོའི་ཆོས་ཐོས་པ་ནི་དེད་དཔོན་མཚོ་གླིང་ནས་ནོར་བུ་རྙེད་པ་བས་ཀྱང་དཀའ་བས། རྟག་ཏུ་བསྟེན་པ་དང་། བཀའ་མི་བཅོགས་པ་དང་། གསུང་བཞིན་བསྒྲུབ་པ་དང་། མི་མཉེས་པ་སྐད་ཅིག་ཀྱང་མེད་པ་དང་། ཐབས་དང་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་མཉེས་པ་བསྒྲུབ་པ་ལ་འབད་པར་བྱའོ། །སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱི་དགེ་བའི་ཆོས་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་བསྟེན་ནས་འབྱུང་ངོ་། །དགེ་བའི་བཤེས་གཉེན་དེ་ནི་བསྐལ་བ་རྒྱ་མཚོ་ཐམས་ཅད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དག་གིས་རྙེད་ནས་ཆོས་ཐོབ་པར་འགྱུར་གྱི། གཞན་དུ་ན་ནོར་བུའི་མཆོག་རྙེད་པ་ལས་ཀྱང་འཕྲད་པ་ཤིན་ཏུ་དཀའོ། །དེའི་ཕྱིར་རྟག་ཏུ་གུས་པས་བསྙེན་བཀུར་བ་ལ་མི་སྐྱོ་བར་བྱའོ། །ཞེས་མཐུན་རྐྱེན་ཚོགས་པས་རང་གི་བློ་ཐར་བ་ལ་སྤྲོ་བ་ཡོད་པ་དེའི་ཚེ། འདི་སྐད་དུ་ཡང་ཡིད་བཞིན་མཛོད་ལས། དོན་མེད་བྱ་བ་དོར་ནས་སྒྲུབ་པ་ཡང་། །ཐར་བའི་རྒྱུར་གྱུར་དགེ་བ་མ་གཏོགས་པ། །གང་ཡང་དོར་ནས་ཆོས་ལ་བརྩོན་དགོས་ཏེ། །འཁྲུལ་བའི་བྱ་བ་དོན་མེད་སྡུག་བསྔལ་རྒྱུ། །འཆི་དུས་མི་ཕན་སྙིང་པོ་མེད་དེའི་ཕྱིར། །དུག་སྦྲུལ་གཟེབ་བཞིན་ངེས་པར་སྤང་འཚལ་ལོ། །ཞེས་གསུངས་པ་ལྟར་ཆོས་ཀྱི་བྱ་བ་དགེ་བ་མ་གཏོགས་པ་ཐམས་ཅད་ལིངས་ཀྱིས་སྤངས་ནས་དམ་པའི་ཆོས་བསྒྲུབ་པ་ལ་བརྩོན་དགོས་ཏེ། འཇིག་རྟེན་གྱི་བྱ་བ་གང་བྱས་ཀྱང་སྙིང་པོ་མེད་པ་འཆི་བའི་དུས་སུ་མི་ཕན་པ་སེམས་ཀྱི་གཟེར་རེ་རྒྱུན་མི་ཆད་པས་རང་བཞིན་རྣམས་དང་། དུག་སྦྲུལ་གྱི་གཟེབ་རྙེད་པའམ། རིམས་ནད་ཀྱིས་ཤི་བའི་གོས་རྙེད་པའམ། དུག་གི་སྦགས་པའི་ཟས་རྙེད་པ་ལྟར་དེའི་རང་བཞིན་ཚོར་མ་ཐག་ལ་ལིངས་ཀྱིས་འདོར་དགོས་ཏེ། འཇིག་རྟེན་གྱི་སྣང་བ་དག་ལ་ཕར་བལྟས་ན། ཐམས་ཅད་འཁྲུལ་བའི་ཡོ་ལང་ལ་སྤྱོད་པ་མཐོང་སྟེ། རང་གི་ལྟ་བའི་ཆོས་གོམས་པ་ལ་བསྐུལ་བ་ནི། འཁོར་བ་ལ་ཡིད་ངེས་པར་འབྱུང་བའི་ཆེད་དུ། ཡིད་བཞིན་མཛོད་ལས། འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམ་པ་ཕན་པར་མི་གདའ་བས། །རང་གི་སེམས་ལ་ལྟ་བས་གོམས་པར་གྱིས། །ཞེས་དང་ཆོས་མིན་གྱི་བྱ་བ་འདོར་ཚུལ་ནི། མྱ་ངན་ལས་འདས་པའི་མདོ་ལས། གང་ཡང་མི་དགེ་བའི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་འདོར་བ་ནི། རྗེ་རིགས་ལ་སོགས་པས་མི་གཙང་བ་ལ་འཛེམ་དགོས་པ་ལྟར་འདོར་དགོས་སོ། །མེ་དཔུང་ཆེན་པོ་རབ་ཏུ་འབར་བ་ལ་ལག་གིས་ལེན་པ་མི་འབྱུང་བ་ལྟར་འདོར་དགོས་སོ། །བྲམ་ཟེའི་རིགས་བ་གླང་གི་ཤ་མི་ཟ་བ་ལྟར་འདོར་དགོས་སོ། །ཟས་བཟང་པོས་འགྲངས་པའི་མིས་ཟས་ངན་པ་མི་འདོད་པ་ལྟར་འདོར་དགོས་སོ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིགས་ངན་དང་ལྷན་ཅིག་མི་ཕྲད་པ་ལྟར་འདོར་དགོས་སོ། །དགེ་སློང་གཙང་མས་མི་རོ་རུལ་བ་ལ་མི་རེག་པ་ལྟར་འདོར་དགོས་སོ། །ཞེས་སོ། །འཇིག་རྟེན་གྱི་བྱ་བ་ལ་བློ་མི་འཇུག་པར་ཆོས་ལ་བརྩོན་པར་གདམས་པ་ནི། ཡིད་བཞིན་མཛོད་ལས། ཚེ་འདིའི་སོ་ཚིས་གྲོགས་དང་གྲོས་འདུན་དང་། །ལོངས་སྤྱོད་ཕྱོགས་རིས་གྲུབ་མཐའ་ངན་པ་རྣམས། །དལ་འབྱོར་ཆུད་གསོན་ཕུང་ཁྲོལ་ལགས་པས་སྤང་། །ཞེས་སོ། །འཇིག་རྟེན་གྱི་བྱ་བ་ཅི་བྱས་ཀྱང་ཕྱི་མ་ཕན་ཆད་ཀྱི་དོན་ཆེན་པོ་མེད་ཅིང་འཁོར་བའི་འདམ་དུ་བྱིང་བ་ལས་མེད་པར་ཐག་བཅད་ནས་ཆོས་ལ་བརྩོན་དགོས་སོ། །དེ་ཡང་སོ་ནམ་ཡུན་གྱི་དོན་སྲིད་མེད་པ་ཡུལ་ཞིང་གི་སོ་ཚིས། གྲོགས་ཡུན་གྱི་དོན་སྲིད་མེད་པ་ཁྱོ་ཤུག་དང་ཉེ་འབྲེལ། ལོངས་སྤྱོད་ཡུན་གྱི་དོན་སྲིད་མེད་པ་ཟས་ནོར་གྱི་གཉེར་བ། གྲོས་མདུན་ཡུན་གྱི་དོན་སྲིད་མེད་པ་ཚེ་འདིའི་ཆེ་ཐབས། འཁྲུག་པ་ཡུན་གྱི་དོན་སྲིད་མེད་པ་དགྲ་གཉེན་གྱི་ཕྱོགས་རིས། གྲུབ་མཐའ་ཡུན་གྱི་དོན་སྲིད་མེད་པ་མཐར་འཛིན་ལྟ་བ་རྣམས་སྤངས་ལ། དལ་འབྱོར་ཆུད་མི་ཟོན་པར་སྙིང་ནས་དམ་པའི་ཆོས་ལ་བརྩོན་པར་བྱའོ། །དེ་ཡང་ཁྱིམ་གཉིས་ན་གནས་པ་ནི་བྲེལ་བ་མང་ཞིང་། ཆོས་ལས་ཉམས་པའི་གཞི་ཡིན་པས་ཡུན་གྱི་དོན་སྲིད་མི་འགྲུབ་སྟེ། ཐོག་མ་འཇིག་རྟེན་པའི་ཁྱིམ་ན་དགྲ་གཉེན་གྱི་ཕྱོགས་རིས། བུ་ཚ་དང་ཁྱིམ་ཐབ་ཀྱི་གཉེར་བ། ཁྲེལ་དང་གཅོར་བའི་སེམས་ལས། ནང་ནུབ་ལྟོ་གོས་ཀྱི་ཁོལ་པོ། གང་བྱས་ཀྱང་མ་ཟིན། ཅི་བྱུང་ཡང་མི་འདོད། ཇི་ལྟར་བྱས་ཀྱང་མི་མགུ། ཉིན་མི་དལ་མཚན་མི་གཉིད་པར་བྱས་ཀྱང་བྲེལ་ཏོ་ལ་ཟིན་པའི་དུས་མེད། ཆོས་ལ་སེམས་པའི་བློ་དཀོན། གང་བྱས་ཀྱང་སྡིག་པ་དང་འདྲེས་པའི་གཞི་ཆེ། ཁྱིམ་མཚེས་ཆགས་སྡང་གི་མེ་དཔུང་དབལ་ཚ། བུ་ཚ་ལན་ཆགས་ཀྱི་གདོས་ཐག་ཤུགས་དྲགས། ཅི་བྱས་སྡུག་བསྔལ་གྱིས་བསྣོན་པ་ཁུར་ཆེ། རང་སྡུག་བསྔལ་བ་བས་གཞན་ཕུན་སུམ་ཚོགས་པ་ལ་མི་བཟོད་པར་གྲངས་མང་བའི་ཕྱིར་ཆོས་དང་རིང་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་ཞུས་པའི་མདོ་ལས། ཁྱིམ་ན་ཉོན་མོངས་གནས་པ་སྟེ། །དཀར་པོའི་ཆོས་རྣམས་འཇིག་པར་བྱེད། །ཅེས་སོ། །ཁྱིམ་གཉིས་པ་རབ་དུ་བྱུང་བས་བཟུང་བ་ཡང་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ། ཁྱིམ་ཆུང་སྤང་པའི་ཁྱིམ་ཆེན། ཚོང་དང་སོ་ནམ་གྱིས་གཉེར་བ། རྟ་བོང་ཁལ་ཕྱུགས་ཀྱི་བྲན་གཡོག ནོར་རྫས་སྐྱེད་འཕེལ་གྱི་བྲེལ་དོ། །རྒས་ཁ་ཚེ་གཞུག་གི་སོ་ཚིས། ཉེ་དུ་འབྲེལ་བའི་གྲོས་འདུན། འདོད་ཡོན་སྲེད་པའི་ཞེན་ཆགས། བཟའ་བཏུང་ལོངས་སྤྱོད་ཀྱི་སྐྱིད་འདོད། གནས་དང་མཁར་ལས་ཀྱི་བྱ་བཞག ཟིན་མེད་བྲེལ་དོའི་རྣམ་གཡེང་། ཉིན་མཚན་ཆགས་སྡང་གི་འཁོར་ཡུག གོང་འོག་སེམས་འཛིན་གྱི་ཁུར་ལས། ལོ་འདོད་འཇིག་རྟེན་ཀྱི་སྣང་ཤེས། ཐོས་བསམ་གཟུགས་བརྙན་གྱི་ཁ་ཆོས། ཆགས་སྡང་འགྲན་སེམས་ཀྱི་མེ་དཔུང་། རྟག་ཏུ་ཟུག་རྔུའི་ཚེར་མ། ཅི་བྱས་ཚེ་འདིའི་བྱ་བ། རྟག་ཏུ་རེ་བའི་སོ་ཚིས། སློབ་དཔོན་དད་མེད་ཀྱི་འཆད་རེས། གྲོགས་མཆེད་འགྲན་སེམས་ཀྱི་ཕྲག་དོག དྲག་ཤོས་ཆོས་བརྒྱད་ཀྱི་རི་བོ། ཞན་ཤོས་ཐོས་མེད་ཀྱི་ཀུན་སྤྱོད། ཆོས་དང་རང་རྒྱུད་འཛོལ་བའི་ཉེས་པ་ཤུན་ཏུ་མང་བས་ཐར་བ་དམ་པ་ལྷ་ཆོས་རབ་ཏུ་དཀའ་སྟེ། འདུལ་བ་ལུང་ལས། ཁྱིམ་དོན་ཆེ་ཆུང་སྤངས་ནས་ཐོག་མར་རབ་བྱུང་དཀའ། ཞེས་པ་དང་། གང་ཞིག་རབ་ཏུ་བྱུང་ཡང་ཡོན་ཏན་སྣོད་མ་གྱུར། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །རབ་བྱུང་དེ་ནི་རབ་བྱུང་མ་ཡིན་ཁྱིམ་པའང་མིན། །ཆུ་མེད་ཁྲོམ་པ་རི་མོའི་མར་མེ་བཞིན། །ཞེས་པ་དང་། སྔ་མ་ལས། ཁྱིམ་ནས་གནས་པ་འདོད་པ་ཡི། །མི་ངོམས་བཞིན་དུ་འཆི་བར་འགྱུར། །ཞེས་སོ། །དེ་ན་ཆོས་ཚུལ་བཞིན་དུ་བྱེད་ནས་འཇིག་རྟེན་གྱི་སྣང་བ་ལས་བཟློག་པ་གལ་ཆེའོ། །དྲན་ཤེས་བཞིན་གྱིས་བཟུང་ནས་ཡེངས་མེད་དུ་བཞེངས་བསྐུལ་གདབ་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་པས། །དལ་འབྱོར་བསམ་སྟེ་ཐར་བའི་བྱང་ཆུབ་བསྒྲུབ། །ཞེས་དེ་ལྟར་རྙེད་དཀའི་དལ་འབྱོར་ཐོབ་ནས་ད་རེས་ཐར་བའི་ལམ་སྣ་མ་ཟིན་ན། གསེར་གླིང་དུ་ཕྱིན་ནས་སྟོང་པར་ལོག་པ་བས་ཀྱང་མདོ་ཆུང་བས་ཟབ་མོ་ཆོས་ཤིག་བསྒྲུབས་ཏེ་ལམ་སྣ་ཅི་ཟིན་བྱ། སྤྱོད་ལམ་དུས་དྲུག་ཐམས་ཅད་དུ་འདྲིས་པས་དངོས་པོ་མི་བརྗེད་པའི་དྲན་པ་དང་། དོན་ཡོད་མེད་ཀྱི་བྱ་བ་ངོས་ཟིན་པས་ཤེས་བཞིན་གྱི་བྱ་རས་ཟིན་པར་བྱས་ཏེ། ཚོགས་དྲུག་ཡུལ་ལ་མ་ཡེང་པར་རང་གིས་རང་ལ་བསྐུལ་བ་ནི། དཔེར་ན་གྲུ་ཡོད་དུས་ཆུ་ལས་མ་སྒྲོལ་ན། དེ་ནས་མི་སྒྲོལ་བས་དེ་དུས་ཅི་སྒྲོལ་བྱེད་པ་ལྟར། དལ་འབྱོར་གྱི་གྲུ་རྙེད་དུས་འབད་དགོས་ཏེ། སྤྱོད་འཇུག་ལས། གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པའི་དུས་སུ་གཉིད་མ་ལོག །ཅེས་སོ། །དེ་བཞིན་དུ་ཅང་ཤེས་ཀྱི་རྟ་མཆོག་ཡོད་དུས་སུ་ཤུལ་རིང་གི་ལམ་བགྲོད་དགོས་པ་དང་། དྲོད་གཤེར་དང་ཆུ་ལུད་འཛོམ་དུས་སུ་ས་བོན་ཅི་ཐེབས་བྱེད་པ་དང་། དཔའ་བོ་དཔུང་ཚོགས་ཡོད་དུས་སུ་དགྲ་འདུལ་བ་དང་། གསེར་དངུལ་གྱི་གཏེར་ཁ་རྡོལ་དུས་སུ་ཐབས་ཅི་ལོན་བྱེད་པ་དང་། སྟོན་ཁའི་ལོ་ཏོག་སྨིན་དུས་སུ་ཅི་འདུས་བྱེད་པ་དང་། འཇིགས་སར་སྐྱེལ་མ་ཡོད་དུས་སུ་ཅི་སྒྲོལ་བྱེད་པ་དང་། གཡར་པོའི་ཀ་ཆ་ཡོད་དུས་སུ་བརྩོན་པ་ཆེར་བསྐྱེད་པ་དང་། བྲན་གཡོག་གི་བྱ་བཞག་བྱེད་དུས་སུ་ལས་བསྒྲུབས་པ་ལྟར། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་དུས་འདིར་དལ་ཁོམ་མེད་པར་ཆོས་ལ་བརྩོན་པར་བྱ་དགོས་ཏེ། མི་རྟག་པ་མྱུར་དུ་འོང་བའི་ཕྱིར་རོ། །འདི་ལ་བསམ་ན་གཉིད་ལོག་པ་དང་། དབུགས་འབྱུང་རྔུབ་ཙམ་ཡང་ཁོམ་གླགས་མེད་པར་ཆོས་ལ་བརྩོན་པར་རིགས་ཏེ། དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ལྟའི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་དབྱུང་གཉིད་ཀྱི་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར་རོ། །དོན་ཅན་གྱི་ལས་ལ་བརྩོན་པར་འོས་བའི་ཚུལ་བསྟན་པ་ནི་འདི་སྐད་དུ། ཡིད་བཞིན་མཛོད་ལས། །འགྲོ་ཉལ་འདུག་དང་ཟས་ལ་སོགས་པ་ནའང། །ལེ་ལོ་ལ་སོགས་སྐྱོན་དྲུག་རྣམས་སྤངས་ནས། །མངོན་མཐོ་ངེས་ལེགས་དོན་ཆེན་བསྒྲུབ་པ་ན། །བཀྲེས་པས་ཟས་མཐོང་ལ་སོགས་དཔེས་འཇུག་སྟེ། །ཉིན་མཚན་ཀུན་ཏུ་དགེ་ལ་བརྩོན་པར་བྱ། ཞེས་འགྲོ་བ་དང་། ལྡང་བ་དང་། འཆགས་པ་དང་། ཉལ་བ་དང་། སད་པ་དང་། ཁ་ཟས་ཟ་བ་དང་། ཕྱི་ཡུལ་གྱི་སྣང་བ་དགག་སྒྲུབ་འཁྲུལ་བ་མཐོང་བ་དང་། གཏམ་སྨྲ་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ་ལེ་ལོ་དང་། སྙོམ་ལས་དང་། བཏང་སྙོམས་དང་། གཡེང་བ་དང་། འདུ་འཛི་དང་། ལུས་ངག་ཡིད་གསུམ་མ་ཞི་བའི་ཆ་ལུང་མ་བསྟན་དང་བཅས་པ་རྣམས་བསྡམས་ཏེ། ང་ཐེག་པ་ཆེན་པོ་དམ་པའི་ཆོས་ལ་ཞུགས་པ་ཡིན་གྱི་ཐ་མལ་པ་འདི་དག་དང་མི་མཚུངས་ཏེ་སེམས་ཤིན་ཏུ་བསྲུང་དགོས་པའོ། །ད་ཅི་ནས་མི་དགེ་བ་འདི་ལྟ་བུ་ཞིག་བྱུང་ངམ་སྙམ་དུ་སེར་བཏབ་ལ། བྱུང་འདུག་ན་བཤགས་བསྡོམ་བྱ། མ་བྱུང་ན་དགའ་བ་བསྒོམ་མོ། །དེ་ལྟར་ཡིད་ལ་བྱེད་པ་དེས་མཚན་བཅས་མཚན་མེད་ཀྱི་དགེ་སྦྱོར་ལ་སྐབས་སུ་གང་བབ་ལས་གདམ་ཀ་མེད་པར་བྱ་བའི་དཔེ་ནི། བཀྲེས་པའི་མིས་ཟས་བཟང་ངན་གང་བྱུང་ཟ་བའམ། སྐམ་པས་གདུང་བ་སྐོམ་གང་རྙེད་འཐུང་བའམ། དབུལ་པོས་ནོར་རྫས་གང་རྙེད་འཆང་བའམ། སྨན་པ་མཁས་པས་སྨན་གང་རྙེད་བསགས་པའམ། རྨོངས་པོའི་མི་བུ་ཚ་གང་བྱུང་གཅེས་པར་གསོ་བའམ། ཉེན་པའི་མི་སྐྱབས་གང་རྙེད་འཚོལ་བ་ལྟར། དགེ་སྦྱོར་གང་ལ་ཡང་བརྩོན་པས་འཇུག་པར་བྱའོ། །འདི་ནི་མཚན་བཅས་ཏེ། བདག་ནི་སྒོམ་ཆེན་པ་ཡིན་པས་མི་རུང་ངོ་། །ཆོས་ལ་བྱར་མེད་དོ་ཞེས་སོས་དལ་གྱིས་དུས་མི་འདའ་ཞིང་། རྟག་ཏུ་ཉལ་བ་ལ་མི་དགའ་བས། ཕྱག་བསྐོར་བ། མདོ་ཁ་ཏོན་སྔགས་ཏིང་འཛིན། དཀོན་མཆོག་མཆོད་པ་ལ་སོགས་པ་ལ་བརྩོན་པར་བྱ་སྟེ། ཁྱེའུ་སྣང་བྱེད་ཀྱིས་ཞུས་པའི་མདོ་ལས། འཇིག་རྟེན་ཁམས་ན་བདེ་ཞིང་སྐྱིད་པ་ཀུན། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་བྱ། །ཞེས་ཐ་ན་ཆུ་ཕོར་བ་རེ་ནང་མ་རེ་ལ་འབུལ་བས་ཀྱང་མཆོད་པར་བྱའོ། །དཀོན་མཆོག་ཕྱི་ནའང་བཞུགས་པ་ལ་ཡིད་ཆེས་པར་བྱའོ། །དེའང་དགེ་སྦྱོར་གྱི་རྣམ་གྲངས་མི་འདྲ་བ་ཆོས་སྤྱོད་བཅུ་ལ་སོགས་པའམ། བྱེད་པའི་དུས་མི་འདྲ་བ་སྐད་ཅིག་ཐང་གཅིག་ལོ་ཟླ་བ་ལ་སོགས་པའམ། བྱ་རྒྱུ་ངོ་བོ་མི་འདྲ་བ་མཚན་བཅས་དང་མཚན་མེད་དམ། བྱེད་པའི་ཐབས་མི་འདྲ་བ་དཀའ་སླ་དུ་མའམ། བྱ་བའི་གནས་མི་འདྲ་བ་དབེན་པ་དང་། མི་དབེན་པ་ཐམས་ཅད་དུ་དགེ་སྦྱོར་ལ་གདམ་ཀ་དང་། ཆོག་ཤེས་དང་། བཟང་ངན་མེད་པར་ཉམས་སུ་བླང་བར་བྱའོ། །ཕྱུག་པོ་ལ་གང་ཡང་ནོར་དུ་རུང་བ་ལྟར། རྣལ་འབྱོར་པ་ལ་གང་ཡང་ཆོས་སུ་འགྱུར་བས་བརྩོན་པར་བྱའོ། །མཚན་བཅས་མཚན་མེད་ཀྱང་རང་གི་བློ་ལ་རག་ལས་པས། བློ་ཨ་འཐས་ཀྱིས་སྟོང་ཉིད་བསྒོམས་ཀྱང་སྟོང་ཉིད་ཀྱི་མཚན་མས་འཆིངས་ལ། བློ་ཡངས་ཆེན་གྱིས་ཕྱག་མཆོད་བྱས་ཀྱང་གཞི་མེད་སྒྱུ་མའི་རང་བཞིན་དུ་རྟོགས་པས་ཆོས་ཉིད་ཀྱི་གྲོགས་སུ་འགྱུར་བའི་ཕྱིར། རྟག་ཏུ་དགེ་བས་དུས་འདའ་བར་བྱའོ། །ད་ནི་དལ་འབྱོར་རྙེད་དཀའ་བ་བསམ་པ་ལས་བྱུང་བས་འདི་སྐད་དུ་ཡང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ཡི་ཕན་ཡོན་ཚེ་འདི་བློས་ཐོངས་ཤིག །ཕྱི་མའི་དོན་གཉེར་བརྩོན་འགྲུས་མེ་བཞིན་འབར། །དལ་ཁོམ་མེད་པར་དགེ་བས་དུས་འདའ་ཞིང་། །མྱུར་དུ་སྲིད་གསུམ་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་དེ་ལྟར་ཉིན་མཚན་དུ་དལ་འབྱོར་རྙེད་དཀའ་བ་བསམ་པ་དེའི་ཕན་ཡོན་ཚད་མེད་ཀྱང་བསྡུ་ན། ཚེ་འདིའི་བྱ་བ་ཐམས་ཅད་དོན་མེད་དུ་འདུ་ཤེས་ནས་མི་འཇུག་པ། ཕྱི་མའི་འདོད་དོན་དང་དུ་ལེན་པས་ཅི་བྱས་ལས་འབྲས་དང་མི་འགལ་བར་སྤྱོད་པ། དལ་ཁོམ་རེས་འཇོག་མེད་པར་བརྩོན་འགྲུས་མེ་བཞིན་འབར་བས་ཐོས་བསམ་སྒོམ་པའི་དོན་ལ་བརྩོན་པ། སྡིག་པའི་གྲོགས་པོ་སྤངས་ནས་རྟག་ཏུ་དགེ་བ་ལ་སྤྱོད་པས་རང་ཉིད་དམ་པར་གནས་པ། འཁོར་བའི་འདུན་པ་བོར་ནས་དལ་བ་ཆུད་མི་གསོན་པས་འཆི་དུས་སྤྲོ་དགའ་དང་བཅས་པ། སེར་སྣའི་མདུད་པ་གྲོལ་བས་སྦྱིན་པའི་ལམ་བརྒྱགས་སོགས་ནས་གར་སྐྱེ་དབུལ་ཕོངས་དང་བྲལ་བ། རྟག་ཏུ་ཆོག་ཤེས་ཡོད་པས་ནོར་རྫས་ལ་ཞེན་པ་མེད་ཅིང་། སྒོ་གསུམ་ཆོས་དང་མཐུན་པ། གང་ཡང་སྙིང་པོ་མེད་པས་བྱས་པ་དོན་མེད་དུ་རྟོགས་ཏེ་ཆགས་ཞེན་གྱི་འཁྲི་བ་ཆོད་པ། ཐམས་ཅད་འགྲོ་བར་ཤེས་པས་འཐབ་རྩོད་ཀྱི་ཟུག་རྔུ་མེད་ཅིང་ངང་རྒྱུད་ཁོང་ནས་དགེ་བ། ཅི་བྱས་དགོས་མེད་དུ་མཐོང་བས་མཐུན་འཇུག་གི་རྩིག་པ་འགྱེལ་ཞིང་། ཆོས་བརྒྱད་ཀྱི་རི་བོ་ཞིག་པ། ཐར་བའི་ལམ་སྣ་ཟིན་པས་དམ་ཆོས་ཚུལ་བཞིན་དུ་བསྒྲུབ་ཅིང་མྱུར་དུ་སངས་རྒྱས་འགྲུབ་པའོ། །གཉིས་པ་དཔེ་མི་རྟག་པར་བསམ་པའི་ཆོས་ལ་བསྐུལ་བ་ནི། ཇི་ལྟར་བཤད་པའི་ཚུལ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ལྟར་རྙེད་དཀའ་དལ་བ་རྙེད་གྱུར་ཀྱང་། །སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་ཏེ། །སྲིད་གསུམ་སྒྱུ་མའི་རང་བཞིན་བསླུ་བར་འགྱུར། །ཞེས་གསུངས་པས། སྔོན་ལེགས་པར་སྤྱད་པའི་དབང་གིས་ཐོབ་པའི་དལ་འབྱོར་འདི་ཡང་རྒྱ་ལམ་རེས་འགའ་ཞིག་ལ། དེ་ཐོབ་ཀྱང་ཡིད་བརྟན་མི་རུང་བས་མྱུར་དུ་འཆི་བ་ལས་མ་འདས་ཏེ། མི་རྟག་པའི་གཏམ་ལས། འདི་ལྟར་སྐྱེས་པ་ཐམས་ཅད་ཀྱི། །མདུན་ན་གནས་པ་འཆི་བ་སྟེ། །བདག་ཀྱང་དེ་ལས་མ་འདས་པས། །དེ་རིང་ཉིད་དུ་ཆོས་མཛོད་ཅིག །ཅེས་ཁམས་གསུམ་རིགས་དྲུག་གང་དུ་སྐྱེས་ཀྱང་ཐམས་ཅད་སྐྱེ་ཤིའི་ཆུ་བོར་བྱིང་བ། སྡུག་བསྔལ་གྱི་རྦ་རྒལ་ཆེ་བ། མི་རྟག་པའི་སྲིན་པོས་བཟུང་བ་སྟེ། རྒྱ་ཆེར་རོལ་བ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བ་གཡོ་བ་ཆུ་ཡི་ཟླ་བ་བཞིན། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབ་ཆུ་འདྲ། །འདུ་ཤེས་རྣམས་ནི་གར་ལ་ལྟ་དང་མཚུངས། །ཞེས་སོ། །ད་ནི་མི་རྟག་པའི་རང་བཞིན་རྒྱས་པར་བསྟན་པ་ལས། །གང་མི་རྟག་པའི་ངོ་བོ་ངོས་བཟུང་བ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འདི་ལྟར་གླིང་བཞི་འབྱོར་བས་བརྒྱན་པ་ཡི། །སྣོད་གྱི་འཇིག་རྟེན་མི་རྟག་འཇིག་པའི་དཔེས། །ལྦུ་བ་རྡོས་འདྲའི་ལུས་ཀྱང་ཤེས་པར་གྱིས། །ཞེས་རེ་ཞིག་རགས་པར་སྣང་བའི་རྣམ་པ་སྣ་ཚོགས་སྣོད་ཀྱི་འཇིག་རྟེན་ཏེ། སྤྱིར་ནམ་མཁའི་མཐའ་དང་མཉམ། བྱེ་བྲག་ཏུ་རི་རབ་གླིང་བཞི་དང་བཅས་པའི་འབྱོར་བས་བརྒྱན་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྣང་བ་འདི་ཡང་། ཕྲ་བ་སྐད་ཅིག་གིས་མི་རྟག་པས་བསྐལ་བའི་ཡ་མཐའ་ནས་མར་འགྲིབ་པས་དུས་འགྱུར། རགས་པར་སྣང་བ་འདི་ཡང་མཐར་མི་སྣང་ཞིང་ནམ་མཁའ་གཅིག་དུ་འགྱུར་བའི་སྐབས་ཡོད་ན། ཞིང་ཁང་གཞིས། རྫས་ཡོ་བྱད། ཉེ་དུ་འབྲེལ་བ། རྣམ་སྨིན་ཤ་ཁྲག་གི་ལུས་ལྦུ་བ་སྤུངས་པ་དང་འདྲ་བ་དང་བཅོས་པ་འདི་ཅིའི་ཕྱིར་མི་འཇིག་སྙམ་དུ་སྙིང་ནས་ངེས་པར་བསམ་དགོས་ཏེ། མྱ་ངན་ལས་འདས་པ་ཆུང་ངུའི་མདོ་ལས། འདུས་བྱས་རྟག་པར་འགྱུར་བ་ཡི། །གནས་ནི་རྙེད་པར་མི་འགྱུར་རོ། །ཞེས་པ་དང་། ཏིང་འཛིན་རྒྱལ་པོའི་མདོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང་། །བྱུང་ནས་ཞིག་སྟེ་འཇིག་རྟེན་ཁམས་འདི་མེད། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གླིང་བཞིས་བརྒྱན་པའི་རིན་ཆེན་ཕོ་བྲང་ན། །རྣམ་བཀྲ་ཡུལ་གྱི་སྣང་བ་བཀོད་ལེགས་ཀྱང་། །རྡུལ་ཕྲན་ཆ་ཤས་མེད་པར་ཞིག་གྱུར་ནས། །ཅི་ཡང་མེད་པའི་རང་བཞིན་གྱུར་ལ་ལྟོས། །ཉེ་བར་ལེན་པའི་ལུས་དང་ལོངས་སྤྱོད་དང་། །ཚེ་འདིའི་སྣང་བ་མ་ལུས་ཐམས་ཅད་ཀུན། །མི་རྟག་སྒྱུ་མའི་རང་བཞིན་བསླུ་བར་འགྱུར། །གང་ལ་བསམས་ཀྱང་སྙིང་པོ་འགའ་མེད་ལ། །ཅི་ལ་བསམས་ཀྱང་ཕན་པར་མི་འགྱུར་བས། །ངེས་འབྱུང་སྐྱོ་ཤས་བློ་སྣ་བསྟུང་མཛོད་ལ། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཀྱི། །ཞེས་སོ། །དེས་ན་འདི་ལྟར་སྣང་བའི་ཡུལ་ལ་ཕར་ལྟོས་ཤིག་དང་། བསགས་པ་ཐམས་ཅད་མི་རྟག་སྟེ་འཛད་པར་འགྱུར། མཐོ་བར་སྣང་བ་མི་རྟག་སྟེ་དམའ་བར་འགྱུར། དར་བ་ཐམས་ཅད་མི་རྟག་སྟེ་རྒུད་པར་འགྱུར། འདུས་པ་ཐམས་ཅད་མི་རྟག་སྟེ་འབྲལ་བར་འགྱུར། བཟང་པོ་ཐམས་ཅད་མི་རྟག་སྟེ་ངན་པར་འགྱུར། གསོན་པོ་ཐམས་ཅད་མི་རྟག་སྟེ་འཆི་བར་འགྱུར་བའི་ཚུལ་ལ་བསམ་ལ་རང་གི་ལུས་ལོངས་སྤྱོད་སྣང་བ་ཐམས་ཅད་མི་རྟག་པར་ནང་དུ་སྦྱར་ཏེ། འདུལ་བ་ལུང་ལས། བསགས་པ་ཀུན་གྱི་མཐའ་མཛད་ཅིང་། །འཐོན་པོ་རྣམས་ཀྱི་མཐའ་ལྷུང་འགྱུར། །སྐྱེ་བའི་མཐའ་ནི་འཆི་བ་སྟེ། །འདུས་པའི་མཐའ་ནི་འབྲལ་བ་ཡིན། །ཞེས་སོ། །རྒྱ་ཆེར་རོལ་བ་ལས། །འདུས་བྱས་ཐམས་ཅད་འཇིག་པའི་ཆོས་ཅན་ཏེ། །དབྱར་གྱི་ཞལ་ཞལ་ཇི་ལྟར་གོམས་པ་འམ། །ཆུ་ངོགས་བྱེ་མ་ཡོད་པ་འདྲ་བ་སྟེ། །རྐྱེན་ལ་རག་ལས་འགྱུར་བས་ཉམ་ཆུང་ཉིད། །ཅེས་སོ། །དེས་ན་འཁྲུལ་སྣང་ལ་བདེན་པར་འཛིན་པའི་བློ་ནོར་བས། གང་སྣང་ཡང་མི་རྟག་ཅིང་སྙིང་པོ་མེད་པའི་འདུ་ཤེས་ཉེ་བར་བཞག་གོ །གཡོ་བ་བཅུད་ཀྱི་སེམས་ཅན་མི་རྟག་པས་སྐྱོ་ཤས་བསྐྱེད་པར་གདམས་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ད་ལྟའི་ས་སྟེང་འགྲོ་བ་འདི་ཀུན་ཀྱང་། །ལོ་བརྒྱའི་ནང་དུ་ངེས་པར་མེད་པར་འགྱུར། །སྐྱེ་བ་ཐམས་ཅད་རིམ་བཞིན་འཆི་བས་ཀྱང་། །བདག་གི་ཚེ་འགྲོ་འཆི་བར་འགྱུར་བ་སོམས། །ཞེས་དེ་ལྟར་འཛམ་བུ་གླིང་དུ་ཚེ་ལོ་མ་ངེས། དེའི་ནང་ནས་ཀྱང་ད་ལྟ་ལྔ་བཅུ་ཁ་རལ་ལ་སོང་བས་ཚེ་ཐུང་བ་སྟེ། ད་ལྟ་ས་སྟེང་ན་ཡོད་པའི་མི་དང་དུད་འགྲོ་ལ་སོགས་པར་སྣང་བའི་འགྲོ་བ་འདི་དག ད་ལྟའི་ལོ་བརྒྱའི་ནང་ནས་ཐམས་ཅད་ཀྱང་མ་ལུས་པར་འཆི་ངེས་ན། བདག་རྟག་འཛིན་གྱི་སེམས་བོར་ལ་སྙིང་ནས་དམ་པའི་ཆོས་ལ་བརྩོན་དགོས་སོ། །ཡང་ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་རང་རང་གི་ལས་ཀྱིས་ལུས་བླངས་ནས། ཆེ་བ་དང་། ཆུང་བ་དང། བདེ་བ་དང་། སྡུག་བསྔལ་བ་དང་། དགེ་བ་དང་། མི་དགེ་བ་དང་། འབྱོར་བ་དང་། རྒུད་པ་དང་། མཐོ་བ་དང་། དམའ་བ་ལ་སོགས་པར་བཟང་ངན་དུ་སྣང་བ་ཐམས་ཅད་ཚེ་རིང་བ་བསྐལ་བར་ཐུབ་ཀྱང་མཐར་འཆི། ཐུང་བ་སྐད་ཅིག་ལས་མེད་ཀྱང་མཐར་འཆི། བར་མ་ལོ་ཟླ་ཞག་ལ་སོགས་པ་ཐུབ་ཀྱང་མཐར་འཆི་སྟེ། མྱ་ངན་ལས་འདས་པའི་མདོ་ལས། འཇིག་རྟེན་བཅས་པ་ཐམས་ཅད་ནི། །སྐྱེ་བ་ཡོད་ན་འཆི་བ་ཡོད། །འདུས་པ་ཡོད་ན་འབྲལ་བ་ཡོད། །ཚེ་ལོ་གྲངས་མེད་ཐུབ་པ་ཡང་། །ཐ་མ་ཟད་པར་ཤེས་པར་བྱ། །ཞེས་སོ། །དེ་ལྟར་སེམས་ཅན་ཐམས་ཅད་མི་རྟག་ཅིང་འཕོ་བ་ལ་བདག་གཅིག་པུར་རྟག་པར་རེ་བ་འདུ་ཤེས་སྟོར་བ་ཡིན་པས་འཆི་ངེས་སྙམ་དུ་བསམས་ནས་གང་ལའང་ཡིད་བརྟན་མེད་པས་མ་ཆགས་པའི་འདུ་ཤེས་སྒོམ་སྟེ། འདའ་ཀ་ཡེ་ཤེས་ལས། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་ཡིན་པས་དངོས་པོ་ཅི་ལའང་མི་ཆགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་སོ། །དཔེ་དུ་མ་ལ་བསམས་ཏེ་མི་རྟག་པར་བསྟན་པ་ནི། སྔ་མ་ལས། ཚོང་འདུས་བཞི་མདོ་མགྲོན་ཁང་གནས་རྣམས་སུ། ཕྱོགས་ཀྱི་སྐྱེ་བོ་འདུས་ཤིང་གྱེས་པའི་དཔེས། འདུས་པ་འབྲལ་བ་ངེས་པར་སྙིང་ནས་བསམ། ཞེས་ཉོ་ཚོང་གིས་ཕྱིར་མང་པོ་འདུས་པའི་ས་དང་། ལམ་གྱི་བཞི་མདོ་དང་། མགྲོན་ཁང་རྣམས་སུ་སྐྱེ་བོ་མང་པོ་འདུས་པ་ཐམས་ཅད་དར་ཅིག་རྟག་རྟག་འདྲ་ཡང་། མྱུར་དུ་ཕྱོགས་ཕྱོགས་སོ་སོར་གྱེས་པ་བཞིན་དུ་ད་ལྟ་བདག་དང་དགྲ་གཉེན་དང་། བར་མའི་སེམས་ཅན་རྣམས་གནས་གཅིག་ཏུ་འདུས་སམ། འདུས་པ་མཐོང་བ་དེ་ཐམས་ཅད་མི་རྟག་པར་བསམ་ལ། རང་གི་ཕ་མ་གཉེན་འདུན་མཁན་སློབ་གྲོགས་མཆེད་ཕལ་བ་སྟེ། གང་དུ་ལྷན་ཅིག་ཚོགས་ཀྱང་རུང་། དེར་ཡོད་རིང་ལ་གཅིག་གིས་གཅིག་ལ་མི་འཐབ། མི་འཚེ་། ངན་མི་སྨྲ། གཤེ་སྐུར་མི་གདབ་སྟེ། འབྲལ་བ་ན་འགྱོད་པ་མི་སྐྱེ་བ་ཡིན་ནོ། །ཐ་ན་གྲུ་གཅིག་ཏུ་ཞུགས་ཀྱང་འབྲལ་བའི་བློ་བཞག་ནས་མི་འཐབ་ཅིང་། ཡིད་དགའ་བར་བྱའོ། །གཞན་ལྟ་ཞོག་རང་གིའང་ཚེ་སྟོད་ཁང་བ་གཅིག་ཏུ་འདུས་པའི་ཕ་མ་དང་། བཟའ་ཚང་དང་། ཕྱུགས་ལུག་དང་། སྒོ་ཁྱི་དང་། སྤྱད་ཆ་རྣམས་ལ་སོམས་དང་། དེའི་དུས་ན་རྟག་རྟག་འདྲ་བས། བདག་ཏུ་འཛིན་ཞིང་། འཐབ་རྩོད་དང་། དགག་སྒྲུབ་བྱེད་ཀྱང་། ད་ལྟ་གང་ན་ཡོད། གཅིག་ཏུ་མེད་དེ། ལ་ལ་ཤི། ལ་ལ་སོང་། ལ་ལ་འདུ། ལ་ལ་འབྲལ་བ་ལ་ལྟོས། དེས་ན་གར་སྡོད་སུ་དང་འགྲོགས་ཅི་བྱེད་ཀྱང་འབྲལ་བའི་འདུ་ཤེས་འབའ་ཞིག་ཡིད་ལ་བཞག་ལ། སུ་དང་ཡང་མི་འཐབ། མི་འཚེ་བཟོས་བླང་བ་ལ་འབད་པར་བྱའོ། །མི་རྟག་པའི་ཚོམས་ལས། འདུས་པ་ཐམས་ཅད་འབྲལ་བས་ན། །གང་ལའང་ཡིད་བརྟན་མི་རུང་བས། །སྐྱེ་བོ་རྣམས་དང་བདག་ཉིད་ལ། །ཞེན་ཅིང་ཆགས་པ་མེད་པར་བྱ། །ཞེས་སོ། །གཞན་ཡང་ལོངས་སྤྱོད་འབྱོར་བ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །དེ་ཡང་སྔ་མ་ལས། གྲོང་རྣམས་སྟོང་ཞིང་མེད་པར་གྱུར་པའི་དཔེས། །བསགས་པ་འཛད་ཅིང་ནོར་རྣམས་གང་ལའང་། །མི་རྟག་སྙིང་པོ་མེད་པས་མ་ཆགས་བྱ། །ཞེས་རང་གི་ཚེ་སྟོད་དང་བར་དང་། དེའི་གོང་ནས་སྟོང་པའི་གྲོང་རྙིང་པ་དག་ལ་བསམ་ནས། འདི་དག་ནའང་སྔོན་འབྱོར་བ་དང་། བདེ་བ་དང་སྐྱིད་ཅིང་ཉམས་དགའ་བའི་ལོངས་སྤྱོད་ཡོད་ཀྱང་། མཐར་འདི་ལྟར་གྱུར། བདག་གིས་ནོར་དང་ཁང་བ་དང་རྫས་ཀྱང་འདི་ལས་མ་འདས། གཞན་ཡང་འདི་ལས་མ་འདས་པས་བདག་གི་ནོར་དང་རྫས་རྣམས་ཀྱང་འདོར་བས། བདག་གིས་འདི་འདོར། འདིས་བདག་འདོར་བས། འདི་དག་རང་དབང་ཡོད་རིང་ལ་ཆོས་ཕྱོགས་སུ་གཏོང་བར་བྱའོ། །ཆོས་ལ་བཏང་བས་ཐར་བ་འགྲུབ་ངེས་སྙམ་དུ་བསམ་ལ་ལོངས་སྤྱོད་གཡོ་བ་སྙིང་པོ་མེད་པ་ལས་སྙིང་པོ་བླང་བར་བྱའོ། །སྤྱོད་འཇུག་ལས། ཐམས་ཅད་བཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་སྒྲུབ། །ཐམས་ཅད་སྟོང་པར་ཆབས་གཅིག་ལ། ། སེམས་ཅན་རྣམས་ལ་བཏང་བ་མཆོག །ཅེས་སོ། །དེའང་ནོར་རྫས་གང་ལའང་སྤྱད་དབང་མེད་པར་ཡོང་བས་ད་ལྟ་སྤྱོད་དབང་ཡོད་དུས་དགེ་བ་ལ་རང་གིས་བཏང་ན་དགེ་བ་ཆེར་ཐོབ་ཀྱི། ཤི་དུས་གཞན་ལ་ཁ་ཆེམས་བཞག་པའི་ལུགས་བཞིན་བསྒྲུབས་ཀྱང་ཕན་པ་ཆུང་ལ། མལ་གྱི་མཐའ་མར་ལྷུང་དུས། རང་གི་རྫས་ལ་གཞན་གྱིས་བགོ་བཤའ་མི་འཆམ་པ་ནི་སྡིག་པའི་རྩ་བར་གྱུར་པ་ཡིན་ནོ། །དེས་ན་རབ་ཏུ་བྱུང་ནས་ཆོས་ལ་སེམས་པ་རྣམས་ཀྱིས་ཆོས་ཀྱི་ཐོག་མར་རང་སེམས་འདོད་པ་ཆུང་བ་ལ་བསླབ་དགོས་ཏེ། སྔོན་གྱི་སློབ་དཔོན་མཁས་གྲུབ་དག་གི་གསུང་ལས། འདོད་པ་ཆུང་ན་འཕགས་པའི་རིགས་ཡིན་ཞིང་། །འདོད་པ་ཟད་ན་འཕགས་པ་དངོས་ཡིན་པས། །རྟག་ཏུ་འདོད་པ་ཆུང་ལ་བསླབ་པར་བྱ། །ཞེས་པ་བཞིན་ནོ། །འགྱུར་ཞིང་མི་རྟག་པས་ཀྱང་སྐྱོ་ཤས་བསྐྱེད་པར་གདམས་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། མཐོ་རིས་གྲོང་གི་འབྱོར་བས་མངོན་མཐོང་བ། །ཤི་བའི་འོག་ཏུ་ངན་འགྲོར་ལྟུང་བའི་དཔེས། །འབྱོར་ཚེ་དྲེགས་པས་སྙེམས་པ་མེད་པར་མཛོད། །ཅེས་གསུངས་པ་ལྷའི་བདེ་བ་ལ་སྤྱད་ནས་དམྱལ་བར་ལྟུང་བ་དང་། འཁོར་ལོས་བསྒྱུར་བ་ཐོབ་ནས་ཡང་བྲན་དུ་སྐྱེ་བ་དང་། ལྷ་མིའི་དགའ་བ་ཐོབ་ནས་ངན་སོང་དུ་ལྟུང་བ་ལ་སོགས་པ་བསམ་སྟེ་རང་གི་འབྱོར་བ་ཅུང་ཟད་ལ་དྲེགས་ཤིང་རློམ་སེམས་མི་བྱ་བར། མི་རྟག་པར་འདུ་ཤེས་འབའ་ཞིག་ཉེ་བར་བཞག་དགོས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། །བདག་རྟག་བག་ལ་ཉལ་བ་མ་གཟིགས་པས། །ཕྱི་ནས་དམྱལ་བར་སྐྱེ་བའི་ཆ་མེད་དོ། །ཞེས་པ་དང་། འཁོར་ལོས་བསྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །སླར་ཡང་ས་སྟེང་ཉིད་དུ་ལྟུང་འགྱུར་ཞིང་། །འཁོར་བ་ཡང་བྲན་ཉིད་དུ་སྐྱེ་བར་འགྱུར། །ཞེས་སོ། །དྲེགས་པ་སྤང་པའང་། སྐྱེ་བོ་གསོ་བའི་ཐིག་པ་ཞེས་བྱ་བ་འཇིག་རྟེན་གྱི་ལུགས་ལས། ཐར་བ་སྒྲུབ་པ་དེ་དག་ལས། །ལས་ཀྱིས་འཕེན་པ་རྒྱང་རིང་བས། །སྐྱིད་སྡུག་སྣ་ཚོགས་ད་གདོད་འབྱུང་། །འབྱོར་ཡང་དྲེགས་པ་མི་བྱ་ཞིང་། །རྒུད་ཀྱང་ཞུམ་པར་མི་བྱའོ། །ཞེས་སོ། དེའི་ཕྱིར་ཚེ་འདི་ཉིད་ལའང་། ཚེ་སྟོད་སྐྱིད་པ། ཚེ་སྨད་སྡུག་པར་འགྱུར་བ་ལ་སོགས་པ་བསམ་སྟེ། འབྱོར་བ་རྒུད་པའི་ཆོས་ཅན་ལང་ཚོ་མི་རྟག་པའི་རང་བཞིན། གཉེན་གྲོགས་བྲལ་བའི་ཆོས་ཅན། ཐམས་ཅད་ཡིད་བརྟན་མེད་པར་ཤེས་ནས། མི་རྟག་པའི་སྐྱོ་ཤས་བསྐྱེད་དེ། རྒྱ་ཆེར་རོལ་བ་ལས། འདོད་པའི་ཡོན་ཏན་འདི་དག་ཆུ་ཟླ་འདྲ། །གཟུགས་བརྙན་མཚུངས་ཤིང་བྲག་ཆ་འདྲ་བ་དང་། །མིག་ཡོར་དག་དང་གར་ལ་བལྟ་བ་དང་། །རྨི་ལམ་མཉམ་པར་སྐྱེས་པར་ཤེས་པར་གྱིས། །ཞེས་པ་དང་། མྱ་ངན་ལས་འདས་པ་ལས། དར་བ་ཡོད་ན་རྒུད་པ་ཡོད། །འདུས་པ་ཡོད་ན་འབྲལ་བར་འགྱུར། །ལང་ཚོ་དེ་ཡང་མི་རྟག་སྟེ། །དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག །རྟག་པའི་ཆོས་ནི་གང་ཡང་མེད། །ཅེས་པ་དང་། རྒྱ་མཚོས་ཞུས་པའི་མདོ་ལས། འབྱོར་བ་ཐམས་ཅད་ནི་མཐར་རྒུད་པའོ། །རྒྱལ་པོའི་ལོངས་སྤྱོད་དང་དབང་ཕྱུག་ཐམས་ཅད་ཀྱང་མི་རྟག་གོ །ཞེས་པ་དང་། སྣོད་བཅུད་ཀྱི་སྣང་བ་གནས་སྐབས་མི་རྟག་པ་ལ་བསམ་ནས་སྐྱོ་ཤས་བསྐྱེད་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཕྱི་ནང་དུས་བཞི་ན་ཚོད་འགྱུར་བས་ཀྱང་། །མི་རྟག་འཆི་བར་ངེས་ཀྱིས་རྟག་འཛིན་སྤོངས། །ཞེས་གསུངས་པ་ལྟར་སྣོད་བཅུད་ཀྱི་སྣང་བ་མི་རྟག་པ་ལ་བསམ་ནས་སྐྱོ་ཤས་བསྐྱེད་པ་ནི། འཛམ་བུ་གླིང་འདིར་ཡང་བསྐལ་བ་རྫོགས་ལྡན་གྱི་དུས་དང་། གཉིས་ལྡན་དང་། གསུམ་ལྡན་དང་། ཐ་མ་རྩོད་ལྡན་གྱི་དུས་བཞི་འགྱུར་བ་དང་། མི་ཚེ་གཅིག་ལའང་བཙས་པ་བུ་ཆུང་གི་དུས་དང་། བྱིས་པ་གཞོན་པའི་དུས་དང་། དར་ལ་བབ་པའི་དུས་དང་། རྒས་ཤིང་འཁོགས་པའི་དུས་དང་བཞིར་འགྱུར་བ་དང་། ལོ་གཅིག་ལ་ཡང་དཔྱིད་ས་བོན་རྨོ་སྐོའི་དུས་དང་། དབྱར་ལོ་འདབ་བརླན་རྒྱས་ཀྱི་དུས་དང་། སྟོན་འབྲས་བུ་བཅུད་རྫོགས་ཀྱི་དུས་དང་། དགུན་ས་སྐམ་རྡོ་འཁྱགས་ཀྱི་དུས་དང་བཞིར་འགྱུར་བས་མི་རྟག་སྟེ། མི་རྟག་པའི་གཏམ་ལས། སོས་ཀ་ཟླ་བ་བསིལ་བས་མཚོན་པའི་སྟོན་དུས་འདི་འབྱུང་ཞེས། །རབ་ཏུ་དགའ་འགྱུར་སྐྱེ་བོ་ཐམས་ཅད་དག་གི་ཚེ་འདི་ནི། །ཟད་པར་འགྱུར་ཞེས་ཤིན་ཏུ་མི་དགའ་སེམས་པའང་མེད། ཅེས་པ་དང་། རྒྱ་ཆེར་རོལ་བ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །ཞེས་པ་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། འདི་དག་སྒྱུ་མ་ལྟ་བུའི་བདེན་པ་མིན། །འདུས་བྱས་རྨི་ལམ་མཚུངས་པ་བཏགས་ནས་ནི། །ཕ་རོལ་ཕྱིན་དང་ས་དང་སྟོབས་རྣམས་དང་། །བྱང་ཆུབ་ཡན་ལག་རྒྱལ་བའི་ཆོས་རྣམས་ལ། །རྟག་ཏུ་བརྩོན་པས་རབ་ཏུ་འབད་པར་གྱིས། །ཞེས་སོ། །ཕྲ་བ་སྐད་ཅིག་གིས་འགྱུར་བས་མི་རྟག་པའི་སྐྱོ་ཤས་བསྐྱེད་པ་ནི། འདི་སྐད་དུ་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གཟུགས་ནི་རྡུལ་ཕྲན་དུ་མ་སྐད་ཅིག་མ། །བར་སྣང་གློག་འགྱུ་བཞིན་དུ་མི་རྟག་པས། །མྱུར་བ་ཉིད་དུ་དམ་པའི་ཆོས་སྒྲུབས་ཤིག །ཅེས་རགས་པར་སྣང་བ་ལ་བདེན་པར་མི་འཐད་དེ། རྡུལ་ཕྲན་ཆ་མེད་དུ་གནས་པས། རགས་པར་མ་གྲུབ་པའི་ཕྱིར། ཕྱི་ཡུལ་ལ་ཞེན་པའི་བློ་མ་གཏད། ལུས་ཀྱང་རྡུལ་ཆར་ཆ་ཤས་མེད་ཅིང་། སེམས་ཀྱང་སྐད་ཅིག་ཆ་ཤས་མེད་པས་ན་ཉེ་བར་ལེན་པའི་ལུས་སེམས་ལ་གཅེས་སྤྲས་ཀྱི་གཟེབ་མ་བཅད། བར་ལོངས་སྤྱོད་སྒྱུ་མའི་སྣང་བ་ལ་བདེན་ཞེན་གྱི་འཁྲིས་མི་གདགས། འཁོར་བ་སྣ་ཚོགས་ཀྱི་འཁྲུལ་བ་ལ་བག་ཆགས་ངན་པའི་གདེང་མ་འཆའ། གང་ལའང་སྙིང་པོ་མེད་པས་མི་རྟག་པའི་སྐྱོ་ཤས་དྲག་པོ་བསྐྱེད་པར་བྱ་སྟེ། རྒྱ་ཆེར་རོལ་བ་ལས། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་པ་དང་། མྱ་ངན་ལས་འདས་པའི་མདོ་ལས། སྲོག་ནི་རྟག་ཏུ་དགྲ་དུ་མས་བསྐོར་ཏེ་སྐད་ཅིག་རེ་རེས་ཉམས་པར་བྱས་ཀྱི་འཕེལ་བར་བྱེད་པ་ནི་གང་ཡང་མེད་དོ་ཞེས་པ་དང་། སྔ་མ་ལས། ལྟག་ཆུ་ཆད་པའི་རྫིང་བཞིན་དུ། །སྣོན་མེད་གོད་པ་དང་བཅས་པ། །བདག་གི་ཚེ་འདི་རྟག་གོ་ཞེས། །ཇི་ལྟ་བུར་ན་བདེན་པར་རུང་། ཞེས་སོ། །འཁོར་བར་སྣང་དུས་ནས་འདུས་བྱས་མི་རྟག་པའི་རང་བཞིན་དུ་གྲུབ་ཟིན་པས། སྐྱོ་ཤས་བསྐྱེད་པར་གདམས་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྣ་ཚོགས་སྣོད་དང་འགྲོ་བ་ཡོད་གྱུར་ཀྱང་། །སྒྱུ་མ་ཆུ་ཤིང་བཞིན་དུ་སྙིང་པོ་མེད། །དེ་ཕྱིར་མི་རྟག་ཅེས་བྱ་འཁོར་བ་འདི། །བདག་བྱས་བཟུང་སྟེ་བཏང་བ་འགའ་ཡང་མེད། །ཅེས་སྣོད་བཅུད་དུ་སྣང་བའི་སྐྱེ་འགྲོ་ཐམས་ཅད་རྫས་དང་ཡོ་བྱད་འཁོར་བའི་འཁྲུལ་སྣང་བདེ་སྡུག་ཐམས་ཅད་མི་རྟག་སྟེ། རྒྱ་ཆེར་རོལ་བ་ལས། འདུ་བྱེད་བརྟན་པ་མ་ཡིན་མི་རྟག་སྟེ། །རྫ་སོ་མ་བཏང་ལྟ་བུར་འཇིག་པའི་བདག །གཞན་གྱི་རྫས་ལ་གཉེན་པོ་བྱས་དང་མཚུངས། །བྱེ་མའི་ཁང་བུ་འདྲ་བ་མི་རྟག་སྟེ། །ཞེས་པ་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སྲོག་ནི་བརྟེན་པ་མེད་པར་མི་རྟག་གཡོ། །འཇིམ་པའི་བུམ་པ་ལྟ་བུ་འཇིག་པ་ཅན། །ཞེས་སོ། །དེས་ན་འདུས་བྱས་འཁོར་བའི་ཆོས་ཐམས་ཅད་མི་རྟག་ཅིང་སྙིང་པོ་མེད་དེ། །རྒྱ་ཆེར་རོལ་བ་ལས། འདོད་པའི་ཡོན་ཏན་སྐད་ཅིག་ཡ་མ་བརླ། །སྒྱུ་མ་སྨིག་རྒྱུ་འདྲ་ཞིང་རྫུན་པ་ཅན། །ཆུ་ཡི་ལྦུ་བ་ལྟ་བུར་སྙིང་པོ་མེད། །ཡོངས་སུ་བརྟགས་ལས་བྱུང་བ་ཤེས་པར་གྱིས། །ཞེས་སོ། །དེས་ན་འཇིག་པར་ངེས་པའི་ཚུལ་ལ་སྐྱོ་བ་བསྐྱེད་པ་ནི། མཛོད་ལས། མི་རྟག་གཤིན་རྗེའི་ལྟོ་ན་སྲིད་པ་གསུམ། །གནས་བཅས་དེ་ཡི་དབང་བསྒྱུར་བརྒྱུད་མར་འཁོར། །གཞན་དུ་མི་འགྲོ་གནས་དེར་ཆགས་ཞིང་ཞེན། །འཆི་བདག་དེས་ཀོ་རྟག་ཏུ་དམ་དུ་བཟུང་། །སྐྱེ་བ་ཉིད་ནས་འཆི་བར་སྐྱེས་པ་ཅན། །བརྒྱུད་མར་འཁོར་བའི་གྲོགས་པོ་འགྲོ་དྲུག་ཀུན། །ད་ནི་འདི་ནས་ཕྱིན་པ་མི་ལེགས་སམ། །བདག་དང་ལྷན་ཅིག་ཐར་བའི་གྲོང་དུ་འདེང་། །དེར་ནི་འཆི་མེད་རྒྱལ་བའི་འབྱོར་བས་མཛེས། །རྟག་ཏུ་ཞི་བདེ་རང་བཞིན་ལྷུན་གྱིས་གྲུབ། །ཅེས་གསུངས་པས་སྲིད་པ་འཁོར་བའི་དཔེ་ཆུང་གི་སྐབས་སུ་འདུལ་བ་ལས། དེ་ཐམས་ཅད་མི་རྟག་པའི་སྲིན་པོས་བཟུང་བའོ། །ཞེས་སོ། །རྒྱུ་མཚན་ངེས་པས་སྐྱོ་ཤས་བསྐྱེད་པ་ནི། སྔ་མ་ལས། འབྱུང་བཞི་འདུས་ཕྱིར་སྣོད་བཅུད་འཇིག་པ་ཅན། །ལུས་ཅན་གཡོ་བའི་གྲོང་ཁྱེར་རྙིང་བར་འགྱུར། །ཞེས་གསུངས་པས་བྱས་པ་མི་རྟག་པ་རྒྱུ་རྐྱེན་ལས་འདུས་པ་རྣམས་དང་། སྐྱེས་བུས་མ་བྱས་ཀྱང་མི་རྟག་པ་ཆུའི་ལྦུ་བ་ལ་སོགས་པ་སྣོད་དུ་སྣང་བ་རྣམས་དང་། མི་རྟག་པ་འགྱུར་བའི་དཔེར། སྐྱེས་པ་སྤྲིན་དང་། གློག་དང་། འཇའ་དང་། བྲག་ཅ་ལ་སོགས་པ་དང་། སྐྱེས་པས་མི་རྟག་པ་འགྲོ་བ་རྣམས་དང་། ཐང་ཅིག་ཡུད་ཙམ་མི་རྟག་པ་སྒྱུ་མ་མིག་འཕྲུལ་དང་། དྲི་ཟའི་གྲོང་ལ་སོགས་པ་ལྟ་བུ་དང་། ངེས་པའི་དུས་མེད་པར་མི་རྟག་པ་རང་གི་ཚེ་ལ་བསམ་ནས་སྐད་ཅིག་ཀྱང་མི་དལ་བར་ཆོས་ལ་བརྩོན་པར་རིགས་ཏེ། རྒྱ་ཆེར་རོལ་བ་ལས། འདུ་བྱེད་མི་རྟག་མར་མེའི་འོད་དང་འདྲ། །མྱུར་དུ་འབྱུང་ཞིང་འགག་པའི་ཆོས་ཅན་ཏེ། །རླུང་དང་མཚུངས་པར་རིང་དུ་མི་གནས་ཤིང། །ཆུ་བུར་ལྟ་བུར་ཉམ་ཆུང་སྙིང་པོ་མེད། །གཡོ་བ་མེད་ཅིང་བརྟགས་ན་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུར་སེམས་ནི་བསླུ་བར་བྱེད། །རྡུལ་མེད་སངས་རྒྱས་བྱང་ཆུབ་མ་ཐོབ་པར། །བརྩོན་འགྲུས་ནམ་ཡང་ཉམས་པར་འགྱུར་ཏ་རེ། །ཞེས་སོ། །ངེས་པར་མི་རྟག་པའི་ཚུལ་བསམ་པ་ནི། འདི་སྐད་དུ་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། མཐའ་བཞིས་བསྡུས་ཕྱིར་རྟག་པ་འགའ་ཡང་མེད། །ཚེ་ལ་ངེས་མེད་ནམ་འཆི་ཆ་མེད་པས། །ངེས་པར་འཆི་ཞེས་སྙིང་ནས་བསམ་པར་བྱ། །ཞེས་གསུངས་པ་ལྟར་མི་ལུས་ཐོབ་པ་རྟེན་འདི་ལ་མཐའ་བཞིའི་རྒྱས་བཅིངས་ཏེ། བདེ་བའི་སྐབས་མེད་པས་དམ་པའི་ཆོས་བྱ་དགོས། དེ་ཡང་སྐྱེ་བའི་མཐའ་འཆི། འདུས་པའི་མཐའ་འབྲལ། བསགས་པའི་མཐའ་འཛད། མཐོན་པོའི་མཐའ་ལྷུང་བས་ཡིད་བརྟན་མེད་དེ་འདོར་ངེས། ཁྱད་པར་རང་གི་ལུས་ལྦུ་བ་ལྟ་བུ་འདི་འཇིག་ངེས། ནམ་འཆི་ཆ་མེད་དེ་རིང་ཁོ་ནའང་འཆིའམ། སང་འཆིའམ། དོ་ནུབ་འཆིའམ། མལ་འདིར་ཉལ་བ་འདི་ལས་ཤི་ནས་སང་ནི་ལྡང་བ་མེད་པ་ཞིག་འབྱུང་ངམ་སྙམ་དུ་བསམ་སྟེ། མཚན་བཟང་མདོ་ལས། སང་ཙམ་འཆི་འམ་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱེད་ཀུན་ཤེས་པ་མ་ཡིན་ནོ། །ཞེས་པ་དང་། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །འཆི་བདག་སྡེ་ཆེན་དེ་དང་ནི། །བདག་ཅག་བཤེས་པ་མ་ཡིན་ནོ། །ཞེས་པ་དང་། མྱ་ངན་ལས་འདས་པའི་མདོ་ལས། ཉམ་ཆུང་གྱི་ནི་ཕུང་བོ་འདི། །སྐྱོན་མང་འཇིག་པའི་ཆོས་ཅན་ཏེ། །རྒ་དང་ནད་འཆིས་རྟག་ཏུ་གཙེས། །སྲིད་པའི་ཆོས་ནི་མཐའ་ཡས་པ། །འགྱུར་ཞིང་འཕོ་བའི་སྒྲ་དང་བཅས། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་སོ། །དེ་ཡང་རྟ་འདྲོག་པའམ། ལུག་ཡར་བའམ། ཕྱུགས་རྒྱུག་པའམ། བྱ་འཕུར་བ་ལྟར་གློ་བུར་ཐོག་རྒྱུགས་སུ་འཆི་བ་འོང་བས་སྐྱེ་དགུ་འདི་ཐམས་ཅད་བཟུང་བ་ནི། མཛངས་བླུན་ལས། བསགས་པའི་མཐའ་འཛད་འདུས་པ་འབྲལ། བྱས་པ་འཇིག་ཅིང་གསོན་པོ་འཆི། ཞེས་པ་དང་། རྒྱ་ཆེར་རོལ་བ་ལས། འཆི་བས་སྲོག་ཆགས་བརྒྱ་ཕྲག་མང་འཛིན་ཏེ། །འབྱུང་པོའི་ཚོགས་ལ་རྒྱ་མཚོའི་ཆུ་སྲིན་བཞིན། །ཀླུ་ལ་མཁའ་ལྡིང་གླང་ཆེན་སེང་གེ་དང་། །རྩ་རྩི་འབྱུང་པོའི་ཚོགས་ལ་མེ་དང་མཚུངས། །འཆི་བས་དབང་ཡོད་དག་ལ་དབང་མེད་བྱས། །འཆི་བས་སྲོག་འཕྲོག་ཆུ་བོས་ཤིང་དེད་འདྲ། །མི་ནི་གཉིས་མིན་གྲོགས་མེད་གཅིག་པུར་འགྲོ། །རང་ལ་འབྲས་བུ་སྨིན་པས་རང་དབང་མེད། །ཅེས་པ་དང་། མྱ་ངན་ལས་འདས་པའི་མདོ་ལས། ཚེ་ནི་རིང་ཡང་མཐར་ནི་འཇིག་ངེས་པས། །འདིར་ནི་ཐམས་ཅད་ངེས་པར་འཆི་བར་འགྱུར། །འབྱོར་བ་རྒུད་ཅིང་ལང་ཚོ་རྒས་པས་འཇོམས། །གཟུགས་བཟང་ནད་དང་སྲོག་ནི་འཆི་བས་གཅོད། །ཅེས་སོ། །དེ་ཡང་ནམ་འཆི་ཆ་མེད་པས་འཆི་བ་ངེས་པར་བསམ་དགོས་ཏེ། འགྲིབ་ཅིང་འཕེལ་བ་མེད་པས་ནམ་འཆི་ཆ་མེད་པ་ཡིན་ཏེ། ཉིན་ཞག་དང་ལོ་ཟླ་སྔ་དྲོ་དང་ཕྱི་དྲོ་སོང་བ་ཙམ་གྱིས་འཆི་བ་ལ་ཉེར་སོང་སྟེ། རྒུད་ནས་ཚེ་ལ་སྣོན་པ་ནི་མེད་དེ། །འགྲིབ་པ་ནི་ཡོད་དོ། །ཉི་མ་ནུབ་པའི་གྲིབ་སོ་ལྟར་ཚེ་འགྲིབ། འབྲས་བུའི་བང་མཛོད་བཅུས་པ་ལྟར་ཚེ་འཛད། རྫིང་གི་ཝ་རྡོལ་བ་ལྟར་ཚེ་འཛད། དེ་བཞིན་དུ་བར་སྣང་གི་སྤྲིན་ཡལ་བ་ལྟར་རི་གཟར་གྱི་ཆུ་འབབ་པ་གཤེད་མའི་གྲོང་དུ་སླེབ་པ། ཆུ་ཕྲན་རྒྱ་མཚོར་འབབ་པ། གྱད་ཀྱིས་མདའ་འཕོང་བ། གསོད་སར་སེམས་ཅན་ཁྲིད་པ་ལྟར་ཚེ་འགྲིབ་ཅིང་འཆི་བ་ངེས་ཏེ། སྤྱོད་འཇུག་ལས། ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་མེད་འགྲིབ་པ་དང་བཅས་པ། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་སོ། །དེའང་རས་བལ་གྱི་གྲུ་གུ་འཐུལ་བ་ལྟར་སྐད་ཅིག་ཐང་ཅིག་གིས་འཛད་པ་དང་། སྙིམ་པའི་ཆུ་ཟགས་པ་ལྟར་ཟད་ཀྱང་མ་ཚོར་བ་འདི་མཚང་ཆེ་སྟེ། བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་སྔ་ནས། ཀྱེ་ཧོ་བཞིན་བཟང་སྙིམ་པ་ཆུས་བཀང་བ། །ཟགས་པ་བཞིན་དུ་ཉམས་པ་མ་ཚོར་རོ། །ཞེས་སོ། །དེ་ཡང་ཚེ་ལ་དུས་ངེས་པའི་ཚད་མེད་པས་ཀྱང་འཆི་ལ། རྐྱེན་གཡང་དང་། རྦབ་དང་། མཚོན་དང་། དུག་དང་། འདྲེ་ལ་སོགས་པས་བར་དུ་གཅོད་ལས་ཀྱང་འཆི་དུས་མ་ངེས། བར་ཆད་མེད་ཀྱང་སྐད་ཅིག་གིས་ཐུང་དུ་འགྲོ་བས་འཆི་ངེས་ཏེ། །ཆེད་དུ་བརྗོད་པའི་ཚོམས་ལས། །ཁ་ཅིག་མ་ཡི་མངལ་དུ་འཆི། །ཁ་ཅིག་བཙས་མ་ཐག་ཏུ་འཆི། །ཁ་ཅིག་གོགས་པོར་འགྲོ་ཙམ་ན། །དེ་བཞིན་ཁ་ཅིག་རྒྱུགས་ཙམ་ན། །ལ་ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །དེ་དག་རིམ་གྱིས་འཆི་འགྱུར་ཏེ། །དེ་ལ་མི་འདི་གཞོན་ཞེས་ནི། །གསོན་པའི་གདེང་ནི་སུ་ཞིག་འཆའ། །འབྲས་བུ་སྨིན་པའི་ཤིང་ཐོག་བཞིན། །ལུས་ཅན་རྣམས་ནི་འཆི་བར་འགྱུར། །ཞེས་པ་དང་། འདས་པ་ལས། འཚོ་བའི་ཚེ་ནི་བདུད་ཀྱིས་འཇོམས། །རྟག་པའི་ཆོས་ནི་གང་ཡང་མེད། །ཅེས་པ་དང་། སྔ་མ་ལས། རྒྱུན་དུ་ནད་ཀྱིས་མངོན་གདུང་ཞིང་། །རྟག་ཏུ་མི་གཙང་འཛགས་པ་ལྟར། །རྒ་དང་ཤི་བའི་ཚེ་འགྲིབ་པས། །ལུས་ནི་ངན་པ་ཅིར་མི་རུང་། །ཞེས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གློ་བུར་འཆི་བའི་རྒྱུ་དགུ་སྟེ། །མི་འཕྲོད་པའི་ཟས་ཟ་བ་དང་། ཟས་འགྲངས་ཀྱང་མང་དུ་ཟ་བ་དང་། སྔ་མ་མ་ཞུ་བར་ཕྱི་མ་ཟ་བ་དང་། བཤང་གཅི་དུས་སུ་མི་འདོར་བར་བསྡམས་པ་དང་། ནད་པས་སྨན་པ་དང་ནད་གཡོག་གི་ངག་ལ་མི་ཉན་པ་དང་། མཚན་མོ་འགྲོ་བས་གདོན་དང་འབྱུང་པོ་དྲག་པོས་བཏབ་པ་དང་། སྐྱུགས་སྨན་བཏང་བ་མནན་ནས་མི་སྐྱུགས་པ་དང་། མ་བརྟགས་པས་དྲག་ཤུལ་སྤྱོད་པ་དང་། བག་མེད་པར་བུད་མེད་ལ་འཁྲིག་པ་སྤྱོད་པའོ། །ཞེས་སོ། །སྨན་གྱི་མདོ་ལས། སྨན་པས་སྨན་མ་ཡིན་པ་སྦྱོར་བ་ལ་སོགས་པ་གཞན་དགུ་གསུང་པའང་འདིར་འདུའོ། །དེ་ནས་འཆི་བའི་རྐྱེན་མང་ཞིང་བྱ་བྱེད་བྱེད་འཕྲོ་ལ་འཆི་བས་འདིའི་ཚེ་མི་འཆི་སྙམ་དུ་བློས་ལྟོས་མི་ཐུབ་ལ། འཆི་དུས་དགེ་སྡིག་གཉིས་ལས་གཞན་རྗེས་སུ་མི་འབྲང་བས་སུས་ཀྱང་སྟོང་པ་མེད་དེ། །རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་མི་རྣམས་ཀྱི་ཚེ་སྲོག་ནི་ཡུན་ཐུང་ཞིང་འཕོ་བས་ན། ཁྱོད་ཀྱིས་འཇིག་རྟེན་ཕ་རོལ་ལ་འཇིགས་པ་ལྟ་བར་གྱིས་ཤིག དུས་ཀྱིས་གཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེ་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་པ་དང་། ཆེད་དུ་བརྗོད་པའི་ཚོམས་ལས། བྱ་བ་འདི་ནི་བྱས་ཟིན་ད་འདི་རུ། །དེ་དག་རྫོགས་ནས་བདག་གིས་འདི་བྱ་ཞེས། །དེ་ལྟར་མི་ཡིས་ཡོངས་སུ་སེམས་པ་ན། །རྒ་དང་ན་དང་འཆི་བས་མངོན་པར་འཇོམས། །ཞེས་སོ། །དེའི་ཚེ་ཚེ་འདིའི་སྣང་བ་གང་གིས་ཀྱང་མི་བསྟོངས་པས་སྐྱོ་བར་བསྟན་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཆི་བར་གྱུར་ཚེ་གནས་དང་ལོངས་སྤྱོད་དང་། །གཉེན་དང་དཔའ་རྩལ་དཔུང་གཉེན་ལ་སོགས་ཀྱིས། །བསྟོངས་པ་འགའ་མེད་དམ་པའི་ཆོས་སྒྲུབས་ཤིག །ཅེས་གསུངས་པ་དེ་ཡང་འཆི་བའི་ཚེ་བརྟེན་པའི་གནས་ཀྱིས་མི་བསྟོངས་ཏེ། ལྷའི་གཞལ་ཡས་ཁང་ཡང་བཞག་ནས་འགྲོ། ས་བཙན་པོར་གབ་པས་ཀྱང་ཐུབ་པའི་གནས་མེད་དེ། འདུལ་བ་ལས། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ཡི་གང་ནའང་ཡོད་མིན་ཏེ། །བར་སྣང་ན་མེད་རྒྱ་མཚོའི་ནང་ནའང་མེད། །ལྷ་ཡུལ་ན་མེད་རི་ཡི་སུལ་ནའང་མེད། །ཅེས་སོ། །བསགས་པའི་ནོར་གྱི་མི་བསྟོངས་ཏེ། ལྷ་རྫས་ཀྱི་རིན་པོ་ཆེ། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད། ཕྱུག་པོའི་བང་མཛོད་ཐམས་ཅད་བཞག་ནས་འགྲོ་སྟེ། དེ་ཉིད་ལས། ལྗོན་ཤིང་རྡིབ་པར་གྱུར་པའི་ཚེ། །ཡལ་ག་ལོ་མས་ཅི་ཞིག་བྱ། །དེ་བཞིན་སྐྱེས་བུ་འཆི་བའི་ཚེ། །ཡོངས་སུ་བཟུང་བས་ཅི་ཞིག་བྱ། །ཞེས་སོ། །འབྲེལ་བའི་གཉེན་གྱིས་མི་བསྟོངས་ཏེ། གྲོགས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྙེད་ཀྱང་། ཆུང་མ་ལྷའི་བུ་མོ་ལྔ་བརྒྱས་བསྐོར་ཀྱང་། བུ་ཚ་ལྷའི་ཁྱེའུ་སྟོང་གིས་རྩེ་ཡང་། ཚ་ཞང་ལྷའི་དབང་པོ་ཡོད་ཀྱང་། སྲིད་སྡེ་ལྷ་མིན་དམག་མི་ཡོད་ཀྱང་། རྒྱལ་འབངས་གླིང་བཞི་ལྷ་ཡུལ་ཡོད་ཀྱང་། ནོར་རྫས་རིན་ཆེན་སྣ་བདུན་ཡོད་ཀྱང་། ཕ་ཁུ་ཚངས་པ་བརྒྱ་བྱིན་ཡོད་ཀྱང་། མཛའ་གྲོགས་རྒྱལ་ཆེན་རིགས་བཞི་ཡོད་ཀྱང་། བྲན་གཡོག་ལྷ་བྲན་སྟོང་ཕྲག་ཡོད་ཀྱང་། དེ་དག་གིས་སྲོག་བཟུང་བའམ། ཕན་གདག་པའམ། ཚེ་མཐུད་པའམ། ར་མདའ་སྙེགས་པའམ། གྲོགས་བྱར་མེད་པ་གཅིག་པུར་མར་གྱི་གསེབ་ནས་སྤུ་བཏོན་པ་ལྟར་བར་དོའི་འཕྲང་ལ་སུ་དང་འགྲོགས་སུ་མེད་པར་འགྲོ་དགོས་ཏེ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འཆི་བའི་དུས་ལ་བབ་པ་ན། །ཕ་མ་མ་ཡིན་གཉེན་འདུན་མིན། །བུ་དག་སྐྱབས་སུ་མི་འགྱུར་ཞིང་། །ལང་ཚོ་མ་ཡིན་སྟོབས་ཀྱང་མིན། །ཞེས་པ་དང་། རྒྱ་ཆེར་རོལ་བ་ལས། འདི་ནས་གཞན་དུ་འཆི་འཕོས་དུས་བྱེད་ཚེ། །འཕངས་ཤིང་སྡུག་པའི་སྐྱེ་བོ་རྣམས་དང་འབྲལ། །ཤི་ནས་ཕྱིར་མི་འོང་ཞིང་འཕྲད་མི་འགྱུར། །ཤིང་ལས་ལོ་འབྲུལ་འདྲ་ཞིང་ཆུ་རྒྱུན་འདྲ། །ཞེས་པ་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། འདི་ན་རྟག་ཏུ་སྡིག་པ་ཐམས་ཅད་དང་། །མྱུར་དུ་འབྲལ་བར་མི་འགྱུར་གང་ཡང་མེད། །ཅེས་དང་། འཇམ་དཔལ་རྣམ་རོལ་ལས། ཕ་མ་ཁྱེད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ཀྱང་ཁྱོད་བོར་ནས། །རང་ཉིད་གཅིག་པུར་ཕྱི་མར་འགྲོ། །ཞེས་སོ། །ལས་ཀྱི་དཔའ་རྩལ་གྱིས་མི་བསྟོངས་ཏེ། འཆི་བའི་ཚེ་ཅིས་ཀྱང་མི་ཕན་པར་འགྲོ་དགོས་ཏེ། གཙོ་བོའི་གྲོས་ཀྱི་མི་བསྟོངས་པས་གཏམ་དང་། ཤགས་ཀྱིས་ལན་གདབས་པ་མེད། དཔའ་བོའི་རྩལ་གྱིས་མི་བསྟོངས་པས་འཐབ་ས་མེད། མགྱོགས་པའི་བང་གིས་མི་བསྟོངས་པས་འབྲོས་ས་མེད། མཚར་མོའི་བྱད་ཀྱིས་མི་བསྟོངས་པས་བསླུ་ས་མེད། དྲག་པོ་ལས་ཀྱིས་མི་བསྟོངས་པས་བརྩམ་ས་མེད། ངན་པའི་གཡོ་སྒྱུས་མི་བསྟོངས་པས་འབྱོལ་ས་མེད་པར་གཅིག་པུར་འགྲོ་དགོས་ཏེ། འདུལ་བ་ལུང་ལས། འདི་ནི་མཐུ་ཆེན་གནས་མཐོ་བར། །གནས་པའི་ལྷ་ཚེ་རིང་པོ་ཡང་། །ཚེ་ཟད་ཉམས་པར་འགྱུར་བས་ན། །འཆི་ལས་དེ་རིང་སུ་ཞིག་ཐར། །དཔའ་བརྟུལ་གྱིས་ཀྱང་སྐྱོབ་ནུས་མིན། །རྒྱལ་པོ་སྡོམ་བརྩོན་དཀའ་ཐུབ་དང་། །ལས་དང་བརྩོན་འགྲུས་རྟུལ་ཕོད་དང་། །འཁོར་ཚོགས་རྒྱ་ཆེན་བློ་གྲོས་ཀྱིས། །འཆི་ལས་ཇི་ལྟར་ཐར་མི་ནུས། །ཞེས་སོ། །མཐུ་སྟོབས་ཀྱི་དཔུང་གཉེན་གྱིས་མི་བསྟོངས་ཏེ། ཚངས་པ་དང་། རྒྱལ་ཆེན་དང་། དབང་ཕྱུག་དང་། ཁྱབ་འཇུག་དང་། དྲང་སྲོང་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་མཐུ་སྟོབས་ཅན་རྣམས་ཀྱང་འཆི་བ་ལས་མ་འདས། གནོད་སྦྱིན་དང་། སྲིན་པོ་དང་། བདུད་དང་ཀླུ་ལ་སོགས་པ་རྣམས་ཀྱི་སྟོབས་ཀྱིས་འཆི་བ་ལས་མི་ཐར། སྨན་པ་དང་གཙུག་ལག་དང་མོ་པྲ་ལ་སོགས་པའི་ཐབས་ཀྱིས་མི་ཐར། གསང་སྔགས་རིགས་སྔགས་རྫུ་འཕྲུལ་དང་མངོན་ཤེས་ལ་སོགས་པའི་ནུས་པས་མི་བསྟོངས། ཕོ་ལྷ་དང་། ཆོས་སྐྱོང་དང་། མཁའ་འགྲོ་ལ་སོགས་པའི་སྲུང་མས་མི་སྐྱོབ། བཅུད་ལེན་རྫས་དང་སྨན་གྱི་ནུས་པས་མི་ཕན་པར་འཆི་བ་ཡིན་ཏེ། དེ་ཉིད་ལས། མཐུ་ཆེན་ནོར་ལྡན་གྲགས་འབར་བ། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །མུན་བྱེད་སྒྲ་ངན་སྐྱ་སེང་བུ། །དེས་ཀྱང་འཆི་བ་བཟློག་མི་ནུས། །མཐར་བྱེད་པ་ལས་སྨན་དག་དང་། །རིག་སྔགས་ཀུན་དང་དཔུང་དག་དང་། །ལྷ་དང་སྲུང་མ་རྟེན་འབྲེལ་དང་། །ནོར་དང་ཉེ་དུས་སྐྱོབ་མི་ནུས། །ཞེས་སོ། །ཟས་གོས་ལོངས་སྤྱོད་ཀྱིས་མི་བསྟོངས་ཏེ། །ལྷའི་བདུད་རྩི་ཟིལ་མངར། པཉྩ་ལི་ཀའི་གོས་མཆོག །མིའི་ཟས་མཆོག་རོ་བརྒྱ། དར་ཟབ་རས་མཆོག་སྣ་ཚོགས་ཏེ། མདོར་ན་གཟུགས་མཛེས་སྒྲ་སྙན་དང་། དྲི་ཞིམ། རོ་བྲོ། རེག་བྱ་འཇམ་པོ་སྣ་ཚོགས་ཀྱིས་མི་བསྟོངས་པར་ཚེའི་དུས་བྱེད་པ་ཉིད། རྒྱ་ཆེར་རོལ་བ་ལས། རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང་། །དྲི་ཞིམ་རོ་མཆོག་རེག་ན་བདེ་བྱེད་དང་། །དུས་ངན་རྙི་ལ་འགྲོ་བ་འདི་དག་ཐོགས། །དཔེར་ན་རྔོན་པའི་རྙི་ལ་སྤྲེའུ་ཐོགས་བཞིན། །འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང་། །འཇིག་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། །རལ་གྲིའི་སོ་དང་དུག་གི་ལོ་མ་འདྲ། །ཞེས་པ་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། བདག་གི་ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ་བརྟན་པ་སྙིང་པོ་དང་ལྡན་པ་མ་གས་པ། མ་ཞིག་པ་ཤིན་ཏུ་མཁྲེགས་པ་ལྷུན་མཐོ་བ་བཞིས་བཟློག་སྟེ། རྡིབ་ནས་དུས་གཅིག་ལ་རྩྭ་དང་། ཤིང་དང་། ནགས་ཚལ་དང་། སྲོག་ཆགས་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་ན། དེ་དག་ལ་མགྱོགས་པས་འབྲོས་པའམ། ནོར་གྱིས་བསླུ་བའམ། སྟོབས་ཀྱིས་བཟློག་པའམ། ཐབས་ཀྱིས་ཐར་བའམ། སྨན་དང་། སྔགས་དང་། རྫས་ཀྱི་ནུས་པས་བཟློག་པའི་གོ་སྐབས་མེད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་སྐྱེ་བ་དང་། རྒ་བ་དང། ན་བ་དང་། འཆི་བའི་འཇིགས་པ་ཆེན་པོ་འདི་འོང་སྟེ། དེ་དག་ལ་མགྱོགས་པས་འབྲོས་པའམ། ནོར་དང་སྟོབས་ལ་སོགས་པས་བཟློག་པའི་གོ་སྐབས་མེད་དོ། །དེ་ཡང་རྒས་པས་ནི་དར་ལ་བབ་པ་འཇོམས་ཤིང་འོང་ངོ་། །ན་བས་ནི་ནད་མེད་པར་བདེ་བ་འཇོམས་ཤིང་འོང་ངོ་། །རྒུད་པས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་ངོ་། འཆི་བས་ནི་ཚེ་དང་སྲོག་འཇོམས་ཤིང་འོང་སྟེ། ཅིས་ཀྱང་བཟློག་པའི་ནུས་པ་མེད་དོ། །མི་རྟག་པའི་དཔེ་དུ་མ་ལ་བསམ་ནས་སྐྱོ་ཤས་བསྐྱེད་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཚོང་འདུས་མགྲོན་དང་ཆུ་འགྲམ་ལྗོན་ཤིང་དང་། །འབྲུག་སྒྲ་སྤྲིན་དང་འགྲོ་བ་ཉི་ཟླའི་འགྲོས། །མི་རྟག་གཡོ་བས་མྱུར་དུ་འཆི་བར་སོམས། །ཞེས་གསུངས་པ་ཚོང་འདུས་ཀྱི་འགྲོན་པོ་རྣམས་དར་ཅིག་ཚོགས་ཀྱང་གྱེས་ནས་འགྲོ་ལ། ལམ་དུའང་འཇིགས་པའི་དགྲ་ཡོད་པ་ལྟར་རང་ཅག་སོ་སོར་གྱེས་པའི་ཚེ་ནའང་། འཆི་བདག་གི་བདུད་དང་བར་དོའི་སྣང་བས་འཇིགས་ལ། ལམ་དུ་ལ་འཕྲང་བརྒལ་དགོས་པ་ལྟར་འཆི་བའི་ལ་འཕྲང་ལ་འགྲོ། ལམ་ན་གཡང་ས་དང་བདེ་སྡུག་ཡོད་པར་ལྟར་མཐོ་རིས་དང་ངན་སོང་གི་གནས་སུ་སོ་སོར་འགྲོ། མགྲོན་པོ་རྣམས་བདེ་སྡུག་སོ་སོར་མྱོང་བ་ལྟར། རིགས་དྲུག་སོ་སོའི་སྡུག་བསྔལ་ལ་སྤྱོད་པའོ། །དེ་སྐད་དུའང་མྱ་ངན་ལས་འདས་པའི་མདོ་ལས། བྱིས་པ་མ་རབས་རྣམས་ཚོང་འདུས་ཀྱི་མགྲོན་པོ་ལྟར་གྱེས་ནས་གཡང་ས་ཆེན་པོར་འཇུག་སྟེ། གྲོགས་མེད་གཅིག་པུ། ལམ་ཤིན་ཏུ་རིང་བོ། ཉིན་མཚན་དུ་མ་ཕྱིན་ཡང་མཐའ་མི་ཤེས་པར་འཇིགས་པའི་མུན་ནག་འཐོམ་པས། སྣང་བ་དང་སྒྲོན་མེ་མེད་པ། འགྲོ་བ་ལ་བར་ཆད་མང་བ། ཐབས་མེད་པའི་གནས་སུ་འགྲོ་བ། མཐོང་བ་ཙམ་གྱིས་མྱ་ངན་གྱིས་གདུང་བ། ལུས་ལ་ཁྱད་པར་ཡོད་ཀྱང་གར་འགྲོ་ངོ་མི་ཤེས་པའི་གཡང་སར་འགྲོའོ། །ཞེས་སོ། །ཡང་རང་གི་ལུས་འདི་ནི་ཆུ་འགྲམ་གྱི་གད་པ་ལ་སྐྱེ་བའི་ལྗོན་ཤིང་འདྲ་ལ། འཆི་བདག་གི་བདུད་ཆུ་བོ་འདྲ་བས་བརྐོའོ། །ལུས་དབྱར་ཀའི་ཁུང་རུལ་དང་འདྲ་བ་ལ། འཆི་བདག་གི་བདུད་ཆར་དང་འདྲ་བས་རྡིབ། ལུས་གཡང་ཁའི་སྡོང་རྒན་དང་འདྲ་བ་ལ། འཆི་བདག་འབྱུང་བོའི་རླུང་ནག་དང་འདྲ་བས་སྒྱེལ། ལུས་ཤིང་སྐམ་མམ་རྩི་སྦུར་འདྲ་བ་ལ། འཆི་བདག་མེ་དཔུང་གི་ཚོགས་དང་འདྲ་བས་བསྲེགས། ལུས་སྟོན་ཁའི་མེ་ཏོག་དང་འདྲ་བ་ལ་འཆི་བདག་དུས་ཀྱི་ལྷག་པ་དང་འདྲ་བས་སྐེམས་པའི་ཕྱིར་རྟག་ཏུ་སྐྱོ་ཤས་སྐྱེད་དགོས་ཏེ། དཔལ་སྦྱིན་ཞུས་པའི་མདོ་ལས། ལུས་ནི་ཆུ་འགྲམ་ཤིང་ལྟར་གཡོ་ཞིང་འགུལ། །ཁང་རྙིང་ལྟར་བུར་བཅོས་ལེགས་ཀྱིས་བརྟེན་དགོས། །ཆུ་ཀླུང་རྒྱུན་ལྟར་འཁྱིལ་བའི་རྒྱ་མཚོར་སྙོགས། །སྦུ་བ་ཆུ་བུར་ཆུ་ཤིང་སྨིག་རྒྱུ་འདྲ། །དེ་ལྟར་བརྟགས་ནས་ཉེས་མང་ལུས་འདི་ལ། །ལུས་སུ་བདག་འཛིན་སྲེད་ཞེན་ཀུན་ལྡོག་ཅིང་། །སྲོག་ཏུ་འདུན་པ་ལ་སོགས་ཀུན་དོར་ནས། །དེ་ལ་མི་བལྟ་ཕ་རོལ་ཕྱིན་རྫོགས་སྤྱོད། །ཅེས་སོ། །འབྲུག་དང་བྲག་ཆའི་སྒྲ་ཆེར་གྲགས་ཀྱང་རྗེས་མེད་པ་ལྟར། གཞན་གྱི་བདག་ལ་སྙན་མི་སྙན་བསྟོད་སྨད་ཅི་བྱས་ཀྱང་དགག་སྒྲུབ་ཅི་ཡང་མི་བྱ་ཞིང་། རང་གི་ངག་ལའང་བྲག་ཆ་འདྲ་བར་རྟོགས་ནས། ཆོས་ཐམས་ཅད་དེ་ལྟར་ཤེས་པས། དགའ་མི་དགའི་འདུན་པ་བཟློག་སྟེ། རྒྱ་ཆེར་རོལ་བ་ལས། འདོད་པའི་ཡོན་ཏན་སྒྲ་སྙན་བྲག་ཅ་འདྲ། །ཐོས་ཀྱང་མཚན་མར་མི་འཛིན་རང་སར་ལྟོས། །ཞེས་སོ། །སྤྲིན་དང་། ན་བུན་དང་། བར་སྣང་གི་འཇའ་ཚོན་རྣམས་རེ་ཞིག་སྣང་ཡང་ཡལ་ནས་འགྲོ་བ་ལྟར། ཕྱི་སྣང་བའི་ཡུལ་དང་། ནང་དགག་སྒྲུབ་ཀྱི་སེམས་ཐམས་ཅད་གློ་བུར་དུ་སྣང་ལ། གློ་བུར་དུ་ཡལ་ནས་འགྲོ་བས་དེ་ལ་བདེན་ཞེན་མེད་པ་བསླབ་སྟེ། དབུགས་འགྲོ་འོང་དེ་དང་ཆོས་མཚུངས་པར་ལྟ་བ་ནི། དགོངས་པ་ངེས་པར་འགྲེལ་བ་ལས། དབུགས་ཀྱི་འགྲོ་འོང་གནས་པ་མི་རྟག་སྟེ། །སྤྲིན་དང་ན་བུན་སེར་བུ་དུད་པ་འདྲ། །རྐྱེན་མེད་རང་སར་ཡལ་བར་གྱུར་ལ་ལྟོས། །ཞེས་སོ། །མི་དང་དུད་འགྲོ་ལ་སོགས་སྔར་ཤི་བ། ད་ལྟ་ཤི་བ་ཐོས་པ་རྣམས་ལ་བསམ་སྟེ་རང་ལ་ནང་དུ་སྦྱར་བ་ནི། སྔ་མ་ལས། སེམས་ཅན་གཞན་དང་ཁྱད་པར་མི་ཡི་ལུས། །རྒྱལ་ཁམས་གཞན་དང་རང་གི་ཡུལ་རྣམས་སུ། །ཉེ་རིང་དགྲ་གཉེན་ཤི་བའི་དཔེ་མཐོང་ནས། །བདག་ཉིད་འཆི་བར་མི་ཤེས་འགྲོ་བ་བླུན། །ཞེས་སོ། །ཉི་ཟླ་དང་། མར་མེ་ཤི་བ་ལ་སོགས་ལ་བལྟས་ནས། ཚེ་འདིའི་སྣང་བ་ནུབ་ཀྱང་སེམས་རང་གསལ་གྱི་འཛིན་པ་ཡལ་ནས་མི་རྟག་པ་བསམ་སྟེ། དེ་ཉིད་ལས། ཉི་ཟླ་གཟའ་སྐར་རླུང་གིས་བསྐྱོད་པ་དང་། །མར་མེའི་མེ་ལྕེ་རླུང་གིས་བསྐྱོད་པ་ལྟར། །ཚེ་འདིར་སྐད་ཅིག་ཡུད་ཙམ་མི་སྡོད་པས། །དོན་ཆེན་བྱ་བ་གང་ཡང་བསྒྲུབ་པར་འབད། །ཅེས་སོ། །ཆོས་ཉིད་དཔུང་གཉེན་ཡིན་པས་བརྟེན་པར་གདམས་པ་ནི། ཡོན་ཏན་རིན་པོ་ཆེའི་མཛོད་ལས། འཆི་དུས་དཔུང་གཉེན་མཆོག་གསུམ་དགེ་ཚོགས་ཏེ། དམ་པ་བསྟེན་ཞིང་སྙིང་པོའི་དོན་བསྒྲུབ་འཚལ། འཆི་བའི་དུས་དང་བར་དོའི་འཕྲང་ལ་སྐྱབས་དང་དཔུང་གཉེན་ནི་བླ་མ་དམ་པ་སྔར་བཤད་པའི་མཚན་ཉིད་ཅན། དཀོན་མཆོག་དམ་པ་སངས་རྒྱས་ཆོས་དང་དགེ་འདུན་གསུམ། ཡི་དམ་དམ་པ་ཞི་ཁྲོ་ལ་སོགས་དཀྱིལ་འཁོར་དང་མཁའ་འགྲོའི་ཚོགས་ཏེ་ལམ་སྣ་འདྲེན་ཞིང་བར་ཆད་སེལ་བས་བདེ་ཆེན་ཐར་བའི་གོ་འཕང་ལ་འགོད་པའི་ཕྱིར་རོ། །དེས་ན་ད་ལྟ་ཉིད་ནས་དམ་པ་དེ་གསུམ་བསྟེན་པ་ལ་བརྩོན་པ་ཆེན་པོས་འབད་དོ། །དེ་ཡང་བསྟེན་པས་བསྟོངས་ངེས་པ་དགེ་བའི་བཤེས་གཉེན་ཡིན་པས། བླ་མ་དམ་པ་དང་འབྲལ་མེད་དུ་བསྟེན་དགོས། སྐྱབས་གནས་ཀྱིས་བསྟོངས་ངེས་པ་དཀོན་མཆོག་ཡིན་པས་དེ་གསུམ་ལ་སྐྱབས་སུ་འགྲོ་དགོས། སོ་ནམ་གྱིས་བསྟོངས་ངེས་པ་ཆོས་སྤྱོད་ཡིན་པས་དགེ་སྦྱོར་ཕྱོགས་མེད་དུ་བྱེད་དགོས། ཡོ་བྱད་ཀྱིས་བསྟོངས་ངེས་པ་ཚོགས་གཉིས་ཡིན་པས་རྒྱུན་དུ་གཡེལ་བ་མེད་པར་བསགས་དགོས། གནས་ཁང་གིས་བསྟོངས་ངེས་པ་བསམ་གཏན་ཡིན་པས་ཞི་ལྷག་གི་མཁར་པོ་བརྩིག་དགོས། གྲོགས་ཀྱིས་བསྟོངས་ངེས་པ་ཆོས་ལྡན་གྱི་སྐྱེས་བུ་ཡིན་པས་མཆེད་གྲོགས་ལ་གུས་པས་འགྲོགས་དགོས། འབྲས་བུས་བསྟོངས་ངེས་པ་སྐུ་གསུམ་ཡིན་པས་སངས་རྒྱས་བརྩོན་པས་བསྒྲུབ་དགོས་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་གླིང་དང་གནས་དང་མགོན་དང་བསྟེན་པར་འགྱུར་རོ། །དཔེར་ན་གྲང་བས་ཉེན་པ་ལ་མེ་དང། ཚ་བས་ཉེན་པ་ལ་བསིལ་ཁང་དང་། སྐོམ་པས་ཉེན་པ་ལ་ཆུ་བསིལ་དང་། མགྲོན་པོ་ངལ་ཞིང་དུབ་པ་ལ་གྲིབ་མ་དང་། ལམ་རིང་པོར་ཞུགས་པ་ལ་བཞོན་པ་དང་། ཉལ་བ་ལ་གནས་མལ་བཟང་པོ་དང་། བཀྲེས་པ་ལ་ཟས་བཟང་པོ་དང་། གདུང་བ་ལ་ཚིམས་པར་བྱེད་པ་དང་། ལམ་སྟོར་བ་ལ་ས་མཁན་དང་། ནད་ཀྱིས་བཏབ་པ་ལ་སྨན་པ་དང་། འདམ་དུ་བྱིང་བ་ལ་འཇུ་ཐག་དང་། ཆུ་བོས་ཁྱེར་བ་ལ་གྲུ་རྫིངས་དང་། བརྒལ་བར་དཀའ་བ་ལ་ཟམ་པ་དང་། ཉམ་ང་བ་ལ་འབབ་སྟེགས་དང་། མུན་ཁུང་དུ་སྒྲོན་མེ་དང་། རྒྱ་འཚོ་ཆེན་པོ་ལ་གྲུ་དང་། དབུལ་པོ་ལ་ནོར་དང་། ལས་བྱེད་པ་ལ་གྲོགས་དང་། གཅོད་པ་ལ་ལག་ཆ་དང་། གཡུལ་ངོར་འཇུག་པ་ལ་གོ་ཆ་དང་། འཇིགས་པ་ལ་སྐྱེལ་མ་བཟང་པོ་དང་། འཐབ་པ་ལ་དཔུང་གཉེན་དང་། མུ་གེ་ལ་འབྲུ་དང་། དོགས་པ་ལ་གོ་འབྱེད་པ་དང་། འཁྱམ་པ་ལ་གནས་དང་། ཉེས་པ་ལ་མགོན་སྐྱབས་བྱེད་པ་ལྟ་བུའོ། །ཞེས་སོ། །དེ་ལྟ་བུའི་དཔེ་དང་གཏན་ཚིགས་ཀྱི་སྒོ་ནས་འགྲོ་འཆག་ཉལ་འདུག་ལ་སོགས་པའི་སྤྱོད་ལམ་ཀུན་ཏུ་འཆི་བ་དྲན་པར་བྱ། ཟ་འཆག་ཉལ་འདུག་ལ་སོགས་པ་སྤྱོད་ལམ་ཐམས་ཅད་དུ་སེམས་ཀྱིས་འཆི་བ་འབའ་ཞིག་དྲན་པར་བྱ་སྟེ། འགྲོ་ན་གོམ་པ་འདོར་བ་མི་རྟག་པས་སངས་རྒྱས་ཀྱི་ས་ལ་གནས་པར་བསྐུལ་མ་གདབ། འདུག་ན་གནས་མི་རྟག་པས་འགྱུར་མེད་ཀྱི་ས་ལ་གནས་པར་བསྐུལ་མ་གདབ། ལངས་ན་འགྲེངས་བར་མི་རྟག་པར་མཉམ་ཉིད་ཀྱི་ངང་ལ་ལངས་པར་བསྐུལ་མ་གདབ། བཟའ་བཏུང་སྤྱོད་ལམ་མི་རྟག་པ་ཏིང་ངེ་འཛིན་གྱི་ཟས་སུ་བསྐུལ་མ་གདབ། གནས་ཁང་མི་རྟག་པ་ཆོས་སྐུ་མཉམ་ཉིད་ཀྱི་ཕོ་བྲང་དུ་གནས་པར་བསྐུལ་མ་གདབ། བསྐུམས་པ་མི་རྟག་པས་འདུ་བྱེད་ཀྱི་བྱ་བ་བསྐུམས་པར་བསྐུལ་མ་གདབ། རྐྱང་བ་མི་རྟག་པས་འཇིག་རྟེན་ལས་འདས་པའི་སྣང་བ་བག་ཡངས་སུ་སྤྱོད་པ་བསྐུལ་མ་གདབ། ཉལ་བ་མི་རྟག་པས་གནས་ལུགས་ཀྱི་ངང་ལ་ཉལ་བར་སྐུལ་མ་གདབ། བགྲོད་ན་ལམ་མི་རྟག་པས་བྱང་ཆུབ་ཀྱི་ལམ་ལ་འཇུག་པར་བསྐུལ་མ་གདབ། འཇིགས་པའི་སྒྲ་མི་རྟག་པས་ཉོན་མོངས་པའི་དགྲ་ལས་རྒྱལ་བར་བསྐུལ་མ་གདབ། སྨྲ་བའི་ཚིག་མི་རྟག་པས་བཟླས་བརྗོད་ཁ་ཏོན་ལ་བསྐུལ་མ་གདབ། བྱ་བྱེད་ཀྱི་སོ་ནམ་མི་རྟག་པས་རྟག་ཏུ་ཆོས་སྤྱོད་ལ་གནས་པར་བསྐུལ་མ་གདབ། ཁ་ཟས་བཏུང་བ་མི་རྟག་པས་ལྷའི་དཀྱིལ་འཁོར་མཆོད་པར་བསྐུལ་མ་གདབ། ནོར་རྫས་མི་རྟག་པས་འཕགས་པའི་ནོར་བདུན་བསོག་པར་བསྐུལ་མ་གདབ། ཆེ་བཙན་གྱི་སྙན་གྲགས་མི་རྟག་པས་རྟག་དུ་དམའ་སར་བཟུང་བར་བསྐུལ་མ་གདབ། འདོད་ཡོན་མི་རྟག་པས་ཚོགས་གཉིས་ཀྱི་ལས་ལ་བསྐུལ་མ་གདབ། སེམས་ཅན་སྐྱེ་འགྲོ་མི་རྟག་པས་བྱང་ཆུབ་ཀྱི་ལམ་ལ་འགོད་པར་བསྐུལ་མ་གདབ། གློ་བུར་གྱི་འཆི་རྐྱེན་མི་རྟག་པས་འཆི་མེད་ཀྱི་བཙན་ས་བཟུང་བར་བསྐུལ་མ་གདབ། ཁྲུས་དང་གཙང་སྦྲ་མི་རྟག་པས་སྟོབས་བཞིས་སྡིག་སྒྲིབ་སྦྱང་བར་བསྐུལ་མ་གདབ། དུག་ལྔ་ཉོན་མོངས་མི་རྟག་པས་རང་བྱུང་གི་ཡེ་ཤེས་རྟོགས་པར་བསྐུལ་མ་གདབ། སྣང་བ་འཇིག་རྟེན་མི་རྟག་པས་སངས་རྒྱས་ཀྱི་ཞིང་དག་པར་བསྐུལ་མ་གདབ། གྲགས་པའི་སྒྲ་སྐད་མི་རྟག་པས་ཆོས་ཀྱི་སྒྲ་དབྱངས་སྒྲོག་པར་བསྐུལ་མ་གདབ། དྲན་རིག་གི་རྣམ་རྟོག་མི་རྟག་པས་སྤངས་རྟོགས་ཀྱི་ཡེ་ཤེས་རྒྱས་པར་བསྐུལ་མ་གདབ། ལས་བརྒྱ་པ་ལས། རྟག་ཏུ་སྤྱོད་ཡུལ་ཐམས་ཅད་དུ། །འཆི་བདག་རྗེས་སུ་དྲན་པར་བྱ། །ཞེས་པ་དང་། སྤྱོད་འཇུག་ལས། ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་པ་དང་། མྱ་ངན་འདས་མདོ་ལས། ཞིང་རྨོ་བ་རྣམས་ཀྱི་ནང་ནས་སྟོན་གྱི་ལོ་ཏོག་རྙེད་པ་འདི་ཉིད་མཆོག་གོ རྗེས་ཐམས་ཅད་ཀྱི་ནང་ནས་ཁྱུ་མཆོག་གི་རྗེས་མཆོག་གོ འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་གོ །འདིས་ནི་ཁམས་གསུམ་གྱི་འདུ་ཤེས་ཐམས་ཅད་བཟློག་པར་བྱེད་དོ། །ཞེས་པ་དང་། འདུལ་བ་ལས། དགེ་སློང་བརྒྱ་ལ་གདུགས་ཚོད་ཡོན་དང་བཅས་པ་སྦྱིན་པ་བས། འདུས་བྱས་མི་རྟག་པར་སེམས་པའི་སྐད་ཅིག་མ་མཆོག་གོ །ཞེས་སོ། །ད་ནི་དེ་གོམས་པའི་རྟགས་ཚད་བསྟན་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གོམས་པའི་ཚད་ནི་འདུས་བྱས་འཇིག་པར་མཐོང་། །བརྩོན་ལྡན་འཇིགས་དང་ཚེ་འདིའི་བྱ་བ་དོར། །སྐད་ཅིག་ཙམ་ཡང་ཐ་མལ་མི་སྡོད་ཅིང་། །ངེས་འབྱུང་སྐྱོ་ཤས་བློ་སྣ་ཐུང་བ་འབྱུང་། །ཞེས་པས་མི་རྟག་པ་ཉིན་མཚན་དུ་བསམ་པ་ལས། སྣང་བ་གང་ཡང་འཇིག་པར་མཐོང་བས་ཕྱི་ཡུལ་ལ་མི་ཞེན་པའི་བློ་གཏིང་ནས་སྐྱེ་བ་དང་། དགེ་བ་ལ་བརྩོན་འགྲུས་མེ་འབར་བ་འདྲ་བའི་བློ་སྐྱེ་བ་དང་། འཁོར་བའི་སྡུག་བསྔལ་ལ་འཇིགས་སྔངས་སྐྲག་པ་ཐུན་མོང་མ་ཡིན་པ་སྙིང་ནས་སྐྱེ་བ་དང་། འཆི་བའི་ཚེ་ཅིས་ཀྱང་མི་བསྟོངས་པར་ཤེས་ནས་ཚེ་འདིའི་བྱ་བ་འདོར་བ་དང་། སྐད་ཅིག་ཙམ་ཡང་ཐ་མལ་སོས་དལ་དུ་མི་སྡོད་པར་སྒོ་གསུམ་ཆོས་ལ་སྤྱོད་པ་དང་། ལས་འབྲས་ཀྱི་སྨིན་སོ་མཐོང་བས་ངེས་འབྱུང་སྐྱོ་ཤས་སྐྱེས་བ་དང་། ནམ་འཆི་ངེས་མེད་དུ་ཤེས་པས་གང་ལ་ཡང་བློ་ལྟོས་མི་འཆའ་བ་རྣམས་ནི། མི་རྟག་པ་སྙིང་ནས་གོམས་པའི་རྟགས་དང་ཚད་དོ། །ད་ནི་དེ་ལྟར་གོམས་པའི་ཕན་ཡོན་གྱིས་མཇུག་བསྡུ་བ་ནི། དེ་ཉིད་ལས། དེ་ཡི་ཕན་ཡོན་ཤིན་ཏུ་མཐའ་ཡས་ཏེ། །འཁོར་བའི་ཉེས་སྤངས་ཡོན་ཏན་ངང་གིས་འདུ། །རྟག་འཛིན་ལས་གྲོལ་དགྲ་གཉེན་ཆགས་སྡང་ཞི། །དགེ་ལ་རབ་བརྩོན་ཚེ་འདི་འཁྲུལ་བར་ཤེས། །ཚོགས་གཉིས་རབ་རྫོགས་གྲགས་ལྡན་ལྷས་གཟིགས་ཤིང་། །བདེ་བར་ཚེ་ཡི་དུས་བྱེད་མཐོ་རིས་འགྲོ། །མྱུར་དུ་འཆི་མེད་བདུད་རྩིའི་གོ་འཕང་ཐོབ། །ཅེས་མི་རྟག་པ་རྒྱུད་ལ་ལེགས་པར་སྐྱེས་པ་ན་འཁོར་བའི་ཆོས་ལ་སྐྱོ་ཤས་དང་ཡིད་འབྱུང་གཏིང་ནས་སྐྱེ་བས་ཚེ་འདིའི་ཆོས་ལས་བློ་ལྡོག་པའི་ཕན་ཡོན་ཡོད་དོ། ཞེན་པ་ལོག་པའི་ལུགས་ནི་ཅིས་ཀྱང་མི་ཕན་འཆི་ངེས་སྙམ་པ་ཕ་བསད་ཀྱི་བུས་བཟུང་བ་ལྟ་བུའམ། ཉ་མོ་རྒྱ་ལ་ཟིན་པ་ལྟ་བུའམ། ཆད་པས་ཕོགས་པ་གཤེད་མའི་ལག་ཏུ་གཏད་པ་ལྟ་བུའམ། དུག་སྦྲུལ་གྱི་ཚང་དུ་ཚུད་པ་ལྟ་བུའམ། སྲིན་པོའི་ཁ་ནང་དུ་ཕྱིན་པ་ལྟ་བུའམ། སྲིན་མོའི་གླིང་དུ་ཚུད་པ་ལྟ་བུའམ། ཆུ་སྲིན་གྱི་ཁ་ནང་དུ་ཚུད་པ་ལྟ་བུའམ། རྒྱ་མཚོའི་རྫིངས་ཞིག་པ་ལྟ་བུའམ། ཆུ་བོའི་གྲུ་བྱིང་བ་ལྟ་བུའམ། འཇིགས་སར་བསྐྱེལ་མས་བསླུས་པ་ལྟ་བུའམ། ཐར་མེད་ཀྱི་གཡང་སར་ལྷུང་བ་ལྟ་བུའམ། སྙིང་ལ་མདས་ཟིན་པ་ལྟ་བུ་སྟེ། ཅིས་ཀྱང་ཕན་མེད་དུ་ཤེས་ནས་འཁོར་བའི་བྱ་བ་སྤང་བ་སྟེ། མྱ་ངན་ལས་འདས་པའི་མདོ་ལས། རྟག་ཏུ་དགྲ་ལྟར་སྡུག་བསྔལ་འབྲེལ་བ་གང་། །མི་གཙང་ལུས་དང་འདོད་པ་དེ་དག་ལ། །ཕན་འདོད་སྡུག་བསྔལ་བསལ་འདོད་སུ་ཞིག་དགའ། །མི་རྟག་འདོད་པ་རྣམས་ལ་ཆགས་པ་མེད། །ཅེས་སོ། །སྔར་མེད་པའི་ཡོན་ཏན་མང་པོའམ་རྒྱུད་ལ་སྐྱེ་བ་དང་། རྟག་འཛིན་གྱི་བློ་ལས་ལོག་པ་དང་། དགྲ་གཉེན་ལ་ཆགས་སྡང་མེད་པ་དང་། རྟག་ཏུ་དགེ་བ་ལ་བརྩོན་པ་དང། ཚེ་འདི་འཁྲུལ་སྣང་དུ་ཤེས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པ་དང་། ཆོས་དང་མཐུན་པའི་གྲགས་པ་དང་ལྡན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོངས་པ་དང། དགའ་བ་དང། སྤྲོ་བ་དང་བཅས་ནས་ཚེའི་དུས་བྱེད་ཅིང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་དང་། སྐྱེས་མ་ཐག་ནས་དམ་པའི་ཆོས་དང་། བླ་མ་དགེ་བའི་བཤེས་གཉེན་དང་འཕྲད་པ་དང་། རྟག་ཏུ་རང་དབང་ཡོད་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བ་དང་། ཚངས་པར་སྤྱོད་པ་ཚེའི་མཐའ་ཐུག་པར་ཐུབ་པ་དང་། ཉིན་མཚན་ཆོས་ཀྱིས་འདའ་བ་དང་། ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་པ་དང་། སྐྱེ་བུ་དམ་པ་རྣམས་དང་འགྲོགས་པ་དང་། མྱུར་དུ་རྫོགས་པའི་སངས་རྒྱས་འགྲུབ་པ་ལ་སོགས་པ་ཕན་ཡོན་གྱི་སྒོ་དཔག་ཏུ་མེད་པ་གསུངས་སོ། །གསུམ་པ་དེ་ལྟར་ཆོས་རྣམས་ཀྱི་ནང་ནས་ལས་རྒྱུ་འབྲས་ནི། དེ་ཡང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ནས་དད་ལྡན་རྣམས་ཀྱི་བསམ་བྱ་བ། །རྒྱུ་འབྲས་ལས་དེ་དགེ་སྡིག་བླང་དོར་བྱ། ཞེས་གསུངས་པས། དེ་ཡང་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ནི་ལས་དགེ་བ་དང་མི་དགེ་བ་གཉིས་ཡིན་པས་འདིར་ཐར་བ་འདོད་པ་དག་གིས་བླང་དོར་དུ་བྱ་བའོ། །ལས་ཀྱི་རྣམ་གྲངས་ལས། གཅིག་ཏུ་དཀར་བའི་ལས། ནག་པའི་ལས། འདྲེས་པའི་ལས། བསམ་པ་དཀར་ལ་སྦྱོར་བ་ནག་པ། བསམ་པ་ནག་ལ་སྦྱོར་བ་དཀར་བའམ། བསམ་སྦྱོར་གཉིས་ཀ་ནག་པ། མཐོང་ཐོས་འབྲས་བུ་ཅན། སྐྱེས་ནས་མྱོང་འགྱུར། ལན་གྲངས་གཞན་ལ་མྱོང་བ། ལས་དཀར་རྣམ་སྨིན་དཀར་བ་ལ། ལས་ནག་རྣམ་སྨིན་ནག་པ། འཕེན་བྱེད་དགེ་བ་ལས་རྫོགས་བྱེད་དགེ་བ། འཕེན་བྱེད་མི་དགེ་བ་ལས་རྫོགས་བྱེད་མི་དགེ་བ། འཕེན་བྱེད་མི་དགེ་བ་ལས་རྫོགས་བྱེད་དགེ་བ་དང་། རྫོགས་བྱེད་མི་དགེ་བ་ལས་འཕེན་བྱེད་དགེ་བ་ཡང་ཡོད་དོ། །དེ་ཡང་སྤྱོད་འཇུག་ལས། རེ་ཞིག་གསོན་ཚེ་འདི་ཉིད་ལའང་། །མཛའ་དང་མི་མཛའ་དུ་མ་འདས། །དེ་དག་དོན་དུ་བྱས་པའི་སྡུག །མི་བཟད་གང་ཡིན་མདུན་ན་གནས། །ཞེས་གསུངས་པ་ལྟར་བདག་གིས་བྱས་པའི་ལས་གཞན་ལ་མི་སྨིན། གཞན་གྱིས་བྱས་པའི་ལས་བདག་ལ་མི་སྨིན། ལས་མ་བྱས་དང་མི་འཕྲད། བྱས་པའི་ལས་ཆུད་མི་ཟ། དཀར་ནག་གི་ལས་མི་འཆོལ་བས་ཤིན་ཏུ་ཕྲ་བ་ནས་འདོར་ལེན་བྱའོ། །བྱམས་པ་ཆེན་པོའི་མདོ་ལས། རྣམ་རྟོག་མ་ཟད་བར་དུ་ལས་ཡོད་པས། །ལས་ཀྱི་རྣམ་པར་སྨིན་པ་ཡིད་ཆེས་བྱ། །སྡིག་པ་ཆུང་ཡང་མི་བསྙས་སྤང་ཞིང་བཤགས། །ཆུ་ཐིག་བསགས་པའི་རྒྱ་མཚོ་ཆེན་པོ་བཞིན། །དགེ་བ་ཆུང་ཡང་མི་བརྙས་དང་དུ་བླང་། །རྡུལ་ཕྲན་བསགས་པས་རི་རབ་གླིང་ཁམས་བཞིན། །སྟོང་པ་ཉིད་ཀྱི་རྩི་ཡིས་ཟིན་གྱུར་ན། །དུག་ལ་སྔགས་ཀྱིས་ཟིན་པ་ཇི་བཞིན་ནོ། །ཞེས་གསུངས། སྤྱོད་འཇུག་ལས། དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་བ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་པ་དང་། སོ་སོར་ཐར་པ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པ་སྤྱད། །རང་གིས་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་བ་བཞིན་ནོ། །འོ་ན་གང་ཞིག་དགེ་བ་ཡིན་ཞེ་ན། འདི་སྐད་དུ་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དགེ་བའི་ལས་ནི་བསོད་ནམས་ཆ་མཐུན་དང་། །ཐར་བ་ཆ་མཐུན་རྣམ་པ་གཉིས་དག་ལས། །ཞེས་དང་པོ་གང་ཡིན་ཞེ་ན། དེ་ཉིད་ལས། སྲིད་པ་བདེན་འབྲས་བསྐྱེད་པ་དགེ་བ་རྣམས། །བསོད་ནམས་ཆ་མཐུན་ལེགས་པར་ཐུབ་པས་གསུངས། །རྣམ་གྲངས་མང་ཡང་བསྡུ་ན་དགེ་བ་བཅུ། །ཞེས་དེ་ལ་སྤྱིར་དགེ་བ་ནི་འབྲས་བུ་བདེ་བ་སྐྱེད་པ་ཙམ་གྱི་རྒྱུ་ཐམས་ཅད་དེ། སྲིད་པ་དང་ཞི་བ་གཉིས་ཆར་གྱི་མངོན་པར་མཐོ་བ་དང་ངེས་པ་ལེགས་པར་བསྐྱེད་པའོ། །སྡུག་བསྔལ་གྱི་རྒྱུ་མི་དགེ་བས་ནི་ངན་འགྲོ་དང་སྡུག་བསྔལ་ཐམས་ཅད་བསྐྱེད་པ་ཡིན་པར་ཤེས་པར་བྱ་སྟེ། རིན་ཆེན་འཕྲེང་བ་ལས། དགེ་བ་ལས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །མི་དགེ་བ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་སོ། །དེ་ལ་དགེ་བ་ནི་གཉིས་ཏེ། བསོད་ནམས་ཆ་མཐུན་སྲིད་པའི་བདེ་འབྲས་ཙམ་བསྐྱེད་ནས་ཟད་པར་འགྱུར་བ་དགེ་བ་བཅུ་དང་། བསམ་གཏན་བཞི་དང་། གཟུགས་མེད་བཞི་སྟེ་ཐར་བ་དང་མ་འབྲེལ་བ་རྣམས་དང་། ཐར་བ་ཆ་མཐུན་མྱ་ངན་ལས་འདས་པའི་རྒྱུར་མཐུན་པ་རྣམས་སོ། །དང་པོ་བསོད་ནམས་ཆ་མཐུན་གྱི་དགེ་བ་བཅུ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ལུས་གསུམ་ངག་བཞི་ཡིད་ཀྱི་གསུམ་དག་སྟེ། །འདི་བཅུ་བསམ་གཏན་གཟུགས་མེད་མ་འབྲེལ་པས། །འདོད་པའི་ལྷ་མིར་བདེ་འབྲས་བསྐྱེད་པ་ཉིད། །ཅེས་གསུངས་པ་ལྟར་སྲོག་བཅོད་པ། མ་བྱིན་པ་ལེན་པ། འདོད་པས་ལོག་པར་གཡེམ་པ་གསུམ་སྤངས་པ་ནི། ལུས་ཀྱི་དགེ་བའི་ལས་གསུམ་མོ། །རྫུན་དང་ཕྲ་མ་ངག་འཁྱལ་ཚིག་རྩུབ་བཞི་སྤངས་བ་ནི་ངག་གི་ལས་དགེ་བ་བཞིའོ། །བརྣབ་སེམས། །གནོད་སེམས། །ལོག་ལྟ་སྟེ་གསུམ་སྤངས་པ་ནི་ཡིད་ཀྱི་ལས་དགེ་བ་གསུམ་མོ། །དགེ་བ་བཅུ་པོ་འདི་ཉིད་སྤྱད་པའི་རང་བཞིན་བསམ་གཏན་གཟུགས་མེད་སྒོམ་པ་དང་མ་འབྲེལ་ན་རྣམ་སྨིན་གྱི་འབྲས་བུ་མཐོ་རིས་ལྷ་མིའི་བདེ་བ་ལ་ལོངས་སྤྱོད་པའོ། །དེ་ཡང་གླིང་བཞི་གླིང་ཕྲན་གྱི་མི་དང་འདོད་ལྷ་དྲུག་པོ་ཐོབ་པའོ། །དགེ་བ་བཅུ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བསམ་གཏན་གཟུགས་མེད་དང་འབྲེལ་གོང་མ་གཉིས། །དགེ་བས་བདེ་འགྲོ་བདེ་བའི་རིགས་ཀུན་བསྐྱེད། །ཅེས་དགེ་བ་བཅུ་དང་བསམ་གཏན་བཞི་སྦྲེལ་ནས། འབྱོངས་ན་གཟུགས་ཀྱི་ཁམས་སུ་སྐྱེ་ལ། དགེ་བ་བཅུ་དང་གཟུགས་མེད་བཞི་འབྲེལ་བ་ཚད་དུ་ཕྱིན་པས་སྐྱེ་མཆེད་མུ་བཞི་ཐོབ་པའོ། །དེ་ཡང་འཕེན་བྱེད་དང་བདེ་བའི་ཆར་རྫོགས་བྱེད་ཀྱི་ལས་དགེ་བ་བཅུས་བྱེད་ལ། བསམ་གཏན་གཟུགས་མེད་ཀྱི་རང་སའི་སེམས་སུ་འགྲུབ་པ་བསམ་གཏན་གཟུགས་མེད་བསྒོམས་པ་གྲུབ་པ་དེས་བྱེད་དོ། །དེ་ལྟར་ན་དགེ་བས་བདེ་བའི་རིགས་དང་མཐོ་རིས་སུ་སྐྱེ་བའི་ལུས་མངོན་པར་འགྲུབ་པ་ཡིན་ནོ། །དགེ་བ་བཅུའི་རྣམ་སྨིན་གྱི་འབྲས་བུ་མཐོ་རིས་ལྷ་མི་ཡིན་ལ། བདག་པོའི་འབྲས་བུ་ཡུལ་ལ་སྨིན་པའི་ཆ་མེ་ཏོག་དང་འབྲས་བུས་བརྒྱན་ཞིང་འཚེ་བ་མེད་ལ་བགྲོད་བདེ་བ་ལ་སོགས་པའོ། །རྒྱུ་མཐུན་གྱི་འབྲས་བུ་ལ་བྱེད་པ་རྒྱུ་མཐུན་དགེ་བ་བཅུ་བྱེད་པར་སྤྲོ་ཞིང་། མྱོང་བ་རྒྱུ་མཐུན་གྱིས་ཚེ་རིང་བ་དང་ནད་མེད་པ་དང་ལོངས་སྤྱོད་དང་ལྡན་པ་ལ་སོགས་པའོ། །དེ་དག་ཆ་ཤས་དབྱེ་བས་བསྟན་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྲོག་གཅོད་སྤངས་པས་ཚེ་རིང་ནད་མེད་ཅིང་། །མ་བྱིན་ལེན་སྤངས་འབྱོར་བ་ཕུན་སུམ་ཚོགས། །ལོག་པར་གཡེམ་སྤངས་ཁྱིམ་ཐབ་དགྲ་ཟླ་མེད། །ཅེས་གསུངས་པ་ལྟར་ལུས་ཀྱི་ལས་མི་དགེ་བ་གསུམ་སྤངས་ཏེ་དགེ་བར་སྤྱད་པས། ཚེ་རིང་བ་དང་། ནོར་འབྱོར་བ་དང་། ཁྱིམ་ཐབ་རང་དབང་དང་བཅས་པ་ཐོབ་ལ། ངག་གི་ལས་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། རྫུན་དུ་སྨྲ་སྤངས་གཞན་གྱི་བསྟོད་པ་སྟེ། །རྩུབ་མོ་རྣམས་སྤངས་སྙན་པར་སྨྲ་བས་བདེ། །ཕྲ་མ་རྣམས་སྤངས་མཐོང་ན་མི་མཐུན་མེད། །བཀྱལ་བ་སྤངས་བས་ཚིག་བཟུང་འོས་པར་འགྱུར། །ཞེས་གསུངས་པས་ངག་གི་ལས་མི་དགེ་བ་བཞི་སྤངས་པ་ལས་ནི་ཀུན་གྱི་བསྟོད་པ་དང་། སྙན་པར་གྲགས་པ་དང་། མཐོང་ན་ཡིད་དུ་འོང་ཞིང་འཁོར་འདུན་པ་དང་། ཚིག་ཡིད་ཆེས་པའི་གནས་སུ་འཛིན་པ་ཐོབ་པའོ། །ཡིད་ཀྱི་ལས་ནི། དེ་ཉིད་ལས། བརྣབ་སེམས་སྤངས་བས་རེ་བ་འགྲུབ་པ་སྟེ། །གནོད་སེམས་སྤངས་བས་ཡིད་འོང་མཐོང་ན་ཞི། །ལོག་པར་ལྟ་སྤངས་ལྟ་བ་བཟང་པོ་དེ། །མཐོ་རིས་བསྒྲོད་པའི་ཤིང་རྟ་དགེ་བ་བཅུ། །མངོན་མཐོ་བདེ་འདོད་རྣམས་ཀྱིས་དང་དུ་བླངས། །ཞེས་གསུངས་པས་ཡིད་ཀྱི་ལས་མི་དགེ་བ་གསུམ་སྤངས་བ་ལས། བསམ་པ་བཞིན་དོན་ཐམས་ཅད་འགྲུབ་པ་དང་། ཕ་རོལ་གྱིས་མཐོང་ན་ཞི་ཞིང་དེས་ལ་ཡིད་དུ་འོང་བ་དང་། སྐྱེས་མ་ཐག་ནས་སྲིད་པ་དང་སྐྱེ་བ་ཀུན་ཏུ་རྒྱུ་འབྲས་ལ་ཡིད་ཆེས་པའི་ལྟ་བ་དང་ལྡན་པའོ། །རིན་ཆེན་འཕྲེང་བ་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བ་མི་འགྱུར་རོ། །ཞེས་གསུངས་པ་བཞིན། འདི་བཅུ་ནི་བདེ་འགྲོ་དང་བདེ་བ་འདོད་པས་སྤྱད་དོ། །དེ་ཡང་སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་སུ། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་ལྟར་རོ། །ད་ནི་དགེ་བའི་མི་མཐུན་པའི་ཕྱོགས་ནི། དེ་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། མི་དགེ་ལས་བཅུ་ངན་འགྲོར་སྡུག་བསྔལ་རྒྱུ། ཆེ་འབྲིང་ཆུང་ངུ་དམྱལ་བ་ཡིད་དྭགས་དང་། །དུད་འགྲོར་ལྟུང་གྱུར་སྣ་ཚོགས་སྡུག་བསྔལ་ལྡན། །ཞེས་དེ་ཡང་སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་འཁྱལ་དང་། ཚིག་རྩུབ་མོ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྟེ། མི་དགེ་བ་བཅུ་ནི། མཛོད་ལས། སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བ་ནི་གཞན་གསད་པའོ། །མ་བྱིན་ལེན་པར་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །བགྲོད་མིན་བགྲོད་པར་འདོད་པ་ཡི། །ལོག་པར་གཡེམ་པ་རྣམ་པ་བཞི། །རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཕྲ་མ་ཕ་རོལ་དབྱེ་བའི་ཚིག །མི་སྙན་བརྗོད་པ་རྩུབ་མོ་སྟེ། །ཉོན་མོངས་ཅན་ཀུན་བཀྱལ་བ་ཡིན། །བསྟན་ཆོས་ངན་བཞིན་བརྣབ་སེམས་ནི། །ལོག་པས་གཞན་གྱི་ནོར་ལ་ཆགས། །གནོད་སེམས་སེམས་ཅན་ལ་སྡང་བ། །དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་འདི་ལ། །ཞེས་པ་བཞིན་ནོ། །དེ་ལྟ་བུའི་མི་དགེ་བ་བཅུ་ཆུང་ངུར་སྤྱད་པས་དུད་འགྲོ། འབྲིང་གིས་ཡི་དྭགས། ཆེན་པོས་དམྱལ་བ་མྱོང་བ་ནི། རྣམ་པར་སྨིན་པའི་འབྲས་བུའོ། །རྒྱུ་མཐུན་པའི་འབྲས་བུའི་བྱེད་པ་རྒྱུ་མཐུན་ནི། མི་དགེ་བ་གང་བྱེད་དེར་སྐྱེ་ལ། མྱོང་བས་ཚེ་ཐུང་བ་ལ་སོགས་པའོ། །དབང་གི་འབྲས་བུ་ཡུལ་ལ་ཚེར་མ་དང་ལོ་འབྲས་མ་སྨིན་པ་ལ་སོགས་པའོ། །དེ་དག་ཀྱང་ཆ་ཤས་བརྗོད་ན། རྣམ་སྨིན་སྲབ་ནས་ངན་སོང་ལས་ཐར་ཏེ། རྒྱ་ལམ་ཞིག་མཐོ་རིས་ཐོབ་ཀྱང་དེའི་སྡུག་བསྔལ་འགྲུབ། དེ་ཡང་སྔ་མ་ལས། སྲོག་གཅོད་པས་ནི་ཚེ་ཐུང་ནད་མང་ཞིང་། །མ་བྱིན་ལེན་པས་དབུལ་ཞིང་ཕོངས་བར་འགྱུར། །ལོག་པར་གཡེམ་པས་ཁྱིམ་ཐབ་དགྲ་ཟླར་བཅས། །ཞེས་པས་ལས་ཀྱི་ལྷག་མ་དེས་མཐོ་རིས་སུ་སྐྱེས་ནའང་། ཚེ་ཐུང་ཞིང་ནད་མང་བ་དང་། དབུལ་བ་དང་། ཁྱིམ་ཐབ་འཐུལ་བའམ་གཡེམ་ལ་དགའ་བར་འགྱུར་རོ། །ངག་གི་ལས་ནི། དེ་ཉིད་ལས། རྫུན་དུ་སྨྲ་བས་སྐུར་བ་མང་འགྱུར་ཞིང་། །ཕྲ་མས་བཤེས་འབྲལ་ཕན་ཚུན་མི་མཐུན་འགྱུར། །རྩུབ་མོས་མི་སྙན་བཀྱལ་བས་ངག་མི་བཙུན། །ཞེས་གསུངས་པ་ལྟར། རང་ལ་སྐྱོན་མེད་ཀྱང་སྐུར་བ་མང་བ་དང་། མཛའ་བཤེས་དང་འབྲལ་ལ་འཁོར་མི་མཐུན་པ་དང་། མི་སྙན་པ་ཤ་སྟག་ཐོས་པ་དང་། སུས་ཀྱང་ངག་བདེན་པར་མི་འཛིན་པ་ནི་ངག་གི་ལས་ངན་པ་བཞིའི་འབྲས་བུའོ། །ཡིད་ཀྱི་ལས་ནི། དེ་ཉིད་ལས། བརྣབ་སེམས་ཡིད་ལ་རེ་བ་མི་འགྲུབ་ཅིང་། །གནོད་སེམས་འཇིགས་བཅས་ལོག་ལྟས་ལྟ་ངན་ཉིད། །ཅེས་གང་བསམ་པ་མི་འགྲུབ་པ་དང་། རྟག་ཏུ་འཇིགས་ཤིང་བག་ཚ་བ་དང་། ལས་འབྲས་ལ་སྐུར་བ་འདེབས་པའི་རིགས་སུ་སྐྱེ་བ་ནི་ཡིད་ཀྱི་མི་དགེ་བའི་འབྲས་བུའོ། །རིན་ཆེན་འཕྲེང་བ་ལས། སྲོག་གཅོད་པས་ནི་ཚེ་ཐུང་འགྱུར། །མ་བྱིན་བླངས་བས་ནོར་དང་འབྲལ། །བྱི་བོ་བྱས་པས་དགྲ་དང་བཅས། །རྫུན་དུ་སྨྲ་བས་སྐུར་བ་མང་། །ཕྲ་མ་ཡིས་ནི་བཤེས་དང་འབྲལ། །ཚིག་རྩུབ་པས་ནི་མི་སྙན་ཐོས། །བཀྱལ་བ་ཡིས་ནི་ངག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་སོ། །སྔ་མ་ལས། དེ་ལྟར་མི་དགེ་བཅུ་པོ་དུག་འདྲ་བས། །སེམས་ཤེས་རྣམས་ཀྱིས་རབ་ཏུ་སྤང་འཚལ་ལོ། །མི་དགེ་བ་ནི་གང་གིས་སྤྱད་པའི་འབྲས་བུ་རྣམ་སྨིན་རྩུབ་མོ་མྱོང་བའི་ཕྱིར་ངོ་ལྐོག་གང་དུའང་སྤང་དགོས་ཏེ། སྤྱོད་འཇུག་ལས། མ་མཐོང་བར་ནི་སྡིག་པ་བྱས་པ་དག །ཁོང་དུ་དུག་སོང་བདེ་བར་མི་འགྱུར་བཞིན་། །ལྷ་དང་རྣལ་འབྱོར་ཅན་དང་དེ་བཞིན་དུ། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་སོ། །ད་ནི་ཐར་བ་ཆ་མཐུན་གྱི་དགེ་བ་བཤད་པ་ནི། སྔ་མ་དེ་ཉིད་ལས། ཐར་བའི་ལམ་ནི་བྱང་ཆུབ་ཞི་བ་སྒྲུབ། སྲིད་ལས་འདའ་བྱེད་སྡུག་བསྔལ་སྤོང་བར་བྱེད། །ཅེས་ཐར་བའི་རྒྱུ་བྱེད་པའི་དགེ་བ་འཁོར་བ་ལས་འདའ་ཞིང་སྡུག་བསྔལ་སྤོང་བར་བྱེད་པ་དེ་ནི། དེ་ཉིད་ལས། གང་ཞིག་ཐེག་པ་གསུམ་གྱི་ལམ་ཞུགས་པའི། །འགྲོ་བ་རྣམས་ཀྱིས་ལེགས་པར་སྒྲུབ་པ་ནི། །སོ་སོའི་སེམས་བསྐྱེད་ཚད་མེད་བཞི་སྒོམ་ཞིང་། །ཕར་ཕྱིན་དྲུག་སྤྱོད་བྱང་ཆུབ་ཕྱོགས་ཆོས་སྒྲུབ། །ཉིན་མཚན་བརྩོན་པས་དགེ་བར་འགྱུར་རྣམས་ཡིན། ཉན་ཐོས་ཀྱི་ལམ་ཚོལ་བར་སེམས་བསྐྱེད་ནས་ལམ་དང་པོ་དྲན་པ་ཉེར་བཞག་བསྒོམ་པ་ནས་ཡོངས་རྫོགས་ཀྱི་བར་སྤྱོད་པའི་གང་ཟག་ནི་སྐྱེས་བུ་ཆུང་ངུའོ། །རང་སངས་རྒྱས་ནི་ལམ་དུ་ཞུགས་པ་འབྲིང་ངོ་། །ཐེག་པ་ཆེན་པོར་སེམས་བསྐྱེད་ནས་ལམ་སྒྲུབ་པ་ཆེན་པོ་སྟེ། སྐྱེས་བུ་གསུམ་གྱི་སོ་སོའི་སེམས་བསྐྱེད་ནས་ཆོས་སུམ་ཅུ་རྩ་བདུན་སྤྱོད་ཅིང་། ཚད་མེད་པ་བཞི་དང་། ཕ་རོལ་དུ་ཕྱིན་པ་དྲུག་གིས་བསྡུས་པའི་ཉིན་མཚན་དགེ་བ་ལ་བརྩོན་པ་བསྔོ་བས་ཟིན་པ་རྣམས་ནི་ཐར་བ་ཆ་མཐུན་གྱི་དགེ་བ་ཞེས་བྱའོ། །དེ་ལ་ཚད་མེད་པ་བཞི་ནི། སེམས་ཅན་ཐམས་ཅད་བདེ་བ་མི་ལྡན་པ་བདེ་བ་དང་འཕྲད་པར་འདོད་པ་བྱམས་པ། སྡུག་བསྔལ་གྱིས་ཉམ་ཐག་པ་དེ་དང་འབྲལ་བར་འདོད་པའི་སྙིང་རྗེ། བདེ་བ་དང་ལྡན་པ་དེ་ལས་མི་འབྲལ་བར་འདོད་པའི་དགའ་བ། ཉེ་རིང་ཆགས་སྡང་ཅན་རྣམས་སེམས་སྙོམ་པ་ལ་སེམས་པ་བཏང་སྙོམས་ཏེ། མདོ་སྡེ་རྒྱན་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །འཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེའི་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་སོ། །ཕ་རོལ་དུ་ཕྱིན་པ་དྲུག་ནི། རང་ལ་བདོག་པ་གཞན་ལ་སྦྱིན་པར་འདོད་པའི་གཏོང་སེམས་དགེ་བ་བྱེད་ལས་དང་བཅས་པ། ཚུལ་ཁྲིམས་ནི། མི་དགེ་བའི་ཕྱོགས་སྤོང་སེམས་དགེ་བ་བྱེད་ལས་དང་བཅས་པ། བཟོད་པ་ནི། ཕ་རོལ་གྱི་འཚེ་བ་ལ་སོགས་པ་ལ་མི་ཁྲོ་བར་བསྲན་སེམས་དགེ་བ་བྱེད་ལས་དང་བཅས་པ །བརྩོན་འགྲུས་ནི། དགེ་བའི་བྱ་བ་ལ་སྤྲོ་བ་བྱེད་ལས་དང་བཅས་པ། བསམ་གཏན་ནི། དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པ་བྱེད་ལས་དང་བཅས་པ། ཤེས་རབ་ནི། ཆོས་ཀྱི་ཚིག་དོན་རྟོགས་པ་བྱེད་ལས་དང་བཅས་པ། དེ་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་ངང་ནས་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །སྦྱིན་པའི་བྱེད་ལས་རྫས་དེ་དག་གཞན་གྱིས་ཐོབ་པའོ། །དེ་བཞིན་དུ་གཞན་ལ་མི་འཚེ་བ་དང་། ལན་དུ་མི་ཁྲོ་བ་དང་། དགེ་བ་སྤྱོད་པ་དང་། སེམས་གནས་པས་ཞི་ལྷག་སྐྱེད་པ་དང་། རྟོགས་ནས་ཐེ་ཚོམ་མེད་པ་རྣམས་བྱེད་ལས་སོ། །གང་ཡང་མ་གྲུབ་པར་ཤེས་ནས་སྣང་བའི་ཚོགས་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་བྱེད་ལས་ངོ་མཚར་ཅན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་ཉིད་ཤེས་ནས། །དགེ་བའི་ལས་འབྲས་རྟེན་བྱས་པ། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་སོ། །དེས་ནི་འཁོར་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་ཡང་འགྲུབ་སྟེ། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། བདག་མེད་བཟོད་པ་མཉམ་པ་ཉིད་གནས་ཀྱང་། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད། །ཡོངས་སྨིན་བྱ་ཕྱིར་སྦྱིན་པ་སྦྱིན་བྱེད་ཀྱང་། །ལས་ཀྱི་རྣམ་པར་སྨིན་ལ་རེ་བ་མེད། །བསམ་པས་རྟག་ཏུ་མྱ་ངན་འདས་ལ་གནས། །དེ་ཡི་སྦྱོར་བ་འཁོར་བ་གནས་པ་ཡིན། །ཆོས་རྣམས་སྟོང་པ་ཉིད་དུ་རྟོགས་མོད་ཀྱང་། །ལས་ཀྱི་རྣམ་པར་སྨིན་ལ་ཡིད་ཆེས་སོ། །ཞེས་སོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔ་བསོད་ནམས་དང་། །ཕྱི་མ་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དང་པོ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པའི་རྒྱུ་ངོ་བོ་བྱེད་ལས་ཡིན་ཞིང་། བསམ་གཏན་སེམས་དང་། ཤེས་རབ་ཤེས་རབ་ཀྱི་བསླབ་པ། བརྩོན་འགྲུས་ཐམས་ཅད་ཀྱི་གྲོགས་ཡིན་པར། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཕྱི་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །སྦྱིན་པ་ཚུལ་ཁྲིམས་བསོད་ནམས་ཀྱི། ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་པ་དང་། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་སོ། །མདོ་སྡེ་རྒྱན་ལས། སྦྱིན་པ་བསོད་ནམས། ཤེས་རབ་ཡེ་ཤེས། གཞན་བཞི་གཉིས་ཀའམ། ཡང་ན་དང་པོ་བསོད་ནམས། ལྷག་མ་ལྔ་ཡེ་ཤེས་སོ་ཞེས་འདོད་ཀྱང་། འདིར་སྤྱོད་འཇུག་ལྟར་རོ། །དེའང་དགེ་བ་གང་བྱེད་ཀྱང་སྦྱོར་བ་སེམས་བསྐྱེད། དངོས་གཞི་རང་བཞིན་མེད་རྟོགས། རྗེས་བསྔོ་བ་གསུམ་གྱིས་ཟིན་ན་ཐར་བ་ཆ་མཐུན་ནོ། །མ་ཟིན་ན་མོས་པས་སྤྱོད་པའི་ས་འདིར་ཐར་བའི་རྒྱུར་དཀའ་སྟེ། མདོ་སྡེ་རྒྱན་ལས། ཕལ་ཆེར་དོན་མེད་དོན་ཡོད་དང་། །རྣམ་ཀུན་དོན་ཡོད་ཤེས་བྱ་སྟེ། །ཞེས་བཤད་པས། ཚོགས་སྦྱོར་དུ་དེ་གསུམ་གྱིས་མ་ཟིན་ན། ཕ་ཆེར་དོན་མེད་ལ། ས་དང་པོ་ནས་བདུན་པའི་བར་དོན་ཡོད་པའོ། །དག་པ་ས་གསུམ་དུ་རྣམ་ཀུན་དོན་ཡོད་པས་ཚོགས་གཉིས་རླབས་པོ་ཆེ་རྫོགས་པའོ། །དེ་ཡང་ས་དང་པོ་ཡན་ཆད་དུ་དབང་བཅུ་ཐོབ་པས་ཚོགས་དཔག་ཏུ་མེད་པ་རྫོགས་ལ། མན་ཆད་དུ་འབད་ཀྱང་ཆེར་རྫོགས་པ་མ་ཡིན་ནོ། །ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཉིད། །ཅེས་པ་འདིར་ཐབས་སྙིང་རྗེ་ནི། དགེ་བ་གང་བྱེད་དེའི་དུས་ན་ཡོད་པ་དེ་དང་། ཤེས་རབ་སྟོང་པ་ཉིད་དུས་མཉམ་དུ་ཟུང་དུ་འཇུག་པས་སྔ་ཕྱི་མེད་དོ། །ཁ་ཅིག་ཆོས་ཉིད་སྒོམ་དུས་སྦྱོར་བའི་སྙིང་རྗེ་དང་། དངོས་གཞིའི་སྟོང་པ་ཟུང་འཇུག་ཏུ་འདོད་པ་ནི་ཕྱོགས་མ་གོ་བར་ཟད་དེ། འདས་པ་དངོས་མེད་དང་། ད་ལྟ་བ་དངོས་པོ་ཟུང་དུ་འཇུག་པ་ནི་བཞད་གད་ཀྱི་གནས་སོ། །དེ་ཡང་སེམས་བསྐྱེད་ཐོབ་ལ་མ་ཉམས་པའི་བློ་རྫས་ནི་སྙིང་རྗེ། ངོ་བོ་གང་དུའང་མི་དམིགས་པ་ནི་སྟོང་པ། དེ་གཉིས་བློ་རྫས་ངོ་བོ་གཅིག་པ་ལ་ལྡོག་པ་སོ་སོ་བ་ཟུང་འཇུག་གམ་དམིགས་མེད་དེ་ཉིད་སྟོང་པ་ཡིན་ལ། དམིགས་པ་མེད་པ་སྙིང་རྗེར་གྱུར་པ་གཉིས་རོ་གཅིག་པས། ངོ་བོ་ཐ་དད་མེད་པའི་ཟུང་འཇུག་ཅེས་འདོད་པ་ཡིན་ནོ། །འདི་ནི་གནད་གལ་བོ་ཆེའོ། །བྱང་སེམས་ཀྱི་ལམ་འབྲས་བུ་མདོར་བསྡུ་བ་ནི། དེ་ཡང་སྔ་མ་ལས། བརྩོན་པ་ཐམས་ཅད་གཞན་དོན་འབའ་ཞིག་སྤྱོད། །ལྟ་བ་མཁའ་འདྲ་སྟོང་ཉིད་བཅྭོ་བརྒྱད་དང་། །སྒོམ་པ་འོད་གསལ་ཕྱོགས་ཆོས་སུམ་ཅུ་བདུན། །སྤྱོད་པ་སྐྱོན་མེད་ཕ་རོལ་ཕྱིན་པ་དྲུག །འབྲས་བུ་བླ་མེད་བྱང་ཆུབ་འགྲུབ་པ་ཡིན། །ཞེས་གང་ཅི་བརྩོན་པ་ཐམས་ཅད་གཞན་གྱི་དོན་དུ་བྱེད་པ་དེ་ནི་ཐེག་པ་ཆེན་པོ་ཞེས་བྱ་ལ། དེའི་གཞུང་ལམ་ཐམས་ཅད་བསྡུ་ན་ལྟ་བ་སྟོང་པ་ཉིད་བཅྭོ་བརྒྱད་དམ་ཉི་ཤུ་སྟེ། མངོན་རྟོགས་རྒྱན་གྱི་འགྲེལ་ཆུང་དུ། ནང་དང་ཕྱི་རོལ་རྣམས་དང་ནི། །གཉིས་དང་སྟོང་པའི་དངོས་པོ་དང་། །ཕྱོགས་དང་མྱ་ངན་འདས་ལམ་དུ། །རྐྱེན་ལས་རྐྱེན་དང་གཅིག་ཤོས་དང་། །མཐའ་འདས་ཐོག་མ་དོར་བ་མེད། །རང་བཞིན་དང་ནི་ཆོས་ཀུན་དང་། །ཆོས་སྐྱེ་ལ་སོགས་འདས་སོགས་དང་། །ལྡན་དང་ཅིག་ཤོས་ངོ་བོ་དང་། །མཁའ་དང་སྟོང་པ་ཞེས་བྱ་བ། །ཆོས་ཀྱི་གཞན་གྱི་ངོ་བོ་ཉིད། །རང་རང་ངོ་བོ་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་པ་ལྟ་བུ་ལམ་སྒྲུབ་པའི་ལྟ་བའོ། །བསྒོམ་པ་ནི་སྔར་སྨོས་པ་བཞིན་ཆོས་སུམ་ཅུ་རྩ་བདུན་ནོ། །སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །འབྲས་བུ་ནི་སངས་རྒྱས་ཀྱི་སའི་སྤོང་རྟོགས་ཀྱི་ཡོན་ཏན་ཇི་སྙེད་པ་རྣམས་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པ་དག་གི་གཞི་ལམ་འབྲས་བུའི་ཆོས་ཚང་ལ་མ་ནོར་བ་ནི། དེ་ཙམ་ཞིག་ཏུ་འདུས་པར་བསྟན་ཏོ། །དེ་ཡང་སྤྱོད་འཇུག་ལས། ཀུན་ནས་དྲན་པའི་ཐེག་པ་ཡིས། །སེམས་ཀྱི་གླང་པོ་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་། །དགེ་བ་ཐམས་ཅད་ལག་ཏུ་འོང་། །ཞེས་སོ། །ད་ནི་ལས་ཀྱི་མཇུག་བསྡུ་བ་ལ་གཉིས་ལས། དང་པོ་འཁོར་བའི་རྒྱུ་འབྲས་ལས་བཟློག་ཚུལ་ངེས་པར་བསྡུ་བ་ནི། དེ་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འདི་ལྟར་སྣང་སྲིད་འཁོར་བའི་ཆོས་རྣམས་ཀུན། །དགེ་དང་མི་དགེ་བག་ཆགས་ལས་བྱུང་སྟེ། །ལས་མ་ཟད་པར་འཁྲུལ་སྣང་སྟོང་མི་སྲིད། །དེ་ཡི་ཕྱིར་ན་མི་དགེ་སྤང་ལ་འབད། །ཅེས་གསུངས་པས་ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་གནས་དང་བདེ་སྡུག་སོ་སོའི་སྣང་ཚུལ་མི་འདྲ་བ་ཅི་སྣང་བ་འདི་ཐམས་ཅད་ཀུན་གཞི་ལ་བག་ཆགས་འཁྲུལ་བ་བཞག་པའི་སྣང་གཟུགས་ཏེ། དགེ་བ་བསོད་ནམས་ཆ་མཐུན་གྱིས་བདེ་བའི་རིགས་རིགས་དྲུག་ན་ཡོད་དོ་ཅོག་དང་ལྷ་མི་བསྐྱེད་ལ། མི་དགེ་བས་སྡུག་བསྔལ་གྱི་རིགས་ཐམས་ཅད་དང་ངན་འགྲོ་བསྐྱེད་ནས། སྣང་བ་མི་འདྲ་བ་དཔག་ཏུ་མེད་པར་ཡོད་ཀྱང་སྣང་ཚུལ་དྲུག་དུ་འདུས་པར་སྣང་བ་འདི་ཐམས་ཅད་ལ་འཁྲུལ་སྣང་ཞེས་བྱ་སྟེ། བག་ཆགས་མ་ཟད་ཀྱི་རིང་ལ་སྟོང་མི་སྲིད་པ། དྷ་དུ་རའི་ནུས་པ་ཡོད་རིང་ལ་འཁྲུལ་སྣང་ཤར་བ་བཞིན་ཏེ། དྲན་པ་ཉེ་བར་བཞག་པ་ལས། འཇིག་རྟེན་དག་ན་ཇི་ལྟར་སྣང་བ་ཀུན། །ཐམས་ཅད་རང་གི་ལས་ལས་ཉེ་བར་བྱུང་། །ཞེས་པ་དེ་ཡང་སྤང་དགོས་ཏེ། སྤྱོད་འཇུག་ལས། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །བསྐལ་བ་མནར་མེད་གནས་གྱུར་ན། །ཐོག་མེད་འཁོར་བ་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །ཞེས་པ་དང་། རྟ་དབྱངས་གྱིས། སྡིག་པའི་སྡུག་བསྔལ་བསོད་ནམས་ཀྱིས། །བདེའོ་འདྲེས་མས་འདྲེས་མ་སྟེ། །ལས་རྣམས་ཀྱི་ནི་རྣམ་པར་སྨིན། །འདྲ་བའི་རྒྱུ་མཚན་ཡིན་པར་རྟོགས། །ཞེས་པ་དང་། ཏིང་འཛིན་རྒྱལ་པོ་ལས། ལས་བསགས་པ་ན་ནམ་ཡང་མེད་མི་འགྱུར། །འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །ཞེས་པའི་ཚུལ་གྱིས་ལས་ངན་སྤང་དགོས་སོ། །སེམས་ཉིད་རྟོགས་པས་ཆོག་གི །ལས་འབྲས་མི་དགོས་སོ་ཞེས་ནམ་ཡང་སྨྲ་བར་མི་བྱ་སྟེ། རིན་ཆེན་ཕྲེང་བ་ལས། ལས་ཀྱི་འབྲས་བུ་མེད་ཅེས་པས། །མདོར་ན་མེད་པའི་ལྟ་བ་ཉིད། །བསོད་ནམས་མ་ཡིན་ངན་སོང་པ། །ཞེས་གསུངས་པ་ཡིན་པའི་ཕྱིར་རོ། །གཉིས་པ་མྱ་ངན་ལས་འདས་པ་རྒྱུ་འབྲས་ལ་ནན་ཏན་དུ་བྱ་བར་ངེས་པས་དགེ་བའི་ཕྱོགས་བླང་བྱར་དོན་བསྡུ་བ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དག་པའི་རྒྱལ་སྲས་ལམ་གྱི་ཡོན་ཏན་དང་། །རྣམ་གྲོལ་རྒྱལ་བའི་འབྱོར་བ་ཕུན་ཚོགས་ཀུན། །ཚོགས་གཉིས་བསགས་པའི་ཁམས་ལ་སྒྲིབ་གཉིས་བྲལ། །དགེ་ཚོགས་ལས་བྱུང་ཤེས་ནས་འབད་པར་མཛོད། །ཅེས་པ་དགེ་བའི་འབྲས་བུ་ནི་མངོན་པ་མཐོ་བའི་བདེ་བ་ཐམས་ཅད་དང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སའི་ཡོན་ཏན་དང་སྤྱན་དང་མངོན་པར་ཤེས་པ་རྒྱ་མཚོ་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་རྒྱུ་དགེ་བ་ལས་བྱུང་བའི་འབྲས་བུ་ཡིན་པས་ཚོགས་གཉིས་བསགས་པ་ལ་འབད་པར་བྱའོ། །དེ་ཡང་སེམས་སྟོབས་ཆེན་པོས་ཡུན་རིང་དུ་སྲིད་པར་སེམས་ཅན་གྱི་དོན་དུ་ཚོགས་གཉིས་གསོག་དུས་བདེ་བ་དུ་མར་བརྒྱུད་པས་སྐྱོ་བར་བྱ་མི་དགོས་ཏེ། དགེ་བའི་གནས་སྐབས་ཀྱི་འབྲས་བུས་རང་ཉིད་བདེ་བའི་ཕྱིར་དང་། བྱང་ཆུབ་ཀྱི་སེམས་རྟ་བཟང་པོར་ཞོན་ནས་འགྲོ་བའི་ཕྱིར་རོ། །སྤྱོད་འཇུག་ལས། འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། །ཞེས་པ་དང་། བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་ན། །གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། ཞེས་པ་དང་། བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཡོད་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་སོ། །འདིར་བསོད་ནམས་ཆ་མཐུན་ཐར་བ་ཆ་མཐུན་དུ་བསྒྱུར་དགོས་པར་གདམས་པ་ནི། དེ་སྐད་དུ་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དགེ་བའམ་བསོད་ནམས་ཆ་མཐུན་འཁོར་བའི་རྒྱུ། །དེ་ལས་ལོག་སྟེ་ཐར་བ་ཆ་མཐུན་སྒྲུབ། །འཁོར་བ་སྤང་ཕྱིར་དེ་ཡི་རྒྱུ་སྤང་འཚལ། །ཞེས་གང་ཞིག་འཁོར་བ་མི་འདོད་ན་དེའི་རྒྱུ་སྤང་དགོས་པས། སྲིད་པ་དབང་མེད་དུ་འཇུག་པ་ལས་མི་དགེ་བ་དང་། དགེ་བ་བསོད་ནམས་ཆ་མཐུན་གཉིས་སྤངས་ཏེ། ཐར་བ་ཆ་མཐུན་ཁོ་ན་ལ་འབད་དོ། །བསོད་ནམས་ཆ་མཐུན་ནི་སྲིད་པའི་རྒྱུ་བྱེད་པས། དོན་གྱིས་མི་དགེ་བའི་ཕྱོགས་སུ་གཏོགས་པའི་ཕྱིར་རོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། དགེ་བ་ལས་ནི་བདེ་འགྲོ་དང་། །མི་དགེ་བ་ལས་ངན་འགྲོ་སྟེ། །གཉིས་ལ་མི་རྟེན་ཐར་བ་ལགས། །ཞེས་གསུངས། ཐར་བ་ཆ་མཐུན་གྱི་དགེ་བ་སྤྱད་པར་གདམས་པས་མཇུག་བསྡུ་བ་ནི། དེ་ཉིད་ལས། ཕ་རོལ་ཕྱིན་ལྔ་སྣང་བཅས་བསོད་ནམས་དང་། །ཤེས་རབ་ཡེ་ཤེས་ཚོགས་གཉིས་བསྟེན་པར་མཛོད། །ཅེས་མྱུར་དུ་སངས་རྒྱས་འདོད་པས་དེའི་རྒྱུ་སྣང་བཅས་ཐབས་ཀྱི་ཕ་རོལ་དུ་ཕྱིན་པ་བསོད་ནམས་ཀྱི་ཚོགས་སྦྱིན་པ་ལ་སོགས་པ་ལྔ་དང་། སྣང་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡེ་ཤེས་ཀྱི་ཚོགས་ཆོས་ཉིད་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། རིན་ཆེན་ཕྲེང་བ་ལས། དེ་ལྟར་བས་ན་ཚོགས་འདི་གཉིས། །སངས་རྒྱས་ཉིད་ནི་ཐོབ་པའི་རྒྱུ། །དེ་ལྟས་དེ་ནི་རྟག་བསྟེན་མཛོད། །ཅེས་གསུངས་པས། ཐབས་ཤེས་རབ་ཟུང་དུ་འཇུག་དགོས་ཏེ། སེམས་ཉིད་སྟོང་པ་འབའ་ཞིག་གིས་ཆོག་པར་འཛིན་པ་ལམ་བཟང་པོ་མ་ཡིན་པའི་ཕྱིར་རོ། །རྣམ་པར་འཐག་པ་ཐམས་ཅད་སྡུད་པའི་མདོ་ལས། བྱམས་པ་མི་བླུན་པོ་དག་ནི་ཤེས་རབ་ཁོ་ན་ལམ་དུ་སྨྲ་བ་དེ་ལྟར་ན་ངས་བསྐལ་བ་དུ་མར་ཕ་རོལ་ཏུ་ཕྱིན་པ་ལྔ་སྤྱད་པ་དོན་མེད་པར་འགྱུར་རོ། །ཞེས་པ་དང། མ་དྲོས་པས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའི་བདུད་ཀྱི་ལས་ནི་ཐབས་དང་བྲལ་བའི་ཤེས་རབ། ཤེས་རབ་དང་བྲལ་བའི་ཐབས་སོ་ཞེས་པ་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྒྱུ་མ་མཆིས་པ་དང་། རྒྱུ་དང་བྲལ་བའི་མངོན་པར་འདུ་མི་བགྱི་བ་མ་མཆིས་པར་འགྱུར་ཏེ། ཕ་རོལ་དུ་ཕྱིན་པ་ལྔ་ལ་མི་བརྩོན་ན་ཤེས་རབ་དང་རབ་ཏུ་ལྡན་པས་བདུད་ཀྱི་ལྕགས་ཀྱུ་སྟེ་དྲུག་པའོ། །བདུད་ཀྱི་ལྕགས་ཀྱུ་དེ་ལས་མ་འདས་ན་མངོན་པར་རྫོགས་པར་འཚང་རྒྱ་བར་ལྟ་སྨོས་ཀྱང་ཅི་དགོས་ཏེ། གནས་མ་མཆིས་སོ། །ཞེས་པ་དང་། དྲི་མེད་གྲགས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཤེས་རབ་ཙམ་བསྟེན་པ་ནི་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་ལྟུང་སྟེ། མི་གནས་པའི་མྱ་ངན་ལས་འདའ་བར་འགྲོ་བར་མི་འགྱུར་རོ། །དེ་བས་ན་ཐབས་དང་བྲལ་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བའོ། །སྡུད་པ་ལས། ཐབས་མེད་ཤེས་རབ་འབྲལ་བས་ཉན་ཐོས་ཉིད་དུ་ལྟུང་། །ཞེས་པ་དང་། ག་ཡ་གོ་རིའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ནི་གོལ་སའོ། །ཤེས་རབ་དང་བྲལ་བའི་ཐབས་ནི་གོལ་སའོ། །ཞེས་པ་དང་། རབ་རྩལ་གྱིས་ཞུས་པའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ཀྱིས། །མ་བྱུང་འབྱུང་བ་མི་འགྱུར་ཏེ། །ཤེས་རབ་བྲལ་བའི་ཐབས་ཀྱིས་ཀྱང་། །མཁས་པ་རབ་ཏུ་ཞི་མི་འགྱུར། །ཞེས་པ་དང་། དོ་ཧ་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །འཁོར་བ་འདི་ནས་ཐར་བ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་ཡིས། །འཁོར་བ་མི་གནས་མྱ་ངན་འདས་མི་གནས། །ཞེས་པས་མདོ་རྒྱུད་ཀྱི་ལུང་དཔག་ཏུ་མེད་པ་རྣམས་ལ་ཡིད་ཆེས་པར་བྱས་ཏེ་ཚོགས་གཉིས་དྲི་མ་མེད་པར་ངོམས་མི་ཤེས་པ་བསྐལ་བ་རྒྱ་མཚོ་ཀུན་ཏུ་བསགས་པ་སྤྲོ་བས་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོ་བགོ་བར་བྱའོ། །བཞི་པ་འཁོར་བའི་རང་བཞིན་ལ་བསམ་པས་ཐར་བ་ལ་སྤྲོ་བར་འགྱུར་པ་ནི། འདི་སྐད་དུ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ནས་འཁོར་བའི་སྡུག་བསྔལ་བསམ་བྱ་སྟེ། །སྙིང་པོ་མེད་ཅིང་རྟག་མི་ཐུབ་དེའི་ཕྱིར། །ཁམས་གསུམ་རིགས་དྲུག་སྲིད་པའི་སྡུག་བསྔལ་ལས། །མྱུར་དུ་འདའ་བའི་ཐབས་ལ་འབད་པར་བྱ། །ཞེས་ལས་དང་ཉོན་མོངས་པའི་རང་བཞིན་གྱིས་རང་དབང་མེད་པ་གཅིག་ནས་གཅིག་དུ་བརྒྱུད་ཅིང་འཁོར་བ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་རྣམས་ལ་བདེ་བ་མེད་ཅིང་སྡུག་བསྔལ་གྱི་ཆུ་བོར་བྱིང་བའི་བློས་བཟོད་དཀའ་ཞིང་རྟག་མི་ཐུབ་པ་སྙིང་པོ་མེད་པའི་ཕྱིར་རོ། །གནས་འདི་ལས་མྱུར་དུ་འདའ་བར་བྱ་དགོས་ཏེ། ཙནྡྲ་པས། མི་གཙང་བ་ལ་དྲི་ཞིམ་མེད་པ་ལྟར། །དེ་བཞིན་འགྲོ་ལྔ་དག་ནའང་བདེ་བ་མེད། །ཅེས་གསུངས། མུ་ཏིག་ཕྲེང་བ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་ལས། གཟུང་འཛིན་དག་གིས་བཟུང་ནས་ནི། །འཁོར་བ་ཉིད་ལ་ཡུན་རིང་གནས། །ཁམས་གསུམ་པ་ཡི་ཁང་པ་རུ། །མིང་དང་གཟུགས་ཀྱི་བཙོན་རར་ཚུད། །མ་རིག་ལ་སོགས་ལྕགས་ཀྱིས་བསྡོམས། །འཁོར་བའི་མུན་ནག་འཐུག་པོས་གཡོག །འདོད་ཆགས་ཚྭ་ཡི་རོ་ལ་ཆགས། །གཏི་མུག་ཞགས་པས་དམ་དུ་བཅིངས། །ང་རྒྱལ་དག་གིས་མགོ་གཏུམས་ཏེ། །ཕྲག་དོག་ཉིད་ཀྱིས་སྒོ་མོ་འཁྲིགས། །ཁོང་ཁྲོ་ལ་སོགས་དམག་གིས་བསྐོར། །གཟུང་འཛིན་ཞགས་པས་སྐེ་ནས་བཅིངས། །སྔ་ཕྱི་བག་ཆགས་འདམ་དུ་བྱིང་། །རྣམ་སྨིན་ཉིད་དང་ལག་སྦྲེལ་ཏེ། །ལས་ཀྱི་མ་བུས་མཚམས་སྦྱར་ནས། །གཅིག་ནས་གཅིག་དུ་ཟོ་ཆུན་བཞིན། །བཟང་ངན་རིམ་པར་ལུས་བླངས་ཏེ། །སོ་སོའི་གཟུགས་སུ་སྐྱེ་བ་བྱེད། །ངར་འཛིན་རབ་ལ་འབོག་ནས་ནི། །སྡུག་བསྔལ་རྒྱ་མཚོའི་གཏིང་དུ་བྱིང་། །ངན་སོང་ལྕགས་ཀྱུས་སྙིང་ནས་བཟུང་། །རང་གིས་རང་བཅིངས་ཉོན་མོངས་དགྲའི། །དམྱལ་བ་ལ་སོགས་མེ་ཆུར་སྣང་། །ཡི་དྭགས་རྣམས་ལ་བཀྲེས་དང་སྐོམ། །བྱོལ་སོང་རྣམས་ལ་ན་བུན་ལྟར། །མི་རྣམས་ཕུང་པོ་ཁམས་དང་ནི། །སྐྱེ་མཆེད་འབྱུང་བ་ལྔ་རུ་སྣང་། །དེ་ཡང་བདེ་སྡུག་བཏང་སྙོམ་མོ། །ལྷ་མིན་རྣམས་ལ་གོ་མཚོན་ཏེ། །ལྷ་རྣམས་འདོད་པའི་ཡོན་ཏན་ཏེ། །དཔེར་ན་མྱུར་འགྲོའི་འཁོར་ལོ་བཞིན། །རྒྱུན་ཆགས་འཁོར་བ་ཡུན་རིང་གནས། །དེ་ལྟར་སྣང་བ་སྣ་ཚོགས་ཀུན། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེ་བཟུང་ནས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་ཉིད། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །ཞེས་སོ། །མཛོད་ལས། ས་གཞི་ཡུལ་མཁར་འཛིན་པ་དམྱལ་བ་ལྕགས་བསྲེགས་ཁང་། །བུ་དང་ཆུང་མ་རལ་གྲི་ལོ་མའི་ནགས་ཚལ་བཞིན། །རྒྱན་དང་གོས་བཟང་མེ་ལྕེ་འབར་བ་འདྲ། །བཟའ་བཏུང་སྲེད་པ་ལྕགས་ཀྱི་ཐོ་ལུམ་འདྲ། །ཁྲོ་དང་འཐབ་རྩོད་བདག་ཉིད་སེར་བ་འདྲ། །འཁོར་གཡོག་དག་ནི་དམྱལ་བའི་སྲུང་མ་བཞིན། །རང་དགྲ་རང་གཤེད་རང་ལས་བྱུང་བ་ཡིན། །ཞེས་དང་། སྤྱོད་འཇུག་ལས། འགྲོ་བ་ཉོན་མོངས་ལས་སྒྲོལ་བར། །དམ་བཅས་གང་ཚེ་བདག་ཉིད་ཀྱང་། །ཉོན་མོངས་རྣམས་ལས་མ་གྲོལ་ན། །བདག་གིས་ཚོད་ཀྱང་མི་ཤེས་པར། །སྨྲ་བ་ཇི་ལྟར་སྨྱོན་པ་མིན། །ཞེས་པ་དང་། མདོ་སྡེ་རྒྱན་ལས། སེམས་ཅན་ཁུར་ཆེན་མགོ་ལ་ཁྱེར་བ་ཡི། །སེམས་དཔའ་མཆོག་རྣམས་དལ་གྱིས་འགྲོ་མི་མཛེས། །བདག་གཞན་འཆིང་བ་སྣ་ཚོགས་རབ་བཅིང་པས། །བརྩོན་པ་བརྒྱ་འགྱུར་དེ་ནི་བྱ་བར་རིགས། །ཞེས་སོ། །ད་ནི་སྡུག་བསྔལ་གྱི་རྣམ་གྲངས་རྒྱས་པར་བཤད་པ་ལས། དང་པོ་དམྱལ་བའི་ནང་ནས་ཚ་བའི་དམྱལ་བའི་སྡུག་བསྔལ་ནི། ཡིད་བཞིན་མཛོད་ལས། དམྱལ་བ་ན་ཡང་སྡུག་བསྔལ་དཔག་ཏུ་མེད། །ཡང་སོས་ཕན་ཚུན་མཚོན་ཀྱིས་འདེབས་པ་ལས། །ཡང་ཡང་སྐྱེ་ཤིའི་སྡུག་བསྔལ་བཟོད་གླགས་མེད། །དེ་ཡང་ཚ་བའི་གནས་བརྒྱད་ཀྱི་དང་པོ་ཡང་སོས་ན་གནས་པ་དེ་དག་ཕན་ཚུན་གཅིག་གིས་གཅིག་ལ་དགྲ་མཐོང་བ་ལྟར་ཞེ་སྡང་སྐྱེ་བའི་ཚེ་ལག་དུ་མཚོན་ཆ་སྣ་ཚོགས་པ་རང་བྱུང་བ་བསྣུན་རེས་བྱས་ཏེ་ཤི་བ་ལས། ནམ་མཁའ་ནས་ཡང་སོས་པ་གྱུར་ཅིག་ཅེས་པའི་སྒྲ་བྱུང་མ་ཐག་ཏུ་སྔར་བཞིན་སོས་ནས་ཡང་མཚོན་གྱིས་སྐྱེ་ཤི་འབའ་ཞིག་བྱེད་དེ། བཤེས་སྤྲིང་ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡི། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེ་ཡི་དམྱལ་བ་སྡུག་བསྔལ་ཆུང་ངུ་ཡང་། །འོལ་ཡང་མི་བཟོད་ཆར་ཡང་མི་ཕོད་དོ། །ཞེས་སོ། །དེ་ལས་བདུན་འགྱུར་གྱིས་སྡུག་བསྔལ་ཆེ་བའི་དམྱལ་བ། ཐིག་ནག་ཞེས་བྱ་བ་ལྕགས་ཀྱི་སོག་ལེས་གཤོག་པ་སྟེ། སྔ་མ་ལས། བསྡུས་འཇོམས་རི་དང་གཏུན་དང་ལྗོངས་སུ་འཐགས། །ངུ་འབོད་ལྕགས་ཁྱིམ་འབར་བ་སྲེག་བྱེད་ཅིང་། །ངུ་འབོད་ཆེན་པོ་ལྕགས་ཁྱིམ་ཉིས་རིམ་བསྲེགས། །ཞེས་པ་ལྕགས་ཀྱི་སོག་ལེ་མེ་འབར་བས་ལུས་ལ་ཐིག་ནག་པོ་བཏབ་པའི་རྗེས་སུ་གཤོག་ཅིང་སྔར་བཞིན་དུ་འབྱར་བ་ལ་ཡང་གཤོག་པ་ནི་དམྱལ་བ་ཐིག་ནག་གོ །རིའི་བར་བཅར་བ་དང་། གཏུན་ཏུ་བརྡུངས་བ་དང་། ལྗོངས་སུ་བཞག་ནས་ནམ་མཁའ་ནས་ལྕགས་ཀྱི་ཐོ་བ་མེ་འབར་བས་རྩི་བཞིན་འཐག་པ་ནི་བསྡུས་འཇོམས་ཏེ་སླར་ཡང་སོས་སོ། །ལྕགས་ཀྱི་ཁང་པ་སྒོ་མེད་ལ་མེ་རབ་དུ་འབར་བས་སྲེག་པར་བྱེད་པ་ནི་ངུ་འབོད་དོ། །ལྕགས་ཁྱིམ་གཉིས་རིམ་སྲེག་པ་ནི་ངུ་འབོད་ཆེན་པོའོ། །དེ་དག་ལས་ཀྱང་བདུན་འགྱུར་གྱི་སྡུག་བསྔལ་ཆེ་བའི་ཚ་བ་ནི། ལྕགས་ཀྱི་ས་གཞི་མེ་འབར་བ་ལ་ལུས་ཀྱི་པགས་པ་བཤུས་ཏེ་ཕུར་བས་བརྒྱངས་བའི་སྟེང་ཐོ་བས་བརྡུངས་ལ། རབ་ཏུ་ཚ་བ་ཕྱི་ནས་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ཀྱི་མེ་དང་། ནང་ནས་གློ་སྙིང་ལ་སོགས་མེ་འབར་བས་ན་མེའི་ཕུང་པོ་བཅུ་གཅིག་གིས་བསྲེག་གོ །གཞན་ཡང་ལྕགས་ཀྱི་ཐུ་ལུམ་མེ་འབར་བ་དང་། ལྕགས་ཞུན་དང་ཟངས་ཞུན་སྐོལ་མ་ཁ་རུ་དབང་མེད་དུ་བླུག་པས་ལུས་རྡུལ་དུ་བུན་གྱིས་ཚིག་པའོ། །དེ་ཐམས་ཅད་ལས་སྡུག་བསྔལ་བདུན་འགྱུར་གྱིས་ཆེ་བ་ནི། གནས་ཐ་མ་ལ་ཡང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། མནར་མེད་ལྕགས་ཁང་འབར་བར་བཟོད་གླགས་མེད། །བརྡུངས་དང་འཚོག་དང་གཤོག་དང་བྱེ་མར་འཐག །ཅེས་འཚེད་དང་འབིགས་དང་ལྕགས་ལེབ་འབར་བས་དཀྲི། །སྡུག་བསྔལ་དེ་ལས་ཆེར་མེད་ཅིང་མནར་དུ་བྱར་མེད་པས་ན་མནར་མེད་ཅེས་བྱའོ། །ལྕགས་ཁང་མེ་འབར་བའི་ནང་དུ་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་ཐོ་བས་བརྡུང་བ་དང་། དགྲ་སྟས་འཚོག་པ་དང་། སོག་ལེས་གཤོག་པ་དང་། གཏུན་དུ་འཐག་པ་དང་། ཟངས་ཆེན་ཁོལ་མར་འཚོད་པ་དང་། མདུང་དང་རྩེ་གསུམ་ལ་སོགས་པའི་མཚོན་གྱིས་འབིགས་པ་དང་། ལྕགས་ལྗང་མེ་འབར་བས་ལུས་མགོ་མཇུག་ཐག་པས་འཆིང་བ་ལྟར་དཀྲི་བ་ལ་སོགས་སྡུག་བསྔལ་དཔག་ཏུ་མེད་དོ། །གནས་དེའི། ཕྱི་རོལ་ཕྱོགས་བཞིར་ཉེ་འཁོར་བཅུ་དྲུག་ནི། །རོ་མྱགས་འདམ་དང་ཆུ་བོ་རབ་མེད་དང་། །སྤུ་གྲིའི་ཐང་དང་རལ་གྲི་ལོ་མའི་ཚལ། །ཤལ་མའི་སྡོང་བོའི་ཀུན་ནས་འཁོར་བ་ལ། །དམྱལ་བ་པ་རྣམས་སྣ་ཚོགས་སྡུག་བསྔལ་སྤྱོད། །མནར་མེད་ཀྱི་ཕྱོགས་འཁོར་བ་རོ་མྱགས་ཀྱི་འདམ་རོ་རུལ་བ་ཅན་དུ་སྔར་གྱི་དམྱལ་བ་པ་དག་སྒོ་དབྱེ་བ་ཕྱིར་ཐོན་ནས་ཞུགས་པ་ལས། སྲིན་བུ་ལྕགས་དང་ཟངས་ཀྱི་མཆུ་ཅན་མང་པོས་འབིགས་ཤིང་ཤ་རུས་ཟའོ། །དེ་ལས་རྒྱ་ལམ་ཐར་བ་སྙམ་བྱེད་པས་ཕྱིར་སོང་བ་ལས། ཐལ་ཚན་གྱི་ཆུ་བོ་རབ་མེད་ཚ་བ་དེར་ཤ་རུས་ཚིག་སྟེ། སྤྱོད་འཇུག་ལས། ཆུ་བོར་རབ་མེད་མེ་དོང་འདྲ་ནང་བྱིང་བ་དག །ཤ་ཀུན་ཞིག་གྱུར་རུས་གོང་མེ་ཏོག་ཀུནྡའི་མདོག །ཅེས་སོ། །འགྲམ་གཉིས་སུ་གཤིན་རྗེའི་སྐྱེས་བུས་སྲུང་བར་སྣང་བས་མི་ཐར་རོ། །རྒྱ་ལམ་ཐར་བའི་མཐར། སྤུ་གྲིའི་ཐང་ལ་རྐང་པ་བཞག་དུས་གཤོག་ཅིང་བཏེགས་ན་སླར་འཚོ་བ་ལ་འགྲོའོ། །རལ་གྲི་ལོ་མའི་ཚལ་ཤིང་སྡོང་གི་ཡལ་ག་ལོ་མ་ཐམས་ཅད་རལ་གྲི་རུ་གྱུར་པས་ལུས་གཅོད་པ་དང་། ཤལ་མ་རི་ལྕགས་ཀྱི་ཐུར་མ་གྱེན་མཐུར་ལ་བརྟེན་པས་འཛེགས་ཤིང་འབབས་པ་དེར་ཁྱི་དང་བྱ་ལ་སོགས་པས་ཟའོ། །དེ་དག་ཕྱོགས་བཞི་ན་བཞི་བཞི་འཁོར་བ་གནས་པས་འཁོར་ལྷག་མ་བཅུ་དྲུག་ཅེས་བྱའོ། །བར་སྐབས་བྱེད་དུ་སྡུག་བསྔལ་བ་དྲན་པ་ཉེར་བཞག་ལས་གསུངས་སོ། །ཉི་ཚེ་བའི་གནས་དང་གཟུགས་ལ་ངེས་པ་མེད་དེ། རྒྱ་མཚོ་དང་། རི་དང་། ཤིང་དང་། བར་སྣང་དང་། ཁང་པ་དང་། བྲག་རི་ལ་སོགས་པ་ན། སྲོག་ཆགས་ཀྱི་གཟུགས་དང་། རྡོ་དང་ཤིང་དང་། ཕྱགས་མ་དང་། སྣོད་སྤྱད་དང་། སེག་དང་། རེ་ལྡེ་ལ་སོགས་པ་བཀོལ་སྤྱད་བྱེད་པའི་སྡུག་བསྔལ་མྱོང་བའོ། །རྩྭ་མི་གཅོད་པ་ཡང་འདི་ལ་དགོངས་པའོ། །དམྱལ་བ་དེ་དག་གི་ཚེ་ཚད་ནི། ཚེ་ཚད་ཡང་སོས་ལ་སོགས་དྲུག་པོ་ན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ་པ་ཡིས། །རང་ལོ་དེ་ཉིད་བར་དུ་ཐུབ་པ་སྟེ། །རབ་ཏུ་ཚ་བས་བར་བསྐལ་ཕྱེད་ཐུབ་ཅིང་། །མནར་མེད་བར་བསྐལ་གཅིག་ཏུ་གནས་པར་གསུངས་། །སྔར་སྨོས་པའི་་རིམ་པས་འདོད་ལྷ་དྲུག་པོའི་ཚེ་རིལ་གྱི་ལོ་དེ་དག་གཅིག་ཏུ་བསྡོམས་པ་དྲུག་པོ་ཡང་སོས་ལ་སོགས་པ་དྲུག་གི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་དེ་ཉིད་རེ་རེ་ཐུབ་སྟེ། དཔེར་ན་རྒྱ་ཆེན་བཞིས་རང་ལོ་ལྔ་བརྒྱ་ཡང་སོས་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་བོ། །སུམ་ཅུ་རྩ་གསུམ་པའི་ལོ་སྟོང་དང་། མཚེ་མའི་ཉིས་སྟོང་དང་། དགའ་ལྡན་པའི་བཞི་སྟོང་དང་། འཕྲུལ་དགའི་བརྒྱད་སྟོང་དང་། གཞན་འཕྲུལ་དབང་བྱེད་པས་ཁྲི་དྲུག་སྟོང་རྣམས་ཉིན་ཞག་རེ་རེ་བྱས་པའི་ཐིག་ནག་གིས་རང་ལོ་སྟོང་དང་། བསྡུས་འཇོམས་ཀྱིས་ཉིས་སྟོང་དང་། ངུ་འབོད་ཀྱིས་བཞི་སྟོང་དང་། ངུ་འབོད་ཆེན་པོས་བརྒྱད་སྟོང་དང་། ཚ་བས་རང་ལོ་ཁྲི་དྲུག་སྟོང་ཐུབ་ཅིང་། རབ་ཏུ་ཚ་བས་བར་བསྐལ་ཕྱེད། མནར་མེད་ཀྱིས་བར་བསྐལ་གཅིག་ཐུབ་སྟེ། མཛོད་ལས། ཡང་སོས་ལ་སོགས་དྲུག་རིམ་བཞིན་། འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། ཞེས་པ་ལ་སོགས་པ་བཞིན་ནོ། །གྲང་བའི་དམྱལ་བ་ནི་དེ་དང་འདབ་འབྱོར་དུ་གནས་པར་གསུངས་ཏེ། གངས་དང་ཁ་བའི་བུ་ཡུག་ལངས་པ་ཡིས། །རབ་ཏུ་སྦྲེབ་པའི་ལུས་ཅན་རྣམ་བརྒྱུད་ནི། །ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་ཅན། །ཨ་ཆུ་ཟེར་དང་ཀྱི་ཧུད་སོ་འཐམས་དང་། །པདྨ་ལྟར་གས་ཨུཏྤལ་པདྨ་ཆེ། །གྲང་བས་ཉམ་ཐག་སྡུག་བསྔལ་ཕ་མཐའ་ཡས། །གངས་དང་ཁ་བའི་བུ་ཡུག་གིས་སྦྲེབ་ཅིང་གངས་བར་ཤིན་ཏུ་གྲང་བ་ན་གནས་པའི་དམྱལ་བ་བརྒྱད་ལས། གྲང་བས་ཆུ་བུར་མཐེབ་རྡོག་ཙམ་ཡོད་པ་ནི་ཆུ་བུར་ཅན་ནོ། །དེ་དག་རྡོལ་ནས་རྨར་སོང་བ་ནི་ཆུ་བུར་རྡོལ་བ་ཅན་ནོ། །ཨ་ཆུ་ཆུ་ཟེར་བས་ཨ་ཆུ་ཟེར་བའོ། །ཀྱི་ཧུད་ཀྱི་སྒྲ་ཙམ་ལས་མི་ཐོན་པས་ཀྱི་ཧུད་ཟེར་བའོ། །སྐད་མི་ཐོན་པས་རེངས་ཤིང་སོ་འཐམས་པས་སོ་ཐམ་ཐམ་པའོ། །ལུས་ཚར་བ་བཞིར་གས་པས་པདྨ་ལྟར་གས་པའོ། །རྨ་དེ་དག་ཕྱི་ནང་ལོག་ནས་ཆུ་རྒྱུས་ཀྱི་གཟུགས་ཕྲ་མོས་སྦྲེལ་བས་ཨུཏྤལ་ལྟར་གས་པའོ། །ཚ་བ་བཅུ་དྲུག་གམ་སུམ་ཅུ་རྩ་གཉིས་སམ་བརྒྱ་སྟོང་དུ་གས་པས་པདྨ་ཆེན་པོ་ལྟར་གས་པའོ། །དེ་དག་གི །ཚེ་ཚད་ཁལ་བརྒྱ་ཤོང་བའི་ཏིལ་སྦྱང་ནས། །ལོ་བརྒྱ་ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་ཚེ་ལྷག་མ་ཉི་ཤུ་འགྱུར། །ཀོ་ས་ལས་ཏིལ་ཁལ་བརྒྱ་ཤོང་བའི་ཏིལ་སྦྱང་ནས་ཏིལ་ཉག་མ་རེ་ལོ་བརྒྱ་བརྒྱ་སོང་དུས་ཕྱིར་བོར་བས་ཏིལ་སྦྱང་ཟད་པ་ནི་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། ལྷག་མ་རྣམས་ཉི་ཤུར་འགྱུར་གྱིས་རིང་བར་འདོད་དེ། མཛོད་ལས། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་བྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་དོ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཞེས་སོ། །དེ་ནས་ངན་སོང་གི་གནས་གཉིས་པ། ཡི་དྭགས་བཀྲེས་སྐོམ་འཚེ་བས་སྡུག་བསྔལ་བ། །ཕྱི་ཡི་སྒྲིབ་ཅན་བཟང་དགུ་མཐོང་ནའང་སྐོམ། །ནང་གི་སྒྲིབ་ཅན་གློ་སྙིང་མེ་འབར་ཞིང་། །སྤྱི་མཐུན་སྒྲིབ་པ་ཟས་སྐོམ་ཡིད་ལ་བཏགས། །བཅུ་གཉིས་ལོར་ཡང་ཆུ་ཡི་སྒྲ་མི་ཐོས། །གཞན་གྱིས་འཚེ་དང་བསྲུང་བར་སྣང་བའོ། །རྟག་ཏུ་བཀྲེས་པས་ཟས་སྐོམ་འབའ་ཞིག་ཡིད་ལ་འདོད་པས་ན་ཡི་དྭགས་ཏེ། དབྱེ་ན་གསུམ་ལས། ཕྱིའི་སྒྲིབ་པ་ཅན་ཡུལ་ཡིད་དུ་འོང་བ་ཡང་མི་འོང་བ་ཉིད་དུ་འགྱུར་བར་སྣང་སྟེ། སྨན་ཤིང་ནགས་འདབ་ཆུ་ཀླུང་ཆེན་པོའང་མཐོང་བ་ཙམ་གྱིས་སྐོམ་ཞིང་མགལ་དུམ་ལ་སོགས་པ་རད་རོད་དུ་སྣང་བ་དང་། དུས་ཚིགས་ཀྱང་ཕྱིན་ཅི་ལོག་པ་ཉིད་དུ། བཤེས་སྤྲིང་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ཞིང་དགུན་ནི་ཉི་མའང་བསིལ། །ཞེས་སོ། །ནང་གི་སྒྲིབ་པ་ཅན་ལ་ཁོང་པ་ནས་མེ་འབར་བས་ནང་ཁྲོལ་ཀུན་སྲེག་ཅིང་ཁ་ནས་དུད་པ་མེ་ལྕེར་བཅས་པ་འཐུལ་ལ། སྤྱི་མཐུན་པར་ཐུན་མོང་དུ་ཡོད་པའི་སྒྲིབ་པ་ནི་ཟས་སྐོམ་འདོད་པས་ལྟོག་པ་ལ་བཟོད་གླགས་མེད་ཀྱང་ལོ་བཅུ་གཉིས་སུ་ཆུའི་སྒྲ་མི་ཐོས་པ་དང་ཆུ་མཐོང་ཡང་སྐོམ་པའང་། བསྲུང་བ་སྣང་བས་སྤྱད་དབང་མེད་དོ། །ལུས་རི་རབ་ཙམ་ལ་ཁ་ཁབ་མིག་ཙམ་ཡོད་པ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་སྣ་ལུད་དང་མི་གཙང་བ་དོར་བ་ལ་སྔགས་ཀྱིས་བྱིན་པ་ཅུང་ཙམ་ཁར་སོང་ནའང་། དང་པོ་མི་ཚུད་པའི་སྡུག་བསྔལ། ཚུད་ནས་མེ་འབར་བ་ལ་སོགས་པའི་སྡུག་བསྔལ་དུ་འགྱུར་ཞིང་། རྒྱ་མཚོ་ཆེན་པོ་འཐུངས་ཀྱང་མགུལ་པར་མ་སླེབས་པ་ནས་ཁའི་དུག་གིས་སྐམ་པ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པའི་སྟེང་དུ་གཞན་གྱིས་འཚེ་ཞིང་ལུས་སེམས་ལ་གནོད་པ་མང་སྟེ། སློབ་སྤྲིང་ལས། ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་མང་འཛེག་པའི། །ལྟོ་ཆེན་ཉམ་ཐག་རྒྱ་མཚོ་ཆེན་པོའི་ཆུ་འཐུངས་ཀྱང་། །མགུལ་ཕུགས་ཡངས་པ་ཉིད་དུ་ཕྱིན་པ་མ་གྱུར་པ། །ཁ་ཡི་དུག་གིས་ཆུ་ཡི་རློན་ཡང་སྐམ་པར་འགྱུར། །ཞེས་སོ། །དེ་དག་གི་ཚེ་ཚད་ནི་མིའི་ལོ་བརྒྱ་ཡི་དྭགས་ཀྱི་ཞག་གཅིག་ཏུ་བརྩི་བའི་རང་ལོ་ལྔ་བརྒྱར་སྡུག་བསྔལ་མྱོང་བ་ཡིན། མི་རྣམས་ཀྱི་ལོ་བརྒྱ་ལ་ཡི་དྭགས་ཀྱི་ཞག་གཅིག་ཏུ་བརྩིས་པས་རང་ལོ་ལྔ་བརྒྱ་ཐུབ་སྟེ། བཤེས་སྤྲིང་ལས། ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་པ་དེ་ཡང་མི་ལོ་བརྩི་བའོ། །ངན་སོང་གི་གནས་གསུམ་པ་དུད་འགྲོ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དུད་འགྲོ་རྣམས་ལའང་གཅིག་གིས་གཅིག་ཟ་ཞིང་། །འཚེ་དང་བཀོལ་སྤྱད་གསོད་གཅོད་སྡུག་བསྔལ་མང་། །ཚེ་ལོ་མ་ངེས་བསྐལ་བ་ལ་སོགས་སོ། །ཞེས་པས། དུད་འགྲོ་བྱིངས་ན་གནས་པ་རྒྱ་མཚོའི་ནང་ན་གཟུགས་དང་རྣམ་པ་མི་འདྲ་བ་ཆང་དར་མའི་སྦང་མ་ཙམ་དང་། ཁ་འཐོར་པ་ལྷ་མིའི་གནས་ན་བྱ་དང་རི་དྭགས་རྟ་གླང་ཕྱུགས་ལུག་ལ་སོགས་པ་འདི་དག་གཅིག་གིས་གཅིག་ཟ་བ་དང་། འཚེ་བ་དང་། པགས་པ་དང་། རུས་པ་དང་། ཤའི་ཕྱིར་གསོད་པ་དང་། རྨོ་དང་ཞོ་བཞོ་བ་དང་སྤུ་བལ་ལ་སོགས་པ་སྤྱོད་ཅིང་ཁལ་མི་ཐེགས་བཞིན་དུ་འགེལ་བ་ལ་སོགས་པ་སྡུག་བསྔལ་མཐའ་མེད་དོ། །ཚེ་ཡང་ཀླུ་ཁ་ཅིག་ལ་བསྐལ་བ་རེ་ཙམ་དང་། གཞན་རྣམས་ལ་སྐད་ཅིག་ཙམ་གྱི་ཚེ་མ་ངེས་པ་ཡིན་ནོ། །མཐོ་རིས་ནའང་བདེ་བ་མེད་དེ་རེ་ཞིག་གླིང་བཞི་སོ་སོའི། མི་རྣམས་ལ་ཡང་བདེ་བའི་གོ་སྐབས་མེད་དེ། །དེ་ཉིདལས། སྐྱེ་རྒས་ན་འཆི་དགྲ་དང་འཚེ་བ་མང་། །བཤེས་བྲལ་འདོད་པས་ཕོངས་དང་མི་འདོད་མྱོང་། །འདོད་པ་མ་གྲུབ་ཚ་གྲང་ངལ་དུབ་དང་། །ཕན་པའི་ལན་དུ་གནོད་དང་དྲིན་མི་བཟོ། །འཁོར་གྱིས་ལོག་སྒྲུབ་དོན་མེད་ཕྲག་དོག་དང་། །མི་བསྔགས་དོན་མེད་སྒྲོ་སྐུར་དཔག་ཏུ་མེད། །ཅེས་པས་མིའི་གནས་ནའང་ཆེ་ཆུང་ཐམས་ཅད་ལ་རང་རང་གི་བོངས་དང་སྦྱར་བའི་འཚེ་བ་ཐུག་པ་མེད་ཅིང་ཁྱད་པར་དུ་སྤྱི་མཐུན་ལ་སྐྱེ་བ་དང་། རྒས་པ་དང་། ནད་དྲག་པོས་བཏབ་པ་དང་། འཆི་བ་དང་། དགྲ་སྡང་བ་དང་འཕྲད་ནས་བཅོམ་འཕྲོག་དང་སྲོག་ལ་རྒོལ་བ་དང་། འཚེ་བ་དང་། གཉེན་བྱམས་པ་དང་བྲལ་བ་དང་། ཡོ་བྱད་དང་བུ་ལ་སོགས་པའི་འདོད་པས་མི་འབྱོར་ཞིང་ཕོངས་པ་དང་། ནད་གདོན་ལ་སོགས་པ་མི་འདོད་པ་ཐོག་ཏུ་བབས་པ་དང་། ཡོ་བྱད་དང་གནས་དང་སྙན་གྲགས་ལ་སོགས་པ་འདོད་པ་མ་གྲུབ་པ་དང་། ལས་དང་ལམ་ལ་སོགས་པར་ཚ་གྲང་དང་། ཁུར་དང་། བྱ་བས་ངལ་ཞིང་དུབ་པ་དང་། རང་གི་ཕན་བཏགས་པ་དེས་གནོད་པ་བྱེད་ཅིང་བྱེད་པ་དྲིན་དུ་མི་བཟོ་པ་དང་། མི་ཆེ་བ་དང་། དགེ་བའི་བཤེས་གཉེན་རྣམས་ལ་འཁོར་སློབ་ཀྱིས་ཀྱང་མི་མཐུན་པ་སྣ་ཚོགས་བྱེད་པས་ཐུགས་དཀྲུག་པ་དང་། དོན་མེད་གཞན་ཕྲག་དོག་ཅན་གྱིས་ངན་དུ་སྒྲོག་པས་སྐུར་བ་གྲགས་པའི་སེམས་ཁྲལ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ། །ཚེ་མ་ངེས་ཏེ་སྒྲ་མི་སྙན་པ་ན་ལོ་སྟོང་། གླིང་གཞན་གསུམ་ན་ཕལ་ཆེར་དུས་མ་ཡིན་པའི་འཆི་བ་དང་། ཁྱད་པར་དུ་འཛམ་བུ་གླིང་པ་ལ་གློ་བུར་དུ་འཆི་བ་གྲངས་མང་པས་ནམ་འཆི་ཆ་མེད་པ་ཡིན་ནོ། །རི་རབ་ཀྱི་ཁོང་སེང་ན་གནས་པའི་ལྷ་མིན་རྣམས་ལའང་ཁྲོ་དང་འཁྲུགས་པ་དང་། མི་འདོད་ཐོག་ཏུ་བབ་དང་འཆི་ལ་སོགས། །སྣ་ཚོགས་སྡུག་བསྔལ་མང་ལྡན་བདེ་བ་མེད། །ལྷ་མ་ཡིན་རྩོད་པ་དང་ཕན་ཚུན་འཁྲུགས་པ་དང་། ཕྲག་དོག་གི་རླུང་འཚུབ་ཅིང་ཞེ་སྡང་གི་མེ་འབར་བས་ཟུག་རྔུ་སྣ་ཚོགས་པ་དང་། འཆི་བ་དང་། འདོད་པ་མ་གྲུབ་ལ་མི་འདོད་པ་ཐོག་ཏུ་བྱུང་བ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་དོ། །ཚེ་མ་ངེས་ཏེ་འདོད་པའི་ཁམས་ཡིན་པའི་ཕྱིར་དང་། །སྟོབས་ཆེན་གནོད་སྦྱིན་གྱི་རིགས་ལ་སོགས་པ་ཁ་ཅིག་རྒྱལ་ཆེན་བཞི་དང་མཉམ་ལ། མཐུ་དཔལ་ལྷའི་རིགས་ལ་སོགས་པ་ཁ་ཅིག་སུམ་ཅུ་རྩ་གསུམ་དང་མཉམ་ལ། གསོད་བྱེད་སྲིན་པོའི་རིགས་ལ་སོགས་པ་ཁ་ཅིག་ཡི་དྭགས་དང་མཉམ་ལ། རྨོངས་བྱེད་དུད་འགྲོའི་རིགས་ལ་སོགས་པ་ཁ་ཅིག་དུད་འགྲོ་དང་མཉམ་པའི་ཕྱིར་རོ། །མཐོ་རིས་ཀྱི་ལྷ་རྣམས་ལ་ཡང་འཆི་འཕོ་ལྟུང་བ་ལ་སོགས་པའི་སྡུག་བསྔལ་ཆུ་མཚོ་མཐའ་ཡས་དཔག་ཏུ་མེད་པ་སྟེ། སུམ་ཅུ་རྩ་གསུམ་ལ་སོགས་པའི་འདོད་ལྷ་དྲུག་ན་འདོད་པས་མྱོས་ཤིང་བག་མེད་པས་འཆི་བའི་ཚེ་གང་དུ་སྐྱེ་བའི་ས་ལ་འཇིགས་པའི་སྡུག་བསྔལ་ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུ་ལྷའི་ཞག་བདུན་མྱོང་ནས་འཕོ་བ་དང་། འཐབ་རྩོད་དང་། མྱ་ངན་ལ་སོགས་པ་མང་ཞིང་། གོང་མ་གཉིས་ནའང་སྲིད་པ་ཉིང་མཚམས་སྦྱོར་བའི་སྡུག་བསྔལ་དཔག་ཏུ་མེད་དོ། །ཚེ་ཚད་ནི་སྔར་བཤད་ཟིན་ཏོ། །ད་ནི་སྤང་བྱ་འཁོར་བའི་རང་བཞིན་ལ་སྐྱོ་བར་གདམས་པ་ནི། སྔ་མ་ལས། དེ་ལྟར་འཁོར་བ་མེ་ཡི་འོབས་འདྲ་སྟེ། །བདེ་བའི་སྐབས་མེད་ཟོ་ཆུའི་འཁྱུད་མོ་བཞིན། །གཅིག་ནས་གཅིག་བརྒྱུད་ཐོག་མཐའ་མེད་པ་ལས། །བློ་བཟང་རྣམས་ཀྱིས་ཐར་ཕྱིར་སྤྲོ་བ་བསྐྱེད། །ཅེས་གསུངས་པ་ལྟར། ཁམས་གསུམ་རིགས་དྲུག་གང་ནའང་བདེ་བ་མེད་པ་སྟེ་མེའི་འོབས་ན་བསིལ་བ་མེད་པ་བཞིན་ནོ། །དེ་ཡང་ལྷའི་དགའ་བ་ལ་སྤྱད་ནས་སླར་ཡང་དམྱལ་བ་ཁྲོ་ཆུ་ལ་སོགས་པ་ལ་སྤྱོད་ཅིང་། གཅིག་ནས་གཅིག་དུ་བརྒྱུད་པའི་ཚེ་རབས་སུ་བདེ་སྡུག་འདི་རྣམས་ལ་བདག་གིས་མ་སྤྱད་པ་དང་། གནས་དེ་དག་སུ་མ་བསྡད་པ་དང་། སེམས་ཅན་ཀྱི་མངལ་དུ་མ་བསྡད་པ་དང་། ནུ་ཞོ་རྒྱ་མཚོ་ལས་ལྷག་པ་མ་བཏུང་ཞེས་བསམ་དུ་མི་རུང་པ་དེ་སྙེད་དུ་འཁོར་ཡང་། ད་དུང་འདི་ཙམ་ན་ཐར་མེད་པས་སྔ་མ་བཞིན་དུ་འཁོར་བའི་ཕྱིར་སྐྱོ་བ་བསྐྱེད་དགོས་ཏེ། སློབ་སྤྲིང་ལས། ཡུལ་ཕྱོགས་གང་དུ་གནས་མ་བཅས་པའི་གནས་དེ་མེད། །གང་དུ་མ་སོང་ནམ་མཁའི་ཕྱོགས་དེའང་ཡོད་མ་ཡིན། །འོན་ཀྱང་འདོད་ཆགས་སྲེད་པ་འཕེལ་བར་འགྱུར་བ་ཉིད། །སྔོན་ཆད་ལན་མང་མ་མྱོང་སྡུག་བསྔལ་དེ་ཡོད་མིན། །འགྲོ་བ་གང་གིས་ཚིམ་གྱུར་འདོད་པ་དེ་དག་མེད། །གང་གི་ལྟོ་བར་མ་ཉལ་སེམས་ཅན་དེ་མེད་ན། །འོན་ཀྱང་ཇི་ལྟར་འཁོར་བ་ཅན་ལ་ཆགས་བྲལ་མེད། །འགྲོ་བ་ལན་བརྒྱ་མ་སོང་འགྲོ་དེ་གང་ཞིག་ཡོད། །སྔོན་ཆད་ལན་མང་མ་མྱོང་བདེ་བ་དེ་གང་ཞིག །ཅེས་པ་དང་། བཤེས་སྤྲིང་ལས། རེ་རེ་རྒྱ་མཚོ་བཞི་པས་ལྷག་པ་ཡི། །འོ་མ་འཐུང་སྟེ་ད་དུང་སོ་སོ་ཡི། །སྐྱེས་བོའི་རྗེས་སུ་འབྲང་བའི་འཁོར་བ་པས། །དེ་བས་ཆེས་མང་རྙེད་ཅིག་བཏུང་འཚལ་ལོ། །ཞེས་སོ། །ལྔ་བ་ཐར་བའི་ཕན་ཡོན་བསམ་སྟེ་འཁོར་བ་ལས་ངེས་པར་འབྱུང་དགོས་པར་གདམས་པ་ནི། དེ་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྙིང་པོ་མེད་པ་དེ་འདྲའི་འཁོར་བ་ལས། །ཐར་བའི་ཕྱོགས་ནི་མྱ་ངན་འདས་པ་སྟེ། །ཞི་བདེ་བསིལ་བའི་བདུད་རྩི་བླ་ན་མེད། །རྟག་བརྟན་འཕོ་འགྱུར་མེད་ཅིང་སྤྲོས་དང་བྲལ། །ཡོན་ཏན་རང་བཞིན་ལུས་རྫོགས་རྒ་ཤི་མེད། །སྒྲིབ་བྲལ་རྙོག་པ་མེད་ཅིང་ཕན་བདེའི་གནས། །འགྲོ་བའི་སྐྱབས་དང་དཔུང་གཉེན་གྱུར་པ་དེར། །བློ་བཟང་རྣམས་ཀྱིས་བགྲོད་ཕྱིར་བརྩོན་པར་བྱ། །ཞེས་པས་འཁོར་བ་མངོན་པར་སྐྱོ་ཞིང་སྐྱོན་དང་བཅས་པས་མེ་འོབས་བརྒལ་དཀའ་བ་ལས། མྱ་ངན་ལས་འདས་པ་ཞི་བདེ་བསིལ་བའི་ནགས་ཚལ་ཡིད་དུ་འོང་བ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱིས་འབྱོར་ཞིང་། རྒ་ཤི་མེད་པས་རྟག་པ་བརྟན་པ་སྒྲིབ་པ་མེད་པའི་གནས་བཟང་དམ་པ་དེར་རང་ཉིད་བགྲོད་ནས། གཞན་ཡང་དྲང་བའི་ཐབས་ལ་བརྩོན་པས་སྤྲོ་བར་གདམས་པའོ། །བདག་ལས་གཞན་གཅེས་ཀྱི་བསམ་པའི་ཆོས་བརྩོན་དགོས་ཏེ། བདག་གཞན་དོན་གཉིས་སྒྲུབ་པའི་བསམ་པ་ཁྱད་པར་ཅན་གྱི་དགེ་བ་བསྒྲུབས་པ་ལ་ཕན་ཡོན་དང་བསོད་ནམས་དཔག་ཏུ་མེད་པ་ཡོད་པར་གསུངས་ཏེ། བཟང་པོ་སྤྱོད་པ་ལས། ལན་གཅིག་ཙམ་ཡང་དད་པ་སྐྱེད་པ་ན། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་པ་དང་། དེ་ཡང་དགེ་བ་བསོད་ནམས་ཆ་མཐུན་དང་ཐར་བ་ཆ་མཐུན་གཉིས་ལས། བསོད་ནམས་ཆ་མཐུན་གྱི་དགེ་བས་མངོན་པར་མཐོ་བའི་བདེ་འབྲས་ཐོབ་སྟེ། དེ་ཡང་དགེ་བའི་ལས་ཆེ་འབྲིང་ཆུང་གསུམ་ལས། དགེ་བ་ཆུང་ངུ་བྱས་པས་མི་ཕལ་བ་རྣམས་དང་། འབྲིང་རྒྱལ་པོ་དང་། བློན་པོ་དང་། ཁྱིམ་བདག་འབྱོར་བ་ཅན་དུ་སྐྱེ་བ་དང་། ཆེན་པོ་བྱས་པས་ཆོས་ལྡན་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྐྱེ་བ་དང་། སྔོན་གྱི་བསོད་ནམས་མཐུ་རྩལ་ལས་བྱུང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་ཡང་གླིང་གཅིག་ལ་གནས་པ་དང་། གསུམ་ལ་དབང་བ་དང་། གླིང་བཞི་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་ཡང་མིའི་ནང་ནས་བསོད་ནམས་མཆོག་དུ་གྱུར་བ་ཡིན་པས། རྒྱལ་སྲིད་རིན་ཆེན་སྣ་བདུན་རང་བཞིན་ཤུགས་ལས་བྱུང་བ་དང་། གླིང་བཞི་ལ་དབང་བསྒྱུར་ཞིང་རིན་པོ་ཆེ་དང་། འདོད་ཡོན་ལོངས་སྤྱོད་ཆར་འབེབས་ཤིང་འབངས་འཁོར་རྣམས་ཀྱི་དབུལ་ཕོངས་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་སྐྱོབ་ཅིང་འབྱོར་བ་ཕུན་སུམ་ཚོགས་པའི་མཐུ་སྟོབས་དང་ལྡན་པ་རྣམས་ནི་སྔོན་དགེ་བ་བྱས་པའི་མཐུ་སྟོབས་ལས་བྱུང་བ་ཡིན་ནོ། །མཐོ་རིས་ཀྱི་འགྲོ་བ་ལྷ་མིན་ཡང་དགེ་བ་སྤྱད་པའི་མཐུས་ཚེ་དཔལ་ལོངས་སྤྱོད་མཐུ་རྩལ་རྣམས་ལྷ་དང་གནོད་སྦྱིན་ལ་འགྲན་ནུས་པའི་ཡོན་ཏན་ཡོད་པ་རི་རབ་ཀྱི་ཁོང་སེང་ན་རིམ་པར་གནས་པ་ལས་གསེར་གྱི་ས་གཞི་ལ་ལྷ་མ་ཡིན་གྱི་གྲོང་ཁྱེར་གསེར་ལྡན་ཡང་སུམ་བཅུ་རྩ་གསུམ་གྱི་གྲོང་ཁྱེར་ལྟ་ན་སྡུག་པ་ལ་འགྲན་ནུས་པའི་ཡོན་ཏན་ཚང་ཞིང་དཔག་བསམ་གྱི་ཤིང་དང་བདུད་རྩི་ཡི་ཆུ་མིག ལྷ་མ་ཡིན་མདུན་ས་ནོར་བཟང་དང་། རྡོ་རྗེ་ལེགས་གླང་ཆེན་གངས་བརྩེགས་དང་། སྐྱེད་མོའི་ཚལ་དང་ཤིང་རྟ་དང་། རྟ་མཆོག་སྤྲིན་གྱི་ཤུགས་ཅན་དང་། གླང་པོ་ས་བསྲུང་གི་བུ། འདོད་ཡོན་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལྷུན་གྲུབ་དུ་འབྱུང་བ་དེ་དག་ནི་དགེ་བའི་བསོད་ནམས་ཀྱི་མཐུ་ལས་བྱུང་བ་ཡིན། འདོད་པའི་ལྷ་རིགས་དྲུག་ལས་ཡང་། རྒྱལ་ཆེན་རིགས་བཞི་རི་རབ་བང་རིམ་བཞི་ལ་གནས། དེ་ཡང་སྐྱེ་བ་བརྫུས་ཏེ་སྐྱེ་ཞིང་འདོད་ཡོན་ལོངས་སྤྱོད་རང་བཞིན་ལྷུན་གྲུབ་ཏུ་འབྱུང་བ་དང་། སུམ་ཅུ་རྩ་གསུམ་རི་རབ་སྟེང་ན་གནས་ཏེ་རྣམ་པར་རྒྱལ་བའི་ཁང་བཟང་གྲོང་ཁྱེར་ལྟ་ན་སྡུག་པ་ལྷའི་གཞལ་མེད་ཁང་རྣམས་བསོད་ནམས་ཀྱི་མཐུ་ལས་རང་བཞིན་གྱིས་གྲུབ་བོ། །དེ་ཡང་ས་གཞི་རིན་པོ་ཆེ་ལས་གྲུབ་པ། ཕྱོགས་བཞི་ཚལ་བཞི་ནི། ཤར་ན་ཤིང་རྟའི་ཚལ། ལྷོར་རྩུབ་འགྱུར་ཚལ། ནུབ་ཏུ་འདྲེས་པའི་ཚལ། བྱང་དགའ་བའི་ཚལ། དཔག་བསམ་གྱི་ཤིང་དང་། བདུད་རྩིའི་ཆུ་མིག་ལ་སོགས་པ་འདོད་ཡོན་ལོངས་སྤྱོད་ཐམས་ཅད་བསམ་པ་ཙམ་གྱིས་རང་བཞིན་འབྱུང་བ་དང་། ཉེ་དབང་སུམ་ཅུ་རྩ་གསུམ་དང་། ལྷའི་བུ་དང་བུ་མོ་རྣམས་རང་ལོ་སྟོང་གི་བར་དུ་ལོངས་སྤྱོད་ཅིང་གནས་པ་ཡང་དགེ་བ་ཕུན་སུམ་ཚོགས་པ་ལས་བྱུང་། །དེ་ལས་བསོད་ནམས་ཆེ་བསགས་པ་ནི་ནམ་མཁའ་ལ་གནས་པའི་འདོད་ལྷ་དྲུག་དཔག་བསམ་ཡིད་འགྱུར་བརྒྱན་པའི་གནས་དེར། འཐབ་བྲལ་ལྷ་གནས་བཀོད་པ་ཕུན་སུམ་ཚོགས་པ་སྐྱེ་བ་པདྨའི་སྟེང་དུ་ཁྱེའུ་ཕོ་མོ་གཉིས་བརྫུས་ཏེ་སྐྱེ་བའོ། །ལྷ་མིན་དང་འཐབ་རྩོད་བྲལ་བས་འཐབ་བྲལ་ཞེས་ཀྱང་བྱ། མཚེ་མ་ཞེས་ཀྱང་བྱ། འདོད་ཡོན་ལོངས་སྤྱོད་རྣམས་ཀྱང་ཡིད་ལ་བསམ་པ་འགྲུབ་པ་དེ་དག་ཀྱང་ཚོགས་བསགས་པ་ལས་བྱུང་བའོ། །དེའི་གོང་དུ་དཔག་བསམ་མིག་མཛེས་བརྒྱན་པའི་གནས་ནས་དགའ་ལྡན་ཆོས་བཟང་འདུན་ས་ན། རྒྱལ་ཚབ་བྱམས་མགོན་བཞུགས་ཤིང་ཆོས་ཀྱི་སྒྲ་དང་འདོད་ཡོན་ལོངས་སྤྱོད་རང་བཞིན་ཤུགས་ལས་བྱུང་བ། བསོད་ནམས་ཚོགས་ཆེན་པོ་དག་དང་ལྡན་པའི་ཞིང་། དེའི་གོང་དུ་དཔག་བསམ་མཐོང་མཛེས་གྱི་ཞིང་དུ་འཕྲུལ་དགའ་ལྷའི་རིགས་འདོད་ཡོན་ལོངས་སྤྱོད་རྣམས་ཀྱང་ཤུགས་ལས་འགྲུབ། རང་གཞན་གཉིས་ཀ་དགའ་དང་བདེ་བའི་དཔལ་ལ་སྤྱོད་པར་བྱའོ། །དེའི་གོང་དུ་དཔག་བསམ་རིན་ཆེན་བརྒྱན་པའི་ཞིང་དུ་གཞན་འཕྲུལ་དབང་བྱེད་རྣམས་འདོད་པའི་ཡོན་ཏན་བདེ་ལེགས་གཞན་གྱིས་མཆོད་དོ། །འདོད་ལྷ་དེ་དག་གི་འདོད་ཡོན་ལོངས་སྤྱོད་རྣམས་བསོད་ནམས་མཐུ་ལས་གྲུབ་བོ། །དགེ་བ་བཅུའི་བསོད་ནམས་ཆེ་འབྲིང་ཆུང་གསུམ་བསགས་པའི་འདོད་ཁམས་ལྷ་མིའི་བདེ་འབྲས་དེ་དག་ཐོབ་པ་ཡིན་ནོ། །དགེ་བ་བཅུའི་བསོད་ནམས་ཚོགས་ཆེན་དང་བསམ་གཏན་འབྲེལ་བས། ལྷ་རིགས་གཉིས་ལས། གཟུགས་ཁམས་གནས་རིས་བཅུ་བདུན་གནས་ཏེ། དེ་ཡང་བསམ་གཏན་དང་པོ་ལ་གསུམ་ལས། རིན་ཆེན་པི་ཏིང་ཀི་ལིང་གི་ནམ་མཁའ་ལ་གནས་པའི་ཚངས་རིས་དང་། དེའི་སྟེང་དུ་ས་མི་ཀའི་ནམ་མཁའ་ལ་ཚངས་པ་མདུན་ན་འདོན་དང་། དེའི་སྟེང་ཀེ་རུ་ཛའི་ནམ་མཁའ་ལ་ཚངས་ཆེན་ཀྱི་ལྷ་རིས་པ་གསུམ་ནི་བསམ་གཏན་དང་པོ་སྟེ། འདོད་ཡོན་ལོངས་སྤྱོད་ཀྱི་སྲེད་པ་སྤངས་ཏེ། རྩེ་གཅིག་དུ་བསམ་གཏན་ལ་གནས་པའོ། །གཉིས་པ་ནི་རིན་ཆེན་དཔའ་བར་འོད་ཀྱི་ནམ་མཁའ་ལ་འོད་ཆུང་དང་། དེའི་སྟེང་དུ་ཀེ་ཀེ་རུས་སྤྲས་པའི་ནམ་མཁའ་ལ་ཚད་མེད་འོད་དང་། དེའི་སྟེང་དུ་ཤེས་རབ་ཀུ་དྲའི་ནམ་མཁའ་ལ་འོད་གསལ་ཏེ་དེ་གསུམ་ནི་བསམ་གཏན་གཉིས་པ་སྟེ། དེ་དག་རྟག་ཏུ་ཏིང་འཛིན་མི་གཡོ་བ་ཉམས་མྱོང་དགའ་བདེ་ལ་གནས་སོ། །གསུམ་པ་ནི་རིན་ཆེན་ས་ཏིམ་ཀ་ལིང་ནམ་མཁའ་ལ་དགེ་ཆུང་དང་། དེའི་སྟེང་དུ་ཨིནྡྲ་ནཱི་ལའི་ནམ་མཁའ་ལ་ཚད་མེད་དགེ་དང་། དེའི་སྟེང་རིན་ཆེན་སྣ་ཚོགས་འབྱིན་པའི་ནམ་མཁའ་ལ་དགེ་རྒྱས་དང་གསུམ་ནི་བསམ་གཏན་གསུམ་པ་སྟེ། དེ་དག་ཉམས་མྱོང་བདེ་གསལ་མི་ཆགས། འབྱུང་རྔུབ་མི་འགོགས་པ་གནས་སོ། །བཞི་བ་ནི། དེའི་སྟེང་ན་སྤྲིན་ཚོགས་སྟུག་པོའི་ནམ་མཁའ་ལ་སྤྲིན་མེད་འོད་དང་། དེའི་སྟེང་ཀ་ལིའི་སྤྲས་པའི་ནམ་མཁའ་ལ་བསོད་ནམས་བསྐྱེད་ལྷ་དང་། དེའི་སྟེང་ན་རབ་མཛེས་རྣམ་གསལ་གྱི་ནམ་མཁའ་ལ་འབྲས་བུ་ཆེ་བའི་ལྷ་དང་གསུམ་སྟེ། བསམ་གཏན་བཞི་བ་ནི་བསམ་གཏན་ཡང་དག་ཤེས་རབ་གཞུང་དང་མཐུན་པ་གསུངས། དེའི་སྟེང་དུ་བསམ་གཏན་ཤིན་ཏུ་གང་བའི་གཙང་རིས་ལྷ་སྟེ། རིན་ཆེན་ཤེལ་ཁང་བརྩེགས་པའི་ནམ་མཁའ་ལ་མི་ཆེ་བ་དང་། དེའི་སྟེང་རིན་ཆེན་ཟེ་བ་སྨུག་གུའི་ནམ་མཁའ་ལ་མི་གདུང་བ་དང་། དེའི་གོང་དུ་རྣམ་མཛེས་ནམ་མཁའ་ལ་གྱ་ནོམ་སྣང་བ་དང་། དེའི་གོང་དུ་རིན་ཆེན་མཐོན་མཐིངས་སྤྲས་པའི་ནམ་མཁའ་ལ་ཤུན་ཏུ་མཐོང་བ་དང་། དེའི་སྟེང་དུ་རིན་ཆེན་མཆིང་བུ་རྣམ་པར་བཀོད་པའི་ནམ་མཁའ་ལ་འདོད་ཡོན་ལྷ་སྟེ་བསམ་གཏན་ལྷུན་གྲུབ་འཕགས་པའི་གནས་ཀྱང་གསུངས། འདི་དག་གཟུགས་ཁམས་གནས་རིས་བཅུ་བདུན་ཏིང་འཛིན་གྱིས་གཡོ་ཞིང་། ཡོན་ཏན་མཐའ་ཡས་པ་དེ་དག་ཀྱང་མི་དགེ་སྤངས་ཤིང་དགེ་བ་བསྒྲུབ་བའི་འབྲས་བུའོ། །དེའི་གོང་དུ་གཟུགས་མེད་སྐྱེ་མཆེད་མུ་བཞི་ནི་སྤྲིན་ཆེན་རྣམ་རོལ་གྱི་ནམ་མཁའ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཏིང་འཛིན་བསྐལ་ཆེན་ཉི་ཁྲིའི་བར་དུ་གནས་སོ། །དེའི་གོང་དུ་རྣམ་རོལ་འཁོར་ལོ་འཕྲོས་པའི་ནམ་མཁའ་ལ་རྣམ་ཤེས་མཐའ་ཡས་བསྐལ་ཆེན་བཞི་ཁྲིའི་ཏིང་ངེ་འཛིན་ལ་གནས་སོ། །དེའི་སྟེང་དུ་རྣམ་རོལ་འཁོར་ལོ་ཅན་གྱི་ནམ་མཁའ་ལ་ཅི་ཡང་མེད་པའི་སྐྱེད་མཆེད་བསྐལ་ཆེན་བརྒྱད་ཁྲིའི་བར་དུ་ཏིང་འཛིན་ལ་གནས་སོ། །དེའི་གོང་དུ་པདྨ་རྣམ་པར་བརྩེགས་པའི་ནམ་མཁའ་ལ་ཡོད་མིན་མེད་མིན་གྱི་ལྷ་རྣམས་བསྐལ་ཆེན་བརྒྱད་ཁྲིའི་བར་དུ་ཏིང་ངེ་འཛིན་ལ་གནས་སོ། །འདི་དག་སྲིད་པའི་རྩེ་མོ་ཞེས་གྲགས་པ་དང་མནར་མེད་དམྱལ་ཁམས་ཡན་ཆད་སྲིད་པ་གསུམ་སྟེ། བདེ་སྡུག་ལས་ཀྱི་འབྲས་བུ་སོ་སོར་མྱོང་བས་རྒྱུ་འབྲས་ཀྱི་ལས་ལ་ཡིད་ཆེས་པར་གྱིས། འདི་དག་སྲིད་པའི་བདེ་འབྲས་ཕུན་སུམ་ཚོགས་པ་ཡང་མངོན་པར་མཐོ་བ་ཐེག་པའི་ཡོན་ཏན་ནོ། །གཉིས་པ་ངེས་པར་ལེགས་པ་ཐར་བ་ཆ་མཐུན་གྱི་ཐེག་པའི་ཕན་ཡོན་མདོ་བསྡུས་བརྗོད་ན། སྐྱེས་བུ་དམ་པ་བློ་ཆེན་ཐེག་པ་ཆེན་པོའི་སྣོད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྤྱོད་པ་བརླབས་པོ་ཆེ་ལ་ཞུགས་པ་ལ། འཁོར་བ་ལས་བྱུང་ཞིང་བདག་གཞན་དོན་གཉིས་སྒྲུབ་པ་ལ་བསམ་པ་བཟང་པོ་སྐྱེ་བ་ལ་ཕན་ཡོན་དཔག་ཏུ་མེད་པ་གསུངས་ཏེ། དེ་ཡང་ཏིང་འཛིན་རྒྱལ་པོའི་མདོ་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལམ་ལ་བཀོད་པ་ལས། ཆོས་བདག་མེད་པ་ལ་མོས་པ་བྱས་ནས་དགོན་པའི་ཕྱོགས་སུ་གོམ་པ་བདུན་བོར་བའི་བསོད་ནམས་ཆེའོ། །ཞེས་གསུངས། བསམ་པ་དེ་ཙམ་སྐྱེས་པ་ལ་ཕན་ཡོན་དེ་ལྟ་བུ་ཡོད་པར་གསུངས་ན་ད་རེས་བསམ་པ་བཟང་པོ་རྒྱུད་ལ་སྐྱེས་ནས་དགེ་བའི་བཤེས་གཉེན་ཁྱད་པར་ཅན་དང་མཇལ་ནས་སྡོམ་པ་ཐོབ་ཅིང་ཉམས་སུ་བླངས་ན་ཡོན་ཏན་ཐོབ་པ་ལྟ་ཅི་སྨོས། དེས་ན་རང་རེས་ཆོས་སྒོར་ཞུགས་ནས་བསླབ་པ་གསུམ་གྱི་གཞི་བསྲུངས། ཚད་མེད་པ་བཞི་ལ་དམ་བཅས། དགེ་བ་བཅུ་དང་ཕ་རོལ་དུ་ཕྱིན་པ་དྲུག་གཅེས་པས་ནན་ཏན་བྱས་པ་རྣམས་ལ་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་ཐོབ་སྟེ། སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་ལས། དེ་བཞིན་གཤེགས་པ་འབྱུང་བ་དང་། །དད་དང་མི་ལུས་ཐོབ་པ་དང་། །དགེ་གོམས་རུང་བ་དེ་ལྟ་བུ། དཀོན་པ་ནམ་ཞིག་ཐོབ་པར་འགྱུར། །ཞེས་སོ། །འཁོར་བའི་སྡུག་བསྔལ་གྱི་ནང་ནས་འཕགས་པ་དང་མི་མཐུན་པའི་ཕྱོགས་ལས་རྒྱལ་ཞིང་སྡིག་ཏོ་ཟིལ་གྱིས་གནོན་པ་དང་། འཕགས་པའི་ནོར་བདུན་དང་ལྡན་ཞིང་ལྷ་མིའི་མཆོད་འོས་སུ་གྱུར་པ་དང་། སྤོབས་པ་དང་འཆད་རྩོད་རྩོམ་པའི་གནས་ལ་མཁས་པ་དང། སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་མཐར་ཐུག་སངས་རྒྱས་ཀྱི་གོང་འཕང་ཐོབ་པ་ཡང་དགེ་བ་དང་ཏིང་ངེ་འཛིན་མཆོག་ཏུ་གྲུབ་པ་ལས། དད་དང་ལྡན་པ་ནི། སངས་རྒྱས་རྣམས་ནི་སྤྱན་སྔར་བྱུང་བའོ། །གནས་སྐབས་སུ་ཐུན་མོང་གི་གྲུབ་པ་བརྒྱད། བདག་གཞན་དོན་གཉིས་བསྒྲུབ་པའི་མཐུ་སྟོབས་དང་ལྡན་ཞིང་བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས་བདེ་ནས་བདེ་བར་འགྲོ་བ། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རྩོལ་བས་ཉམས་སུ་བླངས་པ་ལས་འབྱུང་བར་ངེས་ཏེ། སྤྱོད་འཇུག་ལས། ཡིད་ལ་བསམ་པའི་དགེ་བྱས་པས། །གང་དང་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་བསོད་ནམས་དེས། །འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། །ཞེས་གསུངས་པ་དེ་བཞིན་དུ་མངོན་དུ་གྱུར་པའི་མཐར་ཐུག་བདེ་བར་གཤེགས་པའི་ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར་རོ། །སྐལ་ལྡན་སྐྱེས་བུ་ཐར་བ་དོན་དུ་གཉེར་བ་རྣམས་ཀྱིས་དཀར་པོའི་ཡོན་ཏན་ལ་ཡིད་ཆེས་པར་བྱའོ། །དྲུག་པ་ཆོས་ཐམས་ཅད་ཀྱི་རྩ་བ་དད་པའི་རང་བཞིན་དུ་བསམ་པ་ལ་འཇུག་པ་ནི། ཐར་པའི་ལམ་དུ་བགྲོད་པ་ལ་དད་པ་ཁོ་ན་གལ་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། དད་ཅན་ཉིད་ཕྱིར་ཆོས་ལ་བསྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིགས། །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོ་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུར་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་པ་དང་། དེ་ཡང་དད་པའི་རང་བཞིན་ལ་དྲུག་སྟེ། འདོད་པ་དང་། མོས་པ་དང་། གུས་པ་དང་། དང་བ་དང་། ཡིད་ཆེས་པ་དང་། ངེས་པ་སེམས་པའི་དད་པ་སྟེ། དེ་དག་ཀྱང་དབྱེ་བསྡུའི་ཁྱད་པར་ལ། །དེ་ཡང་མོས་པ་དང་། གུས་པ་དང་། དང་བའི་དད་པ་གསུམ་ནི། དང་བའི་དད་པའི་ནང་དུ་གཏོགས་ལ། འདོད་པ་དང་། ཡིད་ཆེས་པའི་དད་པ་གཉིས་ནི་ཡིད་ཆེས་པའི་དད་པར་གཏོགས་ལ། ངེས་པར་སེམས་པ་ནི་འདོད་པའི་དད་པ་ཉིད་ཡིན་ཞིང་། ཆོས་ཀྱི་དེ་ཁོ་ན་ཉིད་འགོག་ལམ་མ་ནོར་པ་ལ་ཞུགས་པས་སྡུག་ཀུན་གཉིས་འདོར་ཞིང་ཐར་བ་འདོད་པའི་ཕྱིར་རོ། དེ་ཡང་དང་པོ་འདོད་པའི་དད་པའི་ངོ་བོ་ནི། འཁོར་འདས་བླང་དོར་དུ་འདོད་པའོ། །ངེས་ཚིག་ནི། དཀར་པོའི་ཆོས་ལ་འདོད་ཅིང་སྤྲོ་བའི་ཕྱིར་འདོད་པའི་དད་པའོ། །དབྱེ་ན་འཁོར་བའི་སྡུག་བསྔལ་སྤང་བར་འདོད་པ། ཐར་བའི་བྱང་ཆུབ་འདོད་པའོ། །དེ་གཉིས་ཀྱི་རྒྱུ་ལ་བླང་དོར་གྱིས་འཇུག་པ་འདོད་པ་གསུམ་མོ། །མཐུན་དཔེ་ནི་ནོར་འདོད་ཅན་ནོར་འདོད་པ་ལྟར་ཆོས་འཚོལ་བར་འདོད་པ་སྟེ། སྡུག་བསྔལ་དང་ཀུན་འབྱུང་བོར་ནས། ལམ་དང་འགོག་པ་ལ་འཇུག་པར་བྱེད་པའོ། །རྟགས་ནི་འཇིག་རྟེན་གྱི་བྱ་བ་ལ་མི་མོས་ཤིང་ཐོས་བསམ་སྒོམ་པ་ལ་འཇུག་པའོ། །ཕན་ཡོན་ནི། དཀོན་མཆོག་སྒྲོན་མེ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །ཞེས་སོ། །གཉིས་པ་མོས་པའི་དད་པའི་ངོ་བོ་ནི། བླ་མ་དང་དཀོན་མཆོག་ལ་སེམས་རབ་ཏུ་དགའ་བའོ། །ངེས་ཚིག་ནི། ཡུལ་དེ་དག་གི་རྗེས་སུ་འཇུག་པར་མོས་པའོ། །དབྱེ་ན་བླ་མ་ལ་བསྟེན་བྱར་མོས་པ་དང་། སངས་རྒྱས་ལ་བསྒྲུབ་བྱར་མོས་པ་དང་། ཆོས་ལ་ལམ་དུ་མོས་པ་དང་། དགེ་འདུན་ལ་གྲོགས་སུ་མོས་པ་སྟེ་བཞིའོ། །མཐུན་དཔེ་ནི་བུ་མའི་ཕྱིར་འབྲང་བ་ལྟར་འཇུག་པའོ། །རྒྱུད་ལ་སྐྱེས་པའི་རྟགས་སུ་ཐར་ལམ་ལ་འགོད་པའི་བླ་མ་དཀོན་མཆོག་མཐོང་བ་དང་། ཐོས་པ་དང་། དྲན་པ་ཙམ་གྱིས་ཡིད་གདུང་ཞིང་ངག་ཏུ་འབྱིན་པའོ། །ཕན་ཡོན་ནི་དེ་ཉིད་ལས། སངས་རྒྱས་རྣམས་དང་ཆོས་ལ་དད་གྱུར་ཅིང་། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་སོ། །གསུམ་པ་གུས་པའི་དད་པའི་ངོ་བོ་ནི། དང་བ་ལ་བརྟེན་ནས་བག་ཡོད་པར་བཀའ་ལས་མི་འདའ་བའོ། །ངེས་ཚིག་ནི། ལུས་ངག་ཡིད་གསུམ་གོང་མ་ལ་འདུད་པས་ན་གུས་པའི་དད་པའོ། །དབྱེ་ན་ལུས་ངག་ཡིད་གསུམ་གུས་པས་ཕུད་དུད་བྱེད་པ་གསུམ་མོ། མཐུན་དཔེ་ནི་རྒྱལ་པོ་ལ་འབངས་ཀྱིས་བཀུར་བ་ལྟར་འཇམ་དེས་ཀྱིས་བརྩོན་པའོ། །དེ་རྒྱུད་ལ་སྐྱེས་བའི་རྟགས་ནི། གོང་མ་རྣམས་ཀྱི་སྤྱན་སྔར་ང་རྒྱལ་དང་ཁེངས་སེམས་ཀྱི་རྣམ་འགྱུར་མེད་པའོ། །ཕན་ཡོན་ནི། དཀོན་མཆོག་སྒྲོན་མེ་ལས། ང་རྒྱལ་སྤངས་ཤིང་གུས་པའི་རྩ་བ་ཡིན། །དད་པས་ལག་པ་བཞིན་དུ་དགེ་རྩ་བསྡུད། །ཞེས་པ་དང་། སྔ་མ་ལས། བག་ཡོད་པ་ལྷུར་བྱེད་པའི་དབང་པོའི་སྒོ་བསྡོམས་ཤིང་རང་གིས་སེམས་དུལ་བ་བྱེད། གཞན་གྱི་སེམས་ཀྱང་སྲུང་བར་བྱེད་དོ། །དེ་ལྟར་དད་པ་དང་བག་ཡོད་པ་གཉིས་དང་ལྡན་པས་ནི། རྟག་ཏུ་ཆོས་ལ་གཞོལ་བས་ཚེ་ཕྱི་མ་ལ་ངན་འགྲོར་འགྲོ་བས་མི་འཇིགས་སོ། །ཞེས་སོ། །བཞི་པ་དང་བའི་དད་པའི་ངོ་བོ་ཡུལ་གོང་མ་རྣམས་ཀྱི་ཡོན་ཏན་ལ་སེམས་མངོན་པར་དད་པའོ། །ངེས་ཚིག གཡོ་སྒྱུའི་དྲི་མ་མེད་པར་དད་པའི་དགའ་བ་སང་ངེ་བ་གནས་པས་དང་བའོ། །དབྱེ་ན་ཀུན་རྫོབ་སྣང་ཆའི་དགེ་བ་ལ་དང་བ་དང་། དོན་དམ་ཤེས་རབ་ཀྱི་དགེ་བ་ལ་དང་བ་དང་། ཟུང་འཇུག་ཆ་མཉམ་གྱི་དགེ་བ་ལ་དད་པའི་དང་བ་དང་གསུམ་མོ། མཐུན་དཔེ་ནི་ནོར་བུ་ཆུ་དྭངས་ཀྱིས་ཆུ་སྙོག་སེལ་བ་ལྟར་བློའི་ཉེས་སྤྱོད་དྭངས་བ་བྱེད་པའོ། །རྟགས་ནི། སྒོ་གསུམ་སྡིག་དང་མི་འདྲེས་པར་དགེ་བའི་བྱ་བ་ལ་སྤྲོ་བར་བྱེད་པའོ། །ཕན་ཡོན་ནི་དཀོན་མཆོག་སྒྲོན་མེ་ལས། དད་པ་རྒྱལ་བའི་ཆོས་ལ་རབ་དགའ་བྱེད། །དད་པ་བདེ་ལེགས་གྲང་ཁྱེར་མཚོན་བྱེད་ཡིན། །དད་པ་ཡོན་ཏན་ཡེ་ཤེས་བྱ་བར་བྱེད། །ཅེས་སོ། །ལྔ་བ་ཡིད་ཆེས་པའི་དད་པའི་ངོ་བོ་ནི། གཞི་ལམ་འབྲས་བུའི་ཆོས་རྣམས་ལ་ཐེ་ཚོམ་མེད་པའོ། །ངེས་ཚིག །དེའི་དོན་སྟོན་པའི་ལུང་རིགས་ཀྱི་ཚིག་དོན་མི་བསླུ་བ་ཤེས་ནས་འཇུག་པ་ཡིད་ཆེས་པའི་དད་པའོ། །དབྱེ་ན་འཁོར་བ་རྒྱུ་འབྲས་སྤང་བྱར་ཡིད་ཆེས་པ། འདས་པ་རྒྱུ་འབྲས་བླང་བྱར་ཡིད་ཆེས་པ། ལུང་མ་བསྟན་རྣམས་དགོས་མེད་དུ་ཡིད་ཆེས་པ་གསུམ་མོ། །མཐུན་དཔེ་ནི་སྟོན་གྱི་ལོ་ཐོག་ལ་ཡིད་ཆེས་པས་སོ་ནམ་ལ་འཇུག་པ་ལྟར་དགེ་བ་ལ་འཇུག་པའོ། །དེ་རྒྱུད་ལ་སྐྱེས་བའི་རྟགས་སུ་སྟོན་པ་སངས་རྒྱས། བསྟན་པ་དམ་ཆོས། ཐེག་པ་ཆེ་ཆུང་གི་འཁོར་དགེ་འདུན་རྣམ་གཉིས་ཏེ། དེ་དག་རྟེན་དང་བཅས་པ་ལ་ཡིད་ཆེས་པའི་ངེས་ཤེས་ཐོབ་པའོ། །དཀོན་མཆོག་སྒྲོན་མེ་ལས། དད་པའི་དབང་པོ་རྣོ་ཞིང་གསལ་བར་བྱེད། །དད་པའི་སྟོབས་ལ་གཞན་གྱིས་མི་རྫི་ཞིང་། །ཉོན་མོངས་རྣམ་པར་སེལ་བའི་གཞི་རྟེན་ཡིན། །ཞེས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དད་པ་ནི་དམ་པའི་ཆོས་ཉན་པར་འདོད་པ་དང་། ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། དེ་ལ་བསྟེན་པར་བྱེད། མཉེས་པ་བྱེད་པའོ། །ཞེས་སོ། །ཆོས་ཟབ་མོར་ངེས་པ་སེམས་པའི་དད་པ་ངོ་བོ་ནི། ངེས་དོན་ཆོས་ཉིད་ཀྱི་དོན་འདོད་པའོ། །ངེས་ཚིག་དེའི་དོན་མཐོང་ནས་ངང་ལ་འཇོག་པའོ། །དབྱེ་ན་དེའི་དོན་སྟོན་པའི་གཞུང་ཐོས་པ་དང་། བསམ་པ་དང་། སྒོམ་པ་ལ་ངེས་པར་སེམས་པའི་དད་པ་དང་གསུམ་མོ། །མཐུན་དཔེ་རྡོའི་ནང་ནས་གསེར་རྙེད་པ་འཆང་བ་ལྟར་ཡང་དག་པའི་དོན་ལ་གཅེས་སྤྲས་སུ་བྱེད་པའོ། །རྟགས་ནི་ཉིན་མཚན་ཀུན་ཏུ་ཉམས་ལེན་དང་མི་འབྲལ་བའོ། །ཕན་ཡོན་ནི། དཀོན་མཆོག་སྒྲོན་མེ་ལས། དད་པས་སངས་རྒྱས་གོ་འཕང་ཐོབ་པར་བྱེད། །ཅེས་པ་དང་། ཟླ་སྙིང་གིས་ཞུས་པའི་མདོ་ལས། དཀོན་མཆོག་གསུམ་ལ་ངེས་པར་སེམས་པའི་དད་པ་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །ཞེས་སོ། །གང་ལ་དད་པ་ཡོད་པ་དེའི་རང་བཞིན་བཤད་པ་ནི། དད་པ་ཞིང་ས་གཤིན་པོ་དང་འདྲ་སྟེ་བྱང་ཆུབ་ཀྱི་མྱུ་གུ་རྒྱས་པ་འཁྲུངས་པ་ནི། དཀོན་མཆོག་སྒྲོན་མེ་ལས། ས་བོན་མ་རུལ་ཡོན་ཏན་རྣམས་ཀྱི་རྒྱུ། །དད་པས་བྱང་ཆུབ་ཞིང་ནི་རྣམ་པར་བསྐྱེད། །དད་པས་རང་བྱུང་ཡོན་ཏན་རྣམས་ཀྱང་འཚོལ། །ཞེས་སོ། །རྒྱ་མཚོ་ཡི་རྫིངས་ལྟར་དད་པས་འཁོར་བའི་ཆུ་བོ་ལས་སྒྲོལ་ཏེ། ཆོས་བཅུ་ལས། གང་གི་འདྲེན་པ་ངེས་འབྱུང་བ། །དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་འབྲང་བ་བརྟེན། །ཞེས་སོ། །འཇིགས་སར་སྐྱེལ་མ་བཟང་པོ་དང་འདྲ་བས་ན་དད་པས་ཉོན་མོངས་ཀྱི་དགྲ་ལས་སྐྱོབ་པ་སྟེ། གསང་བ་བསམ་གྱིས་མི་ཁྱབ་པ་ལས། དད་པ་དང་ལྡན་པ་ནི། སངས་རྒྱས་རྣམས་ཀྱི་སྤྱན་སྔར་བསྐྱོད་ནས་དགེ་བ་གང་ཡིན་པ་ཡོངས་སུ་འཚོལ་བ་ལ་བརྩོན་པས། ཁྱིམ་དང་ཆུང་མ་དང་བུ་དང་བུ་མོ་ལ་སོགས་པ་དོན་དུ་མི་གཉེར་བ། གཞོན་པ་ན་ཡང་བརྩེ་བ་ལ་མི་དགའ་བས་དད་པས་རབ་ཏུ་བྱུང་སྟེ་དགེ་བའི་བཤེས་གཉེན་བསྟེན་ཅིང་དགེ་བའི་བསམ་པས་ཆོས་ཉན་པ་དང་སྒྲུབ་པ་ལ་ནན་ཏན་སྙིང་པོར་བྱེད་ཀྱི་ཚིག་ལྷུར་ལེན་པ་མི་བྱེད་དོ། །དེ་ཡང་མང་དུ་ཐོས་པ་ལ་བརྩོན་པར་བྱེད་ཅིང་ཇི་ལྟར་མང་དུ་ཐོས་པའི་ཆོས་རྣམས་ཀྱང་ཟང་ཟིང་ལ་མི་ལྟ་བར་སྙིང་རྗེས་གཞན་ལ་སྟོན་པར་བྱེད་དོ། །ཞེས་སོ། །དད་པ་བཞོན་པ་བཟང་པོ་དང་འདྲ་སྟེ་ཐར་བའི་གླིང་དུ་འདྲེན་པ་ཡང་། དཀོན་མཆོག་སྒྲོན་མེ་ལས། དད་པས་མི་ཁོམ་སྤངས་ཤིང་དལ་བའི་མཆོག །དད་པས་བདུད་ཀྱི་ལམ་ལས་འདའ་བྱེད་ཅིང་། །ཡེ་ཤེས་ཁྱད་པར་སྒོ་ནི་འཕེལ་བར་བྱེད། །ཐར་བའི་ལམ་མཆོག་སྟོན་པར་བྱེད་པ་ཡིན། །ཞེས་སོ། །དད་པས་འདོད་པའི་རེ་བ་འགྲུབ་པས་ནོར་བུ་དང་འདྲ་སྟེ། དེ་ཉིད་ལས། དད་པ་གཏེར་དང་ནོར་དང་རྐང་བའི་མཆོག །དད་པ་ཡོངས་སུ་བཏོང་ལ་དགའ་བར་བྱེད། །དད་པ་ཡིད་བཞིན་ནོར་འདྲ་དགོས་འདོད་སྟེར། །ཞེས་སོ། །དད་པ་དཔའ་བོ་དང་འདྲ་བར་མི་དགེ་བ་ཚར་གཅོད་པ་སྟེ། རྒྱ་མཚོས་ཞུས་པའི་མདོ་ལས། དད་པས་ནི་སངས་རྒྱས་ལ་སོགས་པ་ལ་མོས་པའི་སྟོབས་དང་། ལས་དང་རྣམ་སྨིན་ལ་ཡིད་ཆེས་པའི་འཇུག་པའི་སྟོབས་དང་། བྱང་ཆུབ་ཀྱི་སེམས་མི་འདོར་བའི་སྟོབས་དང་། ཡི་དམ་ཉམས་སུ་ལེན་པ་ལ་རྟེན་གྱི་སྟོབས་དང་། མི་དགེ་བ་ཐམས་ཅད་སྤངས་ཏེ་ཉེས་པ་བྱེད་པ་ཐམས་ཅད་བཟོད་པའི་སྟོབས་དང་ལྡན་པ་ཐོབ་བོ། །ཞེས་སོ། དད་པས་མི་ཁོམ་པ་སྤངས་ཤིང་དགེ་བའི་ཆོས་བསྡུད་པས་ན། དད་པ་ཡོད་པའི་མི་དེ་ནི་གཞན་ལས་ཆེར་འཕགས་པས་དཀོན་ཏེ། དེ་ཉིད་ལས། དད་པ་ཆགས་པའི་སྒོ་ལ་ཆགས་པ་མེད། །མི་ཁོམ་སྤངས་ཤིང་དལ་བའི་མཆོག་གཅིག་ཡིན། །དད་པ་རྒྱལ་བའི་གོ་འཕང་ཐོབ་བྱེད་ཡིན། །གང་དག་འདི་འདྲའི་ཆོས་ལ་དད་གྱུར་པ། །དེ་དག་སོ་སོའི་སྐྱེས་བོའི་ཚོགས་ན་དཀོན། །ཞེས་སོ། །དེས་ན་དད་པ་འཕགས་པའི་ནོར་བདུན་གྱི་དང་པོ་ཡིན་ལ། དེ་ཡོད་པ་མཆོག་ཡིན་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དེ་ནི་དད་པ་དང་། དང་བ་དང་། མོས་པ་དང་། སྙོག་པ་མེད་པའི་སེམས་དང་ལྡན་པས། ལས་དང་རྣམ་པར་སྨིན་པ་ལ་སོམ་ཉི་མེད་པ་དང་། ཐེ་ཚོམ་དང་ཡིད་གཉིས་མེད་པ་དང་། མོས་པ་དང་། རྟོགས་པ་དང་། ཡིད་ཆེས་པ་དང་ལྡན་པས་དགེ་སྡིག་གི་ལས་དང་རྣམ་པར་སྨིན་པ་ཆུད་མི་ཟ་བ་ཤེས་ནས། སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་དེ། དགེ་བའི་ལས་ཀྱི་ལམ་བཅུ་པོ་ལ་སྤྱོད་ཅིང་སྦྱིན་པས་ལོངས་སྤྱོད་དང་། ཚུལ་ཁྲིམས་ཀྱིས་མཐོ་རིས་དང། ཐོས་པས་ཤེས་རབ་དང་། བསྒོམ་པས་ཡོན་ཏན་ཐམས་ཅད་འཕེལ་བར་འགྱུར་རོ། །ཞེས་སོ། །དད་པ་མེད་པའི་སྐྱོན་ནི་ཐར་བ་ཡི། །སྐལ་མེད་རྣམས་ལ་དད་པ་ཅུང་ཟད་མེད། །དེ་ཡི་སྐྱོན་ནི་ཤིན་ཏུ་མཐའ་ཡས་ལྡན། །ཆོས་ཀྱི་སྐལ་བ་མེད་པའི་མི་དད་པ་ཏིལ་འབྲུ་ཙམ་ཡང་མེད་པ་ནི་སྐྱོན་དཔག་དུ་མེད་ཀྱང་། རེ་ཞིག་བསྡུ་ན་རྒྱ་མཚོ་ཡི་གཏིང་གི་ཕ་ཝོང་སྟེང་དུ་མི་འབྱུང་བ་ལྟར། དད་པ་མེད་ན་ཐར་བའི་སྐམ་སར་ཕྱིན་པ་མི་སྲིད་དོ། །མཉན་པ་མེད་པའི་གྲུས་ཕ་རོལ་ཏུ་མི་ཕྱིན་པ་ལྟར་དད་པ་མེད་ན་སྡུག་བསྔལ་གྱི་ཆུ་བོ་ལས་སྒྲོལ་མི་སྲིད། ལག་རྡུམ་གསེར་གླིང་དུ་ཕྱིན་ཡང་ལེན་མི་ཤེས་པ་ལྟར། དད་པ་མེད་ན་ཡོན་ཏན་རྒྱུད་ལ་ལོན་མི་སྲིད། དེ་བཞིན་དུ་ས་བོན་མེས་ཚིག་པ་ལ་མྱུ་གུ་མི་འབྱུང་བ་ལྟར་དད་པ་མེད་ན་བྱང་ཆུབ་ཀྱི་མྱུ་གུ་འཁྲུངས་མི་སྲིད། ལོང་པ་ལྷ་ཁང་ནང་དུ་ཕྱིན་པ་ལྟར། དད་པ་མེད་ན་ཆོས་ཀྱི་སྣང་བ་མཐོང་མི་སྲིད། སྤྱང་མོ་འཁོར་དུང་དུ་ཚུད་པ་ལྟར། དད་པ་མེད་ན་ཅི་བྱས་ཀྱང་འཁོར་བའི་ལས་སུ་འགྱུར་པས་ནམ་ཡང་ཐར་བའི་བྱང་ཆུབ་ཐོབ་མི་སྲིད་པའི་སྐྱོན་ཡོད་དོ། །ཆོས་བཅུ་ལས། དད་པ་མེད་པའི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་ངོ་། །ཞེས་སོ། །དེ་ཡང་དད་པ་མེད་ན་གྱོང་ཆེ་བས་དད་པ་སྐྱེ་དགོས། དེ་ལ་སྐྱེ་བའི་ཡུལ་ནི། །ཆོས་དཀར་དད་པ་སྐྱེ་བའི་ཡུལ་དྲུག་ནི། འདོད་པའི་དད་པ་ནི་ཡུལ་འཁོར་བའི་རང་བཞིན་མཐོང་བས་སྐྱེ་བའོ། །མོས་པའི་དད་པ་སྡིག་གྲོགས་ལ་སྐྱོ་བ་སྐྱེས་བ་ལས་སྐྱེའོ། །གུས་པའི་དད་པ་དཀོན་མཆོག་གི་རྟེན་ངོ་མཚར་ཅན་ལས་སྐྱེའོ། །དང་བའི་དད་པ་ཡུལ་མཆོག་གི་རྟེན་ནམ་གཏམ་རྒྱུད་ཐོས་པ་ལས་སོ། །ཡིད་ཆེས་པའི་དད་པ་རྒྱུ་འབྲས་ཐོས་པ་ལས་སོ། །ཆོས་ལ་སེམས་པའི་དད་པ་ཟབ་མོ་ཐོས་པ་ལས་སོ། །དེ་དག་མ་སྐྱེས་ན་ཡུལ་དེ་དག་གི་རང་བཞིན་ལ་དམིགས་སུ་བཅུག་ནས་སྐྱེར་གཞུག་གོ དད་པ་རྒྱུད་ལ་བསྟེན་ནས་གོང་དུ་སྤེལ་བ་ནི། བླ་མ་དམ་པ་ལ་བསྟེན་ཏེ་མོས་གུས་སྙིང་ནས་བྱས་པ་ལས་འཕེལ་ལོ། །གྲོགས་ཁྱད་པར་ཅན་ཆོས་དང་རང་རྒྱུད་འདྲེས་པ་ལ་བསྟེན་ནས་འཕེལ། མདོ་རྒྱུད་ཟབ་མོ་བལྟས་པ་ལས་འཕེལ། འཆི་བ་ཡེང་མེད་དུ་བསམ་པ་ལས་འཕེལ། ལས་རྒྱུ་འབྲས་ཀྱི་གཏམ་རྒྱུད་མཐོང་ཐོས་ལས་འཕེལ། ཟབ་མོ་སྒོམ་སྒྲུབ་སྔར་བས་ཐུན་ཆེར་བྱས་པ་ལས་འཕེལ། གསང་བ་བསམ་གྱིས་མི་ཁྱབ་པ་ལས། དེ་ནི་ཉེས་པ་སྤྱོད་པ་རྣམས་ལ་མི་འཇུག་ཅིང་འཕགས་པ་རྣམས་ཀྱིས་བསྔགས་པའི་ལས་བྱེད་པའི་ཕྱིར་རོ། །ཞེས་སོ། །དེ་ལྟར་ཐམས་ཅད་རེ་རེའི་སྒོ་ནས་ཉིན་རེ་བས་ཉིན་རེ་གོང་དུ་སྤེལ་དགོས་སོ། །དད་པ་འགྲིབ་པའི་རྐྱེན་ཤེས་པར་བྱས་ནས་སྤང་དགོས་སྟེ། དེ་ཡང་རང་ལ་བདུད་ཞུགས་ནས་བྱིན་རླབས་པའི་རྟགས་སུ་ བླ་མ་དགེ་བའི་བཤེས་གཉེན་གྱི་སྐྱོན་ལ་བརྟགས་པ་དང་། ཆོས་བྱེད་སྤྱིའི་ངན་སྤྱོད་ལ་བརྟགས་པ་དང་། ཐ་མལ་གྱི་གྲོགས་དང་འགྲོགས་པ་དང་། ཉམས་ལེན་གྱི་བརྩོན་འགྲུས་འགྲིབ་པ་དང་། འདོད་ཡོན་རང་དགར་སྤྱོད་པ་དང་། དཀོན་མཆོག་ལ་མོས་གུས་མེད་པ་དང་། དེ་ལྟ་བུ་འབྱུང་ན་དེའི་དུས་སུ་བཟློག་པའི་ཐབས་ནི། བླ་མ་དཀོན་མཆོག་མཆེད་གྲོགས་དང་བཅས་པའི་ཡོན་ཏན་བསམ་ཞིང་ཆོས་བྱས་ཐམས་ཅད་ལ་དག་སྣང་དང་མོས་གུས་བསྐྱེད། ཕ་རོལ་ངན་སྐྱོན་མཐོང་བ་དེ་རང་མ་དག་པའི་རྟགས་ཏེ། དཔེར་ན་མིག་སེར་ཅན་གྱིས་དུང་སེར་པོ་མཐོང་བ་བཞིན་ནོ་སྙམ་དུ་རང་ལ་གྲོས་གདབ། གྲོགས་ཐ་མལ་དང་མི་འགྲོགས། འདོད་ཡོན་གྱི་ཉེས་དམིགས་དྲན་པར་བྱས་ལ། དད་པ་འགྲིབ་པའི་རྐྱེན་དེ་བདུད་དུ་ཤེས་པར་བྱའོ། །དེ་ཡང་ཡུམ་ལས། བདུད་སྡིག་ཏོ་ཅན་ནི་ལས་དང་པོ་པ་དག་གི་མདུན་དུ་འོང་ནས་མོས་པ་དག་ཀྱང་བཟློག་པར་བྱེད། བྱང་ཆུབ་སེམས་དཔའ་སྤྱོད་པ་དག་ཀྱང་ཕྱིར་ཕྱོགས་པར་བྱེད་དོ། །ཞེས་སོ། །དད་པ་སྐྱེ་བའི་རྐྱེན་ལ་བློ་རྒྱུན་མཐུད་པར་གདམས་པ་ནི། རྐྱེན་ལས་བསྐྱེད་པའི་སྐྱེ་བ་ནི་སྐྱེ་ཤི་འཕོ་འགྱུར་མཐོང་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་གཞན་དག་ཤི་བ་བགྲངས་ལ་དད་པ་སྐྱེ་དགོས། ནད་གདོན་གྱི་བར་ཆད་བྱུང་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་དེ་ཉིད་དགེ་བསྐུལ་གྱི་སློབ་དཔོན་དུ་ཤེས་པར་བྱས་ལ་དད་པ་སྐྱེད་དགོས། རྐྱེན་ངན་གྱི་སྡུག་བསྔལ་བྱུང་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་བྱང་ཆུབ་ཀྱི་འདྲེན་པ་ཤེས་པས་དད་པ་སྐྱེད་དགོས། དམ་པའི་ཆོས་ཐོས་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་ཡང་དག་པའི་འཇུག་ལྡོག་དམིགས་པའི་དད་པ་སྐྱེད་དགོས། གོང་མའི་རྣམ་ཐར་ཐོས་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་དཀའ་སྤྱོད་ཆོས་ལ་སྤྱོད་པའི་དད་པ་སྐྱེ་དགོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེའི་མདོ་སྡེ་སྐྱེས་རབས་ལྟ་བུ་ཐོས་དུས་དད་པ་སྐྱེས་བས། ཐེག་ཆེན་གྱི་བྱང་ཆུབ་ལ་དམིགས་ནས་དད་པ་སྐྱེ་དགོས་སོ། །དེ་ཡང་ཉིན་རེ་བཞིན་དེ་ཐམས་ཅད་དམ་ཡང་ན་རེ་རེའི་སྒོ་ནས་དད་པ་སྐྱེད་པའི་ཐབས་ལ་འབད་པ་གལ་ཆེ་བས་གང་ལའང་སྣུམ་དྲེད་ཀྱིས་མ་ཁྱེར་པ་གཅེས་སོ། །དེ་ལྟར་བསྐྱེད་པ་ལས་སྐྱེས་པའི་ཚད་ནི། འཁོར་བའི་འཁྲུལ་སྣང་ལ་སྐྱོ་བ་སྐྱེས་ནས་ཡིད་དབྱུང་བ་སྐྱུག་ནད་ཅན་གྱིས་ཟ་བ་མཐོང་བ་ལྟ་བུ། བླ་མ་དང་དཀོན་མཆོག་ལ་མོས་གུས་ཀྱིས་གདུང་བ་བུ་ཆུང་མ་ལ་གདུང་བ་ལྟ་བུ། ཐོས་བསམ་ལ་ནན་ཏན་བྱེད་པ་སྐོམ་པ་ཆུ་ལ་གདུང་བ་ལྟ་བུའོ། །བསླབ་པ་ལ་གཅེས་སྤྲས་སུ་བྱེད་པ་དབུལ་པོས་གསེར་གཡུ་རྙེད་པ་ལྟ་བུའོ། །དགེ་སྦྱོར་ལ་ཉམས་ལེན་སྤྲོ་བ་ཚོང་བ་གསེར་གླིང་དུ་ཕྱིན་པ་ལྟ་བུ། སྡིག་པ་ལ་འཛེམ་བག་ཆེ་བ་མིག་ཏུ་རྡུལ་སྤང་བ་ལྟ་བུ། ཐེག་པ་ཐམས་ཅད་ལ་དད་པ་འདོད་པ་ཅན་ཚོང་འདུས་སུ་ཕྱིན་པ་ལྟ་བུ་བྱུང་བ་ནི་དད་པ་སྐྱེས་བའི་ཚད་ཡིན་པས། སྐྱེས་བ་དེ་དག་མ་ཉམས་ཤིང་གོང་འཕེལ་དུ་བྱ་བ་གལ་ཆེའོ། །དེའི་དུས་སུ་རང་རྒྱུད་ཆོས་ཀྱིས་ཐུལ་བས་ཆོས་དང་གང་ཟག་མ་འཛོལ་བ་ཡིན་ནོ། །དད་པ་འགྲིབ་ན་བསྐྱེད་པའི་ཐབས་ཀྱིས་ཉིན་མཚན་དུ་བསྐུལ་བ་ནི། འདི་སྐད་དུ་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བཙལ་བའི་ཐབས་ཀྱིས་དད་པ་མ་བསྐྱེད་ན། །དགེ་ལེགས་མི་གྲུབ་གཏན་དུ་སྲིད་པར་འཁྱམས། །དེ་ཕྱིར་གང་དུ་གང་ལ་བསྟེན་ནས་ཀྱང་། །དད་པ་བསྐྱེད་པའི་ཐབས་ལ་འབད་པར་བྱ། །ཞེས་སོ། །དད་པ་མེད་ན་ཡོན་ཏན་གཞན་མང་ཡང་ཕན་པ་མེད་དེ། གཟུགས་མཛེས་ཀྱང་མིག་མེད་པ་དང་འདྲ་བས་དད་པ་བསྐྱེད་དོ། །དེའང་དུས་བཞིར་མི་རྟག་པ་བསྒོམས་ལ་དད་པ་བསྐྱེད། ལས་འབྲས་ཕྲ་མོ་བསམ་ལ་དད་པ་བསྐྱེད། གང་ལའང་ཡོན་ཏན་བསམ་ནས་དད་པ་བསྐྱེད། ཆོས་ཀྱི་དཀོན་པ་བསམ་ནས་དད་པ་བསྐྱེད། བླ་མའི་བཀའ་དྲིན་བསམ་ནས་དད་པ་བསྐྱེད། མཆེད་གྲོགས་ཀྱི་དག་སྣང་བསམ་ནས་དད་པ་བསྐྱེད། །སངས་རྒྱས་ཀྱི་ཡོན་ཏན་བསམ་ནས་དད་པ་བསྐྱེད། ཅེས་སྐད་ཅིག་ཀྱང་འགྲིབ་ཏུ་ཕངས་པས་རང་ལས་གཞན་པ་ཐམས་ཅད་ངོ་མཚར་ཅན་ཤ་སྟག་ཏུ་བསམ་ལ་མཐོ་དམན་དང་ཕྱོགས་རིས་མེད་པར་དད་པ་བསྒོམ་ཞིང་རང་རྒྱུད་གདུལ་བ་གཅེས་ཏེ། བཤེས་སྤྲིང་ལས། སྙེམས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ། །ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། །ཉིད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་སོ། །འདྲ་མིན་གོལ་སར་གྱུར་པའི་དད་པ་རེ་འགའ་བ་སྤངས་ལ། ཟུང་ཐུབ་པར་བྱ་བ་ལ་གདམས་པ་ནི། དེ་ཉིད་ལས། དད་པའི་གོལ་ས་ཤེས་ནས་སྤང་བ་བྱ། ཞེས་པ་ཡང་དག་པའི་དད་པར་མ་སོང་བ་དྲུག་ཡོད་པས་སྤངས་བར་བྱས་ལ། གཡོ་སྒྱུ་མེད་པས་རྟག་ཏུ་གུས་པའི་དད་པ་བསྐྱེད་པར་བྱའོ། །གང་ཞེ་ན་འདི་ལྟ་སྟེ། ཆོས་བྱེད་ལས་དང་པོ་བ་ཁ་ཅིག་བླ་མ་དང་འགྲོགས་པའི་དུས་སུ་དད་པ་ཇེ་ཆེར་ལྟར་བྱེད་ཅིང་། བླ་མ་དང་བྲལ་ནས་ཐ་མལ་ལས་ཀྱང་ངན་པ་ཡོད་པས་དེ་སྤང་པར་བྱའོ། །ཁ་ཅིག་རྐྱེན་དང་འཕྲད་པའི་དུས་ན་དད་པ་སྐྱེ་བ་མྱུར་ཡང་ཅིག་ཅར་ཡལ་ནས་མེད་པར་གྱུར་བས་དེ་ཡང་སྤང་བར་བྱའོ། །ཁ་ཅིག་རང་འདོད་པའི་ཆོས་ལ་སྤྱོད་དམ་ནད་གདོན་གྱིས་གཙེས་པ་མ་གྲོལ་བར་དད་པ་ཆེ་ཆེ་འདྲ་ལ། དེ་དྲག་པའམ་ཐོབ་ཟིན་དུས་བྱོལ་ནས་སྤོང་བ་དེ་ཡང་སྤོང་ངོ་། །ཁ་ཅིག་དགེ་སྦྱོར་གཅིག་བྱེད་འཕྲོ་ལ་གཅིག་བྱེད་པར་ཞུགས་ནས་གཉིས་ཀ་མགོ་མི་ཐོན་པ་དེ་ཡང་སྤང་ངོ་། །ཁ་ཅིག་ཆོས་ཟབ་མོ་གཅིག་དང་རྩ་བའི་བླ་མ་གཅིག་ལ་མི་བྱེད་པའི་དད་པ་མེད་པར་གང་བདེ་བདེར་འཇུག་པ་ཡང་སྤང་ངོ་། །ཁ་ཅིག་དད་པ་ཅུང་ཙམ་ཞིག་རྐྱེན་གྱིས་སྐྱེས་པ་ལས་རྐྱེན་ཅུང་ཟད་རེས་འགྲིབ་པ་གློ་བུར་ཡེ་འདྲོག་ཅན་དེ་ཡང་སྤང་ལ། དང་པོ་བརྟགས་ནས་ཆོས་དང་བླ་མར་བཟུང་ཟིན་ནས་ཕྱིའི་སྐྱོ་ངལ་དང་འཕེལ་འགྲིབ་མེད་པའི་དད་གུས་བྱའོ། །ཇི་ལྟར་དད་པ་བརྟན་པར་བྱ་བ་ནི། དེ་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དང་པོ་རབ་བརྟགས་དད་པའི་ཡུལ་རྣམས་ལ། །ཕྱི་ནས་མི་འགྱུར་རི་རྒྱལ་ལྟ་བུ་དང་། །འཕེལ་འགྲིབ་གཉིས་མེད་ཉི་མཁའ་རྒྱ་མཚོ་ལ། །ཐང་ལྷོད་གཉིས་མེད་གཞུ་མོའི་རྒྱུད་དང་མཚུངས། །སྐྱོ་དུབ་མེད་པ་གྲུ་ཟམ་ལྟ་བུ་ལ། །རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ཆེན་བཞིན། །མཉེན་ལྕུག་ལྡན་པ་དར་ཐག་ལྟ་བུ་ལ། །རྐྱེན་གྱིས་མི་འཕྲོག་ནམ་མཁའ་ལྟ་བུར་བསྟེན། །ཞེས་པ་སྐྱེས་བུ་དམ་པ་དག་གིས་ནི་དང་པོ་བརྟགས་པ་དང་དཔྱོད་པ་སྔོན་དུ་འགྲོ་བས་བླ་མ་དང་ཆོས་འཚོལ་བ་ཡིན་ལ། རྙེད་ནས་འགྱུར་ལྡོག་མེད་པའི་དད་པ་རི་རྒྱལ་ལྟ་བུ་ཡིན་ལ། འཕེལ་འགྲིབ་མེད་པའི་དད་པ་ཉི་མ་ལྟ་བུ། ཁ་གཏིང་མེད་པའི་དད་པ་རྒྱ་མཚོ་ལྟ་བུ། བྱས་ཡུས་མེད་པའི་དད་པ་མ་ལྟ་བུ། མཐའ་དབུས་མེད་པ་དད་པ་ནམ་མཁའ་ལྟ་བུ། ཐང་ལྷོད་མེད་པའི་དད་པ་གཞུ་བརྡུངས་པའི་རྒྱུད་ལྟ་བུ། གཞན་གྱིས་བསྒྱུར་རམ་བཀའ་བཀྱོན་ལ་སོགས་པའི་རྐྱེན་གྱིས་མི་འཕྲོག་པའི་དད་པ་ནམ་མཁའ་ལྟ་བུ། སྐྱོ་དུབ་མེད་པ་དད་པ་གྲུ་ཟམ་ལྟ་བུ། རྒྱུན་ཆད་མེད་པའི་དད་པ་ཆུ་བོའི་གཞུང་ལྟ་བུ། །གུས་ཞིང་མཉེན་ལྕུག་དང་ཞེ་སས་བརྒྱན་པའི་དད་པ་དར་ཐག་ལྟ་བུ་སྟེ་བཅུ་དང་ལྡན་པས་བསྟེན་པར་བྱའོ། །དེ་ལྟ་བུའི་དད་པ་ལ་ཡོན་ཏན་ཚད་མེད་པ་ཇི་སྙེད་མཆིས་པ་དག་བསྡུ་ན། དཀར་པོའི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པ་དང་། འཁོར་བའི་སྡུག་བསྔལ་ཐམས་ཅད་སེལ་བ་དང་། ཐར་བའི་ལམ་སྣ་ཟིན་པ་དང་། ཆོས་ཟབ་མོའི་སྣོད་དུ་གྱུར་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་དགོངས་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། ཤེས་རབ་དང་ལྡན་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་དང་ལྡན་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་དག་པར་སྐྱེ་བ་དང་། སྐྱེ་བ་ཀུན་ཏུ་བླ་མ་དམ་པ་དང་། ཆོས་དམ་པ་དང་། གྲོགས་དམ་པ་རྣམས་སྐྱེ་མ་ཐག་ཏུ་མཇལ་ཞིང་། ཆོས་ལ་སྤྱོད་པ་དང་། དཀར་པོའི་ཕྱོགས་ལ་དགའ་བའི་ལྷས་བསྲུང་བ་དང་། བདེ་བར་གཉིད་དུ་འགྲོ་ཞིང་རྨི་ལམ་དུ་ཡང་བླ་མ་དང་དཀོན་མཆོག་དང་ཆོས་ལ་སྤྱོད་པའི་སྣང་བ་བཟང་པོ་རྨི་ཞིང་བདེ་བར་སད་པ་དང་། ཅི་བསམ་པ་རྣམས་འགྲུབ་པ་དང་། བདེ་བར་ཚེའི་དུས་བྱེད་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་བདེ་བར་འདྲེན་པ་དང་། བར་དོའི་འཇིགས་པ་ཐམས་ཅད་མེད་པ་དང་། གང་དུ་སྨོན་པའི་གནས་སུ་སྐྱེ་བས་དཀོན་མཆོག་གི་གདུང་འཚོབ་པ་དང་། མྱུར་དུ་སངས་རྒྱས་པའི་གོ་འཕང་ཐོབ་པ་སྟེ། ཕན་ཡོན་རྒྱས་པ་ནི་བསྐལ་བ་མཐའ་ཡས་པ་སྙེད་བརྗོད་ཀྱང་ཟད་མི་ཤེས་པའོ། །དཀོན་མཆོག་སྒྲོན་མེ་ལས། གང་གི་ཞིང་བཅུ་རྡུལ་སྙེད་སེམས་ཅན་ལ། །བདེ་བ་ཀུན་གྱི་བསྐལ་བ་བསྙེན་བཀུར་བས། །ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ། །ཁྱད་པར་འཕགས་པ་འདི་ཉིད་དེ་ལ་མེད། །ཅེས་པའི་ཕྱིར་སྔར་སྨོས་པའི་དད་པ་དྲུག་པོ་ཡུལ་དྲུག་ལ་དམིགས་ནས་བརྒྱ་འགྱུར་དུ་བརྩོན་པར་དེ་ཡང་། དགེ་བ་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ཕྱོགས་བཅུའི་བླ་མ་དང་དཀོན་མཆོག་དང་སེམས་ཅན་གྱི་ཚོགས་ལ་དམིགས་པར་འགྲེས་པས་དད་པའི་འདབ་མ་སྟོང་དུ་རྒྱས་པར་མཛོད་ཅིག གཉིས་པ་ཐུན་མོང་མ་ཡིན་པ་ལ། དང་པོ་སྐྱབས་སུ་འགྲོ་བ་ལ། སྐྱབས་ཡུལ་ངོས་བཟུང་བ་དང་། སྐྱབས་སུ་འགྲོ་བ་དང་། ཕན་ཡོན། སྤང་བྱ། བླང་བྱའི་བསླབ་བྱ་དང་ལྔ། དང་པོ་ལ་བཞི། ཕྱི་དང་། ནང་དང་། གསང་བ་དང་། དེ་ཁོ་ནའོ། །དེ་ཡང་དང་པོ་ལ་གསུམ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། སངས་རྒྱས་ལ་ཡང་ངེས་ཚིག་འཁྲུལ་བ་སངས་ལ་ངོ་བོ་གནས་ལུགས་མངོན་དུ་བྱས་ཤིང་ཡེ་ཤེས་རྒྱས་པའི་ཐུགས་རྗེ་ཐབས་ལ་མཁས་པ་དང་། གཉིས་པ་ཆོས་ལ་གསུམ་ཏེ། ངོ་བོ་རྣམ་པར་དཀར་བ། མཚན་ཉིད་ལྟུང་བ་ལས་འཛིན་པ། དབྱེ་བ་ནི་རྒྱུ་འབྲས་གཉིས་སམ། སྡེ་སྣོད་གསུམ་མམ། ཐེག་པ་དགུའོ། །གསུམ་པ་དགེ་འདུན་ལ་ཡང་གསུམ་སྟེ། ངོ་བོ་མི་དགེ་བས་དབེན་པ། ངེས་ཚིག་དགེ་བའི་འདུན་པ། དབྱེ་ན་ཕྱི་གཟུགས་རྟགས་ཀྱི་དགེ་འདུན། གཞན་དོན་སེམས་བསྐྱེད་ཀྱི་དགེ་འདུན། ཡང་དག་དོན་གྱི་དགེ་འདུན་ནོ། །ལུང་ལས། སངས་རྒྱས་སྟོན་པ་ཆོས་ལ་ལམ་དང་ནི། །དགེ་འདུན་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ། །ཞེས་སོ། །གཉིས་པ་ནང་གི་ནི། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལས། དེ་ཡང་བླ་མ་ནི། རང་རྒྱུད་གྲོལ་ཞིང་གཞན་རྒྱུད་སྨིན་ཐབས་ལ་མཁས་པ་ཨོ་རྒྱན་པདྨ་ལྟ་བུ་སྟེ་བྱིན་རླབས་ཐམས་ཅད་ཀྱི་འབྱུང་གནས་སོ། །གསུམ་པ། གསང་བ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་སྟེ། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་ནི། བདེ་བར་གཤེགས་པ་ཐམས་ཅད་བསྐྱེད་པའི་ཡབ་བོ། །ལོངས་སྐུ་རྒྱལ་བ་རིགས་ལྔ་ཡབ་ཡུམ་ལ་འཁོར་བྱང་ཆུབ་སེམས་དཔས་བསྐོར་བ་ནི། ཡེ་ཤེས་ལྔ་ལྡན་དོན་གྱི་ལྷའོ། །སྤྲུལ་སྐུ་རྡོ་རྗེ་འཆང་ལ་འཁོར་སྤྲུལ་པ་སྐུ་ཡི་ཚོགས་ཀྱིས་བསྐོར་བ་ནི། ཐུགས་རྗེས་འགྲོ་བར་བརྩེ་བ་ཅན་ནོ། །བཞི་པ། དེ་ཁོ་ན་ཉིད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྟེ། ངོ་བོ་ཀ་དག་སྤྲོས་དང་བྲལ་ཞིང་གྲོལ་བ་ཆེན་པོ་བཞི་དང་། རང་བཞིན་ལྷུན་གྲུབ་ཡོན་ཏན་འཚོགས་ཤིང་རང་གསལ་འོད་ལྔའི་མདངས་དང་ལྡན་ནོ། །ཐུགས་རྗེ་མ་འགགས་ཀུན་ཀྱང་སྣ་ཚོགས་རང་གྲོལ་འདུས་མ་བྱས་སོ། །མདོ་སྡེ་འདས་གྱུར་ལས། རང་ཉིད་སྐྱབས་སུ་ལེགས་ཏེ། དེ་ནས་རང་ཉིད་ལ་སྐྱབས་སུ་མཆིས་པར་བགྱིའོ། །གནས་གསུམ་པོ་ལས་སྐྱབས་སུ་འགྲོ་མི་དགོས་པ་ལེགས་སོ། །ཞེས་གསུངས་སོ། །སྐྱེས་བུ་དད་ལྡན་འཁོར་བ་སྡུག་བསྔལ་དུ་ཤེས་ཤིང་ཐར་བ་དོན་དུ་གཉེར་བ་རྣམས་ཀྱིས་དེ་ལྟར་སྐྱབས་གནས་དགུ་ཕྲུགས་སུ་འགྲོ་སྟེ། རྫུ་འཕྲུལ་མཐའ་དག་སྐྱོབ་པའི་ཐུགས་རྗེ་དང་ལྡན་ཏེ། ཕག་མོའི་རྟོགས་བརྗོད་ལས། དཀོན་མཆོག་གསུམ་ལ་སྐྱབས་སོང་ན། །འཇིགས་པ་མེད་པར་འཐོབ་པར་འགྱུར། །གང་ཞིག་དཀོན་མཆོག་སྐྱབས་སོང་ན། །མི་དེ་ངན་འགྲོར་མི་ལྟུང་ཞིང་། །མི་ཡི་ལུས་དག་བོར་ནས་ནི། །དེ་ནི་ལྷ་ཡི་ལུས་ཐོབ་ནས། །ལྷ་ཡི་ལུས་དག་བོར་ནས་ནི། །དེ་ནས་སངས་རྒྱས་བྱང་ཆུབ་འགྲུབ། །ཅེས་པ་དང་། ངན་སོང་གསུམ་དང་ཐབས་མིན་དང་། །འཇིགས་ཚོགས་ལྟ་བ་དམན་པ་ལས། །སྐྱོབས་ཕྱིར་སྐྱབས་ཀྱི་དམ་པར་འདོད། །ཅེས་སོ། །ཀུན་དགའ་བོས་ཞུས་པ། སངས་རྒྱས་ཆོས་དང་འཕགས་པ་གསུམ། །འཇིག་རྟེན་ཀུན་གྱི་སྐྱབས་ཡིན་ཏེ། །སུ་ཞིག་འཕགས་པར་འདོད་པ་རྣམས། །དཀོན་མཆོག་གསུམ་ལ་སྐྱབས་སུ་དོང་། །ཞེས་པ་དང་། སྐྱབས་འགྲོ་བདུན་བཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་པ་ལ་མེད། །ཅེས་སོ། །དེ་ཉིད་ལས། གང་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེ་ཡིས་མྱུར་དུ་སངས་རྒྱས་འཐོབ། ཅེས་གསུངས་སོ། །དེ་ལྟར་སྐྱབས་ཡུལ་གྱི་རྒྱུ་མཚན་ཡང་དག་པར་ཤེས་ནས་གསལ་གདབ་པ་ནི། ཨོཾ་ཨཱཿཧཱུྃ། མདུན་གྱི་ནམ་མཁར་རྣམ་དག་ཞིང་ཁམས་མཆོག །ངོ་མཚར་བཀོད་རབ་འབར་བ་ཁྱོན་ཡངས་དབུས། །རིན་ཆེན་ཁྲི་རྐང་པད་ཉི་ཟླ་གདན་སྟེང་། །བླ་མ་ཨོ་རྒྱན་སྐུ་གསུམ་ཀུན་བཟང་ལ། །སྐྱབས་གནས་མ་ལུས་རྣམས་ཀྱིས་བསྐོར་བར་དམིགས། །མགོན་པོ་དེ་དག་མདུན་དུ་བདག་ཉིད་བཅས། །འགྲོ་རྣམས་བྱང་ཆུབ་བར་དུ་གུས་སྐྱབས་མཆི། །ཞེས་ཡི་གེ་གསུམ་གྱིས་མ་དག་པ་སྦྱངས། དག་པའི་རང་བཞིན་ཞིང་ཁམས་རྒྱ་ཆད་ཕྱོགས་ལྷུང་མེད་པ་མཆོག་ཏུ་གྱུར་པ་ངོ་མཚར་རྨད་དུ་བྱུང་བ་བཀོད་པ་ཕུན་སུམ་ཚོགས་པ་འོད་དང་འོད་ཟེར་འབར་བ། ཀློང་ཡངས་པའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་རྐང་སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་བརྒྱད་ཀྱིས་བཏེགས་པའི་ཁྲི་སྟེང་དུ། པདྨ་དང་ཉི་ཟླའི་གདན་ལ། ཨོ་རྒྱན་སྤྲུལ་པའི་སྐུ་རྩ་བའི་བླ་མ་དང་དབྱེར་མེད་པ་ཞལ་གཅིག་ཕྱག་གཉིས་སྐུ་མདོགས་དཀར་ལ་ཅུང་ཟད་དམར་བ་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ། གཡོན་པས་ཀ་པ་ལ་ཡེ་ཤེས་གྱི་བདུད་རྩིས་བཀང་བ་ལྟེ་བའི་ཐད་དུ་འཛིན་པ། གྲུ་མོར་ཁ་ཊཾ་ཀ་ཐོད་མཁར་སུམ་བརྩེགས་ཌ་མ་རུ་དང་ཏིང་ཏིང་ཤག་གིས་བརྒྱན་པ། ཞབས་རྡོ་རྗེ་དཀྱིལ་ཀྲུང་དུ་བཞུགས་པ། དབུ་ལ་པད་ཞྭ་རྒོད་ལྡེམ་དར་སྣས་བརྒྱན་པ། སྐུ་ལ་དར་དམར་གྱི་ཕོད་ཀ་ཆོས་གོས་དང་བེར་ཕྱམས་གསོལ་བ། འཁོར་དུ་སྐྱབས་གནས་སྤྲུལ་པའི་སྐུའི་ཚོགས་གྱིས་བསྐོར་བར་དམིགས། དེའི་སྤྱི་གཙུག་ཏུ་ཨོ་རྒྱན་ལོངས་སྐུ་ཚེ་དཔག་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། སྐྱིལ་ཀྲུང་མཉམ་བཞག་གི་སྟེང་ན་བུམ་པ་བདུད་རྩི་ཡིས་བཀང་བ་བསྣམས་པ། ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན་པ། ཡུམ་གསང་བ་ཡེ་ཤེས་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཐབས་ཤེས་གཉིས་སུ་མེད་པར་ཡབ་ལ་འཁྲིལ་བ། འཁོར་དུ་ལོངས་སྐུའི་ཚོགས་ཀྱིས་བསྐོར་བ། དེའི་སྤྱི་གཙུག་ཏུ་ཨོ་རྒྱན་ཆོས་སྐུ་སྐུ་མདོག་མཐིང་ཀ་ཞལ་གཅིག་ཕྱག་གཉིས་པ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་གཉིས་སུ་མེད་པར་འཁྲིལ་སྦྱོར་དུ་བཞུགས་པ། དེའི་སྤྱི་གཙུག་ཏུ་ཀུན་བཟང་ཡབ་ཡུམ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། དེ་ལྟར་སྐུ་གསུམ་འཁོར་བཅས་གསལ་བར་བསྐྱེད། སྐྱབས་ཡུལ་དེ་དག་གི་མདུན་དུ་བདག་ཉིད་དབུ་མཛད་ལྟ་བུར་བསམ་ཞིང་ཕ་མའི་གཙོར་བྱས་པ་ཐམས་ཅད་ཁྲོམ་འཚོགས་པ་ལྟར་དུ་བསམ་ཞིང་། སྐྱབས་གནས་རྣམས་ལ་དད་གུས་མོས་པ་དང་ལྡན་པས་འགྲོ་རྣམས་བྱང་ཆུབ་མ་ཐོབ་པར་དུ་སྐྱབས་པར་བྱ་སྙམ་དུ་སྐྱབས་འགྲོའི་སྒྲ་འུར་ཏི་རི་རི་སྒྲོག་པར་བསམ་ལ། གཉིས་པ་སྐྱབས་སུ་འགྲོ་བ་ནི། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྐྱབས་སུ་མཆིའོ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །རྩ་བའི་བླ་མ་བཀའ་དྲིན་ཅན་ལ་སྐྱབས་སུ་མཆིའོ། །བརྒྱུད་པའི་བླ་མ་བྱིན་རླབས་ཅན་ལ་སྐྱབས་སུ་མཆིའོ། །འདྲེན་པའི་བླ་མ་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོངས་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་མ་ཡེངས་གསལ་བའི་ངང་ནས་བརྒྱ་སྟོང་ཁྲི་འབུམ་ཅི་ནུས་འབད་པར་བྱ། གསུམ་པ་དེའི་ཕན་ཡོན་ནི། གནས་སྐབས་སུ་བསམ་པ་འགྲུབ་ཅིང་ནང་པ་སངས་རྒྱས་པའི་ཁོངས་སུ་ཚུད་པ་དང་། ཡོན་ཏན་གྱི་བརྟེན་དུ་རུང་བ་དང་། མི་དང་མི་མ་ཡིན་གྱིས་གནོད་པས་མི་རྫི་ཞིང་གང་དུ་སྐྱེས་པ་ཐམས་ཅད་བླ་མ་དམ་པ་དང་། དཀོན་མཆོག་གི་ཞབས་དྲུང་དུ་སྐྱེས་ཤིང་མཐར་ཐུག་སངས་རྒྱས་ཐོབ་སྟེ། མདོ་སྡེ་རྒྱལ་མཚན་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ཡིས་མྱུར་དུ་སངས་རྒྱས་ཐོབ། །ཅེས་སོ། །ལུང་ལས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ནས། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་འགྱུར། །ཞེས་སོ། །སྐྱབས་སུ་འགྲོ་བའི་ཕན་ཡོན་ནི་སངས་རྒྱས་ཀྱི་ལྗགས་ཀྱིས་ཀྱང་བགྲང་བར་མི་ནུས་པར་གསུངས། དེ་ལས་གཞན་སྐྱབས་མེད་པ་ཡིན་ནམ་ཞེ་ན་འཇིག་རྟེན་གྱི་ལྷ་དང་། ཕ་མ་དང་། བུ་དང་། རྒྱལ་པོ་གཉེན་འདུན་སོགས་སྐྱབས་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། གནས་སྐབས་ཙམ་ལས་མཐར་ཐུག་གི་སྐྱོབ་པའི་ཐུགས་རྗེ་ནུས་པ་མེད་དེ། འཇིག་རྟེན་པ་ཡིན་པས་བློ་ངན་ལམ་སྟོན་མི་ནུས་པ་དང་མཚུངས། འཇིག་རྟེན་གྱི་ལྷ་བརྒྱ་སྦྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་སོགས་ལྷ་ཆེན་པོ་བཞི་ཡང་དོན་ཀྱི་སྐྱབས་གནས་མ་ཡིན་ཏེ། ཇི་ལྟར་གསུངས་ན། རི་དང་བྲག་དང་ནགས་ཚལ་དང་། །ཀུན་དགའ་ར་བ་ལྗོན་ཤིང་དང་། །མཆོད་རྟེན་དག་ལ་སྐྱབས་སོང་ན། །སྐྱབས་ཀྱི་མཆོག་གྱུར་མ་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །འཁོར་བའི་གནས་ལས་ཐར་མི་ནུས། །སྡུག་བསྔལ་ཟུག་རྔུ་ཞི་མི་འགྱུར། །དཀོན་མཆོག་གསུམ་ལ་སྐྱབས་སོང་ན། །འཇིགས་པ་མེད་པ་ཐོབ་པར་འགྱུར། །བདེ་ལེགས་ཐམས་ཅད་འབྱུང་ངོ་ཞེས། །ཞེས་དང་། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འཆི་བའི་དུས་ལ་བབས་ཙ་ན། །བུ་དག་སྐྱབས་སུ་མི་འགྱུར་སྟེ། །ལང་ཚོ་མ་ཡིན་སྟོབས་ཀྱང་མིན། །ཇི་ལྟར་འདོད་པ་བཞིན་དུ་འགྲོ། །ཞེས་དང་། ལུང་ལས། གཤིན་རྗེའི་ཕོ་ཉ་བྱུང་བའི་ཚེ། །ཕ་མ་ཁྱེད་ཀྱི་སྐྱབས་མ་ཡིན། །གཉེན་འདུན་རྩ་ལག་ཀུན་ཀྱང་མིན། །དེ་དག་ཀུན་ཀྱིས་ཁྱེད་བོར་ནས། །རང་ཉིད་གཅིག་པུ་ཕྱི་མར་འགྲོ། །ཞེས་པས་སྐྱབས་གནས་མི་བསླུ་དཀོན་མཆོག་གསུམ་པོའོ། །བཞི་པ་སྤང་བྱ་ནི། དཀོན་མཆོག་གསུམ་ལ་སྐྱབས་སོང་བས་བླང་དོར་ཀྱི་བྱེ་བྲག་ཤེས་པར་བྱ་སྟེ། དེ་ཡང་བླ་མ་ལ་སྐྱབས་སུ་སོང་བས་དགེ་བའི་བཤེས་གཉེན་ལ་གུས་ཤིང་སྡིག་པའི་གྲོགས་ལ་མི་བསྟེན། སངས་རྒྱས་ལ་སྐྱབས་སུ་སོང་བས་ཕྱི་རོལ་པའི་ལྷ་དབང་ཕྱུག་སོགས་འཇིག་རྟེན་པའི་ལྷ་ལ་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་འཚེ་བ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་བས་མུ་སྟེགས་བྱེད་དམ་རྒྱུ་འབྲས་ལ་སྐུར་བ་འདེབས་པ་དང་མི་འགྲོགས་ཏེ། མདོ་རྒྱལ་མཚན་ལས། གང་དག་སངས་རྒྱས་སྐྱབས་སོང་བས། །ནམ་དུའང་ལྷ་ནི་གཞན་དག་ལ། །བསྟེན་ཅིང་སྐྱབས་སུ་འགྲོ་མི་བྱ། །གང་དག་ཆོས་ལ་སྐྱབས་སོང་བས། །གནོད་ཅིང་འཚེ་བའི་སེམས་དང་བྲལ། །གང་དག་དགེ་འདུན་སྐྱབས་སོང་བས། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་སོ། ལྔ་པ་བླང་བྱའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཀྱི་སྐུ་གཟུགས་ལུགས་སུ་བླུག་པ་རིས་སུ་བྲིས་པ་དང་། མཆོད་རྟེན་ཚ་ཚྭ་ཆག་དུམ་ཡན་ཆད་སངས་རྒྱས་ཀྱི་སྐུའི་འདུ་ཤེས་དང་དད་གུས་མོས་པ་བྱའོ། །ཆོས་ལ་སྐྱབས་སུ་སོང་ནས་པོ་ཏི་གླེགས་བམ་བཀའ་འགྱུར་རོ་ཅོག་མན་ཆད་ནས་ཡི་གེ་ཆད་ཐོ་ཡན་ཆད་ལ་དམ་པའི་ཆོས་ཀྱི་འདུ་ཤེས་བཞག་ཅིང་དོན་གཉེར་མཆོད་བསྟོད་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་དགེ་བའི་བཤེས་གཉེན་དམ་པ་དགེ་འདུན་གྱི་སྡེ་ཆེན་པོ་མན་ཆད་དང་། གོས་སེར་གྱོན་པ་ཡན་ཆད་ལ་དགེ་འདུན་གྱི་འདུ་ཤེས་བྱས་ནས་བཀུར་སྟི་རིམ་གྲོ་ཕུ་དུད་སྟི་སྟང་བྱ་བ་ལས་མ་དད་མ་གུས་བརྙས་ལས་དང་ཚོད་ཡོད་མི་བྱ་ཞིང་ཡི་དམ་དུ་བྱའོ། །གཉིས་པ་སེམས་བསྐྱེད་པ་ནི། དེ་ཡང་རྒྱུད་ལས། བྱམས་དང་སྙིང་རྗེ་ཆོས་སྤྱིའི་ལམ། །ཐེག་པ་ཆེན་པོ་འཇུག་ཕྱིར་རོ། །ཞེས་པ་འདི་ལ་ལྔ་སྟེ། སྨོན་པ་དང་། འཇུག་པ་དང་། སེམས་བསྐྱེད་དངོས། བསླབ་པ། ཕན་ཡོན་ནོ། །དང་པོ་ལ་གསུམ་སྟེ། སྨོན་པ་དང་། བསླབ་པ། ཕན་ཡོན་ནོ། །དང་པོ་སྨོན་པ་ནི། སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་དོ། །མ་འདི་དག་བདེ་བར་འདོད། སྡུག་བསྔལ་མི་འདོད། བདེ་བ་འདོད་བཞིན་དུ་བདེ་བ་དགྲ་ལྟར་བོར། སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་གྱི་རྒྱུ་སྒྲུབ་པ་འདི་རྣམས་སྙིང་རེ་རྗེ། བདེ་བ་དང་ལྡན་པར་བྱ། སྡུག་བསྔལ་དང་བྲལ་བར་བྱ། སྡུག་བསྔལ་མེད་པའི་བདེ་བ་དང་ལྡན་པར་བྱ་སྙམ་པའི་བྱམས་པ་ཚད་མེད་པ་བཞི་རྒྱུད་ལ་སྐྱེས་པའི་སྨོན་པ་སྟེ། པདྨའི་སྙིང་གུར་ལས། སེམས་ཅན་དོན་ལ་སྨོན་བྱེད་པ། །རྫོགས་པའི་སངས་རྒྱས་མྱུར་པའི་ལམ། །ཞེས་གསུངས་སོ། །སེམས་ཅན་འདི་དག་ཕ་མར་མ་གྱུར་པ་མེད་དོ། །འདི་དག་གི་ལྟོ་བར་མ་ཉལ་བ་དང་། ནུ་ཞོ་མ་འཐུངས་བ་མེད་པའི་སེམས་ཅན་གཅིག་གི་ལུས་བླངས་པས། དྲི་མེད་བཤགས་རྒྱུད་ལས། ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ནས་བསམ་འདས་བརྗོད་མི་ལང་། །ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཅིང་། །ཞེས་གསུངས། སེམས་ཅན་འདི་དག་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབས་སྙམ་པས་བསམ་པ་བཟང་པོས་འགྲོ་དྲུག་སེམས་ཅན་སྡུག་བསྔལ་གྱིས་མནར་བ་འདི་དག་ཐར་བ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་བདག་ཁོ་ནས་འགོད་པར་བྱ་སྙམ་པའི་བདག་ལས་གཞན་གཅེས་ཀྱི་བསམ་པས་རིགས་དྲུག་གི་སྡུག་བསྔལ་སྦྱངས་བར་ཁུར་ལྕི་ཁུར་བར་དམ་བཅས་ནས་སྙིང་རྗེ་ཆེན་པོའི་བསམ་གཏན་ལ་གནས་པར་བྱ་སྟེ། སྟན་བདེ་བ་ལ་འདུག་ནས་དབུག་གཏོང་ལེན་ཟབ་མོའི་སྤེལ་བར་བྱ་བ་ལ། དབུག་ཚུར་རྔུབ་དུས་རིགས་དྲུག་གི་སྡུག་བསྔལ་ཐམས་ཅད་རང་གི་རྒྱུད་ལ་ལེན་པ་དང་། ཕར་བཏང་པས་རང་གི་བསོད་ནམས་བདེ་སྐྱིད་ཐམས་ཅད་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྦྱོར་བར་བསམས་ཤིང་། དམྱལ་བ་ཚ་གྲང་གི་སྡུག་བསྔལ་དང་བྲལ་ནས་ཚ་བ་ལ་བསིལ་བའི་བདུད་རྩིའི་ཆུ་རྒྱུན་དང་། གྲང་བ་ལ་གནས་ཁང་གོས་སོགས་སོ་སོར་གང་འདོད་ཐོབ་པའི་སེམས་བསྐྱེད་དང་། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་དང་བྲལ་ཞིང་འདོད་ཡོན་གྱི་གཏེར་རྙེད་པ་དང་། དུད་འགྲོ་བཀོལ་སྤྱོད་དང་གཏི་མུག་གི་སྡུག་བསྔལ་བྱང་ཞིང་བདེ་བ་དང་ལྡན་པ་སོགས་མདོར་ན་རིགས་དྲུག་སོ་སོའི་སྡུག་བསྔལ་ཐམས་ཅད་བྱང་ཞིང་། གང་ལ་གང་འདོད་ཀྱི་འདོད་པ་ཐམས་ཅད་འགྲུབ་ཅིང་སྨོན་སེམས་བླ་ན་མེད་པ་བསྐྱེད་པར་བྱ། གཉིས་པ་སྨོན་པའི་བསླབ་པ་ནི། བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། བྱམས་དང་སྙིང་རྗེ་ལྡན་པའི་གཞན་དོན་བརྩོན། །དགའ་དང་ལྡན་པའི་ཕ་རོལ་ཆོས་ལ་སྦྱོར། །བཏང་སྙོམས་ལྡན་པའི་ཆོས་མཆོག་འཚེ་བ་མེད། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱངས་ཡིན། །ཞེས་སོ། །དེ་ལྟར་བྱང་ཆུབ་ཏུ་སྨོན་པ་གལ་ཆེ་སྟེ། འཇུག་པ་ཤུགས་ལ་འབྱུང་བ་ཡིན། །སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡིས། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་ཉིད་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་སོ། །གསུམ་པ་སྨོན་པའི་ཕན་ཡོན་ནི། བྱམས་པ་འཇུག་པའི་མདོ་ལས། གང་གིས་སྟོང་གསུམ་རིན་ཆེན་བཀང་བྱས་ཏེ། །སྟོབས་བཅུ་མངའ་བ་རྣམས་ལ་འབུལ་བར་བྱས། །དེ་བས་བྱང་ཆུབ་ཏུ་ནི་སྨོན་བྱེད་པ། །བསོད་ནམས་ཤིན་ཏུ་མང་པོ་འཕེལ་པར་འགྱུར། །གང་གི་ཞིང་རྣམས་གངྒཱའི་བྱེ་མ་སྙེད། །རིན་ཆེན་གང་བར་བྱས་དེར་སྦྱིན་པ་སྦྱིན། །དེ་བས་བྱང་ཆུབ་ཏུ་ནི་སྨོན་བྱེད་པ། །བསོད་ནམས་ཤིན་ཏུ་མང་པོ་འཕེལ་བར་འགྱུར། །ཞེས་སྨོན་པ་ཡང་དག་རྒྱུད་ལ་སྐྱེས་ནས་འཇུག་པ་ཤུགས་ཀྱིས་འབྱུང་བས་སྨོན་པ་ཡང་དག་དང་ལྡན་ནས་འཇུག་པར་བྱ་སྟེ། གཉིས་པ་འཇུག་པ་ལ། འཇུག་པ་དང་། བསླབ་པ་དང་། ཕན་ཡོན་ནོ། །དང་པོ་ནི། པདྨའི་སྙིང་གུར་ལས། གཞན་དག་སྲིད་ལས་གྲོལ་བར་བརྩོན། །སེམས་དཔའ་འགྲོ་བའི་དོན་ལ་འཇུག །ཕ་རོལ་ཕྱིན་དྲུག་སྤྱད་པར་བྱ། །ཞེས་བསྡུ་བའི་དངོས་པོ་བཞི་དང་། སྦྱིན་པ་རྣམ་པ་བཞི་རྟག་ཏུ་སྦྱིན་ཏེ་ཟང་ཟིང་གི་སྦྱིན་པ་ཟས་གོས་དང་གསེར་དངུལ་ཟངས་ལྕགས་ནོར་བུ་རིན་པོ་ཆེ་རྟ་གླང་ལ་སོགས་རྐང་བཞི་རྣམས་དང་། ཞིང་ཁང་ལ་སོགས་མཁོ་བའི་ཡོ་བྱད་རྣམས་དང་། བུ་དང་ཆུང་མ་ཡིད་འཐད་ནོར་གྱི་བྱིན་ལེན་དང་རེ་བ་མེད་པར་ཕྱོགས་མེད་དུ་བཏང་བར་བྱ། ནང་སེམས་ཅན་ཀྱི་སྦྱིན་པ་སྙིང་རྗེ་ཚད་མེད་པ་སྨོན་པ་ལྟར་རོ། །ལུས་ཤ་ཁྲག་གི་སྦྱིན་པ་མགོ་དང་ཡན་ལག་ཤ་དང་ཁྲག་དབང་པོའི་དྭངས་མ་སོགས་བཏང་ནུས་པས་མཐུ་སྟོབས་དང་ལྡན་ཞིང་གཞན་ལ་ཕན་པ་རྣམས་ཡིན་ལ། དེ་ལྟར་བཏང་བའི་ནུས་པ་དང་མི་ལྡན་ནའང་མཆོད་སྦྱིན་གཅེས་འཛིན་བཤིགས་ཤིང་བདག་འཛིན་ཐོང་བའི་ངང་ནས་ཡར་མཆོད་མར་སྦྱིན་དམིགས་པས་གར་རྒྱུར་གཞུང་ལུགས་ལྟར་དུ་བྱ། སྦྱིན་པ་བཏང་བར་རུང་མི་རུང་གི་བྱེ་བྲག་ལ་གཞན་གྱིས་གསོད་ངེས་པའི་སེམས་ཅན་སྦྱིན་པ་མི་གཏོང་། མཚོན་ཆ་ལ་སོགས་གཞན་ལ་གནོད་པའི་རྫས། ནད་པ་ལ་མི་འཕྲོད་པའི་ཟས། རབ་དུ་བྱུང་བ་ལ་ཕྱི་དྲོའི་ཁ་ཟས་དང་། ཤ་ཆང་སྒོག་པ་ལ་སོགས་མི་གཙང་གོས་པའི་ཉེས་བྱས་སུ་མི་གཏོང་། སྨྱོན་པ་ལ་སོགས་པར་ཕ་རོལ་གྱིས་ཐོ་འཚམས་པའི་ལས་ཀྱི་སྦྱིན་པ་མི་བཏང་བར། ཆོས་ཀྱི་སྦྱིན་པ་ཆོས་སྒྲུབ་པའི་ཡོ་བྱད་མཐུན་རྐྱེན་དང་། པོ་ཏི་སྦྱིན་པ་དང་། གསེར་དངུལ་མཚལ་སྣག་ཤོག་གུ། བྲིས་སྙུག །ལུང་དང་བསླབ་པ་འབོག་པ། འཆད་པ་དང་ཡང་དག་པའི་ཆོས་སྟོན་པ་ལ་སོགས་པ་སྦྱིན་པ་རྣམས་ཀྱིས་ནང་ནས་ཆོས་ཀྱི་སྦྱིན་པ་མཆོག །སྐྱོ་དུབ་མེད་པ་གང་ལ་གང་འཚམས་སྦྱིན་པར་བྱ། གཞན་ཡང་མི་འཇིགས་པའི་སྦྱིན་པ་ནད་གདོན། མེ་ཆུ། མཚོན། རྒྱལ་པོའི་ཆད་པ། འཇིགས་པའི་སྐྱེལ་མ། མུ་གེའི་འཇིགས་པ་ལ་སོགས་པ་མདོར་ན་འཇིགས་པ་མཐའ་དག་ལས་སྐྱོབས་པ་སྟེ། སྟོབས་ནུས་ཅི་ཡོད་ཀྱི་སྒོ་ནས་ཕར་ཕྱིན་བཅུ་ལ་སོགས་པ་ལ་བསླབ་པར་བྱ། དེ་ལྟར་འཇུག་པའི་བྱང་ཆུབ་ཀྱི་སེམས་སྦྱང་བར་བྱ་སྟེ། གཉིས་པ་འཇུག་པའི་བསླབ་པ་ནི། བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། བྱ་བ་རབ་ཏུ་བོར་བ་འདི་ནི་སྦྱིན་པ་དག །བྱམས་པ་ཡིད་དུ་གྱུར་པ་འདི་ནི་ཚུལ་ཁྲིམས་དག །བཟོད་པ་སྟོབས་བསྐྱེད་འདི་ནི་བཟོད་པ་དག །སངས་རྒྱས་ཡེ་ཤེས་འདི་ནི་བརྩོན་འགྲུས་དག །ཡིད་རབ་ཞི་བ་འདི་ནི་བསམ་གཏན་དག །སྨྲ་ཚིག་མེད་པ་འདི་ནི་ཤེས་རབ་དག །ཅེས་པ་དེ་ལྟར་དགེ་བ་ཆོས་བྱེད་ཀྱིས་བསྡུ་བ་དང་། སྙན་གྲགས་ཡོ་བྱད་ཀྱིས་བསྡུ་བ་དང་། མཐུན་པ་གང་འཚམས་ཀྱིས་བསྡུ་བ་དང་། སྤྱོད་པ་ཕར་ཕྱིན་དྲུག་དང་། འཇུག་པ་ཕུན་སུམ་ཚོགས་པ་ལ་བསླབ་པར་བྱའོ། །གསུམ་པ་འཇུག་པའི་ཕན་ཡོན་ནི། འདུས་བྱས་ཀྱི་ལུས་ལོངས་སྤྱོད་ཐམས་ཅད་ཆུད་མི་ཟ་ཞིང་དོན་དང་ལྡན་པ་དང་། གནས་སྐབས་སུ་ཡང་བསམ་པ་འགྲུབ་པ་དང་། ཀུན་ཀྱིས་ཡིད་དུ་འོང་ཞིང་བསྟོད་པ་དང་། མི་མ་ཡིན་ཡིད་གཟུགས་རྣམས་ཀྱིས་ཀྱང་མཐུན་རྐྱེན་བསྒྲུབས་པ་དང་། ལྷ་རྣམས་ཀྱིས་སྙན་པར་བརྗོད་པ་དང་། བཀའ་སྲུང་དམ་ཅན་རྒྱ་མཚོ་རྣམས་ཀྱིས་ལས་བྱེད་པ་དང་། ཕྲིན་ལས་རྣམ་བཞི་འགྲུབ་པ་དང་། གནོད་སྦྱིན་གཏེར་བདག་རྣམས་ཀྱིས་འདོད་ཡོན་ལོངས་སྤྱོད་གཏེར་ཁ་བརྡོལ་བ་ལ་སོགས་བསོད་ནམས་དཔག་ཏུ་མེད་པ་འབྱུང་སྟེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་ལས་ལྷག་པར་འགྱུར། །ཞེས་སོ། །བྱང་ཆུབ་སེམས་དཔའ་དང་རིག་པ་འཛིན་པ་རྣམས་ཀྱིས་རྟག་ཏུ་བསྲུང་བ་དང་། སངས་རྒྱས་ལས་ཆོས་ཐོབ་པ་དང་ནམ་ཞིག་ཚེ་འཕོས་པའི་ཚེ་ན། བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས་བདེ་བ་ནས་བདེ་བར་འགྲོ་ཞིང་། མཐར་ཐུག་བླ་མེད་བྱང་ཆུབ་ཐོབ་པའི་ཕན་ཡོན་གཞལ་དུ་མེད་དོ། །གསུམ་པ་སེམས་བསྐྱེད་པ་དངོས་ནི། དེང་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བསྒྲལ་བསྒྲལ་དང་མ་གྲོལ་གྲོལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པ་དང་། བཞི་བ་བསླབ་བྱ་ནི། དེང་ནས་བཟུང་སྟེ་འགྲོ་དྲུག་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་པར་དུ་ཚད་མེད་པ་བཞི་བསྒོམ་ཏེ། སྙིང་རྗེ་ཚད་མེད་པ་བུའི་མདུན་དུ་མ་བཤས་པ་ལྟ་བུ་དང་། བྱམས་པ་ཚད་མེད་པ་མས་བུ་སྐྱོངས་བ་ལྟ་བུ་དང་། དགའ་བ་ཚད་མེད་པ་ཡིད་བཞིན་ནོར་བུའི་གཏེར་རྙེད་པ་ལྟ་བུ་དང་། བཏང་སྙོམས་ཚད་མེད་བྱང་ཆུབ་སེམས་དཔས་སྦྱིན་པ་བཏང་བ་ལྟ་བུ་དང་། ཚད་མེད་པ་བཞི་ཁ་ཙམ་ཚིག་ཙམ་མ་ཡིན་པ་སྙིང་ཐག་པ་ནས་བསྒོམ་བར་བྱའོ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་བསྒྲོལ་མ་ཐུབ་པའི་སེམས་ཅན་ལས་ངན་པ་རྣམས་བདག་གིས་བསྒྲལ་བ་དང། གྲོལ་མ་ནུས་པ་རྣམས་བདག་གིས་གྲོལ་བར་བྱ་སྙམ་པའི་སེམས་བསྐྱེད་དང་། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དབུགས་མ་དབྱུང་པ་རྣམས་དབུགས་དབྱུང་ཞིང་མྱ་ངན་ལས་འདའ་བར་བྱ་སྙམ་པའི་སེམས་སྟོབས་ཆེན་པོ་དང་ལྡན་པར་བྱ་ཞིང་། ལྔ་པ་ཕན་ཡོན་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡོམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སོ། །དེ་ལྟར་སྨོན་འཇུག་གི་སེམས་བསྐྱེད་དོ། །མངོན་མཐོ་ངེས་ལེགས་ཀྱི་ཐེག་པ་མཐའ་དག་གི་གཞི་རྟེན་ཡིན་པ་དང་། ཐར་བ་ཆ་མཐུན་གྱི་ཡོན་ཏན། བསོད་ནམས་ཡེ་ཤེས་ཀྱི་འབྲས་བུ་མངོན་དུ་གྱུར་པའི་དགོས་ཆེད་ཡོད་དོ། །སྐྱེས་བུ་དམ་པ་ཐར་བ་དོན་དུ་གཉེར་བ་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། ། གསུམ་པ་སྡོམ་པ་བཟུང་བ་ལ་གསུམ། སོ་སོར་ཐར་བའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། སྔགས་ཀྱི་སྡོམ་པ་དང་གསུམ་མོ། །དང་པོ་སོ་སོར་ཐར་པའི་སྡོམ་པ་ལ་གསུམ། འདུལ་བ་ལུང་ལས། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམས་བུའི་ཁྱིམ་དུ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །བག་མེད་འཁོར་བའི་གནས་ཡིན་ཞེས། །བག་དང་ལྡན་པ་ཐར་བའི་ཞིང་། །ཞེས་སོ། །འདི་ལ་གསུམ་ལས། དང་པོ་དགེ་བསྙེན་ཀྱི་བསྲུང་བྱ་ལ། སྲོག་གཅོད་པ། མ་བྱིན་པ་ལེན། མི་ཚངས་སྤྱོད། རྫུན་སྨྲ། ཆང་དང་ལྔ་གཞི་རྟེན་གྱི་རྩ་བ་ཡིན་པས་མ་ཉམས་ལེགས་པར་བསྲུང་། གཉིས་པ་དགེ་ཚུལ་ཕྱིའི་བསྲུང་བྱའི་རྣམ་གྲངས་ལས་རྩ་བ་བཞི་དང་ཡན་ལག་དྲུག་དགེ་ཚུལ་རྣམ་དག་མིག་ལྟར་བསྲུང་། གསུམ་པ་དགེ་སློང་གི་སྡོམ་པའི་རྣམ་གྲངས་ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤངས་ལྟུང་སུམ་བཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོ་སོར་བཤགས་པ་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས། དགེ་སློང་བཅས་ལྡན་རྣམས་ཀྱི་བསྲུང་བྱ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་རྣམ་པར་དག་པ་གསུམ་ལྡན་དགེ་བའི་བཤེས་གཉེན་གྱིས་ནོད་ཏོ། །སོ་སོར་ཐར་བའི་བསླབ་པ་གསུམ་མ་ཉམས་པར་བསྲུང་དགོས་ཏེ། བསྟན་པ་སྤྱི་ལུང་ཞེས་པའི་བསྡོམ་པ་ལས། སྲོག་གཅོད་མ་བྱིན་ལེན་དང་འདོད་ལོག་གཡེམ། །རྫུན་དུ་སྨྲ་དང་བག་མེད་ཆང་རྣམས་ནི། །རྩ་བ་ཡན་ལག་ཕྲ་མོར་བྱས་པ་སྤངས། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་གྱི་ཞལ་སྔ་ནས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་ཀྱི་གཞི་རྟེན་ཐུབ་པས་གསུངས། །ཞེས་སོ། །ཁྱིམ་ནས་ཁྱིམ་མེད་པར་རབ་དུ་བྱུང་ཞིང་། གཙང་ཞིང་གཙང་མར་གནས་པའི་འཕགས་པའི་དགེ་འདུན་རྣམས་ལུས་ངག་ཡིད་གསུམ་སྡོམ་པ་ལ་གནས་པ་ནི་སྡུག་བསྔལ་ཀུན་ལས་གྲོལ་བར་བྱེད། གཉིས་པ་བྱང་ཆུབ་སེམས་དཔའི་སྡོམ་པ་ནི། བྱང་ཆུབ་སེམས་དཔའི་བློ་དང་ལྡན་པ་དག་གིས་བག་མེད་པའི་གནས་མཐའ་དག་རིང་དུ་སྤངས་ཏེ། འཇིག་རྟེན་དབང་ཕྱུག་བློ་གྲོས་རྣམས་ཀྱིས་བདག་ལས་གཞན་གཅེས་བསམ་པས་ཉམ་ཐག་པའི་སེམས་ཅན་ཐམས་ཅད་དོན་དུ་ཁུར། གསང་སྔགས་ཐེག་ཆེན་ཆོས་ཀྱི་སྤྱོད་པ་སྤྱད་ཅིང་བདག་གཞན་དོན་གཉིས་བསྒྲུབ་པའི་དོན་ལ་རབ་ཏུ་བརྩོན་ཏེ་མཐར་ཐུག་འབྲས་བུ་ཐོབ་བར་བྱེད་པའི་སེམས་ཅན་གྱི་དོན་ནི་ནམ་ཡང་དོར་བར་མི་བྱ་སྟེ། དབང་ཆེན་རྒྱ་མཚོ་མཐའ་ཡས་ཀྱི་རྒྱུད་ལས། སྲོག་འདོན་སྦྱིན་པ་བཏང་བ་དང་། །ཚངས་སྤྱོད་སྐྱོངས་ཤིང་ཆོས་ཀྱང་བསྟན། །རྟག་ཏུ་བག་ཡོད་བསྟེན་པར་བྱ། །གཞན་ལ་ཕན་ན་རྟོག་པའང་སྣང་། །ཞེས་སོ། །གོང་མའི་འདྲེན་པ་རྣམས་ལ་མོས་གུས་གདུང་སེམས་དང་། འོག་མ་སེམས་ཅན་རྣམས་ལ་བརྩེ་བའི་གདུང་སེམས་དང་། རྟག་ཏུ་བྱང་ཆུབ་སེམས་ཀྱི་བསླབ་པ་མཆོག་དང་ལྡན་པར་བྱའོ། །གསུམ་པ་སྔགས་ཀྱི་དམ་ཚིག་ནི། སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པ་ལས་བྱུང་བའི་དམ་ཚིག་སྟེ། བསྐྱེད་པ་དང་རྫོགས་པ་གཉིས་ཏེ། བསྐྱེད་རིམ་མངོན་བྱང་ལྔའི་དོན་ལ་བསྒོམས། ཕྱི་སྣོད་གཞལ་ཡས་ནང་བཅུད་སེམས་ཅན་ལྷའི་རང་བཞིན་དང་སྒྲ་གྲགས་སྔགས་ཀྱི་རང་བཞིན་དུ་འཁྱོར་བ་དང་། སྤྱིར་རྣམ་པར་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་དང་གསུམ་ཡིན་ལ། དག་པ་རབ་འབྱམས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་རྟོགས་པར་བྱའོ། །སྣང་སྟོང་སྒྱུ་མ་ལྟ་བུར་ཞེན་ཆགས་འཛིན་པ་མེད་པར་བཅས་དོན་དམ་རྫོགས་པའི་རིམ་པ་སྟེ། གསང་བ་ཤེས་རབ་ཀྱི་བསླབ་པ་སྟེ། ནང་གི་དེ་ཁོ་ན་ཉིད་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་བསྲུང་བྱ་སྲུང་བྱེད་མཚམས་དང་བྲལ་བ་ཡིན་ཏེ། དེ་ཡང་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ངོ་བོ་ཉིད་དང་རང་བཞིན་འོད་གསལ་བ། །བདག་མེད་ཆོས་རྣམས་དེ་ཡིས་ནམ་རྟོགས་ན། །དེ་ལ་ནམ་ཡང་སྡོམ་པ་མེད་མི་འགྱུར། །ཞེས་དང་ནང་རིག་པའི་གནས་ལུགས་ལ་ལྟ་བ་བསླབ་པ་བླ་ན་མེད་པ་མཐའ་དབུས་དང་བྲལ་བ་ཡིན་པས་མི་གཡོ་ཏིང་འཛིན་ལ་གནས་པར་བྱའོ། །སྡོམ་པ་བཟུང་བ་དངོས་ནི། ཧོ། སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས། །སྡོམ་པ་ལ་ནི་གནས་པ་ལྟར། །བདག་གི་ལུས་ངག་ཡིད་གསུམ་གྱིས། །གནོད་པ་སྤངས་ཤིང་དགེ་བ་བསྒྲུབ། །དགེ་བསྙེན་དགེ་ཚུལ་དགེ་སློང་སོགས། །སོ་སོར་ཐར་པའི་སྡོམ་པ་ལ། །བདག་ནི་རྒྱུན་དུ་གནས་ཤིང་བསྲུང་། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་བསྡུད་པ་དང་། །སེམས་ཅན་དོན་བྱེད་རྣམ་པ་གསུམ། །ནམ་ཡང་བདག་གིས་མི་སྤང་ངོ་། །ཞེས་པ་བསྡུ་བ་བཞི་དང་། བསླབ་པ་གསུམ་ནི་ནམ་ཡང་མི་སྤང་བར་དམ་བཅས་ཏེ། དཀོན་མཆོག་གསུམ་བཟུང་མི་བཏང་བསྒྲུབ། །བླ་མ་ཡི་དམ་མི་སྤང་ངོ་། །ཞེས་དཀོན་མཆོག་གསུམ་ནི་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་དང་སྐྱབས་གནས་ཀྱི་གཙོ་བོ་ཡིན་པས་མི་སྤང་ངོ་། །བླ་མ་ནི་བྱིན་རླབས་ཀྱི་འབྱུང་གནས་དང་། ཡི་དམ་དངོས་གྲུབ་ཀྱི་གཏེར་མཛོད་ཡིན་པས་མི་སྤངས་ཤིང་། པདྨའི་སྙིང་གུར་ལས། ཟབ་མོའི་དོན་ལ་ཐོས་བསམ་བསྒོམ་གསུམ་ནི། །དམ་དུ་བཅས་ཏེ་ཡེངས་བ་མེད་པར་སྐྱོང་། །ཞེས་སོ། །སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ། །ཡང་དག་སྙིང་པོའི་དོན་ལ་འཇུག །དམ་ཆོས་དཀོན་མཆོག་དམ་ཚིག་ཏུ། །ཐེག་པའི་ཆོས་རྣམས་ངོ་བོར་དྲིལ། །དགེ་འདུན་དཀོན་མཆོག་དམ་ཚིག་ཏུ། །རིག་པ་དྲི་མེད་དོན་ལ་བལྟ། །བླ་མ་ཡི་དམ་དམ་ཚིག་ཏུ། །རང་སེམས་གཙང་མ་དཔང་པོར་བཙུག །ཡང་དག་སྙིང་པོའི་དོན་ལ་འཇུག །ཅེས་པའི་འཇིག་ཚོགས་ཀྱི་ལྟ་བ་དམན་པ་དང་། ཕྱིན་ཅི་ལོག་གི་ལམ་དང་། ཐེག་ཆུང་ཉན་རང་གི་ལམ་མ་ཡིན་པ་སྐུ་གསུམ་སྟོན་པའི་གཞུང་བཟང་དམ་པར་འཇུག །ཐེག་པའི་ཆོས་རྣམས་ངོ་བོར་དྲིལ་ཞེས་པས། ཐེག་པ་སྣ་ཚོགས་ཐབས་ཀྱིས་བསྟན་པ་དང་། ཕ་རོལ་ཕྱིན་པའི་ཐེག་པ་དང་། རྡོ་རྗེ་ཐེག་པ་དང་། ཐེག་པ་ཆེ་ཆུང་གི་ཆོས་རྣམས་རྟོགས་པར་བྱ། རིག་པ་དྲི་མ་མེད་པའི་དོན་ལ་བལྟ་ཞེས་པས་བདག་ཏུ་མི་བལྟ། དངོས་པོར་མི་བལྟ། མཚན་མར་མི་བལྟ། གང་ཟག་ཏུ་མི་བལྟ། ཡང་དག་པའི་ལྟ་བ་ཕུལ་དུ་ཕྱིན་པར་བལྟ། རང་སེམས་གཙང་མའི་དཔང་པོར་ཞེས་པས་བླ་མའི་མན་ངག་གསུངས་པ་དང་། ཡི་དམ་ངོ་སྤྲད་བསྟན་པ་རྣམས་རང་སེམས་དཔང་དུ་བཙུགས་ནས་སྤང་བྱ་མི་མཐུན་ཕྱོགས་རྣམས་སྤངས་པ་དང་། བླང་བྱ་མ་ནོར་ཡང་དག་བསྒྲུབ་པ་དང་། ཡང་དག་པའི་སྤང་བ་བཞི་ལ་འདོར་ལེན་བྱ། རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤངས་མི་བྱ། །ཐབས་ཤེས་གཉིས་མེད་དེ་རྣམ་པར་ཤེས་པ་མི་སྐྱོད་པ་ཆུའི་ངོ་བོ་མེ་ལོང་ཡེ་ཤེས་ཞི་བྱེད་རྡོ་རྗེ་དྲིལ་བུ་འཆང་བ། སྟོང་ཉིད་དང་སྙིང་རྗེ་གཉིས་སུ་མེད་པ་སྟེ། དོན་དམ་གྱི་ངོ་བོ་སྤྲོས་དང་བྲལ་ཏེ་ཀུན་རྫོབ་འགྲོ་བའི་དོན་ལ་བརྩོན་པས་ནམ་ཡང་མི་འབྲལ་དོན་གཉིས་འགྲུབ་པའོ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །དགོས་འདོད་གཏེར་མཛོད་ཁ་ཏོག་སེར་པོ་སྟེ་ཚོར་པའི་ཕུང་པོ་རིན་ཆེན་འབྱུང་ལྡན་ས་ཁམས་རྣམ་པར་དག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱས་བྱེད་རིན་ཆེན་འབར་བ་ཕྱག་ན་བསྣམས་པ། ཟང་ཟིང་གི་ལུས་ཀྱི་སྦྱིན་པ་དང་། སེམས་ཉིད་མི་འཇིགས་པའི་སྦྱིན་པ་དང་། ཆོས་འཁོར་ཡང་དག་སྦྱིན་པ་དང་། གཏོང་བ་ཕུན་སུམ་ཚོགས་པ་ལ་བསླབ་པར་བྱའོ། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་གྱི་ཆོས་རྣམས་བཤད། །དྲི་མེད་མདངས་གསལ་པདྨ་ར་གའི་མདོག་ཅན་འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཀྱི་མེ་ཁམས་རྣམ་པར་དག་པ་སོ་སོར་རྟོགས་པའི་ཡེ་ཤེས་དབང་བསྡུད་ཕྱག་ན་པདྨ་བསྣམས་པ་མ་ཧ་ཨ་ནུ་ཨ་ཏི་སྟེ་ཆོས་རྣམས་བཤད། ཐེག་ཆེན་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར། ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །རང་བཞིན་ལྷུན་གྲུབ་ཨིཎྜའི་མདོག་ཅན་འདུ་བྱེད་ཕུང་པོ་དོན་ཡོད་གྲུབ་པ་སྟེ། རླུང་ཁམས་རྣམ་པར་དག་པ་བྱ་བ་གྲུབ་པའི་ཡེ་ཤེས་མངོན་སྤྱོད་ཕྱག་ན་རྒྱ་གྲམ་བསྣམས་པ། རང་དོན་འགྲུབ་ཅིང་བརྩེ་བའི་སེམས་དང་ལྡན་པས་གཞན་དོན་ལ་སྐྱོ་ངལ་མེད་ཅིང་རྟག་ཏུ་བརྩོན་པར་བྱ། དེ་བཞིན་རིགས་ཀྱི་དམ་ཚིག་ཏུ། །དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ། །ཇི་བཞིན་དབང་བསྒྱུར་མཐིང་གསལ་མདོག་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དེ་ནམ་མཁའི་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མ་རིག་པ་རང་གསལ་འཁོར་ལོ་བསྣམས་པ། ལུས་སྐུའི་དཀྱིལ་འཁོར། ངག་སྔགས་ཀྱི་དཀྱིལ་འཁོར། ཡིད་ཐུགས་ཀྱི་དཀྱིལ་འཁོར་ཏེ་རང་བཞིན་དཀྱིལ་འཁོར་གསུམ་དང་ནམ་ཡང་འབྲལ་བ་མེད། བདག་ནི་དཔལ་ཆེན་རིགས་མཆོག་སྟེ། མི་འདའ་རྡོ་རྗེའི་དམ་ལ་གནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་སྡོམ་པ་རྣམ་དག་ཤོག །རིགས་རྣམས་ཀུན་གྱི་བདག་པོ་ཆེ་བའི་མཆོག་སྟེ་རིག་པ་འགྱུར་བ་མེད་པའི་ཐམས་ཅད་མ་ལུས་ཟིལ་གྱིས་གནོན་པས་ཆོས་ཉིད་རྡོ་རྗེ་བླ་ན་མེད་པ། མི་ཆོད་མི་ཤིགས་རྡོ་རྗེ་ཕ་ལམ་ལྟ་བུར་བརྟན་པར་བྱ། སེམས་ཅན་མ་ལུས་གྲོལ་པའི་ཕྱིར་དུ་བློ་གྲོས་ཀྱི་འཕགས་པའི་ནོར་བདུན་བསགས་པ་འདི་དག་འགྲོ་ཀུན་དོན་དུ་སྨོན་ལམ་གདབ་བོ། །བཞི་པ་སྒྲིབ་པ་སྦྱོང་བ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། སྡིག་པ་སྟོབས་བཞི་ཡི་སྒོ་ནས་བཤགས་པར་བྱ་སྟེ། སྡིག་པ་མ་སྦྱངས་ན་མི་འདག་སྟེ། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པའི་ཚེ། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །འོ་སྐོལ་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་རྒྱུ་མ་རིག་པས་བསྒྲིབས་ནས་ཉོན་མོངས་པའི་སྡིག་སྒྲིབ་མི་བཟོད་སྟོབས་ཆེན་བསགས་པ་རྣམས་སྦྱངས་དགོས་ཏེ། སྤྱོད་འཇུག་ལས། ཉོན་མོངས་སྒོ་ནས་ལུས་ངག་དང་། །ཡིད་ཀྱིས་གནོང་བགྱིས་གང་ལགས་དང་། །ཉེས་པ་དུ་མས་སྐྱོན་ཆགས་པའི། །སྡིག་ལྡན་བདག་གིས་སྡིག་པ་གང་། །ཤིན་ཏུ་མི་བཟད་བགྱིས་པ་དེ། །ཐམས་ཅད་འདྲེན་པ་རྣམས་ལ་བཤགས། །ཅེས་སོ། །རྟེན་གྱི་སྟོབས་བླ་མ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱ་སྟེ། བཀོད་པ་ཆེན་པོ་ལས། བླ་མ་རྡོ་རྗེ་སེམས་དཔའ་བསྒོམ། རང་བྱུང་ཡི་གེ་བརྒྱ་བའི་མཐུས། །སྒྲིབ་པ་རྣམ་གཉིས་བྱང་བར་འགྱུར། །ཞེས་སོ། །བདག་གི་སྤྱི་གཙུག་པད་དཀར་ཟླ་གདན་སྟེང་དུ་ཧཱུྃ་དཀར་ལས་བྱུང་རྡོ་རྗེ་སེམས། །དཀར་གསལ་ཤེལ་མདོག་ཞལ་གཅིག་འཛུམས་བཅས་རྡོ་རྗེ་དྲིལ་བུ་འཛིན་ཞིང་སྐྱིལ་ཀྲུང་བཞུགས། ཐོར་གཙུག་རིན་ཆེན་རྒྱན་ལྡན་གནས་གསུམ་འབྲུ་གསུམ་ཐུགས་ཀར་ཟླ་དཀྱིལ་ཧཱུྃ་དཀར་མཐར། ཡིག་བརྒྱའི་སྔགས་འཁོར་དང་བཅས་བདུད་རྩི་བབ་པས་རང་གི་ནད་གདོན་སྡིག་སྒྲིབ་དག་པར་གྱུར། ཀ་བ་ཙ་གྷརྦྷ་བསྟན་པའི་རྒྱུད་ལས། སངས་རྒྱས་མ་ལུས་ཐམས་ཅད་ཀྱིས། །རེ་རེའི་བསྐྱེད་རྫོགས་བསམ་ལས་འདས། །མ་ལུས་ཀུན་འགྲུབ་འདི་ལྟར་བྱ། །ཧཱུྃ་ལས་བླ་མ་རྡོ་རྗེའི་སེམས། །ཞེས་སོ། །རང་ཉིད་ཐ་མལ་སྤྱི་གཙུག་ཏུ་པདྨ་འདབ་མ་སྟོང་དང་ལྡན་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་དབུས་སུ་ཧཱུྃ་དཀར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཞལ་འཛུམ་བག་དང་ལྡན་པ་ཕྱག་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་པས་སྣང་སྟོང་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེ་དཀྱིལ་ཀྲུང་གིས་བཞུགས་པ། དབུ་ཐོར་ཚུགས་རིན་པོ་ཆེ་ཡིས་བརྒྱན་ཞིང་སྤྲས་པ། སྙན་བརྒྱན། མགུལ་བརྒྱན། དཔུང་བརྒྱན། ཕྱག་གདུབ། ཞབས་གདུབ། དོ་ཤལ། དར་གྱི་སྟོད་གཡོག་དང་སྨད་དཀྲིས། དར་དཔྱངས་ལ་སོགས་པ་ལོངས་སྤྱོད་རྫོགས་སྐུའི་ཆས་གསལ་བར་བསྒོམ་པའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿཡིས་མཚན་པ། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་གྱེན་དུ་འགྲེང་བའི་མཐར་ཡི་གེ་བརྒྱ་བ་མར་མེའི་ཕྲེང་བ་ལྟར་གཡས་སྐོར་དུ་དཀར་ཕྲམ་ཕྲམ་འཁོར་བ། དེ་ཡིག་འབྲུའི་རྣམ་པ་ལས་འོད་ཟེར་ཕྲེང་ཐག་གི་ཚུལ་དུ་གཡོན་བསྐོར་དུ་འཁོར་བར་དམིགས་ལ་བཟླ་སྟེ། དེ་ཡང་རྡོ་རྗེ་སེམས་དཔའ་ཀླུའི་རྒྱུད་ལས། རང་བྱུང་ཐིག་ལེ་ཡི་གེ་བརྒྱ། །སངས་རྒྱས་ཀུན་གྱིས་ས་བོན་ཏེ། །ཉམས་ཆག་ཐམས་ཅད་འཇོམས་པར་བྱེད། །ཞེས་སོ། །སྙིང་པོ་བརྒྱན་ལས། སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །པད་དཀར་ཟླ་བའི་དབུས་གནས་ཤིང་། །རྡོ་རྗེ་དྲིལ་བུས་རྒྱན་སྤྲས་པ། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང་། །ཡི་གེ་བརྒྱ་བའི་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་པས། །འཕེལ་བ་རྒྱུ་ནི་མི་འགྱུར་ཞིང་། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པ། །ཐུན་མཚམས་རྣམས་སུ་དཔྱད་པར་བྱ། །འབྲུ་དྲུག་གཅིག་ཏུ་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་སོ། །ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རོཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾཿ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲི་བྷ་ཝ་མ་ཧ་ས་མ་ཡ་ས་ཏྭ་ཨཱཿ ཨོཾ་བཛྲ་ས་ཏྭ་ཧཱུྃཿ ཞེས་བཟླས་པས་སྔགས་འཁོར་ལས་བདུད་རྩིའི་རྒྱུན་འོ་མ་ལྟར་བབ་རྡོ་རྗེ་སེམས་དཔའི་སྐུ་གང་། རྡོ་རྗེ་སེམས་དཔའི་ཕྱག་ཞབས་དང་། སྐུ་ལས་བདུད་རྩིའི་རྒྱུན་བབ་རང་གི་ཚངས་པའི་བུ་ག་ནས་མར་བབ་པས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟར་ཐུག་གི་བར་དུ་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཆུ་སྣས་སྦུར་མ་དེད་པ་ལྟ་བུ། དུད་ཁུ་སོལ་ཁུའི་རྣམ་པ་ནག་ནུ་རུ་རུ་འོག་སྒོ་གཤང་ལམ་བ་སྤུའི་བུ་ག་རྣམས་ལས་ཐོན་ནས་དབང་ཆེན་གསེར་གྱི་ས་གཞིར་ཐིམ་པར་བསམ། རྡོ་རྗེ་སེམས་དཔའི་སྐུ་ལས་བདུད་རྩིའི་ཆར་བབ་པ་བཞིན་དུ་རང་གི་ལུས་ཕྱི་ནང་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་བྱང་ཞིང་དག་ནས་རང་གི་ལུས་ཤེལ་བུམ་ཞོས་གང་བ་ལྟར་དཀར་ལྟེམ་གྱིས་གང་ནས་རྡོ་རྗེ་སེམས་དཔའི་ཞབས་ལ་ཐུག་པར་བསྒོམ་ཞིང་། ཕར་འཕྲོས་པས་མར་འགྲོ་བ་རིགས་དྲུག་གི་ནད་གདོན་སྡིག་སྒྲིབ་ཉོན་མོངས་བག་ཆགས་ཐམས་ཅད་བྱང་ཞིང་དག་ནས་བདེ་བ་དང་ལྡན་པར་བསྒོམ། དེ་ལྟར་སྒྲིབ་པ་སྦྱངས་པ་དང་བཤགས་པར་འབད་དགོས་ཏེ། དོན་དམ་གསང་བའི་ཚིགས་བཅད་ལས། སྒྲིབ་པ་ཀུན་རྫོབ་ཉིད་ཡིན་ཕྱིར། །སྦྱངས་ན་འདགས་པར་གདོན་མི་ཟ། །ཞེས་སོ། །དྲི་མེད་བཤགས་རྒྱུད་ལས། འདི་དག་དུས་གཅིག་ལ་མཚན་བརྒྱ་རྩ་བརྒྱད་བཟླས་ནས་ཉམས་ཆགས་ཐམས་ཅད་བསྐང་སྟེ། ངན་སོང་གསུམ་དུ་ལྟུང་བ་ལས་ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་གིས་ཡི་དམ་དུ་བཅངས་ནས་འདོན་ན་མི་དེ་ནི་ཚེ་འདི་ཉིད་ལ་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་བསྲུངས་སྐྱོབས་མཛད་ལ། ཚེ་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཉིད་དུ་གདོན་མི་ཟ་བ་འགྱུར་རོ། །ཞེས་གསུངས། སྐལ་ལྡན་ཐར་བ་དོན་དུ་གཉེར་བ་རྣམས་ཀྱིས་དེ་ལྟར་སྒྲིབ་པ་སྦྱངས་བ་ལ་འབད་རྗེས་སུ་རྣམ་པ་སུན་འབྱིན་པའི་སྟོབས་སྤྱད་པར་བྱ་སྟེ། ཨོཾ། དང་པོ་བདག་དང་ཁམས་གསུམ་སེམས་ཅན་རྣམས། །ཡུལ་ལ་ཆགས་པ་བསྐྱེད་པར་མི་བགྱིད་དེ། །ཕ་དང་མ་ལ་བསྟེན་ནས་གཟུགས་སུ་སྣང་། །རང་དབང་མེད་པ་འཇིག་རྟེན་གནས་འདིར་མཐོང་། །མ་རིག་ཆུང་ཞིང་གཞོན་པའི་དུས་མཚམས་ནས། །གཏི་མུག་དབང་གིས་དགེ་སྡིག་དོན་མ་རྟོགས། །འདོད་ཆགས་དབང་གིས་ཕ་རོལ་འཁོར་བར་འཁྱམས། །ཞེ་སྡང་དབང་གིས་སྡིག་པའི་ལས་རྣམས་བགྱིས། །ངན་སོང་གསུམ་དུ་འགྲོ་བའི་རྒྱུ་བསགས་པས། །མནོ་བསམ་ཤེས་ནས་ཆོས་ལ་སྐྱབས་སུ་མཆི། །དྭངས་བས་ཉ་སྟོང་དུས་དྲུག་སྒོར་ཞུགས་ཏེ། །ཉ་སྟོང་ཚེས་བརྒྱད་འདུལ་ཁྲིམས་མནོས་པ་ལས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཉ་སྟོང་ཚུལ་བཞིན་བསྲུང་བའི་དགེ་བསྙེན་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །སྦྱངས་བའི་ཡོན་ཏན་བཅུ་གཉིས་སྒོར་ཞུགས་ཏེ། །ཉན་ཐོས་སྡོམ་པ་ཚུལ་བཞིན་མནོས་པ་ལས། །རྩ་བ་བཞི་དང་ཡན་ལག་དྲུག་ལ་སོགས། །གཉིས་བརྒྱ་ལྔ་བཅུའི་ཁྲིམས་ལ་སྐྱོན་མ་མཆིས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཉན་ཐོས་འདུལ་ཁྲིམས་སྲུང་བའི་དགེ་ཚུལ་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །རྟེན་འབྲེལ་བཅུ་གཉིས་བསྒྲུབ་པའི་སྒོར་ཞུགས་ནས། །རང་རྒྱལ་སྡོམ་པ་ཚུལ་བཞིན་མནོས་པ་ལས། །འཁོར་བ་རང་བཞིན་མེད་པར་མངོན་རྟོགས་ཤིང་། །སྣང་སྲིད་སྒྱུ་མ་ལྟ་བུར་ཤེས་པ་ན། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །རང་རྒྱལ་སྡོམ་པ་སྲུང་བའི་གང་ཟག་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །ཐེག་ཆེན་བྱང་ཆུབ་སེམས་ཀྱི་སྒོར་ཞུགས་ཏེ། །བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་པ་ལས། །སྨོན་འཇུག་ཀུན་རྫོབ་དོན་དམ་བྱང་ཆུབ་སེམས། སྡོམ་པ་ཉི་ཤུ་ཚུལ་ཁྲིམས་སྐྱོན་མ་མཆིས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །སྡོམ་བརྩོན་ཚུལ་ཁྲིམས་སྲུང་བའི་དགེ་སློང་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །དག་པ་རྣམ་པ་གསུམ་གྱི་སྒོར་ཞུགས་སྟེ། །ཀྲི་ཡའི་དམ་ཚིག་ཚུལ་བཞིན་མནོས་པ་ལས། །དཀོན་མཆོག་གསུམ་དང་རྡོ་རྗེ་སློབ་དཔོན་དང་། །རྡོ་རྗེ་སྤུན་དང་རྡོ་རྗེ་མིང་སྲིང་དང་། །དེ་བཞིན་རང་གི་སྔགས་དང་ཕྱག་རྒྱ་དང་། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཀྲི་ཡའི་དམ་ཚིག་སྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །ལྟ་སྤྱོད་རྣམ་པ་གཉིས་ཀྱི་སྒོར་ཞུགས་ཏེ། །ཨུ་པ་ཡ་ཡི་དམ་ཚིག་མནོས་པ་ལས། །ཕྱག་རྒྱ་སྔགས་དང་མན་ངག་བསྒྲུབ་པའི་མཐའ། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ལྟ་སྤྱོད་ཨུ་པ་སྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །ཕྱག་རྒྱ་རྣམ་པ་བཞི་ཡི་སྒོར་ཞུགས་ཏེ། །ཡོ་གའི་དམ་ཚིག་ཚུལ་བཞིན་མནོས་པ་ལས། །དཀོན་མཆོག་གསུམ་དང་དེའི་འཁོར་བྱང་ཆུབ་སེམས། །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་དང་། །དབང་ཐོབ་རྣལ་འབྱོར་གཞན་ལ་མི་སྨོད་ཅིང་། །རང་རྟགས་ཕྱག་རྒྱ་རྟག་ཏུ་སྲུང་བ་ལ། །དེ་ལ་ཉམས་པའི་སྐྱོན་ལྟ་ཅི་མཆིས་ན། །ཡོ་གའི་དམ་ཚིག་སྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །ཐབས་དང་ཤེས་རབ་གཉིས་ཀྱི་སྒོར་ཞུགས་ཏེ། །མ་ཧཱ་ཡོ་གའི་དམ་ཚིག་མནོས་པ་ལས། །འཁོར་བ་དང་ནི་མྱ་ངན་འདས་པའི་ཆོས། །ཡབ་ལྔ་དང་ནི་ཡུམ་ལྔར་སྦྱོར་བ་ལས། །རྒྱལ་བའི་དམ་ཚིག་མཆོག་ཏུ་བསྲུང་བ་ལས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །མ་ཧཱ་ཡོ་ག་སྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །དབྱིངས་དང་ཡེ་ཤེས་གཉིས་ཀྱི་སྒོར་ཞུགས་ཏེ། །ཨ་ནུ་ཡོ་གའི་དམ་ཚིག་མནོས་པ་ལས། །ཕྱི་ནང་སྣང་སྲིད་དུས་གསུམ་ཐམས་ཅད་ཀུན། །རང་རིག་ཡེ་ཤེས་དབྱིངས་ལས་མི་གཞན་ཏེ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་འཆང་བྱེད་ཅིང་། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཨ་ནུ་ཡོ་ག་བསྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །ཁྱབ་བརྡལ་ཆེན་པོ་ཐེག་པའི་སྒོར་ཞུགས་ཏེ། །ཨ་ཏི་ཡོ་གའི་དམ་ཚིག་མནོས་པ་ལས། །མེད་པའི་དམ་ཚིག་དང་ནི་ཕྱལ་བ་དང་། །གཅིག་པུ་དམ་ཚིག་དང་ནི་ལྷུན་གྱིས་རྫོགས། །གྲངས་དང་ཕྱོགས་ལས་འདས་པའི་དམ་ཚིག་ལས། །རྒྱལ་བ་རྣམས་ཀྱི་དམ་ཚིག་མཆོག་ཏུ་གསུངས། །བསྲུངས་མཚམས་མེད་པ་མེད་པའི་དམ་ཚིག་ལ། །གཟུང་དང་འཛིན་པ་མེད་པས་ཕྱལ་བ་ཡིན། །ཐམས་ཅད་སེམས་སུ་འདུས་པ་གཅིག་པུ་ཡིན། །ལྷག་མ་མེད་པ་རྫོགས་པ་ལྷུན་གྱིས་རྫོགས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཨ་ཏི་ཡོ་ག་བསྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །སྡེ་སྣོད་རྣམ་པ་གསུམ་གྱི་བསྲུང་བྱ་ནི། །ཚུལ་ཁྲིམས་རྣམ་པར་དག་པ་འདུལ་མཐར་ཕྱིན། །རང་དབང་མངོན་ཏུ་གྱུར་བ་མངོན་མཐར་ཕྱིན། །ཤེས་རབ་རྣམ་དག་མདོ་སྡེ་མཐའ་རུ་ཕྱིན། །ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་སྲུང་མ་རྣམས། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །ཀྲི་ཡ་རྣམ་པ་གསུམ་གྱི་བསྲུང་བྱ་ནི། །དག་པ་རྣམ་གསུམ་ཀྲི་ཡ་མཐའ་རུ་ཕྱིན། །ལྟ་སྤྱོད་རྣམ་གཉིས་ཨུ་པ་མཐའ་རུ་ཕྱིན། །སུམ་ཅུ་ལྷ་ཡི་སྐུར་གསལ་རྣལ་འབྱོར་མཐའ། །དཔལ་མགོན་ལ་སོགས་སྲུང་མ་དམ་ཚིག་ཅན། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །ཡོ་ག་རྣམ་པ་གསུམ་གྱི་བསྲུང་བྱ་ནི། །རྩ་བ་ཡན་ལག་སྲུང་བའི་རྣལ་འབྱོར་ཆེ། །བསྒྲུབ་པ་ཁྱད་པར་དམ་ཚིག་ཨ་ནུའི་མཐའ། །ལྷག་པའི་དམ་ཚིག་རྣམ་བཞི་རྫོགས་ཆེན་པ། །ནང་དང་གསང་པའི་ལྷ་སྲིན་སྡེ་བརྒྱད་རྣམས། །དག་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །མཚན་ཉིད་སྡེ་སྣོད་གསུམ་དང་ཐེག་པ་གསུམ། །ཕྱི་བ་ཐུབ་པའི་རྒྱུད་ལ་ཀྲྀ་ཡོག་གསུམ། །ནང་བ་ཐབས་ཀྱི་རྒྱུད་ལ་ཡོ་ག་གསུམ། །ཐེག་པ་རིམ་པ་དགུ་ཡི་དམ་ཚིག་རྣམས། །ལྟ་སྤྱོད་འབྲེལ་བར་སྤྱོད་པའི་རྣལ་འབྱོར་ལ། །མཁའ་འགྲོ་བཀའ་ཡི་ཆད་པ་ཅི་སྟེ་གཅོད། །དབང་ཕྱུག་ཐུགས་ཀྱི་སྤྲུལ་པ་ཅི་སྟེ་འགྱེད། །རྒྱུ་འབྲས་མ་སྤང་དགེ་བ་དང་དུ་བླང་། །སྡིག་པ་མ་སྤྱད་རྣམ་པར་སྨིན་ལ་འཛེམས། །བཀའ་གཞུང་མ་བོར་རྒྱུད་ལུང་མན་ངག་འབྲེལ། །ཡལ་བར་མ་དོར་གཞུང་བཞིན་དང་དུ་བླང་། །ལུས་ངག་ཡིད་གསུམ་བཏུད་ནས་གསང་སྔགས་ཆོས། །བསྒོམས་བསྒྲུབ་སྤྱོད་པའི་རྣལ་འབྱོར་དབང་ཕྱུག་ལ། །དམ་ཚིག་ཉམས་ཆགས་ཐམས་ཅད་བསྐང་གྱུར་ཅིག །རྩ་བ་ཡན་ལག་ཕམ་ལྟུང་ཉེས་བྱས་དང་། །སྦོམ་པོ་ཕྲ་མོ་ལ་སོགས་ཉེས་སྐྱོན་རྣམས། །སྐྱོན་དུ་གྱུར་པ་ཐམས་ཅད་ཚངས་པར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་འཁོར་བཀའ་ཡི་སྲུང་མ་དམ་ཚིག་ཅན། །ཐུགས་དང་འགལ་བར་གྱུར་ན་བཟོད་པར་གསོལ། །ཡུན་གྱི་སྒྲིབ་པ་མཆིས་ན་སྒྲིབ་པ་སྦྱོངས། །ཕྲལ་གྱི་རྐྱེན་བགེགས་མཆིས་ན་རྐྱེན་བགེགས་བཟློག །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཞེས་ཨོཾ་ནི་ཐོག་མར་འབོད་པའི་གཏམ་སྟེ། སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པ་འགྲོ་དྲུག་སེམས་ཅན་སྐྱོབ་པའི་མགོན་པོའོ། །དང་པོ་ཀུན་གཞི་མ་རིག་འཁྲུལ་བ་བྱུང་བའི་གཟུང་བ་ཡུལ་ལ་འཛིན་པ་སེམས། གཟུང་འཛིན་གཉིས་ཀྱི་སྒྲོག་གིས་བཅིང་བ་དེའི་ཕྱིར་གཟུང་བ་དང་འཛིན་པས་སྲིད་པའི་རྣམ་ཤེས་གཟུགས་སུ་འདོད་པའི་ཕོ་མོ་ཆགས་པ་བསྐྱེད་པའི་མངལ་དུ་ཚུད་པའི་རྣམ་པར་ཤེས་པ་ཁུ་ཁྲག་དང་འདྲེས་པའི་གཟུགས་སུ་སྣང་ཞིང་རྟེན་འབྲེལ་བཅུ་གཉིས་ལུགས་སུ་འབྱུང་བས་མ་ཡི་མངལ་ནས་ཐོན་ཏེ་མི་ཤེས་རྨོངས་པའི་རིགས་དྲུག་སོ་སོའི་ལས་ལ་སྤྱོད་ཅིང་འདོད་སྲེད་ཀྱིས་ལེན་པའི་འདམས་སུ་ཚུད། ཁེངས་སེམས་གཏུམ་ཐུང་དྲག་པོའི་རྐུ་འཕྲོག་བཅོམ་གསུམ་གྱིས་སྲོག་ལ་རྒོལ་བས་ཞེ་སྡང་གི་མེས་བསྲེགས་པར་བྱེད་ཅིང་ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་གླགས་མེད་པས། དྲི་མེད་བཤགས་རྒྱུད་ལས། འཁོར་བའི་སྡུག་བསྔལ་རྒྱ་མཚོ་བྱིང་གྱུར་སྟེ། །ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས། །གཏི་མུག་མུན་པ་འཐིབ་པས་ཤེས་རབ་རྨོངས། །འདོད་ཆགས་རྒྱ་མཚོའི་འགྲམ་དུ་རྣམ་ཤེས་གཡེང་། །བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིང་། །འདོད་པ་མེ་དོང་འདྲ་བའི་འོབས་སུ་ལྟུང་། །སྡུག་བསྔལ་དྲག་པོའི་མི་བཟད་ཆར་ལྟར་འབབ། །ཅེས་ད་ལམ་འོ་སྐོལ་འབྱོར་ལྡན་གྱི་མི་ལུས་ཡང་དག་པ་ཐོབ་པའི་སྐྱེས་བུ་སྨྱོས་པ་གདོན་ལས་གྲོལ་བ་ལྟ་བུ་དང་། ཆང་རག་དང་དྷ་དུ་རས་སྨྱོས་པ་དྭངས་བའི་གཏམ་དང་འཁྲུལ་སྣང་གི་བྱ་བྱེད་ཐམས་ཅད་དོན་མེད་དུ་ཤེས་པ་ལྟར། གཏན་བདེའི་དོན་འབྲས་སྒྲུབ་པ་རྣམས་སྐབས་སུ་བསྟན་པའི་གཞུང་བཟང་དམ་པར་གཞུག་པར་བྱ་སྟེ། ཐེག་པ་ཐུན་མོང་ཆེ་ཆུང་སྒོར་ཞུགས་པ་རྣམས་ཀྱིས་མ་ཉམས་ཡང་དག་བསྲུངས་བར་དགོས། གལ་ཏེ་མ་ཚོར་ཉམས་པར་གྱུར་ན་གསོ་ཞིང་སྦྱོང་བ་ལ་འབད་པར་བྱའོ། །ཉ་སྟོང་ཚེས་བརྒྱད་བྱ་བ་བསྙེན་གནས་ཡན་ལག་བརྒྱད་པ་མ་ཉམས་པ་ཡང་དག་བསྲུངས། ཉན་ཐོས་འདུལ་ཁྲིམས་ཀྱི་རྩ་བ་བཞི། ཡན་ལག་དྲུག་སོགས་སྦྱངས་བའི་ཡོན་ཏན་བཅུ་གཉིས་དཀའ་སྤྱོད་དོན་ལ་བརྩོན། རང་རྒྱལ་གྱི་ཐེག་པས་བསླབ་པ་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་ལུགས་སུ་འབྱུང་བ་ལུགས་སུ་ལྡོག་ཅིང་ཏིང་འཛིན་མི་གཡོ་རྩེ་གཅིག་གནས། སྟེན་པ་མེད་པར་རང་བྱུང་ངོ་། །བྱང་ཆུབ་སེམས་དཔའི་བསླབ་པ་དག་ལས་གཞན་གཅེས་ཀྱི་བསམ་པའི་སྨོན་འཇུག་གཉིས་ཀྱི་སྒོ་ནས་ཚད་མེད་བཞི་ལ་བསླབ་ཅིང་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་ཁྲིམས་དང་ཡང་དག་པར་ལྡན་ནས་ལུས་ངག་ཡིད་གསུམ་ཁྲིམས་དང་ལྡན་ན་སྡུག་བསྔལ་ཀུན་ལས་གྲོལ་བར་བཞེད། གསང་སྔགས་ཐེག་པའི་སྒོར་ཞུགས་པའི་ཕྱི་ནང་གཉིས་ལས། དང་པོ། ཕྱི་པ་ཐུབ་པའི་རྒྱུད་ལ་གསུམ་ལས། དང་པོ་ཀྲི་ཡ་ཏནྟྲ་ཏེ་བྱ་བ་རྒྱུད་ཀྱི་རང་བཞིན་ནི་ཀུན་རྫོབ་འཁྲུལ་ངོར་སྣང་བའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཆོས་རྣམས་སྦྱང་བྱའི་དྲི་མར་ཤེས་ཏེ། དབྱིངས་རང་བཞིན་གྱིས་དག་པའི་སེམས་ཉིད་སྦྱང་བཞིར་བྱས་ནས་ལམ་གཙང་སྦྲ་དང་ལྷའི་དེ་ཉིད་བསྒོམས་པའང་བདག་དང་ལྷ་ཡེ་ཤེས་སེམས་དཔའ་རྗེ་དང་ཁོལ་བོའི་ཚུལ་དུ་ལྟ་བའི་དངོས་གྲུབ་འདོད་པའོ། །ཨུ་པ་ཏནྟྲ་ཏེ་སྤྱོད་པའི་རྒྱུད་ཀྱི་རང་བཞིན་ནི། ལྟ་བ་ཡོ་ག་ལྟར་བྱེད་ཅིང་སྤྱོད་པ་ཀྲི་ཡ་ལྟར་བྱེད་ལ་བདག་དམ་ཚིག་པའི་མདུན་དུ་ལྷ་ཡེ་ཤེས་སེམས་དཔའ་སྤུན་ནམ་གྲོགས་པོའི་ཚུལ་དུ་བསྒོམས་པ་ལ་དངོས་གྲུབ་འདོད་པའོ། །ཡོ་ག་ཏནྟྲ་ཏེ་རྣལ་འབྱོར་གྱི་རྒྱུད་ཀྱི་རང་བཞིན་ནི་སྣང་སྲིད་ཀྱི་ཆོས་ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་དོན་དམ་སེམས་ཉིད་ཀྱི་ངང་དུ་སྦྱང་ནས། ལམ་མངོན་བྱང་ལྔའི་ལྷའི་དཀྱིལ་འཁོར་བསྐྱེད་དུས་བདག་དམ་ཚིག་པའམ་ལྷ་ཡེ་ཤེས་པ་འགུག་གཤེགས་བྱས་པ་ལས་དངོས་གྲུབ་འདོད་པའོ། །མངོན་བྱང་ལྔ་ནི། གདན་པདྨ་ལ་མངོན་པར་བྱང་ཆུབ་པ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་སུ་རྫོགས་པ་ལྷ་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པ་སྟེ། གནས་དང་། ཆོས་དང་། དུས་དང་། འཁོར་དང་། སྟོན་པ་ཕུན་སུན་ཚོགས་པ་ལྔའི་བཀོད་པ་རྫོགས་པར་བྱེད་པའོ། །ནང་པ་ཐབས་ཀྱི་རྒྱུད་གསུམ་དང་། མ་ཧཱ་ཡོ་ག་ཏནྟྲ་ཏེ་ཐབས་ཆེན་པོ་ཕའི་རྒྱུད་ཀྱི་རང་བཞིན་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་སྐུ་དང་ཡེ་ཤེས་ཀྱི་རོལ་བར་གཏན་ལ་ཕབ་ནས། བསྐྱེད་པའི་རིམ་པ་ཐབས་གཙོ་བོས་བདག་དང་ལྷ་ཡེ་ཤེས་པ་དག་མཉམ་གཅིག་གི་ངང་ནས་སྒོ་གསུམ་དཀྱིལ་འཁོར་གསུམ་ཀྱི་རང་བཞིན་མི་འབྲལ་ཞིང་རླུང་ཕྲ་མོའི་རྣམ་འབྱོར་ལམ་དུ་བྱེད་པས་དངོས་གྲུབ་འདོད་པའོ། །ཨ་ནུ་ཡོ་ག་ཏནྟྲ་ཏེ་ཤེས་རབ་མའི་རྒྱུད་ཀྱི་རང་བཞིན་ནི། ཆོས་ཐམས་ཅད་ཡེ་ནས་དཀྱིལ་འཁོར་དུ་སངས་རྒྱས་པའི་དབྱིངས་དང་ཡེ་ཤེས་བདེན་པ་དབྱེར་མེད་གཅིག་གི་ངང་ནས་ཁམས་བདེ་བ་ཆེན་པོ་ཕྲ་མོའི་རྣམ་འབྱོར་ལས་དངོས་གྲུབ་འདོད་པའོ། །ཨ་ཏི་རྫོགས་པ་ཆེན་པོ་ནི་ཆོས་ཐམས་ཅད་ཡེ་ནས་བྱང་ཆུབ་ཀྱི་སེམས་སུ་རྫོགས་པས་སྤངས་བླང་བྱ་རྩོལ་མེད་པའི་ཆོས་ཉིད་སྐུ་གསུམ་ལྷུན་གྲུབ་ཆེན་པོ་ཡེ་ནས་གྲོལ་ཏེ་རང་བྱུང་ཡེ་ཤེས་ལ་ཕྱོགས་དང་རིས་མེད། རྟག་ཆད་དང་འཕོ་འགྱུར་མེད་པ་ལ་བཟློས་པས། གཞི་ལམ་འབྲས་བུའི་ཐ་སྙད་ལས་འདས་ཏེ་དུས་བཞི་ཆོས་ཉིད་ཀྱི་འཁོར་ལོ་དང་མི་འབྲལ་བས་ཆོས་ཉིད་ཕྱོགས་ཡན་ཆེན་པོ་རང་ཤར་ཏེ། འཁོར་འདས་སེམས་ལས་མེད་པར་ཐག་ཆོད། རྟག་ཆད་ཚིག་ལས་འདས་པར་སུན་ཕྱུང་། ཁམས་སུམ་ཡོངས་གྲོལ་ཆེན་པོར་འུབ་ཆུབ། གང་སྣང་ཐུག་ཕྲད་ཡེ་གྲོལ་དུ་དམིགས་རྙེད། རང་ཤར་ཆོས་སྐུ་ཟང་མར་གདིངས་ཆོས། སྣང་སེམས་ཆོས་ཟད་བློ་འདས་སུ་གཟེར་ཐེབས་ཏེ། ཡུལ་ཆོས་ཉིད་ཀྱི་རོལ་བ་ལས་ཡུལ་ཅན་ཡེ་ཤེས་ཀྱི་ཀློང་བརྡོལ་བས་འཁོར་འདས་བྱང་ཆུབ་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའི་དོན་ལ་གཞན་དུ་མི་འགྱུར་པའི་འགག་བཅིང་བས། མ་བྱས་པས་ཡེ་ཟིན། མ་ཕྱིན་པས་ཡེ་བགྲོད། རྒྱུ་འབྲས་ལ་ཟློས་པས་ཆོས་ཉིད་དུ་ས་བཟུང་སྟེ། དངོས་གྲུབ་དང་ཆོས་སྐུ་ལས་མི་འདའ་བར་འདོད་པའོ། །རྫོགས་ཆེན་བྱ་བྲལ་ལྷུན་རྫོགས་ལ་གཟུང་བ་དང་འཛིན་པ་རྣམ་པར་དག་པ་ཐམས་ཅད་ངོ་བོར་འདུས་པ་གཅིག་པུ་ལ་ལྷག་པ་དང་ཆད་པ་མེད་པར་ཡོངས་སུ་རྫོགས་པ་ཡེ་གྲོལ་ཀ་དག་ངོ་བོ་ལ་ཡིད་གཉིས་དང་ཐེ་ཚོམ་བྱུང་ན་མཐོལ་ལོ་བཤགས། འདུལ་བ་འཛིན་པ། མདོ་སྡེ་འཛིན་པ། མ་མོ་འཛིན་པའི་དགེ་བའི་བཤེས་གཉེན་དམ་པས་རང་སེམས་དཔུང་དུ་བཙུག་སྟེ། མ་ཚོར་བ་གྱུར་ན་མཐོལ་ལོ་བཤགས། གསང་སྔགས་ཕྱི་ནང་སོ་སོའི་རིམ་པ་རྣམས་ལ་གཞུང་བཞིན་མ་འགལ་བ་བསྒྲུབ་པ་རྣམས་ལ་མ་ཤེས་པའི་ཉེས་པ་བྱུང་ན་བཤགས། རིམ་པ་དགུ་ལ་ལེགས་པར་སྦྱངས་པའི་རྣལ་འབྱོར་དབང་ཕྱུག་ལ་བཀའ་ཆད་ཉེས་ལྟུང་ནམ་ཡང་འོང་མི་སྲིད་ཅིང་གདིང་ལྡན་བག་ཚ་ནམ་ཡང་འབྱུང་མི་འགྱུར། དེ་ལྟར་མ་ནུས་བློ་ཆུང་རྣམས་ལ་ཁ་གསལ་མདོར་བསྡུས་འདི་ལྟར་བྱ། ཨོཾ། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །མངོན་རྟོགས་སྤངས་ལེན་བྱས་པ་མཐོལ་ལོ་བཤགས། །མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། །ཁས་བླང་དམ་བཅའ་ཉམས་པ་མཐོལ་ལོ་བཤགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། །གཏོར་མ་ལོ་ཟླ་འགྱང་བ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །དྲིན་ལ་ལན་གྱིས་མ་ལོན་མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས། །སོ་སོར་ཐར་བ་རྣམས་ཀྱི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་། །རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སོགས། །བསྲུངས་བསྒྲུབ་རྟོགས་པར་བྱ་བ་ཐམས་ཅད་ལས། །ཉམས་པར་གྱུར་པ་ཐམས་ཅད་མཐོལ་ལོ་བཤགས། །མི་འཆབ་མི་སྤེད་སླན་ཆད་སྡོམ་པར་བགྱི། །དུས་གསུམ་བསགས་པའི་སྡིག་སྒྲིབ་མཐོལ་ལོ་བཤགས། །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉེས་ལྟུང་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་གནོང་འགྱོད་དྲག་པོའི་བཤགས་པ་བྱ། ཕྱིས་མི་བྱ་བར་དམ་བཅའ་ཞིང་བཤགས་པས་འབད་པར་བྱ། བྱང་བའི་རྟགས་ཁྲུས་བྱས་པ་དང་། ལུས་ལས་རྣག་ཁྲག་དང་འབུ་སྲིན་སྡོམ་སྡིག་ཐོན་པ་དང་། འཁྲུ་བ་དང་། སྐྱུགས་པ་དང་། གོས་རྙིང་དོར་ཞིང་གོས་གསར་གྱོན་པ་དང་། གྱེན་ལ་འཛེགས་པ་དང་། ནམ་མཁའ་ལ་འཕུར་བ་དང་། གཞལ་ཡས་ཁང་དང་མེ་ཏོག་གི་གླིང་ལ་ཕྱིན་པ་སོགས་བཟང་པོའི་རྟགས་མ་བྱུང་གི་བར་ལ་འབད་ཅིང་སོར་ཆུད་པར་བྱའོ། །ལྔ་པ་ཚོགས་བསགས་མཎྜལ་གྱི་ཁྲིད་ལ། བསྒྲུབ་པའི་མཎྜལ་དཀོད་པ་དང་། མཆོད་པའི་མཎྜལ་འབུལ་བར་བྱ། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་ཀྱི་བར་དེ་སྲིད་དུ་སྟོང་ཉིད་དམ་པར་མ་རྟོགས་པའི་ཚོགས་བསགས་དགོས་ཏེ། ཆོས་སྤྱོད་མངོན་པར་རྟོགས་པའི་རྒྱུད་ལས། ཡི་གེ་བྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་དོན་བྱས་པ་དང་། །དོན་སེམས་པ་དང་བསྒོམས་པ་སྟེ། །འདི་བཅུ་ཆོས་ཀྱི་སྒོ་མོ་ལས། །འདྲེན་པ་རྣམས་ཀྱི་གཤེགས་ཤུལ་ཡིན། །ཞེས་ལུས་ལོངས་སྤྱོད་ལྷ་མིའི་འདོད་ཡོན་ནོར་བུ་ཡོ་བྱད་རྣམ་པ་སྣ་ཚོགས་དངོས་སུ་འབྱོར་པ་དང་ཡིད་གྱིས་སྤྲུལ་ནས་འབུལ། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བསྲུང་བར་བྱ། མཚན་བརྗོད་ལས། བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཚོགས། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པའོ། །ཞེས་རྒྱུ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་པར་བྱ་དགོས་ཏེ་གནས་སྐབས་དང་མཐར་ཐུག་གི་ཕན་པ་རྒྱ་ཆེན་པོར་འགྱུར་ཏེ། དཀོད་པ་ཆེན་པོ་ལས། རྣམ་དག་སེམས་ལྡན་མཎྜལ་ནི། །ཕུལ་བའི་བསོད་ནམས་གཞལ་དུ་མེད། །ཅེས་སོ། །མཎྜལ་སོ་བདུན་མ་སོགས་མང་དུ་གསུངས་ཀྱང་འདིར་བླ་མ་སྐུ་གསུམ་གྱི་མཎྜལ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། རིན་ཆེན་མཎྜལ་གསེར་གཡུས་བརྒྱན་པ་ནི། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ། །རང་ལུས་མཎྜལ་དབང་པོས་བརྒྱན་པ་འདི། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ། །ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ། །ཨོཾ་གུ་རུ་རཏྣ་མཎྜལ་པུཙྪ་མེ་གྷ་ས་མུ་ཊ་སྥ་ར་ན་ས་མ་ཡེ་ཨ་ཧཱུྃཿ ཞེས་ཐོག་མར་བླ་མ་སྤྲུལ་པའི་སྐུ་ལ་མཉེས་པའི་ཡོ་བྱད་མིའི་རིན་པོ་ཆེའི་གསེར་དངུལ་ཟངས་ལྕགས་གཡུ་བྱུར་མུ་ཏིག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སོགས་དངོས་སུ་འབྱོར་བ་དང་། །ལྷ་ཀླུ་གནོད་སྦྱིན་བདག་རྣམས་གྱི་ཡོ་བྱེད་དགོས་འདོད་ཡིད་ཀྱིས་སྤྲུལ་ནས་ལྷག་བསམ་རྣམ་དག་གི་སྒོ་ནས་འབུལ་བར་བྱ། ཡོ་བྱད་དངོས་འབྱོར་ཡིད་སྤྲུལ་ཡོངས་རྫོགས་འབུལ་ནས། དེ་ནས་གཅེས་པའི་ལུས་ཆེན་པོ་བཞིའི་དྭངས་མ་ཕུང་པོ་ཁམས་དང་སྐྱེས་མཆེད་དྭངས་ཤིང་དབང་པོའི་སྒོ་ལྔ་མེ་ཏོག་བཀྲ་བ། ཡན་ལག་ཉིང་ལག་གླིང་ཕྲན་གྱིས་བརྒྱན་པ། འཁོར་ལོ་ལྔ་རིན་ཆེན་སྣ་ལྔས་སྤྲས་པའི་རི་རབ། ཙིཏྟ་ཡིད་བཞིན་ནོར་བུ། མགོ་བོ་གཏེར་གྱི་བུམ་པ། ཚོགས་བརྒྱད་མཆོད་པའི་ལྷ་མོ་བརྒྱད་ཀྱིས་མཛེས་པ་ལྟོས་པ་མེད་པར་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ་བར་བགྱི། ཆོས་ཀྱི་དབྱིངས་འདུས་མ་བྱས་ཀུན་ལ་ཁྱབ་པ་ཀུན་རྫོབ་ལས་འདས་པ་རང་བཞིན་གྱི་རྣམ་པར་དག་པ་བྱང་ཆུབ་སེམས་དཔའི་རིག་པ་སྙོམ་པ། སྤྲུལ་པའི་སྐུའི་རིག་པ་བླ་ན་མེད་པ། དེ་ཁོ་ན་ཉིད་ཀྱི་རིག་པ། སོ་སོ་ཡང་དག་པར་རིག་པ་བཞིའི་བརྒྱན་པ། འཁོར་གསུམ་ཡང་དག་ཡོངས་རྫོགས་ཀྱི་མཎྜལ། ཆོས་སྐུ་ཡེ་ཤེས་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་དམིགས་མེད་བློ་འདས་ཁྱབ་བརྡལ་ཆེན་པོའི་ངང་དུ་འབུལ། དེ་ལྟར་བླ་མ་སྐུ་གསུམ་གྱི་སྟོན་པ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་འཁོར་གསུམ་ཡོངས་རྫོགས་སུ་ཕུལ་བས་བསོད་ནམས་གཞལ་དུ་མེད་དེ། ཁྱེའུ་ལུང་བསྟན་པའི་མདོ་ལས། བཅོམ་ལྡན་འདས་མཉན་ཡོད་ན་བྱོན་པའི་ཚེ་བྱིས་པ་ཁྱེའུ་ཞིག་གིས་ས་སྙིམ་པ་གང་སངས་རྒྱས་ལ་ཕུལ་བས་སངས་རྒྱས་ཀྱི་ཞལ་ནས། འདིའི་བསོད་ནམས་འདི་ལ་བསྟེན་ནས་འཛམ་བུ་གླིང་ལ་དབང་བའི་རྒྱལ་པོར་འགྱུར་ཞིང་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་བྱེ་བ་བྱས་ནས་སངས་རྒྱས་པར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ནས་མཎྜལ་དང་ཡན་ལག་བདུན་པ་ནི། བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་དགོས་ཆེད་ཡོད་དོ། །དྲུག་པ་བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ། བླ་མའི་མཚན་ཉིད། བླ་མའི་རྣལ་འབྱོར་བསྒོམ་པ། གསོལ་བ་འདེབས་པ། དབང་བཞི་ལེན་པ། ཐུགས་ཡིད་བསྲེ་བ། རྗེས་ལ་ཡོངས་སུ་བསྔོ་བ་དང་དྲུག་གོ །དེ་ཡང་དང་པོ་བླ་མ་མཚན་ཉིད་དང་ལྡན་པ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པའི་དགེ་བའི་བཤེས་གཉེན་ཁྱད་པར་ཅན་བསྟེན་དགོས་ཏེ། དེ་ཡང་ལུང་ལས། དེ་ནས་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས། །རྒལ་ཕྱིར་དེད་དཔོན་དཔལ་ལྡན་བླ་མར་བསྟེན། །ཞེས་འཁོར་བ་རྒྱ་ཆེ་བ་ཐོག་མའི་ཕ་མཐའ་མི་མངོན། གཏིང་ཟབ་པ་འོག་ནས་འོག་ཏུ་ཟབ་ལ་ཐུག་པ་མེད་དོ། །ཤུགས་དྲག་པ་ལས་ཀྱི་འབབ་སྲོལ་གར་ཡང་འཇུག །བཟོད་པར་དཀའ་བ་རྦ་རྒལ་གྱི་ཀློང་འཁོར་འཁྲུག་པ་སྟེ། སྲིད་པའི་རྩེ་མོ་ལ་མཚོ་ཡང་སྟེ་བྱས་པ། མར་མནར་མེད་ཀྱི་གཞི་ལ་མཚོ་ཡང་གཏིང་ཟུགས་པ། བར་ལྷ་མ་ཡིན་ཁོང་སེང་ལ་མཚོའི་དབྱིངས་འཁྱིལ་པ། གང་གིས་ཀྱང་ཐར་བར་དཀའ་ཞིང་སྡུག་བསྔལ་གྱི་རིགས་མི་འདྲ་བ་མང་པོ་ཆུ་སྲིན་གདུག་པའི་རྩེན་པ་འདི་ལས་བླ་ན་མེད་པའི་ཆོས་ཀྱི་གྲུ་དེད་དཔོན་བླ་མའི་ཁ་ལོ་བསྒྱུར་བར་བཞུགས་ཏེ། རེས་ཀྱི་མི་ལུས་རིན་པོ་ཆེ་ཐོབ་པའི་རྟེན་འདི་ལས་བརྒལ་བར་བྱ་དགོས་ཏེ། གལ་ཏེ་མ་འབད་ན་ཕྱི་ནས་འཁོར་བ་ངན་སོང་གི་ཀླུང་དུ་ཚུད་ནས་གཏན་དུ་ཐར་བའི་དུས་མེད་དོ། །དེ་ལྟར་ཐར་བའི་བློ་བསྐྱེད་ནས་ཆུ་བོའི་ཕ་རོལ་ཏུ་བརྒལ་བར་འདོད་པའི་ཐོག་མར་གྲུ་བ་ལ་གསོལ་བ་འདེབས་པ་ལྟར། ཆོས་ཀྱི་གྲུར་ཞུགས་ཏེ་སྲིད་པའི་མཚོ་ལས་བརྒལ་བ་རྣམས་ཀྱང་ཐོག་མར་བླ་མ་གྲུ་འཛིན་ཁ་ལོ་པ་ལ་བསྟེན་དགོས་པས་དེ་མཉེས་པའི་རིམ་པ་ལ་འབད་བར་བྱའོ། །བླ་མ་དེ་ཡང་མཚན་ཉིད་དང་ལྡན་པ་ལ་བསྟེན་དགོས་ཏེ། ཆུའི་ཕ་རོལ་སྒྲོལ་བ་ཙམ་ལ་ཡང་གྲུ་བཟང་པོ་དང་མཉན་པ་མཁས་ཤིང་སྟོབས་དང་ལྡན་པ་ལ་བསྟེན་དགོས་པ་ལྟར། འཁོར་བའི་ཆུ་བོ་གཏིང་མཐའ་མེད་པ་ལས་བསྒྲོལ་བ་ལ་ཆོས་ཟབ་ཅིང་བླ་མ་མཁས་གྲུབ་ཡོན་ཏན་མངའ་བ་ལ་བསྟེན་པ་ནི་ཐར་གླིང་འདོད་པ་རྣམས་ཀྱི་མཆོག་ཏུ་གཅེས་པའི་མན་ངག་གོ །དེ་ལ་ཡང་དག་པའི་བླ་མའི་མཚན་ཉིད་ནི་རྣམ་པ་མང་ཡང་འདིར་འདུས་ཏེ། སྙིགས་མའི་དུས་འདིར་ཡོན་ཏན་ཀུན་ཚང་བའི་བླ་མ་ནི་ཨུ་དུམ་ཝ་རའི་མེ་ཏོག་དང་འདྲ་སྟེ་རྙེད་པར་དཀའ་བའི་ཡོན་ཏན་ཕལ་ཆེར་ཙམ་ཡང་ཚང་ཞིང་གདམས་པ་མ་ནོར་བར་བསྟེན་དགོས་ཏེ། ཟ་མ་ཏོག་བཀོད་པ་ལས། བཅོམ་ལྡན་འདས་གྲངས་མེད་གསུམ་དུ་ཚོགས་བསགས་པའི་ཚེ་ན་གསུང་རྡོ་རྗེའི་འབྲུ་དྲུག་སྟོན་པའི་དགེ་བའི་བཤེས་གཉེན་བཙལ་བའི་ཆེད་དུ་རྐང་པ་དཔྱི་ལ་ཐུག་པར་ཟད་པའི་བར་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཕྱིན་པར་གསུངས་པ་དང་། འཛངས་བླུན་ལས། ཆོས་གྱི་ཕྱིར་རྒྱལ་པོས་རང་གི་ལུས་ལ་མར་མེའི་སྡོང་བུ་སྟོང་བཙུག་ནས་འབུལ་བ་ལ་སོགས་པ་དཀའ་བ་དུ་མ་སྤྱད་ནས་དགེ་བའི་བཤེས་གཉེན་བཙལ་བ་དྲན་པར་བྱ་སྟེ། བདག་གིས་ཅིའི་ཕྱིར་མི་བཙལ་སྙམ་དུ་བསམ་ལ་བླ་མ་ཡང་དག་པར་བཙལ་བར་བྱའོ། །བླ་མ་དེ་ཡང་སངས་རྒྱས་ཀྱི་འདུ་ཤེས་བཞག་ནས་བསྟེན་ན་ཡིད་བཞིན་ནོར་བུ་དང་འདྲ་སྟེ་དགོས་འདོད་ཐམས་ཅད་འབྱུང་བའི་གནས་ཡིན། སྨན་པའི་རྒྱལ་པོ་དང་འདྲ་སྟེ་འཁོར་བའི་གཅོང་ནད་འབྱིན། ཕ་མ་དང་འདྲ་སྟེ་ཕན་པ་རྒྱ་ཆེར་འདོག །དཔའ་བོ་དང་འདྲ་སྟེ་སྡིག་ཏོ་ཟིལ་གྱིས་གནོན། མཉན་པ་དང་འདྲ་སྟེ་སྲིད་པའི་མཚོ་ལས་སྒྲོལ། དེད་དཔོན་དམ་པ་དང་འདྲ་སྟེ་ཐར་པའི་ལམ་སྟོན། དེ་ལ་སོགས་ཏེ་ཡོན་ཏན་དཔག་ཏུ་མེད་པ་གསུངས་ཏེ། གཞུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །བླ་མ་མི་སྤངས་བླ་མ་བསྒྲུབ། །མོས་དང་བསམ་པའི་བྱེ་བྲག་གིས། །བླ་མ་འགྲུབ་འགྱུར་ཐེ་ཚོམ་མེད། །བླ་མ་དང་ནི་རྡོ་རྗེ་འཆང་། །ཐ་དད་པར་ནི་མི་བྱ་སྟེ། །དེ་ལས་བྱུང་བའི་བདུད་རྩི་ནི། །རྣལ་འབྱོར་དེ་ཡིས་མྱོང་བར་འགྱུར། །དངོས་གྲུབ་ཀུན་གྱི་ལས་ཀྱི་མཐའ། །བླ་མ་མཉེས་པ་ཉིད་ལས་འབྱུང་། །ཞེས་དགོངས་པ་འདུས་པ་ལས། བླ་མ་དག་ལ་མ་བསྟེན་པར། །སངས་རྒྱས་ནམ་ཡང་འབྱུང་མི་འགྱུར། །བྱུང་བ་གང་དག་སུ་མ་མཐོང་། །བྱུང་ན་གདམས་པའི་ལུང་དང་འགལ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་ལས། །བླ་མ་གཅིག་པུ་བསྒོམ་པ་མཆོག །ཅེས་དང་། སློབ་དཔོན་ཤཱཀྱ་འོད་ཀྱི་ཞལ་ནས། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ། །ཡོན་ཏན་མཆོག་ལྡན་བརྩོན་བཅས་ལུང་གི་ཕྱུག །རྟོགས་དཀའི་དེ་ཉིད་ཤིན་ཏུ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤང་ལ་བསྟེན། །ཞེས་སངས་རྒྱས་ལས་ལྷག་པའི་བཀའ་དྲིན་ལ་བསམ་ཞིང་སྲི་ཞུ་དང་རིམ་གྲོ་བཀུར་སྟི་ཕུ་དུད་བྱ་ཞིང་བླ་མའི་རྣལ་འབྱོར་བསྒོམ་པར་བྱ། དེ་ཡང་བཀོད་པ་ཆེན་པོ་ལས། འབྱུང་བའི་བླ་མ་དྲིན་ལྡན་ཏེ། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་སུས་བསྒོམས་པ། །ཡོན་ཏན་མ་ལུས་དེ་ཡིས་འཛིན། །ཞེས་སོ། །གཉིས་པ་བླ་མའི་རྣལ་འབྱོར་བསྒོམས་པ་ལ། རང་ཐ་མལ་བས་བླ་མའི་རྣལ་འབྱོར་བསྒོམ་དུ་མི་རུང་པས་ན། དེ་ཕྱིར་མ་དག་པ་སྦྱོང་ཞིང་འདི་སྐད་བརྗོད་དེ། དངོས་འཛིན་བྲལ་བ་རང་བཞིན་སྟོང་པའི་ངང་། །རང་ཉིད་ཡི་དམ་ལྷར་གསལ་སྤྱི་བོའི་གཙུག །གེ་སར་པད་སྡོང་འདབ་མ་སྟོང་ལྡན་སྟེང་། །ཉི་ཟླའི་གདན་དབུས་བླ་མ་པདྨ་འབྱུང་། །སྐུ་གསུམ་ཀུན་བཟང་ངོ་བོར་བཞུགས་པ་ལ། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་རྣམས། །ཐོག་བརྩེགས་རྣམ་པར་སྟེང་གི་ཆ་ལ་བཞུགས། །གང་ཟག་སྙན་བརྒྱུད་གཏེར་ཆོས་སྨོན་ལམ་བརྒྱུད། །མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ལ་སོགས་དང་། །རྒྱ་བོད་རིག་འཛིན་གྲུབ་ཐོབ་རྩ་གསུམ་རྣམས། །ཁྲོམ་ཚོགས་ལྟར་ལ་སྤྲིན་དཔུང་འཁྲིགས་པ་བཞིན། །གཟི་བརྗིད་འོད་དཔུང་འབར་ཞིང་བཞུགས་པ་ཡི། །གནས་གསུམ་ཨོཾ་ཨཱ་ཧཱུྃཿགིས་མཚན་པ་ལས། །འོད་འཕྲོས་ཨོ་རྒྱན་སྐུ་གསུམ་བཀའ་བརྒྱུད་བཅས། །རེ་ལྟོས་མ་ལུས་སྤྱན་དྲངས་གཉིས་མེད་བསྟིམ། །གདུང་ཤུགས་དྲག་པོའི་རྩེ་གཅིག་གསོལ་བ་འདེབས། །ཞེས་སྟོང་པའི་ངང་ལས་རང་ཉིད་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་དབྱུག་ཏོ་གཡོན་ཐོད་ཁྲག །ཞབས་གཉིས་འདོར་སྟབས་སུ་བགྲད་པ། སྤྱི་གཙུག་ཏུ་རྟ་མགོ་ལྗང་ཞུར་འཚེར་བ། རལ་བ་དམར་སེར་ཅན་གྱེན་དུ་བརྫེས་པ། ཞལ་གདངས་ཤིང་ལྗགས་འདྲིལ་བ། མཆེ་བ་བཞི་གཙིགས་པ། སྤྱན་གསུམ་དམར་ལ་ཟླུམ་པ། དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ། འབར་བའི་གར་དགུ་དང་ལྡན་པ། ཡུམ་རྡོ་རྗེ་ཕག་མོ་དང་གཉིས་མེད་དུ་འཁྲིལ་བར་གསལ་བའི་སྤྱི་གཙུག་ཏུ་གེ་སར་པདྨ་འདབ་མ་སྟོང་དང་ལྡན་པའི་སྟེང་དུ་ཉི་མ་ཟླ་བའི་གདན་ལ། ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་ཨོ་རྒྱན་པདྨ་འབྱུང་གནས་སྤྲུལ་སྐུའི་ཆ་བྱད་ཅན་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པར་བསྒོམ། དེའི་སྤྱི་གཙུག་ཏུ་ཨོ་རྒྱན་ལོངས་སྐུ་ཚེ་དཔག་མེད་ཡབ་ཡུམ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས་སྐུའི་ཆས་དང་ལྡན་པ། དེའི་དབུ་གཙུག་ཏུ་ཨོ་རྒྱན་ཆོས་སྐུ་སྐུ་མདོག་མཐིང་ཀ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་ཡེ་ཤེས་ཀྱི་ཌཱཀྐི་མ་དཀར་མོ་འཁྲིལ་སྦྱོར་མཉམ་བཞག་གི་ཕྱག་རྒྱ། དེའི་དབུ་གཙུག་ཏུ་ཀུན་བཟང་ཡབ་ཡུམ་དང་བཅས་པ་ཐོག་བརྩེགས་ལྟར་ཏུ་བསྒོམ། ཆོས་ཀྱི་སྐུ་ལ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། ལོངས་སྐུ་ལ་རྒྱལ་བ་དགོངས་བརྒྱུད་ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས་དཔའ་དང་སེམས་མའི་ཚོགས་ཀྱིས་བསྐོར་བ། སྤྲུལ་སྐུ་ལ་གང་ཟག་སྙན་རྒྱུད་གཏེར་ཆོས་སྨོན་ལམ་བརྒྱུད་པ་དང་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་རྒྱ་བོད་ཀྱི་རིག་པ་འཛིན་པ་དང་གྲུབ་ཐོབ་སོགས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་བྱིན་གྱིས་རླབས་འོད་ཕུང་འབར་བར་བསྒོམ་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་རང་བཞིན་སྐུ་གསུམ་གྱི་ཞིང་ཁམས་རྣམ་པར་དག་པ་ནས་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་བསྟིམ་ལ་མོས་གུས་གདུང་ཤུགས་མོས་པ་རྩེ་གཅིག་ཏུ་བྱའོ། །གསུམ་པ་གསོལ་བ་གདབ་པ་ནི། ཨོཾ་ཨ་ཧཱུྃ། ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས། །གདོད་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །རང་བྱུང་ལྷུན་གྲུབ་རྟོགས་པར་བྱིན་གྱིས་རློབས། །སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །སྐྱེ་འགགས་སྤྲོས་དང་བྲལ་བར་བྱིན་གྱིས་རློབས། །རིག་འཛིན་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །སྒྱུ་ལུས་འོད་གསལ་དུ་གྲོལ་བར་བྱིན་གྱིས་རློབས། །མཁས་པ་ཤྲཱི་སེང་ཧ་ལ་གསོལ་བ་འདེབས། །ཚད་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །སློབ་དཔོན་པདྨ་ཡབ་ཡུམ་ལ་གསོལ་བ་འདེབས། །རིག་པའི་རྩལ་དབང་ཐོབ་པར་བྱིན་གྱིས་རློབས། །བཱི་མ་ལ་སོགས་རྒྱ་གར་རིག་འཛིན་བརྒྱད། །སྐ་ཅོག་ཞང་སོགས་རྗེ་འབངས་ཉི་ཤུ་ལྔ། །གཏེར་སྟོན་བརྒྱ་རྩ་ཆོས་བདག་ལས་ཅན་ཚོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཉམས་རྟོགས་ཡེ་ཤེས་སུ་སྐྱེ་བར་བྱིན་གྱིས་རློབས། །ན་མོ། རྗེ་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །མ་རིག་མུན་པ་སེལ་བར་བྱིན་གྱིས་རློབས། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས། །ཏིང་འཛིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ཉམས་དང་རྟོགས་པ་འཆར་བར་བྱིན་གྱིས་རློབས། །བླ་མ་རྒྱལ་བ་རྒྱ་མཚོའི་སྐུ་ལ་གསོལ་བ་འདེབས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །བླ་མའི་སྐུ་ལ་གསོལ་བ་འདེབས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །བླ་མའི་གསུང་ལ་གསོལ་བ་འདེབས། །ངག་ལ་ནུས་པ་འབྱུང་བར་བྱིན་གྱིས་རློབས། །ཚངས་པའི་དབྱངས་ཀྱི་དངོས་གྲུབ་སྩོལ། །བླ་མའི་ཐུགས་ལ་གསོལ་བ་འདེབས། །སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་རློབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །ཡོན་ཏན་ཕྲིན་ལས་རྫོགས་ལ་གསོལ་བ་འདེབས། །དབང་བཞི་ཡོངས་རྫོགས་བྱིན་གྱིས་རློབས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ། ཆོས་སྐུ་སྣང་བ་མཐའ་ཡས་མཆོག་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ལོངས་སྐུ་ཐུགས་རྗེ་ཆེན་པོ་མཆོག་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །སྤྲུལ་སྐུ་པདྨ་འབྱུང་གནས་མཆོག་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །རིག་འཛིན་རྗེ་འབངས་ཉི་ཤུ་ལྔ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །གཏེར་སྟོན་མཆོག་གཉིས་གླིང་པ་བརྒྱད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཟབ་གཏེར་དབང་ཕྱག་བརྒྱ་རྩ་བརྒྱད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །གཏེར་སྟོན་རཏྣ་གླིང་པའི་ཞབས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །རྒྱལ་སྲས་ཚེ་དབང་གྲགས་པ་རྗེ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །སྲས་མཆོག་ངག་དབང་གྲགས་པ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །རིག་འཛིན་ཀུན་དགའ་གྲགས་པ་རྗེ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །གར་དབང་ཀུན་དགའ་བསྟན་འཛིན་ཞབས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །སྔགས་འཆང་པདྨ་དབང་དྲག་ཞབས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །མཚུངས་མེད་ཀརྨ་ཆགས་མེད་ཞབས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །བླ་མ་པུཎྜ་བིདྱ་དྷ་རའི་ཞབས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །དྲིན་ཆེན་རྩ་བའི་བླ་མ་རྗེ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཡི་དམ་ཞི་དྲག་དཀྱིལ་འཁོར་ལྷ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །མཁའ་འགྲོ་དཔའ་བོ་བསྟན་སྲུང་རྣམས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཨེ་མ་ཧོ། རྩ་གསུམ་དཀོན་མཆོག་ཀུན་རྣམས་འདུས་པའི་བདག །འཁྲུལ་མེད་རང་བྱུང་ཡེ་སངས་རྒྱས་པའི་མགོན། །ཡོན་ཏན་ལྷུན་གྲུབ་བླ་མ་དབང་གི་རྒྱལ། །སྐྱེ་འཆི་འཇིག་བྲལ་གུ་རུ་པདྨ་འབྱུང་། །བདག་གི་དད་པ་བརྟན་པོས་ཁྱེད་དྲན་ནས། །གདུང་ཤུགས་དྲག་པོའི་སྙིང་ནས་གསོལ་བ་འདེབས། །ཐུགས་རྗེ་མ་གཡེལ་བྱིན་རླབས་མཐུ་དཔུང་བསྐྱེད། །བྱིན་རླབས་དབང་དང་དངོས་གྲུབ་མ་ལུས་པ། །དུས་འདིར་དད་ལྡན་བུ་ལ་སྩལ་དུ་གསོལ། །ཚེ་འདིའི་འཁྲུལ་སྣང་སྒྱུ་མའི་རྫུན་ཁུངས་སྡིབས། །ངེས་འབྱུང་སྐྱོ་ཤེས་རང་སེམས་རིག་པ་སད། །ཉམས་རྟོགས་ཡེ་ཤེས་རང་རིག་ངོ་བོ་རྫོགས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། ཞེས་དེ་ལྟར་རྩེ་གཅིག་མ་ཡེངས་གུས་པས་གསོལ་བ་གདབ་པར་བྱའོ། །བཞི་པ་དབང་བཞི་ལེན་པ་ནི། སྐྱབས་ཡུལ་ཐམས་ཅད་རྩ་བའི་བླ་མར་ཐིམ། །བྱིན་རླབས་ཕུང་པོ་བླ་མའི་གནས་བཞི་ལས། །འོད་ཟེར་ཡེ་ཤེས་ཨོཾ་དཀར་ཨཱ་དམར་དང་། །ཧཱུྃ་མཐིང་ཧྲཱིཿལྗང་ལ་སོགས་རྣམ་པར་བྱོན། །བདག་གི་གནས་བཞིར་ཐིམ་ནས་སྒྲིབ་བཞི་དག །དབང་བཞི་རྫོགས་ནས་དགའ་བཞི་ཡེ་ཤེས་སྐྱེས། །སངས་རྒྱས་སྐུ་བཞིའི་འབྲས་བུ་ཐོབ་གྱུར་ཏེ། །བླ་མ་སྤྱི་བོར་བྱོན་ནས་རང་ལ་ཐིམ། །ཐུགས་ཡིད་དབྱེར་མེད་གྱུར་ཏེ་རང་གི་སེམས། །མ་བཅོས་སྤྲོས་བྲལ་ཆོས་སྐུ་སྐྱེ་མེད་ཨ། །ཞེས་པས་སྐྱབས་ཡུལ་ཆོས་སྐུའི་འཁོར་ཡེ་ཤེས་རྒྱ་མཚོ་ཆོས་སྐུ་ལ་ཐིམ་པ་ནི་དཔེར་ན་ཉི་མ་རྒས་བའི་འོད་ལྟ་བུར་འདུས། ལོངས་སྐུའི་འཁོར་ཚོགས་ཚེ་དཔག་མེད་ཡབ་ཡུམ་ལ་ཐིམ་པ་ནི། དཔེར་ན་ཆུ་ཕྲན་རྒྱ་མཚོར་ཐིམ་པ་ལྟ་བུའོ། །སྤྲུལ་སྐུའི་འཁོར་ཚོགས་སྤྲུལ་སྐུ་པདྨ་འབྱུང་གནས་ལ་ཐིམ་པ་ནི། དཔེར་ན་རྡོ་ཚན་ལ་ཁ་བ་བབ་པ་ལྟ་བུ། དེ་བཞིན་དུ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཨོ་རྒྱན་ཆོས་སྐུ་ཡབ་ཡུམ་ལ་ཐིམ། ཨོ་རྒྱན་ཆོས་སྐུ་ཡབ་ཡུམ་ལོངས་སྐུ་ཚེ་དཔག་མེད་ཡབ་ཡུམ་ལ་ཐིམ། ཚེ་དཔག་མེད་ཡབ་ཡུམ་སྤྲུལ་སྐུ་པདྨ་འབྱུང་གནས་ལ་ཐིམ། སྐུ་གསུམ་གྱི་ངོ་བོ་རྩ་བའི་བླ་མ་དང་གཉིས་སུ་མེད་པ་པདྨ་འབྱུང་གནས་འོད་ཀྱི་ཕུང་པོ་ཡོན་ཏན་གྱི་གཏེར་མཛོད། བྱིན་བརླབས་ཀྱི་འབྱུང་གནས་གཟི་བརྗིད་འོད་དུ་འབར་ཞིང་ཡེ་ཤེས་གྱི་དབང་མཆོག་བསྐུར་བའི་བདག་ཉིད་ཆེན་པོར་བཞུགས་པར་བསྒོམ་ཞིང་དབང་བཞི་ལེན་པ་ནི། བླ་མའི་སྐུའི་སྨིན་མཚམས་ནས་སྐུའི་ངོ་བོ་ཡེ་ཤེས་ཀྱི་ཨོཾ་འོད་ཟེར་དཀར་པོ་དང་བཅས་པ་འཕྲོས། རང་གི་སྨིན་མཚམས་སུ་ཐིམ། ལུས་ཀྱི་སྒྲིབ་པ་དག །སྐུའི་དབང་ཐོབ། དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། ལུས་བདེ་སྟོང་དུ་གྲོལ། འབྲུས་བུ་སྤྲུལ་སྐུ་ཐོབ་པའོ། །ཡང་བླ་མའི་མགུར་གྱི་བུམ་པ་ནས་གསུང་གི་ངོ་བོ་ཡེ་ཤེས་ཀྱི་ཨཱ༔འོད་ཟེར་དམར་པོ་དང་བཅས་པ་འཕྲོས་ནས་རང་གི་མགྲིན་པར་ཐིམ། ངག་གི་སྒྲིབ་པ་དག །གསུང་གི་དབང་ཐོབ། མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། ངག་གྲགས་སྟོང་གི་འབྱུང་འཇུག་དབུ་མར་ཚུད། ངག་ལ་ནུས་པ་འབྱུང་། འབྲས་བུ་ལོངས་སྐུ་ཐོབ། ཡང་བླ་མའི་ཐུགས་ཀ་དཔལ་གྱི་བེའུ་ནས་ཐུགས་ཀྱི་ངོ་བོ་ཡེ་ཤེས་ཀྱི་ཧཱུྃ་མཐིང་ཀ་འོད་ཟེར་མཐིང་ཀ་དང་བཅས་པ་རང་གི་སྙིང་ཀར་ཐིམ། སེམས་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དབང་ཐོབ། དགའ་བྲལ་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས། སེམས་གསལ་སྟོང་དུ་གྲོལ། རྟོགས་པ་རྒྱུད་ལ་སྐྱེས། འབྲས་བུ་ཆོས་སྐུ་ཐོབ། ཡང་བླ་མའི་ལྟེ་བ་བསྐྱེད་བྱེད་ཀྱི་འཁོར་ལོ་ནས་ཡི་གེ་ཧྲཱི་ལྗང་ཀུ་དང་བཅས་པ་འཕྲོས་ནས་རང་གི་ལྟེ་བར་ཐིམ། ང་རྒྱལ་ཕྲག་དོག་གི་སྒྲིབ་པ་དག །ཚིག་དབང་རིན་པོ་ཆེ་ཐོབ། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། ཕུང་པོ་འཇའ་འོད་དུ་གྲོལ། བཟོད་པ་ཆོས་མཆོག་གི་ཡོན་ཏན་དང་ལྡན། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའོ། །དབང་ལ་རྣམ་པ་མང་ཡང་དོན་དམ་པའི་དབང་མཆོག་འདི་ཉིད་ཡིན་པས། ཡིད་གཉིས་དང་ཐེ་ཚོམ་མེད་པར་དད་གུས་མོས་པའི་སྒོ་ནས་མ་ཡེངས་པ་རྩེ་གཅིག་དུ་དབང་རྣམས་བླང་བ་དེ་བཞིན་ཐོབ་པར་མོས་པ་བྱའོ། །ལྔ་བ་ཐུགས་ཡིད་བསྲེ་བ་ནི། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་ཆུ་ལ་ཆུ་ཐིམ་པ་དང་མར་ལ་མར་བཞག་པ་ལྟར་གཉིས་མེད་མཐའ་བྲལ་བྱར་མེད་སྤྲོས་བྲལ་གྱི་ངང་ལ་གནས་པར་བྱའོ། །ཞེས་སོ། །དྲུག་པ་ཡོངས་སུ་བསྔོ་བ་ནི། དེ་ལྟ་བུའི་ཟག་བཅས་ཟག་མེད་ཀྱི་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་དགོས་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོའི་ཆུ་ནང་སོང་། །རྒྱ་མཚོ་མ་སྐམ་བར་དུ་དེ་མི་སྐམ། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་རྣམས། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཞེས་དང་། བསྐལ་བར་བསགས་པའི་དགེ་རྩ་ཡང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་འགྱུར། །ཞེས་དང་། དེ་ཡང་བསྔོ་བ་ཡང་དག་པར་བསྔོ་དགོས་ཏེ། མ་བསྔོས་ཡང་ན་ལོག་པར་བསྔོས། །འགྱོད་པ་སྐྱེས་དང་གཞན་ལ་བསྒྲག །དགེ་རྩ་འཛད་པའི་རྒྱུ་བཞིར་གསུངས། །བཟང་སྤྱོད་ལས། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་དུ་བསྔོ། །ཞེས་དང་། བསྔོ་བ་མི་ཟད་འཕེལ་བ་སྟེ། །འཕེལ་བ་འགྱུར་དང་བཅས་པའོ། །བསྔོ་བ་མི་ཟད་གཏེར་དུ་སྦ། །ཞེས་པས་སོ། །བསྔོ་བ་དངོས་ནི། རྣམ་དཀར་དགེ་ཚོགས་བསོད་ནམས་སྙིང་པོ་འདི། །དམིགས་མཐའ་བྲལ་བའི་སེམས་ཅན་ཡོངས་ལ་བསྔོ། །ཡང་གསང་རྡོ་རྗེ་ཐེག་པའི་དོན་རྟོགས་ནས། །རིགས་བདག་བླ་མའི་གོ་འཕང་ཐོབ་པར་ཤོག །གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ལ་བཞི་ལས། སྔོན་འགྲོ་སྤྱིར་བསྟན་པ་དང་། ཕྱི་དང་ནང་དང་གསང་བ་དང་བཞི་སྟེ། དང་པོ་ལ་བརྒྱད་དེ། སྣོད་བསྟན་པ། གནས་བསྟན་པ། དུས་བསྟན་པ། གྲོགས་བསྟན་པ། ཡོ་བྱད་བསྟན་པ། ལོ་རྒྱུས་བཤད་པ། དབང་བསྐུར་བ་དང་། སྔོན་འགྲོ་བསྟན་པ། དང་པོ་སྣོད་བསྟན་པ་ནི། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་བསྒྲུབ་ལ་བརྩོན། །ཞེས་དང་། ཀློང་གསལ་ལས། དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །རྒྱུད་དུལ་སྡིག་འཛེམ་དབང་པོ་རྣོ། །གསང་ཐུབ་བརྟུལ་ཞུགས་འགྱུར་བ་མེད། །སྐྱོ་ཤས་སྡུག་སྲན་སྙིང་རུས་ཆེ། །དེ་ནི་གསང་སྔགས་སྣོད་ཡིན་པས། །བདུད་རྩིའི་སྙིང་གི་ཡང་ཞུན་འདི། །བུ་མཆོག་དེ་ལ་བསྟན་པར་བྱ། །ཞེས་སོ། །གནས་བསྟན་པ་ནི། ཀློང་གསལ་ལས། གངས་ཁྲོད་ལུང་སྟོང་རི་རྩེར་དུར་ཁྲོད་དམ། །ཤིན་ཏུ་དབེན་པ་དྭངས་ཤིང་མཐོ་བའི་སར། །སྐལ་ལྡན་སྐྱེས་བུ་ཉམས་ལེན་བྱ་བའི་གནས། །ཞེས་སོ། །དུས་བསྟན་པ་ནི། ཡང་དེ་ཉིད་ལས། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་སུ་མཆོག་ཏུ་བཤད་པ་ཡིན། །གྲོགས་བསྟན་པ་ནི། ཀློང་གསལ་ལས། དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ། །དུག་ལྔའི་ཤུགས་ཆུང་བློ་བརྟན་ཁོག་ཡངས་པ། །ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས། །ཞེས་སོ། །ཡོ་བྱད་བསྟན་པ་ནི། ཀློང་གསལ་ལས། མེ་ཏོག་དབང་ཡོན་ཚོགས་འཁོར་གཏོར་ཚོགས་རྒྱུ། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་གསོ་བཙལ། །མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། །ཞེས་སོ། །ལོ་རྒྱུས་བསྟན་པ་ནི། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱི་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་བའི་སྐྱོན་དུ་འགྱུར། །ཞེས་སོ། །དེ་ནས་སྨིན་པའི་དབང་བསྐུར་བ་ནི། ཐལ་འགྱུར་ལས། དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པར་བྱ། །ཞེས་སོ། །དེ་ནས་སྔོན་འགྲོ་བསྟན་པ་ནི། འདས་རྗེས་ལས། མི་རྟག་སྙིང་རྗེ་བྱང་སེམས་སྦྱང་། །ཞེས་པ་ལ་སོགས་པས་ཐུན་མོང་དུ་སྨོས་པ་ལྟར་རོ། །གཉིས་པ་འཁོར་འདས་རུ་ཤན་དབྱེ་བ་ལ་གཉིས། ཕྱིའི་འཁོར་འདས་རུ་ཤན་དབྱེ་བ་དང་། ནང་གི་འཁོར་འདས་རུ་ཤན་དབྱེ་བ་ལས། །དང་པོ་ལ་གསུམ། ལུས་དང་། ངག་དང་། ཡིད་འཁོར་འདས་རུ་ཤན་དབྱེ་བའོ། །དང་པོ་ལུས་འཁོར་འདས་རུ་ཤན་དབྱེ་བ་ནི། ལུས་འདི་རྒྱུ་མ་རིག་པ་ལས་བསྐྱེད་པ། དུས་རྒྱུན་དུ་འཁོར་བར་འཁྱམས་ཏེ། ད་ཕན་ཆད་ལུས་འདི་འཁོར་བར་མི་འཁྱམས་པར་བྱ་བའི་ཕྱིར། ལུས་དང་འཁོར་བ་གཉིས་སུ་ཤན་དབྱེ་བའོ། །དབྱེ་བ་དངོས་ནི། འཁོར་བའི་ཆ་དང་མྱང་འདས་ཀྱི་ཆ་སྟེ། འདི་སྐད་དུ། འདས་རྗེས་ལས། ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱོད། །ཅེས་དང་། །དཀོན་མཆོག་གསུམ་གྱི་སྤྱོད་པ་སྤྱད། །ཅེས་སོ། །ཐལ་འགྱུར་ལས། རྡོ་རྗེ་དཀྱིལ་ཀྲུང་དང་བཅས་ཏེ། ལུས་སྦྱང་སེམས་ཕན་འུབ་ཆུབ་བོ། །དེའང་དང་པོའི་ཆ་ནི། མི་མེད་པའི་རི་ལ་ཕྱིན་ཏེ་ས་ཕྱོགས་དེའི་གཞི་བདག་ལྷ་ཀླུ་རྣམས་ལ་གཏོར་མ་གཅིག་འབྲུ་གསུམ་གྱིས་བྱིན་གྱིས་རླབས་ནས་བསྔོས་ཏེ་བདག་ལུང་པ་ས་ཕྱོགས་འདིར། འཁོར་འདས་རུ་ཤན་འབྱེ་བའི་སྤྱོད་པ་ལགས་པས་འདི་མ་རྫོགས་ཀྱི་བར་དུ་རྐྱེན་ཕྱི་ནང་གིས་བར་དུ་གཅོད་པ་གང་ཡང་མ་གཏོང་བར་བདག་གི་དགེ་བའི་སྡོང་གྲོགས་མཛོད་ཅིག་ཅེས་བཀའ་བསྒོ། དེ་ནས་འདི་སྙམ་དུ་ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལུས་འཁོར་བ་དང་རུ་ཤན་དབྱེ་བས་མི་བཟློག་པར་བྱ་སྙམ་དུ་སེམས་བསྐྱེད་དོ། ། དེ་ནས་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་། ལྷ་མ་ཡིན་དང་། ལྷ་དང་། མིའི་སྤྱོད་པ་དྲན་ཚད་དུ་བྱའོ། །དེ་ནས་མྱ་ངན་ལས་འདས་པའི་ཚེ་དེ་བཞིན་གཤེགས་པའི་བཞུགས་སྟངས་ལ་སོགས་པ་བྱའོ། །དེའི་རྗེས་ཀྱི་ཤེས་པ་ཡང་རྒྱུ་ལ་བཀལ་ལ་ལྟའོ། །དེ་ནས་རྡོ་རྗེའི་དཀྱིལ་ཀྲུང་ལ་རྐང་མཐིལ་གཉིས་སྤྲད་དེ། ལུས་དྲང་པོར་བསྲངས། ལག་པ་གཉིས་སྤྱི་བོར་ཐལ་མོ་སྦྱར་ལ་ཉིན་མཚན་མེད་པར་གནས་པར་བྱའོ། །དེ་ལྟར་ལུས་ཀྱི་སྤྱོད་པ་བྱས་པས་རུ་ཤན་འབྱེད་པ་གལ་ཆེ་སྟེ། བཀོད་པ་ཆེན་པོ་ལས། གང་གིས་རུ་ཤན་འབྱེད་འདོད་པས། །ལུས་ཀྱི་བྱ་བ་རང་ལོག་ཕྱིར། །དེ་ལྟར་གོང་དུ་བཤད་པ་ཡི། །ཕྱི་ནི་ཡང་དག་དེ་ལྟར་རོ། །འདི་ཉིད་བཟློག་པའི་ལུས་ལ་ཡང་། གནས་པ་མེད་པར་ཁམས་གསུམ་དུ། ལུས་ནི་འཇུག་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟར་ལུས་ཀྱི་སྤྱོད་པ་བྱས་པ་ལ་དགོས་པ་རྣམ་པ་གསུམ་སྟེ། ཐུན་མོང་གི་དགོས་པ་དང་། ཁྱད་པར་ཀྱི་དགོས་པ་དང་། མཐར་ཐུག་གི་དགོས་པའོ། །ཐུན་མོང་གི་དགོས་པ་ནི། ལུས་ཀྱི་སྡིག་པ་མ་ལུས་པ་དག་པ་དང་། ལུས་རྡོ་རྗེ་མེ་འབར་བ་ལྟར་མཐོང་བས་ལུས་ཀྱི་བར་ཆད་ཞི་བ་དང་། ལུས་ཀྱི་ཞེན་པ་བཟློག་པའི་དགོས་པ་ཡོད་དོ། །ཁྱད་པར་ཀྱི་དགོས་པ་ལུས་ཀྱི་ཞེན་པ་ལོག་པ་ལ་བརྟེན་ནས་ད་ཕྱིན་ཆད་ལུས་འཁོར་བར་མི་བཟློག་པའི་དགོས་པ་ཡོད། ལུས་དེ་སྤྲུལ་པའི་སྐུར་གྲོལ་བའི་དགོས་པ་ཡོད་པའོ། །མཐར་ཐུག་གི་དགོས་པ་ནི་ལུས་དེ་སངས་རྒྱས་སྤྲུལ་པའི་སྐུ་དང་གཉིས་སུ་མེད་པར་མྱ་ངན་ལས་འདས་པའི་དགོས་པ་ཡོད་དོ། །དེ་ལྟར་ལུས་འཁོར་འདས་རུ་ཤན་མ་དབྱེ་ན། ཡོན་ཏན་དེ་རྣམས་ལས་བཟློག་པའི་སྐྱོན་ཡོད་དོ། །གཉིས་པ་ངག་འཁོར་འདས་རུ་ཤན་དབྱེ་བ་ངག་གི་སྔོན་དུ་འགྲོ་བ། རྒྱུ་མ་རིག་པ་ལས་གྲུབ་པའི་ལུས་འདི་ལ་ངག་བྱ་བའི་ལུས་འདིས་འཁོར་བར་འཁྱམས་པས་ཕྱིན་ཆད་འཁོར་བར་མི་འཁྱམས་པའི་ཕྱིར། ངག་དང་འཁོར་བར་གཉིས་རུ་ཤན་དབྱེ་དགོས་པའོ། །དབྱེ་བ་དངོས་ནི། མྱང་འདས་ཀྱི་ཆའོ། །དེ་ཡང་འདས་རྗེས་ལས། །ངག་གི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། །ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ། །རྣམ་པ་སྣ་ཚོགས་ཉིད་ལ་སྤྱད། །ཞེས་པ་དང་། ཐལ་འགྱུར་ལས། ངག་གི་ཧཱུྃ་ཞེས་བྱས་པ་ལས། །རྒྱས་གདབ་པ་དང་རྩལ་སྦྱང་ཉིད། །གཉན་བཙལ་ལམ་དུ་ཞུགས་པ་ཡི། །དེ་ལྟར་ངག་སྦྱང་སེམས་ལ་ཕན། །ཞེས་གསུངས་པས་ད་ནི་སེམས་ཅན་ཐམས་ཅད་ངག་འཁོར་བ་དང་རུ་ཤན་ཕྱེ་ལ་མི་བཟློག་པར་བྱ་སྙམ་དུ་བསམ་ལ། དེ་ནས་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་། ལྷ་མ་ཡིན་དང་། ལྷ་དང་མི་དག་གི་སྐད་རིགས་དྲན་ཚད་བརྗོད་དོ། །དབང་བསྐུར་མཆོག་གི་རྒྱུད་ལས། སྐད་དང་མཐུན་པའི་རིགས་དྲུག་སྐད། །རང་དང་མཐུན་པར་བརྗོད་པ་ལས། །འགྲོ་བ་དྲུག་གི་འཁོར་ལོ་འཆད། །ཅེས་སོ། །སྐབས་འདིར་ཞི་ཁྲོའི་གསུང་དབྱངས་དང་འབྱུང་བའི་སྒྲ་སྣ་ཚོགས་པ་ཡང་བསྒྲགས་པར་བྱའོ། །མྱང་འདས་ཀྱི་ཆ་ལས་བཞི་རྒྱས་གདབ་པ་དང་རྩལ་སྦྱང་བ་དང་གཉེན་བཙལ་བ་དང་ལམ་དུ་ཞུགས་པའོ། །དང་པོ་རྒྱས་གདབ་པ་ལ་གཉིས། ཕྱི་སྣང་བ་རྒྱས་གདབ་པ་དང་། ནང་ཕུང་པོ་ལའོ། །དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། ངག་ཏུ་ཧཱུྃ་ཧཱུྃ་ཧཱུྃ་བརྗོད་པས། སྣང་བ་ཧཱུྃ་དུ་རོང་ངེ་བ་ལ་ཤེས་པ་གཏད་དོ། །སོ་དང་མཆུ་ལ་རེག་ཙམ་བྱས་ཏེ། རླུང་དང་སྣང་བ་རྟོག་པ་གསུམ་གཅིག་ཏུ་གཏད་དོ། །དེ་ལྟར་བྱས་པའི་ཕྱིའི་སྣང་བ་ཐམས་ཅད་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ལུས་དཀྱིལ་ཀྲུང་དྲང་པོར་བསྲངས་ལ། ངག་ཏུ་ཧཱུྃ་བརྗོད་ཅིང་ཕུང་པོའི་ནང་དུ་ཧཱུྃ་གཅིག་བྱུང་གཉིས་བྱུང་ཧཱུྃ་དུ་རོང་ངེ་བ་ལ་ཤེས་པ་གཏད། ནང་དུ་ཧཱུྃ་དུ་རོང་ངེ་ཡོད་སྙམ་པའི་སྣང་བ་བྱུང་ན་རླུང་བསྡམས་པའི་གནད་ཡིན་ནོ། །དེ་ལྟར་བྱས་པའི་ཕུང་པོ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་རྩལ་སྦྱང་བ་ལ་གཉིས་ཏེ། ཕྱི་སྣང་བ་ལ་རྩལ་སྦྱང་བ་དང་། ནང་ཕུང་པོ་ལ་རྩལ་སྦྱང་བའོ། །དང་པོ་ཕྱི་སྣང་བ་ལ་སེམས་སྦྱོང་བ་ནི། ངག་ཏུ་ཧཱུྃ་དྲག་ལ་ཐུང་བར་བརྗོད། ཅི་སྣང་བ་ཐམས་ཅད་ལ་ཐལ་ཐལ་འགྲོ་བར་རྩལ་སྦྱོང་ངོ་། །དེ་ལྟར་བྱས་པའི་ཕྱིའི་སྣང་བ་ཐམས་ཅད་བདེ་གསལ་དུ་འགྲོ་བའི་དགོས་པ་ཡོད་དོ། །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། ངག་ཏུ་ཧཱུྃ་དྲག་པོར་བརྗོད་ལ། ཧཱུྃ་དེ་དག་ལུས་ལ་ཕྱི་ཐལ་ནང་ཐལ་དུ་འདོན་ནོ། །དེ་ལྟར་བྱས་པའི་ཕུང་པོའི་རྩལ་སྦྱང་ནད་གདོན་ཞི་བ་དང་ཕུང་པོ་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད། གསུམ་པ་གཉན་བཙལ་བ་ནི། རང་གི་མདུན་དུ་མཚན་མ་གང་ཡང་རུང་བ་གཅིག་ལ་ངག་ཏུ་ཧཱུྃ་ཞེས་བརྗོད་ཅིང་ཧཱུྃ་གི་ཐག་པ་གྲུ་གུ་ལྟར་དཀྲིས་པ་ལ་ཤེས་པ་གཏད། དེ་ལྟར་གཏད་པའི་ཤེས་པ་ལྷམ་མེ་བ་འོང་ངོ་། །དེ་ནས་ཡང་ཧཱུྃ་ཞེས་བརྗོད་པས་ཕྱིར་ཧཱུྃ་གི་ཐག་པ་ལས་གྲོལ་བ་ལ་ཤེས་པ་གཏད་པས་དེ་དག་གྲོལ་བ་སྙམ་བྱེད་པ་འོང་ངོ་། །དེ་ལྟར་བྱས་པའི་དམིགས་པ་གང་དུ་ཡང་བསྒྱུར་དུ་གཏུབ་པའི་དགོས་པ་ཡོད་དོ། །བཞི་པ་ལམ་དུ་ཞུགས་པ་ནི་རང་གི་ངག་ཏུ་ཧཱུྃ་ཞེས་བརྗོད་དེ། མདུན་དུ་ཁྲུ་གང་བ་ཙམ་ཞིག་ལ་ཤེས་པ་གཏད་དོ། །དེ་ལྟར་ནང་ངག་གི་སྤྱོད་པ་ལ་གསུམ་སྟེ། ཐུན་མོང་དང་། ཁྱད་པར་དང་། མཐར་ཐུག་གི་དགོས་པའོ། །ཐུན་མོང་གི་དགོས་པ་ནི། ངག་གི་སྡིག་པ་མ་ལུས་པ་དག་པ་དང་། ངག་གི་བྱ་བ་གོང་གི་ཡོན་ཏན་དེ་རྣམས་ཐོབ་བ་དང་། ངག་གི་ཞེན་པ་བཟློག་པའི་དགོས་པ་ཡོད་དོ། །ཁྱད་པར་གྱི་དགོས་པ་ནི། ངག་གི་ཞེན་པ་བཟློག་པ་ལ་བརྟེན་ནས་ད་ཕྱིན་ཆད་ངག་འཁོར་བ་ལ་མི་བཟློག་པའི་དགོས་པ་ཡོད་དོ། །ངག་དེ་ལོངས་སྤྱོད་རྫོགས་པའི་སྐུ་གྲོལ་བའི་དགོས་པ་ཡོད་དོ། །མཐར་ཐུག་གི་དགོས་པ་ནི། ངག་དེ་སངས་རྒྱས་ཐམས་ཅད་ཀྱི་གསུངས་དང་གཉིས་སུ་མེད་པར་མྱ་ངན་ལས་འདའ་བར་འགྱུར་བའི་དགོས་པ་ཡོད་དོ། །དེ་ལྟར་ངག་འཁོར་བ་དང་རུ་ཤན་མ་ཕྱེ་ན་དེ་ལས་བཟློག་པའི་སྐྱོན་ཡོད་དོ། །གསུམ་པ་ཡིད་འཁོར་བ་དང་རུ་ཤན་དབྱེ་བ་ཡིད་ཀྱི་སྔོན་དུ་འགྲོ་བ་ལ་གཉིས་ཏེ། འཁོར་བའི་ཆ་དང་། མྱང་འདས་ཀྱི་ཆའོ། །དེ་ཡང་འདས་རྗེས་ལས། ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། རིགས་དྲུག་སྡུག་བསྔལ་བློ་ལ་སྦྱང་། ཞེས་པ་དང་། ཐལ་འགྱུར་ལས། སེམས་ནི་ཐོག་མར་བྱུང་བ་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལས་བརྟག་དཔྱད་ནས། །སེམས་སྦྱང་སེམས་ལ་ཕན་པ་འོང་། །ཞེས་པ་དང་། དེ་ཡང་དང་པོ་འཁོར་བའི་ཆ་ནི། དང་པོ་སེམས་འདི་ཆོས་སྐུ་ཡིན་ཡང་ཡིན་པར་མ་རྟོགས་པས་འཁོར་བར་འཁྱམས་པ་ཡིན་ཏེ། ད་ཕྱིན་ཆད་སེམས་འཁོར་བར་མི་འཁྱམས་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་འཁོར་བ་དང་རུ་ཤན་ཕྱེ་ལ་མི་རྟོག་པར་བྱ་སྙམ་ལ་སེམས་བསྐྱེད། དེ་ནས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་དང་། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་དང་། བྱོལ་སོང་བཀོལ་སྤྱོད་ཀྱི་སྡུག་བསྔལ་དང་། མི་སྐྱེ་རྒས་ན་འཆིའི་སྡུག་བསྔལ་དང་། ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་དང་། ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་དང་། དེ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཉམས་སུ་མྱོང་བའི་ཚུལ་དུ་བསམ། དེ་དག་གི་རྗེས་ཀྱི་ཤེས་པ་ཡང་རང་གི་རྒྱུད་ལ་བཀལ་ཞིང་ལྟ་བར་བྱའོ། །དེའི་ཕྱིའི་འཁོར་བ་ལ་སེམས་སུ་མི་འཇུག་པ་སྟེ། རྡོ་རྗེ་ཁང་བུ་བརྩེགས་པ་ལས། གང་གི་བསམ་པའི་འཁོར་ལོ་ཉིད། །སུ་ཡིས་བསྐོར་བར་ནུས་པ་ལས། །ཕྱིས་ནི་དེ་དག་སེམས་རྒྱུད་འགགས། །ཞེས་པ་དང་། གང་གིས་རུ་ཤན་ཕྱེད་པ་ཉིད། བར་དུ་གནས་ས་ཐ་མ་འགྲོ་ས་བརྟགས་པའོ། །དང་པོ་ནི་བདེ་བའི་གདན་ལ་བསམ་གཏན་གྱི་ཆོས་བདུན་བཅས་ཏེ། སེམས་བྱུང་བ་ལ་བརྟགས་པ་དང་། བྱུང་མཁན་ལ་བརྟགས་པའོ། །དང་པོ་ནི། ཡོད་པ་ལས་བྱུང་ངམ་མེད་པ་ལས་བྱུང་། སྣང་བ་ལས་བྱུང་ངམ་སྟོང་པ་ལས་བྱུང་ལེགས་པར་བརྟག་གོ །བྱུང་མཁན་གྱི་དབྱིབས་དང་ཁ་དོག་དངོས་པོ། རིང་ཐུང་། སྦོམ་ཕྲ་ལ་སོགས་པར་བརྟག་གོ །བྱུང་བ་དང་རྒྱུ་མཚན་བཙལ་ཀྱང་མ་རྙེད་པ་ནི། སེམས་ཆོས་ཉིད་སྟོང་པ་ངོས་བཟུང་དང་བྲལ་བར་གཏན་ལ་ཕེབ་པ་ཡིན་ཏེ། དེ་ནི་ཆོས་སྐུ་རང་ངོ་འཕྲོད་པ་ཡིན་ནོ། །དེ་ནས་སེམས་ཀྱི་གནས་ལ་བརྟག་སྟེ། ཕྱི་ནང་སྣོད་བཅུད་ལུས་མགོ་མཇུག་གང་དུ་གནས་བརྟགས་པས་བརྟག་བྱེད་ཀྱི་ཤེས་པ་གསལ་ཡང་སྣང་ལ་རང་བཞིན་མ་གྲུབ། གཞི་མེད་རྩ་བྲལ་དུ་གཏན་ལ་ཕེབ་པ་ཡིན། དེ་ནི་ལོངས་སྐུར་ངོ་སྤྲོད་པ་ཡིན་ནོ། །དེ་ནས་སེམས་ཀྱི་འགྲོ་ས་བརྟགས་ཏེ། ཕྱི་ནང་སྣོད་བཅུད་ཡོད་མེད་སྣང་སྟོང་གང་དུ་འགྲོ་བརྟག་པས་གང་དུའང་འགྲོ་བྱ་འགྲོ་བྱེད་ཀྱི་མཁན་པོ་མ་རྙེད་པ་ནི། སེམས་སྐྱེ་བ་མེད་པར་གཏན་ལ་ཕེབ་པ་ཡིན་ཏེ། དེ་ནི་སྤྲུལ་པའི་སྐུར་རང་ངོ་འཕྲོད་པ་ཡིན་ནོ། །དེ་ལྟར་སེམས་ཀྱི་སྤྱོད་པ་འདོད་པ་འདག་པ་དང་། བྱས་པ་ལ་དགོས་པ་རྣམ་པ་གསུམ་སྟེ། ཐུན་མོང་ཁྱད་པར་མཐར་ཐུག་གི་དགོས་པའོ། །ཐུན་མོང་གི་དགོས་པ་ནི། སེམས་ཀྱི་དགོས་པ་མ་ལུས་པ་འདག་པ་དང་། སེམས་ཀྱི་བར་ཆད་ཞི་བ་དང་། སེམས་ཀྱི་ཞེན་པ་བཟློག་པའི་དགོས་པ་ཡོད་དོ། །ཁྱད་པར་གྱི་དགོས་པ་ནི། སེམས་ཀྱི་ཞེན་པ་ལོག་པ་ལ་བརྟེན་ནས་ད་ཕྱིན་ཆད་སེམས་འཁོར་བར་མི་ལྡོག་པའི་དགོས་པ་ཡོད་དོ། །སེམས་དེ་ཆོས་སྐུར་གྲོལ་བའི་དགོས་པ་ཡོད་དོ། །མཐར་ཐུག་གི་དགོས་པ་ནི། སེམས་དེ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ཐུགས་དང་གཉིས་སུ་མེད་པར་མྱ་ངན་ལས་འདས་པའི་དགོས་པ་ཡོད་དོ། །དེ་ལྟར་སེམས་འཁོར་བ་དང་རུ་ཤན་མ་ཕྱེས་ན། གོང་གི་ཡོན་ཏན་དེ་ལས་བཟློགས་པའི་སྐྱོན་ཡོད་དོ། །དེ་ལྟར་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མཐར་ཕྱིན་པ་དེ་ནི། ཕྱི་འཁྲུལ་བའི་རྐྱེན་སྣང་ཟད་པར་བྱེད་པ་ཡིན་ནོ། །གཉིས་པ་ནང་གི་འཁོར་འདས་རུ་ཤན་དབྱེ་བ་ལ། སྦྱང་བྱ་དང་། སྦྱོང་བྱེད་དང་། མཚན་མ་དང་གསུམ་མོ། །དང་པོ་ནི་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་ལུས་ངན་བླངས་ཤིང་ལས་ངན་བག་ཆགས་རྣམ་པ་སྣ་ཚོགས་བླང་བ་དེ་སྦྱང་བ་ཡིན་ཏེ། དེ་ཡང་འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །ཞེས་པའི་ལུས་འདི་མ་རིག་འཁྲུལ་བ་ལས་གྲུབ་པས། དེའི་དབང་གིས་ལུས་ལ་རིགས་དྲུག་གི་ས་བོན་གནས་ཏེ། ཀློང་གསལ་ལས། སྤྱི་བོར་མགྲིན་པ་སྙིང་ཀ་དང་། །ལྟེ་བ་གསང་གནས་རྐང་མཐིལ་དུ། །ཨ་སུ་ཎི་ཏྲི་པྲེ་དུ་གནས། །ཞེས་པའི་ས་བོན་དེ་རྣམས་མ་དག་པ་ལ་བརྟེན་ནས་དུས་རྟག་ཏུ་རིགས་དྲུག་གི་གནས་སུ་འཁྱམས་ཞིང་། ཁམས་གསུམ་འཁོར་བའི་སྡུག་བསྔལ་མྱངས་བས་ས་བོན་རྣམས་དག་པར་བྱ་ཞིང་ལུས་ངག་ཡིད་གསུམ་འཁྲུལ་བའི་རྒྱུ་དང་ས་བོན་དག་པར་བྱ་བའི་ཕྱིར་འཁོར་བ་དང་རུ་ཤན་འབྱེད་དགོས་ཏེ། རང་གི་སྤྱི་བོར་ལྷའི་ས་བོན་ཨཿདཀར་པོ་གཅིག་བག་ཆགས་དང་བཅས་པ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་སེར་པོ་བག་ཆགས་དང་བཅས་པ། སྙིང་ཁར་མིའི་ས་བོན་ཎི་སྔོ་སྐྱ་བག་ཆགས་དང་བཅས་པ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག་བག་ཆགས་དང་བཅས་པ། གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེ་ལྗང་ཀུ་བག་ཆགས་དང་བཅས་པ། རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་དུད་ཁ་བག་ཆགས་དང་བཅས་པ་གསལ་བ་རྣམས་ལའང་སོ་སོའི་བག་ཆགས་ཐམས་ཅད་འདུས་ཤིང་ཐིམ་པར་བསྒོམ་མོ། །གཉིས་པ་དེ་ལྟར་སྦྱང་བྱ་རྣམས་སྦྱོང་བར་བྱེད་པའི་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་དུ་བསྐྱེད་པར་བྱ་སྟེ། འདས་རྗེས་ལས། རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེ་རྩལ་སྦྱངས་རུ་ཤན་དབྱེ། །ཞེས་པས། སྤྱི་བོར་སྐུའི་ས་བོན་ཨོཾ་དཀར་པོ་རང་འོད་དང་བཅས་པ། མགྲིན་པར་གསུང་གི་ས་བོན་ཨ་དམར་པོ་རང་འོད་དང་བཅས་པ། སྙིང་ཀར་ཐུགས་ཀྱི་ས་བོན་ཧཱུྃ་སྔོན་པོ་རང་འོད་བཅས་པ་བསྐྱེད་པ་རྣམས་ལས་འོད་ཟེར་མེ་ལྕེ་ཕྲེང་བ་ལྟར་འཕྲོས་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ། རིགས་དྲུག་གི་ས་བོན། མ་རིག་འཁྲུལ་བའི་བག་ཆགས་དང་བཅས་པ་ཐམས་ཅད་གཞོབ་ཐུལ་ཐུལ་བསྲེགས་ནས་མི་གནས་པར་བྱས་ཏེ། ལུས་ངག་ཡིད་གསུམ་རྒྱལ་བའི་སྐུ་གསུང་ཐུགས་སུ་བྱིན་གྱིས་རླབས། རིགས་དྲུག་གི་གནས་ཐམས་ཅད་དུ་འོད་ཟེར་གྱིས་འདུ་འཕྲོས་ཁྱབ་ཅིང་རིགས་དྲུག་སོ་སོའི་སྒྲིབ་གཉིས་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཀྱང་ཐུལ་ཐུལ་བསྲེགས་ནས་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་བསྒོམས་ཤིང་དབྱངས་དང་བཅས་པའམ། མེད་ནའང་རུང་སྟེ། འབྲུ་གསུམ་ལ་སོགས་པའི་མཚན་མ་མ་བྱུང་གི་བར་བཟླས་པར་བྱའོ། །དེ་ལྟར་བྱས་པའི་རིགས་དྲུག་གི་ས་བོན་ཡི་གེ་དྲུག་རྒྱལ་བའི་སྐུ་གསུང་ཐུགས་ཀྱིས་ཡི་གེ་སྦྱང་ནས་འཁོར་བ་བདེ་སྡུག་གི་ལས་སྣ་ཚོགས་ཀྱི་སྒྲོག་ལས་གྲོལ་བར་འགྱུར་རོ། །གསུམ་པ་མཚན་མ་བརྟགས་པ་ནི། ལུས་ཀྱི་སྡིག་སྒྲིབ་བྱང་བའི་རྟགས་སུ་ཁྲུས་བྱ་བ་དང་། གོས་དྲི་མ་མེད་པ་གྱོན་པ་དང་། ལུས་ཤེལ་གྱི་གོང་བུ་ལྟར་གྱུར་བ་ལ་སོགས་རྣམས་འབྱུང་ངོ་། །ངག་གི་སྡིག་སྒྲིབ་བྱང་བའི་རྟགས་མཚན། དུང་འབུད་པ་དང་། རོལ་མོ་དང་། སྔགས་སྒྲ་སྒྲོགས་པ་དང་། གྲེ་ལྕེ་བདེ་བ་ལ་སོགས་པ་མང་དུ་འབྱུང་། ཡིད་ཀྱི་སྡིག་སྒྲིབ་བྱང་བའི་རྟགས་དབང་པོ་གསལ་བ། ཤེལ་ལ་སོགས་པ་ནོར་བུ་དང་བུམ་གཏེར་རྙེད་པ། དགེ་སྦྱོར་སྤྲོ་བ་ལ་སོགས་པ་འབྱུང་སྟེ། མདོར་ན་ལུས་ངག་ཡིད་གསུམ་ཐ་མལ་གྱི་མངོན་ཞེན་རྣམས་འགགས་ཤིང་ཡོན་ཏན་བདེ་ལེགས་ཡོད་པའི་མཚན་མ་རྣམས། རབ་མངོན་སུམ། འབྲིང་ཉམས་སྣང་། ཐ་མ་རྨི་ལམ་དུ་འབྱུང་བར་འགྱུར་རོ། །དེ་ལྟར་མཚན་མ་སྣ་རེ་ཙམ་མ་བྱུང་གི་བར་དུ་ཡང་ཡང་འབད་པར་བྱའོ། །དབང་ཉེ་བར་རྟོག་པ་ལས་ཀྱང་། ལུས་དང་ངག་ཡིད་རྣམ་པ་གསུམ་རུ་ཤན་ཕྱེད་པར་སུས་བྱས་པ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་དོ། །ཞེས་སོ། །དེ་ལྟར་ལུས་ངག་ཡིད་གསུམ་འཁོར་འདས་རུ་ཤན་མ་ཕྱེད་ན་འཁོར་བའི་རྒྱུ་ཡོད་ཀྱང་གོང་གི་ཡོན་ཏན་རྣམས་ལས་ལྡོག་པའི་སྐྱོན་ཡོད་དོ། །ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེད་ན། །ཁམས་གསུམ་ལུས་ངག་ཡིད་གསུམ་ཡང་། །འབྲེལ་བ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བཤད། །ཅེས་སོ། །གསུམ་པ་གསང་བའི་སྔོན་འགྲོ་ལ། རྣལ་དུ་དབབ་པ་དང་། སོར་འཇུག་པའོ། དང་པོ་རྣལ་དུ་དབབ་པ་ལ་གསུམ་སྟེ། དངོས་པོ། རྟགས་དང་། ཕན་ཡོན་དང་གསུམ་མོ། །དེ་ཡང་དང་པོ་ནི། སྒྲ་ཐལ་འགྱུར་ལས། འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པའི་རྣལ་དབབ་བྱ། །ཞེས་པ་དང་། སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེད་ན་ནི། །ལུས་ངག་རྣམས་ནི་རྣལ་དུ་དབབ། །ཅེས་གསུངས་པས། དཔེར་ན་ངལ་ཞིང་དུབ་པས་ངལ་གསོ་བ་དང་འདྲ་སྟེ། ཉི་ཁྲི་སྣང་བའི་མཇུག་དང་། མངོན་རྟོགས་རྒྱན་གྱི་འགྲེལ་ཆུང་ལས། གཞུང་ལུགས་དང་ནི་ཐམས་ཅད་ལས། །དུབ་པ་དག་གི་ངལ་གསོ་བྱས། །ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། །རིང་མོ་ཞིག་ནས་མཐོང་བ་ཡིན། །ཞེས་དང་། ཏོག་རྩེ་པའི་ཞལ་སྔ་ནས། དུབ་པ་སེམས་ཉིད་ཀྱི་མགྲོན་པོ་དག །སྤྲོ་དང་བྲལ་བར་ངལ་གསོ་ཞིང་། །སོ་མ་གཉུག་མ་རང་བབ་ངང་། །མ་བཅོས་ཕྱག་རྒྱ་ཆེན་པོའོ། །ཞེས་དང་། གོང་གི་སྔོན་དུ་འགྲོ་བའི་སྤྱོད་པ་རྣམས་བྱས་པས། རྩ་ཁམས་འབྱུང་བ་འཁྲུགས་ནས་ལུས་ངག་ཡིད་གསུམ་འཁྲུགས་ཤིང་དེ་ཁོ་ན་ཉིད་ཀྱི་དགེ་སྦྱོར་ལ་མི་འཇུག་པ་དགེ་སྦྱོར་ལ་འཇུག་པར་བྱ་བའི་ཕྱིར། སྒོ་གསུམ་རྣལ་དུ་དབབ་པ་ནི། འདས་རྗེས་ལས། དེ་ནས་ལུས་ངག་ཡིད་གསུམ་པོ་རྣལ་དུ་དབབ་ལ་མཁས་པར་བྱ། ཞེས་སོ། །ལུས་རྣལ་དུ་དབབ་པ་བདེ་པའི་གདན་ལ་ལུས་ཀྱི་ཆ་ཀློད་དེ། བསྒུལ་བསྐྱོད་མེད་པར་རང་བབས་སུ་ལྷོད་དེ་ཅི་བདེར་བཞག །ངག་བཟང་ངན་གྱི་བརྗོད་པ་ཅི་ཡང་མི་སྨྲ་ཞིང་། དབུག་གི་རྒྱུ་བ་ཟོ་ཀློད། ཅ་ཅོ་མེད་པར་གནས་པར་བྱའོ། །ཡིད་ནི་དུས་གསུམ་རྟོག་པའི་རྗེས་ཕྱིར་མི་སྤྲོ་ཞིང་དྲན་བསམ་བཀག་ནས་འབོལ་ལེ་ཤིགས་སེ་ལྷོད་དེ་གནས་པར་བྱའོ། །གཉིས་པ་རྟགས་ནི། ལུས་རྣལ་དུ་ཕེབ་པའི་རྟགས་ནི། ལུས་བསྒུལ་སྐྱོད་བྱེད་མི་འདོད་པ་འབྱུང་། ངག་རྣལ་དུ་ཕེབ་པའི་རྟགས་ནི། སྨྲ་སྙིང་མི་འདོད་པ་འབྱུང་། ཡིད་རྣལ་དུ་ཕེབ་པའི་རྟགས་ནི། འཕྲོ་འདུའི་རྟོག་པ་ཐམས་ཅད་རང་སར་དག་པར་འགྲོ་སྟེ། རྟགས་དེ་ལྟར་མ་བྱུང་གི་བར་དུ་འབད་དེ་ཉམས་སུ་ལོངས། གསུམ་པ་ཕན་ཡོན་ནི། ཀློང་གསལ་ལས། འདི་ལྟར་རྣལ་དུ་སུས་དབབ་པས། །འབྱུང་འཁྲུགས་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། །ཞེས་པ་དང་། མ་ཕེབ་པའི་སྐྱོན་ནི། དེ་ཉིད་ལས། ཡོན་ཏན་དེ་རྣམས་ལས་བཟློགས་པའི་སྐྱོན་ཡོད་དོ། །ཞེས་སོ། །དེ་ལྟར་ལུས་ངག་ཡིད་གསུམ་རྣལ་དུ་དབབ་པ་ལ་གནས་སྐབས་དང་མཐར་ཐུག་གི་དགོས་ཆེད་གཉིས། གནས་སྐབས་སུ་ལུས་ངག་ཡིད་གསུམ་རྣལ་དུ་ཕེབ་སྟེ་འབྱུང་བ་མི་འཁྲུག་སྟེ། ནད་རྐྱེན་མི་འབྱུང་ཞིང་བསམ་གཏན་གྱི་ངང་ལ་རང་བཞིན་གྱིས་གནས་པའི་དགོས་པ་དང་། མཐར་ཐུག་ལུས་ངག་ཡིད་གསུམ་བདག་འཛིན་རང་དག་ཏུ་འགྲོ་བའི་དགོས་པ་ཡོད་དོ། །འདས་རྗེས་ལས། རིགས་ཀྱི་བུ་ལུས་དལ་བ་ལ་བརྟེན་ནས་སྤྲུལ་པའི་སྐུ་ལ་རེག་པ་ཡིན་ནོ། །ངག་གི་དལ་བ་ལ་བརྟེན་ནས་ལོངས་སྐུ་ལ་རེག་པ་ཡིན་ནོ། །སེམས་ཀྱི་དལ་བ་ལ་བརྟེན་ནས་ཆོས་སྐུ་ལ་རེག་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་རྣལ་དུ་མ་ཕེབ་ན་གོང་གི་ཡོན་ཏན་རྣམས་བཟློགས་པའི་སྐྱོན་ཡོད་དོ། །གཉིས་པ་སོར་འཇུག་པ་ནི། ཀློང་གསལ་ལས། ཀ་དག་དེ་ནི་རྟོགས་བྱའི་ཕྱིར། །རྣལ་དུ་དབབ་ནས་སོར་ཆུད་ནས། །ཞེས་པ་དང་། གཞན་ཡང་། ལུས་དང་ངག་དང་སེམས་ཡིད་ལས། །རྣལ་དུ་དབབ་ལ་མཁས་པར་བྱ། །དེ་ནི་ལུས་ངག་སོར་ཆུད་ནས། །ཉམས་ལེན་ཉིད་ལ་བརྩོན་པར་འགྱུར། །ཞེས་པའི་སོར་འཇུག་པ་གལ་ཆེ་སྟེ། ལུས་ངག་ཡིད་གསུམ་ལྟ་སྟངས་ཀྱི་སོར་ཆུད་ནས་གནས་ལུགས་ཁྲེགས་ཆོད་ཀྱི་དོན་རྟོགས་པར་འགྱུར་བའི་ཕྱིར། སོར་འཇུག་པ་ནི་གསུམ་སྟེ། འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱི་སོར་ཡང་འཇུག །དེ་ནས་གསུམ་པོ་སོར་ཆུད་ན། །ཉམས་ལེན་ཉིད་ལ་བརྩོན་པར་འགྱུར། །ཞེས་པ་དང་། ཉན་ཐོས་ཀྱི་ལྟ་སྟངས་དང་ལུས་ཙོག་པུར་སོར་བཞག་ཅིང་རྣལ་དུ་ཕབ། ངག་སྨྲ་བའི་རྒྱུན་བཅད། རང་བབས་སུ་སོར་བཞག་ཅིང་རྣལ་དུ་དབབ། ཡིད་མིག་རྟེན་མཁན་ལ་གཏད་དེ། ཤེས་པ་རང་བབས་སུ་སོར་བཞག་ཅིང་རྣལ་དུ་དབབ་པར་བྱ་སྟེ། ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །ཞེས་སོ། །དེ་ནས་བྱང་སེམས་ལྟ་སྟངས་ནི། །ལུས་ནི་རྣམ་སྣང་ཆོས་བདུན་བཅས། ལུས་གཡོ་འགུལ་མེད་པར་རྩེ་གཅིག་ཏུ་དྲིལ་ལ་དྲང་པོར་མཉམ་པར་བཞག་ཅིང་རྣལ་དུ་དབབ་པར་བྱ་སྟེ། ཀློང་གསལ་ལས། བྱང་ཆུབ་སེམས་དཔའི་ལྟ་སྟངས་ནི། །རྣལ་ཕེབས་བདེ་བ་ཐོབ་པར་གྱུར། །ཅེས་སོ། །དེ་ནས་ཁྲོ་བོའི་ལྟ་སྟངས་ནི་སོར་བཞག་ཅིང་རྣལ་དུ་དབབ་སྟེ། ལུས་ཁྲོ་བོའི་ལྟ་སྟངས་ནི་མིག་བསྒྲད་པ་ལ་སོགས་པའི་ངང་ནས་སོར་བཞག་ཅིང་རྣལ་དུ་དབབ། ངག་ཏུ་ཧ་ཧ་ཧི་ཧི། ཧཱུྃ་ཧཱུྃ། ཕཊ་ཕཊ། ལ་སོགས་པ་དྲག་ལ་མྱུར་བ་བསྒྲགས་པའི་ངང་ནས་སོར་བཞག་ཅིང་རྣལ་དུ་དབབ། ཡིད་ནི་ལུས་ཀྱི་མིག་བར་སྣང་ལ་བསྒྲད་དེ་མི་འགུལ་བར་དྲང་པོར་བཞག །ངག་ལྐུག་པ་ལྟར་སྨྲ་བརྗོད་དང་བྲལ་བའི་ངང་ལས་རང་སར་བཞག །ཡིད་ཡ་ང་བག་ཚ་མེད་པར་ཕྱམ་མེ་པའི་ངང་ནས་རང་སར་བཞག་ཅིང་ལུས་ངག་ཡིད་གསུམ་རྣལ་དུ་ཕབ་པའི་གསལ་སྟོང་གི་ཉམས་སྐྱེ་བར་འགྱུར་ཏེ། ཀློང་གསལ་ལས། ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ནི། །རྣལ་ཕབ་ཡོན་ཏན་གསུམ་ཀྱང་འགྲུབ། །ཅེས་སོ། །དེ་ལྟར་ཉན་ཐོས་ཀྱི་ལྟ་སྟངས་ནི་ལུས་ངག་ཡིད་གསུམ་མི་གནས་པ་གནས་པར་བྱ། བྱང་ཆུབ་སེམས་དཔའི་ལྟ་སྟངས་ནི་གནས་པ་བརྟན་པར་བྱ། ཁྲོ་བོའི་ལྟ་སྟངས་ནི་བརྟན་པ་གྲོལ་བར་བྱའོ། །དེ་ལྟར་སོར་ཆུད་པ་ལ་དགོས་ཆེད་གཉིས་ཏེ། གནས་སྐབས་སུ་ལུས་ངག་ཡིད་གསུམ་ལ་བདེ་གསལ་མི་རྟོགས་པའི་ཉམས་བཟང་པོ་སྐྱེས། མཐར་ཐུག་ལྷག་མཐོང་ཀ་དག་གི་དགོངས་པ་རྟོགས་པར་འགྱུར་རོ། །དེ་ལྟར་སོར་མ་ཆུད་ན་གོང་གི་ཡོན་ཏན་དེ་རྣམས་ལས་བཟློགས་པའི་སྐྱོན་ཡོད་དོ། །གཉིས་པ་དངོས་གཞི་ནི་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱེད་བ་ལ་གཉིས་ཏེ། ཁྲེགས་ཆོད་དང་། ཐོད་རྒལ་ལོ། །དང་པོ་ལ་གསུམ་སྟེ། འཁྲུལ་གཞི་དང་། གྲོལ་གཞི། ཁྲེགས་ཆོད་ཀྱི་ངོ་སྤྲོད་དོ། །དེ་ལ་དང་པོ་འཁྲུལ་གཞི་ནི། དང་པོ་འཁོར་འདས་གཉིས་གཞི་གཅིག་ལ་གནས་པ་ལས་རིག་མ་རིག་གི་ཁྱད་པར་ལས་ལམ་གཉིས་དང་འབྲས་བུ་གཉིས་བྱུང་སྟེ། བཀྲ་ཤིས་མཛེས་ལྡན་ལས། རྟོགས་པའི་སངས་རྒྱས་མ་བྱུང་མ་རྟོགས་པའི་སེམས་མ་བྱུང་བའི་སྔོན་རོལ་ནས་རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལས་མ་གཡོས་ཏེ། རྐྱེན་མེད་པའི་སྣང་བ་གསུམ་དང་ཐབས་ཅིག་ཏུ་བཞག་གོ །དེས་ན་རིག་པ་རང་བྱུང་གི་ཡེ་ཤེས་རང་གི་འདུག་ཚུལ་གྱི་གནས་ལུགས་འདི་གསུངས་སོ། །ཀྱཻ་སྣང་བ་ཆེན་པོ་ཡངས་པའི་ཀློང་འདི་ནི། མ་གཡོ་བ་ཆེན་པོ་ལས་མ་འཁྲུལ་བའི་སངས་རྒྱས་ཆེན་པོ་ཞེས་བྱའོ། །ངོ་བོའི་སྐུ་མ་འགགས་པར་གནས་ཏེ། ངོ་བོ་མི་འགྱུར་ཐབས་གསང་བ། མ་གཡོས། མི་གཡོས། མི་སྐྱོད་པ། སྣང་བ་ཐམས་ཅད་དུས་གཅིག་ལ་རྫོགས་པ། ཡེ་ཤེས་ཐམས་ཅད་སྐད་ཅིག་ལ་རྫོགས་པ། སྐུ་ཐམས་ཅད་སྨིན་པར་གནས་པ་འོད་ཀྱི་སྣང་བ་ཐམས་ཅད་མ་སྒྲིབ་པར་གསལ་བ། གནས་ལུགས་ཀྱི་སྣང་བ་ལ། སྣང་ཐབས་ཀྱི་མ་བསྒྲིབས་པའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་རྒྱ་མ་ཆད་པར་ཡོངས་སུ་རྫོགས་པ་ཆེན་པོའོ། །དེ་ལྟར་འཁོར་འདས་མཉམ་པ་ཉིད་གཞན་དུའོ་ཞེ་ན། རང་གི་རང་མ་རིག་སྟེ། དཔེར་ན་རང་གི་བྱད་མེ་ལོང་ལ་ཤར་བ་བཞིན་དུ་བཟུང་བ་ལྟར་གཞི་ལ་འོད་ཁྱིམ་ལྟ་བུར་ཤར་བ་ལས། ཕ་གི་ལ་ང་བྱུང་ངམ་ང་ལ་ཕ་གི་བྱུང་སྙམ་པའི་ཤེས་པ་ཕྲ་མོ་འགྱུས་པ་ལས་འཁྲུལ་ཏེ། ངོ་བོ་ལས་འཁྲུལ་རྒྱུ་མེད་ཀྱང་སྙམ་མམ་རྣམ་པ་ལས་འཁྲུལ་བ་ནམ་མཁའ་ལ་སྤྲིན་ཡང་དག་པ་མེད་ཀྱང་གློ་བུར་དུ་བྱུང་བ་བཞིན། དེ་ཡང་རྒྱུ་མ་རིག་པ་སྟེ། མ་རིག་པ་ལས་འདུ་ཤེས། འདུ་ཤེས་ལས་རྣམ་ཤེས། དེ་ལས་མིང་། དེ་ལས་གཟུགས། དེ་ལས་སྐྱེ་མཆེད་དྲུག །དེ་ལས་རེག་པ། དེ་ལས་ཚོར་བ། དེ་ལས་སྲེད་པ། དེ་ལས་ལེན་པ། ལེན་པ་ནས་སྲིད་པ། སྲིད་པ་ལས་སྐྱེ་བ། སྐྱེ་བ་ལས་རྒ་ཤི་སྟེ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་འཁྲུལ། དེ་བཞིན་དུ་གཞི་དེ་ལས་ལམ་འཁོར་བ་བྱུང་སྟེ་འབྲས་བུ་སྡུག་བསྔལ་འབའ་ཞིག་མྱོང་དུ་འབྱུང་སྟེ། རིགས་དྲུག་སོ་སོའི་སྡུག་བསྔལ་མཐའ་ཡས་པ་ནི་རང་ངོ་མ་ཤེས་པ་ལས་བྱུང་ངོ་། །ཡེ་ནས་རང་ལ་ཡོད་པའི་ཀ་དག་གི་ཡེ་ཤེས་རང་ལ་ཡོད་ཅིང་གཞན་ལ་མི་ལྟོས་པས་ས་ལེ་སྦྲམ་ཡེ་ནས་གསེར་ཡིན་པ་དང་། ཏིལ་དང་འོ་མ་ལ་མར་གྱིས་ཁྱབ་པ་བཞིན་བདེ་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ་པར་གནས་པའི་རང་ངོ་ཤེས་པར་བྱ་དགོས་སོ། །གཉིས་པ་གྲོལ་གཞི་ནི། ཀུན་ཏུ་བཟང་པོའི་གཞི་ཐོག་ཏུ་སྐད་ཅིག་ལ་གཞི་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱ་རང་སྣང་དུ་ཤར་བ་དེ། གཞན་དུ་མ་བཟུང་བར་གཟུ་བོའི་བློས་རང་གདངས་སུ་ངོ་ཤེས་པས་འགྱུ་བ་རང་ཐག་ཏུ་ཆོད་དེ། སྐད་ཅིག་དང་པོ་ལ་རང་སྣང་དུ་ཤར་བ་རང་ངོ་ཤེས་པའི་རྟོག་པ་སྐྱེས་ཏེ། བྱེ་བྲག་བུམ་སྐུར་གནས་པ་ལས། ཡེ་ཤེས་ཀྱི་མེ་རླུང་གཡོས་པའི་རང་སྣང་རང་མདངས་སུ་ཤར་བ་ལས་གྲོལ་གཞི་དང་འཁྲུལ་གཞི་གཉིས་བྱུང་སྟེ། དང་པོ་གཞོན་ནུ་བུམ་པའི་སྐུའི་རྒྱ་ཁ་རལ་ཏེ། གཞི་མི་འགྱུར་བ་ལས་རང་བཞིན་མ་འགགས་པར་ཤར་ནས་ཐུགས་རྗེ་མ་ངེས་པ་ལས་མ་རིག་པ་རང་བྱུང་སྟེ། དཔེར་ན་ནམ་མཁའི་སྤྲིན་ཡང་དག་པར་ཡོད་པ་མ་ཡིན་ཏེ་གློ་བུར་དུ་སྤྲིན་འབྱུང་བ་དང་འདྲ་བར་གཞི་ལས་མ་རིག་པ་ཡོད་པ་ཅང་མ་ཡིན་ཏེ། ཐུགས་རྗེ་ཤར་བ་ལ་མ་རིག་པ་བྱུང་སྟེ་གཞི་ལྷུན་གྲུབ་ཀྱི་གནས་ལུགས་ཞེས་བྱ་བ་ཆགས་སོ། །དེ་ཡང་མ་ངེས་པའི་སྣང་བ་ཆེན་པོ་ཞིག་ཏུ་གནས་སོ། །དེ་ཡང་འཆར་ལུགས་རྣམ་པ་བརྒྱད་དང་ལྡན་པ་རིན་པོ་ཆེ་གའུ་གནས་ལུགས་ཞེས་བྱ་སྟེ་འདོད་ཡོན་གྱི་གོ་མ་འགགས་པའོ། །མ་གྲུབ་པའི་གྲུབ་པ་ཆེན་པོར་གནས་པ་ཐུགས་རྗེ་ལྟར་འཆར་བའི་གོ་མ་འགགས་པའོ། །འོད་འཆར་བས་སྣང་བ་གོ་སྣང་བ་མ་འགགས་པ། ཡེ་ཤེས་ལྟར་འཆར་བའི་ལོངས་སྤྱོད་མ་འགགས་པ། སྐུ་ལྟར་འཆར་བའི་ངོ་བོ་མ་འགགས་པ། གཉིས་མེད་ལྟར་འཆར་བའི་ལྟ་བ་མ་འགགས་པ། མཐའ་གྲོལ་ལྟར་འཆར་བའི་ཐབས་མ་འགགས་པའོ། །དག་པ་ཡེ་ཤེས་ཀྱི་འཇུག་སྒོ་མཐར་ཕྱིན་པ། མ་དག་པའི་ཐུགས་རྗེ་མ་འགགས་པ། འདོད་ཡོན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཞེས་སོ། །འཁོར་འདས་ཀྱི་སྣང་བ་དུས་གཅིག་ལ་ཤར་བས་སེམས་རང་མདངས་རང་ངོ་མ་ཤེས་པར་འཁྲུལ་ཏེ། དེ་ཡང་མ་རིག་པ་གང་མ་རིག་བྱེད་ཅིང་འཁྲུལ་བ་སངས། ཡེ་ཤེས་རྒྱས་པས་གཞི་འབྲས་སུ་སྨིན་ཏེ། ངོ་བོ་ཡེ་སངས་རྒྱས་པ་རྟོགས་པས་ཡང་སངས་རྒྱས་ཞེས་བྱ་སྟེ། རང་སྣང་ཀ་དག་ཏུ་ཐིམ་ནས་གཞི་ཐོག་ཏུ་ཀུན་གྱི་སྔོན་རོལ་དུ་སངས་རྒྱས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། ཐུགས་ཀར་ལས། དེ་ལྟར་འཁོར་འདས་ཐོག་མཐའ་ལ། །སངས་རྒྱས་འཁྲུལ་བར་མ་གྱུར་པས། །གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་པར་ཤེས། །རྟོགས་དཔྱོད་ཡིད་རྣམ་ཕྱིར་མ་ཤོར། །འགྱུ་བ་རང་ཐག་ཆོད་པའོ། །ཞེས་སོ། །དཔལ་ཀུན་ཏུ་བཟང་པོ་ལ་རང་བྱུང་གི་ཆོས་གསུམ་ཡོད་དེ། མ་ཆོས་ཉིད་ཀྱི་དཀྱིལ་འཁོར་ལ་བུ་རང་བྱུང་གི་ཡེ་ཤེས་ཤར་ཏེ། ལུང་ལས་མ་བྱུང་བའི་མན་ངག་རང་ལ་ཤར་ཏེ། ལུང་སྟོན་པའི་བླ་མ་མེད་པར་སངས་རྒྱས་སོ། །སེམས་ལས་མ་བྱུང་བའི་ཡེ་ཤེས་རང་གིས་རིག་སྟེ་སངས་རྒྱས་སོ། །རྒྱུ་ལས་མ་བྱུང་བའི་འབྲས་བུ་རང་ལ་བརྙེས་ནས་སངས་རྒྱས་སོ། །དེ་ཡང་སངས་རྒྱས་སེམས་ལ་མི་རེ། ལམ་སྒོམ་པ་ལ་མི་ལྟོས། འབྲས་བུ་ཕྱི་དུས་ལ་མི་འཇོག །ཅེས་པ་དང་། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སེམས་ལ་མ་བྱུང་སངས་རྒྱས་ནི། །རང་བྱུང་ཡེ་ཤེས་ཆོས་སྐུ་སྟེ། །སངས་རྒྱས་ཡིན་གྱི་ངེས་པའི་དོན། །རྣལ་འབྱོར་ཀུན་གྱི་དམ་པའི་ལམ། །མ་བྱུང་མཁྱེན་པའི་ཡེ་ཤེས་མཆོག །ཅེས་པ་དང་། དེ་བཞིན་དུ་འཁོར་འདས་གཉིས་ངོ་བོ་གཅིག་ཀྱང་རིག་དང་མ་རིག་གི་ཁྱད་པར་ལས། རིག་པས་སངས་རྒྱས་བདེ་བ་ཆེན་པོ་དང་། མ་རིག་པས་སེམས་ཅན་སྡུག་བསྔལ་སྣ་ཚོགས་མྱོང་བ་འདི་དག་བྱུང་ངོ་། །ད་ནི་འཁོར་བ་ལ་རྒྱབ་ཕྱོགས་ཤིང་སྡུག་བསྔལ་སྤངས་ནས་བདེ་བ་བསྒྲུབ་དགོས་ཏེ། དེ་ཡང་། སེམས་ཆུང་འབྲིང་དང་མཆོག་གྱུར་པ། །མ་རིག་ལས་བྱུང་རྒྱལ་བས་གསུངས། །རྩ་བ་སེམས་ཀྱི་མ་རིག་པ་འདི་ལས་སེམས་སེམས་བྱུང་འདིས་འཁོར་བའི་རྒྱུ་ཐམས་ཅད་བསྐྱེད་དེ། དེ་ཡང་སངས་རྒྱས་ངོ་སྤྲོད་རིན་པོ་ཆེའི་གསང་པའི་རྒྱུད་ལས། ཀྱཻ་གསང་བའི་བདག་པོ་སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ནི་འཁོར་བའོ། །ཞེས་པ་དང་། སེམས་བྱ་བའི་མི་དྲན་དགུ་དྲན་འདིས་འཇིག་རྟེན་གྱི་བྱ་བྱེད་དགེ་སྡིག་དགྲ་གཉེན་དོན་ཡོད་མེད་ལུང་མ་བསྟན་གྱི་ལས་ཐམས་ཅད་འདིས་བསགས་པ་ཡིན་ཏེ། རྟགས་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པོ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་དང་། མདོ་ལས། ཀྱེ་རྒྱལ་བའི་སྲས་དག །ཁམས་གསུམ་ནི་སེམས་ཙམ་མོ། །ཞེས་སོ། །སེམས་ནི་རི་མོ་མཁན་དང་འདྲ་སྟེ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་སེམས་ཀྱིས་བྲིས་པའོ། །དེ་བཞིན་དུ་སེམས་མི་འགྱུ་དགུ་འགྱུ་འདིས་རྣམ་ཤེས་ཚོགས་དང་སེམས་བྱུང་ལྔ་བཅུ་རྩ་གཅིག་ལ་སོགས་པའི་འཁོར་བ་ཟག་པ་དང་བཅས་པའི་བག་ཆགས་ཐམས་ཅད་བསགས་ནས་རང་རིག་པ་སྒྲིབ་པར་བྱེད་པས། འདིའི་མཚན་ཉིད་ཀྱི་མཚང་རྣམས་རིག་པར་བྱ་ཞིང་སངས་རྒྱས་སུ་དགོས་རྒྱུ་ཡིན་པས། སེམས་སངས་ན་སངས་རྒྱས་ཏེ། འདའ་ཀ་ཡེ་ཤེས་ལས། སེམས་ནི་སངས་རྒྱས་འབྱུང་བའི་རྒྱུ་ཡིན་ཞིང་སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་མི་འཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་དང་། མདོ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་དང་། སེམས་གློ་བུར་གྱི་དྲི་མས་ཡེ་ཤེས་སྒྲིབ་པར་བྱེད་པ་དཔེར་ན་མེ་ལོང་གི་གཡའ་དང་། གཟར་སྒྲིབ་པའི་སྤྲིན་ཕུང་བཞིན་སེམས་གློ་བུར་གྱི་དྲི་མ་བསལ་དགོས་ཏེ། དེ་ཡང་ལུང་ལས། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་སྒྲིབ། །དྲི་མ་དེ་བསལ་སངས་རྒྱས་ཉིད། །ཅེས་སོ། །གསུམ་པ་ཁྲེགས་ཆོད་དངོས་ལ་གསུམ་སྟེ། བྱུང་གནས་འགྲོ་གསུམ་བརྟག་པ། གཞི་རྩ་བཅད་པ། ངོ་སྤྲད་པ་དང་གསུམ་མོ། །དེ་ཡང་དང་པོ་ནི། ཡེ་ནས་ཡོད་པའི་གནས་ལུགས་ཚེ་གཅིག་ལུས་གཅིག་ལ་རྟོགས་པར་བྱེད་པ་ལ་བླ་མ་ཉམས་མྱོང་ཅན་སློབ་མ་དད་པ་དང་ལྡན་པས་རྟོགས་པ་ཡིན་ཏེ། གོང་མ་རྣམས་ཀྱི་ཞལ་རྒྱུན་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། དེ་ཡང་བླ་མས་དུས་ཐབས་ཟབ་མོ་གལ་ཆེ། སློབ་མ་སྣོད་དང་ལྡན་པ་ལ་གདམས་པ་གང་བྱོས་ཀྱི་ཚུལ་དུ་བླུག་པས་དོན་དཀའ་ཚེགས་མེད་པར་འགྲུབ་སྟེ། དེ་ཡང་ལུང་ལས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱལ་ལས་ནི་ཆུར་ཤེས་བཞིན། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཉི་མའི་དཀྱིལ་འཁོར་འོད་འབར་ཞིང་། །མེ་ཤེལ་མིན་པས་མེ་མི་འབྱུང་། །ཞེས་སོ། །དེས་ན་བླ་མའི་གདམས་ངག་ལ་བསྟེན་ནས་མེ་ཆ་དང་སྤྲ་བ་འཕྲད་པ་ལྟར་རྟེན་འབྲེལ་འགྲིགས་དགོས་ཏེ། བླ་མའི་གསུང་ལ་བསྟེན་པ་དང་། །བྱིན་རླབས་ཅན་གྱི་ལམ་གནས་ཡིན། །དད་པ་ཅན་གྱི་རྟོགས་བྱ་ཡིན། །ཐ་སྙད་ཅན་གྱི་གོ་བ་མིན། །རྟོག་གེ་ཅན་གྱིས་ཤེས་པ་མིན། །ཞེས་སོགས་ལུང་མང་པོར་གསུངས། ད་རང་བྱུང་གི་ཡེ་ཤེས་རྟོགས་པར་བྱེད་པ་ལ། དབེན་པའི་གནས་སུ་ཕྱི་ནང་གི་བྱ་བ་བཏང་ནས་བདེ་བའི་གདན་ལ་ལུས་རྣམ་སྣང་གི་ཆོས་བདུན་བཅས་ནས། གསར་རྙིང་གི་ཁྲིད་གཞུང་རྣམས་མན་ངག་ཡོངས་སུ་གྲགས་པ་ལས། འདས་པའི་རྗེས་མི་གཅོད། མ་འོངས་པའི་མདུན་མི་བསུ། ད་ལྟའི་ཤེས་པ་ལ་བཟོ་མི་བྱ། ལུས་ངག་ཡིད་གསུམ་རྣལ་དུ་ཕབ་ནས་ལུས་ཀྱི་འཕྲུལ་འཁོར་རྣམ་སྣང་གི་ཆོས་བདུན། ངག་གི་སྨྲ་བཅད་ལྐུག་པ་ལྟ་བུ། ཡིད་ཀྱི་བཞག་ཐབས་རང་ཐག་གི་ཆུ་བཅད་པ་ལྟ་བུའོ། །དེ་ཡང་ལུས་རྣམ་སྣང་གི་ཆོས་བདུན་ནི། རྐང་བ་རྡོ་རྗེའི་སྐྱིལ་ཀྲུང་། ལག་པ་གཉིས་ལྟེ་འོག་མཉམ་བཞག་གི་ཕྱག་རྒྱ། དཔུང་བ་རྒོད་གཤོག་ལྟར་བརྒྱང་བ། སྒལ་ཚིགས་མདའ་ལྟར་བསྲངས། མིག་སྣ་རྩེ་ལ་དབབ། ལྕེ་ཡར་རྐན་ལ་སྦྱར། མགྲིན་པ་ཡུད་ཙམ་དགུག །ལུས་དགྱེ་རྒུ་འཁྱག་འཁྱོག་མེད་པ་དཔེར་ན་ལྷ་ཁང་ནང་ལ་འདེར་སོ་བཞག་པ་བཞིན། དབང་པོ་རྣམས་རང་ལུགས་སུ་ལྷོད་ཆགས་པ། མིག་གཡས་གཅུས་དང་གཡོན་གཅུས་མེད་པ། ཚབ་ཚུབ་དང་ཁྱག་ཁྱོག་མེད་པ། ཧར་ཧར་གདངས་ཆེ་བ་ཡང་མ་ཡིན། བཙུམ་པ་ཡང་མ་ཡིན། ཁ་མིག་བཀྲ་ལམ་མེ་བ་དབང་པོའི་སྒོ་རྣམས་མ་འགགས་པ། ལུས་ཀྱི་ཆ་ནས་ཀློད་པ། སོག་མའི་ཕོན་ཐག་བཤིགས་པ་བཞིན་འབོལ་ཤིགས་སེ་གནས་པར་བྱ་སྟེ། བདེ་དང་ལྷོད་དང་ཡང་དང་གསུམ། ཕྱི་འབྱུང་བཞི་ལུས་ཀྱི་བཞག་ཐབས་ཡིན་ཏེ། ཀློང་གསལ་ལས། ལུས་མི་འགུལ་བར་དལ་བར་བྱ། །ངག་ནི་མི་སྨྲ་རང་སར་བཞག །སེམས་ནི་མི་འཕྲོ་ངང་ལ་ཀློད། །མིག་གཉིས་ཟིམ་བུས་མཁའ་ལ་གཏད། །ཁ་ནི་ཡུད་ཙམ་གདངས་པ་ལས། །སོ་ཡི་བར་དུ་ནས་ཐར་ཙམ། །སྒོ་གསུམ་རླུང་གི་དལ་བ་ལས། །ཡིད་ཙམ་ཕྱིར་ལ་འདུར་བའོ། །ཡང་དེ་ཉིད་ལས། སེམས་ནི་དྲན་བསམ་མི་སྤྲོ་ཞིང་། །མིག་གཉིས་སྣ་ཡི་རྩེ་ལ་གཏད། སེམས་ཡང་སྣ་ཡི་རྩེ་ལ་གཏད། །གཅིག་ཏུ་དྲིལ་ལ་མཉམ་པར་བཞག །ཅེས་མཉམ་པར་བཞག་པའི་ཚེ་ན་གཞག་བྱ་དང་འཇོག་བྱེད་ཀྱི་ངོ་བོ་ཅི་ལྟར་བརྟགས་པར་བྱ་སྟེ། ཡོད་པ་དང་མེད་པའི་རྩ་བ་ལེགས་པར་བཅད་དོ། །སེམས་འདི་ཐམས་ཅད་བྱེད་པ་པོ་ལུས་ངག་ཡིད་གསུམ་གཙོ་གང་ཆེ་བར་འདུག་ལེགས་པར་བརྟག་པས་ལུས་ཀྱི་བདེ་སྡུག །གྲང་དྲོད། བརྒྱག་ལྟོག །སྒོ་ལྔའི་འཛིན་པ་ཐམས་ཅད་ཡིད་ཀྱི་བྱས་པ་དང་ངག་གི་སྨྲ་བརྗོད་བླང་དོར་བྱེད་པ་པོ་ཡིད་ལ་འདུས་པས་ཡིད་གཙོ་ཆེ་བར་ཐག་ཆོད་ནས་ཡར་ཐར་བ་ཐོབ་ན་བདེ་བ་འབྱུང་བ་དང་། མར་འཁོར་བར་འཁྱམས་པའི་སྡུག་བསྔལ་མྱོང་མཁན་བྱེད་པ་པོ་འདི་ཅི་ལྟ་བུ་ཞིག་འདུག་བརྟགས་ཏེ། ལུས་མགོ་མཇུག་གང་དུ་གནས། གནས་མཁན་དང་གནས་ས་བརྟགས། འདི་ན་གནས་སྙམ་པའི་ཤེས་པ་བྱུང་ཚེ་གནས་མཁན་ཁ་དོག་དང་དབྱིབས་རྒྱུ་རྐྱེན་ཆེ་ཆུང་ཅི་ལྟར་འདུག་ལེགས་པར་བརྟགས་ཏེ། ནང་ལ་འདི་ན་གནས་ཞེས་བྱ་བར་གནས་ས་མ་རྙེད། གནས་མཁན་གྱི་ངོ་བོ་དང་པོ་འདི་ནས་བྱུང་ད་ལྟར་འདི་ན་གནས་ཞེས་བྱ་བའི་ཁ་དོག་དབྱིབས་དངོས་པོ་ངོས་བཟུང་དང་བྲལ་ནས་མ་རྙེད་པར། ཕྱིའི་འབྱུང་བ་ཆེན་པོ་ལྔ་དང་རི་རབ་ཁང་ཁྱིམ་ནམ་མཁའ་ས་གཞི་བར་སྣང་གང་ན་གནས་ལེགས་པར་བརྟགས། གནས་ས་དང་གནས་མཁན་སྔ་མ་ལྟར་ངོ་བོ་དང་ངོས་བཟུང་མ་རྙེད་ཚེ། གནས་མེད་གནས་ཡིན་རྒྱལ་བའི་གནས་སར་གསུངས། །གང་ན་མི་གནས་པ་དེའང་གནས་པའི་མཆོག །ཞེས་པ་སྟེ། ཀློང་གསལ་ལས། དེ་ནས་སེམས་ཀྱི་གནས་པ་ཅི། །ཡོད་དམ་ཞེ་ན་ངོ་བོ་སྟོང་། །མེད་དམ་ཞེ་ན་བརྟག་བྱེད་གསལ། །སྟོང་གསལ་ངོས་བཟུང་བྲལ་བའོ། །ཞེས་དེ་ལྟར་སེམས་རང་གནས་སུ་བཞག་ཅིང་སེམས་ཕྱི་ནང་གི་གནས་ས་བཙལ་ཀྱང་གནས་མཁན་གྱི་ངོ་བོ་མ་རྙེད་ཀྱང་རྣམ་པར་རྟོག་པ་མི་འཕྲོ་དགུ་འཕྲོ་འདི་འདས་མ་འོངས་ད་ལྟའི་རྗེས་སུ་འབྲང་བའི་ཤེས་པ་གྱ་གྱུ་བ་འདི་ཅི་ལྟར་འགྱུ་གང་ནས་འགྲོ། འགྲོ་མཁན་གྱི་ངོ་བོ་ཡོད་ཀྱི་འགྲོའམ་མེད་ནས་འགྲོ། མེད་ནས་འགྲོ་ན་འགྲོ་མཁན་དོན་མ་མཆིས། ཡོད་ནས་འགྲོ་ན་འགྲོ་མཁན་གྱི་ངོ་བོ་བྱེད་པ་པོ་དེ་འགྲོ་བ་ལྷ་མི་ཁྱད་པར་དུ་འགྲོ། ས་ལ་འཛུལ་བ། ནམ་མཁའ་ལ་འཕུར་བ། འགྲོ་བ་རིགས་དྲུག་གི་གཟུགས་ལྟར་འགྲོ། མཚན་མ་ཁ་དོག་ཆེ་ཆུང་ཇི་ལྟར་འགྲོ་ལེགས་པར་བརྟག །དེ་ཡང་འདི་ལྟར་སེམས་འཚོལ་གྱི་མན་ངག་གལ་པོ་ཆེ་ཡིན་པས་ནན་ཏན་དུ་བྱས་ཏེ། རྒྱུན་མ་ནས་རྒྱུན་མར་ཉིན་མཚན་བརྟག་པ་ལ་འབད་པར་བྱའོ། །སེམས་ཀྱི་སེམས་འཚོལ་བ། སེམས་ཀྱི་སེམས་འདུལ་བ། སེམས་ཀྱི་མཚང་བཙལ་བ། སེམས་ཀྱི་ཁང་བུར་བཤིག་པ། སེམས་ཀྱི་རྫུན་ཁུང་བརྡིབས་པ། བདེན་རྫུན་ཁྲིམས་རར་གཏུག་པ་བཞིན་ཕུ་དེད་མདའ་དེད། ཕུབ་ཐོག་ཏུ་མདུང་དྲིལ་བ་བཞིན། ཁབ་མིག་ཏུ་སྲད་བུ་འཇུག་པ་བཞིན། སེམས་ཀྱི་མཚན་ཉིད་ཞིབ་མོར་བརྟགས་པར་བྱ། དེ་ཡང་སེམས་ཀྱིས་སེམས་འདུལ་བ། རྡོས་རྡོ་བཅག་པ་བཞིན། ལྕགས་ཀྱིས་ལྕགས་རྣོ་གཅོད་པར་བྱེད་པ་དང་། ཤིང་གི་མེས་ཤིང་རྣམས་བསྲེགས་པར་བྱེད་པ་དང་། དྲི་མས་དྲི་མ་འཁྲུ་བ་དང་། དག་པས་དག་པ་མཚོན་པ་དང་། ཆང་ནད་ཆང་གིས་སེལ་བ་དང་། དུག་ནད་དུག་གིས་སེལ་བ་བཞིན། རིག་ནི་མཐུན་པས་འདུལ་བ་ཡིན། རང་རང་དགྲ་ནི་རང་རང་བྱེད། ཞེས་པའི་སེམས་ཀྱིས་སེམས་ལ་བརྟགས་ཞིབ་ཡང་ཡང་བྱ། འགྲོ་མཁན་ཀྱི་སེམས་ལ་བརྟག་ཞིབ་བྱས་ཀྱང་འགྲོ་མཁན་འདི་ལྟ་བུ། ཁ་དོག་དབྱིབས་སུ་གྲུབ་པ་གང་ཡང་མ་མཐོང་། སྔར་ཕྱིན་པའི་ཡུལ་ལ་འདི་ལྟར་ཕྱིན་སྙམ་པའི་ངེས་པ་མ་རྙེད། ཡུལ་དེ་ཕྱིར་བྱུང་བ་ཡང་མ་ཡིན། རང་ཉིད་ཡེང་ཞིང་འཁྲུལ་བའི་རྣམ་རྟོག་འཕྲོས་པ་མ་གཏོགས་ངོས་བཟུང་གང་ཡང་མ་བྱུང་བས། ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། དེ་ལྟར་སྒོམ་པའི་རྣམ་རྟོག་ཀུན། །ཐམས་ཅད་ལུས་དང་སེམས་ལས་འབྱུང་། །ལེགས་པར་ཐག་བཅད་སེམས་སུ་དྲིལ། །ཞེས་དེ་ལྟར་ཐམས་ཅད་སེམས་སུ་འདུས་ཤིང་བརྟག་པའི་ཚེ། གནས་མཁན་སེམས། འགྲོ་མཁན་ཡང་སེམས། ལྟ་མཁན་ནི་སེམས། ཐམས་ཅད་བྱེད་པ་པོ་སེམས་ཉིད་དེ། ཁོ་རང་གཞི་གཅད་པར་བྱ་སྟེ། སེམས་འདི་ཡོད་པ་ཡིན་ནམ་མེད་པ་ཡིན། གཉིས་ཀ་ཡིན་ནམ་གཉིས་ཀ་མ་ཡིན། གཅིག་ཡིན་ནམ་བརྟག་ཞིབ་དང་། ཐམས་ཅད་སེམས་ཀྱི་བྱེད་ན། རྣ་བའི་སྒྲ། མིག་གི་གཟུགས། སྣའི་དྲི། ལྕེའི་རོ། ལུས་ཀྱི་རེག་བྱ། འདི་དག་སེམས་གཅིག་པུས་བྱེད་ན་འོན་ལོང་ཁ་ལྐུག་སོགས་ཡོང་མི་སྲིད་དེ་ཡིན་པའི་ཕྱིར་རོ། །དེ་དག་སོ་སོས་བྱེད་ན་ཤི་བའི་ཚེ་ན་དབང་པོ་ཐམས་ཅད་རོ་ལ་ཚང་། འདི་དག་མཚན་ཉིད་ལེགས་པར་བརྟག་པས་སེམས་ནི་ཁ་དོག་དངོས་པོ་མཚན་མར་མ་མཐོང་ཚེ། ལུང་ལས། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཅི་ཡང་མ་མཐོང་དེ་མཐོང་ཡིན། ཞེས་དང་། ཀློང་གསལ་ལས། སེམས་མེད་ལུས་འདི་ཅི་འདྲ་བརྟག །ལྡེར་སོ་འདྲ་བ་ཐག་ཀྱང་བཅད། །ལུས་མེད་སེམས་འདི་ཅི་འདྲ་བརྟག །རླུང་དང་ནམ་མཁར་ངོས་ཀྱང་བཟུང་། །སེམས་སུ་ཐག་བཅད་ཚར་རྗེས་སུ། །རྣམ་རྟོག་ཐམས་ཅད་སེམས་ལ་སྦྱར། །སེམས་དང་རྣམ་རྟོག་གཅིག་ཏུ་དྲིལ། །ཞེས་སོ། །གཉིས་པ་གཞི་རྩ་བཅད་པ་ནི། དེ་ཡང་ཞི་གནས་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་བྱ་སྟེ། སྤྱོད་འཇུག་ལས། རྣམ་རྟོག་ཉེ་བར་ཞི་བའི་ཕྱིར། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །ཞེས་དང་། རྡོ་རྗེ་བརྩེགས་པའི་རྒྱུད་ལས། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཡང་། །རྩ་བ་བྱང་ཆུབ་སེམས་སུ་འདུས། །ཞེས་པས་ལུས་རྣམ་སྣང་ཆོས་བདུན་དང་ལྡན་པའི་ངང་ནས་སེམས་བཅའ་བཅོས་དགག་སྒྲུབ་མེད་པར་རང་མལ་དུ་ཕྱམས་ཀྱིས་བཞག་པར་བྱ། དེ་ཡང་སེམས་ཚོགས་དྲུག་གི་ཡུལ་དུ་འཕྲོ་བ་འདྲ་བར་འདུག་ན་དགག་སྒྲུབ་མེད་པར་བར་མེད་དུ་ཧ་རེ་བཞག །ནང་རིག་པ་རང་གནས་སུ་འདུག་ན་ལྷན་ནེ་བཞག །རིག་པའི་ངོ་བོ་ལ་ཅེར་གྱིས་ལྟ་ཞིང་ཅོག་གིས་འཇོག །གྲིམ་གྱིས་སྒྲིམ་ནས་ལྷོད་ཀྱིས་ལྷོད། སྒྲིམ་ལྷོད་རན་པའི་ངང་ནས་བཞག་པར་བྱ། དེ་ལྟར་བཞག་པའི་ཚེ་ན་རྣམ་རྟོག་མི་འགྱུ་དགུ་འགྱུ་འདས་པ་དང་མ་འོངས་པ་དང་། ད་ལྟ་ཡི་རྟོག་པའི་དབང་དུ་མི་གཏོང་ཞིང་རྣམ་རྟོག་གི་ངོ་བོ་ལ་བལྟ་ཞིང་རང་ཞིར་འགྲོ་བའི་གནད་ཡིན་ཏེ། དེ་ཡང་ཕྱོགས་ཀྱི་གླང་པོའི་འཇམ་དཔལ་ལ་བསྟོད་པ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །སྲིད་པའི་རྒྱ་མཚོ་ལྟུང་བྱེད་ཡིན། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདས། །ཞེས་སོ། །དེས་ན་ཡེ་ནས་ཡོད་པའི་གནས་ལུགས་ཀ་དག་ཆེན་པོ་དེ་རྒྱུན་དུ་འགྲོགས་ཀྱང་ངོ་མ་ཤེས། མཉམ་པོར་གནས་ཀྱང་རྩར་མ་ཆོད། རྣམ་རྟོག་ཉོན་མོངས་ཆེན་པོ་འདིའི་དབང་དུ་སོང་བས་ད་ནི་རྣམ་རྟོག་ཞི་བར་བྱ་དགོས། དེ་ཡང་རྣམ་རྟོག་ཞི་བར་བྱེད་པ་ལ། སྤངས་པའི་སྤངས་པ་མ་ཡིན་ཏེ། །སྒོམ་པའི་སྤངས་པ་ཉིད་ཀྱང་ཡིན། །ཞེས་ལུས་ངག་ཡིད་གསུམ་རྩེ་གཅིག་ཏུ་མ་ཡེངས་བར་བྱས་ནས་གཉེན་པོར་བསྟེན་ཅིང་དྲན་པ་རྒྱ་མཚོའི་ཆུ་བོའི་རྒྱུན་བཞིན་དུ་འཕྲོ་མཐུད་དགོས། རྣམ་རྟོག་གང་ཤར་གྱི་ངོ་བོ་ལ་ཅེར་གྱིས་བལྟས་པས་རང་ཞིར་འགྲོ་སྟེ་འོ་ཁོལ་ནང་དུ་ཆུ་བླུག་པ་ལྟར། རྣམ་རྟོག་འབུར་འཇོམས་སུ་བྱ་བ་ཡིན། དེ་ཡང་རྣམ་རྟོག་དང་མི་རྟོག་པ་སོ་སོར་འདུག་གམ། བརྟགས་པའི་རྣམ་རྟོག་སྤང་དུ་མེད་པ་མི་རྟོག་བླང་དུ་མེད་པ་གཉིས་མེད་ངོ་བོ་གཅིག་ཏུ་བརྟག་པ་ཆུའི་རླབས་ཆུར་གྲོལ་བ་དང་། ལན་ཚྭ་ཆུ་རུ་བཞག་པ་དང་། ཆབ་རོམ་ཆུ་རུ་ཞུ་བ་ལྟར། གཉིས་མེད་གཅིག་ཏུ་འདྲེས་ནས་ཐ་དད་མེད་པར་ཤེས་ཏེ། དེ་ཡང་སློབ་དཔོན་ཞི་བ་འཚོའི་ཞལ་སྔ་ནས། མཉམ་ཉིད་དབྱིངས་ལས་མ་གཡོས་ཆོ་འཕྲུལ་སྣ་ཚོགས་སྟོན། །ཆུ་ཕྲན་སྣ་ཚོགས་རྒྱ་མཚོའི་རོ་གཅིག་བ་ཚྭའི་རོ། །དུ་མ་རོ་གཅིག་འདི་ལ་ཐ་དད་ཡོད་མ་ཡིན། །ཐམས་ཅད་ཐམས་ཅད་གཉུག་མ་རོ་ཡི་ཁྱབ་པས་བདེ། །ཞེས་དང་། སློབ་དཔོན་ནི་རུ་པའི་ཞལ་ནས། མེད་པར་རང་སར་གཅིག་པུར་ཞོག །ཆུ་དང་རླན་ནི་ཐ་དད་མེད། །ནམ་མཁའི་བྱ་རྗེས་བཙལ་མི་དགོས། །གཉིད་སད་སྐྱེས་བུ་བློ་བདེར་གནས། །ཞེས་དང་། དེས་ན་ད་ལྟར་གྱི་རྟོག་ཚོགས་ཐམས་ཅད་བདེན་མེད་སྒྱུ་མ་རྨི་ལམ་སྤྲུལ་པ་ཆུ་ཟླ་བྲག་ཆ་དྲི་ཟའི་གྲོང་ཁྱེར་ལྟ་བུ་ཡིན་ཏེ། དེ་ལྟར་མ་ཤེས་གཟུང་འཛིན་དུ་ཨ་འཐས་ནས་རི་དྭགས་སྨིག་སྒྱུ་ལ་ཆུ་བོར་མཐོང་ནས་སྙེགས་པའི་བསླུས་པ་ལྟར་གཟུང་འཛིན་གྱི་ཁམས་གསུམ་དུ་འཁོར་ཞིང་རང་རེ་རྣམ་བསླུས་པ་ཡིན་ཏེ། དེ་ཡང་རྒྱུད་ལས། འདི་ལྟར་རྣམ་པ་སྣ་ཚོགས་ཡང་། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་པར་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །ཆོས་ཉིད་སྟོང་པའི་རང་རྩལ་ལས། །ཆོས་ཅན་སྒྱུ་མ་རྨི་ལམ་བཞིན། །སྦྲུལ་མཐོང་དེ་ཉིད་མཐོང་པའི་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་ཐོ་ལ་མིར་སྣང་བཞིན། །བདེན་པ་ཉིད་ཀྱི་རང་བཞིན་ནི། །ཀུན་རྫོབ་སྒྱུ་མ་ཙམ་དུ་ཡང་། །སྟོང་པ་ཉིད་ཀྱི་དབྱིངས་སུ་ནི། །དེ་ཡི་ངོ་བོར་ཐམས་ཅད་གྲོལ། །ཞེས་སོ། །དེས་ན་ཀུན་རྫོབ་འཁྲུལ་སྣང་གི་ཆོས་ཀྱིས་སེམས་ཅན་ཐམས་ཅད་བསླུས་ནས་བཟུང་བ་ཡུལ་ལ་འཛིན་པ་སེམས་གཟུང་འཛིན་གཉིས་ཀྱིས་རང་ཉིད་བཅིང་ནས་འཁྲུལ་ཏེ། སྐྱོན་གྱི་རྩ་བ་བདག་འཛིན་བློས་ཐོངས། ཞེས། སེམས་འདུལ་ཞིང་གནས་པའི་ཐབས་རྣམ་པ་སྣ་ཚོགས་ལ་འབད་པར་བྱ་སྟེ། དེ་ཡང་སེམས་གནས་ཀྱི་མན་ངག་ལ་མཚན་བཅས་དམིགས་པ་ལ་བརྟེན་ནས་འཛིན་པ་དང་། རྟེན་མེད་སྟོང་པ་ལ་སེམས་འཛིན་པའི་ལུགས་ལས། མཚན་བཅས་དམིགས་པ་ལས་ཕྱི་དང་ནང་ངོ་། །ཕྱི་མ་དག་ཤིང་བུ་རྟིང་བུ་ལ་སེམས་འཛིན་པ་དང་། དག་པ་བདེ་བར་གཤེགས་པའི་སྐུ་ལ་སེམས་འཛིན་པ་དང་། ནང་ལྷ་དང་བླ་མ་ལ་སེམས་འཛིན་པ་དང་། ཐིག་ལེ་ཡིག་འབྲུ་ལ་སེམས་འཛིན་པ་དང་། འབྱུང་རྔུབ་རླུང་ལ་སེམས་འཛིན་པ་སོགས་མང་ཞིག་གསུངས་ཀྱང་འདིར་མི་སྨྲོས། ལམ་རྟེན་མེད་སྟོང་ཆེན་ལ་སེམས་འཛིན་པ་དང་ཁོ་རང་གི་ངོ་བོ་ཅི་ལྟར་འདུག་པ་དེའི་སྟེང་དུ་ཐོག་དབབ་དུ་བལྟ་བར་བྱ། དེ་ལྟར་བལྟས་པས་གནས་མཁན་དང་འགྲོ་མཁན་ལྟ་མཁན་གསུམ་དུ་ཡོད་པ་འདྲ་བ་བྱུང་བས། ཕྱག་ཆེན་པ་རྣམས་ཀྱིས་གནས་འགྱུ་རིག་གསུམ་དུ་འདོད། ཆོས་སྤྱིའི་གཞུང་ལས་ཞི་གནས་ཀྱི་ཏིང་འཛིན་ཞེས་དང་པོ་ཞི་གནས་ཀྱི་བསམ་གཏན་འགྲུབ་དགོས་ཏེ། ཞི་མ་གནས་ན་ལྷག་མི་མཐོང་། །ཞི་གནས་རྒྱ་མཚོ་མེར་བ་ལ། །ལྷག་མཐོང་ཉ་མོ་འཕར་བ་ལྟར། །ཞི་ལྷག་ཟུང་འབྲེལ་ཉམས་རྟོགས་གོང་དུ་འཕེལ། །ཞེས་པས། ཕྱི་ནང་གི་བྱ་བ་རྣམས་བཏང་ནས་དྲན་པ་མངོན་དུ་བཞག་སྟེ་ཏིང་འཛིན་བསྒོམས། དེ་ཡང་བྱ་བྱེད་ཐམས་ཅད་སྤངས་ནས་དུས་གསུམ་གྱི་རྟོག་པ་ཐམས་ཅད་འཕྲོ་བཅད་ངང་ལ་གནས་པར་བྱ། དེ་ཡང་སློབ་དཔོན་ཆེན་པོ་པདྨ་བཛྲ་གྱིས། བྱ་བ་ཡང་བཏང་ནས། སེམས་ཀྱི་ཀློང་རང་སར་ཞོག །གཉིས་མེད་ཡེ་ཤེས་བསམ་དུ་མེད། །ཐམས་ཅད་ཐམས་ཅད་དེ་དེ་བཞིན། །ཞེས་གསུངས། དེ་བཞིན་མཉམ་བཞག་ལ་གནས་པའི་ངང་ནས་དྲན་རྟོག་རྣམ་པ་སྣ་ཚོགས་སུ་འཆར་བ་དང་། ཉམས་ཀྱི་རྣམ་པ་བདེ་གསལ་མི་རྟོག་པའི་ཉམས་དང་བྱིང་རྒོད་རྨུགས་གསུམ་གྱི་ཉམས་བཟང་ངན་སྣ་ཚོགས་ཇི་ལྟར་ཤར་ཡང་ཉམས་བཟང་ངན་ལ་སྤངས་བླང་རེ་དོགས་གང་ཡང་མི་བྱ་བའི་ངང་ལ་བསྒོམ། བཟང་པོའི་ངོ་བོ་བཟང་རྒྱུ་གུད་ན་མེད། ངན་པའི་ངོ་བོ་ངན་རྒྱུ་གུད་ན་མེད་པས་ངོ་བོ་གཅིག་པར་གནས་པ་རྣམ་འབྱོར་པའི་ངང་བསྒོམ་བྱ་བ་ཡིན། རྟག་ཏུ་མ་ཡེངས་པས་དྲན་རྫི་དགོས་ཏེ། གོང་མ་རྣམས་ཀྱི་ཞལ་རྒྱུན་ལས། དྲན་པ་ཡོད་ན་བསྒོམ་ཡོད། དྲན་པ་མེད་ན་སྒོམ་མེད། དྲན་པ་སྒོམ་གྱི་རྫི་བོ་དང་འདྲ། དྲན་པ་ཆུ་བོའི་རྒྱུན་བཞིན་མཐུད། དེ་ཡང་དྲན་པ་རྒྱང་སོ་དང་། རྒན་མོས་ལུ་གུ་འཚོ་བ་བཞིན། མ་ཡེངས་རྒྱང་སོ་ཡོད་པར་བྱེད། ཐུན་ཆུང་གྲངས་མང་ཁང་སྟོང་ཐིག་པ་བཞིན། དྲན་པ་མུ་མཐུད་ནས་མུ་མཐུད་བྱེད་པ་གལ་ཆེ། དེ་ལྟར་གནས་པ་ལ་ཉམས་ཀྱི་རྣམ་པ་དང་ལས་དང་པོ་པ་ལ་ཚབ་ཚུབ་ཟང་ཟིང་ལོང་ལོང་མང་པོ་འཕྲོས་པས། ངས་སྒོམ་བྱས་པས་རྣམ་རྟོག་མང་ཞིང་སེམས་འཁྲུགས་པས་ཤེས་རྒྱུ་མ་རེད་ཉམས་པའི་དཔའ་འཁུམ་ཞིང་སྒྱིད་ལུག་པས་ཉམས་ལེན་བྱེད་དུ་མི་འདོད་པ་འོང་བས། དེ་ལྟར་མ་ཡིན་པ་དང་པོ་སེམས་ལ་བརྟག་ཞིབ་མ་བྱས་དུས། སེམས་གནས་པ་དང་། འགྲོ་བ་དང་། དགེ་བ་དང་། མི་དགེ་བའི་བརྟག་ཞིབ་མེད་པའི་མ་རིག་པ་ཡིན། དཔེར་ན་ལམ་པོ་ཆེའི་བཞི་མདོར། ཡར་འགྲོ་མར་འགྲོའི་བརྟག་ཞིབ་མ་བྱས་ཚེ་མི་མངོན། བརྟག་ཞིབ་བྱས་ཚེ་མི་ནོར་ཕོ་མོ་སོགས་ཡར་འགྲོ་མར་འགྲོ་མང་བར་མཐོང་བ་དང་། ཆུ་རྙོག་མ་དང་ལྡན་པའི་ཚེ་གཟུགས་བརྙན་འབུ་སྲིན་སོགས་མི་མཐོང་སྟེ། ཅུང་ཟད་དྭངས་བས་གཟུགས་བརྙན་མངོན་པ་ལྟར། སེམས་ཀྱི་མཚན་ཉིད་ཀྱང་བརྟག་ཞིབ་མ་བྱས་ཚེ་དེ་དག་གི་མཚན་ཉིད་མ་བཤད་ཅིང་སེམས་ཀྱི་འཁྲུལ་བ་ཅུང་ཟད་བྱུང་ཚེ་མཐོང་བས་འདི་ནི་དགེ་བའོ། །འདི་ནི་མི་དགེ་བའོ། །འདི་ནི་ལུང་དུ་མ་བསྟན་པའོ། །འདི་ནི་ཐོག་མའོ། །ཐ་མ་དང་བར་མ་སོགས་རྣམ་རྟོག་རྩི་ཡིས་ཟིན་པ་བྱུང་ན་མི་རྟོག་པ་རྙེད་པ་ཡིན། དེ་ཡང་གནས་པ་དང་པོ་རི་གཟར་ཀྱི་འབབ་ཆུ་བཞིན་ཚབ་ཚུབ་ལོང་ལོང་དུ་འབྱུང་ངོ་། །བར་དུ་ཆུ་ཆེན་དལ་དུ་འབབ་པ་ལྟར། ཐ་མ་ཆུ་ཕྲན་རྒྱ་མཚོར་ཐིམ་པ་བཞིན་ཞི་གནས་ཀྱི་བསམ་གཏན་ལ་གནས་པར་འབྱུང་། ཞི་གནས་ལ་སྐྱོན་ཡོད་མེད་གཉིས་སུ་བཤད། སྐྱོན་ཅན་ཞི་གནས་འཐུམ་པོ་རྨོངས་ཤིང་གཉིད་རྨུགས་ཀྱིས་ནོན་པ་ལྟ་བུ་དང་། འཐུམ་པོ་དང་རྟིང་པོ་བྱ་བ་རྒྱུ་མཐུན་ཏེ། དེ་ལ་རིག་པ་བསྒྲིམ་ཞིང་གསལ་གདབ་པས་སེལ་ལོ། །རིག་པ་རྒོད་ཅིང་འཕྲོ་བ་རྣམས་ལ་ལུས་སེམས་ཆ་ནས་ཀློད་པ་གྲོལ། ཞི་བའི་ལྟ་སྟངས་ཀྱིས་ལྷོད་ཀྱི་ཀློད་ལ་བལྟ། འཇུར་བུས་བཅིང་བའི་སེམས་ཉིད་འདི། །ལྷོད་ཀྱིས་ལྷོད་ནས་གྲོལ་བ་ཐོབ། །བླུན་པོ་གང་གི་འཆིང་བྱེད་པ། །མཁས་པ་དེ་ཡི་ཡོངས་སུ་གྲོལ། །ཞེས་བྱིང་རྒོད་ཉམས་དང་བསྟུན་ཅིང་བསྒྲིམ་ལྷོད་དེ་བཞིན་བསྟུན། བཟང་པོའི་ཉམས་བདེ་བ་གསལ་བ་མི་རྟོག་པ་ཤེས་ཉམས་དང་། སྣང་ཉམས། མཐོང་ཉམས་དང་། སྟོང་ཉམས་དང་། ཉམས་སྣ་ཚོགས་གོང་ལྟར་ཤར་ཀྱང་སྣ་ཚོགས་སེམས་ཀྱི་ཆོ་འཕྲུལ་ཡིན་ཏེ། ནམ་མཁའི་བདག་པོས་སྣ་ཚོགས་སྟོན། །དབྱར་གྱི་སྤང་ལ་ཅི་ཡང་སྐྱེ། །རྣལ་འབྱོར་ཉམས་ལ་ཅི་ཡང་འཆར། །ཉམས་བཟང་པོ་ལ་མ་ཆགས་མ་ཞེན། སེམས་ཀྱི་རྩལ་དང་རོལ་བ་བདེན་མེད་དུ་རྟོགས་པར་དགོས། དེ་ཡང་ཕག་མོའི་རྟོགས་བརྗོད་ལས། ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ཉིད་ཅི་ཡང་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །སྣང་ཙམ་ཉིད་ནས་སེམས་སུ་འདུས། །སེམས་ཅན་ཀུན་གྱི་སེམས་ཉིད་འདི། །རྣལ་འབྱོར་མི་རྟོག་བསམ་མི་ཁྱབ། །གསལ་བ་དེ་ཡི་ངོ་བོར་སྣང་། །ཞེས་སོ། །དེ་ལྟར་ཕྱི་སྣང་བའི་ཡུལ་དང་ནང་ཉམས་ཀྱི་འཛིན་པ་སེམས་ཡིན་པས། དེ་ཡང་ལུང་ལས། སེམས་ཉིད་ཀུན་གྱི་ས་བོན་ཏེ། །མྱ་ངན་འདས་དང་སྲིད་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་ནས། འཁོར་འདས་ཀུན་གྱི་རྩ་བར་གྱུར་བའི་སེམས། །རྟོགས་ན་བསྒོམ་དུ་མེད་དེ་ལྷུག་པར་ཞོག །རང་ལ་བཞག་ནས་གཞན་དུ་ཚོལ་བ་ཨ་རེ་སྡུག །འདི་ཡིན་འདི་མིན་མེད་དོ་གཉུག་མའི་ངང་། །ཞེས་དང་། ཧེ་བཛྲ་ལས། རང་བཞིན་གདོད་ནས་མ་སྐྱེད་པ། །བདེན་མེད་རྫུན་མེད་དེ་བཞིན་ནོ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པའི་རྣལ་འབྱོར་ངེས་ཤེས་སྐྱེས། །ཞེས་དང་། ཉམས་ཀྱི་རྣམ་པ་གང་ལ་ཡང་རེ་དོགས་དང་ཆ་འཛིན་མི་བྱ་བར་ཡོད་མེད་ཞེན་འཛིན་བྱུང་ན་གོལ་སའོ། །གསུམ་པ་ལ་གཉིས་སྟེ། ངོ་སྤྲོད་པ་དང་། གོལ་ས་གཅོད་པ་དང་གཉིས་ལས། དང་པོ་ནི། དེ་ལྟར་གདམས་པ་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་བསླབ་བྱ་ལ་སྐྱོ་ངལ་མེད་པར་ལེགས་པར་སྦྱང་བས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པ་ཙམ་དུ་སེམས་ཉིད་སྟོང་པར་རྟོགས་པ་ཙམ་གྱིས་མཐར་ཐུག་གི་དོན་རྟོགས་པར་མི་ནུས་པས། གཉིས་མེད་ཟུང་འཇུག་བློ་འདས་ཆེན་པོ་ལ་བཟླ་ཞིང་ངོ་སྤྲད་དགོས་ཏེ། མདོ་ལས། གདམས་པ་ཟབ་མོ་ངོ་སྤྲད་བཅས་པ་དགོས་སོ། །ངོ་སྤྲོད་དེ་ཡང་ཕྱག་ལེན་བཅས་པ་དགོས། ཞལ་ཤེས་དེ་ཡང་ཉམས་མྱོང་བཅས་པ་དགོས། ཉམས་མྱོང་དེ་ཡང་གཞན་དོན་འབྲེལ་བ་དགོས། སློབ་མ་རྗེས་འཇུག་རྣམས་ལ་བྱུང་གནས་འགྲོ་གསུམ་སོགས་གནས་ལུགས་རིག་པའི་རྩ་བདར་ལེགས་པར་བཅད་ནས་དྲིལ་བས་ཐབས་ལ་མཁས་པར་བྱ། མདོ་ལས། ཁམས་གསུམ་ནི་སེམས་ཙམ་མོ། །ཞེས་པས། སེམས་ཡོད་པ་ལྟར་བྱས་ནས་ལས་དང་པོ་པ་རྣམས་ལ་ཡང་ནས་ཡང་དུ་བརྟག་ཞིབ་བྱེད་དུ་བཅུག་ནས། རྟོགས་འབུལ་རིམ་པར་བྱས་པས་དབང་པོ་རབ་ཀྱི་རང་ངོ་རང་གིས་ཤེས་ཤིང་ཐག་ཆོད་པའོ། །གཞན་རྣམས་ལ་བསླབ་བྱ་ཉམས་རྟོགས་རྒྱུད་ཚོད་དང་བསྟུན་ནས་གེགས་སེལ་བོག་འདོན་ཉམས་བཟང་ངན་ཐམས་ཅད་ལམ་དུ་བླངས་ཤིང་གནད་དུ་འགྲོ་བར་བྱས་ལ་ཐམས་ཅད་སེམས་སུ་འདུས་ཤིང་ཐག་ཆོད་བྱུང་ན་ངོ་སྤྲོད་རན་པའི་སྐབས་ཡིན། དེ་ལྟར་མ་བྱུང་ན་ངོ་སྤྲད་ཀྱང་ཕན་མི་ཐོགས་ཏེ། མི་མ་མཐོང་བ་ལ་མིང་བརྗོད་རྒྱུ་མེད་པ་དང་ཡི་གེ་མ་མཐོང་བ་ལ་བརྡ་དོན་སྤྲད་རྒྱུ་མེད་པ་ལྟར། ཉམས་སུ་མ་ལེན་པ་ལ་ངོ་སྤྲད་ཀྱང་མུན་ནག་གི་རྫས་ལ་བཤད་པ་དང་འདྲའོ། །དོན་མི་གོ །གནས་སྐབས་སུ་དུས་ལ་བབ་ཚེ་ངོ་སྤྲད་ཀྱང་དེ་ཡང་གཞན་དུ་ན་ཉམས་བཟང་ངན་དང་མཐོ་དམན་རྣམས་ལ་ངོ་སྤྲོད་པར་འདུག་ཀྱང་ཉམས་ཀྱི་རྣམ་པར་འགྱུར་ནས་ངེས་པ་མེད་པའི་ཉམས་སྣ་ཚོགས་སུ་ངོ་སྤྲད་ཀྱང་། ངོ་བོ་ཡེ་ནས་ཡོད་པ་ཀ་དག་ཏུ་ངོ་སྤྲད། དེ་ཡང་རང་ངོ་རང་ཐག་ཏུ་བཅད་དེ། དེ་ཡང་སྔ་སོར་སེམས་ལ་རྩ་བདར་བཅད་ཀྱང་དང་པོ་བྱུང་ས། བར་དུ་གནས་ས། ཐ་མ་འགྲོ་མཁན་མ་རྙེད། གཟུགས་ཁ་དོག་དབྱིབས་སུ་གྲུབ་པ་གང་ཡང་མ་མཐོང་བ་དེ་ནི་སེམས་ཀྱི་མཚང་རིག །སེམས་ཀྱི་རྫུན་ཁུང་བརྡིབས་ནས་རང་སེམས་སྟོང་པར་རིག་པ་ཡིན། བྱང་ཆུབ་སེམས་ནི་དཀར་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། ལྗང་ཀུ་སོགས་གང་ཡང་མ་གྲུབ། དེ་ལྟར་རིང་པོ་ཐུང་ངུ་སྦོམ་པོ་ཕྲ་མོ་ཆེན་པོ་ཆུང་ངུ་གང་ཡང་མ་གྲུབ། འདི་ནི་བྱང་ཆུབ་སེམས་ཀྱི་མཚན་ཉིད་དོ། །སེམས་ཉིད་ཡེ་ནས་སྟོང་པ་སྟེ། དེ་ཡང་ཡུམ་ལས། ཕྱི་སྟོང་པ་ཉིད་ནང་སྟོང་པ་ཉིད། ཕྱི་ནང་སྟོང་པ་ཉིད། ཅེས་པའོ། །འོ་ན་ཁྱོད་ཀྱིས་སྔ་སོར་དེ་ལྟར་མི་སྨྲ་བར་སེམས་ལ་ཁ་དོག་དང་ཆེ་ཆུང་དང་དབྱིབས་ལ་བརྟགས་པ་དེ་དག་ཅི་ཡིན་སྙམས་ན། འོ་སྐོལ་བྱིས་པ་ལས་དང་པོ་བ་ལ་ཨ་འཐས་པས་མེད་པ་ལ་ཡོད་པར་འཛིན་པ་དང་། སྟོང་པ་ཉིད་ལ་དངོས་པོར་འཛིན་པས་རང་གི་དེའི་མཚན་ཉིད་མ་རིག་ན་ཕན་མེད་པས་ཞུན་འཐར་བཏང་དགོས་པ་ཡིན། བཅོམ་ལྡན་འདས་ཀྱིས་ང་ཡི་ཆོས་ནི་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ཞེས་པས། རང་ཐག་རང་གིས་ཆོད་པར་འགྱུར། ཞེས་དང་། རྣམ་རྟོག་སེམས་སུ་ངོ་སྤྲད་པ་ནི། རིག་པ་རང་རྩལ་མི་དྲན་དགུ་དྲན་འདི་ལ་སེམས་ཞེས་བྱ་སྟེ། རག་པ་དང་། ཕྲ་བ་དང་། ལུང་མ་བསྟན་པའི་རྟོག་པ་ཐམས་ཅད་རང་སྣང་རིག་པའི་འཆར་ཚུལ་ལས་མ་འདུས་པ་མེད་དོ། །དེ་ཡང་ངོ་བོ་ཉིད་རིག་སྟོང་ཝལ་པོ་རྗེས་མེད། རང་ཤར་རང་གྲོལ། ངོ་བོ་སྟོང་གསལ་ལས་མ་འདས་ཏེ། དཔེར་ན་རྒྱ་མཚོ་ལ་རླབས་ཤར་བའམ་ནམ་མཁའ་ལ་རླུང་གཡོ་བ་ལྟ་བུའོ། །ཀློང་གསལ་ལས། སེམས་ནི་དྲན་བསམ་རིག་པའི་རྩལ། །སྣང་ཤེས་དག་ཏུ་འགྱུར་ཚད་ཀུན། །རིག་པ་ཉིད་ལས་གཡོས་པ་མེད། །ཅེས་པ་དང་། སྣང་བ་དཀར་དམར་ཕྱིའི་སེམས། །སྒོ་ལྔ་རྣམ་ཤེས་བར་གྱི་སེམས། །རིག་པ་འགྱུ་བྱེད་ནང་གི་སེམས། །ཞེས་སོ། །མྱང་འདས་བྱ་བ་གཅིག་སེམས་ལས་བྱུང་དེའི་རྩ་བ་འཁོར་བ་བྱ་བ་ཡང་སེམས་ལས་བྱུང་། དེ་བཞིན་དུ་གཉིས་འཛིན་ལྷ་འདྲེ། ལེགས་ཉེས་སྒྲ་སྙན་མི་སྙན་དྲི་ཞིམ་མི་ཞིམ། རོ་ཁ་མངར། རེག་འཇམ་རྩུབ། སེམས་དགའ་མི་དགའ། བདེ་སྡུག་ཡོད་མེད། སྐྱེ་འཆི་ཕྱི་ནང་། ཉེ་རིང་། དགྲ་གཉེན། དཔོན་གཡོག །ཆེ་ཆུང་རིང་ཐུང་ལ་སོགས་མདོར་ན་གཉིས་སྣང་ཐམས་ཅད་དང་པོ་སྣང་སེམས་འཁྲུལ་བ་ལས་བྱུང་། བར་དུ་རང་སེམས་ཀྱི་བྱ་ཞིང་མིང་དུ་བཏགས། ད་ལྟར་རང་སེམས་ཀྱི་ངང་དུ་ཡོད་དོ། །འཇམ་དཔལ་རྩ་རྒྱུད་ལས། སེམས་ནི་སྐད་ཅིག་དོན་ཀུན་རིགས། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །ཅེས་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་སུ་ངོ་སྤྲད་དེ་ཐག་བཅད་དོ། །སེམས་སྟོང་པ་ངོ་སྤྲད་པ་ནི། དེ་ལྟར་འཕྲོ་མཁན་གྱི་སེམས་དེ་ཡེ་ནས་མེད་དེ། དེ་ལྟར་བརྟགས་ཀྱང་ངོ་བོ་འདི་ལྟར་ཡིན་ཞེས་བསྟན་དུ་མ་རྙེད་ལ། གསལ་ཙམ་རིག་ཙམ་སྣང་ཙམ་ཡང་དཔེ་མཚོན་དུ་མེད་དེ། དངོས་སུ་བསྟན་དུ་མེད། ཚིག་འདི་ཞེས་བསྟན་དུ་མ་རྙེད་དེ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་དང་འདྲ་བར་བྱང་ཆུབ་སེམས་ཀྱི་མཚན་ཉིད་ལ་སུས་ཀྱང་མཚོན་དུ་མི་བཏུབ། ལུང་ལས། འགྱུ་བྱེད་ཉིད་ལ་ཚུར་བལྟས་པས། །མ་སྤངས་རང་གྲོལ་སེར་བུ་འདྲ། །ཞེས་པ་དང་། ཡི་གེ་མེད་པ་ལས། རང་བྱུང་ཡེ་ཤེས་ཀྱི་ལྟ་བ་ལ་དཔྱད་པའི་ཡུལ་མེད་དོ། །སྔར་འདས་པ་མེད་དོ། །ཕྱིས་འབྱུང་བ་མེད་དོ། །ད་ལྟ་གནས་པ་གར་ཡང་མེད་དོ། །ལས་མེད་དོ། །བག་ཆགས་མེད་དོ། །མ་རིག་པ་མེད་དོ། །སེམས་མེད་དོ། །ཤེས་པ་མེད་དོ། །འཁོར་བ་མེད་དོ། །མྱ་ངན་ལས་འདས་པ་མེད་དོ། །རིག་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །ཡེ་ཤེས་སྣང་བ་གང་ཡང་མེད་དོ། །དེ་དག་ཐམས་ཅད་འཛིན་པ་མེད་པ་ལས་བྱུང་ངོ་། །ཞེས་གསུངས་སོ། །སྣང་བ་སྣང་བར་ངོ་སྤྲད་པ་ནི། དེ་ལྟར་མེད་བཞིན་དུ་འགྱུར་བ་མེད་དོ། །རྒྱ་མ་ཆད་ཕྱོགས་སུ་མ་ལྷུང་ཆོས་སྐུའི་ངོ་བོ་ཉིད་དུ་འགྱུར་བ་མེད་ཅིང་ཅིར་ཡང་སྣང་བའོ། །རྒྱུད་ལུང་ལས། །འགག་མེད་རྩལ་ནི་ཅིར་ཡང་འཆར། །སྟོང་གསལ་རིག་ཅིང་འགྱུར་བ་མེད། །ཅེས་གསུངས་སོ། །སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ་ནི། དེ་ལྟར་སྣང་བ་ཐམས་ཅད་ནི། རྒྱུ་མེད་རྐྱེན་མེད་ཡིན། བཙལ་བས་མི་རྙེད་ལ། འདི་ལ་སྣང་བར་བྱ་བ་མེད། ཕྱོགས་རིས་མེད་པ་སེམས་ཀྱི་ཀློང་དུ་བརྟགས་པ་སྟེ། གང་ལྟར་སྣང་ཡང་རང་གི་ངོ་བོ་སྟོང་པ། རྒྱ་མཚོའི་ནང་གི་གཟའ་སྐར་བཞིན་དུ་ཡེ་ནས་སྣང་སྟོང་གཉིས་མེད་དུ་གནས་པའོ། །རིག་པ་རང་ཤར་ལས། སྣོད་བཅུད་ཡེ་ནས་སྟོང་པ་ཉིད། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། མིག་ལ་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པས། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས་སོ། །གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ་ནི། དོན་རང་བྱུང་གི་རིག་པ་གསལ་སྟོང་གཉིས་མེད། རང་གྲོལ་སངས་རྒྱས་ཀྱི་དགོངས་པ་ངོ་སྤྲད་དེ། རང་གི་རིག་པ་དངོས་པོ་དང་མཚན་མར་གྲུབ་པ་མེད་དེ། ངོ་བོ་སྟོང་པ་ངོས་བཟུང་མེད། འདི་ནི་ཆོས་ཉིད་ཀུན་ཏུ་བཟང་མོ་ཡིན། སྟོང་ལ་སྟོང་པ་ཕྱར་མ་ཆད་དེ། རང་ས་ནས་ས་ལེ་ཧྲིག་གེ་བ་འདི་ཆོས་སྐུ་ཀུན་ཏུ་བཟང་པོ་ཡིན་ནོ། །དེ་ལྟར་གསལ་སྟོང་གཉིས་སུ་མེད་པ་དེ་རང་བྱུང་གི་ཡེ་ཤེས་སོ། །དེ་ངོ་ཤེས་པ་ནི། རང་རིག་སྤྲོས་བྲལ་ཆོས་སྐུར་གྲོལ་ལོ། །རིག་པའི་རྩལ་འགག་པ་མེད་པ་ནི། ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་ལོ། །ཅིར་སྣང་རང་ཤར་རང་གྲོལ་དུ་ཤེས་པ་ནི། སྤྲུལ་པའི་སྐུར་གྲོལ་བའོ། །འཕྲ་བཀོད་ལས། རྫོགས་སངས་རྒྱས་ནས་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །ཅེས་སོ། །ཐལ་འགྱུར་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་བཀྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་པ་འགྲོ་འོང་མེད། །བརྟག་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པའི་སྟོང་གསལ་གནས། །ཞེས་སོ། །དུག་ལྔ་རང་གྲོལ་དུ་ངོ་སྤྲད་པ་ནི། ད་ལྟའི་དུག་ལྔའི་རྣམ་རྟོག་དང་རང་གྲོལ་ཡེ་ཤེས་ཀྱི་རོལ་བར་ངོ་སྤྲད་པ་ཞེས། ནང་དུག་ལྔའི་སེམས་ལ་མ་ཡེངས་པར་བལྟས་པས་ཉོན་མོངས་པ་མ་སྤངས་ཡེ་ཤེས་ཀྱི་ངང་དུ་རང་དག་སྟེ་གྲོལ་བའོ། །གཏི་མུག་མི་རྟག་པ་སྟེ། ངོ་བོ་སྟོང་པ་ཅིར་ཡང་མ་གྲུབ་པ་དེ་ལས་མ་གཡོས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་རང་གྲོལ་ལོ། །ཞེ་སྡང་གསལ་བའི་མེ་ལོང་ལྟ་བུའི་ཡེ་ཤེས་རང་གྲོལ་ལོ། །ང་རྒྱལ་ནི་ཀུན་ལ་ང་རྒྱལ་བ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་འོད་གསལ་དུ་རང་གྲོལ་ལོ། །འདོད་ཆགས་ནི་མ་འགགས་པའི་ངང་ནས་སོ་སོར་རྟོགས་པའི་ཡེ་ཤེས་ཏེ་བདེ་སྟོང་དུ་རང་གྲོལ་ལོ། །ཕྲག་དོག་ནི། ཐོགས་རྡུག་མེད་པའི་ངོ་བོ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སུ་རང་གྲོལ་བའོ། །དེ་ལྟར་རྩ་བའི་ཉོན་མོངས་དུག་ལྔ་ལས། ཉོན་མོངས་བརྒྱ་ཁྲི་བཞི་སྟོང་ལ་སོགས་པ་ཐམས་ཅད་རང་ཞིག་ཏུ་གྲོལ། རྩ་བ་ཡེ་ཤེས་ལྔ་ལས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དུ་གྱེས་པ་ཐམས་ཅད་གཅིག་ཤེས་ཀུན་ལ་མཁས་ཤིང་ཀུན་ཤེས་གཅིག་ལ་གྲོལ་ལོ། །ཀློང་གསལ་ལས། ཉག་གཅིག་འཁོར་འདས་ཀུན་གྱི་གཞི། །རང་བྱུང་ཡེ་ཤེས་རང་ལས་བྱུང་། །དེ་ཤེས་ཡེ་ཤེས་རྩལ་དུ་བརྗོད། །ཅེས་སོ། །དེ་ཉིད་ལས། སྣ་ཚོགས་རིག་པའི་རྩལ་ཡིན་ཕྱིར། །རིག་རྩལ་སྟོང་པ་ཉིད་དུ་གྲོལ། །འབངས་དང་རྒྱལ་པོ་ཇི་བཞིན་ནོ། །ཞེས་འབྱུང་བའོ། །ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་པ་ནི། དེ་ལྟར་ཚོགས་དྲུག་གིས་བསྡུས་པའི་ཡུལ་ཡུལ་ཅན་གྱི་སྣང་བ་དང་རྟོག་པ་ཕྲ་རགས་ལ་བལྟས་པས་རང་བཞིན་མེད་དེ་ནམ་མཁའི་འཇའ་ཚོན་ལྟར་གྲོལ། རྩ་བ་གཅིག་ལས་མ་འདས་པར་སོ་སོར་ཤར་ཡང་ངོ་བོ་རང་བྱུང་གི་ཡེ་ཤེས་ནམ་མཁའ་ལྟ་བུ་ལ་གཡོ་བ་མེད་སྟེ་འགྱུ་བྱེད་ཐམས་ཅད་རང་སར་དག་སྟེ་གྲོལ་ལོ། །ཉི་ཟླ་ཁ་སྦྱོར་ལས། དམིགས་པར་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་དག་སྣང་གཉིས་སུ་མེད། །ཚོགས་དྲུག་མ་འགག་ལྷུག་པའོ། །ཞེས་སོ། །དེ་ལྟར་བསམ་འདས་བརྗོད་མེད་ཀྱི་ངང་ནས་མ་ཡེངས་བར་བལྟས་པའི་ཆོས་སུ་འཛིན་པ་ཐམས་ཅད་ལས་གྲོལ་ནས་གདོད་མ་ཀ་དག་གི་གཞིར་རང་གྲོལ། དེ་ལྟར་རིག་དུས་དོན་ལ་བློ་གཏད་མེད་དེ་བསྒོམ་མེད་བསྒོམ་གྱིས་འཛིན་པ་ལས་རང་གྲོལ། མ་བསྒོམ་དོན་དང་མི་འབྲལ་བའི་གདེང་ཆོས། རང་གི་ངོ་བོ་རང་གསལ་བ་རྣམ་རྟོག་གིས་གོལ་ས་མེད་དེ། ཐམས་ཅད་ཡེ་ཤེས་སུ་ཆེན་པོ་རོལ་པ་རང་གྲོལ་ལོ། །ཕྱི་ནང་མེད་པ་ཡེ་ཤེས་ཆེན་པོའི་འོད་དུ་ཤར་བ་སྟེ། དེ་ཡེངས་བ་མེད་པར་གདེང་ཐག་ཆོད་པའོ། །ཡི་གེ་མེད་པ་ལས། བལྟ་བ་མེད་པ་དེ་ལ་བལྟ་རྒྱུ་མེད། །ལྟ་བ་བྱར་མེད་ངང་དུ་ཤེས་པར་བྱ། །དེ་ལྟར་སྐྱེ་བ་མེད་པའི་དོན་རྟོགས་ནས། །ལྟ་བའི་དོན་ལ་མི་འདའ་ལྟ་བ་ངང་གིས་མེད། །དེ་ཡོད་མ་ཡིན་དེ་ཡི་ངང་ལ་གནས་པར་བྱ། །ཞེས་སོ། །དེ་ལྟར་ངོ་ཤེས་པར་དོན་རང་གནས། སྤྲོས་པ་རང་ཆོད། མཚན་མ་རང་སར་གྲོལ་བ་ཞེས་ཁུང་དུ་ཆུད་པ་དང་རིག་པ་ཁྲེགས་ཆོད་འབྲས་བུ་རང་རྫོགས་གཅིག་ཤེས་ཀུན་གྲོལ་ལོ། །ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་ཆེན་པོ་བཞི་དང་བཅས། །ཡེ་ནས་གྲོལ་བའི་བསྐྱར་གཞི་མེད། །རང་གི་གྲོལ་བའི་གཉེན་པོ་མེད། །ཅེར་གྱིས་གྲོལ་བའི་མཐོང་བར་ཡལ། །ཡོངས་སུ་གྲོལ་བའི་འབད་པ་མེད། །ཅེས་པ་དང་། ཡང་དེ་ཉིད་ལས། དེ་ལྟར་རང་སེམས་གྲོལ་གྱུར་ན། །བར་དོ་མེད་པར་འཚང་རྒྱའོ། །ཞེས་པས། དེ་ལྟར་རང་རིག་མངོན་དུ་གྱུར་བ་ལས། བློ་འདས་ཨ་ཏིའི་དགོངས་པ་བླ་ན་མེད་པ་དོན་དམ་པའི་གནས་ལུགས་ཕྱིན་ཅི་མ་ལོག་པ་བློ་ལས་འདས་པ་འདི་ཞེས་བརྗོད་དུ་མེད་པ་ཚིག་དང་ཡི་གེ་ལས་འདས་པ་རང་རིག་པ་ཡེ་ཤེས་ཏེ། སེང་གེ་རྩལ་རྫོགས་ལས། ཀྱཻ་མ་ཡེ་ཤེས་ཚིག་ལས་འདས་པ་ལས། །ཚིག་དང་ཡི་གེ་ང་མི་མཐོང། །ཡེ་ཤེས་རང་སྣང་ཐབས་ཀྱི་ཕ་རོལ་ཕྱིན། །ཅེས་གསུངས། བློ་ཡང་རབ་ཨ་ཏི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ་ཚེ་གཅིག་ལུས་གཅིག་ཆོས་ཉིད་ཀྱི་བདེན་པ་མཐོང་བས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་ཞིང་ས་ལམ་རིམ་པ་བགྲོད་དུ་མེད་དེ་བདེན་པ་དང་ངེས་པར་མཐོང་བའི་སྐྱེས་བུ་ལ་ས་དང་ལམ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་ཏེ། དེ་ཡང་སྔ་མ་ལས། ལྟ་བའི་ངང་ལ་མཉམ་བཞག་པས། །སེར་སྣ་འཛིན་པའི་སེམས་མེད་པས། །ཆོས་དང་བདག་ཏུ་མ་མཐོང་ཕྱིར། །སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས། །ངེས་དོན་རྟོགས་པའི་རྣལ་འབྱོར་བའི། །ལུས་ངག་ཡིད་ཀྱི་སྤྱོད་པ་ཡི། །མི་དགེའི་ཉེས་པ་མི་འབྱུང་བས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས། །རང་བྱུང་རིག་པ་རྣལ་འབྱོར་པ། །ལྟ་བ་ངེས་པའི་གདེངས་ཟིན་པས། །ཆོས་ཀྱི་དབྱིངས་སུ་ཀུན་ཤོང་ཕྱིར། །བཟང་པོའི་ཕ་རོལ་ཕྱིན་པ་རྫོགས། །ངེས་པའི་ལུང་ལས་ཡིད་ཆེས་པས། །རང་བྱུང་རིག་པས་ཤེས་པ་ཡིས། །ལྟ་བའི་དོན་ལ་མ་ཡེངས་པས། །བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས། །སྔ་ཕྱི་མ་བསླད་གཉུག་མ་ལ། །གཞན་དུ་འཛིན་བྲལ་རང་བྱུང་སྐུ། །ཆོས་ཉིད་དོན་ལ་མ་གཡོའི་ཕྱིར། །བསམ་གཏན་ཕ་རོལ་ཕྱིན་པ་རྫོགས། །ཐོས་པས་ཤེས་རབ་བློ་སྦྱངས་ནས། །ངེས་པས་དོན་ནི་མཐར་ཕྱིན་པས། །ཆོས་རྣམས་ལྟ་བ་ཐག་ཆོད་ནས། །ཤེས་རབ་ཕ་རོལ་ཕྱིན་པ་རྫོགས། །ལུང་བསྟན་ངེས་པའི་གདམས་ངག་གིས། །ཆོས་ཀྱི་སྐུ་རུ་ཤེས་པའི་ཕྱིར། །སྣང་བ་གང་ཡང་མ་འགག་པས། །ཐབས་ཀྱི་ཕ་རོལ་ཕྱིན་པ་རྫོགས། །སྔོན་ལ་དགེ་བའི་ཚོགས་བསགས་པས། །བླ་མ་སངས་རྒྱས་ཀུན་དང་འཕྲད། །མི་གནས་བླ་མེད་དོན་རྟོགས་པས། །སྨོན་ལམ་ཕ་རོལ་ཕྱིན་པ་རྫོགས། །ཐོག་མཐའ་མ་རིག་སངས་པའི་ཕྱིར། །ལུང་ལྡན་རང་རིག་དོན་ཤེས་པས། །མ་རིག་མུན་པ་ཀུན་བཅོམ་ཕྱིར། །སྟོབས་ཀྱི་ཕ་རོལ་ཕྱིན་པ་རྫོགས། །རང་བྱུང་ངོ་བོ་ཉིད་ཀྱི་སྐུ། །ཆོས་སྐུའི་རྩ་བ་རང་རྟོགས་པས། །ཡོན་ཏན་མ་ལུས་ཀུན་འདུས་ཕྱིར། །ཡེ་ཤེས་ཕ་རོལ་ཕྱིན་པ་རྫོགས། །སངས་རྒྱས་ཀུན་གྱི་མཛད་སྤྱོད་བླང་། །ཐ་མལ་སྤྱོད་པ་མི་བྱེད་པ། །ལུས་ངག་དགེ་བ་མ་ཉམས་ཕྱིར། །རྫོགས་ཆེན་རྣམ་གཉིས་མ་ལུས་རྫོགས། །ཡང་དེ་ཉིད་ལས། དེ་བཞིན་ཕ་རོལ་ཕྱིན་པའི་དོན། །རང་བཞིན་ཀུན་ཁྱབ་ཡེ་ཤེས་སོ། །དེ་བཞིན་དུ་རང་རིག་པའི་ངོ་བོ་ལ་གཞི་རྫོགས། ལམ་རྫོགས། འབྲས་བུ་རྫོགས། ལྟ་བསྒོམས་སྤྱོད་པས་གནས་འགག་རྫོགས། འཁོར་འདས་གཉིས་མེད་ཆོས་སྐུའི་ཀློང་། ཡི་གེ་མེད་པ་ལས་ཀྱང་འདི་སྐད་དུ། ཀྱཻ་མ་བསད་བཅད་ལས་ལ་དགའ་ན་སྣང་བ་ཆེན་པོར་གསལ། །ཐམས་ཅད་བསྒྲལ་ནས་རང་སྣང་མ་དང་འཕྲད། །རྒྱུ་འབྲས་རྩད་ནས་བཅད་ན་རྒྱུ་དྲུག་རྩལ་གསུམ་འབྱོངས། ། དགེ་བའི་རྒྱུན་ཐག་བཅད་ན་ལུ་གུ་རྒྱུད་དང་ཉེ། །ཕྱི་ནང་བྱ་བ་ཐིང་ན་སྣང་བ་རྒྱ་ཡི་ཐེབས། །སེམས་འཛིན་བལྟ་བསྒོམ་མེད་ན་ཆོས་སྐུའི་ངོ་བོ་ཡིན། །ལྟ་བ་རྩལ་གསུམ་འབྱུང་ན་སྣང་བ་ཆོས་ཀྱི་ཀློང་། །བྱ་བྱེད་གཡེང་བ་མེད་ན་ཆོས་ཉིད་བདེ་བ་ཡིན། །གཅིག་པུ་དལ་བར་འདུག་ན་རྩལ་གསུམ་ལུས་ལ་འབྱུང་། །ཐད་ཀ་གྲོགས་སུ་ཤེས་ན་ཅོག་བཞག་གཅིག་གི་ངང་། །དེ་དང་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ། །སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས། །གསང་བ་སྔགས་ཀྱིས་དངོས་པོ་དེ་ཉིད་དོ། །ཞེས་སོ། །གཉིས་པ་གོལ་ས་གཅོད་པ་ནི། དེ་ཡང་སྤྱིའི་གོལ་ས་རྟག་ཆད་ཡིན་ལ། ནང་ཉམས་ལེན་གྱི་གོལ་ས་ཆགས་ཞེན་ཡིན་པས་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་ལ་ཆགས་ཁམས་གསུམ་དུ་གོལ་སའི་བདེ་བ་ལ་ཆགས་ན་འདོད་ཁམས་སུ་གོལ། གསལ་བར་ཆགས་ན་གཟུགས་ཁམས་སུ་གོལ། མི་རྟོག་ལ་ཆགས་ན་གཟུགས་མེད་ཁམས་སུ་གོལ། བདེ་དང་གསལ་དང་མི་རྟོག་གསུམ་སྒོམ་གྱི་ཡང་རྩེ་ཡིན། ཆགས་ན་འཆིང་བ་ཡིན་ཏེ། བདེ་དང་གསལ་དང་མི་རྟོག་གསུམ། དེ་གསུམ་བསྒོམ་པའི་གོལ་ས་ཡིན་པས། བདེ་བ་ལ་མ་ཆགས་པ་སྨྱོན་པའི་སྤྱོད་པ་ལྟ་བུ། གསལ་བ་ལ་མ་ཆགས་པ་བུ་ཆུང་གི་རྨི་ལམ་ལྟ་བུ། མི་རྟོག་པ་ལ་མ་ཆགས་པ་བརྟུལ་ཞུགས་མཐར་ཕྱིན་གྱི་རྣལ་འབྱོར་པ་ལྟ་བུའོ། །བདེ་གསལ་མི་རྟོག་གི་ཉམས་ཀྱིས་མ་བསླད་པའི་ལྟ་བ་རྟོགས་དགོས། དེ་ཡང་མཚན་མར་སྐྱེས་པས་རྣམ་རྟོག་འདི་ཆོས་སྐུ་ཡིན་ཏེ་ཅེར་གྱིས་ཟུང་། དམིགས་པ་དང་གཏད་པ་འཛིན་པ་གང་ཡང་མེད་པའི་ངང་ནས་རང་བབས་སུ་བཞག་བྱ་འཇོག་བྱེད་མེད་པར་གནས་ཏེ། མ་བཅོས་མཆོག་ཡིན་ལྷུག་པའི་ངང་། །སོ་མ་ཉིད་ཡིན་གཉུག་མའི་ངང་། །བཅོམ་ལྡན་འདས་ཀྱིས་ང་ཡི་ཆོས་ནི་གནས་མེད་རྟེན་མེད་ཡིན། །སེམས་ཅན་རྣམས་ནི་གནས་དང་རྟེན་ལ་དགའ། །ཞེས་དང་། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲས་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་དང་། དེ་ནས་རྫོགས་པ་ཆེན་པོ་གནས་ལུགས་དོན་ཕྱིན་ཅི་མ་ལོག་པ་དེ་ཁོ་ན་ཉིད་བླ་ན་མེད་པ་འདི་ལ། ངག་གིས་བརྗོད་དམ། བློའི་ཡུལ་ལས་འདས་པ་འདི་ལ་བློ་བྱས་ཀྱི་བསྒོམ་རྒྱུ་གང་ཡང་མེད་དེ། བསྒོམ་རྒྱུ་མེད་ཀྱང་གོམས་འདྲིས་དགོས་པས་བསྒོམས་པ་མ་ཡིན་གོམས་པ་ཡིན། གོམས་པ་ཀློང་དུ་གྱུར་བ་ཡིན། ཞེས་པས། སེམས་མ་བཅོས་ན་གསལ། ཆུ་མ་བརྙོག་ན་དྭངས། དཔེར་ན་ཆུ་མིག་སྐམ་པ་ཀློགས་པས་དྭངས་བར་འདོད་ཀྱང་རྙོག་པ་བཞིན། གནས་ལུགས་བསྒོམ་པས་ངན་པ་སྤང་བཟང་པོ་བླང་ཞིང་། བསྒོམ་ཉམས་རྟོགས་བཟང་པོ་ཞིག་འདོད་ཀྱང་སེམས་འཁྲུགས་ནས་འདི་ཡང་རྣམ་རྟོག་ཉོན་མོངས་རེད་སྙམ་པ་དང་བྱིང་རྨུགས་འཐིབ་གསུམ་དང་། ཞི་གནས་རྟིང་པོ་དང་སྟོང་ལྟ་ཧད་པོ་རེད་སྙམ་ནས་བདེ་བའི་གོ་སྐབས་ནི་མི་རྙེད་དོ། །དཔེར་ན་གཅེར་བུ་ཚེར་མའི་གསེབ་ཏུ་ཞུགས་པ་བཞིན་ངེས་པ་རྙེད་པའི་དུས་མི་ཡོང་བས་བཅའ་བཅོས་དགག་སྒྲུབ་སྤང་བླང་རེ་དོགས་ཐམས་ཅད་དང་བྲལ་བ་དང་བསྒོམ་བྱ་སྒོམ་བྱེད་ཀྱི་རྟོག་པ་དང་བྲལ་བའི་ངང་ནས། ངོ་བོའི་གཉུག་མ་སྐྱོན་གྱི་དྲི་མས་མ་གོས་པར་རང་མལ་དུ་གནས་པ་གནད་ཡིན། དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས། རྟོགས་ན་གང་གིས་འཆིང་བར་ནུས་པ་ཁྱོད་ཀྱིས་སྨྲོས། །འཆིང་བ་གང་ཡིན་དེ་ནི་གྲོལ་བ་ཉིད། །བཅིང་དང་འཆིང་བར་གྲོལ་བ་མ་གྲུབ་པས། །ནགས་ལ་གནས་པའི་གླང་ཆེན་ནགས་དེར་ཡན་དུ་ཆུགས། །ཞེས་དང་། ཏཻ་ལོ་པ་ཡི་ཞལ་སྔ་ནས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལ་བཟླས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏཻ་ལོ་ངས་ནི་ཅི་ཡང་གཏན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་མཁྱེན་པར་མཛོད། །ཅེས་དང་། ན་རོ་པའི་ཚིག་བསྡུས་ལས། ཆོས་རྣམས་ཐམས་ཅད་རང་གི་སེམས། །ཕྱི་རོལ་དོན་མཐོང་འཁྲུལ་བའི་བློ། །ཞེས་སོ། །དེ་ནས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་རིག་པའི་རྩལ་དང་རོལ་བའི་ཆོ་འཕྲུལ་ཡིན་པ་ལས་གཞན་སོ་སོར་བསྒྲུབ་པ་གང་ཡང་མ་གྲུབ་པས་གཉིས་སུ་མེད་པ། གཉིས་སུ་བྱར་མེད་པ། སོ་སོ་མ་ཡིན་པ། ཐ་མི་དད་པ། རང་ཤར་བ། རང་གྲོལ་བ། གང་ཤར་ལ་སྤང་བླང་མེད་པ། རྣམ་རྟོག་ངོ་བོ་ཆོས་སྐུར་གྲོལ་བ། རྐྱེན་ངན་གྲོགས་སུ་འཆར་བ། ལྟ་ངན་གཡང་དུ་བཀུགས་པ། རྣམ་རྟོག་ངོ་བོ་ཝལ་པོ་རྗེས་མེད། རྣམ་རྟོག་བདེན་པར་གྲུབ་པ་མེད། རྣམ་རྟོག་གི་ཕ་འཆེར་བཟུང་བ་མེད། རྣམ་རྟོག་ཤེས་རབ་ཀྱི་འབུད་ཤིང་། རྣམ་རྟོག་ཡེ་ཤེས་ཀྱི་གསལ་གདབ་ཡིན་ཏེ། ཀློང་གསལ་ལས། ཕྱི་ནང་ཀུན་བཏགས་ཡེ་སྟོང་གྲོལ། །ཞེས་པའི་གནད་ཤེས་ན་རྟོག་ཚོགས་ཐམས་ཅད་ཡེ་ཤེས་སུ་གྲོལ་བའོ། །ངོ་བོ་གསལ་འདེབས་གྲོགས་སུ་འགྱུར་བ་ནི། མེར་ཆུང་བའི་དུས་སུ་སེར་བུ་ཆུང་ཡང་སྐྱོན་དུ་འགྱུར། ནགས་ལ་མེ་ཆེན་མཆེད་ཙམ་ན་རླུང་ཆེན་ཀུན་ཀྱང་གྲོགས་སུ་འགྱུར། རྡོ་སོལ་གྱི་རི་ལ་མེ་མཆེད་ན་ཆར་བ་བབ་པ་གྲོགས་སུ་འགྱུར་ཞིང་ཐམས་ཅད་མཉམ་པ་ཉིད་རོ་གཅིག་ཏུ་འདུས་པ་སྟེ། དེ་ཡང་རོ་བརྒྱ་གཤའ་མ་གཅིག་གིས་འདེད་པ་ལྟར་དང་། བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པ་ལྟར་དང་། ཆུ་བརྒྱ་ཟམ་པ་གཅིག་གིས་སྒྲོལ་བ་ལྟར་དོན་ངོ་བོ་དུ་མ་རོ་གཅིག་ཏུ་འདུས་ཏེ་རྣམ་རྟོག་སྦོམ་པོ་དང་ཕྲ་མོ་རགས་པ་སོགས་ཅི་ཤར་ཀྱང་གཉེན་པོས་ཟིན་ན་རང་ཞི་རང་དག་དུ་འགྲོ་སྟེ། རྟོག་པ་གཅིག་གི་ངོ་བོ་བལྟས་ནས་ཞི་བ་ལྟར་རྣམ་རྟོག་མཐའ་དག་དེ་དང་མཚུངས། དཔེར་ན་ཚྭ་གཅིག་གི་རོ་མྱོང་བས་ཚྭ་ཐམས་ཅད་ཀྱི་རོ་གཅིག་པ་ཤེས་པ་དང་། རྒྱ་མཚོ་ཤར་ནུབ་ཀྱི་ཆུ་གཅིག་གི་མཚན་ཉིད་ཤེས་པས་ཆུ་ཀུན་གྱི་དོན་ཤེས་པ་དང་འདྲ། དེ་ལྟར་རྟོག་པ་ཐམས་ཅད་རང་ཞི་ནས་ཞི་གནས་ཀྱི་ཏིང་ངེ་འཛིན་རྐྱེན་གང་གིས་མི་གཡོ་བའི་ངང་ནས་ལྷག་མཐོང་གི་ངོ་བོ་ལྷག་གིས་མཐོང་སྟེ། ཞི་ལྷག་ཟུང་དུ་འཇུག་པ། ངོ་བོ་གཅིག་ཏུ་གནས་ཏེ། ཞི་བ་ནི་ཉོན་མོངས་པ་དང་རྣམ་རྟོག་ཐམས་ཅད་ཞི། གནས་པ་ནི་རང་བཞིན་གྱི་ངང་ལ་གནས་ཏེ་གནས་པ་ངོས་བཟུང་དང་བྲལ་བ་གང་ན་མི་གནས་པ་ནི་གནས་པའི་མཆོག །ལྷག་མཐོང་གི་ངོ་བོ་ནི། དངོས་པོ་དང་མཚན་མ་རིས་སུ་བཅད་པའི་ཁ་དོག་གང་ཡང་མ་གྲུབ་སྟེ། ངོ་བོ་སྟོང་པ། རང་བཞིན་གསལ་བ། རྣམ་པ་མ་འགག་འདི་ཞེས་བརྗོད་དུ་མེད་པ་དོན་སྨྲ་བསམ་བརྗོད་འདས་ཀྱི་ངང་ལ་གནས་པ་ལ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ཞེས་བྱ་སྟེ། དེའི་ཚེ་རྟགས་ནི་འཁོར་བ་ལ་བློ་ལོག་ནས་ཚེ་འདིའི་བྱ་བར་མི་འཇུག་ཅིང་བྱམས་དང་སྙིང་རྗེས་བརླན་པས་བདག་གཞན་དོན་གཉིས་བསྒྲུབ་པ་ལ་རྒྱུན་མི་གཅོད། གདམས་པ་ལ་ངེས་ཤེས་སྐྱེས་པས་ཉིན་མཚན་ཏིང་ངེ་འཛིན་གྱིས་དུས་འདས་ཤིང་འཁོར་མོ་ཡུག་ཏུ་གནས་པའི་ལུས་ལ་བདེ་དྲོད་སྐྱེས། སེམས་ལ་རྟོགས་པ་འཆར། འདོད་ཡོན་ལ་སྲེད་པ་ཆུང་། ལུས་ཡོད་པ་མི་ཚོར་བ་དང་དབུགས་འབྱུང་རྔུབ་མི་ཚོར་བའི་ཉམས་བཟང་པོ་རྒྱུད་ལ་སྐྱེས་ཤིང་རང་གཅིག་པུར་དབེན་པའི་གནས་ལས་འབྲལ་མི་ཕོད་པའི་རྟགས་རྣམས་འབྱུང་ཞིང་མཉམ་བཞག་དེའི་ངང་ནས་རྗེས་ཐོབ་ཀྱི་བྱ་བ་ཤེས་མེད་རྡོ་ཚན་ལ་ཁ་བ་བབ་པ་བཞིན་མཉམ་རྗེས་གཉིས་མེད་དུ་གྲོལ་ནས་བསོད་ནམས་ཀྱི་བྲེ་ཁ་གང་། བློ་བདེ་ཁོང་ནས་ཤར། ཉམས་མྱོང་ཆང་གི་གླུམ་ལངས་པ་བཞིན་རང་རྒྱུད་གྲོལ། གནས་ལུགས་ངང་ཆེན་གྱི་དེད་དཔོན་ཡུལ་དུ་སླེབ་པ་ལྟར་ཞི་ལྷག་ཟུང་འབྲེལ་གྱི་ཉམས་རྟོགས་གོང་དུ་འཕེལ་ཞིང་ཡོན་ཏན་རྒྱུད་ལ་སྐྱེས་པ་ནི། ཡེ་ནས་རང་ལ་གནས་པའི་རང་བྱུང་གི་ཡེ་ཤེས་རང་ངོར་གནས་པ། བཏང་བཞག་དང་འཆར་ནུས་མེད་པ་སྤྱོད་ལམ་རྣམ་བཞི་ལྟ་ཐོག་ནས་འཁྱེར་ཞིང་རྟག་པ་འཁུ་ལྡོག་གི་རྣལ་འབྱོར་ཞེས་བྱའོ། །དེ་ལ་འཕྲལ་དུ་ཉམས་བཟང་པོ་བྱུང་ཚེ། རྒྱུན་དུ་འཕྲོ་མ་མཐུད་ལ་འགྲོ་བ་ཡི། །བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད། །དུས་གཅིག་ཚོགས་རྫོགས་མིན་པས་རིམ་གྱིས་སློབ། །བསྒྲུབ་པ་གནད་སྣུན་ལེ་ལོའི་བདུད་མ་བསྐུར། །ཞེས་པས། ཆོས་བསྒྲུབ་པ་ལ་བདུད་ཀྱི་གེགས་བྱུང་བའི་བདུད་ངོས་ཟིན་ཞིང་བདུད་དབང་དུ་མ་ཤོར་བར་དགོས། དེ་ཡང་འདིའི་དུས་སུ་སྟོང་པ་དགྲར་ལངས་ཀྱི་བདུད་དང་། སྙིང་རྗེ་དགྲར་ལངས་དང་། བརྟུལ་ཞུགས་ལ་སོགས་ཀྱི་གེགས་འབྱུང་སྟེ། ཐམས་ཅད་མ་གྲུབ་སྟོང་པ་ཡིན། བསྒོམ་དུ་མེད། བསྒྲུབ་དུ་མེད་ཟེར་ནས་སྟོང་སྐད་དང་ཁ་ལྟའི་བྲེ་ཁམས་མང་དུ་བརྗོད་ཅིང་རྒྱུ་འབྲས་ཁྱད་དུ་གསོད། དགེ་སྡིག་གི་ཕན་གནོད་དང་སྤང་བླང་མེད་པར་བརྗོད་པ་ནི་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་ཡིན་པས་ངོ་ཟིན་པར་བྱ་ཞིང་རྒྱུ་འབྲས་མི་བསླུ་པ་ལ་ཡིད་ཆེས་བྱ། རང་རིག་དཔང་པོར་བཙུགས་ཤིང་ཉམས་ལེན་ལ་འབྲང་ངོ་། །རྣམ་རྟོག་རྐུན་བུ་ངོས་ཟིན་པར་བྱ་ཞིང་འོག་འགྱུ་དང་བཏང་སྙོམ་ལ་མོས་པར་བྱ། ཉོན་མོངས་ཆོམ་རྐུན་འདི་ཡིས་ནི། །ཀླག་རྙེད་གྱུར་ནས་དགེ་འཕྲོ་བཅད། །ཐར་བའི་སྲོག་ཀྱང་གཅོད་པར་བྱེད། །སེམས་ནི་ཁྱི་མོ་རྐུན་མ་འདྲ། །ཞེས་པས། ངོས་ཟིན་ཞིང་ངང་ལ་གནས་པར་བྱ། དེ་ཡང་སློབ་དཔོན་ཉི་མ་རྩལ་གྱི་ཞལ་སྔ་ནས། སྣ་ཚོགས་སེམས་ཀྱི་ཆོ་འཕྲུལ་ཏེ། །སེམས་ལ་འདི་ཞེས་མཚོན་དུ་མེད། །གདོས་བཅས་འཁོར་འདས་རྩ་བ་བྲལ། །དེ་ཉིད་ཆོས་སྐུར་ཤེས་པར་གྱིས། །ཞེས་པའི་མི་མཐུན་ཕྱོགས་རྣམས་སྤང་ཞིང་ཆོས་ཉིད་རྣལ་མའི་ངང་ལ་གནས་པར་བྱ། སྙིང་རྗེ་དགྲར་ལངས་གེགས་འབྱུང་སྟེ་བསྒྲུབ་པ་བྱས་པའི་ཚེ་ན་སེམས་ལ་སྙིང་བརྩེ་ཞིང་གཞན་དོན་བྱ་དགོས་སྙམ་ནས་རང་གི་བསྒྲུབ་པ་ཤོར་ནས་གཞན་དོན་ལ་རིང་ནས་ལྟ་བའི་གདེང་དང་བྲལ་ཏེ། དེ་ཡང་སེང་གེ་རྩལ་རྫོགས་ལས། རྣལ་འབྱོར་དམ་པའི་མཉམ་བཞག་ཚེ། །མཚན་མོ་མུན་ནག་སྤྲིན་རུབ་ནས། །ནམ་ལང་ཉི་ཤར་བཞིན་དུ་གསལ། །ཉམས་ཆུང་འོད་གསལ་ཡིན་སྙམ་ནས། །རྣམ་འབྱོར་པ་ནི་ང་འཕང་སྐྱེས། །དེ་ཚེ་འགྲོ་དྲུག་སེམས་ཅན་གྱི། །དགེ་སྡིག་མ་ལུས་སྔ་ཕྱི་ཤེས། །འཁྲུལ་བའི་སྡུག་བསྔལ་སྣ་ཚོགས་མཐོང་། །དེ་ཚེ་སྙིང་རྗེའི་བདུད་ཞུགས་ནས། །སེམས་ཅན་སྙིང་རྗེའི་གདུང་སེམས་སྐྱེས། །བྱམས་དང་སྙིང་རྗེ་བྱ་དགོས་ན། །ཏིང་འཛིན་བཏང་ནས་གཞན་དོན་བྱེད། །དེ་ཕྱིར་གཏིང་བྲལ་ཤེས་པར་ངེས། །མཆི་མ་འདོན་ཅིང་སེམས་མི་དགའ། །ཏིང་འཛིན་བྲལ་ནས་ཤེས་པ་འཕྱོ། །དེ་ཕྱིར་བདུད་ཀྱིས་དབང་བསྒྱུར་ཏུ། །ཞེས་གསུངས་པས་དེའི་དབང་དུ་མ་སོང་བར་བྱ། རང་དོན་མ་འགྲུབ་པར་གཞན་དོན་མི་འབྱུང་རང་དོན་འཆོར་བས་གཞན་དོན་མི་འགྲུབ་སྟེ། མ་ལང་པས་ཆང་ལ་ཆུ་བླུག་པ་དང་འདྲ། དམ་བཅས་ཡུན་བསྲིང་གདམས་ངག་ལ་ངེས་ཤེས་བསྐྱེད། རྣམ་གཡེང་བདུད་དུ་ཤེས་པར་བྱ་ཞིང་རང་རིག་མངོན་དུ་མ་གྱུར་བར་དབེན་པར་གནས་པར་བྱའོ། །དེ་ཡང་ཐར་བ་བྱང་ཆུབ་མ་ཐོབ་གྱི་བར་དུ་བདུད་ཀྱིས་རྗེས་སྙེག་ཡོང་བས་བདུད་ཀྱིས་བསླུས་པ་ནི་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་ཡང་འདིར་མདོར་བསྡུས་པས། བྱ་བ་འདུ་འཛི་ལོངས་སྤྱོད་བདུད། ཅེས་ཕྱིའི་བདུད་ཐམས་ཅད་དེར་འདུས། ཉམས་དགའ་ཞེན་པ་གནས་ཀྱི་བདུད། ཅེས་ནང་གི་བདུད་དེར་འདུས། བསླབ་ཤེས་ཡོན་ཏན་གཡེང་བའི་བདུད། ཅེས་གསང་བའི་བདུད་ཐམས་ཅད་དེར་འདུས། འཁོར་རྣམས་སེམས་འཁྲུག་བདུད་རྣམས་འབྱུང་། ཞེས་གནས་སྐབས་ཀྱི་བདུད་ཐམས་ཅད་དེར་འདུས་ཤིང་། དེ་ཡང་སེང་གེ་རྩལ་རྫོགས་ལས། ཐོས་ཆུང་རྣམ་འབྱོར་ཞེན་པ་ཅན། །འཁོར་ངན་གཉེན་ལ་གདུང་དྲགས་པའི། །བཟུང་འཛིན་ཞེན་པ་རང་རྒྱུད་ཅན། །རྟག་ཏུ་བསགས་ནས་ནོར་རྣམས་ཏེ། །དེ་ལ་སེམས་འཁྲུག་བདུད་ཞུགས་ཏེ། །གསང་ཞིང་ཉེ་འཁོར་རྣམས་ལ་བྱིན། །འཁོར་ངན་གཅིག་ལ་གཅིག་འགྲན་ནས། །ཆོག་ཤེས་མེད་པར་རྟག་ཏུ་འདོད། །དེ་ཚེ་ཡོན་བདག་དད་པ་ལོག །སྒྲོ་བཀུར་བཏགས་པས་ཞེ་སྡང་སྐྱེས། །དྲིན་དུ་མི་བཟོ་འཕྱ་ཀ་གཏོང་། །འཁོར་ངན་བདུད་ཀྱི་རང་བསླུས་ལྟུང་། །སྤྱོད་པ་དག་ནི་དེ་དག་ཀྱང་། །འཇིག་རྟེན་ཆོས་བརྒྱད་ཞེན་ལས་བྱུང་། །དེ་ཕྱིར་གཡེང་བའི་དོན་དུ་གཉེར། །འཁོར་བ་དང་བླང་རང་བསླུས་ལྟུང་། །ཞེས་གསུངས། དེ་ལྟར་བདུད་ངོས་འཛིན་ཞིང་མཉམ་ཉིད་ཡེ་གྲོལ་དུ་བོགས་འདོན་སྟེ། སློབ་དཔོན་ཌམྦྷི་ཧེ་རུ་ཀའི་ཞལ་ནས། སྲིད་ཞི་མཉམ་ཉིད་སྤྲོས་བྲལ་ལས། །རྩོལ་བསྒྲུབ་བྱེད་པ་ཤ་ཐང་ཆད། །ཡུལ་འཛིན་གཉིས་མེད་ཟང་ཐལ་ལས། །ཐ་དད་འཛིན་པ་ཉོན་རེ་མོངས། །བདག་གཞན་གཉིས་མེད་ཆོས་སྐུ་ལ། །བཟང་ངན་འཛིན་པ་སྙིང་རེ་རྗེ། །ཞེས་གསུངས། དེ་ཡང་གོལ་ས་ཆོད་པ་ལ། དང་པོ་ཐོས་པའི་རྒྱ་བསྐྱེད། བར་དུ་ངོ་སྤྲོད་དང་གདམས་པ་རྣམས་གནད་དུ་ཆུད་པར་བྱ། ཐ་མ་ཉམས་ལེན་གྱི་དུས་སུ་ཡང་གོལ་ས་རྣམས་བསམ་གཏན་གྱི་རོ་ལ་ཆགས་པ་ཡིན་ཏེ། དཔེར་ན་རི་བོང་དང་ཁྲ་ཚང་ཉལ་དང་། མདའ་མཁན་གྱི་བསམ་གཏན་དང་འདྲ་བར་གྲོལ་རྒྱུ་མེད་། ཉམས་ཀྱི་སྣང་བ་ལ་ཅི་ཤར་གང་ཤར་གྱི་སྟེང་དུ་བཅོས་སླད་དང་རེ་དོགས་དགག་སྒྲུབ་མེད་པར། དེ་རང་གི་ཐོག་ཏུ་ཀློད་ན་བཞག་པ་གང་ཤར་གྱི་ངོ་བོ་ལ་འཛིན་པ་མི་འཇུག་སྟེ། གོལ་མི་སྲིད་དོ། །དེ་ཡང་སེང་གེ་རྩལ་རྫོགས་ལས། འདུ་འཛི་ལོངས་སྤྱོད་བདུད་བྱུང་ནས། །ཏིང་འཛིན་དགྲ་རུ་ཤེས་པའི་སེམས། །འདོད་ཆུང་ཆོག་ཤེས་ཟིལ་གྱིས་གནོན། །ཞེན་པ་གནད་ཀྱི་བདུད་བྱུང་ན། །ཡུལ་ལ་ངེས་མེད་ཆགས་པ་ཡི། །ལྟ་བ་རང་གི་ཡུལ་མེད་ཕྱིར། །ཞེན་པ་མེད་པའི་ཟིལ་གྱིས་གནོན། །ཡོན་ཏན་གཡེང་བའི་བདུད་བྱུང་ན། །བདག་དོན་མ་འགྲུབ་བར་དུ་ཡང་། །མི་དབང་མི་བཏང་དོན་དྲན་པས། །གཞན་དོན་མི་བྱ་ཟིལ་གྱིས་གནོན། །འཁོར་འདས་སེམས་འཁྲུག་བདུད་བྱུང་ན། །མཐར་ཐུག་འབྲེལ་བ་མེད་པའི་ཕྱིར། །གནས་སྐབས་འཁོར་བའི་ཏིང་འཛིན་དགྲ། །གདུང་སེམས་བསྐྱུང་ལ་ཟིལ་གྱིས་གནོན། །མཁའ་འགྲོ་ལུང་བསྟན་བདུད་བྱུང་ན། །རང་རིག་མི་འགྱུར་རྟོག་པ་ལ། །གཞན་དུ་ལུང་བསྟན་བསླུ་བར་ཤེས། །རེ་དོགས་མེད་པ་ཟིལ་གྱིས་གནོན། །ཉམས་མྱོང་ཞེན་པའི་བདུད་བྱུང་ན། །སྔ་ཕྱི་མེད་པའི་ཆོས་སྐུ་འདི། །ཏིང་འཛིན་རྐྱེན་གྱིས་མི་འགྱུར་ཕྱིར། །ཞེན་མེད་ལྟ་བས་ཟིལ་གྱིས་གནོན། །ཞེ་འདོད་ཚུལ་འཆོས་དགྲ་བྱུང་ན། །གང་ཡང་མ་བཅོས་དོན་དྲན་པས། །རང་བྱུང་ཆོས་སྐུའི་དོན་དྲན་ཕྱིར། །རྟོག་པ་དྲང་པོར་ཟིལ་གྱིས་གནོན། །བདེ་བ་བགོས་མེད་བདུད་བྱུང་ན། །རང་བྱུང་ཡེ་ཤེས་རྟེན་མེད་ཕྱིར། །དབང་ལ་མི་བརྟེན་འཕེལ་འགྲིབ་མེད། །རྒྱུ་རྐྱེན་འབྱུང་འདོད་ཟིལ་གྱིས་གནོན། །གཏིང་མེད་སྐུར་འདེབས་བདུད་བྱུང་ན། །ཆོས་སྐུར་སྒྲོ་བཀུར་བྲལ་བའི་ཕྱིར། །ལུང་བསྟན་ཅན་ལ་གནོད་མི་ཚུགས། །ལྟ་སྤྱོད་ལམ་གྱི་ཟིལ་གྱིས་གནོན། །ང་རྒྱལ་སྒྲོ་འདོགས་བདུད་བྱུང་ན། །རང་བྱུང་དོན་འདི་རྐྱེན་བྲལ་བ། །དེ་དོན་ངེས་དོན་གདམས་ངག་གིས། །སྣོད་ངན་གསང་ལ་ཟིལ་གྱིས་གནོན། །ཟིལ་གྱིས་གནོན་ཐབས་དེ་དག་ཀྱང་། །སྤང་བླང་དགག་སྒྲུབ་མེད་པར་འདུས། །དེ་ཕྱིར་དོན་འདུས་དམ་པའི་ལམ། །དེར་གནས་སངས་རྒྱས་དགོངས་པ་ཡིན། །ཞེས་དང་། ཡང་དེ་ཉིད་ལས། རྩ་བའི་བདུད་བཞི་བཅོམ་གྱུར་ན། །བདུད་རྣམས་གཞན་གྱིས་གླགས་མི་རྙེད། །ཅེས་སོ། །སྔ་མ་ལས། དེ་རྣམས་དབང་དུ་མ་གྱུར་པས། །རིག་པ་ཡེ་ཤེས་ཆེན་པོ་ནི། །ནམ་མཁའི་ངང་ལས་ཤར་པར་བྱ། །གང་གི་ཕྱོགས་སུ་ཤར་བ་མེད། །རང་ཉིད་ཆོས་སྐུར་རྟོགས་གྱུར་ན། །བདུད་ཞེས་བྱ་བ་ལོགས་ན་མེད། །ཆོས་སྐུ་གཟུང་འཛིན་བྲལ་བ་ལ། །མཚན་མ་བདུད་གྱི་ཕྱོགས་རིས་བྲལ། །སྤྱོད་པ་ངེས་པའི་ལུང་ཉིད་ལས། །བདུད་ལས་ཐར་པའི་མན་ངག་བསྟན། །ཡེ་ཤེས་སྣང་བ་འཛིན་མེད་དུ། །ཕྱོགས་ལས་གནས་པ་མེད་པར་ཤར། །ལམ་ལ་ཞུགས་པ་མེད་པར་གྲོལ། །འབྲས་བུ་དེ་བཞིན་མཁའ་ལ་རོལ། །ཞེས་སོ། །ཡང་འདི་སྐད་དུ། དེ་བཞིན་བློ་དང་ཆོས་རྣམས་ཀུན། །བྱར་མེད་སྟོང་པའི་ངང་དུ་གྲོལ། །འཛིན་མེད་རང་སྣང་ཆོས་རྣམས་དང་། །རྣམ་རྟོག་སྟོང་པའི་མཁའ་ལ་རོལ། །ཞེས་དང་། དེ་ཡང་སློབ་དཔོན་ཆེན་པོ་གུརྞ་དེ་བའི་ཞལ་སྔ་ནས་ཀྱང་། སྣང་སྲིད་ཡེ་ནས་ཆོས་ཀྱི་དབྱིངས། །ཕྱག་རྒྱ་ཆེ་ལ་སྤང་རྟོགས་མེད། །ནམ་མཁའི་བྱ་ནི་གར་མ་ཕྱིན། །བྱིས་པའི་རྩོལ་བས་ཤ་ཐང་ཆད། །རྩོལ་མེད་ངང་དུ་ལྷུག་པར་ཞོག །ཞེན་པ་ས་ལེ་ཧྲིག་གེ་རེ་དོགས་མེད་པར་བསྒོམས། དེ་ལྟར་གཞི་ཁྲེགས་ཆོད་ཀྱི་ལྟ་བ་ལ་ལེགས་པར་སྦྱངས་ནས་ངེས་པའི་གདེངས་རྙེད་པར་བྱའོ། །གཉིས་པ་ལམ་ཐོད་རྒལ་ལ་འཇུག་པ་ནི། དེ་ཡང་དོན་རྣམ་པ་བཞི་སྟེ། ལུས་ངག་ཡིད་གསུམ་ཕྱི་ནང་གསང་བའི་བྱ་བ་དགུ་ཕྲུགས་སུ་བཏང་། ལུས་ངག་ཡིད་གསུམ་གནད་ལ་གཟིར་བ་དང་། གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་དང་། ཉམས་ཀྱི་རིམ་པ་ཇི་ལྟར་འཆར་བ་དང་བཞིའོ། །དེ་ཡང་དང་པོ་ལུས་ངག་ཡིད་གསུམ་གྱི་བྱ་བ་བཏང་བ་གལ་ཆེ་སྟེ། བྱ་བ་མ་བཏང་ན་ཉམས་ལ་མི་གནས་པས་བྱ་བ་དགུ་ཕྲུགས་སུ་བཏང་དགོས་ཏེ། འདས་རྗེས་ལས། གནས་བརྟེན་གྲོལ་བའི་གདེངས་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་དང་། དང་པོ་ལུས་ཀྱི་བྱ་བ་ཕྱི་ནང་གསང་གསུམ་དུ་བཏང་བ་ནི། ལུས་ཕྱིའི་བྱ་བ་ལས་ཀའི་བྱ་བ་མཐའ་དག་བཏང་། ལུས་ཀྱི་ནང་གི་བྱ་བ་ཆོས་སྤྱོད་ཐམས་ཅད་བཏང་། ལུས་གསང་བའི་བྱ་བ་གྲོགས་མེད་གཅིག་པུར་སྡོད་པའོ། །ངག་གི་བྱ་བ་བཏང་བ་ལ་ཡང་གསུམ། ངག་ཕྱིའི་བྱ་བ་ལས་ཀའི་གཏམ་ཐམས་ཅད་སྤང་། ངག་ནང་གི་བྱ་བ་ཆོས་སྤྱོད་ཀྱི་བཟླས་བརྗོད་ཐམས་ཅད་སྤངས། ངག་གསང་བའི་བྱ་བ་ལྐུག་པ་ལྟ་བུ་གནས་པར་བྱའོ། །ཡིད་ཀྱི་བྱ་བ་བཏང་བ་ལ་ཡང་གསུམ། ཡིད་ཕྱིའི་བྱ་བ་ལས་ཀའི་འཁྲུལ་བ་རྟོགས་པ་ཐམས་ཅད་སྤངས། ཡིད་ནང་གི་བྱ་བ་ཐམས་ཅད་སྤངས། ཡིད་གསང་བའི་བྱ་བ་སྔ་ཕྱིའི་བསམ་མནོ་ཐམས་ཅད་སྤངས། དེ་ལྟར་བྱ་བ་བཏང་པའི་དགོས་ཆེད་ནི་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གོ །གནས་སྐབས་སུ་ལུས་ངག་ཡིད་གསུམ་གྱི་བྱ་བ་ཐོང་པས་ལུས་ངག་ཡིད་གསུམ་འཁྲུལ་ཕྱིར་མི་འབྲང་བའི་དགོས་པ་ཡོད། མཐར་ཐུག་ཟག་མེད་ཡེ་ཤེས་མྱུར་དུ་འཆར་བའི་དགོས་པ་ཡོད། འདི་ལྟར་བྱ་བ་མ་བཏང་ན་དེའི་ཡོན་ཏན་ལས་བཟློག་པའི་སྐྱོན་ཡོད་དོ། །གཉིས་པ་ཟག་མེད་ཡེ་ཤེས་དངོས་སུ་རང་ཐོག་ཏུ་དབབ་པ་ལ་གནད་རྣམ་པ་གསུམ་ལས། ལུས་ཀྱི་གནད་དང་། ངག་གི་གནད་དང་། སེམས་ཀྱི་གནད་གཟིར་བའོ། །དང་པོ་ལུས་ཀྱི་གནད་གཟིར་དགོས་ཏེ། ཐལ་འགྱུར་ལས། དེ་ཡང་ལུས་ནི་སྐུ་གསུམ་ལུས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་སོ། །དེ་ཡང་དཔེར་ན་སྦྲུལ་རྐང་ལག་ཚང་བར་ཡོད་ཀྱང་མ་གཅུར་ན་མི་གསལ་བ་ལྟར་རིག་པ་ཡེ་ཤེས་ལུས་ལ་གནས་ཀྱང་ཐབས་ཀྱིས་འཕྲུལ་འཁོར་གྱི་གནད་མ་གཟིར་ན་དངོས་སུ་སྣང་མི་ནུས། ལུས་ཀྱི་གནད་གཟིར་བ་ཤིན་ཏུ་གལ་ཆེའོ། །ཀློང་གསལ་ལས། རིག་པ་ལུས་ལ་གནས་གྱུར་ཀྱང་། །འཕྲུལ་འཁོར་དག་གིས་མ་གཅུན་ན། །ཡེ་ཤེས་དབང་པོ་སྣང་མི་ནུས། །ཞེས་སོ། །ད་ལུས་ཀྱི་གནད་གཟིར་བ་དངོས་ནི། མུ་ཏིག་འཕྲེང་བ་ལས། ལུས་ཀྱི་གནད་ནི་རྣམ་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་ཚུལ། །དྲང་སྲོང་ཚུལ་དུ་གནས་པར་བྱ། དེ་ཡང་བཞུགས་སྟངས་གསུམ་ལས། དང་པོ་ཆོས་སྐུའི་བཞུགས་སྟངས་ནི། སེང་གེའི་བཞུགས་སྟངས་ལྟ་བུར་བྱ་སྟེ། དེ་ཡང་གདན་གྱི་ཐོག་ཏུ་ཁྱི་ཚུགས་ལྟ་བུ་ལ། རྐང་མཐིལ་ས་ལ་གཅར། པུས་མོ་ཕྱིར་བསྒྲད་ལ། ལག་མཐིལ་ས་ལ་བཙུག་སྟེ། མཐེ་བོང་བཅང་ངོ་། །རོ་སྟོད་སེང་གེ་ལྟར་ཤིག་གེ་བྱས་པ་སྟེ། འཇིང་པ་ཡུད་ཙམ་གྱེན་དུ་སྟོད་ལ་སྨིན་ཕྲག་གི་ནམ་མཁའ་ལ་མིག་མ་འགུལ་བར་བལྟའོ། །ལུས་ཀྱི་གནད་གཟིར་བའི་ཡོན་ཏན་ནི། ཐལ་འགྱུར་ལས། ཆོས་ཀྱི་སྐུ་ཡི་བཞུགས་སྟངས་ཀྱིས། །སེང་གེ་འདུག་ཚུལ་ལ་བརྟེན་ནས། །འཁྲུལ་བའི་འཇིགས་པ་ཀུན་བྲལ་དེ། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ཞེས་པས། དེ་ལྟར་བྱས་པས་ནང་གི་འགྱུ་བ་རྣམས་འཇམ་ཞིང་རྣམ་རྟོག་ཟིལ་གྱིས་གནོན་པའི་དགོས་པ་ཡོད་དོ། །བཞུགས་སྟངས་དེས་སངས་རྒྱས་ཀྱི་མཁྱེན་པ་འདི་ཉིད་ལ་རྫོགས་པར་བྱེད། དེ་ཡང་ལུས་སེང་གེའི་ཚུལ་དུ་འདུག་པའི་དབྱིངས་དང་རིག་པ་འཕྲད་པར་བྱེད། རྐང་མཐིལ་ས་ལ་བཅར་བས་རྣམ་རྟོག་མཐའ་འགག་པར་བྱེད། ལག་པའི་སོར་མོ་ནང་དུ་བཀུམ་ནས་ནང་དུ་བཙུག་པས་ལས་དང་ཉོན་མོངས་པའི་འགྱུ་བ་སྟོང་པར་བྱེད། རོ་སྟོད་སྟེང་ལ་བོར་བའི་རྟགས་སུ་ཆོས་ཉིད་དང་མི་འབྲལ་བར་བྱེད། རྩལ་འཇིངས་པ་ལ་བསྐུར་བས་ཆོས་ཉིད་ལ་འཇིགས་པ་མེད་པའི་རྟེན་ཁྱད་པར་ཅན་བྱེད་པའོ། །ལུང་ལས་ཀྱང་། གང་གིས་ཆོས་སྐུར་བཞུགས་པའི་ཚུལ། །གང་ཟག་གང་གི་ལུས་ཀྱི་གནད། །དེ་དང་མཐུན་པར་སུས་ཤེས་པས། །འདི་ནི་ཆོས་སྐུ་བདེ་ཆེན་ལ། །རྣལ་འབྱོར་རྟག་ཏུ་བྱེད་པའོ། །ཞེས་པས། དེ་ལྟར་ཤེས་པར་བྱའོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་བཞུགས་སྟངས་ནི། གླང་པོ་ཆེ་ཉལ་བ་ལྟ་བུ་སྟེ། དེ་ཡང་གདན་གྱི་ཐོག་ཏུ་ལུས་ཁ་སྦུབ་ཏུ་འདུག་སྟེ། པུས་མོ་བྲང་ལ་སྦྱར། གྲུ་མོ་ས་ལ་བཙུག་སྟེ། ལག་མཐིལ་གཉིས་གྱིས་ཨོལ་རྐོ་རྟེན་ཏེ། སོར་མོ་འགྲམ་པར་སྦྱར་ལ་སྒལ་པ་བསྲང་སྟེ། མིག་གིས་ནམ་མཁའ་ལ་ཟུར་གྱི་ཧྲིག་པོར་བལྟའོ། །དེ་ལྟར་བྱས་པའི་ཡོན་ཏན་ནི །གཡོ་བྱེད་ཀྱི་རླུང་ཟིན་པའི་དགོས་པ་ཡོད་ཅིང་། ཐལ་འགྱུར་ལས། ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་རྣམས་ལ་ལོངས་སྤྱོད་དོ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །ཞེས་པའི་ལོངས་སྐུའི་འདུག་སྟངས་ཀྱིས་གཟིར་བས་ཚེ་འདི་ཉིད་ལ་སངས་རྒྱས་ཀྱི་ཞིང་ཁམས་མངོན་སུམ་དུ་མཐོང་བར་འགྱུར། ལུས་ཁ་སྦུབ་ཏུ་ཉལ་བས་སྲིད་པ་གསུམ་ཟིལ་གྱིས་གནོན་པའི་སྟོབས་བྱེད། པུས་མོ་བྲང་ལ་སྦྱར་བས་འཁྲུལ་བ་ཡེ་ཤེས་སུ་འཆར་བའི་རྒྱུ་བྱེད། མཐེ་བོང་ས་ལ་ཕྱིར་ཕུལ་བས་གཡོ་བྱེད་ལས་ཀྱི་རླུང་གནོན་པར་བྱེད། ལག་པའི་གྲུ་མོ་ས་ལ་སྦྱར་བས་ཆོས་ཉིད་མངོན་སུམ་དུ་འཆར་བར་བྱེད། འཇིངས་པ་གྱེན་ལ་ཡུད་ཙམ་བཏེགས་པས་རྣམ་རྟོག་ཡེ་ཤེས་སུ་འཆར་བར་བྱེད་པ་སྟེ། མཁའ་ལྡིང་ལས། ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་ཅིང་། །ལོངས་སྐུའི་བཞུགས་སྟངས་བསྟུན་བྱས་ནས། །འདི་ནི་སྐུ་གསུམ་ཞིང་ལ་སྤྱོད། །དཔེར་ན་མཆོག་ཏུ་ལུས་ཀྱི་གནད། །རྣམ་འབྱོར་ཆེ་མཆོག་གཙོ་བོ་སྟེ། །ཞེས་གསུངས་སོ། །གསུམ་པ་སྤྲུལ་སྐུའི་བཞུགས་སྟངས་ནི། དྲང་སྲོང་ཙོག་པུར་བྱ་སྟེ། དེ་ཡང་གདན་གྱི་ཐོག་ཏུ་རྐང་པའི་ལོང་བུ་གཉིས་གཤིབ་ལ་ཙོག་པོར་འདུག་སྟེ། ལག་པ་གཉིས་མཁལ་ཁུང་ངམ་པུས་མོ་ལ་བཀལ་ཞིང་། སྒལ་ཚིགས་དྲང་པོར་བསྲངས་ཏེ་མིག་ཟིམ་བུས་བར་སྣང་ལ་གཏད་པར་བྱའོ། །དེ་ལྟར་གཟིར་བའི་ཡོན་ཏན་ནི། ལུས་ལ་དྲོད་སྐྱེས་ཤིང་རྣམ་རྟོག་རྒྱུན་ཆད་པའི་དགོས་པ་ཡོད་དོ། །ཐལ་འགྱུར་ལས། སྤྲུལ་པ་སྐུའི་བཞུགས་སྟངས་ནི། དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་རྣལ་འབྱོར་ངང་སྤྲུལ་པས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་སོ། །སྤྲུལ་སྐུ་དྲང་སྲོང་བཞུགས་སྟངས་ཀྱིས་གཟིར་བས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་། རྐང་བའི་ལོང་བུ་གཉིས་གཤིབ་པས་ཐབས་ཤེས་ཀྱི་བཅུད་འབྱིན་པར་བྱེད། རྐང་མཐིལ་ས་ལ་བཅར་བས་རླུང་འཕེལ་སྡུད་ཀྱི་ལས་སྟོང་པ་བྱེད་ཅིང་ལུས་ལ་ཡེ་ཤེས་ཀྱི་དྲོད་འབབ་པར་བྱེད་དོ། །ལུས་ཙོག་པུར་འདུག་པས་རྣམ་ཤེས་འགྱུ་བས་རྩ་ཁམས་འཆུ་པར་བྱེད། པུས་མོ་བྲང་ལ་སྦྱར་བས་ཡིད་ཀྱི་རྣམ་པར་ཤེས་པ་དལ་བ་ལ་བརྟེན་པར་བྱེད་ཅིང་ལུས་ཀྱི་འབྱུང་བ་སྙོམས་ཤིང་ཡེ་ཤེས་གྱི་རྩལ་འབྱིན་པར་བྱེད། ལག་པ་གཉིས་བསྣོལ་ནས་པུས་མོ་ལ་བཀབ་པས་ལས་དང་བག་ཆགས་ཀྱི་མཐར་ཟད་པར་བྱེད་དོ། །གསེར་གྱི་མཁའ་ལྡིང་ལས། ལུས་ཀྱི་ཙོག་པུ་དག་བྱེད་པ། །སྤྲུལ་པའི་སྐུ་ཡི་བཞུགས་སྟངས་ཉིད། །སུ་ཡིས་ཤེས་པའི་གནད་དེ་བསྟུན། །དེ་ཉིད་ལས་གྲོལ་སངས་རྒྱའོ། །ཞེས་ཞོར་ལ་གེགས་སེལ་བ་ནི། །ཚ་བ་ཤས་ཆེ་བ་ལ་ཆོས་སྐུའི་བཞུགས་སྟངས་བྱ། བགྲང་ཤས་ཆེ་ན་སྤྲུལ་སྐུའི་བཞུགས་སྟངས་བྱ། ཚ་གྲང་སྙོམ་པ་ལ་ལོངས་སྐུའི་བཞུགས་སྟངས་བྱ། འདས་རྗེས་ལས། དེ་ལྟར་སུ་ཡི་བྱས་པ་ལས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་ཀློང་དུ་མྱ་ངན་འདའ། །ཞེས་དང་། དེ་ལྟར་ལུས་ཀྱི་འདུག་སྟངས་གཟིར་བ་ལ་དགོས་ཆེད་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གོ །གནས་སྐབས་ཀྱི་དགོས་ཆེད་ནི། ཆོས་སྐུའི་བཞུགས་སྟངས་བྱས་པས་ནང་གི་འབྱུང་བ་རྣམས་འཛད་པའི་དགོས་པ་ཡོད། ལོངས་སྐུའི་བཞུགས་སྟངས་བྱས་པས་གཡོ་བྱེད་ཀྱི་རླུང་ཟིན་པའི་དགོས་པ་ཡོད་དོ། །སྤྲུལ་སྐུའི་བཞུགས་སྟངས་བྱས་པས་ལུས་ལ་དྲོད་སྐྱེས་ཤིང་འབྱུང་བ་ཆ་སྙོམས་པའི་དགོས་པ་ཡོད་དོ། །མཐར་ཐུག་གི་དགོས་པ་ནི། ཀ་དག་གི་དོན་རྟོགས་པ་དང་ལྷུན་གྲུབ་ཀྱི་དོན་འཆར་བ་དང་། འཁྲུལ་སྣང་ཞིང་ཁམས་སུ་འཆར་བས། འདི་སྐད་དུ། ལུས་གནད་སྐུ་གསུམ་འདུ་འབྲལ་མེད། །ཞིང་ཁམས་གསུམ་ལས་འདས་མི་སྲིད། །ཅེས་པས། དེ་ལྟར་གྱི་གནད་མ་གཟིར་བའི་སྐྱོན་ནི། ཀློང་གསལ་ལས། ལུས་ཀྱི་གནད་ནི་མ་གཟིར་ན། །འབྱུང་ཟད་རླུང་ནི་མི་ཟིན་ཞིང་། །དེ་བཞིན་ལུས་ལ་དྲོད་མི་སྐྱེས། །རིག་པ་མངོན་སུམ་སྣང་མི་ནུས། །ཞེས་པས། ལུས་ཀྱི་གནད་རྣམས་མ་གཟིར་ན། གོང་གི་ཡོན་ཏན་དེ་དག་ལས་བཟློགས་པའི་སྐྱོན་ཡོད་པའོ། །དེ་ལྟར་ལུས་ཀྱི་གནད་ལ་བརྟེན་ནས་གཉིས་པ་ངག་གི་གནད་གཟིར་བ་གལ་ཆེ་སྟེ། འདས་རྗེས་ལས། ངག་གི་བསླབ་བྱའི་རིག་པ་དང་། །གནས་པ་བརྟེན་ཞིང་ལ་ཡང་བཟླ། །ཞེས་དང་། ཐལ་འགྱུར་ལས། ངག་གི་བསླབ་དང་གནས་པ་དང་། །ལོ་ཟླ་བ་ཉིད་བརྟེན་པར་བྱ། །ཞེས་གསུངས་པས་ངག་སྨྲ་རྒྱུན་བཅད་དགོས་ཏེ། སྨྲ་བའི་རྒྱུན་མ་བཅད་ན། བརྗོད་མེད་ཀྱི་དོན་རྒྱུད་ལ་མི་སྐྱེ་ཞིང་འཆལ་བའི་གཏམ་གྱི་ཉོན་མོངས་པ་སྐྱེ་བས་ངག་སྨྲ་བ་བཅད་པ་གལ་ཆེའོ། །དེ་ལའང་དང་པོ་སྨྲ་བཅད་ཡུན་ཐུང་བ་ལ་བསླབ། དེ་ནས་ཡུན་རིང་བ་བསླབ། དེ་ནས་གནས་སྐབས་སུ་ངག་གནས་པའི་རིམ་པ་རང་གིས་ཆོས་སྤྱོད་རྣམས་གསལ་པོ་རེ་བརྗོད། གཞན་དང་ཚིག་གཅིག་ཀྱང་མི་སྨྲ། གཞན་ལ་ལུས་ཀྱི་བརྡ་བྱའོ། །དེ་ནས་བརྗོད་པའི་བཟླ་བ་མཐའ་དག་བཀག་ལ་ལྐུག་པ་ལྟུ་བུར་གནས་པར་བྱའོ། །དེ་ལྟར་ངག་གནད་གཟིར་བ་ལ་དགོས་ཆེད་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གོ །གནས་སྐབས་སུ་ཉོན་མོངས་པ་མི་འཕེལ། མཐར་ཐུག་རིག་པའི་དོན་ལ་མྱུར་དུ་རེག་ཅིང་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཀློང་དུ་མྱ་ངན་ལས་འདས་པའི་དགོས་པ་ཡོད་དེ། འདས་རྗེས་ལས། དེ་ལས་མི་འདའ་སུས་བྱས་པས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་ཀློང་དུ་མྱ་ངན་འདའ། །ཞེས་པས། ངག་གི་གནད་མ་གཟིར་བའི་ཉེས་སྐྱོན་ནི། ཀློང་གསལ་ལས། དེ་ལྟར་ངག་གནད་མ་གཟིར་ན། །བརྗོད་མེད་དོན་ནི་མི་རྟོགས་ཤིང་། །འཁྲུལ་བའི་གཏམ་གྱིས་དོན་ལ་སྒྲིབ། །ངག་གི་གནད་གཟིར་མཆོག་ཏུ་གཅེས། །དེ་ཉིད་ལས། ངག་གི་གནད་ནི་མ་གཟིར་ན། །ཡོན་ཏན་ཉིད་ལས་བཟློགས་སྐྱོན་སྨིན། །ཞེས་སོ། །གསུམ་པ་སེམས་ཀྱི་གནད་གཟིར་བ་ནི། འདས་རྗེས་ལས། སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །སྐུ་གསུམ་རིག་པ་སྟོང་པ་འཆར། །ཞེས་པས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་པས། གཞན་ཡང་སེམས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་ན། ཡུལ་ནམ་འཁའ་སྟོང་པ་དང་མི་འབྲལ་བར་བྱ་སྟེ། དེ་ལ་གཉིས་ཏེ། རིག་པ་དབྱིངས་ལ་གཏད་པ་དང་།  འབེན next hit་ལ་གཏད་པ། དབྱིངས་ལ་གཏད་པ་ནི། ཡུལ་ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་གཏད། དེའི་ཡུལ་སྟོང་པ་ལ་རིག་པ་སྟོང་ན་འཆར་བའི་གནད་ཡིན་ནོ། །སེམས་གཏད་པའི་previous hit འབེན next hit་ནི། ཀློང་གསལ་ལས། སེམས་ཀྱི་གནད་ཉིད་མ་གཟིར་ན། །དབྱིངས་དང་རིག་པ་མི་མཐོང་བས། །གནད་གཟིར་གཏད་པའི་previous hit འབེན next hit་ཉིད་བྱ། །ཞེས་སོ། །ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་སེམས་མ་ཡེངས་པར་གཏད་པས་ཡུལ་སྟོང་པ་དེ་ལ་ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་རིག་པ་སྟོང་གསལ་དུ་འཆར་རོ། །ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་གཏད་དོ། །སེམས་གཏད་པའི་previous hit འབེན next hit་དང་མ་བྲལ་བར་གལ་ཆེའོ། །previous hit འབེན next hit་ལ་མ་གཏད་ན་དབྱིངས་རིག་པ་མི་མཐོང་བས་དེ་ལྟར་གཏད་པ་ཤིན་ཏུ་གལ་ཆེའོ། །དེ་ལ་དགོས་ཆེད་གཉིས་ཏེ། གནས་སྐབས་སུ་རིག་པ་མངོན་སུམ་གསལ་ནུས་ལ་མཐར་ཐུག་ལྷག་མེད་དུ་སངས་རྒྱས་པའི་དགོས་པ་ཡོད་དོ། །ཀློང་གསལ་ལས། འདི་ལྟར་སེམས་ཀྱི་གནད་གཟིར་བས་སྐུ་གསུམ་རིག་པ་སྟོང་གསལ་འཆར། ཞེས་དང་། རྒྱུད་ལས། རང་རིག་དངོས་སུ་ཟིན་པ་དང་། །ཐ་མ་ལྷག་མེད་འགྲུབ་པར་འགྱུར། །ཞེས་དང་། མ་གཟིར་བའི་སྐྱོན་ནི། །ཡི་གེ་མེད་པ་ལས། །དེ་ལྟར་སེམས་ཀྱི་གནད་མེད་ན། །རིག་པའི་དོན་ལ་བཟློག་པར་འགྱུར། །ཞེས་སོ། །གསུམ་པ་གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་མ་ཕེབ་ན། ཡིད་དཔྱོད་འཛིན་པའི་ལྟ་བསྒོམ་དང་ཁྱད་མེད་དེ་ཟབ་མོའི་གནད་མི་ཤེས་པས་མངོན་སུམ་རང་ཐོག་ཏུ་དབབ་པ་གལ་ཆེའོ། །དེ་ཡང་ཀློང་གསལ་ལས། གནད་གསུམ་མངོན་དུ་མ་གཟིར་ན། །དངོས་སུ་རང་ཐོག་མི་ཕེབ་སྟེ། །ཡིད་དཔྱོད་འཛིན་དང་ཁྱད་མེད་པས། །གནད་གསུམ་བཙལ་བ་མཆོག་ཏུ་གཅེས། །ཞེས་སོ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་གནད་དང་། །རླུང་དང་རིག་པའི་གནད་ཉིད་བསྟུན། །ཞེས་པས། དེ་ལ་དང་པོ་སྒོའི་གནད་གལ་ཆེ་སྟེ། དཔེར་ན་ལྷ་ཁང་ལ་སྒོ་མེད་ན། ནང་ན་རྟེན་མང་ཡང་མི་མཐོང་སྟེ། ཡིད་དཔྱོད་དུ་ལུས་པ་ལྟར་ལུས་ཙིཏྟ་རིན་པོ་ཆེའི་ནང་ན་རིག་པ་ཡེ་ཤེས་གནས་ཀྱང་སྒོ་ཡི་གནད་མ་ཤེས་ན་དབང་པོས་མངོན་སུམ་དུ་མི་མཐོང་སྟེ། ཆོས་རྣམས་ཡིད་དཔྱོད་དུ་ལུས་པའོ། །འདས་རྗེས་ལས། སྒོ་གནད་བཟློག་ཕབ་ཟུར་གྱིས་བལྟ། །ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་མེད་བྲལ་བ་ལས། །རླུང་རིག་བྲལ་བའི་ཡེ་ཤེས་འགྲུབ། །གཞན་ཡང་རྩ་དང་འཕྲུལ་འཁོར་གྱི། །རང་བཞིན་སྣང་བ་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བར་འགྱུར། །ཞེས་པས། དེ་ཡང་ཡེ་ཤེས་འཆར་བར་བྱེད་པའི་ལམ་ནི། རྩ་དར་དཀར་གྱིས་ཉག་སྐུད་ཙམ་ལས་ཁྲག་དང་ཆུ་སེར་མེད་པ་སྟེ། མགྲིན་པའི་གྲེ་བ་ལ་ཐོན་ནས་ཀླད་པའི་གོང་མ་ནས་ཚུར་འབྱུང་སྟེ། རྩ་དེ་ཡང་རྩ་བ་ཕྲ་ལ་རྩེ་མོ་ཆེ་བ་བ་མིན་གྱི་རྭ་ལྟ་བུ་མིག་གཉིས་ལ་ཟུག་པའོ། །དེ་ལ་ཡེ་ཤེས་ཀྱི་སྣང་བ་རྒྱ་སྐར་གྱི་ཉི་ཞུར་ལྟར་འཆར་བའོ། །ཀློང་གསལ་ལས། རྩའི་གཙོ་བོ་གསུམ་ལ་ནི། ཡན་ལག་གྲངས་ལས་འདས་པ་གྱེས། །སོ་སོའི་དབང་པོ་སྒོ་རྟེན་བྱེད། །དེ་ཡིས་ཆོས་ཀུན་སྟོན་པར་བྱེད། །ཁྱད་པར་སྙིང་ནས་འབྲེལ་བ་ཡི། །དར་སྐུད་བ་མིན་རྭ་འདྲའི་ཁ། །དབང་པོ་མིག་ལ་ཟུག་པ་སྟེ། །དེ་ནི་ཆོས་ཉིད་གསལ་བའི་ལམ། །ཡིད་དཔྱོད་ཚིག་ཕྱིར་མ་ལུས་པ། །མངོན་སུམ་འཆར་བའི་སྒོ་ནི་མིག །ཅེས་གསུངས་སོ། །དེ་ཉིད་ལས། ཡེ་ཤེས་སྙིང་གི་དཀྱིལ་ན་གནས། །དར་དཀར་སྐུད་པ་ལྟ་བུ་ཡི། །རྩ་ཡི་ལམ་ལ་སྣང་བར་བྱེད། །ཅེས་སོ། ཐལ་འགྱུར་ལས། ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདུས་པའི། །ཙཀྵུ་ཞེས་པའི་སྒོ་ནས་ཐོན། །དེ་ལྟར་ཡེ་ཤེས་འགྱུ་བར་བྱེད་པའི་སྒོ་ཡི་གནད་དོ། །རིག་པ་རང་ཤར་ལས། གནས་པ་ཙིཏྟའི་ནང་ན་གནས། །རང་བཞིན་འདི་ནི་ནམ་མཁའི་མཐོངས་སུ་གསལ། །ཞེས་གསུངས་པ་སྟེ། དེ་ཡང་འདི་སྐད་དུ། སྒོ་ནི་བཟློག་ཕབ་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡི། །གཟིགས་སྟངས་གསུམ་ལས་འདའ་བ་མིན། །ཞེས་གསུངས་པས་ཆོས་སྐུའི་གཟིགས་སྟངས་ཀྱིས་གྱེན་ལ་མི་འགུལ་བར་བལྟའོ། །དེ་ལྟར་བྱས་པས་མཚན་མ་དང་བྲལ་བའི་ཀློང་དུ་མྱ་ངན་ལས་འདས་བའི་དགོས་པ་ཡོད་དོ། །ལོངས་སྐུའི་གཟིགས་སྟངས་ཀྱིས་གཡོན་དུ་ཟུར་གྱིས་ཧྲིལ་པོར་བལྟའོ། །དེ་ལྟར་བྱས་པའི་དབྱིངས་རིག་མྱུར་དུ་མཐོང་པའི་དགོས་པ་ཡོད་དོ། །སྤྲུལ་སྐུའི་གཟིགས་སྟངས་ཀྱིས་ཡུལ་ཙམ་ཕབ་སྟེ་བར་སྣང་ལ་བལྟའོ། །དེ་ནས་འཁྲུལ་སྣང་ཞིང་ཁམས་སུ་འཆར་བའི་དགོས་པ་ཡོད་དོ། །རྡོ་རྗེ་གཅོད་པ་ལས། ལུས་དང་ངག་དང་ཡིད་ཀྱི་གནད་ཤེས་ཤིང་། །བསྟུན་པས་འཁོར་བ་ལས་གྲོལ་འགྱུར། ཞེས་པ་དང་། དཔལ་ནམ་མཁའ་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་དབྱིངས་ནས་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་གྲོལ། །ཞེས་པ་དང་། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་ནམ་མཁའ་སྤྲིན་བྲལ་འཛིན། །ནང་ནི་སྒྲོན་མ་ལམ་དུའོ། །ཞེས་གསུངས་སོ། །ངོ་བོ་ཉིད་ཀྱི་དབྱིངས། རང་བཞིན་ལྷུན་གྱིས་གྲུབ་པའི་དབྱིངས་དང་། ཐུགས་རྗེ་ཀུན་ཁྱབ་ཀྱི་དབྱིངས་སོ། །ཕྱི་ཡི་དབྱིངས་ནམ་མཁའ་སྤྲིན་དང་བྲལ་བའོ། །བསྟན་པ་བུ་གཅིག་ལས། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལྟར། །དབྱིངས་ནི་ནང་དུ་ལུ་གུ་རྒྱུད། །རྣམ་པར་བཞག་ཅིང་འབྲལ་མི་བྱ། །འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །བསྐལ་བ་ཉིད་ནི་མཉམ་པའོ། །ཞེས་པ་དང་། དེ་ཡང་རིག་ན་ཕྱིའི་ཡུལ་དུ་མཉམ་པས་ནང་དབྱིངས་རང་སར་དག་སྟེ་ནང་དབྱིངས་ཀྱི་རང་བཞིན་འོད་ཀྱི་ཁྱིམ། ཞེས་པས། ཡུལ་ནི་ནམ་མཁའ་སྤྲིན་བྲལ་ལ། །རིག་པ་སྟོང་བར་འཆར་བའོ། །ཞེས་འབྱུང་སྟེ། ཕྱིའི་དབྱིངས་ནམ་མཁའ་སྟོང་པའི་ཡུལ་དུ་འདྲ། ནང་གི་དབྱིངས་རྣམ་པར་དག་པ་ཁྱིམ་དང་འདྲ་ལ་དེའི་ནང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་བདག་པོ་དང་འདྲ་བས་བཙོན་དུ་བཟུང་བའོ། །བཙོན་དུ་བཟུང་བའི་མན་ངག་ནི། མ་ནིང་རླུང་གི་འགྱུ་བ་མེད་པའི་འགྱུ་བ་ཕྱིའི་སྣང་བ་སྐུ་དང་ཡེ་ཤེས་སུ་འཆར་བའི་འཁྲུལ་བ་རང་བཞིན་གྱི་དག་པ་ནི། རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་ཞེས་བྱའོ། །དེ་ལ་ཡིད་མ་འགྱུ་བའི་རིག་པ་རང་སར་གནས་པ་ནི་ཆོས་ཉིད་མངོན་དུ་གྱུར་བའོ། །བསམ་པ་དང་བྲལ་བའི་སེམས་ནི་རླུང་གིས་མ་བསྐྱོད་པའི་ཡིད་འགྱུ་བ་མེད་པ་གློ་བུར་གྱི་དྲི་མ་སངས་པ་ནི་ཡེ་ནས་རྣམ་རྟོག་དང་བྲལ་བའོ། །རིག་པ་དེ་ཉིད་དབུགས་དང་བྲལ་བས་མི་འགྱུར་བ་ནི། འབྲས་བུ་སྐུ་གསུམ་རང་ལས་གསལ་བ་རང་ལས་བྱུང་བའི་གནད་དོ། །ཡིད་ཀྱི་དལ་བ་ཡུན་དུ་མ་བཟུང་བས་རྣམ་རྟོག་ལས་ཀྱི་རླུང་དེ་ཉིད་ལས་འགགས་པས་ཅིར་སྣང་ཡང་ཆོས་ཉིད་དུ་འཆར་བའོ། །རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཨར་ལ་གཏད་ཅིང་བཙོན་དུ་བཟུང་བས་རྣམ་རྟོག་ཁུང་ཟད་ནས་འཁྲུལ་བའི་གཞི་ལ་ལོག་ནས་ཡེ་ཤེས་མ་བུ་འཕྲད་པའོ། །དེ་ཡང་མུ་ཏིག་འཕྲེང་བ་ལས། རིག་པ་རྟོགས་མེད་ལུ་གུ་རྒྱུད། །བདེ་དོན་ཚངས་པའི་སྒོ་ནས་སྣང་། །ཞེས་སོ། །ཀློང་གསལ་ལས། །ཡེ་ཤེས་འཆར་བའི་སྒོ་ནི་མིག །འཆར་གནད་དབབ་བཟློག་ཟུར་ལ་མནན། །ཞེས་སོ། །དེ་ནས་གཟིགས་སྟངས་ཀྱི་གནད་བསྣུན་གལ་ཆེའོ། །གཉིས་པ་ཡུལ་གྱི་གནད་ནི། འདས་རྗེས་ལས། ཡུལ་གནད་ནམ་མཁའ་སྐྱོན་བྲལ་ལ། །སྒོ་གནད་བཟློག་ཕབ་ཟུར་གྱིས་བལྟ། །ཞེས་དང་། ཐལ་འགྱུར་ལས། སྒོ་ནི་སྒྲིབ་བྱེད་བྲལ་བ་ལ། །ནམ་མཁའ་སྐྱོན་བྲལ་ཡུལ་དུ་འདུས། །ཞེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བལྟ། །འོད་ནི་ཕྲ་ལ་འདྲིལ་བ་འབྱུང་། །ཞེས་པ་དང་། ནང་གི་ལུ་གུ་རྒྱུད་ནམ་མཁའ་སྤྲིན་དང་བྲལ་བ་ལས་འཆར་བ་ཡིན་ཏེ། དཔེར་ན་ཕྱིའི་དབྱིངས་ནམ་མཁའ་རྡུལ་བྲལ་མེ་ལོང་དང་འདྲ་བ་ལས་ནང་གི་དབྱིངས་རྣམ་དག་སྒྲོན་མ་རྨ་བྱའི་མདངས་དང་འདྲ་བ་བདག་པོ་ལྟར་གསལ་བའི་སྒྲིབ་གཡོག་མེད་པར་འཆར་ཞིང་། དེའི་ནང་གི་རིག་པ་རྡོ་རྗེའི་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བ་ཞིག་འཆར་ཏེ། སྒྲོན་མ་འབར་བའི་རྒྱུད་ལས། རིག་པ་ཕྱི་ཡི་དབྱིངས་བཞག་པས། །ནང་དབྱིངས་རང་སར་དག་སྟེ་གནས། །ཞེས་རིག་པ་ཡེ་ཤེས་ཀྱི་གནས་སྙིང་གི་ནང་དུ་ཞུགས་ཀྱང་ཇི་ལྟར་གསལ་བ་ནི། སྒོ་མིག་ལ་གསལ་ཞིང་ཡིད་ནམ་མཁའ་རྐྱེན་དང་བྲལ་བ་ལ་འཆར་ཏེ། རིག་པ་རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འོང་དང་འགྲོ་བ་དང་། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། རང་སྣང་རིག་པའི་ངོ་བོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་པ་དང་། ཕྲ་བཀོད་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ལས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ། །དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པར་གནས་ཏེ། དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ། །རིག་པའི་རང་བཞིན་ཐབས་ཀྱི་སྐུ། །འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་པ་དང་། གཞན་ཡང་འདི་སྐད་དུ། སྟོང་གསལ་འགག་མེད་ལུ་གུ་རྒྱུད། །བདེ་གསལ་རང་རིག་སྟོང་པ་ཉིད། །དབྱེར་མེད་གསལ་བ་མ་འདྲེས་གནད། །ཅེས་གསུངས་སོ། །དབྱིངས་རིག་འདུ་འབྲལ་མེད་དེ། བཙོན་དུ་བཟུང་དགོས་ཏེ་གོང་དུ་ཡང་བསྟན་ལ། འདིར་ཡང་འདི་སྐད་ཅེས། ལུག་རྒྱུད་རིག་པ་བཙོན་དུ་བཟུང་། །མངོན་སུམ་གནད་ལ་འབྲལ་མི་བྱ། །ཞེས་པ་དང་། སྒྲོན་མ་འབར་བའི་རྒྱུད་ལས། དབྱིངས་ཀྱི་རིག་པ་རང་གཡུལ་འགྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་འཇུག་པར་བྱེད། །ཅེས་པས་མངོན་སུམ་རང་སྣང་དབྱིངས་རིག་འདུ་འབྲལ་མེད་པ་སྟེ། ལུས་བཞུགས་སྟངས་གསུམ། སྒོ་གཟིགས་སྟངས་གསུམ། ཡུལ་ནམ་མཁའ་སྐྱོན་དང་བྲལ་བ་གསུམ་བསྟུན་ཅིང་རིག་པ་མངོན་སུམ་གྱི་སྣང་བ་ལ་མི་འབྲལ་བར་བྱེད་པ་གལ་ཆེ་སྟེ། འདས་རྗེས་ལས། སེམས་གནད་གཟིགས་སྟངས་ཀུན་བསྟུན་ཏེ། །ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ། །སྒོ་གནད་བཟློགས་ཕབ་ཟུར་གྱིས་བལྟ། །ཞེས་སོ། །ཡང་དེ་ཉིད་ལས། སྐུ་གསུམ་རིག་པ་སྟོང་པར་འཆར། །ལུག་རྒྱུད་རིག་པ་བཙོན་དུ་བཟུང་། །མངོན་སུམ་གནད་མཐོང་ལྡོག་པ་མེད། །ཅེས་པས། དཔེར་ན་ལྷ་ཁང་ལ་སྒོ་མེད་ན་ལྟ་མཁན་ལ་མིག་ཡོད་ཀྱང་མི་མཐོང་། ལྷ་ཁང་གི་ནང་དུ་ལྷ་མེད་ན་སྒོ་དང་མིག་ཡོད་ཀྱང་མཐོང་རྒྱུ་མེད་དེ་དོན་མེད་པའོ། །དཔེ་དེ་བཞིན་དུ་ཡེ་ཤེས་འཆར་བའི་ཡུལ་མེད་ན། སྒོ་དང་གཟིགས་སྟངས་གཅུན་ཀྱང་མཐོང་ཡུལ་མེད་དོ། །མུ་ཏིག་འཕྲེང་བ་ལས། ནམ་མཁའ་རྐྱེན་བྲལ་ཡུལ་དུ་འདུས། །ཞེས་པ་དང་། ཐལ་འགྱུར་ལས། སྒོ་ནི་སྒྲིབ་བྱེད་བྲལ་བ་ལས། ཞེས་པ་དང་། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་འཆར་བར་འགྱུར། །ཞེས་པས། དབང་པོའི་རྐྱེན་དང་བྲལ་བ། ཡུལ་རྐྱེན་དང་བྲལ་བ། གནས་རྐྱེན་དང་བྲལ་བར་འཆར་རོ། །ཕར་ཕྱིན་ལས། དོན་དེ་གང་ཡིན་ནམ་མཁའ་དག་ལ་བལྟ་བར་གྱིས། ཞེས་པ་དང་། ཡི་གེ་མེད་པ་ལས། དེ་ཡང་ནམ་མཁའི་ངང་ལས་རྣམ་པར་གསལ། །ཞེས་པ་དང་། ནམ་མཁའ་ཆེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་བཞིན། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། དབྱིངས་ཀྱི་མཚན་ཉིད་འདི་ལྟ་སྟེ། །ཡངས་དང་ལྷུན་སྟུག་གཏིང་མཐའ་ཡས། །གསལ་དང་དྲོད་དང་བསིལ་བ་དང་། །ཡངས་ཤིང་གཡོ་བའི་བདག་ཉིད་འཛིན། །ཁྱབ་དང་མུ་ཁྱུད་ར་བའོ། །ཞེས་སོ། །དེ་ཡང་རིག་པའི་ཡེ་ཤེས་གནས་པའི་གཞི། འགྱུ་བའི་ལམ། གསལ་བའི་སྒོ། འཆར་བའི་ཡུལ་གསུམ་པོ་ཡ་བྲལ་བ་མ་ཡིན་ཞིང་འབྲེལ་བ་སྟེ། དཔེར་ན་རིག་པའི་ཡེ་ཤེས་བུམ་པའི་ནང་གི་མར་མེ་ལྟ་བུ་སྟེ། བུམ་པའི་མར་མེ་བུམ་པའི་ཁར་གསལ་བའམ། ཉི་མ་ཤར་ཕྱོགས་ནས་འབྱུང་བའི་འོད་ནུབ་ཕྱོགས་སུ་འབྱུང་བ་ལྟར། རིག་པ་ཡེ་ཤེས་སྙིང་གི་དཀྱིལ་ན་ཡོད་པ་དེ་ལམ་རྩ་ལ་ཞུགས་ནས་སྒོ་ལ་འཆར་ཞིང་ཡུལ་རྐྱེན་བྲལ་ཀྱི་ནམ་མཁའ་ལ་སྣང་སྟེ། ཉིན་མོ་འཇིག་རྟེན་ལས་འདས་པ་ཡེ་ཤེས་ཀྱི་སྣང་བ་འཆར་བ་ལ་ནུབ་མོ་ནག་པོའི་ཆ་ནས་འཁོར་བའི་སྣང་བ་འཆར་བར་བྱེད། དེ་ལྟར་འཆར་བའི་སྒོ་ནི་རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིན་ཏེ། ཐིག་ལེ་སྟོང་པའི་སྒྲོན་མ་ནི། དེ་ལ་བརྟེན་ནས་རྨ་བྱའི་མདངས་ལྟར་འཆར་ཚུལ་ལ་སོགས་པ་བཞི་པོ་གོང་དུ་བསྟན་པ་སྟེ། རྒྱུད་རྣམས་ནས་སྒྲོན་མའི་མཚན་ཉིད་རྣམས་དབྱེ་བ་མང་དུ་གསུངས་ཀྱང་ཆོས་ཉིད་མངོན་སུམ་གྱི་སྣང་བ་ད་ལྟ་གཏན་ལ་དབབ་ཏུ་ཡོད་པས། སྒོ་ཡུལ་ཡ་མ་བྲལ་བ་ལས་འབྱུང་སྟེ། འདི་སྐད་དུ། ཡུལ་ནི་ནམ་མཁའ་སྟོང་པ་ལ། །རིག་པ་སྟོང་གསལ་འཆར་བར་འགྱུར། །ཇི་ལྟར་འཆར་ན། འདས་རྗེས་ལས། །མིག་ནི་ནམ་མཁའི་ཁམས་སུ་བཏེགས། །འོད་ནི་ཕྲ་ལ་འདྲིལ་བ་འབྱུང་། །དངོས་སུ་གསལ་བ་ན་དབྱིངས་རིག་འདུ་འབྲལ་མེད་པ་སྟོང་གསལ་གཉིས་མེད་མུ་མཐའ་བྲལ་བ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་དབྱིངས་རྣམ་པ་དག་པའི་སྒྲོན་མ་འདུ་འབྲལ་མེད། མིག་གི་དབང་པོ་ལ་མངོན་སུམ་དུ་གསལ་ཞིང་ཤེས་རབ་ཀྱིས་བཤད་པ་མ་ཡིན་ཏེ། ཐལ་འགྱུར་ལས། དེ་ཡང་མཚན་ཉིད་མངོན་སུམ་དུ། །གནད་མཐོང་ཙམ་གྱིས་ཤེས་པ་དང་། ཤེས་པ་ཙམ་གྱིས་རྟོགས་པ་དང་། རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །ཞེས་པས་ཡུལ་གྱི་གནད་ཤིན་ཏུ་གལ་ཆེའོ། །གསུམ་པ་རླུང་གནད་ཤིན་ཏུ་དལ་བ་མ་བརྟེན་ནས། རླུང་གིས་རིག་པ་དཔུར་བས་རིག་པ་མི་ཟིན་པས། འདས་རྗེས་ལས། རླུང་གནད་ཤིན་ཏུ་དགོས་ཏེ་རླུང་གནད་དལ་བ་ལ་བསླབ། ཐལ་འགྱུར་ལས། རྣམ་ཤེས་རླུང་རིག་དལ་བས་ཡེ་ཤེས་འགྲུབ། ཀློང་གསལ་ལས། ཕྱི་ནང་རླུང་གིས་དལ་ཞིང་སྙོམས། །ཡིད་ཙམ་ཕྱི་རུ་འདོར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་གསུངས། རླུང་དལ་བ་ལ་བསླབ་པ་ནི། མཆུ་དང་སོ་གཉིས་བག་ཙམ་མ་རེག་པར་བྱ། རླུང་སྣ་ལ་མི་བཏང་བར་ཁ་ལ་བཏང་། རླུང་ཕྱི་འགྱུ་ནང་འགྱུ་གཉིས་པོ་མཉམ་ཞིང་ཕྱིར་བག་ཙམ་འདོར་རོ། །དེ་ལྟར་རླུང་དལ་བ་ལ་བརྟེན་ཞིང་ཕྱིར་རྒྱང་རིང་དུ་སང་སང་འཕེན་པའི་གནད་ཡིན་ནོ། །ཐལ་འགྱུར་ལས། རླུང་གནད་ནང་ནས་དལ་བར་བྱས་ཏེ། །རབ་ཏུ་འཕེན་པ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ལྡོག་པ་མིན། །ཞེས་དང་། ཀློང་གསལ་ལས། ཁྱད་པར་རླུང་གནད་དལ་བ་གཅེས། ཞེས་དེ་ལྟར་བྱས་པའི་རླུང་གི་འགྲོ་འོང་ཆད། རྟོག་པའི་འགྲོ་འོང་ཟད་ནས་དབྱིངས་རིག་གཡོ་འགུལ་མེད་པར་བསྡད་དོ། །འདས་རྗེས་ལས། དེ་ལྟར་གནད་བཞི་གཟེར་བ་ཡི། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་སོ། །དེ་ལྟར་གནད་གསུམ་བརྟེན་ནས་བླ་མས་ངོ་སྤྲོད་པའི་དབྱིངས་རིག་གསལ་སྟོང་དབང་པོའི་ཡུལ་དུ་མངོན་སུམ་དུ་གསལ། ལྷག་གི་མཐོང་བས་ཆོས་ཉིད་མངོན་སུམ་དུ་མཐོང་བ་ཞེས་བྱའོ། །བཞི་པ་རིག་པའི་གནད་ནི། ལུ་གུ་རྒྱུད་བཙོན་དུ་བཟུང་དགོས་ཏེ། དེ་མ་བཟུང་ན་རིག་པ་མི་གསལ་བའི་བཟུང་བ་གལ་ཤིན་ཏུ་ཆེ་སྟེ། འདས་རྗེས་ལས། ལུག་རྒྱུད་རིག་པ་བཙོན་དུ་བཟུང་། ཞེས་པ་དང་། སྒྲོན་མ་འབར་བ་ལས། དབྱིངས་ཀྱི་རིག་པ་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ངང་དུ་བཞག་པར་བྱ། །ཞེས་པ་དང་། རིག་པའི་གནད་ནི། ཁྲེགས་ཆོད་བདུན་པ་ལས་ཀྱང་། །རིག་པ་དབྱིངས་དང་འབྲེལ་བ་ནི། །ཡིད་ལ་རྣམ་པར་དབྱེ་བ་ཡིས། །གཞི་ཡི་མིག་འགྱུར་མིག་དང་བྲལ། །ལམ་ནི་འཁྲིག་པའི་རྩ་ལ་ཡང་། །དུམ་བུ་བརྩེགས་པའི་རིམ་པ་ཅན། །འདིས་ནི་འཁོར་བའི་མུན་པ་སེལ། །དང་པོ་ཡིད་ལ་མེད་པ་སྣང་། །བར་དུ་འོད་དང་ཐིག་ལེ་ཉིད། །ཐ་མ་སྐུ་དང་ཡེ་ཤེས་སོ། །ཞེས་སོ། །བསམ་པའི་རྣམ་རྟོག་རྒྱུད་བཅད་ནས་རིག་པ་རྡོ་རྗེའི་ལུ་གུ་རྒྱུད་བཙོན་དུ་བཟུང་བའོ། །འདི་སྐད་དུ་ཡང་། མངོན་སུམ་གནད་འདི་སུས་ཤེས་པ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་པ་དང་། ཐུགས་ཀར་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་ཏེ་མཁའ་ལའོ། །ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་དང་། འཕྲ་བཀོད་ལས། རྒྱང་ཞགས་ཆུའི་སྒྲོན་མ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུར་གསལ་ལོ། །ཞེས་པ་དང་། དེ་ཡང་ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ཡུལ་དང་འདྲ་བ་མེད་ལ་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཁྱིམ་དེ་དང་འདྲ་བ་དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོ་དང་འདྲ་བ་བཙོན་དུ་བཟུང་བའོ། །དེ་ཡང་previous hit འབེན next hit་ལ་གཏད་དགོས་ཏེ། ཆོས་སྐུའི་previous hit འབེན next hit་ཉི་མ། ལོངས་སྐུའི་previous hit འབེན next hit་ཟླ་བ། སྤྲུལ་སྐུའི་previous hit འབེན ་མར་མེ་ལ་གཏད་ཅིང་ལུ་གུ་རྒྱུད་དེ་གང་དུ་ཡང་མི་གཏོང་བར་རྩེ་གཅིག་བཟུང་བར་བྱ། རྒྱུད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་ཏེ་མཁའ་ལའོ། །ཞེས་སོ། །ཀློང་གསལ་ལས། རིག་གནད་ལུག་རྒྱུད་བཙོན་དུ་བཟུང་། །མངོན་སྣང་དལ་བ་ཉིད་དུ་བརྟེན། །ཞེས་པ་དང་། གཞན་ཡང་ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་ནས། །མ་འཁྲུལ་བ་ཡི་སངས་རྒྱས་སོ། །ཞེས་དང་། ཡི་གེ་མེད་པ་ལས། དེ་ངོ་ལུ་གུ་རྒྱུད་ལྟར་འབྱུང་། །འཕྲིགས་དང་འཁྲིག་པ་འགུལ་བའོ། །ཞེས་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིགས་པ་དང་། ཞེས་དང་། སེང་གེ་རྩལ་རྫོགས་ལས། རང་རིག་རིག་པའི་ངོ་བོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་སོ། །ལུ་གུ་རྒྱུད་དེ་གང་དུ་ཡང་མི་བཏང་བར་འདུན་པ་རྩེ་གཅིག་གིས་བཟུང་ངོ་། །དེ་ལྟར་གནད་རྣམ་པ་གསུམ་ལ་བརྟེན་ནས་བསྟུན་པ་ལ་དགོས་ཆེད་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གོ །གནས་སྐབས་སུ་གནད་གསུམ་བསྟུན་པས་རིག་པ་ཡེ་ཤེས་དབང་པོའི་མངོན་གསུམ་དུ་གསལ་ནུས་ལ་དེ་གསལ་བའི་མ་རིག་པ་དང་བྲལ་ཏེ། ཚེའི་དུས་བྱས་ཀྱང་བདེན་པ་མཐོང་བའི་གནད་ཀྱིས་རང་བཞིན་སྤྲུལ་སྐུའི་ས་རུ་གྲོལ་བའི་དགོས་ཆེད་ཡོད་དོ། །མཐར་ཐུག་གི་དགོས་པ་ནི། །མངོན་སུམ་གྱི་རིག་པ་དེ་ཉམས་སུ་བླང་བས་སྣང་བ་རྣམ་བཞི་ཟད་དེ་ལྷག་མེད་དུ་སངས་རྒྱས་སོ། །དེ་ཡང་འདས་རྗེས་ལས། སྒོ་ཡུལ་རླུང་གི་གནད་བསྟུན་པས་ཡུལ་ལ་ཡེ་ཤེས་སྐུ་ལྔ་མངོན་དུ་སྣང་། ཞེས་སོ། །དེ་ལྟར་མངོན་སུམ་གྱི་གནད་རང་ཐོག་ཏུ་མ་ཕེབ་པའི་སྐྱོན་ནི། ཀློང་གསལ་ལས། གནད་གསུམ་བསྟུན་པར་མ་བྱས་ན། །རིག་པའི་དོན་ལ་རེག་མི་འགྱུར། །ཅེས་པའི་གནད་མ་ཕེབ་ན་གོང་གི་ཡོན་ཏན་དེ་རྣམས་ལས་བཟློག་པའོ། །བཞི་པ་ཉམས་རྟོགས་ཀྱི་རིམ་པ་འཆར་བའི་གནད་ནི། སྣང་བ་བཞིའི་འཆར་ཚུལ་གཏན་ལ་དབབ་དགོས་ཏེ། དེ་གཏན་ལ་མ་ཕེབ་ན་སྣང་བའི་སོ་མཚམས་མི་ཤེས་པའོ། །དེ་ཡང་ཀློང་གསལ་ལས། སྣང་བཞིའི་འཆར་ཚུལ་མ་ཤེས་ན། །ས་ཟིན་མེད་པའི་སྐྱོན་ཉིད་འབྱུང་། །སྣང་བ་བཞི་རུ་ཤེས་པར་བྱ། །ཞེས་གསུངས་སོ། །འདི་གཏན་ལ་དབབ་པ་ནི། ཐུགས་ཀར་ལས། དེ་ལ་སྣང་བ་བཞི་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡི། །ཡིད་དཔྱོད་འཛིན་པའི་ལྟ་བ་ནུབ། །ཉམས་སྣང་གོང་དུ་འཕེལ་བ་ཡི། །བར་དོ་ཡེ་ཤེས་དངོས་སུ་གནས། །རིག་པ་ཚད་ཕེབ་སྣང་བ་ཡི། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །འདི་ལྟར་བཞི་ལ་མཐར་ཕྱིན་ནས། །མྱང་འདས་གཞན་དུ་བཙལ་དུ་མེད། །ཅེས་གསུངས་པས་དེ་ཡང་ཆོས་ཉིད་མངོན་སུམ་གྱི་སྣང་བ་དང་། ཉམས་གོང་འཕེལ་གྱི་སྣང་བ་དང་། རིག་པ་ཚད་ཀྱི་སྣང་བ་དང་། ཆོས་ཉིད་ཟད་པའི་སྣང་བ་དང་བཞིའོ། །དང་པོ་ཆོས་ཉིད་མངོན་སུམ་སྣང་བ་ནི། མིག་དང་རིག་པ་ནམ་མཁའ་གསུམ། །དུས་གཅིག་དུ་ནི་འཛོམས་པ་སྟེ། །ཟང་ཐལ་ཉིད་དུ་མཐོང་བའོ། །ཞེས་སོ། །མངོན་ཞེས་པ་ནི་གནས་ལུགས་དེ་ཉིད་ཡིན་སྙམས་པའམ་ཡིད་དཔྱོད་ལ་རག་མ་ལས་པ་ཚིག་དང་ཡི་གེ་ལ་མ་བརྟེན་པར་དབང་པོའི་སྤྱོད་ཡུལ་དུ་གཏན་ལ་ཕབ་པའོ། །ཉམས་རྟོགས་གང་གིས་ཀྱང་མ་བསླད་པར་མཐོང་བ་ཉིད་དོ། །སུམ་ཞེས་པ་རིག་པ་དེ་ཉིད་དཔེ་ལ་མ་བརྟེན་པར་བརྒྱུད་པ་མ་ཡིན་པ་དང་། རྟག་པ་ལ་བརྟེན་པར་མངོན་སུམ་དུ་གཏན་ལ་ཕེབ་པ་སྟེ། གོང་གི་གཟིགས་སྟངས་ཀྱི་གནད་གཅུན་ཏེ། བླ་མས་ངོ་སྤྲད་པས་རང་གི་སྨིན་མཚམས་སུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་བར་སྣང་གི་འཇའ་ལྟ་བུའོ། །རྨ་བྱའི་མདངས་ལྟ་བུར་འཆར་རོ། །དེའི་ནང་དུ་ཐིག་ལེ་སྒྲོན་མ་ཞེས་བྱ་བ། ཆུ་ཀོར་མོའི་ནང་དུ་རྡོ་བསྐྱུར་བ་ལྟ་བུའམ། ཕུབ་ཀྱི་སྦ་འཁོར་ལྟ་བུ་ལ་ཉུང་གི་འབྲས་བུའམ་སྲན་མ་རྡོག་འབྲུ་ཙམ་འཆར་བ་ཡིན་ནོ། །དེའི་ནང་དུ་རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ཕྲ་བ་ལ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུའོ། །མུ་ཏིག་རྩ་ལ་བརྒྱུས་པ་ལྟ་བུའམ། ལྕགས་ཐག་བསྐྱང་བ་ལྟ་བུའམ། མེ་ཏོག་དྲྭ་བ་དྲྭ་ཕྱེད་ལྟར་ལ་རླུང་གི་བསྐྱོད་པ་ལྟ་བུ་གཅིག་ལ་གཉིས་སྦྲེལ་གསུམ་སྦྲེལ་ལ་སོགས་པ་འཆར་ཏེ། དེ་ནི་རང་གི་ངོ་བོ་ཐིག་ལེ་ཉག་གཅིག་ཅེས་བྱ་བ་ཡོན་ནོ། །དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པར་ཉི་ཟླ་དང་ཟེར་གྱི་ཚུལ་དུ་གནས་སོ། །དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་དང་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད་དོ། །དེ་ཡང་ཀློང་གསལ་ལས། མངོན་སུམ་དེ་ལ་བསྟན་པའི་ཐབས། །བླ་མས་གཞུང་ལྟར་ངོ་སྤྲད་པས། །རྒྱང་ཞགས་ལ་ནི་སྒྲོན་མ་ཤར། །ཡུལ་སྣང་རང་མདངས་ཉིད་དུ་གསལ། །དེ་ཉིད་ཤེས་རབ་སྒྲོན་མ་ཡིས། །ཡིད་དཔྱོད་ཐེག་པའི་སྒྲོ་འདོགས་ཆོད། །དངོས་སུ་ཐིག་ལེའི་སྒྲོན་མ་ཤར། །འཁོར་འདས་ཟང་ཐལ་ཉིད་དུ་ཆོད། །རྣམ་དག་དབྱིངས་ཀྱི་སྒྲོན་མ་ཡིས། །ཉམས་ཀྱི་སྣང་བ་གོང་འཕེལ་ལོ། །ཡུལ་དུ་སྒྲོན་མ་དག་ལ་ནི། །ལམ་སྣང་རིག་པ་ལུ་གུ་རྒྱུད། །ལམ་མདངས་ལྷུན་གྲུབ་འབྲས་བུ་ལྔ། །ལམ་སྣང་ཐུགས་རྗེའི་དབང་པོར་གསལ། །དེ་ལྟར་དབང་པོའི་མངོན་གསུམ་དུ། །གང་གི་གོམས་པའི་སངས་རྒྱའོ། །རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་མིག་གཉིས་ཡིན་ཞིང་། སྔ་མ་ལས། མིག་གཉིས་སྨིན་ཕྲག་མཁའ་ལ་གཏད། འགྱུར་ལྡོག་མེད་པར་ཧ་རེ་བསྒྲད། །ལུས་ངག་ཡིད་གསུམ་གཅིག་ཏུ་དྲིལ། །དེ་ལྟར་བྱས་པའི་ཡོན་ཏན་ནི། །འཁྲུལ་སྣང་འཛིན་པ་ཀུན་བྲལ་ནས། །དབྱིངས་རིག་འདུ་འབྲལ་མེད་པའི་ཉམས། །མངོན་གསུམ་རང་ཐོག་འབེབས་པར་འགྱུར། །ཞེས་སོ། །དེ་ཡང་དཀར་ནག་འབྱེད་པ་ཆུའི་རང་བཞིན་དུ་འབྱུང་བའི་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་མིག་གི་དྭངས་མ་ལ་བྱས་ཏེ། སྒྲོན་མ་འབར་བ་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི། གསུམ་གྱི་ལྟ་བ་འཛིན་པར་བྱེད། །ཅེས་པ་འདིའི་ངེས་ཚིག་ནི། དེ་ཉིད་ལས། རྒྱང་ནི་རིང་བའི་ལམ་རྒྱུད་པས། །གཟུགས་སུ་སྣང་བ་འཛིན་པ་དང་། །ཁ་དོག་ལ་སོགས་སྡུད་པ་དང་། །རིག་པའི་སྐུ་ཡང་རྒྱང་རིང་ན། །མཐོང་བྱེད་འཛིན་པར་བྱེད་པ་དང་། །ཞེས་དང་། ཞགས་ཞེས་བྱ་བ་རྒྱང་ནས་འཛིན། །དེ་བཞིན་ནམ་མཁའི་སྤྲིན་བྲལ་ནས། །རིག་པ་བདག་མེད་སྐུར་སྣང་བ། །སྣང་བ་ཡས་སུ་མི་འཇུག་པར། །དེ་ཡིས་འཛིན་པས་ཞགས་ཞེས་བྱ། །ཞེས་དང་། ཆུ་ནི་སྣང་བ་དེ་དག་ལ། །ཞེན་པ་རང་སར་ལོག་ན་ནི། །ཀུན་ལ་ཆགས་པའི་སེམས་མེད་པར། །སྣང་བ་རང་སར་བཞག་པ་ནི། །བདག་འཛིན་བྲལ་བའི་ཆུ་ཞེས་བྱ། །ཞེས་དང་། སྒྲོན་ནི་རང་རིག་སྣང་བ་ཀུན། །གོང་ནས་གོང་དུ་འཕེལ་བ་ཡི། །རིག་པ་ཡེ་ཤེས་གསལ་བའི་སྒྲོན། །ཞེས་པ་དང་། ཉམས་ཀྱི་སྣང་བ་འདི་བསྐྱེད་པས། །དབྱིངས་རིག་འདྲེས་པ་མ་ཡང་ཡིན། །དབང་པོ་ཀུན་གྱི་དྭངས་མ་ཡང་། །འཆར་བྱེད་སྒོ་ནི་མིག་ཡིན་པས། །ཀུན་ཀྱི་གཞི་འཛིན་མ་ཞེས་བྱ། །ཞེས་སོ། །གཞན་ཡང་། རྒྱང་ཞགས་ཆུ་ཡི་སྒྲོན་མ་དང་། །ཡེ་ཤེས་འདུས་པའི་རྒྱང་ཞགས་དང་། །དབང་པོ་འདུས་པའི་རྒྱང་ཞགས་སོ། །ཞེས་དབྱེ་བ་དང་། འཆར་བྱེད་འགགས་པ་མེད་པ་ཡི། །དབང་པོ་དྭངས་མ་མིག་གི་སྒོ། །བསྐྱེད་པ་པདྨའི་སྤྱན་དུ་གནས། །ཞེས་མཚན་ཉིད་དང་། འདི་ཡི་གནས་ནི་མིག་ཡིན་ཏེ། །མཐོང་བྱེད་འགགས་པ་མེད་པ་ཡིས། །ཡུལ་རྣམས་འཛིན་པར་བྱེད་པ་ཡིན། །ཞེས་བཞུགས་ཚུལ་ལ་སོགས་པ་སྒྲོན་མ་འབར་བ་ནས་གསུངས་སོ། །དེ་ལྟ་བུའི་སྒྲོན་མ་ལ་བརྟེན་ནས་ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་མདངས་ལྟ་བུར་འཆར་རོ། །དེའི་མདངས་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཡི་གེ་ན་རོ་ལྟར་འཆར་རོ། །དེའི་རྩལ་ཤེས་རབ་རང་བྱུང་གི་སྒྲོམ་མ་ཤེས་པའི་རྩལ་སྣ་ཚོགས་པ་འཆར་རོ། །སྒྲོན་མ་འབར་བ་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །གཟུགས་སུ་ངོ་བོ་ཉིད་དུ་བསྡུས། །ཤེས་རབ་རང་བྱུང་སྒྲོལ་མ་ཡིས། །ཐེག་པ་རྣམས་ཀྱི་ཐེ་ཚོམ་གཅོད། །ཐིག་ལེ་སྟོང་པའི་སྒྲོན་མ་ཡིས། །འཁོར་འདས་བསྲེས་པའི་མཚམས་སྦྱོར་བྱེད། །དག་པ་དབྱིངས་ཀྱི་སྒྲོན་མ་ཡིས། །རྣལ་འབྱོར་ཉམས་ཀྱི་ས་བོན་འདེབས། །ཞེས་སོ། །མུ་ཏིག་འཕྲེང་བ་ལས། འགྲོ་བའི་ལམ་ནི་མཐོང་བྱེད་སྒོ། །དེ་ཉིད་གཡས་དང་གཡོན་གྱི་དབུ། །སྒྲོན་མ་འབར་བ་ཚུལ་དུ་གནས། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །དག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་ཉིད་དང་ནི། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །མཐོང་བྱེད་ཡུལ་ལ་སྣང་བའོ། །རིག་པ་རྟོག་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་ནི། །དཔེར་ན་གསེར་གྱི་ལུ་གུ་རྒྱུད། །བཟོ་བོ་མཁས་པའི་ལག་བརྒྱུས་ལྟར། །ལུ་གུ་རྒྱུད་ནི་འབྲེལ་ཆགས་སོ། །ཞེས་གསུངས་པ་དང་། སློབ་དཔོན་ཆེན་པོ་བཱི་མ་མི་ཏྲའི་ཞལ་ནས། གསལ་བར་དྲང་འཐད་ཨ་ཝ་དྷུ་ཏི་ནི། །མུ་ཏིག་ཕྲེང་བརྒྱུས་བཞིན་དུ་ཡུལ་ལས་སྐྱེ། །ཞེས་གསུངས་པའི་དེ་དག་གི་གནས་ལུགས་ཙིཏྟ་རིན་པོ་ཆེ་ནི། ངོ་བོ་ཀ་ནས་དག་པ་རང་བཞིན་སྐུ་དང་། འོད་དུ་གསལ་བ་ཐུགས་རྗེ་ཀུན་ཁྱབ་དུ་གཞུགས་སོ། །དེ་དག་གི་ལམ་མངོན་སུམ་ཡོད་པའོ། །ཡིད་དཔྱོད་འཛིན་པའི་ལྟ་བའི་ཚིག་དང་བློ་ཤེས་རབ་ཀྱི་རྟོག་དཔྱོད་ཀྱི་ལྟ་བ་བསྒྲུབ་པ་དང་བྲལ་ཏེ། ཐུགས་ཀར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལ་ངེས་ཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཞེས་སོ། །ཆོས་ཉིད་མངོན་སུམ་གྱི་སྣང་བ་དེ་མཐོང་ཕན་ཆད་ཁམས་གསུམ་དུ་མི་ལྡོག་ཏེ། འདས་རྗེས་ལས། རིག་པ་མངོན་སུམ་གནད་འདི་སུས་མཐོང་བས། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་དང་། ཀློང་གསལ་ལས། རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སོ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་དགེ་སྡིག་གིས་མི་གོས་ཤིང་ཕྱིར་མི་ལྡོག་པའོ། །ཆོས་ཉིད་མངོན་སུམ་གྱི་གནད་དེ་མ་མཐོང་ན། སྔ་མ་ལས། དངོས་སུ་རིག་པ་མ་མཐོང་ན། །ཡིད་དཔྱོད་མུན་པའི་མཐའ་འཁོར་ནས། །འཁོར་བ་ཉིད་དུ་རྣམ་པར་རྒྱུ། །ཞེས་སོ། །རིག་འཛིན་དགའ་རབ་རྡོ་རྗེའི་ཞལ་ནས། ཡིད་དཔྱོད་འཛིན་པའི་ལྟ་བ་ཉོན་རེ་མོངས། །དེ་ལ་བརྟེན་པའི་བསྒོམས་པ་ཡིད་རེ་མུག །དེ་ལས་བྱུང་བའི་སྤྱོད་པ་ཐང་རེ་ཆད། །དེ་ལ་འབྲས་བུ་རེ་བ་ཡོང་རེ་འཁྲུལ། །ཞེས་གསུངས་སོ། །དེ་ལྟར་ཆོས་ཉིད་མངོན་གསུམ་གྱི་གནད་དེ་མ་མཐོང་ན་གོང་གི་ཡོན་ཏན་དེ་ལས་ལོག་པའི་སྐྱོན་ཡོད་དོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། ནམ་མཁའ་དང་རིག་པ་དབྱེར་མི་ཕྱེད་པ་དེ་ཉིད་གོམས་པ་ལས་བྱུང་བའོ། །ཉམས་གཉིས་ཤེས་པའི་ཉམས་དང་སྣང་བའི་ཉམས་སོ། །ཤེས་པའི་ཉམས་ནི་བློའི་འཛིན་ཆགས་ཡིན་ཏེ། བདེ་དང་གསལ་དང་སྟོང་པ་སྣ་ཚོགས་སུ་འཆར་ཞིང་གཏད་པའི་དུས་ན་མི་རྟག་པ་ན་བུན་དང་འདྲ་བར་གཙོ་མི་བྱེད། ཀློང་གསལ་ལས། བློ་ནི་ཀུན་རྫོབ་འཁྲུལ་བར་བཤད། ཅེས་སོ། །སྣང་བའི་ཉམས་ནི་འཁྲུལ་བའི་སྣང་བ་ནུབ་ནས་དག་པ་ཡེ་ཤེས་ཀྱི་སྣང་བ་འཆར་ཏེ། དེ་ལྟར་ཉམས་སུ་བླང་བས་དབྱིངས་དང་རིག་པ་རེ་གསལ་རེ་མི་གསལ་བ་འབྱུང་། འཁོར་འདས་ཀྱི་སྣང་བ་དེ་ཡང་རྩིབ་ཤར་འབྱུང་། གྱེན་འགྲེང་མདུང་རྩེ་ལྟ་བུ་དང་རེ་ལྡེའི་རྣམ་པ་ལྟ་བུར་འགྱུར་ཞིང་། འོད་སྣང་དེ་དག་རང་གི་དེ་དག་རང་གི་མདུན་ཙམ་ཁྱབ་པར་འཆར། ཐིག་ལེ་མེ་ལོང་ཙམ་དུ་འགྲོའོ། །རིག་པ་ནི་འདབ་འཆགས་འཕུར་སྐྱེན་དུ་འགྲོའོ། །དེ་ཡང་ཉམས་སུ་བླང་བའི་དབྱིངས་ཀྱི་སྣང་བ་དེ་ལ་རིན་པོ་ཆེའི་དྲ་བ་དང་འོད་ཀྱི་དྲྭ་བ་དྲྭ་ཕྱེད་དང་འདྲ་བ། མིག་མང་རིས་དང་། མིགས་ཚགས་ལྟ་བུ་དང་། མདུང་རྩེ་ལྟ་བུ་དང་། མདའ་ལྟ་བུ་དང་། པདྨ་སྟོང་ལྡན་ལྟ་བུ་དང་། ཉི་ཟླ་ལྟ་བུ་དང་། ཡེ་ཤེས་མཁར་ཐབ་ལྟ་བུ་དང་། རལ་གྲི་ལྟ་བུ་དང་། རྡོ་རྗེ་དང་། འཁོར་ལོ་དང་། གྲི་གུག་དང་། མེ་ལྕེ་དང་། ཉ་མིག་གི་རྣམ་པ་ལྟ་བུར་འཆར་བར་འགྱུར་རོ། །འོད་ཟེར་དེ་ཡང་རང་གནས་པའི་ལུང་པ་འགེང་བར་འགྱུར་རོ། །ཐིག་ལེ་ཡང་འཁར་པོར་ཙམ་དུ་འགྱུར་རོ། །རིག་པ་རི་དྭགས་སྤང་རྩིབ་ལ་རྒྱུག་པ་ཙམ་དུ་འགྲོའོ། །དེ་ནས་ཡང་ཉམས་སུ་བླང་བས་འོད་ནི་ཡུལ་ཁམས་ཙམ་དུ་འཆར། ཐིག་ལེ་བསེ་ཕབ་ཙམ་དུ་འགྲོའོ། །རིག་པ་ནི་བུང་བ་བཅུད་ལ་ལྡིང་བ་ཙམ་དུ་འགྲོའོ། །དེ་ནས་ཡང་ཉམས་སུ་བླང་བས་ནི། འོད་ནི་སྟོང་སུམ་གང་བལྟས་ཚད་ལྡན་ཁྱབ། དབྱིངས་རིག་ཉིན་མཚན་མེད་བར་གསལ། ཐིག་ལེའི་ནང་དུ་སྐུ་རྐྱང་པ་རེ་སྣང་ལ་རིག་པའི་བར་དུ་སྐུ་འཕྲོ་འབྱུང་། རིག་པ་ནི་འགུལ་འཕྲིགས་མེད་པར་སྡོད་པའོ། །སྒྲ་ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། ཡེ་ཤེས་ཁ་དོག་ཕྱིར་དབྱུང་ནས་གྱེན་འགྲེང་བ་དང་། རྩིབ་ཤར་བ་དང་། ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ་རིག་པ་སྣང་བའི་ཡུལ་དུ་གསལ། ཞེས་སོ། །དེ་ལྟར་ཤར་བའི་དུས་ནས་བར་དོའི་སྣང་བ་དེ་ཉིད་གཏན་ལ་ཕེབ་པའི་ཕྱིར་བར་དོ་མེད་དོ། །ཀློང་གསལ་ལས། ཉམས་སྣང་གང་དུ་འཕེལ་བ་ཡི། །འོད་ནི་སྣ་ཚོགས་འགྱུར་འཕེལ་དང་། །ཐིག་ལེ་འཕེལ་ཞིང་རིག་བསྟན་ཚད། །ས་བོན་འབྲས་བུའི་བར་བཞིན་འབྱུང་། །ཞེས་སོ། འདི་ལྟར་ཉམས་སྣང་གོང་དུ་འཕེལ་བ་ལ་དགོས་ཆེད་གཉིས་སྟེ། གནས་སྐབས་དང་མཐར་ཐུག་གོ །གནས་སྐབས་སུ་ཉམས་སྣང་གི་རིམ་པའི་ཡོན་ཏན་རྣམས་ཐོབ་ལ། མཐར་ཐུག་ཏུ་བར་དོའི་སྣང་བ་རང་སར་གྲོལ་བའོ། །དེ་ཡང་ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ནས། །བར་དོའི་སྣང་ཚུལ་འདིར་ཆོད་པས། །ལོངས་སྤྱོད་དངོས་ཟིན་བར་དོ་སྟོང་། །ཞེས་སོ། །ཉམས་སྣང་གོང་དུ་མ་འཕེལ་ན་གོང་གི་ཡོན་ཏན་དེ་ལས་བཟློགས་པའི་སྐྱོན་ཡོད་དེ། སྔ་མ་ལས། ཉམས་སྣང་གོང་དུ་མ་འཕེལ་ན། །བར་དོ་ལས་ནི་གྲོལ་མི་འགྱུར། །ཞེས་སོ། །གསུམ་པ་རིག་པ་ཚད་ཕེབ་ཀྱི་སྣང་བ་ནི། ཀློང་གསལ་ལས།རིག་པ་ཚད་ལ་མ་ཕེབ་ན། །རྣལ་འབྱོར་དྲོད་ཚད་རྙེད་མི་འགྱུར། །ཞེས་གང་གིས། ཐིག་ལེ་དེ་དག་རེ་རེའི་ནང་དུ་སྐུ་ལྔ་ཡབ་ཡུམ་ལྔ་ལྔ་ཤར་ཏེ། ཐལ་འགྱུར་ལས། རིག་པ་ཚད་ཕེབ་སྣང་བ་ཡི། །ལོངས་སྐུའི་མཚན་དཔེར་གསལ་བ་ནི། །མ་འདྲེས་ཁ་དོག་འཛོམས་པ་ལས། །རིག་ལྔ་ཡབ་དང་ཡུམ་དུ་སྣང་། །དེ་ནས་ལྔ་ལྔ་ཟུང་དུ་བཅས། །རབ་ཏུ་གསལ་བའི་ཐིག་ལེ་འབྲེལ། །ཡབ་ཡུམ་སྐུ་ཡི་རྣམ་པ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་སོ། །དེ་དག་ཀྱང་གྲངས་ལས་འདས་པ་ལས་བྲེ་དང་སྲང་ཚད་ལ་ཕེབ་པ་ལྟར་ཚད་ལ་ཕེབ་སྟེ།དེ་ནས་མ་བསྒོམས་ཀྱང་ཆོག་པའོ། །དེ་ལྟར་ཚད་ལ་ཕེབ་པའི་དུས་ན་ལུས་འོད་གསལ་དུ་གྲོལ། འབྱུང་བ་རང་དག་ལ་སོང་བས་གདོས་བཅས་ཀྱི་ཕུང་པོ་རང་སར་གྲོལ་ཏེ། སྣང་ལ་རང་བཞིན་མ་གྲུབ་པའི་ལོངས་སྤྱོད་པའི་སྐུ་རང་གྲོལ་བའོ། །དེ་ལྟར་ཚད་ལ་ཕེབ་པ་ལ་དགོས་ཆེད་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གོ །གནས་སྐབས་རིག་པ་ཚད་ལ་ཕེབ་པས་མ་བསྒོམས་ཀྱང་ཆོག་པར་གོ་ལ། མཐར་ཐུག་ལོངས་སྤྱོད་རྫོགས་སྐུ་ངོས་ཟིན་ཏེ་སྐུའི་འཛིན་པ་མཚན་མ་རང་གྲོལ་བའོ། །དེ་ཡང་རྒྱུད་ལས། རིག་པ་ཚད་ལ་ཕེབ་པ་ཡིས། །ལོངས་སྤྱོད་སྐུ་ཉིད་མངོན་དུ་གྱུར། །ཅེས་སོ། །དེ་ལྟར་ཚད་ལ་མ་ཕེབ་ན་གོང་གི་ཡོན་ཏན་དེ་ལས་བཟློག་པའི་སྐྱོན་ཡོད་དོ། །རྒྱུད་ལས། །དེ་ལྟར་ཚད་ལ་མ་ཕེབ་ན། །ཕུང་པོའི་སྣང་འཛིན་དག་མི་འགྱུར། །ཞེས་གསུངས་སོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། དེ་ཡང་ཉམས་འཕེལ་ཟད་ནི་སྣང་བའི་ཉམས་དེ་དག་ལ་སྣང་དང་མི་སྣང་འཛིན་པའི་ངོ་བོ་མེད་པས་ཆོས་ཉིད་ཟད་པ་ཞེས་ཐ་སྙད་དུ་བཏགས་པའོ། །ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོང་ནས་ནི། །ལུས་ཟད་དབང་པོ་ཡུལ་ཡང་ཟད། །རྟོགས་ཚོགས་ཕུང་པོ་རང་གྲོལ་ནས། །བརྗོད་གཞི་ཚིག་དང་བྲལ་བའོ། །ཞེས་ཉམས་དང་ལུས་དབང་པོ་དང་རྟོག་ཚོགས་དང་ཚིག་དང་འཁྲུལ་བ་ཐམས་ཅད་ཟད་ནས་ཟག་པའི་ཕུང་པོ་མི་སྣང་བར་སངས་རྒྱས་པར་འགྱུར་རོ། །ཀློང་གསལ་ལས། ཆོས་ཟད་བློ་ཟད་འབྲས་བུ་ཟད། །གནས་ལུགས་ལམ་གྱི་མཐའ་ཡང་ཟད། །དེ་ལྟར་ཆོས་ཉིད་ཟད་པའི་སྣང་བ་མཐོང་བ་ལ་གནས་སྐབས་དང་མཐར་ཐུག་གོ །གནས་སྐབས་སུ་སྣང་བ་བཞིའི་ཆོས་ཉིད་ཟིན་པའི་སོ་མཚམས་ཕྱེད་ལ།མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་ནས་ལྷག་མེད་དུ་སངས་རྒྱས་པར་ཐག་ཆོད་དོ། །ཐལ་འགྱུར་ལས། དེ་ལྟར་ལུས་འབྱུང་རྒྱུད་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་སངས་རྒྱའོ། །ཞེས་སོ། །དེ་ལྟར་ཆོས་ཉིད་ཟད་པར་མ་སྐྱོལ་ན་གོང་གི་ཡོན་ཏན་དེ་ལས་ལོག་པའི་སྐྱོན་ཡོད་དོ། །རྒྱུད་ལས། ཆོས་ཉིད་ཟད་པར་མ་གྱུར་ན། །ལྷག་མེད་ཉིད་དུ་འགྱུར་བ་མེད། །ཅེས་གསུངས་སོ། །གསུམ་པ་རྗེས་ཀྱི་རིམ་པ་མཐའ་རྟེན་གྱི་མན་ངག་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་དུ་མེད་ཀླགས་ཤིང་། །ཞེས་སོ། །འདས་རྗེས་ལས། མི་འགུལ་གསུམ་ལ་གཞི་བཅས་པས། །སྡོད་པ་གསུམ་གྱི་ཚད་ཟིན་ཏེ། །རྟགས་ནི་ལུས་ངག་ཡིད་ལ་འབྱུང་། །ཐོབ་པ་གསུམ་གྱི་གཟེར་ཐོབ་བོ། །ཞེས་པས་དེ་ཡང་མི་འགུལ་བ་གསུམ། སྡོད་པ་གསུམ།ཐོབ་པ་གསུམ་ལས། དེ་ཡང་མི་འགུལ་བ་ལ་གསུམ་ལས། གཞི་མ་བཅོས་ན་ཆོས་ཉིད་དོན་ལ་ཁ་འགྱང་བ་མི་འགུལ་གསུམ་ལས་གཞི་བཅའ་བ་གལ་ཆེ་སྟེ། ཐལ་འགྱུར་ལས། དེ་ལ་མཐའ་རྟེན་ཡིད་ཆེས་གཉིས། །མི་འགུལ་གསུམ་ལ་གཞི་བྱས་པས། །རླུང་སེམས་གནད་ལ་ཕེབ་པའོ། །ཞེས་སོ། །སྡོད་པ་གསུམ་གྱིས་ཚད་མ་བཟུང་ནས་བསྒྲུབ་པའི་འབྲས་བུ་ལ་ཡིད་བཟུང་ནས་སྡོད་པ་གསུམ་གྱི་ཚད་བཟུང་བ་གལ་ཆེ་སྟེ། ཞེས་གསུངས་སོ། །སྔ་མ་ལས། སྡོད་པ་གསུམ་གྱི་ཚད་བཟུང་ནི། །རྨི་ལམ་བཟློགས་ཀྱང་ལུས་ངག་ཡིད། །རྟགས་དང་ཚད་ནི་དེའི་བཟུང་བའོ། །ཞེས་གསུངས་སོ། །ཐོབ་པ་གསུམ་གྱིས་གཟེར་མ་བཏབ་ན་ཕུང་པོ་གདོས་པས་འཆིང་བར་གྱུར་བས་ཐོབ་པ་གསུམ་གྱིས་གཟེར་གདག་པ་གལ་ཆེ། ཐལ་འགྱུར་ལས། ཐོབ་པ་གསུམ་གྱི་གཟེར་བཏབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །འདི་གསུམ་པོ་ནི་མེད་ཐབས་མེད་དོ། །དོན་གྱི་ཟིན་པ་མེད་ཀྱང་གོང་མའི་རྒྱབ་རྟེན་དུ་འབྱུང་བས་སོ། །དང་པོ་མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི། དུས་རྒྱུན་དུ་འདུག་སྟངས་གསུམ་ལས་མི་འགུལ་བར་བྱའོ། །དེ་ཡང་ལུས་མི་འགུལ་བས་རྩ་མི་འགུལ། རྩ་མི་འགུལ་བས་མིག་མི་འགུལ། མིག་མི་འགུལ་བས་རླུང་མི་འགུལ། རླུང་མི་འགུལ་བས་སེམས་མི་འགུལ། དེ་ནི་འགྱུ་བྱེད་རྒྱུན་ཆད་ནས་རིག་པ་གནས་པའི་དགོས་པ་ཡོད་དོ། །མིག་གི་གཟིགས་སྟངས་གསུམ་ལ་མི་འགུལ་བས་སེམས་མི་འགུལ་བར་བྱ་སྟེ། དེ་ཡང་རིག་པའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མའོ། །དེ་ཡང་རྩ་མི་འགུལ་བས་མིག་མི་འགུལ། མིག་མི་འགུལ་བས་སྒྲོན་མ་མི་འགུལ། དེ་སེམས་མི་འགུལ་བས་རྟོག་པ་མི་འབྱུང་བའོ། །དེ་ཡང་རྟོག་པ་ཐམས་ཅད་ཀྱི་རྩ་བ་སྙིང་ལས་བྱུང་། སྙིང་གི་རྩ་བ་མིག་ལ་ཟུགས་པས་གནད་ཐམས་ཅད་མིག་ལ་ཡོད་པས་ན་མིག་མི་འགུལ་བ་གལ་ཆེའོ། །དེའི་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །སྡོད་པ་གསུམ་གྱི་ཚད་བཟུང་བ་ནི། དབྱིངས་རིག་ལ་ཡུན་རིང་པར་གནས་པས་བསྟན་པའི་ཚད་སྡོམ་པ་གསུམ་འབྱུང་སྟེ། ཕྱི་སྣང་བ་སྐྱོད་པའི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་འགུལ་བ་མེད་པར་སྡོད། གསང་བ་འགྱུ་བྱེད་ཀྱི་རླུང་ཟད་པས་སེམས་ལ་རྟོག་པ་འགྱུ་མི་སྲིད་པའོ། །སྐབས་འདིར་ཚད་རྨི་ལམ་གྱིས་བཟུང་བ་དང་རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་འབྱུང་སྟེ། འདས་རྗེས་ལས། སྡོད་པ་གསུམ་གྱིས་ཚད་ཡིན་ཏེ། །རྟགས་ནི་ལུས་ངག་ཡིད་ལ་འབྱུང། །ཞེས་དང་། ཐལ་འགྱུར་ལས། རབ་ལ་ཚད་དང་འབྲིང་གི་ཤེས། །ཐ་མ་བཟང་པོ་འགྱུར་བའོ། །ཞེས་པས། བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་པར་འགྱུར། འབྲིང་ལ་འོད་གསལ་དུ་འཆར་བར་འགྱུར་རོ། །ཐ་མ་རྣམས་ལ་རྨི་ལམ་རྨི་ལམ་དུ་ཤེས་པ་དང་རྨི་ལམ་བཟང་པོར་འགྱུར་རོ། །རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་ནི། སྣང་བ་བཞི་པོ་རེ་རེ་ལའང་རྟགས་གསུམ་གསུམ་སྟེ་བཅུ་གཉིས་འཆར་བར་འགྱུར་རོ། །དེ་ལ་དང་པོ་ཆོས་ཉིད་མངོན་སུམ་ལ་མཐོང་བའི་རྟགས་གསུམ་ལས་རུས་སྦལ་མཁར་གཞོང་དུ་བཅུགས་པ་ལྟར་འགྲོ་སྟེ། དཔེར་ན་མཁར་གཞོང་འཇམ་པ་དང་རུས་སྦལ་རྐང་པ་འགུལ་འགུལ་མི་ཤེས་པ་བཞིན་དུ་ལུས་འགུལ་འགུལ་མེད་པར་བྱ་བྱེད་དང་བྲལ་བར་འགྱུར་རོ། །ངག་ལྐུག་པ་ལྟ་བུར་འགྱུར་ཏེ། དཔེར་ན་ལྐུག་པ་ལ་སྨྲ་རྒྱུ་མེད་པ་ལྟར་ངག་སྨྲ་སྙིང་མི་འདོད་པས་གཏམ་གྱི་ཟུང་ཟད་པ་འབྱུང་། སེམས་མཁའ་འགྲོ་རྙི་ལ་ཟིན་པ་ལྟར་འགྱུར་ཏེ། དཔེར་ན་བྱ་རྙི་ལ་ཟིན་ན་འཕུར་བར་འདོད་ཀྱང་འཕུར་རྒྱུ་མེད་བ་ལྟར་སེམས་འཕྲོ་བ་ལྟར་འདུག་ཀྱང་གར་གཏད་དུ་ལྷན་ནེ་སྡོད་དོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་མཐོང་བའི་དུས་སུ། ལུས་ངག་ཡིད་གསུམ་ལ་རྟགས་གསུམ་འབྱུང་བ་ནི། ལུས་སྐྱེས་བུ་ནད་ཀྱི་བཏབ་པའི་རྣམ་པར་འགྱུར་བ་ནི་ལུས་ཀྱི་རྒྱན་དང་ཕྱི་དོར་ལ་སོགས་པ་དང་བྲལ་ཞིང་ངོ་ཚ་མེད་པར་འགྱུར་རོ། །ངག་སྨྱོན་པའི་ཁ་ཚིག་རྡོལ་བ་ལྟར་འབྱུང་སྟེ་ངག་འབྲེལ་མ་ཆགས་བའི་གཏམ་ཅལ་ཅོལ་དུ་སྨྲས་བ་འབྱུང་ངོ་། །སེམས་སྐྱེས་བུ་རྩི་དུག་གིས་ཐེབ་པ་ལྟར་འགྱུར་ཏེ་དུག་ལན་བདུན་ཁོང་དུ་ཕེབ་ཕན་ཆད་ཅིས་ཀྱང་འཆི་བར་ཐག་ཆོད་པ་ལྟར་ད་ཕྱིན་ཆད་ཁམས་གསུམ་ན་མི་ལྡོག་ཐག་ཆོད་པའོ། །གསུམ་པ་རིག་པ་ཚད་ཕེབ་ནི། སྣང་བ་མཐོང་བའི་རྟགས་གསུམ་ནི། ལུས་གླང་ཆེན་འདམ་ལ་ཚུད་པ་ལྟར་འབྱུང་སྟེ། དཔེར་ན་གླང་ཆེན་འདམ་དུ་ཚུད་ཀྱང་སྟོབས་ཆེ་བས་སྐད་ཅིག་མ་ལ་ཐོན་པ་ལྟར། ལུས་ནམ་མཁའ་ལ་འཕུར་བ་ལྟ་བུ་དང་ས་ཞབས་སུ་འཛུལ་བ་དང་། ཆུ་ལ་མི་བྱིང་བ་དང་མེས་མི་ཚིག་པ་དང་། རླུང་གི་བསྐྱོད་པ་མི་ནུས་པ་ལ་སོགས་པས་རྫུ་འཕྲུལ་གྱིས་ཤུགས་དང་ལྡན་པར་འགྱུར་རོ། །ངག་གྲུལ་བུམ་གྱི་ཕྲུ་གུ་བྲག་བར་ནས་ཐོན་པ་ལྟར་འབྱུང་སྟེ། དཔེར་ན་གྲུལ་བུམ་གྱི་ཕྲུ་གུ་སྐད་སྙན་པ་གཞན་གྱི་ཡིད་འཕྲོག་པ་ལྟར་རྣལ་འབྱོར་བས་ངག་གི་ཅི་སྨྲ་བ་ཐམས་ཅད་ལ་ཁར་ཉན་ཅིང་སེམས་ཅན་ལ་ཕན་ཐོགས་པ་འབྱུང་ངོ་། །སེམས་སྐྱེས་བུའི་འབྲུམ་ནད་བྱང་བ་ལྟར་འགྱུར་རོ། །དཔེར་ན་འབྲུམ་ནད་འབྱང་མ་ཐག་བསྐྱར་ནས་མི་འབྱུང་བ་ལྟར་མ་རིག་པ་སངས་ཤིང་ད་ཁམས་གསུམ་དུ་མི་ལྡོག་པར་ཡིད་ཆེས་པའོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བར་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་མཚོན་ཐོགས་པ་བརྒྱ་སྟོང་གིས་བསྐོར་ཡང་ཉམས་མེད་པར་འགྱུར། ངག་བྲག་ཆ་ལྟར་གཏམ་གྱི་ཟུང་ཟད་པ་གཞན་པས་ཅི་སྨྲས་པ་དེའི་ལད་མོ་ཟློས་བ་འབྱུང་། སེམས་བར་སྣང་གི་ན་བུན་ལྟར་སྐད་ཅིག་མ་ལ་བག་ཆགས་ཀྱི་ཕུང་པོར་མི་སྣང་བར་སངས་རྒྱས་སོ། །དེ་ཡང་ལུས་བཞི་ནི་འབྱུང་བ་བཞིའི་བཅིངས་བ་ལས་བྱུང་བ་ན་ད་འབྱུང་རང་རྒྱུད་དུ་ལྡོག་མི་སྲིད། ངག་བཞི་ནི་བརྗོད་གཞིའི་རྗོད་བྱེད་བརྗོད་རྐྱེན། བརྗོད་བྱ་གཞིའི་བཅིངས་པ་ལས་གྲོལ། བརྗོད་གཞིས་རང་རྒྱུད་དུ་སྨྲ་མི་སྲིད་དོ། །སེམས་ཀྱི་གཞི་ནི་དྲན་མེད། སྐྱེ་མེད་བློ་འདས་བཅིངས་པ་ལས་གྲོལ་ནས་དྲན་པ་ཡིད་ཀྱི་འཁོར་ལོ་འཇུག་མི་སྲིད་དོ། །ཞར་ལ་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི། ཕྱི་སྣང་བར་རང་དབང་ཐོབ་པ་དང་། འཇུག་པ་ལ་རང་དབང་ཐོབ་པ་དང་། རླུང་སེམས་ལ་རང་དབང་ཐོབ་པར་འགྱུར་ཏེ། ཐལ་འགྱུར་ལས། ཐོབ་པ་གསུམ་གྱི་གཟེར་གདབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་སོ། །སྐྱེ་བ་ལ་རང་དབང་ཐོབ་པ་འདིའི་དུས་སུ་ཕུང་པོའི་སྣང་བ་འགགས་ན་གདོས་བཅས་སུ་མི་སྣང་བའི་དུས་སུ། སེམས་ཅན་གྱི་དོན་བྱེད་པར་འདོད་ནས་རང་གི་ལག་པའི་སོར་མོ་ལ་གཏད་ཅིང་བལྟས་པས་སྣང་བ་ཐམས་ཅད་རང་ལ་ལོགས་ཏེ་སྐབས་སུ་བེམ་པོ་འགུལ་ཞིང་སྒྲ་ཐོས་པར་འབྱུང་སྟེ། སྣང་བ་ལ་རང་ལོག་སྟེ་སེམས་ཅན་ཀྱི་དོན་བྱེད་པའི་མི་ལ་སོགས་སེམས་ཅན་ལ་རིག་པ་བཅུག་ནས་དེ་ལ་ཡང་རིག་པ་རང་བྱུང་གིས་ཡེ་ཤེས་གནས་པའི་གནད་ཀྱི་ལས་ལ་བཟང་ངན་མེད། མཚམས་མེད་པའི་ལས་བྱས་པ་གཅིག་ཡིན་ཀྱང་འདི་ཉིད་ལ་འབྱུང་བ་རང་ས་རང་དག་ནས་སངས་རྒྱས་བར་གྱུར་ནས་གཞན་ལ་ནི་སྨོས་ཅི་འཚལ་ཏེ་ངེས་པར་སངས་རྒྱས་སོ། །འདིའི་དུས་སུ་རིག་པ་བཅུགས་ཅིང་དེ་ཉིད་འགུལ་བ་དང་སྐད་འབྱིན་ནུས་སོ། །འཇུག་པ་རང་དབང་ཐོབ་པ་ནི། སོར་མོ་ལ་རིག་པ་གཏད་ཅིང་རང་ལུགས་སུ་བཞག་ནས་དེ་ཉིད་ལ་ནི་མི་སྣང་བར་སངས་རྒྱའོ། །རླུང་སེམས་ལ་རང་དབང་ཐོབ་པས་རླུང་སེམས་ལས་སུ་རུང་ཞིང་རླུང་གི་ཡོན་ཏན་ཐོབ་པ་འབྱུང་། སེམས་ཅན་གཞན་ཚེ་འཕོས་པའི་དུས་སུ་དེ་ལ་རང་གི་རིག་པ་གཅུགས་པས་མི་དགེ་བའི་སྤྱོད་པ་རྣམས་རང་དང་ལྷན་ཅིག་སངས་རྒྱས་པར་འགྱུར་རོ། །ལས་ལ་བཟང་ངན་མེད་པས་བེམ་པོ་རྣམས་ལ་ཐོགས་པ་མེད་ཅིང་མངོན་པར་ཤེས་པ་ཐོགས་མེད་དུ་འཆར་རོ། །དེ་ལྟར་ཉམས་སུ་བླང་བ་ལ་བརྟེན་ནས་གདེང་བཞི་ཐོབ་པར་འགྱུར་ཏེ། མུ་ཏིག་འཕྲེང་བ་ལས། ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །ཅེས་དང་། རིན་ཆེན་སྤུངས་པ་ལས། མི་འགྱུར་ལྟ་བའི་གདེང་ཆེན་བཞི། །མི་རྟོག་ཡེ་ཤེས་ཚད་བཟུང་ཀྱང་། །ཞེས་སོ། །ཀློང་གསལ་ལས། ཇི་ལྟར་རྟགས་ཚད་བསམ་འདས་ཀྱང་། །མི་འགྱུར་གདེང་ཆེན་བཞི་རུ་འདུས། །མི་རྟོག་ཡེ་ཤེས་ཚད་བཟུང་བས། །ཡར་མར་གདེང་ཆེན་བཞི་རུ་འདུས། །ཞེས་གདེང་བཞི་ནི་ཡར་གྱི་གདིང་གཉིས་དང་། མར་གྱི་གདེང་གཉིས་སོ། །དེ་ཡང་གོང་ལྟར་རིམ་པ་བཞིན་ཉམས་སུ་བླང་བའི་རྟགས་ཚད་ཀྱི་རིམ་པ་བསམ་གྱིས་མི་ཁྱབ་བ་ཐོབ་ཀྱང་། འདི་ལྟར་གདེང་བཞི་ལ་འདུས་ཏེ་ཡར་ཀྱི་གདེང་ལ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་བ་ཐོབ་ཀྱང་བྲོད་པ་མི་སྐྱེའོ། །དེ་རང་གི་རིག་པ་ལས་གཞན་མེད་པ་རྟོགས་པའི་ཕྱིར་རོ། །རིག་པ་ལས་གཞན་པའི་སངས་རྒྱས་ཀྱི་རྒྱུ་མེད་པར་རྟོགས་པའི་སངས་རྒྱས་ལ་རེ་བ་མེད་པའི་གདེང་ངོ་། །མར་གྱི་གདེང་གཉིས་ནི་རང་རིག་ལ་ཡེ་ནས་འཁྲུལ་བ་མེད་པར་ཤེས་པའི་ཕྱིར་ན་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དང་ཚེ་ཚད་ལ་སོགས་པ་ཐོས་ཀྱང་འཇིགས་སྐྲག་མེད་པའི་གདེང་དང་ལྡན་ནོ། །དེ་ལྟར་འཁྲུལ་བ་མེད་ཕན་ཆད་འཁོར་བར་གཏོང་མཁན་མ་གྲུབ་པར་ཤེས་པའི་ཕྱིར་ན་འཁོར་བར་འཁྱམ་མཁན་མེད་པར་ཐག་ཆོད་པའི་གདེང་དང་ལྡན་ནོ། །རྟགས་ཚད་ཀྱི་རྣམ་གྲངས་མང་དུ་བཤད་ཀྱང་གདེང་ཚད་བཞི་བོ་དེ་ལ་འདུས་སོ། །དེ་ལྟར་རྗེས་མཐའ་རྟེན་གྱི་མན་ངག་ཐོབ་པ་གསུམ་གྱིས་གཟེར་གདེང་དང་བཅས་པ་དགོས་ཆེད་གཉིས་ཏེ། གནས་སྐབས་ཀྱི་དགོས་ཆེད་ཚད་བཟུང་ངོས་ཟིན་ཏེ་ཐ་དད་དུ་ཡོད་ཅིང་མཐར་ཐུག་ཏུ་གོང་མའི་ཚད་དང་རྒྱབ་རྟེན་དུ་འབྱུང་བའི་དགོས་ཆེད་ཡོད། དེ་ལྟར་རྒྱབ་རྟེན་མེད་ན་དེ་དག་གི་ཡོན་ཏན་ལས་ལོག་པའི་སྐྱོན་ཡོད་དོ། །ཀློང་གསལ་ལས། མཐའ་བརྟེན་གནད་ཀྱི་རྒྱབ་མེད་ན། །རྫོགས་ཆེན་ཉམས་ལེན་མཐར་མི་ཕྱིན། །ཅེས་སོ། །གདེང་ཆེན་ཐོབ་པའི་མཐར་ཐུག་ནི། །ཕྱི་ནང་གསང་བའི་རྟགས་དང་བཅས། །ས་གཡོས་སྒྲ་འོད་ཟེར་ལ་སོགས། །སྐུ་གདུང་རིང་སྲེལ་ཡིག་འབྲུ་དང་། །རྡུལ་ཕྲན་གཡའ་དག་བརྡལ་བ་བྱུང་། །ཞེས་སོ། །དེ་ལྟར་ཁྲིད་ཀྱི་རིམ་པ་རྣམས་ཁྲིད་གཞུང་རྒྱས་བསྡུས་རྣམས་འབྲིང་བར་བཀོད་པ་ཐེག་པ་ཆུང་ངུ་དང་ཆེན་པོའི་དོན་འཇུག་སྒོ་གཅིག་པ་སྙིང་ཐིག་སྐུ་གསུམ་དོན་ཁྲིད་ལ་ཁོག་ཕུབ་ནས་རྗེ་བཙུན་བླ་མ་དམ་པའི་ཞལ་ཁྲིད་གཙོར་བྱས་ཤིང་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་གསང་སྔགས་བླ་ན་མེད་པའི་ཟབ་ཁྲིད་འདི་ཉིད་བསྟན་འཛིན་བཤེས་གཉེན་དམ་པ་རང་རྒྱུད་གྲོལ་ཞིང་གཞན་རྒྱུད་ཐབས་ལ་མཁས་པའི་དོན་ལྡན་གྱི་སློབ་མ་འཁོར་བ་ལས་མྱང་འདས་སུ་ཁྲིད་པར་བྱེད་བའི་ལུགས་ལ་ཐུན་མོང་དང་ཁྱད་པར་གཉིས་ལས། དབང་པོའི་རིམ་པ་དང་བློའི་བྱེ་བྲག་ལ་བསྟུན་ནས་འཆད་པ་ལ་མཁས་པར་བྱེད་པ་གལ་ཆེ། དཔེར་ན་སྨན་པ་མཁས་པས་ནད་ཚ་གྲང་ལ་སྨན་གང་འཚམས་སུ་བཏང་བ་ལྟར་རྒྱུད་ཚོད་སྣོད་དང་བསྟུན་ནས་གདམས་པ་སྟོན་པར་བྱ་དགོས་པས། བླ་མའི་རྣལ་འབྱོར་ཡན་ཆད་ཐེག་པ་ཐུན་མོང་བ་དང་ཆ་མཐུན་པའི་གང་ཟག་བློ་ཆུང་དང་སྐྱེ་བོ་ཕོ་མོ་ན་སོ་རྒས་པ་ལ་སོགས་མདོར་ན་དབང་པོ་དམན་པའི་རིགས་ལ་སྟོན་ཅིང་བྱུང་གནས་འགྲོ་གསུམ་དང་སེམས་གནས་ཀྱི་མན་ངག་རྣམས་སྟོན་ཞིང་ཉམས་མྱོང་དང་མཐུན་པའི་བསླབ་བྱ་རྣམས་བྱས་ན་འཐད་དོ། །ཁྱད་པར་གྱི་ཁྲིད་ལ་སྐྱེས་བུ་བློ་དང་ལྡན་པ་བརྩོན་པའི་རྒྱུན་མི་གཅོད་ཅིང་རྐྱེན་གང་གིས་ཡང་མི་འཕྲོག་ཅིང་། ལས་སད་ཅིག་འཆར་བ་དང་ཐོལ་རྒལ་བ་རྣམས་ལ་གདམས་པ་ཟབ་མོ་སྦ་གསང་མེད་པར་རིམ་པར་བུམ་པ་གང་བྱོས་ཀྱི་ཚུལ་དུ་བཤད། དེ་ལྟར་ཁྲིད་ངོ་སྤྲད་དང་བཅས་པ་ཚར་བའི་རྗེས་ལ་འཆུག་མེད་ཡིད་ཆེས་པའི་རྒྱས་གདབ་པར་བྱ། འདི་དག་ནི་གོང་དུ་བཤད་པ་ལྟར་གང་ཟག་བློ་དང་ལྡན་པ་མ་གཏོགས་གདམས་པ་འདི་གང་རུང་གིས་བློར་མི་ཤོང་བས། འདི་སྐད་དུ་ཡང་རིན་ཆེན་སྤུངས་པ་ལས། ཚིག་འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ནང་རྡུལ་ཙམ་ཡང་བརྗོད་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་དག་རྣམས་ཀྱི་ཚིག་འདི་དག་ཐོས་པས་སྐྲག་པ་དང་། བསྔང་བ་དང་། བརྒྱལ་བར་འགྱུར་ཏེ། གསང་སྔགས་རྣམས་ལ་མི་མོས་ཏེ་ཡིད་ཕྱུང་ནས་རྣམ་པར་སྨིན་པའི་སེམས་ཅན་དམྱལ་བ་ཆེན་པོ་དེ་ཉམས་སུ་མྱོང་བར་གྱུར་བས་ན། བསྟན་ཅིང་ཐོས་པ་ལྟ་ཅི་སྨོས་ཏེ། རླུང་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱའོ། །བཀའ་བསྩལ་བ། ཉན་ཐོས་དང་རང་སངས་རྒྱས་སྐལ་བ་མེད་པ་གསང་སྔགས་ཀྱི་སྣོད་དུ་མ་གྱུར་པའི་བློ་ཆུང་བའི་ཕྱིར་དེ། དཔེར་ན་ཁབ་ཀྱི་མིག་དུ་རས་ཡུག་རྫོང་བ་དེར་འགྲོ་བ་མེད་ཅིང་ཤོང་བའི་སྐབས་མེད་པ་དང་འདྲའོ། །ཞེས་དང་། སེང་གེ་རྩལ་རྫོགས་ལས། རྫོགས་ཆེན་ཨ་ཏི་གསང་དོན་ནི། །བློ་དམན་རྣམས་ལ་བསྒྲགས་གྱུར་ན། །དཔེར་ན་རྩུབ་ཤིང་མེར་བཅུགས་ནས། །རྩུབ་ཤིང་ཉིད་ཀྱང་ཚིག་པ་ལྟར། །གཞན་ཡང་ཚིག་པར་གྱུར་བ་བཞིན། །གསང་སྔགས་ངེས་དོན་མེ་དང་འདྲ། །སྐལ་བ་ཆུང་ཞིང་ཤེས་རབ་དམན། །བློ་ངན་རྒྱུ་འབྲས་རྨོངས་པ་རྣམས། །རྫོགས་ཆེན་དོན་ལ་སྐུར་འདེབས་ན། །ངན་སོང་གསུམ་ལ་འཕོང་བར་འགྱུར། །ངེས་དོན་མི་རྟོགས་སྡུག་བསྔལ་མྱོང་། །ཞེས་བློ་ཡངས་པ། བརྩོན་འགྲུས་ཆེ་བ། དམ་ཚིག་ལ་གནས་པ། གསང་ཐུབ་པ། གཏོང་ཕོད་ཆེ་བ། བློ་བརྟན་པ་ལ་སོགས་པ་ལ་བསྟན་པར་གསུངས་པའོ། །དེ་བཞིན་སློབ་དཔོན་མ་ལུས་འཁོར་འདས་ཀྱི། །མི་མཐུན་ཉེས་ཚོགས་རིང་དུ་སྤངས་བྱས་ནས་། །མཐུན་པའི་ཡོན་ཏན་དོན་འབྲས་བསྒྲུབ་ལ་སྤྲོ། །ཚེ་གཅིག་བྱང་ཆུབ་སྒྲུབ་པའི་སེམས་གཉིས་བྲལ། །རྟེན་འབྲེལ་ཕུན་སུམ་ཚོགས་པའི་ལེགས་ཚོགས་འགྲུབ། །རྫོགས་ཆེན་ཁྱབ་བརྡལ་འུབ་ཆུབ་ཕྱིར་མི་ལྡོག །ཐེག་པ་སྣ་ཚོགས་ཆོས་རྣམས་ཀུན་གྱི་གཞི། །ཨ་ཏི་རང་ཤུགས་སེང་གེའི་སྒྲ་དང་ལྡན། །ལྟ་བའི་རྫོགས་ཆེན་དམན་ས་ཟིལ་གྱིས་གནོན། །ངོ་མཚར་རྨད་བྱུང་རྩོལ་སྒྲུབ་ཀུན་དང་བྲལ། །ཡེ་བབ་ཡོངས་གྲོལ་གཅིག་བཞག་གཅིག་གིས་ངང་། །ཁམས་གསུམ་ཡོངས་གྲོལ་གསང་བ་ཡུམ་ཀྱི་ཀློང་། །མ་འགག་རོལ་བ་སྣ་ཚོགས་ཅི་ཡང་འཆར། །རང་བྱུང་རང་ཤར་རང་རིག་སྤྲོས་དང་བྲལ། །རང་བཞིན་ལྷུན་གྲུབ་ཡོན་ཏན་ཀུན་གྱི་གཞི། །མཐའ་ཡས་སྐུ་དང་ཡེ་ཤེས་བསམ་མི་ཁྱབ། །ཡིད་དཔྱོད་ཚིག་ཏུ་མ་ལུས་མངོན་སུམ་མཐོང་། །དུས་གསུམ་བདེ་གཤེགས་ཀུན་གྱི་དགོངས་པ་འདྲིལ། །ཡང་གསང་བླ་ན་མེད་པའི་ཐེག་པའི་མཆོག །ཚེ་གཅིག་སངས་རྒྱས་ལེགས་འཆང་ཨེ་མ་ཧོ། ཨཱ་ཧཱོཿ ལྷག་བསམ་རྣམ་དག་འགྲོ་བའི་དོན་ལ་བརྩོན། །དོན་དམ་མཁའ་དབྱིངས་ནོར་བུ་འབར་བའི་འོད། །དུག་གསུམ་མ་རིག་འཐིབ་བོ་ཀུན་སངས་ནས། །སྐུ་གསུམ་འབྲས་བུ་མྱུར་དུ་ཐོབ་པར་ཤོག །ཧྲཱིཿ དྲི་མེད་རྣམ་དག་སྐྱོན་གྱིས་མ་གོས་ཤིང་། །འགགས་མེད་རང་ཤར་ཆོས་སྐུ་རྒྱུན་མི་ཆད། །ཐོགས་མེད་བདེ་བ་ཡང་དག་སོ་སོར་རྟོགས། །དམིགས་མེད་སྣང་མཐའི་གོ་འཕང་ཐོབ་བར་ཤོག །ཧཱུྃཿ མི་ཤིགས་རྡོ་རྗེའི་ཆོས་ཉིད་འགྱུར་བ་མེད། །མི་དམིགས་ཀུན་ཁྱབ་ཡེ་ཤེས་སྙིང་པོ་ཅན། །མི་སྒྲིབ་རང་བྱུང་ལྷང་ངེ་ལྷན་ནེ་གསལ། །མི་སྐྱོད་རྡོ་རྗེའི་གོ་འཕང་ཐོབ་པར་ཤོག །སྭཱཿ ཀུན་གྱི་འབྱུང་གནས་ཡིད་བཞིན་དཔལ་གྱི་མཆོག །ཀུན་འབྱུང་དགོས་འདོད་ཡོན་ཏན་བསམ་མི་ཁྱབ། །ཀུན་མཁྱེན་རང་བྱུང་མཉམ་ཉིད་ཡེ་ཤེས་ངང་། །ཀུན་ཀྱང་རིན་ཆེན་འབྱུང་གནས་ཐོབ་པར་ཤོག །ཧཿ བྱར་མེད་རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་། །བྱ་རྩོལ་གཉིས་འཛིན་ས་ལམ་རང་སར་ཞི། །བྱ་གྲུབ་ཡེ་ཤེས་སྤྲོས་པ་ཀུན་དང་བྲལ། །བྱ་བ་གཏན་གྱི་དོན་རྣམས་འགྲུབ་པར་ཤོག །ཨཱོྃ། རྣམ་མཁྱེན་རྣམ་གཟིགས་རྣམ་མང་འདྲེན་པའི་གཙོ། །རྣམ་དབྱིངས་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང་། །རྣམ་རོལ་རྣམ་དཀར་ཚོགས་གཉིས་ལས་བྱུང་བ། །རྣམ་མང་ཚང་ཆེན་གོ་འཕང་ཐོབ་པར་ཤོག །ཡེ་གྲོལ་མཐའ་བྲལ་འདུས་མ་བྱས་པའི་ཞིང་། །ངོ་བོ་ཀ་དག་མཚན་མ་ཀུན་ལས་འདས། །མཐའ་བཞི་རྒྱ་གྲོལ་རང་རིག་ཡེ་ཤེས་ངང་། །ཁྱབ་བདག་གདོད་མའི་མགོན་དང་ལྷན་ཅིག་སྦྱོར། །བསྔོ་བྱ་བསྔོ་བྱེད་མི་དམིགས་མཐའ་ཡས་ངང་། །ཡང་ཟབ་གདམས་པའི་བཅུད་ཀྱི་སྙིང་པོ་འདི། །སློབ་དཔོན་སངས་རྒྱས་གཉིས་པས་ཞབས་བཅགས་པའི། །གནས་མཆོག་ཆེན་པོ་ཟིལ་ཁྲོམ་རྡོ་རྗེའི་མགུལ། །རུ་དམ་བསམ་གཏན་ཆོས་གླིང་དབེན་འཚམས་སུ། །ཏྲེ་མོར་བླ་མ་མཁྱེན་ལྡན་ཉི་མ་སོགས། །དད་ལྡན་སློབ་མ་འགའ་ཡིས་བསྐུལ་བའི་ངོར། །ཡང་གསང་ཐེག་པ་མཆོག་གི་རྣལ་འབྱོར་པ། །ནམ་མཁའི་མིང་ཅན་ཁྲིད་ཡིག་བསྒྲིག་ཆགས་སུ། །བཀོད་པ་འདི་ལ་མི་རུང་ཉམས་ཆག་དང་། །འགལ་འཁྲུལ་ནོངས་པར་གྱུར་བ་ཅི་མཆིས་པ། །ཀུན་བཟང་ཡངས་པའི་ཀློང་དུ་བཤགས་པར་བགྱི། །དམ་ཅན་རྒྱ་མཚོའི་ཚོགས་ལ་བཟོད་པར་གསོལ། །ཟབ་ཁྲིད་འདི་ཉིད་ཀྱི་མ་ཕྱིའི་ཡི་གེ་ལག་བྲིས་མ་ཤིན་ཏུ་རྙིང་པ་སྐུང་ཡིག་དང་ཆད་ལྷག་ཡིག་ནོར་མང་པོ་ཅན་གཅིག་ཁོ་ན་ལས་མ་རྙེད་ཕྱིར་དཔེ་བཤུ་དག་ཞུས་སྐབས་ཤིན་ཏུ་དཀའ་བ་བྱུང་ནའང་། དམ་པའི་གསུང་རབ་གསར་རྙེད་བྱུང་བའི་སྤྲོ་དགའ་དང་ཕྱིན་ཆད་དཔེ་རྒྱུན་རྩད་ནས་ཆད་པར་དོགས་པས་ད་ལམ་འགྲེམ་སྤེལ་བྱས་མོད་ཀྱང་། མ་ཕྱིའི་དབང་གིས་ཆད་ལྷག་ནོར་བ་ཅི་རིགས་མཆིས་ངེས་པ་ལྷ་སྲུང་དམ་ཅན་རྒྱ་མཚོའི་མདུན་དུ་འཆགས་ན་དག་ཚང་བསྩལ་ཞིང་། ཕྱིན་ཆད་མ་དཔེ་གཞན་དག་གསར་བརྙེད་བྱུང་ཚེ་ཡང་དུ་ཞིབ་བསྡུར་བྱེད་འོས་བསྐུལ་མ་དང་། ཟབ་ཁྲིད་འདི་ཉིད་མཛད་པ་པོ་ཡང་གསང་ཐེག་པ་མཆོག་གི་རྣལ་འབྱོར་པ་ནམ་མཁའི་མིང་ཅན་ཞེས་པ་ཙམ་ལས་མི་གསལ་ཡང་། སྤྱིར་རུ་དམ་བསམ་གཏན་ཆོས་གླིང་གི་གདན་སར་ཐེག་པ་མཆོག་གི་རྣལ་འབྱོར་ནམ་མཁའི་མཚན་ཅན་སྔ་ཕྱིར་བྱོན་པ་དཔོན་སློབ་ནམ་མཁའ་འོད་གསལ་དང་། ནམ་མཁའ་ཚེ་དབང་མཆོག་གྲུབ། གྲུབ་དབང་རྫོགས་ཆེན་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ་བཅས་བྱོན་པ་ལས། འདིའི་གཞུང་གི་བླ་བརྒྱུད་འདྲེན་སྐབས་གྲུབ་ཐོབ་པདྨ་རིག་འཛིན་གྱི་དངོས་སློབ་མིན་པ་ལྟ་བུའི་ཚུལ་དང་། སྤྲོས་མེད་རང་བབས་ཀྱི་ཚིག་དོན་མི་འགྱུར་ནམ་མཁའི་རྡོ་རྗེའི་གསུང་དང་མཚུངས་ཤིང་ངག་རྒྱུན་དུའང་དེ་ལྟར་གྲགས་པས། ད་ལམ་གྲུབ་དབང་རྫོགས་ཆེན་པ་སྐུ་རབས་རིམ་བྱོན་གྱི་གསུང་འབུམ་དུ་བསྡུ་སྒྲིག་བྱས་པ་གསལ་བཤད་དང་བཅས་དཔེ་སྒྲིག་ཚོགས་པ་ནས། །


previousབཀའ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་སྙིང་ཐིག་དོན་ཁྲིད་གསལ་བའི་མེ་ལོང་བཞུགས་སོ།།next