Nitartha Digital Library
Tibetan
༄༅། །དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། །

6 occurrences of འབེན་
[Clear Hits]


collapse section
 
 
  
 
  
  
  
  
  
  
  
  
  
  
collapse section
སྙན་རྩོམ་ཐོར་བུའི་སྐོར།
  
  
  
  
  
  
  
  
  
 
  
  


6 occurrences of འབེན་
[Clear Hits]

 
previousསྙན་རྩོམ་ཐོར་བུའི་སྐོར།no next

སྙན་རྩོམ་ཐོར་བུའི་སྐོར།

སྙན་རྩོམ་ཐོར་བུའི་སྐོར། དང་པོ།

དང་པོ།

དྭངས་མ་དྲུག་ལྡན་རྡོ་རྗེའི་གྲོང་ཁྱེར་དུ། །

འཁོར་ལོ་ལྔ་ལྡན་རྩ་ཡི་འཕྲུལ་འཁོར་ལ། །

རང་བཞིན་གཤིས་ཀྱི་གནས་པའི་བདེ་བ་འདི། །

སྐྱོན་དུ་བཟུང་ནས་དགག་པ་ཅི་ལ་འཐད། །

འདོད་པའི་དོན་ལ་དགའ་བ་འདོད་ཆགས་ཏེ། །

འདོད་པའི་དོན་དགའ་བ་དད་པ་ཉིད། །

མི་འདོད་དོན་ལ་འཇིགས་པ་ཞེ་སྡང་སྟེ། །

མི་འདོད་དོན་ལ་འཇིགས་པ་ངེས་འབྱུང་ཉིད། །

འདོད་དང་མི་འདོད་སེམས་ཀྱི་ཁྱད་ཆོས་ཏེ། །

བསྒྱུར་དུ་བཏུབ་ཀྱང་སྤང་་དུ་མེད་པ་ལགས། །

དེས་ན་ཉོན་མོངས་ལམ་དུ་བྱེད་པ་འདི། །

ཞིབ་ཏུ་དཔྱད་ཚེ་ཐེག་པ་ཀུན་གྱི་ལུགས། །

རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་། །

རྒྱལ་པོའ་ིརྒྱལ་སྲིད་སྤྲང་པོའ་ིའཚོ་ཐབས་སོགས། །

ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་། །

མེད་དུ་མི་རུང་བ་ནི་བུད་མེད་ཡིན། །

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ཐོར་བུའི་སྐོར་ཚངས་སྲས་རྒྱུད་མངས།

269

ཡངས་པའི་འཇིག་རྟེན་མྱ་ངམ་ཐང་བཞིན་ཆེ། །

ལས་མང་ཁུར་གྱིས་སྐྱེས་བུ་ངེས་པར་སྐྱོ། །

དེ་ལ་དགའ་བའི་སྤྲོ་བ་སྦྱིན་ནུས་པའི། །

རྩེད་གྲོགས་བུ་མོ་ལས་ཀྱི་སྤྲུལ་བ་འདྲ། །

མཐོང་བས་ཡིད་དགའ་གཟུགས་ཀྱི་ལྷ་མོ་སྟེ། །

རིགས་རྒྱུད་བཟང་པོ་བསྐྱེད་པའི་ཞིང་ས་ཡིན། །

སྡུག་པའི་ནད་གཡོག་བྱེད་པའི་མ་མ་དང་། །

སྐྱོ་བའི་སེམས་གསོ་གཏོང་བའི་སྙན་དངགས་མཁན། །

ཁྱིམ་གྱི་ལས་ཀུན་བྱེད་པའི་གཡོག་མོ་སྟེ། །

ཚེ་གཅིག་རྩེ་དགས་སྐྱོང་བའི་གྲོགས་མོ་ཉིད། །

སྔོན་བསགས་ལས་ཀྱིས་འབྲེལ་བའི་ཆུང་མ་ལ། །

ཡོན་ཏན་རྣམ་པ་དྲུག་པོ་འདི་དག་ལྡན། །

ནོར་ལྡན་རྒན་པོ་ཁ་བའི་སྐྲ་ལོ་ཅན། །

ན་ཆུང་བུ་མོ་འདམས་ནས་ཉོ་བར་བྱེད། །

བཙོང་བའི་ཡོ་བྱད་ཙམ་གྱི་རྩིས་ཐང་ཅན། །

ཀྱེ་མ་བུད་མེད་རྣམས་ལ་དཔུང་གཉེན་མེད། །

དེ་ལྟར་འཇིག་རྟེན་རྒྱལ་ཁམས་དུ་མ་ན། །

ནོར་ལྡན་རྣམས་ཀྱི་རང་འདོད་ཁྲིམས་སྲོལ་མང་། །

དེ་ལ་ཡ་རབས་ཆོས་སུ་མིང་་བཏགས་ཤིང་། །

270

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྡུས།

ཡུལ་གྱི་རྒྱལ་པོའ་ིཐུགས་དང་འཕྲོད་གྱུར་པས། །

མཁས་པ་རྣམས་ཀྱང་རྗེས་སུ་འཛུམ་སྟོན་པ། །

བསམ་ཞིང་བསམ་ན་ཡི་ཆད་སང་དུས་མེད། །

དེས་ན་རིགས་མཐུན་སྐྱེ་བོས་མགྲིན་གཅིག་ཏུ། །

བསྒྲགས་པའི་ངར་སྐད་ཁོ་ན་མི་ཉན་པར། །

སྐབས་སུ་བདེན་པའི་རྒྱུ་མཚན་དཔང་བཅོལ་ནས། །

གཟུ་བོའ་ིདྲང་གཏན་ཙམ་ཡང་སྨྲ་བར་མཛོད། །

སྙན་རྩོམ་ཐོར་བུའི་སྐོར། གཉིས་པ།

གཉིས་པ།

འཇིག་རྟེན་འདི་ནི་རང་བཞིན་ཐ་དད་ཅིང་། །

སེམས་དང་འཆར་སྒོ་མཐུན་དུས་མི་འོངས་པས། །

གཞན་གྱི་སྨོད་ལ་གཞན་གྱིས་བསྟོད་བྱེད་ཅིང་། །

འགའ་ཡིས་གཙང་ལ་གཞན་གྱིས་བཙོག་པར་རྩི། །

སྤྱང་གི་ཤ་ཟན་རི་བོང་རྩྭ་ཟན་གཉིས། །

ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་ལས། །

རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ། །

རང་རང་སོ་སོའ་ིསྤྱོད་པ་བསྐྱངས་ན་ལེགས། །

འབྲོག་པ་རྣམས་ལ་ཕག་ཤ་ཟ་བ་དང་། །

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ཐོར་བུའི་སྐོར་ཚངས་སྲས་རྒྱུད་མངས།

271

གྲོང་པ་རྣམས་ལ་མར་ཁུ་འཐུང་བ་སོགས། །

མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད། །

འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད། །

བཟང་ངན་གཙང་བཙོག་རང་གི་རང་འདོད་ཙམ། །

རང་འདོ་བྱ་བ་རྟག་ཏུ་བརྗེས་ནས་འགྲོ། །

དེ་ལ་རྩོད་ཤགས་འགྱེད་པ་ཐང་རེ་ཆད། །

དེ་ཡི་རྒྱུ་མཚན་འཚོལ་བ་ཉོན་རེ་མོངས། །

བྱིས་པའི་དུས་རྒས་ཤིང་འཁོགས་པའི་བར། །

སེམས་ཀྱི་ཁྱེར་སོ་ཅི་ཙམ་བརྗེས་གྱུར་པ། །

རང་གིས་མྱོང་བས་དཔྱད་ན་ཤེས་ནུས་པའི། །

ད་ལྟའི་འཆར་སྒོ་འདི་ལ་ཡིད་བརྟན་ཅི། །

སྐབས་འགར་ལྷ་མོ་མཐོང་ཡང་ཞེན་པ་ལོག །

སྐབས་འགར་རྒན་མོ་མཐོང་ཡང་ཆགས་པ་སྐྱེ། །

འདི་ཡིན་འཕྲོ་ལ་དེ་མིན་གཞན་ཞིག་འོང་། །

སེམས་ཀྱིས་བསླུས་པ་གྲངས་ཀྱིས་ག་ལ་ཆོད། །

དེ་ལྟར་ལེགས་པར་གོ་ནས་ཡི་ཆད་དེ། །

གཏད་སོ་ཀུན་གྱི་རྩ་བ་ཞིག་གྱུར་པ། །

དེ་ནི་བདེ་བའི་ངལ་གསོ་ཆེན་པོ་སྟེ། །

མིང་གི་རྣམ་གྲངས་གཞན་ན་ཐར་པར་བརྗོད། །

272

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྡུས།

མ་མཐོང་རྒྱང་གྲགས་ཅན་གྱི་མ་ཕམ་མཚོ། །

དྲུང་དུ་སླེབས་ན་བཀོད་མའི་ཆུ་འཁྱིལ་ལོ། །

འཁོར་བའི་ཆོས་ལ་བཏུད་ནས་མྱང་བའི་ཚེ། །

ངོ་མཚར་སྙིང་པོ་མེད་པ་ཅི་ཡང་བདེན། །

སྙན་རྩོམ་ཐོར་བུའི་སྐོར། གསུམ་པ།

གསུམ་པ།

སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར། །

ཤི་ཡང་ཕྱི་མིག་བལྟ་བའི་རེ་བ་ཡིས། །

སྐྱེ་བོ་ཐམས་ཅད་རང་གི་ལག་རྗེས་ཙམ། །

ཤུལ་ཏུ་ལུས་པའི་འབད་པ་ངང་གིས་བྱེད། །

འདི་ན་འགའ་ཡིས་རང་གི་རྒྱུད་འཛིན་བུ་དང་སློབ་མ་རྗེས་སུ་བཞག །

དེ་བཞིན་གཞན་གྱིས་ལེགས་བཤད་ནོར་དང་སྙན་པའི་གྲགས་པ་ཤུལ་དུ་བཀོད། །

ལ་ལ་འཆད་ཉན་ཆོས་ཀྱི་སྡེ་དང་དམ་པའི་རྟེན་རྣམས་བཞེངས་ནས་འདས།།

གཞན་གྱི་ལག་རྗེས་བསགས་པའི་ནོར་དང་མཛེས་པའི་ཁང་ཁྱིམ་འདི་དག་ལཊ།

ཆོས་ནོར་གཉིས་མེད་སྤྲང་པོའ་ིལག་རྗེས་ལ། །

གོང་དུ་སྨོས་པ་འདི་དག་མ་མཆིས་པས། །

མི་ཟས་ཡུན་རིང་ཟས་པའི་རིན་འབབ་ཏུ། །

དེབ་ཆུང་འདི་ཉིད་མི་ཡི་ཡུལ་དུ་བཞག །

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ཐོར་བུའི་སྐོར་ཚངས་སྲས་རྒྱུད་མངས།

273

མ་བཅོལ་གླེགས་བམ་བྲི་བའི་བྲེལ་ཟིང་གིས། །

མི་ལོ་བཅུ་གསུམ་དལ་གྱིས་ཟད་པ་ལ། །

གཞན་གྱིས་བསྟོད་སྨད་ཅི་བྱེད་མ་ངེས་ཀྱང་། །

གཞན་ལ་ཕན་པ་ཅུང་ཟད་ངེས་པར་མཐོང་། །

རྣམ་དཀར་འདི་ཡིས་སྐྱེ་ཞིང་སྐྱེ་བ་རུ། །

རྣམ་པ་ལྔ་ལྡན་རིགས་པའི་གཞུང་ལུགས་ལ། །

རྣམ་དག་ཐོས་བསམ་སྒོམ་པའི་འབད་པ་ཡིས། །

རྣམ་ཀུན་གཟིགས་པའི་གོ་འཕང་མྱུར་ཐོབ་ཤོག །

སྙན་རྩོམ་ཐོར་བུའི་སྐོར། བཞི་བ།

བཞི་བ།

ཇི་ལྟར་དངོས་པོའ་ིགཤིས་ལ་ཉེ་གྱུར་པ། །

དེ་ལྟར་དངོས་པོའ་ིགཤིས་ལ་ཉེ་གྱུར་པ། །

རང་བཞིན་ཉིད་ཀྱིས་ཕྲ་བའི་ཆོས་རྣམས་ཀུན། །

སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པར་བཤད། །

རྣམ་ཀུན་སྟོང་པའི་ཆོས་ལ་ཐུགས་བཞག་སྟེ། །

དེ་བཞིན་གཤེགས་པས་ཕྱག་གིས་མ་ཁེགས་པའི། །

སྣང་བའི་སྨིག་སྒྱུ་འཁྲིགས་པའི་འཁོར་བ་འདིར། །

ཡོད་མེད་ཁས་ལེན་བློ་ཡིས་མཐོང་བ་སུ། །

274

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྡུས།

རིག་པའི་བུ་ཆུང་ཆགས་པའི་དབྱིངས་སུ་བརྒྱལ། །

འཇུར་བུའི་བློ་གྲོས་སྲིན་བུའི་བུ་གར་ལྷུངས། །

སྲེད་པའི་རྣམ་རྟོག་ཐུར་དུ་དྲངས་གྱུར་པས། །

དགའ་བའི་དེ་ཉིད་སྐྱེ་བོ་དག་གིས་ལྟོས། །

གཉིས་མེད་གཉིས་སུ་སྣང་བའི་གཟུང་འཛིན་གྱིས། །

ལོགས་སུ་བཅད་པའི་སྒྱུ་མའི་རྦ་རླབས་འདི། །

གཞི་དབྱིངས་བདེ་བའི་རྒྱ་མཚོར་འདྲེས་འདོད་ནས། །

འདུ་འཁྲིགས་གཡོ་ཞིང་འཕར་བ་མ་ཚོར་རམ། །

འཕྲུལ་འདེགས་མེད་པའི་ཆོས་འདི་ཅི་ལ་གཡོ། །

རྗེས་འདེད་མེད་པའི་སེམས་འདི་གང་དུ་རྒྱུག །

རང་གཤིས་བཏང་ནས་སྡོད་དུ་མ་ཚུགས་པས། །

སྣང་སེམས་འདི་གཉིས་བདེ་བའི་ཕྱོགས་སུ་གཡོ། །

གོམ་གཅིག་འདོར་ཡང་བདེ་བ་འཚོལ་ཕྱིར་ཏེ། །

ཚིག་གཅིག་སྨྲ་ཡང་བདེ་བ་འཚོལ་ཕྱིར་སྨྲ། །

དགེ་བའི་ལས་ཀྱང་བདེ་བའི་སླད་དུ་བྱེད། །

སྡིག་པའི་ལས་ཀྱང་བདེ་བའི་སླད་དུ་བྱེད། །

གྲོག་མ་མིག་མེད་བདེ་བའི་སླད་དུ་རྒྱུག །

ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག།

མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། །

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ཐོར་བུའི་སྐོར་ཚངས་སྲས་རྒྱུད་མངས།

275

གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུག །

མཐོང་རེག་མེད་པའི་ཁབ་ལེན་ཕ་བོང་ལ། །

སྟོང་གསུམ་འཇིག་རྟེན་འུབ་ཀྱིས་འདུ་བ་འདི། །

དངོས་སུ་བསམ་ན་བདེ་བ་ཆེན་པོའ་ིདབྱིངས། །

སྣང་སྲིད་ཀུན་གྱི་ཐིམ་ས་ཡིན་པར་ཤེས། །

སྟོང་གསུམ་དཔལ་འབྱོར་ཐོབ་ཀྱང་མ་ཚིམ་པས། །

རྔམས་ཆེན་གཏོགས་འདོད་འབར་བའི་གྲགས་པ་ཅན། །

ཅང་ཤེས་སེམས་ཀྱི་བུ་ཆུང་ལྐུག་པ་འདིས། །

དོན་ལ་བདེ་སྟོང་ནམ་མཁའི་རྒྱལ་སྲིད་འཚོལ། །

སྙན་རྩོམ་ཐོར་བུའི་སྐོར། ལྔ་བ།

ལྔ་བ།

ཡུན་རིང་འགྲོགས་ན་ཚེ་འདིའི་བྱ་གཞག་ལ། །

མི་སྐྱོ་བྱ་བ་གཅིག་ཀྱང་ཡོད་མ་ཡིན། །

སྐྱོ་བའི་སེམས་གསོ་དམ་པའི་ལྷ་ཆོས་ཏེ། །

སེམས་ཀྱི་ཁོང་དུ་ལན་གཅིག་འོང་བར་ངེས། །

མ་བཅོས་སྣང་བ་སྐྱོང་བའི་བླུན་པོ་དང་། །

བཅོས་མའི་རྣམ་རྟོག་སློང་བའི་མཁས་པ་གཉིས། །

མི་མཐུན་ལམ་གྱི་མདོ་ནས་གྱེས་པ་དེ། །

276

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྡུས།

ལམ་གསུམ་མཐའ་ལ་སླར་ཡང་མཇལ་བར་མཆི། །

འོ་ན་འཁོར་བའི་རྒྱ་མཚོའི་གཏིང་གཟིགས་ཤིང་། །

ངེས་འབྱུང་སྐྱོ་བས་བསྲན་དུ་མ་ཚུགས་ན། །

དམར་སེར་ངུར་སྨྲིག་ལྡན་པའི་ལུས་བཟུང་སྟེ། །

གཅིག་ཏུ་ཞི་བའི་ཆོས་ལ་གཞོལ་བར་འཚལ། །

ཀ་ཆུ་ཡན་ཆད་ནག་ཆུ་མན་ཆད་ནས། །

ཁ་ཚིག་མཐོ་བའི་སྐྱེ་བོ་མང་ན་ཡང་། །

ག་ལེར་བསམ་ན་རང་རེ་ཐ་སྙད་པའི། །

ང་རྒྱལ་དེ་ནི་དོན་གྱི་ང་རྒྱལ་ཡིན། །

རང་སེམས་སྨྱོན་པར་རང་ངོ་མ་ཟིན་པས། །

ཆོས་སྲིད་གནམ་ས་གཉིས་ཀྱི་རྒྱ་ཁྱོན་ཚད། །

རྟག་ཏུ་གཞལ་བའི་འཁྲུལ་སྣང་རིམ་པ་འདིར། །

གཏན་གྱི་སྐྱབས་གནས་བྱེད་པའི་སྙིང་ཁམས་ཅན། །

སྙན་རྩོམ་ཐོར་བུའི་སྐོར། དྲུག་པ།

དྲུག་པ།

ཉག་ཅིག་ཞི་བའི་དབྱིངས་སུ་འཇུག་པའི་སྒོ། །

བདེན་གཉིས་ཆོས་ཚུལ་ཟབ་མོ་དྲི་མེད་ལམ། །

རིགས་གསུམ་གདུལ་བྱའི་ཚོགས་ལ་སྟོན་མཛད་པའི། །

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ཐོར་བུའི་སྐོར་ཚངས་སྲས་རྒྱུད་མངས།

277

སྐུ་བཞིའི་བདག་ཉིད་སངས་རྒྱས་དེ་ལ་འདུད། །

རྒྱུད་ལྔས་བསྡུས་པའི་འགྲོ་བ་མ་ལུས་པ། །

ཕྱིན་དྲུག་ཕ་རོལ་ཕྱིན་པའི་ལམ་བརྟེན་ཏེ། །

ནོར་བདུན་ཡོན་ཏན་ཚང་བའི་རྟེན་བརྒྱུད་ནས། །

མཐའ་བརྒྱད་སྤྲོས་པ་དག་པའི་སྐུ་ཐོབ་ཤོག །

ཤར་ནུབ་རྒྱ་མཚོའི་མཐའ་ལ་ཐུག་གི་བར། །

ལྷོ་ཕྱོགས་རྒྱ་གར་ཡུལ་དུ་བགྲོད་པའི་ཚུལ། །

ནུབ་ཀྱི་སྨག་ལ་སྒྲོན་མེ་བཏེག་འདྲ་འདི། །

བྱང་ཕྱོགས་བོད་ཀྱི་སྐྱེས་བུའི་དོན་དུ་འབྲི། །

རྒྱ་ཁྱོན་མཚོ་དང་འདྲ་བའི་གྲོང་ཁྱེར་དང་། །

རྒྱ་འཕང་རི་དང་འདྲ་བའི་མཆོད་རྟེན་སོགས། །

རྒྱ་ཆེའི་གཟིགས་མོ་མང་པོ་གཟིགས་པའི་སླད། །

རྒྱ་གར་ཡུལ་དུ་ལན་གཅིག་འབྱོན་པར་མཛོད། །

སྙན་རྩོམ་ཐོར་བུའི་སྐོར། བདུན་པ།

བདུན་པ།

ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས། །

བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་སྟེ། །

ཆོས་མཐུན་བཀུར་སྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་

278

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྡུས།

ནས། །

སེང་གེ་ཁྱི་ཡི་གཡོག་ཏུ་འགྱུར་ཚུལ་འདི་སྐྱོ་བ། །

མི་བསྲུན་བརླང་པོར་སྤྱོད་པའི་སྐྱེ་བོ་ལ། །

མགོ་བོ་གཅོད་པའི་ཁྲིམས་ལུགས་མ་མཛད་ནས། །

སྙིང་རྗེའི་ལམ་ནས་ཚུལ་དེ་ལྡོག་པ་ལ། །

དམྱལ་བའི་སྡུག་བསྔལ་བསྟན་ལས་ཐབས་གཞན་ཅི། །

མི་ཡི་རྗེ་བོ་མི་དཔོན་ཆེན་པའི་དྲུང་། །

མི་ཡི་མཐའ་མ་དགེ་འདུན་ཆོས་འཕེལ་གྱིས། །

མི་འཐུང་མི་འཐུང་ཨ་རག་མི་འཐུང་ཞེས། །

མི་དམངས་ཚོགས་པའི་དབུས་སུ་དམ་བཅའ་འབུལ། །

སྙན་རྩོམ་ཐོར་བུའི་སྐོར། བརྒྱད་པ།

བརྒྱད་པ།

དྲི་མེད་རབ་དཀར་ཀ་ཅིའི་ཡོལ་བའི་སྟེང་། །

རྫས་འཕྲུལ་གློག་གི་སྣང་བ་ཁྱབ་བྱས་ཏེ། །

སྒྱུ་མའི་རྒྱལ་མོ་རྒོད་དང་ངུ་བའི་གཟུགས། །

སྲིད་གསུམ་འཁོར་བའི་མགྲོན་ལ་ལྟད་མོ་བསྟན། །

གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང་། །

རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས། །

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ཐོར་བུའི་སྐོར་ཚངས་སྲས་རྒྱུད་མངས།

279

དྲང་པོའ་ིམི་ལ་འཁྱོག་པོའ་ིལམ་སྟོན་པ། །

སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟོན་མཛོད། །

དགུ་བ།

དྲི་མེད་ཐེག་པ་ཆེན་པོའ་ིཐེམ་སྐས་ལས། །

འོད་གསལ་སེམས་ཀྱི་བང་རིམ་འཛེགས་པ་ཡི། །

འོག་མིན་ཆོས་ཀྱི་ཁྲི་ལ་དབང་བསྒྱུར་བའི། །

རྣམ་འདྲེན་དོན་ཀུན་གྲུབ་པས་དགེ་ལེགས་སྩོལ། །

ཐོག་མ་མེད་ནས་རྟག་ཏུ་འགྲོགས་པ་ཡི། །

མི་འགྱུར་སེམས་ཀྱི་གཤིས་ཀྱང་མི་མཐོང་ན། །

བཙན་ཐབས་སྒོམ་གྱིས་གསར་དུ་རྙེད་པ་ཡི། །

ཡ་མཚན་གྲུབ་པའི་གཟིགས་སྣང་ཅི་ལ་མཐོང་། །

སྙན་རྩོམ་ཐོར་བུའི་སྐོར། བཅུ་བ།

བཅུ་བ།

དགའ་བར་མཐོང་ཚེ་དྲུང་དུ་འདུད་བྱེད་ཅིང་། །

སྡུག་པར་མཐོང་ཚེ་རྒྱང་ནས་ཡིབ་བྱེད་པ། །

ཕལ་བའི་སྐྱེ་བོ་ཀུན་གྱི་ཆོས་ཉིད་འདི། །

280

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྡུས།

སྔ་མོའ་ིདུས་ནས་ཁོ་བོས་ཤེས་པ་ལགས། །

འབྱོར་པར་མཐོང་ཚེ་དྲུང་དུ་འདུས་བྱེད་ཅིང་། །

རྒུད་པར་མཐོང་ཚེ་རྒྱང་ནས་ཡིབ་བྱེད་པ། །

ཕལ་པའི་སྐྱེ་བོ་ཀུན་གྱི་ཆོས་ཉིད་འདི། །

སྔ་མོའ་ིདུས་ནས་ཁོ་བོས་ཤེས་པ་ལགས། །

སྙན་རྩོམ་ཐོར་བུའི་སྐོར། བཅུ་གཅིག་པ།

བཅུ་གཅིག་པ།

ཕྲག་དོན་ཁྲག་གིས་མྱོས་པའི་ཨུ་ཚུགས་སྟག །

འཇིགས་པའི་ང་རོ་སྒྲོགས་པའི་ཚང་ཚིང་ནང་། །

གཅིག་པུར་ལས་པའི་བདེན་པའི་བུ་ཆུང་ལ། །

ཤེས་རབ་ཅན་གྱིས་སྙིང་རྗེའི་ཡུལ་དུ་དགོངས། །

མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ལ། །

རང་མགོ་བསྐོར་བའི་གོས་ཀྱིས་མི་གཡོགས་པ། །

འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །

སྲོག་ལ་བབས་ཀྱང་འབད་པས་བསྲུང་བར་འཚལ། །

བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་། །

རང་ཉིད་བླུན་པོའ་ིརྗེས་སུ་མི་འབྲང་བ། །

དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ཐོར་བུའི་སྐོར་ཚངས་སྲས་རྒྱུད་མངས།

281

སྲོག་ལ་བབས་ཀྱང་འབད་པས་སྲུང་བར་གྱིས། །

གཞོན་དུས་དགའ་བའི་ཆུང་མ་ངས་མ་བླངས། །

རྒས་དུས་དགོས་པའི་ནོར་རྫས་ངས་མ་བསགས། །

སྤྲང་པོའ་ིམི་ཚེ་ལྕགས་སྨྱུག་ལྷན་ཅིག་ཏུ། །

རྫོགས་པ་འདི་ནི་བདག་གི་སྣང་བ་སྐྱོ། །

ཆག་གྲུམ་ཆ་ཤས་ཆེད་དུ་བསལ་བ་ལ། །

ཕྱོགས་སྔའི་previous hit འབེན ་དུ་བཀོད་དེ་མཚོན་བསྣུན་པའི། །

རང་སྡེ་མཁས་པའི་དགྲ་ལྷ་དཔུང་བསྟོད་འདིས། །

གཞན་སྡེའི་དཔའ་བོ་ད་དུང་བསད་པ་མིན། །

སྙན་རྩོམ་ཐོར་བུའི་སྐོར། བཅུ་གཉིས་པ།

བཅུ་གཉིས་པ།

དྭངས་གསལ་དྲི་མ་མེད་པའི་རྒྱ་མཚོ་ན། །

ངང་པའི་བུ་མོ་དལ་གྱིས་རྒྱུ་བ་འདིས། །

སྤྲིན་བྲལ་སྟོན་གྱི་ནམ་མཁའ་དྭངས་པ་ལ། །

ཉ་གང་ཟླ་བ་བགྲོད་པའི་མཛེས་སྡུག་འཕྲོག །

རི་བོང་ཟླ་བའི་ཅོད་པཎ་ཅན། །

ངང་པ་བསུ་བའི་ཁ་ལོ་བ། །

བཅོས་མིན་འོད་དཀར་འདི་མཐོང་ནས། །

282

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྡུས།

བརྗོད་མེད་ཡིད་ལ་དགའ་བདེ་སྐྱེས། །

རྨོངས་པའི་ཕ་ཤ་ཟ་བའི་དཔའ་བོ་ཡིས། །

མེ་འབར་རལ་གྲི་ཕྱག་ན་འཕྱར་བ་ལ། །

མ་འཇིགས་སྙིང་ནས་གུས་པས་གསོལ་བཏབ་ན། །

དུག་གསུམ་བདུད་ཀྱི་བུ་ལ་འཇིགས་པ་ཅི། །

གོང་སྡོད་རྗེ་ཡི་གཟུགས་དང་གཡོག་གི་ལུས། །

མཐོང་རྒྱུ་འབྱོར་བའི་ཚེ་དང་སྤྲང་པོའ་ིཚེ། །

བཙུན་པ་བཟང་ཤོས་ཁྱིམ་པ་སྡུག་ཤོས་སོགས། །

སྐྱེ་བ་གཅིག་ལ་ལུས་རྟེན་མང་དུ་བརྗེ། །

མི་ཡི་མི་ཚེ་ཚེ་ཡི་ཁྲལ་ཡིན་པས། །

ཁྲལ་པ་འཆི་བདག་ཡུལ་དུ་མ་འཁྱོལ་བར། །

དགའ་དུས་རིང་དུ་གཏོང་བའི་ཐབས་མེད་ན། །

སྡུག་དུས་ཐུང་དུ་གཏོང་བའི་ཐབས་ཅི་ཞིག །

སྙན་རྩོམ་ཐོར་བུའི་སྐོར། བཅུ་གསུམ་པ།

བཅུ་གསུམ་པ།

གཅིག་གཅིག་གཉིས་སུ་མེད་པའི་དམ་པའི་ཆོས། །

གཉིས་གཉིས་བཞི་ཡི་བདེན་པའི་དོན་རྟོགས་ཏེ། །

གསུམ་གསུམ་དྲུག་གི་ཕ་རོལ་ཕྱིན་པའི་ལམ། །

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ཐོར་བུའི་སྐོར་ཚངས་སྲས་རྒྱུད་མངས།

283

བཞི་བཞི་བརྒྱད་ཀྱི་མཐའ་རྣམས་དེ་ལ་འདུས། །

རོ་དང་མཚུངས་པའི་ལུས་པོ་འདི། །

ག་དུས་ཤི་ཡང་མི་འགྱོད་དེ། །

གསེར་དང་མཚུངས་པའི་རྣམ་དཔྱོད་དག །

མཉམ་དུ་ཤི་ན་ཤིན་ཏུ་འཕངས། །

ཡིག་ནོར་དང་ཆད་ལྷག་ཡོད་ཚེ་འབྲེལ་བ་གནང་ན་དགའ་སྤྲོའ་ིངང་ནས་བཟོ་བཅོས་ཞུ་ཆོག


previousསྙན་རྩོམ་ཐོར་བུའི་སྐོར།no next