Nitartha Digital Library
Tibetan
༄༅། །དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། །

6 occurrences of འབེན་
[Clear Hits]


collapse section
 
 
  
 
  
  
  
  
  
  
  
  
  
  
སྙིང་པོའ་ིལྷ་ཆོས་བྱེད་པར་གདམས་པ།
expand section


6 occurrences of འབེན་
[Clear Hits]

 
previousསྙིང་པོའ་ིལྷ་ཆོས་བྱེད་པར་གདམས་པ།next

སྙིང་པོའ་ིལྷ་ཆོས་བྱེད་པར་གདམས་པ།

སྙིང་པོའ་ིལྷ་ཆོས་བྱེད་པར་གདམས་པ།

གང་ལ་བརྟེན་ན་བསླུ་བ་མ་མཆིས་པའི། །

སྐྱབས་གནས་རིན་ཆེན་གསུམ་གྱི་ཐུགས་རྗེའི་མཐུས། །

དོན་མེད་འཁོར་བའི་འཕྲུལ་སྣང་ཀུན་ཞི་ནས། །

བློ་སྣ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །

ཅི་ལ་བསམས་ཀྱང་འཇིག་རྟེན་བྱ་གཞག་ལ། །

ཡང་སྒོས་སྙིང་པོ་ཏི་ལ་ཙམ་མི་འདུག་པས། །

ཡུན་ཐུང་ཚེ་འདིའི་བློ་སྣ་བསྒྱུར་བྱས་ཏེ། །

ད་ནས་སྙིང་པོའ་ིལྷ་ཆོས་བྱེད་པར་བྱ། །

དར་མའི་ན་ཚོད་དབྱར་གྱི་མེ་ཏོག་ཙམ། །

མཛེས་པའི་བཀྲག་མདངས་དགུན་གྱི་འཇའ་ཚོན་ཙམ། །

མི་ཡི་ཚེ་ལ་ཡུན་ལོང་མི་འདུག་པས། །

ད་ནི་སྙིང་པོའ་ིལྷ་ཆོས་བྱེད་པར་བྱ། །

སྡུག་བའི་དུས་སུ་སྐྱིད་པའི་ཐབས་ལ་རེ། །

སྐྱིད་པའི་དུས་སུ་སྡུག་བསྔལ་ཡོང་གིས་དོགས། །

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ཐོར་བུའི་སྐོར་ཚངས་སྲས་རྒྱུད་མངས།

265

རེ་དོགས་འཕྲང་ལས་ཐར་དུས་མི་འདུག་པས། །

ད་ནི་སྙིང་པོའ་ིལྷ་ཆོས་བྱེད་པར་བྱ། །

གཅེས་པར་བསྐྱངས་ཀྱང་ནད་དང་གཅོང་གི་གཞི། །

རྒྱན་གྱིས་མཛེས་ཀྱང་མི་གཙང་རང་བཞིན་ཉིད། །

མི་རྟག་ལུས་ལ་སྙིང་པོ་མི་འདུག་པས། །

ད་ནི་སྙིང་པོའ་ིལྷ་ཆོས་བྱེད་པར་བྱ། །

ཕྱུག་པོ་ཕྱུག་པོའ་ིས་ནས་སྡུག་གཏམ་བྱེད། །

དབུལ་པོ་དབུལ་པོའ་ིས་ནས་སྨྲེ་ངག་འདོན། །

མི་རེའི་སེམས་ལ་སྡུག་བསྔལ་ཁུར་པོ་རེ། །

འཁོར་བའི་གནས་ན་བདེ་བའི་སྐབས་མ་མཆིས། །

སྤྱིར་ན་ཕྱི་རོལ་བདེ་སྡུག་སྣང་བ་ཀུན། །

རང་གི་སེམས་ཉིད་གཅིག་པོའ་ིཆོ་འཕྲུལ་ཏེ། །

ནང་གི་གཟུགས་བརྙན་ཕྱི་རུ་འཆར་བ་ལས། །

ཕྱི་ཡི་རྣམ་པ་ཚུར་ལ་འོངས་པ་མིན། །

དེ་ལྟར་ལེགས་པར་གོ་ནས་དཔྱད་པ་ཡིས། །

266

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྡུས།

ཀུན་གཞི་སེམས་ཀྱི་རྩ་བ་ཆོད་པའི་ཚེ། །

སྣང་བའི་ན་བུན་འདི་ཡི་ཕ་རོལ་ན། །

ཆོས་ཉིད་དོན་གྱི་ནམ་མཁའ་དངོས་སུ་བཞུགས། །

ཡོད་ཅེས་བྱ་བ་འདི་ཡང་བཅོས་མ་སྟེ། །

མེད་ཅེས་བྱ་བ་འདི་ཡང་བཅོས་མ་ཉིད། །

དེ་འདྲའི་བཅོས་མ་ཀུན་གྱིས་མ་བསླད་པ། །

སེམས་ཀྱི་རང་བཞིན་རྫོགས་པའི་སངས་རྒྱས་ཡིན། །

ཡིན་མིན་རྣམ་རྟོག་ཆུ་ཡི་གཉེར་མ་བཞིན། །

གཅིག་རྗེས་གཅིག་གིས་མཐུད་དེ་འགྲོ་བ་འདི། །

གཏོད་མེད་ངང་དུ་ལྷོད་ཀྱིས་ཞིགས་པའི་ཚེ། །

ཆོས་དབྱིངས་གདོད་མའི་རྒྱ་མཚོར་སླེབས་པ་ལགས། །

མདོར་ན་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཏེ། །

སེམས་ནི་སྟོང་པ་གཞི་མེད་རྩ་བྲལ་ཉིད། །

གཞི་མེད་ཆོས་ལ་བདག་ཏུ་བཟུང་བ་ཡིས། །

ཁྱོད་དང་ང་ཡང་འཁོར་བའི་གནས་སུ་འཁྱམས། །

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ཐོར་བུའི་སྐོར་ཚངས་སྲས་རྒྱུད་མངས།

267

དེ་ནི་སྣང་བའི་རྗེས་སུ་མ་འབྲང་བར། །

སྣང་མཁན་ཁོ་ལ་ཅེར་གྱིས་བལྟས་པའི་ཚེ། །

བརྗོད་དུ་མེད་པའི་རང་ངོ་མཐོང་འགྱུར་པས། །

སངས་རྒྱས་ཐོབ་པའི་ལམ་དེ་ཐག་མི་རིང་། །

དེ་ལྟར་རྩ་གསུམ་ལྷ་ཡི་བྱིན་རླབས་ཀྱིས། །

མྱུར་དུ་རང་སེམས་སྟོང་བའི་རྩད་ཆོད་དེ། །

ཀ་དག་རྫོགས་པ་ཆེན་པོའ་ིརྒྱལ་ས་ནས། །

མཐའ་མེད་འགྲོ་བའི་དོན་ཆེན་བྱེད་པར་ཤོག །

ཅེས་པ་འདི་ཡང་སྙིང་པོའ་ིཆོས་ལ་ཕྱོགས་པ་སྒྲོལ་མ་གཡང་འཛོམས་

ཀྱི་ངོར་རྒྱལ་ཁམས་པ་དགེ་འདུན་ཆོས་འཕེལ་གྱིས་བྲིས་པའོ།།

268

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྡུས།


previousསྙིང་པོའ་ིལྷ་ཆོས་བྱེད་པར་གདམས་པ།next