Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


  collapse section
དཀར་ཆག་མུ་ཏིག་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
no previousདཀར་ཆག་མུ་ཏིག་ཕྲེང་བ།next

དཀར་ཆག་མུ་ཏིག་ཕྲེང་བ།

༄༅། གར་དབང་འཇིགས་མེད་རྣམ་རྒྱལ་གྱི་དག་སྣང་ཆོས་སྡེའི་དཀར་ཆག་མུ་ཏིག་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

༄༅། ཨོཾ་སྭ་སྟི་སིདྡྷི་རསྟུ། རྒྱལ་དང་རྒྱལ་བའི་སྲས་པོ་ཇི་སྙེད་ཀྱི། །མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་དཔྱིད། །ལྷོ་ནུབ་འོ་མཚོར་མཚན་དཔེའི་སྐུར་བཞེངས་བ། །འཆི་མེད་པདྨ་ཀཱ་རས་ཤིས་པ་སྩོལ། །རྒྱལ་བ་བྱང་ཆུབ་སྤྲུལ་པའི་རོལ་ག༵ར་དག་སྣང་ཆོས་ལ་མངའ་དབ༵ང་བསྒྱུར། །བསམ་ཡས་ཆོས་ཚུལ་རྒྱ་མཚོའི་མཐར་སོན་འཇི༵གས་པ་མེ༵ད་པའི་བརྟུལ་ཞུགས་ཅན། །མི་མཐུན་ཕྱོགས་ལས་རྣ༵མ་པར་རྒྱ༵ལ་བའི་ངེས་པ་དོན་གྱི་ཧེ་རུ་ཀ །ཆོས་དབྱིངས་ཀུན་གསལ་བློ་གྲོས་རྒྱ་མཚོ་བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད། །རབ་འབྱམས་རྒྱལ་ཀུན་རྟག་ཏུ་མཆོད་པ་ལས། །གང་མཚན་ལན་གཅིག་དྲན་པའི་བསོད་ནམས་ཀྱིས། །སྟོང་ཆེན་ལྷ་ལམ་དོགས་པོར་བགྱིད་མཛད་པའི། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་བླ་མས་སྐྱོངས།། དེ་ལྟར་ཡུལ་དམ་པ་རྣམས་ལ་མཆོད་པར་བརྗོད་པའི་མེ་ཏོག་འཐོར་བ་སྔོན་དུ་བཏང་ནས་འདིར་གང་ཞིག་གླེང་བར་བྱ་བ་ནི། གསང་ཆེན་སྔ་འགྱུར་བའི་རིང་ལུགས་ལ་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་སྟེ་བབས་སོ་གསུམ་དུ་ཡོད་པ་ལས་ཕྱི་མའི་ཁོངས་སུ་གཏོགས་པ། གྲུབ་བརྙེས་རྗེ་འབངས་ཉེར་ལྔའི་ནང་ཚན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་སུམ་རྒྱལ་བ་བྱང་ཆུབ་ཀྱི་སྤྲུལ་པའི་རོལ་གར། གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོའམ་ཆོས་དབྱིངས་ཀུན་གསལ་བློ་གྲོས་རྒྱ་མཚོ་གང་དེའི་དག་སྣང་གི་ཆོས་སྐོར་གཙོ་བོར་གྱུར་པའི་གསུང་ཆོས་རྣམས་ཕྱོགས་སུ་འཐོར་བ་གསར་དུ་བསྡུ་བསྒྲིགས་བྱས་ཤིང་གླེགས་བམ་སྐུ་གསུམ་གྱི་གྲངས་ལྡན་དུ་བགྱིས་པའི་བཞུགས་བྱང་དཀར་ཆག་འགོད་པ་ལ་གསུམ། སྤྲུལ་པའི་གཏེར་སྟོན་ཆེན་པོ་གང་གི་མཛད་རྣམ་རགས་བསྡུས་སུ་བཀོད་པ། གཏེར་ཆོས་གླེགས་བམ་རྣམས་ཀྱི་བཞུགས་བྱང་དཀར་ཆག་དངོས་འགོད་པ། པར་དུ་བསྐྲུན་པའི་ཕན་ཡོན་བརྗོད་པས་མཇུག་བསྡུ་བའོ། །

སྤྲུལ་པའི་གཏེར་སྟོན་ཆེན་པོ་གང་གི་མཛད་རྣམ་རགས་བསྡུས་སུ་བཀོད་པ།

དང་པོ་ནི། རྒྱལ་དབང་ཨོ་རྒྱན་ཆེན་པོས། མ་འོངས་བསྐལ་མཐའ་བཞི་བཅུའི་མར་འགྲིབ་དེར༔ སངས་རྒྱས་བྱང་སེམས་སྤྲུལ་པ་མང་པོ་འབྱུང་༔ ཨོ་རྒྱན་ང་སྤྲུལ་ཉི་མའི་ཟེར་དང་མཚུངས༔ སྟོང་གསུམ་འགྲོ་དྲུག་འཛམ་གླིང་ཡོངས་ལ་ཁྱབ༔ དག་དང་མ་དག་སྣ་ཚོགས་གཟུགས་སུ་འོང་༔ སྤྲུལ་པ་སྣ་ཚོགས་འགྲོ་བ་ཐབས་ཀྱིས་འདུལ༔ ཞེས་དང་། མ་འོངས་འགྲོ་ལ་ཆོས་སྦྱིན་ཟད་མེད་དུ༔ སྲིད་པ་ཐམས་ཅད་པདྨའི་གཏེར་གྱིས་བཀང་༔ འབྱིན་མཁན་ཐམས་ཅད་ང་ཡི་སྤྲུལ་པ་ཡིན༔ ཆ་ལུགས་སྤྱོད་པ་ངེས་མེད་ཅིར་ཡང་སྣང་༔ ཞེས་འཁོར་མཚོ་མ་སྟོང་གི་བར་དུ་རྒྱལ་དབང་ཨོ་རྒྱན་ཆེན་པོའི་ཕྲིན་ལས་དུས་ལས་ཡོལ་བ་མེད་པར་ངོ་མཚར་སྤྲུལ་པའི་གཏེར་སྟོན་བརྒྱ་རྩ་སོགས་ཀྱི་རྣམ་པར་འཕྲུལ་ནས་བསྟན་དང་འགྲོ་བའི་དོན་རྒྱ་ཆེན་མཛད་པར་ཞལ་བཞེས་མཛད་པ་སྤྱི་ལྟར་དང་། བྱེ་བྲག་ཏུ་རིག་འཛིན་གསང་སྔགས་གླིང་པའི་རྒྱལ་ཁམས་སྤྱི་ལུང་ལས། རྒྱལ་བ་བྱང་ཆུབ་སྤྲུལ་པ་ལྕགས་མོའི་ཕྱོགས༔ དྷརྨའི་མིང་ཅན་སྔགས་ལ་མོས་པ་འབྱུང་༔ ཞེས་དང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས། དེ་བཞིན་རྒྱལ་བ་བྱང་ཆུབ་དྷརྨ་ཤར༔ ཞེས་སོགས་ལུང་དུ་བསྟན་པ་ལྟར། ཡབ་རྡོ་སྨད་ཕྱུག་ཤུལ་འབྲོག་སྡེའི་ཕུར་ཚ་ཝ་མོའི་བུ་བདུན་གྱི་རིགས་རྒྱུད། ཕུར་ཚ་ཆོས་མགོན་དང་། ཡུམ་དགེ་རྩེ་བཟའ་སྒྲོལ་མ་མཚོ་གཉིས་ལ་བུ་སྤྲུལ་སྐུ་སྤུན་གསུམ་ཡོད་པའི་ཆེ་བ་རུ་བོད་རབ་བྱུང་བཅོ་ལྔ་པའི་ནང་ཚན་ལྕགས་མོ་ལུག་གི་༼༡༨༧༡ ༡༩༥༣༽ལོར་མགོ་ལོག་གཉན་པོ་གཡུ་རྩེའི་ཉེ་འདབས། རྒྱབ་རི་ལྷ་བཙན་དམར་ཡག་གི་རི་ཞོལ། ཆུ་མགོ་མགོ་མང་སྟེ། མགོ་ལོག་ཨ་སྐྱོང་གི་མངའ་ཁོངས་སུ་སྐུ་འཁྲུངས། ཁྱིམ་དེར་ཁོང་དང་། སྤྲུལ་ངག་དབང་བསོད་ནམས་བསྟན་འཛིན། བསེ་མཆོག་སྤྲུལ་ཡོན་ཏན་ལྷུན་གྲུབ། བཙུན་མ་ཆོས་དབྱིངས་བཟང་མོ། སྲིང་མོ་གཡང་སྒྲོན་བཅས་མིང་སྲིང་ལྔ་ཡོད། སྐབས་ཤིག་རྔ་བའི་བསེ་དགོན་པའི་བསེ་ཉིན་སྲིབ་གཉིས་ལས་བསེ་སྲིབ་ཚང་གི་གདུང་རྒྱུད་ཆད་པས་གསང་བདག་སྒྲོལ་བའི་མགོན་པོའི་དངོས་སློབ་ཀུན་དགའ་ཡོན་ཏན་ལྷུན་གྲུབ་ཀྱི་སྐྱེ་ཕྲེང་བདུན་པའམ་སྤྲུལ་པའི་སྐུར་ངོས་བཟུང་ནས་བསེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་གི་གདན་སར་བཀོད། ཡོངས་འཛིན་ངག་དབང་རབ་རྒྱས་ལས་ཡི་གེ་འབྲི་ཀློག་སྦྱངས། འགྱ་བ་ཨ་ལག་གི་མདུན་དུ་སྔོན་འགྲོ་འབུམ་ལྔ་ནས་དབེན་གསུམ་བར་བཞུགས། དེ་ནས་གྲོང་མང་རྣམ་སྣང་རྡོ་རྗེའམ་དཀོན་མཆོག་ཆོས་བཟང་མདུན་སྦྱོར་དྲུག་གི་སྔོན་འགྲོ་ནས་དངོས་གཞིའི་ཉམས་ལེན། གེགས་སེལ་བོག་འདོན་དང་བཅས་པ། བདེ་མཆོག་རྩ་རྒྱུད། གཤིན་རྗེ་རབ་འབྱམས། བདེ་མཆོག་རབ་འབྱམས། གཤིན་རྗེ་འཁྲུལ་འཁོར་ཆེན་མོ། ཆོས་རྒྱལ་མན་ངག་ཆེན་མོ། གུར་མགོན་ཁྲོ་བཅུའི་དབང་སོགས་སྨིན་ཁྲིད་མན་ངག་དུ་མ་མནོས།  འཛམ་ཐང་དགོན་དུ་དཔལ་ཇོ་ནང་བའི་གཞུང་དང་མན་ངག་དུ་མ་ལ་གསན་བསམ་མཛད། རྫོགས་ཆེན་སོགས་སུ་རྫོགས་སྤྲུལ་ལྔ་པ། འབྲུག་ཆོས་དབྱིངས་རོལ་པའི་རྡོ་རྗེ། གཞི་ཆེན་བཻ་རོ་སོགས་ལས་ཟབ་ཆོས་དུ་མ་མནོས། རྒྱ་གར་པཎ་ཆེན་ནག་མོའི་ཁོལ་དང་། གནག་རྫི་གྲུབ་ཆེན་ནོར་བུ་གོ་ལེབ། ཇོ་བོ་གསེར་གླིང་པ། བོད་ཡུལ་དུ་ལ་སུམ་རྒྱལ་བ་བྱང་ཆུབ། གཏེར་སྟོན་མ་ཏི་རཏྣ་སོགས་ཀྱི་རྣམ་སྤྲུལ་ཡིན་ཚུལ་སྐྱེ་ཕྲེང་གསོལ་འདེབས་བཟང་པོ་ཀུན་འདུས་སུ། འཕགས་མཆོག་ཕྱག་ན་པདྨོའི་ཐུགས་རྗེ་ལས། །ལེགས་འཁྲུངས་གསེར་གྱི་ལག་དང་མཛེས་པའི་ཏོག །གནག་རྫི་གྲུབ་ཆེན་ནོར་བུ་གོ་ལེབ་དང་། །པཎ་ཆེན་ནག་མོའི་ཁོལ་ལ་གསོལ་འདེབས། །བོད་ཡུལ་མཁས་དབང་ཐུ་མི་ཨ་ནུའི་སྲས། །ལ་སུམ་རྒྱལ་བ་བྱང་ཆུབ་གྲུབ་པའི་རྗེ། །པུཎྱེ་ཤྲི་ཡེ་རིང་མི་ཡི་དབང་། །བློ་གསལ་བསྟན་སྐྱོང་རྣམས་ལ་གསོལ་བ་འདེབས། །ཀོང་མོ་ཚེ་ལྷ་གང་འབྲེལ་དོན་དང་ལྡན། །སྲིད་སྡེ་དགེ་བའི་ས་སྐྱོང་རྒྱལ་བསྟན་འཛིན། །བློ་གྲོས་རིན་ཆེན་ཟབ་ཆོས་གཏེར་ལ་དབང་། །དབོན་སྤྲུལ་ཀུན་བཟང་གཉིས་པར་གསོལ་འདེབས། །གང་དེའི་ཡང་སྲིད་རབ་བྱུང་གསར་རྙིང་གཉིས། །སྔགས་སྤྱོད་གཅིག་བཅས་གསུམ་གྱི་རྗེས་མ་ཉིད། །སྦས་ཚུལ་བསྟན་འགྲོར་ཕན་པའི་ལྷག་བསམ་ཅན། །འཇིགས་མེད་རྣམ་རྒྱལ་བཟང་པོར་གསོལ་བ་འདེབས། །ཅེས་དང་། སྐྱེ་ཕྲེང་གསོལ་འདེབས་དུས་གསུམ་གསལ་བྱེད་ལས། སྔོན་དུས་བསྐལ་བར་གསེར་གྱི་ལག་པའི་དབང་། །ཐུབ་པའི་སྤྱན་སྔར་རྒྱལ་སྲས་མཛེས་པའི་ཏོག །དབྱངས་ཅན་འཕགས་མས་རྗེས་བཟུང་ནག་མོའི་ཁོལ། །མཁས་ཤིང་གྲུབ་བརྙེས་ནོར་བུ་ཧཱུྃ་ཀཱ་ར། །བྲམ་ཟེའི་སློབ་དཔོན་སུ་ཝརྞ་དྭཱི་པ། །སྨྲི་ཏི་ཛྙ་ན་རྣམས་ལ་གསོལ་བ་འདེབས། །བྷོ་ཊར་པདྨས་རྗེས་བཟུང་ལ་སུམ་པ། །སྙེ་ཐང་ཡང་དབེན་མུས་ཆེན་རྣམ་རྒྱལ་བཟང་། །ཟབ་གཏེར་མངའ་བདག་རཏྣ་ཀརྨ་གླིང་། །དབུ་མའི་སྲོལ་འཛིན་དགའ་བའི་རྡོ་རྗེའི་མཚན། །བསམ་གཏན་ཆོས་གླིང་མཆོག་སྤྲུལ་ཀུན་བཟང་པ། །དེ་སྤྲུལ་གསར་རྙིང་བསྟན་འཛིན་གསུམ་ལ་འདུད། །འདི་འོག་ཟབ་གཏེར་མངའ་བདག་ལམ་སྟོན་གླིང་། །མ་འོངས་འདྲེན་མཆོག་ཡོན་ཏན་རྒྱ་མཚོ་ཞེས། །སླར་ཡང་འགྲོ་ཕན་བྱེད་པོ་མཐའ་ཡས་ཀྱིས། །མཁའ་ཁྱབ་འགྲོ་དོན་མཛད་ལ་གསོལ་བ་འདེབས། །ཅེས་སོགས་གསུངས། དགུང་ལོ་ཉི་ཤུའི་སྟེང་བསེ་དགོན་པའི་བསྟན་པའི་བདག་པོའི་འགན་བཞེས་ནས་ལོ་བརྒྱད་ཙམ་ལ་བཞུགས་པར་སྣང་། དགུང་གྲངས་ཉེར་བརྒྱད་ཡས་མས་སུ་བསེ་ཉིན་སྲིབ་ནང་ཁུལ་གྱི་རྙོག་འཛིང་སྣ་ཚོགས་དང་། ཀིརྟི་དགོན་པས་ཁོང་ཚང་གི་དགོན་དུ་བཞུགས་དགོས་པར་བཤད་པ་སོགས་ཀྱིས་གཡུ་ཁོག་ཏུ་བྱོལ་ཏེ་གྲུབ་པའི་དབང་ཕྱུག་འགྱུར་མེད་བློ་གྲོས་མཐའ་ཡས་ཐུན་མིན་གྱི་བླ་མར་བརྟེན་ནས་ཡང་གསང་རྫོགས་པ་ཆེན་པོའི་མན་ངག་གི་ཆོས་སྐོར་རྣམས་རྫོགས་པར་ནོད། གཟན་དཀར་རིན་པོ་ཆེ་པདྨ་དངོས་གྲུབ་རོལ་བའི་རྡོ་རྗེ་ལས་ཟབ་ཆོས་གསན། ཁོང་གིས་སྔ་ཕྱིར་དགེ་བའི་བཤེས་གཉེན་ལྔ་བཅུ་ལས་ཟབ་རྒྱས་ཀྱི་ཆོས་བཀའ་གསན་ཚུལ་ཞལ་གསུང་གསོལ་འདེབས་སུ། སྐྱེས་མ་ཐག་ཏུ་དམ་པའི་ཆོས་དང་མཇལ། །ཚད་མའི་སྐྱེས་ཆེན་ལྔ་བཅུའི་བྱིན་རླབས་ཐོབ། །ཞེས་གསུངས། རིག་འཛིན་ལུང་རིག་གླིང་པ། བསམ་གཏན་ཡེ་ཤེས་གླིང་པ། རིག་འཛིན་གསང་སྔགས་གླིང་པ་གསུམ་གྱི་ལུང་ཟིན་ཆོས་བདག་ཏུ་གྱུར། དངོས་ཉམས་རྨི་ལམ་ལྟ་བུའི་སྣང་ཆར་མཁའ་སྤྱོད་དཔལ་རི་སྤྲུལ་པའི་ཕོ་བྲང་དུ་གུ་རུ་རིན་པོ་ཆེ་པཎྚི་ཏའི་ཆ་བྱད་ཅན་གྱི་ཞལ་མཇལ་ཞིང་། དེས་དབང་བསྐུར། བྱིན་གྱིས་བརླབས། ཆོས་ཀྱི་བདག་པོར་མངའ་གསོལ་བས་དམ་ཆོས་སྐུ་གསུམ་དགོངས་འདུས་ཞེས་ཟབ་མོ་དག་སྣང་གི་སྐོར་དྲི་མེད་དབུ་མའི་ཡང་རྫོང་ནས་སྤྱན་དྲངས། བདེ་གཤེགས་འབུམ་རྫོང་དཔལ་རི་བདེ་ཆེན་རྫོང་། །ལྷུན་གྲུབ་རྫོང་དང་དབང་དྲག་རོལ་པའི་རྫོང་། །འཆི་མེད་གྲུབ་རྫོང་གསང་ཆེན་རྡོ་བྲག་རྫོང། །རྨོག་ཆེན་རྣམ་རྒྱལ་བྲག་རྫོང་བདུན་གྱིས་མཚོན། །ཞེས་གསུངས་པ་ལྟར་རྫོང་བདུན་གྱི་གནས་སྒོ་གསར་དུ་ཕྱེས། ངེས་ལེགས་བསམ་གཏན་གླིང་དང་། རྦ་ཟི། གནམ་མཚོ་དགོན། བཀོད་ལེགས་དགོན་སོགས་སུ་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་ལན་གྲངས་དུ་མར་བསྐོར། གཡུ་མཁར་དགོན་དང་བཀོད་ལེགས་དགོན། སྨོན་ལམ་དགོན་བཅས་སུ་འཚོགས་བཞུགས་མཛད། ཆོས་དབྱིངས་ཀུན་གསལ་བློ་གྲོས་རྒྱ་མཚོ། གྲོལ་ཞིག་ཞིང་སྐྱོང་མགོན་པོ། ཀུན་བཟང་གཞན་ཕན་ཉི་མ། གྲོལ་ཞིག་ལམ་སྟོན་གླིང་པ། སྔགས་བན་བདུད་འཇོམས་རོལ་པའི་རྡོ་རྗེ། གར་གྱི་དབང་པོ་འཇིགས་མེད་རྣམ་རྒྱལ་བཟང་པོ་སོགས་མཚན་གྱི་རྣམ་གྲངས་དུ་མ་མངའ། ཡུལ་མགོ་ལོག་ནས་ཕེབས་པའི་རྒྱུ་མཚན་གྱིས་གཡུ་ཁོག་པས་མགོ་ལོག་སྤྲུལ་སྐུ་ཞེས་འབོད། རང་རྣམ་ཚིགས་བཅད་ཉུང་བསྡུས་ཤིག་ཡོད་པ་འདིར་བཀོད་ན། རང་བསྟོད་ཀྱི་གཏམ་ཉུང་ངུར་བརྗོད་པ་ལེགས་ལམ་ཁོལ་ཕྱུང་བུང་བའི་རྩི་བཅུད་ཞེས་བྱ་བ་བཞུགས། ཨོཾ་སྭ་སྟི། མཚུངས་མེད་གྲུབ་དབང་རྣམ་སྣང་རྡོ་རྗེ་ལ། །བཏུད་ནས་རང་བསྟོད་ཉུང་ངུར་བརྗོད་ལ་སྤྲོ། །ཨ་ཏིའི་རྣལ་འབྱོར་གསུམ་གྱི་སྒྱུ་འཕྲུལ་གར། །སྔགས་རིགས་འཆང་བ་བདུད་འཇོམས་རོལ་རྡོར་ང་། །སྐྱེས་མ་ཐག་ཏུ་དམ་པའི་ཆོས་དང་འཕྲད། །ཞག་བདུན་ལོན་དུས་ཡང་སྲིད་བཟུང་ཚུལ་བཤད། །ལོ་གསུམ་དུས་སུ་དམ་པའི་ཆོས་ལ་དད། །ལོ་བཞིའི་དུས་ནས་བྱང་ཆུབ་སེམས་མཆོག་སྐྱེས། །ལོ་ལྔའི་དུས་སུ་ཀློག་བསླབ་མཁས་པར་གྲགས། །ལོ་དྲུག་ནས་བཟུང་གཅིག་པུར་ཀློག་འདོན་ནུས། །ལོ་བརྒྱད་དུས་སུ་པད་འབྱུང་དངོས་སུ་མཇལ། །ལོ་གྲངས་དགུ་པར་སྨིན་གྲོལ་བདུད་རྩི་ཐོབ། །བཅུ་པར་མཁའ་འགྲོས་ལུང་བསྟན་གསལ་པོར་གནང་། །བཅུ་གཅིག་ལོ་ནས་ཟབ་ཆོས་ཉམས་སུ་བླངས། །བཅུ་བཞི་ལོ་ལ་སེམས་ཉིད་རང་ངོ་འཕྲོད། །བཅོ་ལྔའི་དུས་སུ་བསྟན་ལ་རབ་ཏུ་བྱུང་། །ཉི་ཤུའི་ལོ་ལ་ཆོས་ཁྲི་མཐོན་པོར་བཀོད། །སྐྱེས་ནས་ད་བར་གསར་རྙིང་རིས་མེད་ཀྱི། །བླ་མ་དམ་པ་ཉི་ཤུ་རྩ་གྲངས་ལས། །མདོ་སྔགས་ཟབ་དགུའི་ཆོས་ཀྱི་བདུད་རྩི་ཐོབ། །གཤིན་རྗེ་གཤེད་པོས་ཞལ་གཟིགས་བྱིན་རླབས་ཐོབ། །མ་གཤིན་ཐེའུ་རིང་རྒྱལ་བསེན་སྲོག་སྙིང་ཕུལ། །གུར་མགོན་དྲག་ཤད་ལྷ་མོ་གནོད་སྦྱིན་བཟང་། །སོ་སོས་བཀའ་བཞིན་སྒྲུབ་པའི་དམ་ཡང་བཅས། །ད་ལྟ་ལོ་གྲངས་ཉེར་དྲུག་ལོན་པ་སྟེ། །ཉེར་བརྒྱད་ལོན་དུས་ལས་ཀྱིས་ལྷོ་རུ་བགྲོད། །གཡས་འཁྱིལ་ཉལ་འགྲོ་ཟུང་གིས་ཉེ་བའི་ཆར། །ཕྱེད་བཅས་ལོ་དྲུག་བར་དུ་དམན་སྤྱོད་སྐྱོང་། །སོ་གསུམ་ནས་བཟུང་སླར་ཡང་མི་ངོ་འཕྲོད། །སོ་བདུན་དུས་སུ་ཚེ་གེགས་སེལ་བ་ན། །བཞི་བཅུའི་ལོ་ལ་ཡོ་བྱད་སྟ་གོན་བྱེད། །ཞེ་གཅིག་ནས་བཟུང་ཕྱོགས་གཉིས་གང་རུང་ལ། །རྒྱལ་བའི་ཐུགས་རྟེན་མཐོང་ཚད་རང་གྲོལ་བཞེངས། །དེ་སོགས་ཡ་མཚན་ཆེ་བའི་རྟེན་མང་པོ། །ལོ་གྲངས་ཞེ་དགུའི་བར་དུ་བསྒྲུབ་པའི་མཐར། །ལྔ་བཅུའི་ལོ་ནས་སྒྲུབ་པའི་གྲོགས་དང་བཅས། །འདག་སྦྱར་སྒྲུབ་ལ་བརྩོན་པའི་དམ་བཅའ་མཛད། །རེ་གཅིག་དོན་གསུམ་དག་གི་ཚེ་འཕྲང་ལས། །ཐར་ན་བརྒྱད་ཅུའི་བར་དུ་ངེས་པར་འཚོ། །དེ་ནས་ཞིང་མཆོག་ལྔ་རུ་ལན་གཅིག་འགྲོ། །སླར་ཡང་བྱང་ནས་དགེ་ལུགས་བསྟན་པ་འཛིན། །དེ་རྗེས་མངའ་རིས་ཕྱོགས་ནས་རྙིང་བསྟན་འཛིན། །དེ་མཐར་ཚེ་རབས་གཉིས་ཙམ་ཁམས་སུ་འོང་། །དེ་རྗེས་བོད་དུ་བརྟུལ་ཞུགས་སྤྱོད་པ་སྐྱོང་། །དེ་དང་བཀོད་ཆེན་གནས་སྒོ་ཕྱེ་བ་མཉམ། །དེ་སོགས་སྤྲུལ་པའི་བྱེ་བྲག་བསམ་མི་ཁྱབ། །ཚུལ་འདི་ཡོན་ཏན་ལེགས་པའི་ངོས་ནས་སྨྲས། །སྐྱོན་རྣམས་དཀར་ནག་གསལ་བཞིན་འདིར་མ་བཀོད། །འདི་ཉིད་སྨྲས་པའི་དགེ་བས་འགྲོ་རྣམས་ཀུན། །རིང་མིན་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་རང་བསྟོད་ཀྱི་ཚིག་ཉུང་ངུར་བསྡུས་པ་ལེགས་ལམ་ཁོལ་ཕྱུང་བུང་བའི་རྩི་བཅུད་ཅེས་བྱ་བ་འདི་ཡང་སྔགས་ནག་བདུད་འཇོམས་རོལ་པའི་རྡོ་རྗེས་ཤར་མར་བྲིས་པ་མངྒ་ལཾ། །ཞེས་གསུངས། དགུང་གྲངས་གྱ་གཉིས་བཞེས་པ་ཆུ་སྦྲུལ་ལོར་སྐུ་ཚེའི་སྨད་ཀྱི་བཞུགས་གནས་སྐུ་གསུམ་དབེན་གནས་སམ། ཡོངས་གྲགས་སྐུ་དབེན་དུ་གྲགས་པར་སྐུ་གཤེགས། འདའ་ཁར་ཉེ་འཁོར་རྣམས་ལ་ང་ཤི་རྗེས་རོ་དེ་ཡ་ཀིའི་སྤང་ངོས་སུ་བསྲེག་དགོས་ཞེས་ས་རྟགས་མཛད། དེ་སྐབས་དགུན་གྲང་བའི་སྒང་ཡིན་ཀྱང་ས་མིག་དེར་མེ་ཏོག་དཀར་པོ་ཞིག་སྐྱེས་ཡོད་པར་བཤད། གསུང་ཆོས་ཀྱི་སྐོར་ལ། རྩིས་ཀྱི་མན་ངག་བློ་དམན་ཉེར་འཚོ་སོགས་ཐུན་མོང་རིག་གནས་ཀྱི་སྐོར། མྱུར་ལམ་དམར་ཁྲིད་ཆེན་མོ་སོགས་ཐུན་མིན་ཉམས་ལེན་གྱི་སྐོར། དམ་ཆོས་སྐུ་གསུམ་ཡོངས་འདུས་སོགས་ཟབ་མོ་དག་སྣང་གི་སྐོར། འོད་ཟེར་ཅན་མའི་དགྲ་མནན་ལྕགས་ཀྱི་མཆོད་རྟེན་ནག་པོ་སོགས་གླིང་པ་རྣམ་གསུམ་གྱི་གཏེར་ཆོས་ཁ་སྐོང་གི་སྐོར། སྲི་མནན་བདེ་ཆེན་རྡོ་རྗེའི་རི་དབང་སོགས་ཉེར་མཁོ་ཆོག་བསྒྲིག་གི་སྐོར། གནས་བསྟོད་འབྲེལ་ཚད་མྱུར་གྲོལ་སོགས་གནས་ཡིག་གི་སྐོར། བྲོ་གླུ་བདུད་རྩིའི་མཆོད་པ་སོགས་མགུར་གླུའི་སྐོར། སྤྱི་བསང་འདོད་པ་ཀུན་འབྱུང་སོགས་ཡུལ་ལྷ་བསང་མཆོད་ཀྱི་སྐོར་སོགས་གླེགས་བམ་དུ་མ་ཞིག་ཡོད་པར་བཤད་ཀྱང་། དུས་འགྱུར་གྱི་ཁྲོད་གཏོར་བརླགས་སུ་སོང་བ་ལས་དེང་སྐབས་ཁོ་བོས་འཚོལ་བསྡུ་བྱས་པ་སྐུ་གསུམ་གྱི་གྲངས་ལྡན་གླེགས་བམ་གསུམ་བཞུགས། ཞལ་སློབ་ནི། ངེས་ལེགས་སྤྲུལ་སྐུ་བསྟན་འཛིན་ཆོས་ལྡན་དང་། འགྱུར་མེད་དཀོན་མཆོག་རྣམ་པ་གཉིས། གནམ་མཚོ་སྤྲུལ་སྐུ་འགྱུར་མེད་གཞན་ཕན། རྒྱལ་རོང་ཆུ་འཕུར་མ། སོག་པོ་མཁན་ཆེན་སྐལ་བཟང་དར་རྒྱས། སྐྱིད་པ་བླ་མ་མཁྱེན་རབ་རྒྱ་མཚོ། རིགས་སྲས་ཀློང་ཆེན་ཡོན་ཏན་རྒྱ་མཚོ། བཀོད་ལེགས་དབོན་པོ་པདྨ་སྐལ་བཟང་། གོས་དཀར་འཆང་བ་རྡོ་རྗེ་དཔལ་འཛིན། མཁར་ལོག་བླ་མ་པདྨ་དངོས་གྲུབ་སོགས་སྐྱེས་ཆེན་དུ་མ་བྱོན་པར་འདུག་གོ །

བཞུགས་བྱང་དཀར་ཆག་དངོས།

གཉིས་པ་གཏེར་ཆོས་གླེགས་བམ་རྣམས་ཀྱི་བཞུགས་བྱང་དཀར་ཆག་དངོས་འགོད་པ་ལ། ཐོགམར་གླེགས་བམ་༼ཨོཾ།༽རྟགས་ཅན་ལ། དག་སྣང་སྐུ་གསུམ་དགོངས་མཛོད་ཀྱི་སྐོར་སྟེ། བརྒྱུད་རིམ་གསོལ་འདེབས་སྐུ་གསུམ་ལམ་བཟང་། སྦྱོར་བའི་ཆོས་རྣམས་མདོར་བསྡུས་སུ་བྱ་བ། སྔོན་གཏོར་དང་བགེགས་གཏོར་བྱིན་རླབས། གུ་རུའི་ཐུགས་སྒྲུབ་སྐུ་གསུམ་ཡོངས་འདུས། ཐུགས་སྒྲུབ་བྱིན་འབེབ་ཆེན་མོ། འཁོར་གྱི་ཛཔ྄་དམིགས། ཚེ་འགུགས་མཚམས་སྦྱོར། ཚེ་འགུགས་བྱིན་རླབས་སྤྲིན་ཕུང་། ཐུགས་སྒྲུབ་ཀྱི་ཆ་ལག་ཚེ་འགུགས་བསྡུས་པ། གསང་ཐིག་སྙིང་པོའི་ཡང་བཅུད་ཀྱི་བླ་ཚེ་འགུགས་པའི་གབ་ཐིག བཤགས་ཆུང་ཉེས་ལྟུང་དབྱིངས་གྲོལ། ཚོགས་མཆོད་སྐུ་གསུམ་དགྱེས་པའི་དགའ་སྟོན། ཚོགས་གླུ། དྲང་སྲོང་མཆོད་ཐབས་ཕྲིན་ལས་ཐོགས་མེད། རྗེས་ཀྱི་ལས་རིམ། བསྐང་བཤགས་སྐུ་གསུམ་དགྱེས་པའི་རོལ་མོ། ཚེ་དབང་འཁོར་འདས་བཅུད་དྲིལ་མཚམས་སྦྱོར་དང་བཅས་པ། མཐའ་རྟེན་ནོར་བུའི་དོ་ཤལ། མཐའ་རྟེན་བསྡུས་པ། དམ་སྲི་རྒབ་འདྲེ་མནན་པའི་ལས་ཚོགས་རྒྱ་གྲམ་འབར་བ། གཡང་སྒྲུབ་དཔལ་ཡོན་འབུམ་བརྡལ། གཡང་སྒྲུབ་ཀྱི་དམིགས་བཟླས། གཡང་འགུགས་ཀྱི་དམིགས་རིམ། སྲིད་ཞིའི་དཔལ་འབྱོར་མ་ལུས་པ་ལྕགས་ཕྱེ་བཞིན་དུ་སྡུད་པའི་ཐབས་ཟབ་མོས་དད་གསོལ་སྨོན་ལམ་འདུས་པའི་ཁབ་ལེན་རི་བོ། བླ་མ་ནོར་ལྷའི་གཡང་འགུགས་སྲིད་ཞིའི་དཔལ་འབྱོར་དབང་སྡུད། གཡང་འགུགས་བསྡུས་པ་ཕྱྭ་གཡང་ཀུན་སྡུད། ཕྱྭ་གཡང་འགུགས་པའི་ཕྲིན་ལས་འདོད་འབྱུང་དཔལ་གྱི་བུམ་བཟང་། འཇའ་ཚོན་གཡང་འགུགས། ནོར་སྒྲུབ་སྤྱི་ལ་མཁོ་བའི་སྐོར་ལྷ་མོ་བརྒྱད་གཡང་ལས་ཕྱུངས་བ། རྟེན་བཞུགས་ལྡེབ་ཤར། དངོས་གྲུབ་ལེན་པ་ལྡེབ་ཤར། རྒྱུན་ཁྱེར་ཡང་སྙིང་འདུས་པ། འཆི་བསླུ་བདུད་བཞི་དབྱིངས་གྲོལ་ལ་ཉེ་བར་མཁོ་བའི་ཁ་བསྐང་། འཆི་བསླུ་བདུད་བཞི་དབྱིངས་གྲོལ། ཛམ་བྷ་ལ་ནག་པོའི་སྲོག་གི་གཟུངས་ཡིད་བཞིན་ནོར་བུ། མཚམས་ཐོ། སྔོན་འགྲོའི་ངག་འདོན་སྐུ་གསུམ་སྒོ་འབྱེད། མྱུར་ལམ་དགོངས་མཛོད་སྙིང་པོའི་དམར་ཁྲིད་སྐུ་གསུམ་དགོངས་མཛོད་རབ་ཏུ་སྣང་བའི་ཉི་མ་གཞོན་ནུ་བཅས་ཆོས་ཚན་བཞི་བཅུ་ཐམ་པ་བཞུགས། གླེགས་བམ་༼ཨཱཿ༽པ་ལ། གཙོ་བོ་རིག་འཛིན་ལུང་རིག་གླིང་པའི་གཏེར་ཆོས་ཁ་སྐོང་གི་སྐོར་སྟེ། རྡོ་རྗེ་གྲོ་ལོད་ཀྱི་ལས་བྱང་ཁྲིགས་བསྡེབས་གནམ་ལྕགས་ཐོག་གི་ཚྭ་ཚྭ། རྡོ་རྗེ་གྲོ་ལོད་ཀྱི་བསྐང་བསྡུས་འདོད་འབྱུང་ནོར་བུ། ཚོགས་ཞུ་ལན་ལྡེབ་ཤར། བསྙེན་གནས་ཐར་བའི་ཐེམ་སྐས་ཀྱི་ཁ་བསྐང་དུ་ཕྱག་འཚལ་བའི་རིམ་པ། རྟ་མགྲིན་གྱི་མཚམས་ལྷ་བསྐྱེད། རྟ་མགྲིན་མདུན་བསྐྱེད། རྟ་མགྲིན་གྱི་དབང་བཤད་སྐལ་བཟང་ཐར་ལམ་འདྲེན་པའི་ཐེམ་སྐས། གསང་བདག་གཏུམ་པོའི་ཐུགས་སྒྲུབ་སྙིང་པོའི་བསྐང་བ། གསང་བདག་རྡོ་རྗེ་གཏུམ་པོའི་སྒྲོལ་བ་དྲག་པོའི་ལས་རིམ་ཁྲིགས་སུ་བསྡེབས་པ་ཁྲོ་རྒྱལ་སྟོབས་འདུས། ཕུར་བའི་ལུས་དཀྱིལ་རྒྱུན་ཁྱེར་གྱི་རྗེས་ཆོག ཕུར་པ་དམ་སྲི་ཚར་གཅོད་ཀྱི་གཏེར་གཞུང་སྐབས་སུ་ཁ་སྐོང་ཟོར་གྱི་ལས་རིམ། སྲི་ཅན་གདུག་པའི་ཚོགས་རྣམས་སྐྱེ་མེད་དབྱིངས་ཀྱི་བྲུབ་ཁུང་དུ་གནོན་པའི་ཐབས་ཟབ་མོ་བདེ་ཆེན་རྡོ་རྗེའི་རི་དབང་། དབྱངས་ཅན་མའི་ལོ་རྒྱུས། འོད་ཟེར་ཅན་མའི་ཚེ་སྒྲུབ་བདུད་རྩིའི་ཡང་བཅུད། དཔའ་མོ་འོད་ཟེར་ཅན་མའི་དྲག་པོའི་ལས་མཐའ་དགྲ་མནན་ལྕགས་ཀྱི་མཆོད་རྟེན་ནག་པོ། འོད་ཟེར་ཅན་མའི་དགྲ་མནན་ལ་ཉེ་བར་མཁོ་བའི་ཟུར་ཡིག་ལིང་ཀ་བྲི་ཐབས། འོད་ཟེར་ཅན་མའི་དགྲ་མནན་གྱི་ཟུར་རྒྱན་གནམ་ལྕགས་རྡོ་རྗེའི་དྲྭ་བ། དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་གི་དགྲ་མནན་སྔགས་ཁོལ་དུ་ཕྱུང་བ། འོད་ཟེར་ཅན་མའི་དགྲ་མནན་འདོན་འགྲིགས། ལྷ་མོ་རིག་བྱེད་མའི་ལོ་རྒྱུས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྗེས་གནང་ལག་ལེན་བྱིན་རླབས་ཆར་རྒྱུན། དུད་སོལ་ལྷ་མོའི་བརྒྱུད་འདེབས་སྐྱབས་སེམས་བདག་བསྐྱེད་ཀྱི་རིམ་པ་རྡོ་རྗེའི་ཕ་ལམ། རྒྱལ་རོང་གཏེར་བྱོན་སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་དབང་གི་མཚམས་སྦྱོར་འཆི་མེད་ལམ་བཟང་བགྲོད་པའི་ཤིང་རྟ་བཟང་པོ། ཟབ་ལམ་འཕོ་བའི་ལས་རིམ་ཁྲིགས་སུ་བསྡེབ་པ་འཕྲད་ཚད་མྱུར་གྲོལ། ཤམ་བྷ་ལའི་ཆོས་རྒྱལ་རིགས་ལྡན་བརྒྱུད་པར་བཅས་ལ་གསོལ་བ་འདེབས་པའི་འཕོ་བ། ཕྱག་རྒྱ་ཆེན་པོའི་འཕོ་བ། ཡུལ་དམ་པ་རྣམས་ལ་གསོལ་འདེབས་འཕོ་བ། བླ་མ་སངས་རྒྱས་དབྱེར་མེད་ལ་གསོལ་འདེབས་ཀྱི་འཕོ་བ། སྐྱེས་བུ་དམ་པ་ལ་གསལ་འདེབས་ཚུལ། ཟབ་ལམ་འཕོ་བའི་མན་ངག་ཉུང་ངུར་བསྡུས་པ་འབྲེལ་ཚད་མྱུར་གྲོལ། ཟབ་ལམ་འཕོ་བའི་ཉམས་ལེན་སྙིང་པོ་བཅུད་དྲིལ། དམ་ཆོས་ཡང་ཟབ་པདྨའི་ཐུག་ཐིག་གི་ཆ་ལག་སྡིག་ཅན་གཤིན་པོའི་འཕོ་ལུང་། གཤིན་པོ་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱུ་ལས་ངོ་སྤྲོད་ཉུང་ངུ་ཐར་ལམ་གསལ་བྱེད། ཞི་ཁྲོའི་དབང་གི་མཚམས་སྦྱོར་མདོར་བསྡུས་བཅས་ཆོས་ཚན་སུམ་ཅུ་སོ་གཉིས་བཞུགས།གླེགས་བམ་༼ཧཱུྃ།༽པ་ལ། ཉེར་མཁོ་སྣ་ཚོགས་ཀྱི་སྐོར་སྟེ། སྐྱེ་ཕྲེང་གསོལ་འདེབས་བཟང་པོ་ཀུན་འདུས། སྐྱེ་ཕྲེང་གསོལ་འདེབས་དུས་གསུམ་གསལ་བྱེད། སྐྱེ་ཕྲེང་གསོལ་འདེབས་བསྡུས་པ། རང་བསྟོད་ཀྱི་གཏམ་ཉུང་ངུར་བརྗོད་པ་ལེགས་ལམ་ཁོལ་ཕྱུང་བུང་བའི་རྩི་བཅུད།དཔལ་མཆོག་གི་དང་པོའི་སངས་རྒྱས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་བློ་དམན་ཉེར་འཚོ། དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ། དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉུང་ངུ་རྣམ་གསལ་གྱི་རེའུ་མིག་ཉེར་མཁོ་འདུས་གསལ་ཚངས་བ། གཟའ་ལྔའི་དལ་མྱུར་རེའུ་མིག གླང་རྩིས་ཐོར་བུ། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ཉུང་ངུར་བསྡུས་པ་ངོ་མཚར་སྤྲིན་གྱི་རོལ་མོ། སྔ་འགྱུར་བ་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་ཚུལ། ཕྱི་ནང་གི་ཁྱད་པར་ལྔ། ཆེན་པོ་བདུན་གྱིས་ཐེག་ཆེན་འཕགས་ཚུལ། ཇོ་བོ་རྣམ་གསུམ་བཞེངས་ཚུལ། ཇོ་བོ་མི་བསྐྱོད་རྡོ་རྗེའི་ལོ་རྒྱུས་བསྡུས་པ། ཐུན་མཚམས་ཀྱི་སྤྱོད་ལམ། རྫ་བྲག་མདོའི་གནས་བསྟོད་འབྲེལ་ཚད་མྱུར་གྲོལ། གནས་མཆོག་རྡོ་རྗེའི་བྲག་རྫོངས་ལ་ཆ་ཙམ་བསྔགས་པ་ཐར་ལམ་མྱུར་བགྲོད། སྦས་གནས་གསོལ་འདེབས་བསྡུས་པ། གནས་མཆོག་སྒོ་འབྱེད་ཀྱི་སྨོན་ཚིག་རེ་འདོད་མྱུར་སྐོང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཆོད་རྟེན་གྱི་ཐིག་གདབ་ཚུལ་ཅུང་ཟད་བརྗོད་པ་འབྲེལ་ཚད་མྱུར་གྲོལ། སྤྲིངས་ཡིག་བདེན་པའི་རང་སྒྲ། བུད་མེད་ཀྱི་ཉེས་སྐྱོན་བརྗོད་པའི་གཏམ་འདུལ་འཛིན་དགྱེས་བྱེད། སྐལ་ལྡན་ཆོས་དབྱིངས་བཟང་མོ་ལ་གདམས་པ། འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ། བསྐལ་བཟང་སངས་རྒྱས་སྟོང་རྩའི་མཚན་བརྗོད་ངན་སོང་འཇིགས་སྒྲོལ། དཔལ་ལྡན་བླ་མ་འཇམ་པའི་དབྱངས་ཀྱི་རྣལ་འབྱོར་དགོས་འདོད་ཀུན་འབྱུང་དབང་གི་རྒྱལ་པོ། མི་འཁྲུགས་པའི་བསྒོམ་བཟླས་ཐར་ལམ་ཤིང་རྟ། ཐམས་ཅད་རིག་པའི་བསྒོམ་བཟླས་ཐར་ལམ་སྣང་བྱེད། དྲི་མེད་བཤགས་རྒྱུད་བཀླག་ཐབས། གྲུབ་ཆེན་བརྒྱད་ཅུ་རྩ་ལྔའི་གསོལ་འདེབས་ཐུགས་རྗེ་རྒྱུད་བསྐུལ། སྒྲོལ་མ་བསྡུས་པ། པདྨ་འབྱུང་གནས་དང་རྩ་བའི་བླ་མ་གཉིས་སུ་མེད་པ་ལ་གསོལ་འདེབས། གསོལ་འདེབས་ཉུང་ངུ། ཚོགས་མཆོད་བསྡུས་པ། དམར་ཕྱོགས་ཉེར་ལྔའི་གསོལ་འདེབས་མཁའ་འགྲོའི་རྒྱུད་བསྐུལ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ། སྐུ་གསུམ་རིག་པའི་གསོལ་འདེབས་འཁྲུལ་རྟོག་རང་གྲོལ། བླ་མ་རྒྱང་འབོད་བསྡུས་པ། གླིང་པ་རྣམ་གསུམ་གྱི་གསོལ་འདེབས། རྒྱུན་ཁྱེར་ཕུང་པོའི་མཆོད་སྦྱིན་འདོད་འཇོའི་འཁྲི་ཤིང་། རྩ་བའི་བླ་མ་འགྱུར་མེད་བློ་གྲོས་མཐའ་ཡས་ཀྱི་ཡང་སྲིད་མྱུར་འབྱོན་གསོལ་འདེབས་བརྩེ་ཆེན་ཐུགས་རྗེའི་བསྐུལ་མ། དཔལ་ལྡན་བླ་མ་དམ་པའི་གསོལ་འདེབས་མཆོག་ཐུན་དངོས་གྲུབ་མྱུར་དུ་འགུགས་པའི་ལྕགས་ཀྱུ། བྲོ་གླུ་བདུད་རྩིའི་མཆོད་པ། ཆང་མཆོད། གཟན་དཀར་རིན་པོ་ཆེའི་ཞབས་བརྟན་སྨོན་བྲོ་མི་ཤིགས་ན་དཱའི་སྒྲ་དབྱངས། ཐོག་མའི་ཀློག་སློབ་པ་རྣམས་ཀྱི་ཆེད་དུ་མཛད་པའི་གསོལ་འདེབས། ཆང་བུ་རྒྱུན་བསྔོ་བགེགས་ཚོགས་མྱུར་གྲོལ། ཆབ་གཏོར་འདོད་དགུའི་ཆར་འབེབས། བདེན་བརྗོད་སྤྱི་འགྲོས་གདོན་བགེགས་མཐར་བྱེད། ཡིག་དྲུག་བསྐུལ་མ་མེས་དབོན་དགྱེས་གླུ། བདེ་ཆེན་ཞིང་གི་སྨོན་ལམ་བསྡུས་པ། ནོར་བདག་གཏོར་འབུལ་དངོས་གྲུབ་འདོད་སྟེར། རྣམ་སྲས་ཀྱི་བསྐང་བསྡུས། རྒྱལ་ཆེན་རྣམ་སྲས་ཀྱི་གཏོར་འབུལ་ཀྱི་གཏོར་འབུལ་རྒྱུན་ཁྱེར། དྲང་སྲོང་གསོལ་མཆོད་ཕྲིན་ལས་མྱུར་མཛད། དཔལ་མགོན་ཕྱག་བཞི་པའི་གཏོར་འབུལ། འཛམ་གླིང་སྐྱེས་བུའི་རྒྱུན་གཏོར་འདོད་དགུ་མྱུར་སྩོལ། གེ་སར་སྐྱེས་བུའི་གཡང་འགུགས་དགོས་འདོད་ཀུན་འབྱུང་། ལྷ་ཆེན་གསོལ་མཆོད་འགྲོ་བ་དབང་བསྡུད། དགོངས་འདུས་བཀའ་བསྲུང་གསོལ་བསྡུས། བསང་གི་ཁ་སྨོན་དགེ་ལེགས་ཀུན་འབྱུང་། བསང་གི་ཁ་སྨོན་གནའ་བོའི་ལུགས་བཟང་། ཕུར་སྲུང་བསང་བསྡུས། རྡོ་རྗེ་སྡེར་མོའི་བསང་བསྡུས་དགྲ་འཇོམས་འཕྲུལ་རྒྱོགས། རྡོ་རྗེ་སྡེར་མོའི་བསང་བསྡུས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་བསང་བསྡུས་དབང་པོའི་རྒྱལ་རྔ། འཛམ་གླིང་སྤྱི་ཡི་བསང་བསྡུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་། དུད་སོལ་མའི་བསང་བསྡུས། སྡེ་དཔོན་སུམ་ཅུའི་བསང་བསྡུས། ལྷ་བཙན་བསང་བསྡུས། ཐང་ལྷའི་བསང་བསྡུས། རྟ་ལྷའི་བསང་བསྡུས། གུ་དྲག་བཀའ་སྲུང་བསང་བསྡུས། འདོད་གསོལ། གངས་དཀར་ཏི་སེའི་བསང་བསྡུས་འདོད་འབྱུང་དབང་རྒྱལ། ཟོ་དོར་སྤྱི་བསང་འདོད་པ་ཀུན་འབྱུང་། ཆུ་དབར་གྱི་ཡུལ་ལྷ་སྤྱི་ཡི་བསང་བསྡུས་འདོད་པ་ཀུན་འབྱུང་། ཡུལ་ལྷའི་བསང་བསྡུས་དགོས་འདོད་ཀུན་འབྱུང་། ལྷ་ལུང་བྲག་མདོའི་ཕྱོགས་ཀྱི་ཡུལ་ལྷ་སྤྱིའི་བསང་བསྡུས་དགོས་འདོད་ཀུན་འབྱུང་། ས་དམར་དགོན་ཤར་གྱི་གནས་བདག་མཆོད་ཐབས་བསྡུས་པ་འདོད་དོན་མྱུར་འགྲུབ། གནས་སྲུང་བཙན་རྒོད་ཀྱི་གཏོར་འབུལ་རྒྱུན་ཁྱེར། ཡུལ་ལྷའི་བསང་བསྡུས་བསམ་དོན་མྱུར་སྩོལ། རྫ་བྲག་སྟོད་སྨད་ཀྱི་གཞི་བདག་བསང་བསྡུས། གཡུ་སྟོད་སྨད་ཀྱི་བསང་བསྡུས། བོལ་གོང་ལྡོང་རིའི་གནས་བསང་བསམ་འཕེལ་ནོར་བུ། དགའ་མ་གདོང་གི་གནས་བདག་ལྷ་སྨན་ཆེན་མོའི་བསང་མཆོད་ལྷ་མིའི་འདོད་འབྱུང་། གནས་གཞིའི་བདག་པོའི་བསང་བསྡུས་སྨོན་པ་མྱུར་འགྲུབ། གཡི་ཉིན་ནུའི་ཡུལ་ལྷའི་བསང་བསྡུས་བསམ་དོན་མྱུར་འགྲུབ། ཡུལ་ལྷ་ར་མ་གྱོ་བཙན་གྱི་བསང་བསྡུས་དགོས་འབྱུང་ནོར་བུ། གངས་སེང་བསང་བསྡུས། དཔའ་བོ་སྟག་འཕྲུའི་བསང་བསྡུས། དགྲ་བླའི་བསང་བསྡུས། ནོར་བུ་ལྷ་རྩེའི་བསང་བསྡུས། གཉན་པོ་གཡུ་རྩེའི་བསང་བསྡུས། མཚོ་སྨན་རྒྱལ་མོའི་བསང་བསྡུས། འཁྱིལ་ཆེན་གཞི་བདག་རྣམས་ཀྱི་བསང་བསྡུས། ཆུ་དབར་མཚོ་ལུང་གཡུང་དྲུང་དུང་རྩེའི་བསང་མཆོད་འདོད་དོན་མྱུར་འགྲུབ། ཡུལ་ལྷ་གཡུང་དྲུང་ལྷ་རྩེའི་བསང་མཆོད་བཀྲ་ཤིས་ཆར་འབེབས།ཡིག་དྲུག་གནས་ཀྱི་སྲུང་མ་ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་གི་བསང་མཆོད་ཡིད་བཞིན་ཆར་འབེབས། གཡི་སྨད་གནས་བདག་གི་བསང་མཆོད་ཕྲིན་ལས་ཀུན་འབྱུང་། ཡུལ་སྐྱོང་དངུལ་རྫིའི་རྒྱུན་བསང་འདོད་རྒུ་མྱུར་འགྲུབ། གཡི་རོང་ཡུལ་ལྷ་མངའ་རིའི་ཙན་དན་སྡོང་པོའི་བསང་མཆོད་འདོད་དོན་ཀུན་འབྱུང་། སྐུ་བླ་སྲིད་རྒྱལ་གྱི་བསང་མཆོད། རི་ཕྱུགས་མགོན་གྱི་བསང་མཆོད་དགོས་འདོད་རེ་སྐོང་། གནས་མཆོག་འཆི་མེད་དཔལ་གྱི་སེང་གེ་ཀེའུ་ཚང་གི་གནས་བདག་བསང་མཆོད་འདོད་དོན་ལྷུན་གྲུབ། ཡུལ་སྐྱོང་རྡོ་རྗེ་རབ་བརྟན་གྱི་བསང་བསྡུས་འདོད་དགུའི་འཁྲི་ཤིང་། ཡུལ་ལྷའི་འགྲས་བསྡུམ་ལྷ་མིའི་མཐུན་སྦྱོར། མཆོད་རྟེན་ཡུལ་ལྷའི་བསང་བསྡུས་འདོད་དོན་ལྷུན་གྲུབ། ཤོག་བཞི་ཡུལ་ལྷའི་བསང་བསྡུས་འདོད་འབྱུང་ནོར་བུ། ལྷ་སྲས་རྨུ་རྡོའི་བསང་བསྡུས། ཚེ་རབས་རྗེས་འཛིན་གསོལ་འདེབས་འབད་མེད་མྱུར་གྲོལ་བཅས་ཆོས་ཚན་བརྒྱ་དང་དགུ་བཞུགས་སོ།།

པར་དུ་བསྐྲུན་པའི་ཕན་ཡོན་བརྗོད་པས་མཇུག་བསྡུ་བ།

གསུམ་པ་པར་དུ་བསྐྲུན་པའི་ཕན་ཡོན་བརྗོད་པས་མཇུག་བསྡུ་བ་ནི། ཀརྨ་པ་མཁའ་ཁྱབ་རྡོ་རྗེས། སྙིགས་མའི་ཡང་མཐའ་འདིར་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་རྒྱལ་བ་དགྱེས་པའི་མཆོད་པ་མཆོག་དང་། འགྲོ་ཁམས་ཡོངས་ལ་སྨན་པའི་རྩ་བ་དེ་ལས་ཆེ་ཞིང་ཁྱད་པར་འཕགས་པ་གཞན་མ་དམིགས་ཤིང་། དེ་ཡང་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ནི་འཆད་ཉན་སྒོམ་སྒྲུབ་ཀྱི་སྒོ་ནས་འཛིན་པ་ཡིན་མོད་ཀྱང་། འདིར་འདུས་བྱས་ཀྱི་དགེ་བའི་རྩ་བ་གསུང་རབ་རིན་པོ་ཆེ་གཅིག་ལས་དུ་མར་འཇོ་བའི་སྤར་དུ་བཞེངས་པ་འདི་ནི་དགོས་པ་མཆོག་དང་ལྡན་ཏེ། རང་རེ་རྣམས་ཀྱི་གཉེར་བྱའི་མཐར་ཐུག་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། དེ་ཉིད་སྒྲུབ་པའི་ཐབས་ནི་ལུང་དང་རྟོགས་པའི་རང་བཞིན་ཅན་གྱི་དམ་པའི་ཆོས་སྒྲུབ་པ་ཁོ་ན་ལ་རགས་ལས་ཤིང་། དེའང་ཡི་གེའི་ཕྱི་མོ་ཉིད་ལ་གནས་པ་དང་། གསུང་རབ་ལ་ཐོས་བསམ་བགྱི་བ་དང་། ཡི་གེར་འབྲི་བ། གླེགས་བམ་སྦྱིན་པ་སོགས་ཀྱང་དམ་པའི་ཆོས་ཡོངས་སུ་བཟུང་བར་འགྱུར་ཞིང་། གསུང་རྡོ་རྗེ་གཟུགས་བརྙན་དུ་འཕོས་པའི་ཡི་གེའི་འབྲུ་རེ་རེའང་བདེ་བར་གཤེགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཇི་སྙེད་པ་རྣམས་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་ཡིན་པས། དེ་ཉིད་བསྐྲུན་པ་ནི་གཟུགས་སྐུ་བཞེངས་པའི་མཆོག་ཏུ་འགྱུར་བ་དང་། གླེགས་བམ་ཡི་གེར་འབྲི་བ་ལས་ཀྱང་སྤར་དུ་བཞེངས་པ་ནི་སྒོ་དུ་མ་ནས་ཁྱད་དུ་འཕགས་པ་དངོས་སྟོབས་ཀྱི་རིག་པས་འགྲུབ་ལ། ཞེས་གསུངས་པ་ལྟར། རྒྱལ་དབང་ཨོ་རྒྱན་ཆེན་པོས་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ཀྱི་དགོངས་པའི་ཡང་ཞུན་བཅུད་དུ་དྲིལ་ནས་རྗེ་འབངས་སྙིང་གི་བུ་མཆོག་རྣམས་ལ་སྨོན་ལམ་གྱི་གཏད་རྒྱ་དང་བཅས་ཏེ་སྙིགས་མའི་རྒུད་པ་འཇོམས་པའི་ཕྱིར་གཏེར་དུ་སྦས་པའི་ཟབ་ཆོས་བླ་ན་མེད་པ་རྣམས་རྟེན་འབྲེལ་དུས་སུ་སྨིན་པའི་ཚེ་ངོ་མཚར་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་གཏེར་ནས་སྤྱན་དྲངས་པའི་དུས་བབས་ཀྱི་ཟབ་ཆོས། རྒྱུད་ལུང་མན་ངག་གི་བཅུད་ཕུར། བསྐྱེད་རྫོགས་རྫོགས་ཆེན་གྱི་གནད་གསང་། ཡེ་ཤེས་མཁའ་འགྲོའི་སྙིང་ཁྲག་དྭངས་མ་འདི་དག་འཇིག་རྟེན་གྱི་ཁམས་སུ་དར་ཞིང་རྒྱས་ལ་ཡུན་དུ་གནས་པའི་སླད་དུ་འཐོར་བ་བསྡུས་ཤིང་གླེགས་བམ་དུ་བསྐྲུན་ནས་ཕྱོགས་སུ་སྤེལ་བའི་མཛད་པ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན། བསྟན་ལ་བྱ་བ་བྱས་ཤིང་བླ་མའི་སྲི་ཞུ་བསྒྲུབ་པ་བླ་ན་མེད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མདོ་ལས། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། གླེགས་བམ་དུ་བྱས་ཏེ་འཆང་བ་དེས་འདི་སྙམ་དུ། བདག་གིས་དེང་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་དང་། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རིན་ཆེན་སྣ་བདུན་ལ་སོགས་པས། །རྒྱལ་བ་ཀུན་གྱི་རང་བཞིན་ཅན། །མ་ལུས་བསྡུས་པའི་ངོ་བོ་ཉིད། །སྐུ་གསུང་ཐུགས་ཉིད་བྲིས་པ་ཡིན། །ཞེས་དང་། གུ་རུའི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས། གླེགས་བམ་ཙམ་ཞིག་བཞུགས་པ་ཡི༔ ས་ཕྱོགས་དེ་དག་ཐམས་ཅད་ཀྱང༔ རྡོ་རྗེའི་འོག་མིན་ཉིད་དང་མཚུངས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ རིག་འཛིན་བརྒྱུད་པས་བྱིན་གྱིས་རློབས༔ དཔའ་བོ་དྷཱ་ཀི་སྤྲིན་བཞིན་འདུ༔ ཆོས་སྐྱོང་སྲུང་མས་བྲན་ལྟར་བྱེད༔ ཞེས་སོགས་མདོ་རྒྱུད་རྣམས་ནས་ཕན་ཡོན་རྒྱ་ཆེར་གསུངས་པ་ལྟར་འཆད་ཉན་སྒོམ་སྒྲུབ་ཀྱི་སྒོ་ནས་རྒྱལ་བའི་བསྟན་ལ་བྱ་བ་བྱེད་པ་ལྟ་ཅི། བཀའ་གཏེར་གསུང་རབ་རྣམས་ཀྱི་ཕྱི་མོ་དང་། དེ་ཉིད་གཅིག་ལས་དུ་མར་འཕྲུལ་བའི་གླེགས་བམ་རྣམས་གང་དང་གང་དུ་བཞུགས་པ་དེ་དང་དེར་མི་མཐུན་པའི་ཕྱོགས་ཀུན་ཞི་ཞིང་སྲིད་དང་ཞི་བའི་ལེགས་ཚོགས་ཐམས་ཅད་རང་བཞིན་འདུ་བར་འགྱུར་བར་གསུངས་པའི་ཕྱིར་ན་བསོད་ནམས་ཚད་མེད་པ་བསགས་པ་ཡིན་ནོ།། སླར་སྨྲས་པ། བཀའ་གཏེར་གླེགས་བམ་ལྷུན་པོའི་གཏོས་མཉམ་པ། །མཆོད་སྟེགས་དྲ་མིག་ནང་དུ་གཟིམ་པ་ལས། །གླེགས་ཐག་དཀྲོལ་བའི་གོ་སྐབས་དཀོན་དུས་འདིར། །འདི་ཀོ་ངལ་བས་བྱས་པ་དོན་ཆུང་མོད། །ཀུན་བཟང་ཧེ་རུ་ཀ་དཔལ་ཐུགས་ཀྱི་གཏེར། །མ་ཚོགས་མཁའ་འགྲོའི་སྙིང་གི་དྭངས་མའི་བཅུད། །སྐལ་དམན་སྐྱེ་བོར་གསང་བའི་རྡོ་རྗེའི་རྒྱ། །རང་གར་འཐོར་ལ་མི་ཕངས་སུ་ཞིག་ཡོད། །གར་གྱི་དབང་པོ་འཇིགས་མེད་རྣམ་རྒྱལ་གྱི། །དག་སྣང་སྐུ་གསུམ་དགོངས་མཛོད་ཀྱིས་མཚོན་པའི། །གསུང་ཆོས་གང་ཟིན་འབད་པས་རབ་བསྡུས་ནས། །གཅིག་ལས་དུ་མར་བསྐྲུན་པའི་སྐལ་བཟང་མངོན། །འདིའི་མཚོན་དུས་གསུམ་ལེགས་བྱས་ཆབ་ཀྱི་རྒྱུན། །དམིགས་བྲལ་འཁོར་གསུམ་དག་པའི་རྒྱས་བཏབ་སྟེ། །དཔའ་ཆེན་རྣམས་ཀྱི་ཚོགས་གཉིས་རྒྱ་མཚོ་ཆེར། །གཅིག་ཏུ་འདྲེས་ནས་མི་ཟད་འཕེལ་གྱུར་ཅིག །སྙིགས་མའི་སྐྱབས་གཅིག་ཨོ་རྒྱན་ཆེན་པོ་ཡི། །རིང་ལུགས་ཉེ་བརྒྱུད་དག་སྣང་ཟབ་ཆོས་འདི། །ནོར་འཛིན་ཡངས་པའི་ཁྱོན་དུ་རབ་དར་ཞིང་། །ནད་མུག་མཚོན་གྱི་བསྐལ་ངན་ཞི་གྱུར་ཅིག །ལུས་ཅན་ཡིད་མཁར་བྱིན་རླབས་སྤྲིན་ཕུང་འཁྲིགས། །སྨིན་གྲོལ་ཆར་གྱིས་རིགས་ཁམས་ནོར་འཛིན་བརླན། །སྐུ་བཞིའི་སྙེ་མས་དོན་གཉིས་བང་མཛོད་གཏམས། །འགྲོ་ལ་ཕན་བདེའི་དགའ་སྟོན་རྟག་འཇོ་ཤོག །ཞེས་གར་གྱི་དབང་པོ་འཇིགས་མེད་རྣམ་རྒྱལ་གྱི་དགོངས་གཏེར་ཆོས་སྡེའི་དཀར་ཆག་མུ་ཏིག་ཕྲེང་བ་ཞེས་བྱ་བ་འདི་ཡང་དམ་པ་གང་གི་རིགས་དབོན་དུ་སྐྱེས་པའི་གདོལ་སྤྱོད་མཁན་ཡི་དམ་རྡོ་རྗེར་འབོད་པས་གསུང་ཆོས་གང་རྙེད་རྩིས་འཕྲུལ་དུ་ཕབ་བསྡུ་ཞུ་དག་བཅས་གཅིག་ལྕོགས་སུ་བགྱི་བའི་ཞོར་དུ་བྲིས་ནས་ལྕགས་གླང་ཐ་སྐར་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོའི་ཉིན་མཇུག་གྲུབ་པར་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ། དགེའོ།། དགེའོ༎ དགེའོ༎


no previousདཀར་ཆག་མུ་ཏིག་ཕྲེང་བ།next