Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
   
   
   
   
རྗེས་ཀྱི་ལས་རིམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousརྗེས་ཀྱི་ལས་རིམ།next

རྗེས་ཀྱི་ལས་རིམ།

སྐུ་གསུམ་བདེར་གཤེགས་ཡོངས་འདུས་ལྷ་ཚོགས་ཀྱི། །སྒྲུབ་ཐབས་རྒྱས་བསྡུས་གང་ཡང་རུང་བའི་མཐར། །སྦྱར་དུ་རུང་བའི་རྗེས་ཀྱི་ལས་རིམ་ནི། །རྒྱས་བསྡུས་འཚམས་པར་རྣམ་གྲངས་བརྒྱད་དུ་བསྡུ། །དེ་ཡི་དང་པོ་མཆོད་ཅིང་བསྟོད་པ་ནི། །ཧཱུྃ་ཧྲཱིཿ དངོས་འབྱོར་ཡིད་སྤྲུལ་སྔགས་རྒྱ་ཏིང་འཛིན་གྱིས། །རབ་སྤེལ་ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །སྨན་རཀ་གཏོར་མཆོད་རྫས་རྟགས་རིན་ཆེན་སོགས། །རྨད་བྱུང་ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་འབུལ། །ཨོཾ་བཛྲ་ཨརྒྷཾ༴སོགས་ནས། ཤཔྟ་མ་ཧཱ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། མ་ཧཱ་ཨ་མྲྀ་ཏ་ཁཱ་ཧཱི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བཱ་ལིངྟ་ཁཱ་ཧི། ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ལོངས་སྤྱོད་རྫོགས། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །མདོར་ན་དག་པའི་ཞིང་ཁམས་དཔལ་གྱི་རི། །ཡེ་ཤེས་དབྱིངས་ནས་སྤྲུལ་པའི་རྩ་གསུམ་ལྷ། །ཐུགས་དམ་ཐུགས་རྗེས་འཁོད་པའི་སྤྲུལ་འཁོར་ཚོགས། །མ་ལུས་ཡོངས་སུ་རྫོགས་ལ་ཕྱག་འཚལ་བསྟོད།། གཉིས་པ་དངོས་གྲུབ་ཚོགས་མཆོད་གཞུང་ལྟར་རམ། །ཡང་ན་འདི་བཞིན་བརྗོད་པས་བླངས་ཀྱང་རུང་།། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས་གུ་རུ་པདྨ་འབྱུང་། །སྐུ་གསུམ་སྟོན་མཆོག་ཞི་ཁྲོའི་རྣམ་རོལ་གར། །སྐུ་གསུམ་ཡོངས་རྫོགས་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །སྐུ་གསུམ་དགོངས་པའི་ཀློང་ནས་བྱིན་གྱིས་རློབས། །ལུས་ལ་སྐུ་ཡི་བྱིན་གྱིས་རླབ་ཏུ་གསོལ། །བཀྲག་མདངས་གཟི་འབར་བདེ་ཆེན་བསྐྱེད་དུ་གསོལ། །ངག་ལ་སྔགས་ཀྱི་བྱིན་གྱིས་རླབ་ཏུ་གསོལ། །བཟླས་བརྗོད་སྨོན་ཚིག་ནུས་སྟོབས་བསྐྱེད་དུ་གསོལ། །ཡིད་ལ་ཐུགས་ཀྱི་བྱིན་གྱིས་རླབ་ཏུ་གསོལ། །ཉམས་རྟོགས་ཏིང་འཛིན་ཡེ་ཤེས་སྤར་དུ་གསོལ། །འཕོ་འགྱུར་མེད་པ་རྡོ་རྗེའི་ཚེ་དབང་སྩོལ། །དོན་གཉིས་མཐར་ཕྱིན་གསང་ཆེན་གྲུབ་འབྲས་སྩོལ། །མདོར་ན་སྐུ་གསུམ་རྒྱལ་བའི་དབང་པོ་ཡི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ། །དེང་འདིར་བདག་ལ་ཡོངས་རྫོགས་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧྲཱིཿ གསུམ་པ་སྒོ་གསུམ་ནོངས་བགྱིས་བཤགས་པ་ནི། ཧཱུྃ་ཧྲཱིཿ སྐུ་གསུམ་བདེ་གཤེགས་འདུས་པའི་ལྷ་ཚོགས་རྣམས། །མི་གཏོང་བསྙེན་ཅིང་བསྒྲུབ་པར་དམ་བཅས་ཀྱང་། །དྲན་ཤེས་མི་ལྡན་བག་མེད་ལེ་ལོ་ཡིས། །མཆོད་རྫས་མ་ཚངས་གཡེལ་ཞུད་ཕྱི་དུས་འགྱང་། །བསྐྱེད་རིམ་མ་གསལ་བཟླས་བརྗོད་ཟུར་ཆག་ཉམས། །ཏིང་འཛིན་བྱིང་རྨུགས་རེ་དོགས་གཙང་སྨེར་གོལ། །མདོར་ན་སྒོ་གསུམ་མ་རིག་དབང་གྱུར་པས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི། །དམ་ཚིག་ཉམས་ཆགས་འགལ་འཁྲུལ་གྱུར་པ་ཀུན། །སྙིང་ནས་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ། །ཨོཾ་ས་མ་ཡཱཿ ཨཱ་ས་མ་ཡཱཿ ཧཱུྃ་ས་མ་ཡཱཿ ཨོཾ་བཛྲ་ས་ཏྭ་ས་མ་ཡཱ༴སོགས། བདུན་ནམ་ཉེར་གཅིག་བརྒྱ་རྩ་བརྒྱད་སོགས་བརྗོད། །བཞི་པ་བརྟན་བཞུགས་བྱ་ཞིང་གཤེགས་གསོལ་ནི། །མདུན་བསྐྱེད་དཀྱིལ་འཁོར་རྟེན་དང་བཅས་དམིགས་ཏེ།། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་རྫོགས་འདུས་པའི་ལྷ་ཚོགས་རྣམས། །སྒྲུབ་ལ་མཆོག་ཐུན་དངོས་གྲུབ་སྩོལ་བའི་ཕྱིར། །དངོས་བཤམས་བསྒྲུབ་པའི་དཀྱིལ་འཁོར་རྟེན་འདི་ལ། །དབྱེར་མེད་བརྟན་པར་བཞུགས་ནས་བདག་ཅག་གིས། །དུས་འདི་ཉིད་ནས་རིག་འཛིན་མཆོག་འགྲུབ་ཅིང་། །དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ།། རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར། །སྒྲུབ་པའི་ཞག་གྲངས་རྫོགས་ཚེ་འདི་བཞིན་བྱ།། ཧཱུྃ་ཧྲཱིཿ ཐུགས་རྗེ་ཆེ་ལྡན་སྐུ་གསུམ་བདེ་གཤེགས་རྣམས། །གྲུབ་འབྲས་མངོན་གྱུར་འགྲོ་དོན་མཛད་པ་ལེགས། །གཤེགས་བཞུད་སྤྲོས་པའི་མཚན་མ་མི་དམིགས་ཀྱང་། །སྐུ་གསུམ་ལྷུན་གྲུབ་ཀུན་བཟང་དགོངས་པའི་ཀློང་། །ཀ་དག་གདོད་མའི་དབྱིངས་སུ་བཛྲ་མཱུཿ སླར་ཡང་ཐུགས་རྗེས་དགོངས་ཤིང་འབྱོན་པར་མཛོད། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དྷརྨཱ་ནིརྨ་སཾ་བྷོ་ཀཱ་ཡ་སརྦ་ཤནྟིཾ་ཀྲོ་ཏ་དཱེ་བ་མཎྚ་ལ་བཛྲ་མཱུཿ ཞེས་བརྗོད་བསྡུ་རྒྱ་བཀྲོལ་ཞིང་སེ་གོལ་གཏོགས། །ལྔ་པ་སྤྲོས་བཅས་བསྐྱེད་རིམ་དབྱིངས་སུ་བསྡུ། །སྤྲོས་མེད་རྫོགས་རིམ་ངང་དུ་མཉམ་པར་བཞག། ཧཱུྃ་ཧྲཱིཿ སྐུ་གསུམ་དག་པའི་སྣོད་བཅུད་འོད་དུ་ཞུ། །རིམ་བཞིན་གཞལ་ཡས་འཁོར་རྣམས་གཙོ་བོ་ལ། །དེ་ཡང་ཡེ་ཤེས་ཏིང་འཛིན་ན་དཱའི་བར། །ཐིམ་ཞིང་སྟོང་ཆེན་དམིགས་མེད་ངང་དུ་ཡལ། །སྣང་སྟོང་དངོས་འཛིན་བྲལ་བ་དབང་པོའི་ཚོན། །གྲགས་སྟོང་བརྗོད་དུ་མེད་པ་བྲག་ཆའི་སྒྲ། །དྲན་སྟོང་བློ་ལས་འདས་པ་ནམ་མཁའི་ངང་། །སྐྱེ་འགགས་གནས་མེད་སྤྲོས་པ་ཀུན་དང་བྲལ། །ཨ་ཨ་ཨཿ དྲུག་པ་རྗེས་ཐོབ་སྒྱུ་མའི་ལྷར་ལྡང་ཞིང་། །བྱིན་རླབས་ལུས་བསྲུང་གོ་བགོ་བྱ་བ་ནི། །ཧཱུྃ་ཧྲཱིཿ སྐུ་གསུམ་བདེ་གཤེགས་མཁྱེན་བརྩེའི་དགོངས་ཀློང་ནས། །ཡེ་ཤེས་ཐུགས་རྗེའི་རང་མདངས་སྒྱུ་མའི་སྐུ། །སྐུ་གསུམ་ཡོངས་འདུས་རྒྱལ་དབང་པདྨ་འབྱུང་། །གསལ་སྟོང་འཇའ་ལུས་མཚན་དཔེའི་རྒྱན་རྫོགས་གསལ། །ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་བྷྲུྃཿ ཞེས་པས་གསང་གསུམ་བྱིན་གྱིས་རླབས་པ་དང་། །རྗེས་འབྲེལ་གནས་དགུ་རྡོ་རྗེའི་མདུད་རྒྱར་བཅས། ཨོཾ་ཏྲུཾ། ལན་དགུ་བརྗོད་ཅིང་ཐལ་མོ་བརྡབ། ཨོཾ་བཛྲ་ཏུ་ཥྱ་ཧོ། ཞེས་བརྗོད་ལུས་ཀུན་རྡོ་རྗེའི་གོ་ཆ་ཡིས། །གཏམས་པར་མོས་ཤིང་སླར་ཡང་སྔགས་འདི་བརྗོད། །ཨོཾ་བཛྲ་རཀྵ་ཀརྨ་ཝརྟི་ཛྭ་ལ་ཙཀྲ་ས་མ་ཡ་སྟྭཾ། ཞེས་བརྗོད་འཁྱེར་སོ་གསུམ་དང་མ་བྲལ་བར། །ཐུན་མཚམས་སྤྱོད་ལམ་རྣམ་བཞིས་འགྲོ་དོན་སྤྱོད། །བདུན་པ་དགེ་ཚོགས་བསྔོ་ཞིང་སྨོན་ལམ་གདབ། །ཧཱུྃ་ཧྲཱིཿ སྐུ་གསུམ་བདེ་གཤེགས་སྟོན་འཁོར་ཡོངས་རྫོགས་དགོངས། །བདག་གིས་དེང་འདིར་བསྒྲུབ་པའི་དགེ་བས་མཚོན། །དུས་གསུམ་ཟག་བཅས་ཟག་མེད་ལེགས་ཚོགས་ཀུན། །འཁོར་གསུམ་དམིགས་མེད་ཆོས་ཀྱི་དབྱིངས་སུ་བསྡོམས། །བསོད་ནམས་ཡེ་ཤེས་དཔལ་ཡོན་ཅི་མཆིས་ཀུན། །འགྲོ་བ་ཡོངས་ཀྱིས་ཐོབ་པར་བྱིན་གྱིས་རློབས། །ཡིད་ཅན་མཐའ་དག་དེང་ནས་བྱང་ཆེན་བར། །མི་མཐུན་རྒུད་པའི་མཚན་མ་ཀུན་ཞི་ཞིང་། །སྲིད་དང་ཞི་བའི་ཕུན་ཚོགས་མ་ལུས་པ། །འབད་མེད་ཡིད་བཞིན་རྟག་ཏུ་སྤྱོད་གྱུར་ཅིག །སྐུ་གསུམ་ཡོངས་འདུས་རྒྱལ་བའི་དབང་པོ་ཡི། །བྱིན་རླབས་དབང་དང་དངོས་གྲུབ་མ་ལུས་ཀུན། །འགྲོ་བ་ཡོངས་ཀྱིས་ཚེ་འདིར་ལེགས་ཐོབ་ནས། །རིང་མིན་ཕྱམ་གཅིག་སྐུ་གསུམ་འགྲུབ་གྱུར་ཅིག །ཅེས་དང་གཞན་ཡང་བསྔོ་སྨོན་ཅི་རིགས་བརྗོད། །བརྒྱད་པ་དུས་ཀུན་དགེ་བའི་ཤིས་བརྗོད་ནི། །ཧཱུྃ་ཧྲཱིཿ ངོ་བོ་ཀ་དག་སྐྱེ་མེད་ཆོས་ཀྱི་སྐུ། །རང་བཞིན་ལྷུན་གྲུབ་འགགས་མེད་ལོངས་སྤྱོད་རྫོགས། །ཐུགས་རྗེ་རྨད་བྱུང་རྩོལ་མེད་སྤྲུལ་པའི་སྐུ། །སྐུ་གསུམ་ཡོངས་འདུས་བླ་མའི་བཀྲ་ཤིས་ཤོག །བྱིན་རླབས་གཏེར་མཛོད་རྩ་རྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །བར་ཆད་ཀུན་སེལ་ཊཱཀྐི་དམ་ཅན་ཚོགས། །རྩ་གསུམ་ཀུན་འདུས་བླ་མའི་བཀྲ་ཤིས་ཤོག །མཐའ་ཡས་འགྲོ་བའི་འདྲེན་མཆོག་རྫོགས་སངས་རྒྱས། །ཟབ་ཞི་སྤྲོས་བྲལ་ལུང་རྟོགས་དམ་པའི་ཆོས། །ཚོགས་གཉིས་ཞིང་གྱུར་ཐེག་གསུམ་དགེ་འདུན་སྡེ། །མཆོག་གསུམ་སྤྱི་འདུས་བླ་མའི་བཀྲ་ཤིས་ཤོག །དཀྱིལ་འཁོར་གཙོ་མཆོག་མཚོ་སྐྱེས་སྤྲུལ་པའི་སྐུ། །བསྟན་པའི་རྩ་ལག་མཁན་སློབ་ཆོས་ཀྱི་རྒྱལ། །ལས་སྨོན་མཐུན་པའི་མཁས་གྲུབ་ཕྲིན་ལོན་པ། །ཕྱག་རྒྱའི་ལྷ་མོར་བཅས་པའི་བཀྲ་ཤིས་ཤོག །མཚན་མཆོག་བརྒྱད་དང་རིག་འཛིན་སློབ་དཔོན་ཚོགས། །འཕགས་བོད་མཁས་གྲུབ་ཤིང་རྟ་ཆེ་དགུ་དང་། །སངས་རྒྱས་བྱང་སེམས་ལྷ་མོ་སྒོ་སྐྱོང་གིང་། །སྐུ་གསུམ་ཞི་ཁྲོ་ཡོངས་རྫོགས་བཀྲ་ཤིས་ཤོག །སྐུ་གསུམ་ཡོངས་འདུས་ལྷ་ཚོགས་བདེན་སྟོབས་ཀྱིས། །མཐོང་ཐོས་དྲན་རེག་འབྲེལ་ཚད་འགྲོ་བ་ཀུན། །སྐུ་གསུམ་དགོངས་པའི་གསང་མཛོད་ལ་བརྟེན་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །བཀའ་བསྲུང་ཕོ་རྒྱུད་མགོན་པོ་ཕྱག་བཞི་དང་། །མོ་རྒྱུད་སྔགས་ཀྱི་བདག་མོ་རལ་གཅིག་མ། །བཀའ་ཉན་དྲང་སྲོང་རྡོར་ལེགས་དྲེགས་པའི་ཚོགས། །རབ་འབྱམས་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག །མཚན་འཛིན་འཁྲུལ་སྣང་བདེན་ཞེན་དབྱིངས་སུ་དག །སྒོ་གསུམ་ལྷ་སྔགས་ཆོས་སྐུའི་རོལ་པར་རྫོགས། །འཁོར་འདས་མཉམ་ཉིད་སྐུ་གསུམ་དགོངས་ཀློང་སྨིན། །ཚེ་གཅིག་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་སོགས་བརྗོད་ཅིང་མེ་ཏོག་སིལ་མ་འཐོར། །ས་མ་ཡཱ་གུ་ཧྱ། ཞེས་པའང་སྐུ་གསུམ་དགོངས་མཛོད་ཀྱི་ཆོ་ག་སྤྱིའི་རྗེས་ཀྱི་ལས་རིམ་ཉིད་དུ་མོས་པས་གར་གྱི་དབང་པོ་འཇིགས་མེད་རྣམ་རྒྱལ་གྱིས་བྲིས་ནས་སྔོན་སྨོན་རྣམ་པར་དག་པའི་འབྲེལ་བས་ཆོས་འདིར་མི་ཕྱེད་དད་པ་ཅན་པདྨ་ཚེ་མཆོག་བཟང་པོ་ལ་ཕུལ་བ་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པའི་རྒྱུར་གྱུར་ཅིག །དགེའོ།། དགེའོ།། དགེའོ།།


previousརྗེས་ཀྱི་ལས་རིམ།next