Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
མྱུར་ལམ་དམར་ཁྲིད་སྐུ་གསུམ་དགོངས་མཛོད་རབ་ཏུ་སྣང་བའི་ཉི་མ།
   
  expand section
  expand section
  expand section
   


 
previousམྱུར་ལམ་དམར་ཁྲིད་སྐུ་གསུམ་དགོངས་མཛོད་རབ་ཏུ་སྣང་བའི་ཉི་མ།no next

མྱུར་ལམ་དམར་ཁྲིད་སྐུ་གསུམ་དགོངས་མཛོད་རབ་ཏུ་སྣང་བའི་ཉི་མ།

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།

ཧཱུྃཿ ཤུདྡྷརུཙཱཏྲིཀཡཤཡཀོཏྲེཿ གུཀཔཐཱཐེབྷཥཥཡཀོཥཔྲརུཙིསུརྱནམསྟིཿ

ཧཱུྃཿ དག་སྣང་སྐུ་གསུམ་དགོངས་མཛོད་ལས༔ མྱུར་ལམ་དམར་ཁྲིད་སྐུ་གསུམ་དགོངས་མཛོད་རབ་ཏུ་སྣང་བའི་ཉི་མ་ཞེས་བྱ་བ་བཞུགས༔

ཧཱུྃཿ མྱུར་ལམ་དགོངས་མཛོད་སྙིང་པོའི་སྙན་རྒྱུད་དམར་ཁྲིད་སྐུ་གསུམ་དགོངས་མཛོད་རབ་ཏུ་སྣང་བའི་ཉི་མ་གཞོན་ནུ་དོན་ཟབ་འོད་སྟོང་ཕྱོགས་བརྒྱར་བརྡལ་བ་ཞེས་བྱ་བ། དཔལ་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་འགྱུར་མེད་བདེ་ཆེན་ཡེ་ཤེས་དང་། །རྣམ་ཀུན་མཆོག་ལྡན་སྟོང་ཆེན་བློ་འདས་དབྱིངས། །ཟུང་འཇུག་སྐུ་གསུམ་དཔལ་ཡོན་ཀུན་བདག་ཉིད ། །རང་རིག་གདོད་མའི་མགོན་པོ་རྒྱལ་གྱུར་ཅིག ། ངོ་བོ་ཀ་དག་ཆོས་ཀྱི་དབྱིངས་ཆེན་པོར། །རང་བཞིན་ལྷུན་གྲུབ་ལོངས་སྤྱོད་མདངས་གསལ་ཞིང་། །ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་འོད་སྣང་ཅན། །སྐུ་གསུམ་ཡོངས་འདུས་འགྲོ་བའི་བླ་མར་འདུད། །འཕོ་འགྱུ ར་མེད་པ་བདེ་གཤེགས་སྙིང་པོ་ཡི། །གློ་བུར་དག་བྱ་འཁྲུད་བྱེད་བདུད་རྩིའི་རྒྱུན། །ཐེག་དགུའི་ཡང་རྩེ་སྙིང་ཐིག་སྙིང་པོའི་བཅུད། །བླ་མེད་རྫོགས་ཆེན་ཟབ་དོན་སྙིང་དབུས་བསྟེན། །ཟབ་ཅིང་རྒྱ་ཆེའི་རྒྱུད་དོན་རྒྱ་མཚོའི་མཐའ། །ཐམས་ཅད་མཁྱེན་མིན་བྱིས་བློས་གཞལ་ཅི་ནུས། །འོན་ཀྱང་དོན་བརྒྱུད་བདུད་རྩིའི་ཟེགས་མ་ཞིག །ལེན་དང་སྤེལ་ལ་མཁྱེན་ལྡན་བཀའ་གནང་སྩོལ།།

དེ་ཡང་དཔལ་ཀུན་ཏུ་བཟང་པོས་དགོངས་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་ཉིད་ལས་མི་གཞན་པའི་འབྲས་བུའི་སངས་རྒྱས་ལྔ་ལ་དགོངས་པས་བརྒྱུད་ནས་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་གི་སྣང་བ་བསམ་གྱིས་མི་ཁྱབ་པས་ག དུ ལ་བྱའི་ཁམས་རྣམས་རང་བཞིན་གྱིས་གྲོལ་བར་མཛད ་པ་ལས། འདིར་གདུ ལ་བྱ་འདུལ ་བྱེད་གྱི་ཐེག་པ་བསམ་གྱིས་མི་ཁྱབ་པའི་ཡང་བཅུད་སྙིང་པོ་མཐར་ཐུག་པ་གསང་བ་ལས་ཀྱང་ཆེས་གསང་ཆེན་དམ་པར་གྱུར་པ། ཡང་གསང་བླ་ན་མེད་པ་ཨ་ཏི་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཡང་རྩེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་མཆོག་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་ཐོབ་པར་བྱེད་ནུས་པའི་མྱུར་ལམ་ཁྱད་པར་ཅན། སྐུ་གསུམ་ཡོངས་འདུས་རྒྱལ་བའི་ད བང་པོའི་དགོངས་པའི་ཀློང་མཛོད་མཐའ་ཡས་པའི ་སྙིང་པོ་ལྟ་བུར་གྱུར་པ། མན་ངག་སྡེ་པའི་འཕགས་ཆོས་སྙན་རྒྱུད་ཀྱི་གདམས་ངག་འདི་ཉིད་དམར་ཁྲིད་དུ་སྟོན་པར་བྱེད་པ་ལ། ཐོག་བར་མཐའ་རུ་དགེ་བའི་དོན་ཁྲིད་གསུམ་ལས། དང་པོ་ཐོག་མར་དགེ་བའི་དོན་ཁྲིད་ལ། མཆོད་པར་བརྗོད་པ། དམ་བཅའ་བ། གདམས་པ་ལ་འཇུག་པའི་རྒྱུ་བསྟན་པ་དང་གསུམ།

ཐོག་མར་དགེ་བའི་དོན་ཁྲིད་།

མཆོད་པར་བརྗོད་པ།

དང་པོ་མཆོད་པར་བརྗོད་པ་ནི། ཇི་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱིས། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་གསུངས་པ་ལྟར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ཡབ་ཡུམ་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བ་ལས། ཟབ་པ་དང་རྒྱ་ཆེ་བའི་ལོངས་སྤྱོད་རྫོགས་པའི་སྐུ་ཡབ་ཡུམ་རིགས་ལྔ་གངས་ཆེན་མཚོ་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ་རང་བཞིན་དང་འགྲོ་འདུལ་སྤྲུལ་པའི་སྐུ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ། སླར་ཡང་སྤྲུལ་པ་དང་ཡང་སྤྲུལ་ལ་སོགས་གྲངས་དང་བསམ་བརྗོད་ལས་འདས་པ། སེམས་ཅན་གྱི་ཁམས་དབང་མོས་པ་དང་མཐུན་པར་སོ་སོར་སྣང་བ་ཐམས་ཅད་མ་ལུས་ཡོངས་སུ་འདུས་པའི་སྤྱི་གཟུགས་གུ་རུ་རིན་པོ་ཆེ་དང་། བཀའ་དྲིན་གསུམ་ལྡན་རྗེ་བཙུན་བླ་མ་དམ་པ་དབྱེར་མེད་པ་གང་དེར། འདས་དང་མ་འོངས་ད་ལྟ་དུས་གསུམ་དུ་རང་གི་རིག་པ་དང་གཉིས་སུ་མེད་པས་ཆབ་གཅིག་ཏུ་འདུ་བ་དང་། ཐ་དད་དུ་འབྲལ་བ་མེད་པར་ཤེས་ནས་དགའ་བ་དང་། གུས་པ་དང་། དད་པའི་མཆོག་དང་ལྡན་པའི་སེམས་ཀྱིས་རབ་ཏུ་འདུད་ཅིང་ཕྱག་འཚལ་བར་བགྱིའོ། ཞེས་སོ།།

དམ་བཅའ་བ།

གཉིས་པ་དམ་བཅའ་བ་ནི། གང་ཟག་དབང་པོ་རྣོན་པོ་རྒྱུའི་སྟོབས་ལྡན་རྣམས་ཚེ་ལུས་གཅིག་པོ་འདི་ཉིད་ལ་གདོད་མའི་གཞི་དབྱིངས་སུ་གྲོལ་ནས་ཕུང་པོ་ལྷག་མེད་དུ་སངས་རྒྱས་པར་ནུས་པའི་མྱུར་ལམ་མཆོག་ཏུ་གྱུར་པ། སྐུ་གསུམ་གྱི་དགོངས་པའི་ཀློང་མཛོད་བསམ་གྱིས་མི་ཁྱབ་པ་ལས། ཐབས་ལམ་ཟབ་མོའི་གནད་གསང་བླ་ན་མེད་པ་རྣམས་རྟོན་པ་བཞི་ལྡན་གྱི་ངག་གིས་བསྡུས་ཤིང་སྙིང་པོར་དྲིལ་ནས་བརྗོད་པར་བྱའོ། ཞེས་ཏེ། དེ་ལ་ཀ་དག་གི་གནས་ལུགས་སྤྲོས་བྲལ་དུ་སྟོན་པ་ཁྲེགས་ཆོད་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་གྱི་ལམ་ནི་བརྗོད་བྱ། དེ་ལྡན་གྱི་ལེགས་བཤད་འདིར་བརྟེན་ནས་ཡང་དག་པའི་ལམ་ལ་ཞུགས་པ་ནི་དགོས་པ། ཞུགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་ཐོབ་པ་ནི་ཉིང་དགོས། དེ་རྣམས་གཅིག་ལ་བརྟེན་ནས་གཅིག་འབྱུང་བས་འབྲེལ་བ་ཅན་དུ་གྲུབ་པ་ནི་འབྲེལ་བ་སྟེ། དགོས་སོགས་ཆོས་བཞི་ཡང་དོན་གྱིས་ཚང་བར་བསྟན་པ་ཡིན་ལ། དོན་གཞན་བྱ་བ་དེ་མཐར་ཕྱིན་པ་དང་། དེ་ཉིད་གཞན་དོན་དུ་འགྱུར་བའི་དགོས་པའང་ཡོད་དེ། རྒྱལ་སྲས་ཞི་བ་ལྷས། མ་བརྩམ་པ་ཉིད ་མཆོག་ཡིན་གྱི། །བརྩམ་ནས་ལྡོག་པར་མི་བྱའོ། ཞེས་དང་། བྱང་ཆུབ་སྤྱོད་པའི་རྗེས་མཐུན་པར། །རྒྱལ་བའི་མཆོད་སྡོང་བསྒྲུབ་པ་ཡང་། །བྱང་ཆུབ་སེམས་དཔའི་མྱ་ངན་ལས། །འདས་ཀྱང་དོན་རྣམས་ཐམས་ཅད་མཛད། སེམས་མེད་པ་ལ་མཆོད་བྱས་པས། །ཇི་ལྟར་འབྲས་བུ་ལྡན་པར་འགྱུར། །གང་ཕྱིར་བཞུགས་པའམ་མྱ་ངན་འདས། །མཚུངས་པ་ཉིད་དུ་བཤད་ཕྱིར་རོ། །ཞེས་སོགས་གསུངས་པ་ལྟ་བུའོ།།

གདམས་པ་ལ་འཇུག་པའི་རྒྱུ་བསྟན་པ།

གནས་ཀྱི་ཁྱད་པར།

གསུམ་པ་གདམས་པ་ལ་འཇུག་པའི་རྒྱུ་བསྟན་པ་ལ། གནས་ཀྱི་ཁྱད་པར། དུས་ཀྱི་བྱེ་བྲག བླ་མའི་མཚན་ཉིད། སློབ་མའི་མཚན་ཉིད། དབང་ཡོན་དང་འཚོ་ཆས་བསྟན་པ། གདམས་ངག་ཇི་ལྟར་གནང་བའི་ཚུལ་བསྟན་པ། གྲོགས་ཀྱི་མཚན་ཉིད་བརྗོད་པ་སྟེ་བདུན། དེའི་དང་པོ་གནས་ཀྱི་ཁྱད་པར་བརྗོད་པ་ནི། རྒྱུད་ཀློང་གསལ་ཉི་མ་ལས། གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་དམ། ཤིན་ཏུ་དབེན་པ་དྭངས་ཤིང་མཐོ་བའི་སར། །སྐལ་ལྡན་སྐྱེས་བུ་ཉམས་ལེན་བྱེད་པའི་གནས། ཞེས་གསུངས་པ་ལྟར། ཡང་གསང་སྙིང་ཐིག་སྙིང་པོ་འདི་ཉིད་ཉམས་སུ་ལེན་པའི་གནས་ནི། གངས་ཁྲོད་དུ་རིག་པ་དྭངས་ཤིང་རི་རྩེར་ཤེས་པ་གསལ། ལུང་སྟོང་རང་བཞིན་གྱིས་དགེ་སྦྱོར་འཕེལ་ཞིང་དུར་ཁྲོད་དུ་སྐྱོ་ཤས་དང་ངེས་འབྱུང་སྐྱེ། དྭངས་ཤིང་མཐོ་བས་དབྱིངས་རིག་གསལ་ལ་དབེན་པའི་གནས་སུ་ཉམས་ལེན་འཕེལ་ཆེ། ཤར་ཐག་རིང་ཞིང་དམའ་བས་ཤར་གྱི་མདངས་འཕྲོག་ཅིང་། ནུབ་ཐག་རིང་ཞིང་དམའ་བས་ནུབ་ཀྱི་ཟེར་སྡུད་པའི་སར་ལས་དང་པོ་བས་ཐོད་རྒལ་སྒོམ་བདེ་བར་གསུངས་ཤིང་། དེ་ལྟ་བུའི་གནས་ཁྱད་པར་ཅན་དང་པོ་ནས་འཚོལ་དགོས་པ་ཡང་། རྒྱུད་དེ་ཉིད་ལས། གསང་སྔགས་གནས་ཀྱི་ཁྱད་པར་འབྱུང་། ཞེས་དང་། གནས་དེར་བསྡད་པའི་ཕན་ཡོན་ཡང་། དེ་ཉིད་ལས། བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་འཐོབ། ཅེས་དང་། གནས་ངན་པའི་སྐྱོན་ནི། མཚན་ལྡན་གནས་བྲལ་རྐྱེ ན་དབང་ཉིད་དུ་འགྱུར། ཞེས་གསུངས་སོ།།

དུས་ཀྱི་བྱེ་བྲག

གཉིས་པ་དུས་ཀྱི་བྱེ་བྲག་བསྟན་པ་ནི། ཀློང་གསལ་ལས། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། ཞེས་པ་ལྟར། དཔྱིད་རྩི་ཤིང་དང་ལོ་འདབ་མེ་ཏོག་གསར་དུ་སྐྱེ་ཞིང་ཁ་འབུས་པའི་དུས་སུ་ཡོན་ཏན་དང་རྟོགས་པ་གསར་དུ་སྐྱེ་ཞིང་། སྟོན་འབྲས་བུ་སྨིན་པ་དང་འབྲུ་བཅུད་སྡུད་པའི་དུས་སུ་སྒྲུབ་པའི་འབྲས་བུ་འགྲུབ་པ་དང་སྙིང་པོའི་དོན་རྟོགས་སླ་ལ། དགུན་བུ་ཆུང་བསིལ་དྲོད་སྙོམ་དུས་ཁམས་བདེ་ཞིང་སྒོམ་སྙིང་འདོད། ཟེར་གཉིས་ཏེ། སྔ་དྲོ་ཉི་མ་རི་རྩེར་ཤར་བ་དང་། ཕྱི་དྲོ་ནུབ་ཁའི་དུས་གཉིས་སུ་མངོན་སུམ་གསལ་ཞིང་འཆར་སྣང་རྒྱས་པས་བཟང་ཞིང་། དེ་ཡང་ངོ་སྤྲོད་པ་ལ་གལ་ཆེ་བ་དང་། དུས་གནད་དང་ལྡན་པའི་ཕན་ཡོན་དང་། མི་ལྡ ན་པའི་སྐྱོན་རྣམས་ཀྱང་། སྔ་མ་ལས། ངོ་སྤྲོད་དུས་ཀྱི་ཁྱད་པར་ཕྱིར། །མཁས་པས་དུས་གནད་བཙལ་བར་བྱ། ཞེས་དང་། ངོ་སྤྲོད་འཇོག་ཅིང་ཉམས་སྣང་གོང་དུ་འཕེལ། ཞེས་དང་། མཁས་པས་དུས་གནད་བརྟེན་པར་མ་བྱས་ན། །ངོ་བོ་འགག་ཅིང་ཉམས་ཀྱི་འཕེལ་དང་བྲལ། ཞེས་གསུངས་སོ།།

བླ་མའི་མཚན་ཉིད།

སྤང་བྱའི་བླ་མའི་མཚན་ཉིད།

གསུམ་པ་བླ་མའི་མཚན་ཉིད་ལ་སྤང་བླང་གཉིས། དང་པོ་སྤང་བྱའི་མཚན་ཉིད་ནི། རིག་པ་རང་ཤར་ཆེན་པོའི ་རྒྱུད་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲང་བ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་ལྡན། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་ཕྱལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་ཡི། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། ཞེས་ཐེག་པ་ཆེ་ཆུང་གི་ཚིག་དོན་མི་ཤེས་ཤིང་། ཕྱོགས་རེ་ཙམ་ཤེས་པས་ང་རྒྱལ་ཆེ་བ། རྨོངས་པས་ཚིག་ཙམ་གྱི་ཕྱིར་འབྲང་ཞིང་ཡིད་ཆེས་པ། གསང་སྔགས་གབ་སྦས་གཅུས་པའི་དོན་མཐའ་དྲུག་ཚུལ་བཞིས་འབྱེད་མི་ཤེས་པ། རྒྱུད་ངན་ཞིང་མ་དུལ་བས་ཞེ་གཅོད་དང་ཁེངས་པའི་ཚིག་སྨྲ་བ། དོན་ཕྱིན་ཅི་ལོག་ཏུ་གོ་བས་ལམ་ལོག་པར་གོལ་བ། ཐུན་མོང་དང་ཐུན་མིན་གྱི་དབང་གི་དཀྱིལ་འཁོར་རྫོགས་པར་མ་མཐོང་བ། སྡོམ་པ་དང་དམ་ཚིག་ལས་འགལ་ཉམས་འདས་རལ་དུ་གྱུར་པ། དྲིས་ལན་ཅི་བཞིན་མི་ཐེབས་པ། ཐོས་རྒྱ་ཆུང་བ། རང་མཐོང་གི་ང་རྒྱལ་ཆེ་བ་སྟེ། སྐྱོན་དེ་རྣམས་དང་ལྡན་ན་རིགས་དང་གོ་ས་མཐོ་ཡང་ཡང་དག་པའི་ལམ་ལ་འགྲོ་བའི་བདུད་ཡིན་པས་སྤང་དགོས་ཤིང་མ་སྤང་ན་དོན་ཐམས་ཅད་ཉམས་པར་འགྱུར་ཞིང་འཁོར་བ་དང་ངན་སོང་དུ་ལྟུང་བའི་རྒྱུར་འགྲོ་བ་ཡང་། ཀློང་གསལ་ལས། མཚན་ཉིད་མི་ལྡན་བླ་མ་ཡིས། །ད བང་བསྐུར་བྱས་ན་གཉིས་ཀ་ཕུང་། །ཞེས་སོགས་གསུངས་པ་བཞིན་ནོ།།

བླང་བྱའི་བླ་མའི་མཚན་ཉིད།

གཉིས་པ་བླང་བྱའི་མཚན་ཉིད་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལྡན་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། ཞེས་ཐེག་པ་སྤྱི་དང་ཁྱད་པར་རྡོ་རྗེའི་ཐེག་པ་ལ་མཁས་ཤིང་། བདག་འཛིན་དང་འདོད་ཞེན་ཆུང་བས་བྱ་བ་བཏང་ཞིང་དབེན་པ་ལ་དགྱེས་པ། ཆོས་ཉིད་ཀྱི་དོན་སྟོན་པ་ལ་མཁས་པ། བསྐྱེད་རྫོགས་ཉམས་ལེན་ལ་དྲོད་རྟགས་ཐོན་ཞིང་འདི་བར་ཕྱི་གསུམ་གང་རུང་ལ་གྲོལ་བའི་ཚད་དང་ལྡན་པ། གདུལ་བྱ་རང་ར ང་གི་གང་འདོད་ཀྱི་ཆོས་སྟོན་པ་ལ་མཁྱེན་བརྩེ་རླབས་ཆེ་ཞིང་སྐྱོ་དུབ་མེད་པ། ཡོན་ཏན་ཕུལ་དུ ་བྱུང་ཡང་ང་རྒྱལ་དང་རློམ་སེམས་མེད་པ་སྟེ། ཡོན་ཏན་གྱི་མཚན་ཉིད་དེ་རྣམས་དང་ལྡན་ན་རིགས་དང་ཆ་བྱད་དམན་ཡང་ཡང་དག་པའི་ལམ་གྱི་དེད་དཔོན་ཡིན་པས་བསྟེན་དགོས་ཤིང་། དེར་བརྟེན་པས་རྡོ་རྗེ་བླ་མ་དེ་ཡིས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པར་བྱེད་ནུས་པ་ཡང་། ཀློང་གསལ་ལས། མཚན་ཉིད་ལྡན་པའི་བླ་མ་ཡིས། །དབང་བསྐུར་བས་ནི་སྡུག་བསྔལ་གྲོལ། ཞེས་གསུངས་སོ།།

སློབ་མའི་མཚན་ཉིད།

སྤང་བྱའི་སློབ་མའི་མཚན་ཉིད།

བཞི་པ་སློབ་མའི་མཚན་ཉིད་ལའང་སྤང་བླང་གཉིས་ལས། སྤང་བྱ་ནི། རང་ཤར་ལས། སྣོད་དང་མི་ལྡན་སློབ་མ་ནི། །ཤེས་ཆུང་ཁ་གསག་ངོས་ལྟས་ཆེ། །ཁ་མཁས་ལག་དམ་གཡོ་སྒྱུ་ཆེ། །བླ་མའི་གསུང་གཅོག་དྲིན་ལན་རྩོད། །ཡོན་ཏན་མི་མཐོང་སྐྱོན་ལ་རྟོག །རིགས་རྒྱུད་ངང་རྒྱུད་ངན་པ་དང་། །བཀའ་དྲིན་ཁྱད་གསོད་རང་ལ་བསྟོད། །སྡོམ་དང་དམ་ཚིག་ཉམ་ལེན་འཆལ། །སློབ་མ་མ་བརྟག་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དབང་དང་ནི། །དོན་དང་གདམས་པ་བསྟན་མི་བྱ། ཞེས་ཤེས་རབ་ཆུང་ཞིང་དྲིན་མི་གཟོ་བ། གསར་ངོས་དང་ཁ་གསག་ཅན། དངོས་སུ་བསྟོད་ཅིང་ལྐོག་ཏུ་གཤེ་བ། ཁ་མཁས་ཤིང་ལག་དམ་པ། རྫུན་དང་གཡོ་སྒྱུ་ཆེ་བ། བླ་མའི་བཀའ་མི་བརྩི་ཞིང་བསྒོ་བ་མི་ཉན་པ། ཡོན་ཏན་མི་མཐོང་ཞིང་སྐྱོན་རྟོག་པ། ཕན་ལན་དུ་གནོད་སྐྱེལ་བ། ཕྲ་མ་དང་དབྱེན་ལ་དགའ་བ། རང་བསྟོད་དང་བྱས་ཡུས་རྩོད་ཅིང་ཁོང་ཁྲོ་དང་ཀོ་ལོང་དམ་པ། སྡོམ་པ་དང་དམ་ཚིག་ལ་མི་གནས་ཤིང་སྒྲུབ་པ་དང་ཉམས་ལེན་འཆལ་བ། རིགས་རྒྱུད་དང་སྤྱོད་པ་ངན་པ། མཐོང་ན་སྐྱུག་ལོག་ཅིང་འགྲོགས་ན་ཞེ་སུན་པར་འགྱུར་བ་རྣམས་ནི་རྫོགས་པ་ཆེན་པོའི་དབང་དང་གདམས་ངག་གི་སྣོད་མིན་པས་སྦྱིན་པར་མི་བྱ་སྟེ། བྱིན་ནའང་ཕན་མི་ཐོགས་པའི་སྟེང་དུ་ཁ་ལྟ་འུད་པོར་སོང་ནས་ལོག་ལྟ་དང་མི་དགེ་བའི་རྒྱུར་འགྲོ་ཞིང་། གདམས་པ་འཆལ་ཏེ་བྱིན་རླབས་ཆུང་། མཐར་ངན་སོང་དུ་འགྲོ་བ་ཡང་། ཀློང་གསལ་ལས། ཡང་སྙིང་བཅུད་ཀྱི་ཐིག་པ་འདི། །སྣོད་ངན་རྣམས་སུ་བླུགས་གྱུར་ན། །སྣོད་ཆག་བཅུད་འབོ་དམྱལ་བར་ལྟུང་། ཞེས་སོ།།

བླང་བྱའི་སློབ་མའི་མཚན་ཉིད།

བླང་བྱ་ནི། རིག་པ་རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། ཅེས་དང་། ཀློང་གསལ་ལས། དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །རྒྱུད་དུལ་སྡིག་འཛེམ་དབང་པོ་རྣོ། །གསང་ཐུབ་ཉམས་ལེན་བརྟུལ་ཞུགས་ཆེ། །སྐྱོ་ཤས་སྡུག་བསྲན་སྙིང་རུས་ཆེ། །དེ་ནི་གསང་སྔགས་གསང་བའི་སྣོད་ཡིན་པས། །བདུད་རྩི་ཐིག་པ་སྙིང་གི་ཡང་ཞུན་འདི། །བུ་ཡི་བུ་མཆོག་དེ་ལ་བསྟན་པར་བྱ། ཞེས་ཏེ། བླ་མ་དང་གདམས་ངག་ལ་ཡིད་སྤྲོ་བ་དྭངས་བའི་དད་པ། དོན་དུ་གཉེར་ཞིང་ཆེས་དུང་བ་འདོད་པའི་དད་པ། ཐེ་ཚོམ་མེད་པ་ཡིད་ཆེས་པའི་དད་པ། རྐྱེན་གྱིས་བསྒྱུར་མི་བཏུབ་པ་མཐར་ཐུག་མི་ལྡོག་པའི་དད་པ་སྟེ། བྱིན་རླབས་འཇུག་པའི་རྒྱུ་ཚང་བས་ཞུམ་པ་མེད་པའི་བློ་སྟོབས་དང་ལྡན་པ། ཕྱི་བཤོལ་དང་ཐང་ལྷོད་མེད་པའི་བརྩོན་འགྲུས་ཀྱི་དམ་བཅའ་བརྟན་པ། ཚིག་དོན་གོ་བས་གནས་ལུགས་ཟབ་མོའི་དོན་ལ་གོལ་ས་གཅོད་པ། འཛིན་ཆགས་ཀྱི་ཞེན་པ་ལོག་པས་འཁོར་བའི་བྱ་བ་ལ་བློ་མི་འཇུག་པ། སྒོ་གསུམ་གྱི་ཞབས་ཏོག་བློ་རྩེ་གཅིག་ཏུ་བྱེད་པ། ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པས་གསང་སྔགས་ཟབ་མོའི་སྤྱོད་པ་ལ་འཇུག་པ། ཐ་མལ་གྱི་ལོག་རྟོག་མེད་པས་སྔགས་སྤྱོད་ལ་སྔངས་སྐྲག་མི་སྐྱེ་བ། གཡེང་བ་ཆུང་བས་སྒོ་གསུམ་དལ་ཆ་བསྟན་པ། དམ་ཚིག་གཙང་བས་ཉེས་ལྟུང་མི་འབྱུང་བ། སྐྱོ་དུབ་དང་ལེ་ལོ་མེད་པས་ཉམས་རྟོགས་སྐྱེ་སླ་བ། དག་སྣང་དང་མོས་གུས་ཕྱོགས་རིས་མེད་པ། སྙིང་རྗེས་ཀུན་ལ་བརྩེ་ཞིང་ཕན་སེམས་ཆེ་བ། ཚོགས་གསོག་པ་ལ་གཏོང་ཕོད་ཆེ་བ། རྒོད་བག་མེད་ཅིང་ཞི་དུལ་ཅན། སྡིག་པའི་ལས་ལ་འཛེམ་བག་ཆེ་བ། ཆོས་དང་ཆོས་མིན་འབྱེད་ཤེས་པ། ཉམས་ལེན་དང་རྟག་ཏུ་མི་འབྲལ་ཞིང་སྤྱོད་ཚུལ་ཉམས་པ་མེད་པ། འཇིག་རྟེན་མཐུན་འཇུག་གི་བྱ་བ་ལ་བློ་སྣ་ཐུང་བ། དཀའ་སྤྱད་ལ་སྡུག་བསྲན་དང་ཆོས་ལ་སྙིང་རུས་ཆེ་བ་རྣམས་ནི་ལས་འཕྲོ་དང་སྐལ་བ་བཟང་པོ་ཅན་གསང་སྔགས་ཀྱི་སྣོད་མཆོག་མཚན་ཉིད་དང་ལྡན་པ་ཡིན་པས་དབང་དང་གདམས་པ་རྣམས་གནང་བར་འོས་པའོ། །དེ་ལ་རིགས་ཀྱི་བུ་མཆོག་དེ་འདྲ་དེར་གདམས་པ་བྱིན་པས་ཡོན་ཏན་དང་མ་བྱིན་ན་སྐྱོན་དུ་འགྱུར་ཏེ། ཀློང་གསལ་ལས། གསང་སྔགས་སྙིང་པོའི་སྣོད་དུ་རུང་། །འགྲོ་བ་འདྲེན་པའི་བུ་ཆེན་མཆོག །ཅེས་དང་། སྙིང་ཏིག་གི་སྣོད་དང་དུས་བརྟགས་པ་ལས། འདི་ཉིད་སྦྱིན་པའི་གནས་ལ་མ་བསྟན་ན། །ཟབ་མོའི་ཆོས་གཏེར་ནུབ་པར་འགྱུར་ཏ་རེ། །དུས་ལ་བབ་ཚེ་རང་གིས་མ་བསྟན་ན། །འགྲོ་དོན་རྒྱུན་ཆད་ལྟུང་བ་ཕོག་ཏ་རེ། ཞེས་སོ། །དེ་ཡང་དུས་གཅིག་ཁོ་ནར་མ་ཡིན་པར་དབང་ཁྲིད་གནང་ནས་རིམ་པར་གདམས་ངག་སྦྱིན་ཞིང་ཡེ་ཤེས་འོད་གསལ་གྱི་སྣང་བ་ལ་ཡིད་ཆེས་ཤིང་ཉམས་ལེན་ལ་དམ་བཅའ་དང་ཁས་ལེན་ནུས་པ་ན་རྫོགས་པར་གནང་དགོས་པ་ཡང་། དེ་ཉིད་ལས། དབང་ཁྲིད་རྫོགས་ནས་ལོ་དང་ཟླ་རེའི་བར། །དུས་གཅིག་མི་སྦྱིན་རིམ་པ་བཞིན་དུ་སྦྱིན། །ཐིག་ལེ་ཉིད་ལ་སློབ་བུས་འཕྲིག་ཚུད་ནས། །ཉམས་ལེན་མནའ་བསྐྱལ་ནུས་ན་རྫོགས་པར་སྦྱིན། ཅེས་གསུངས་སོ།།

དབང་ཡོན་དང་འཚོ་ཆས་བསྟན་པ།

ལྔ་པ་དབང་ཡོན་དང་འཚོ་ཆས་བསྟན་པ་ནི། ཀློང་གསལ་ལས། མེ་ཏོག་དབང་ཡོན་ཚོགས་འཁོར་གཏོར་ཚོགས་རྒྱུ། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་སོ་བཙལ། །མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། ཞེས་གསུངས་པ་ལྟར། མ ཉེས་པའི་ཡོ་བྱད་ཕྱ ག་རྟེན་གྱི་མེ་ཏོག་དབང་ཡོན་གྱི་མཎྚལ་ཚོགས་གཏོར་སོགས་དང་། འཚོ་བའི་ཡོ་བྱད་ཟས་ག ོ ས་ཀྱི་ཆ་རྐྱེན་མཐའ་གཉིས་སུ་མ་ལྷུང་བ་དང་། མཚོན་པའི་ཡོ་བྱད་རྡོ་རྗེ་དྲིལ་བུ་ཐོད་རྔ་སོགས་དང་། བསྟན་པའི་ཡོ་བྱད་གསང་སྔགས་ཀྱི་དམ་རྫས་སྣ་ཚོགས་དང་། མཐུན་པའི་ཡོ་བྱད་སྨན་དང་རྟེན་འབྲེལ་གྱི་རྫས་དང་། མཆོག་གི་ཡོ་བྱད་ཐོས་བསམ་སྒོམ་གསུམ་འབྱུང་བའི་དཔེ་ཆ་སོགས་སྒྲུབ་པ་ལ་ཉེ་བར་མཁོ་བའི་མཐུན་རྐྱེན་རྣམས་ཚང་བར་བྱ་དགོས་པས་བསགས་སུ་བཅུག དེ་བསགས་དགོས་པ་དང་། ཡོ་བྱད་འཛོམ་པའི་ཡོན་ཏན། མ་ཚང་བའི་སྐྱོན་རྣམས་ཀྱང་རིམ་པར་ཀློང་གསལ་ལས། གསང་སྔགས་ཐབས ་ཀྱི་ལམ་ཡིན་ཕྱིར། །རྟེན་འབྲེལ་ཡོ་བྱད་རྫས་རྣམས་བསགས། ཅེས་དང་། ཡོ་བྱད་ཀུན་ལྡན་ཆོས་ཀྱི་དངོས་གྲུབ་འབྱུང་། ཞེས་དང་། རྟེན་འབྲེལ་རྫས་མེད་དངོས་གྲུབ་ཡལ་བར་དོར། ཞེས་གསུངས་སོ།།

གདམས་ངག་ཇི་ལྟར་གནང་བའི་ཚུལ་བསྟན་པ།

ལོ་རྒྱུས་བཤད་པ།

དྲུག་པ་གདམས་ངག་ཇི་ལྟར་གནང་བའི་ཚུལ་བསྟན་པ་ལ། ལོ་རྒྱུས་བཤད་པ། དབང་བསྐུར་བ། ཉམས་ལེན་བསྟན་པ། དམ་ཚིག་བཟུང་བ་བཞི། དང་པོ་ལོ་རྒྱུས་བཤད་པ་ནི། ཀློང་གསལ་ལས། བརྒྱུད་པ་པོ་ཟབ་ཁུང་བཙུན་ཕྱིར། །ཀུན་ཏུ་བཟང་ནས་རིམ་པར་བཤད། ཅེས་གདམས་པ་སྟོན་པ་ལ་ཐོག་མར་ལོ་རྒྱུས་བརྗོད་པས་སྐལ་ལྡན་གྱི་སློབ་མ་རྣམས་ཡིད་ཆེས་པ་དང་ངེས་ཤེས་བསྐྱེད་པར་བྱ་དགོས་པས། དེ་ལ་ཡང་བཏགས་གྲོལ་སྙིང་པོ་ལས། སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས། །ཉིད་ལས་མི་གཞན་སེམས་དཔའི་སྣོད། །བྱིན་གྱིས་བརླབས་ཀྱིས་བདག་ཉིད་ལ། །བཏགས་པས་གཅིག་ཤེས་ཀུན་གྲོལ་ལོ། །བཅིང་དང་གྲོལ་བའི་མཐའ་ལས་འདས། །རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །རང་བྱུང་དགའ་རབ་ཐུགས་ལ་ཤར། །སེངྷ་ཉིད་ལ་རྒྱུད་གཏད་པ། །འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད། །ཨོ་རྒྱན་པདྨ་ཉིད་ལ་གཏད། ཅེས་སོགས་གསུངས་པ་ལྟར་གདོད་མའི་དབྱིངས་ཆོས་ཉིད་ཀ་དག་སྤྲོས་པ་བྲལ་བའི་ངང་ནས་དཔལ་ཀུན་ཏུ་བཟང་པོ་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་བཞེངས་ཏེ། རྡོ་རྗེ་སེམས་དཔའ་སོགས་རང་རྩལ་རིགས་ལྔ་ཞི་ཁྲོའི་དཀྱིལ་འཁོར་གྲངས་མེད་པ་ལ་རྫོགས་པ་ཆེན་པོ་སྒྲ་ཚིག་བྱ་རྩོལ་ལས་འདས་པ་དུས་གསུམ་མཉམ་ཉིད་ཆེན་པོར་གསུངས། རྡོ་རྗེ་སེམས་དཔའ་སོགས་ཀྱིས་འོག་མིན་གྱི་ཞིང་ཁམས་མཐའ་དབུས་མེད་པར་རང་གི་རྣམ་པར་འཕྲུལ་བ་ལས་རང་སྣང་བའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་འགག་མེད་རང་ཤར་སྒྲ་བརྙན་ལྟ་བུར་གསུངས་པ་རྣམས་ནི་རྒྱལ་བ་ཉིད་ཀྱིས་ཉིད་ལ་དགོངས་པ་ཙམ་གྱིས་བརྒྱུད་པས་དགོངས་བརྒྱུད་དང་། རྡོ་རྗེ་སེམས་དཔའ་ཉིད་ཀྱིས་དུར་ཁྲོད་མེ་རི་འབར་བར་དགའ་རབ་རྡོ་རྗེ་ལ་ཆོས་ཉིད་བྱ་རྩོལ་ལས་འདས་པ་ཚིག་སྡེབ་སྦྱོར་ལེགས་པས་བཤད་ཅིང་བཀའི་བསྡུ་བ་རང་ནས་མཛད་དེ། དུར་ཁྲོད་རྩུ བ་འགྱུར་ཚལ་དུ་ཤྲཱི་སེངྷ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་བཤད། དེས་སོ་ས་གླིང་དུ་སློབ་དཔོན་པདྨ་འབྱུང་གནས་སོགས་ལ་གནས་ལུགས་ཡིད་དཔྱོད་དང་བྲལ་བ་བརྡ་དང་བརྡའི་སྒོ་ནས་བསྟན་པས་བརྡ་བརྒྱུད་དང་། དེས་གཞོ་སྟོད་ཏི་སྒྲོ་བྲག་དཀར་སོགས་ནས་མཁར་ཆེན་བཟའ་སོགས་རྗེ་འབངས་གྲོགས་ཀྱི་ཚོམ་བུ་ལ་ལྔ་ལྡན་ཡེ་ཤེས་སྙིང་པོ་རང་གསལ་མངོན་སུམ་དུ་གཏན་ལ་ཕབས་ནས་གསུངས། དེ་རྣམས་ལས་ཐུགས་ཀྱི་དགོངས་པ་མཚོན་བྱ་དོན་གྱི་ཡེ་ཤེས་བྱིན་རླབས་རིམ་པར་འཕོ་བའི་སྨོན་ལམ་གྱི་རྒྱས་གདབ། མཚོན་བྱེད་བརྡ་ཡི་ཚིག་བརྒྱུད་ཡི་གེར་བཀོད་ཅིང་བཀའ་གཏེར་དག་སྣང་སོ་སོ་ནས་བཀའ་བབས་ཏེ། མན་ངག་ཁྲིགས་སུ་བསྡེབས་ནས་སྙན་ནས་སྙན་དུ་བརྒྱུད་པ་ནི་སྙན་བརྒྱུད་ཡིན་ལ། དེ་ལྟར་བརྒྱུད་པའི་ཁྱད་པར་གསུམ་མམ་དྲུག་ལས་འོང་པའི་ཟབ་ཆོས་རྒྱུད་སྡེ་གཞན་རྣམས་སུ་རྡོ་རྗེའི་ཚིག་གིས་་སྦས་པའི་དོན་རྣམས་རྒྱུད་བཅུ་བདུན་དགོངས་འགྲེལ་དང་བཅས་པས་གསལ་བོར་བསྟན། གབ་པ་མངོན་དུ་ཕྱུངས། གཅུས་པ་དྲང་པོར་བསྲངས། དཀྲུག་པ་རང་སོར་བཞག་ནས་སྐུ་གསུམ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་གསང་མཛོད་བླ་ན་མེད་པའི་ལམ་མཆོག་རྫོགས་པ་ཆེན་པོ། མཚོན་བྱེད་ཀྱི་བརྡ་ལ་བརྟེན་ནས་མཚོན་བྱ་དོན་གྱི་གནས་ལུགས་མྱུར་དུ་རྟོགས་པར་བྱེད་པའི་ཐབས་ལམ་སྙིང་པོར་དྲིལ་བ་འདི་ཉིད་ཉམས་སུ་བླངས་བས་ཚེ་ལུས་འདི་ཉིད་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་བར་ངེས་པ་ཡང་། སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་འབྱུང་། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། །དོན་གྱི་སྙིང་པོ་ཐག་ཆོད་པས། གཞི་ལ་གྲུབ་པའི་ཤེས་རབ་གསུམ། །ས་བོན་ཚུལ་དུ་གནས་པ་དེ། །རྐྱེན་ལས་བྱུང་བའི་ཤེས་རབ་ཀྱིས། །འབྲུ་ཡི་ཚུལ་དུ་སྨིན་པ་ཡིས། །མ་རིག་པ་ཡི་མུན་པ་སངས། །ཤེས་བྱའི་སྒྲིབ་པ་རང་དག་པས། །མ་བཙལ་འབྲས་བུ་རང་གིས་མཐོང་། །ཞེས་གསུངས་པ་ལྟར་རོ།། དེ་ལྟར་ལོ་རྒྱུས་བརྗོད་དགོས་པ་དང་། བཤད་པའི་ཕན་ཡོན། མ་བཤད་པའི་སྐྱོན་རྣམས་ཀྱང་། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །ཞེས་དང་། བརྒྱུད་པ་ཁྱད་དུ་འཕགས་པ་དང་། གདམས་ཟབ་བྱིན་རླབས་ངེས་ཤེས་སྐྱེ། །ཞེས་དང་། རྒྱུད་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་རྒྱུད་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། ཞེས་སོ།།

དབང་བསྐུར་བ།

གཉིས་པ་དབང་བསྐུར་བ་ནི། ཀློང་གསལ་ལས། སྤྲོས་བཅས་ཕྱི་ཡི་བུམ་དབང་དང་། །སྤྲོས་མེད་ནང་གི་གསང་དབང་དང་། །ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་དབང་། །རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ། །སྣོད་ལྡན་བུ་ལ་རིམ་པ་བཞིན་དུ་བསྟན། ཅེས་དང་། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཀུན་དུ་སྤྲོས་མེད་ཁྱད་པར་དབང་ལྔ་བསྐུར། ཞེས་གསུངས་པས་སྒོ་འབྱེད་དབང་གི་ལྡེའུ་མིག་ལྟར་རྒྱས་བསྡུས་མཚམས་པར་བསྐུར་རོ། །དེ་ལ་དབང་བསྐུར་དགོས་པ་དང་། ཐོབ་པའི་ཡོན་ཏན། མ་ཐོབ་པའི་སྐྱོན་རྣམས་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར། །དཔེར་ན་མཉན་པ་ལག་སྐྱ་མེད་པ་བཞིན། །ཕ་རོལ་སྒྲོལ་བར་ག་ལ་འགྱུར། ཞེས་དང་། ཀློང་གསལ་ལས། དབང་ཐོབ་རྒྱུད་སྨིན་ཆོས་སྒོ་ཕྱེ། །གསང་སྔགས་དོན་ཀུན་འགྲུབ་པར་འགྱུར། ཅེས་དང་། ཡང་སྙིང་གི་མེ་ལོང་ལས། དབང་རྣམས་རབ་ཏུ་ཐོབ་བྱས་ན། །གསང་སྔགས་ཐམས་ཅད་མ་བསྒྲུབ་འགྲུབ། ཅེས་དང་། ཀློང་གསལ་ལས། གསང་སྔགས་དབང་ནི་མ་ཐོབ་ན། །ཟབ་དོན་དངོས་གྲུབ་ག་ལ་འཐོབ། ཅེས་གསུངས་སོ།།

ཉམས་ལེན་བསྟན་པ།

གསུམ་པ་ཉམས་ལེན་བསྟན་པ་ནི། གདམས་ངག་ཁྲིད་ཀྱི་ལུགས་དང་། ངོ་སྤྲོད་ཀྱི་ལུགས་དང་། མགྲོན་པོ་ལ་བརྒལ་བ་ཚངས་སྤྲུགས་སུ་གདབ་པ་དང་གསུམ་ལས། འདིར་དང་པོའི་ཁོངས་སུ་ཕྱི་མ་གཉིས་ཚངས་བ་མན་ངག་གི་ལུགས་སུ་གྲོལ་བྱེད་ཀྱི་ལམ་ཉམས་སུ་ལེན་པའི་རིམ་པ་འདི་འོག་ས་བཅད་གཉིས་པ་ནས་རྒྱས་པར་འཆད་དོ།།

དམ་ཚིག་བཟུང་བ།

བཞི་པ་དམ་ཚིག་བཟུང་བ་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། དབང་བརྟེན་པ་ཡི་དམ་ཚིག་བཤད། །བྱེ་བྲག་བརྗོད་ཀྱིས་མི་ལང་ཡང་། །མདོར་བསྡུས་སྐུ་གསུང་ཐུགས་ཉིད་བསྲུང་། ཞེས་བསྲུང་བྱའི་དོན་ལས་མི་འདའ་བར་སྡོམ་པའི་བསམ་པ་ས་བོན་དང་བཅས་པ་སྟེ། དབྱེ་ན་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ལུས་པ་རྣམས་བསྡུས་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་མི་འདའ་བ་ཡིན་ལ། ཁྱད་པར་བསྲུང་བྱའི་གྲངས་དང་དམིགས་སུ་མ་གྲུབ་པ་ཡེ་བསྲུང་བཅིངས་སྡོམ་མེད་པ་ནི་དམ་ཚིག་གི་མཆོག་དམ་པ་ཡིན་ཏེ། དེ་ཉིད་ལས། ཡེ་ནས་བསྲུང་མེད་ཆེན་པོ་ལ། །བསྲུང་མཚམས་རིམ་པར་བཀོད་པ་མེད། ཅེས་དང་། བསྲུང་མཚམས་ཀུན་ལས་རྒྱལ་བས་ན། །དམ་ཚིག་ཀུན་གྱི་རྩེ་མོར་བཤད། ཅེས་གསུངས་པ་ལྟར། མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་མ་དེས་ཀྱང་དཀའ་བ་དང་དུ་བླངས་ཤིང་ངལ་བ་ཁྱད་དུ་བསད། སྒོ་གསུམ་བླ་མའི་བྲན་དུ་བཀོལ་ནས་དམ་ཚིག་སྤྱི་དང་ཁྱད་པར་ཡེ་བསྲུང་གི་དམ་ཚིག་བཟུང་ཞིང་། ཟང་ཟིང་སྒོ་གསུམ་སྒྲུབ་པ་དང་བཅས་པས་མཉེས་པར་བྱེད་པ་སྟེ་རྒྱས་པར་ལོགས་སུ་གསལ་ལོ།།

གྲོགས་ཀྱི་མཚན་ཉིད།

བདུན་པ་གྲོགས་ཀྱི་མཚན་ཉིད་ནི། ཀློང་གསལ་ལས། དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ། །དུག་ལྔའི་ཤུགས་ཆུང་ཁོང་ཡངས་བློ་བརྟན་ཆེ། །ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས། །ཞེས་དམ་ཚིག་གཙང་ལ་སེལ་མེད་ཅིང་བློ་གསལ་ལ་བརྟན་པ། ཉོན་མོང་ཆུང་ལ་དག་སྣང་ཆེ་བ། ཞི་ཞིང་དུལ་བ། རང་བཞིན་ལྷོད་ལ་བློ་ཁོག་ཡངས་ཤིང་ངང་རྒྱུད་རིང་ལ་སྙིང་ཉེ་བ། ཕན་འདོགས་དང་བརྩེ་གདུང་ཆེ་ཞིང་ཕྱི་ཐག་རིང་བ། སྙིང་རུས་དཀའ་སྤྱད་བཟོད་ཅིང་དབེན་པ་ལ་དགའ་བ། ལྟ་སྤྱོད་རང་དང་མཐུན་ཅིང་བྱ་བྱེད་ཆོས་དང་མཐུན་པའི་གྲོགས་མཆོག་དམ་པ་དང་རྟག་ཏུ་འགྲོགས་ཤིང་འབྲལ་བར་མི་བྱ་སྟེ། དེ་ལྟ་བུའི་གྲོགས་ཁྱད་པར་ཅན་དགོས་པ་དང་། འགྲོགས་པའི་ཡོན་ཏན། མ་འགྲོགས་པའི་སྐྱོན་རྣམས་ཀྱང་། ཀློང་གསལ་ལས། འབྲས་བུ་ཚེ་གཅིག་གསང་སྔགས་གནད། །ཁྱད་པར་འཕགས་པའི་གྲོགས་ལས་འབྱུང་། ཞེས་དང་། གྲོགས་མཆོག་དམ་པས་ཆོས་ལྡན་བྱང་ཆུབ་ཐོབ། ཅེས་དང་། བདེ་བའི་གྲོགས་སྤངས་སྡུག་བསྔལ་ཉིད་དུ་འགྱུར། ཞེས་སོ།། ཆོས་གྲོགས་དམ་པ་དེ་ལྟ་བུ་དང་བཅས་ཏེ། སྦྱོར་བ་དངོས་གཞི་རྗེས་དང་གསུམ་གྱི་ཁྲིད་རིམ་རྣམས། བླ་མ་དམ་པ་དེ་ཡིས་ཇི་ལྟར་བསྟན་པ་བཞིན། ཐབས་ལམ་མ་ནོར་བར་ཉམས་སུ་ལོངས་པར་བྱའོ། །དེས་ཐོག་མར་དགེ་བའི་དོན་ཁྲིད་སོང་ནས།

བར་དུ་དགེ་བའི་དོན་ཁྲིད་ཀྱི་རིམ་པ།

སྦྱོར་བ་སྔོན་དུ་འགྲོ་བའི་ཁྲིད་རིམ།

ཐུན་མོང་གི་སྔོན་འགྲོ།

སྤྱི་སྡོམ་གཉིས་པ་བར་དུ་དགེ་བའི་དོན་ཁྲིད་ཀྱི་རིམ་པ་ལ། སྦྱོར་བ། དངོས་གཞི། རྗེས་དང་གསུམ་མོ། དང་པོ་སྦྱོར་བ་སྔོན་དུ་འགྲོ་བའི་ཁྲིད་རིམ་ལ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས། དང་པོ་ཐུན་མོང་གི་སྔོན་འགྲོ་ནི། ཐེག་པ་ཐུན་མོང་གི་སྔོན་འགྲོ་དལ་འབྱོར་རྙེད་དཀའ། མི་རྟག་བསྒོམ་པ། ལས་རྒྱུ་འབྲས། འཁོར་བའི་སྡུག་བསྔལ། ཐར་བའི་ཕན་ཡོན་བསམ་པ་སྟེ་ལྔ་དང་། གསང་སྔགས་ཐུན་མོང་གི་སྔོན་འགྲོ་སྐྱབས་འགྲོ། སེམས་བསྐྱེད། རྡོ་རྗེ་སེམས་དཔའི་བསྒོམ་བཟླས། མཎྚལ། བླ་མའི་རྣལ་འབྱོར་ཏེ་བཅུ་པོ་དེ་རྣམས་ཀྱིས་གཞན་སྤྱི་དང་ཚུལ་མཐུན་པར་རྒྱུད་སྦྱངས་པའི་རིམ་པ་ལོགས་སུ་བཀོད་པ་ལྟར་བྱའོ། །ཡང་ན་རྒྱུད་ཀློང་གསལ་ལས། བྱམས་དང་སྙིང་རྗེ་ཆོས་སྤྱིའི་ལམ། །ཐེག་པ་ཆེན་པོར་འཇུག་ཕྱིར་རོ། །ཞེས་དང་། འདས་རྗེས་དོན་ཁྲིད་ལས། མི་རྟག་སྙིང་རྗེ་བྱང་སེམས་སྦྱངས། ཞེས་མི་རྟག་པ་དང་། སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་གསུམ་གཙོ་ཆེ་བའི་དབང་དུ་དགོངས་ནས་དངོས་བསྟན་དུ་གསུངས་པ་ལས། ཐོག་མར་མི་རྟག་པ་བསྒོམ་པ་ནི། འཕགས་པ་ཏིང་འཛིན་རྒྱལ་པོའི་མདོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང་། །འཇིག་རྟེན་ཐམས་ཅད་ནམ་མཁར་གྱུར་པའི་ཚེ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ཞེས་གསུངས་པ་ལྟར། ཕྱི་བརྟན་པ་སྣོད་ཀྱི་འཇིག་རྟེན་རི་རབ་གླིང་བཞི་ཁོར་ཡུག་མུ་ཁྱུད་འོག་གཞི་དང་བཅས་པ་ཡང་མེ་བདུན་གྱིས་བསྲེགས། ཆུས་བཤལ། རླུང་གིས་གཏོར་ནས་ནམ་མཁའ་སྟོང་པར་འགྱུར་དགོས་པས་མི་རྟག་པར་ངེས་ལ། དེ་བཞིན་དུ་ཆེད་དུ་བརྗོད་པའི་ཚོམ་ལས། རིན་ཆེན་བདུན་ལྡན་རྒྱལ་པོ་དང་། །གཞན་ཡང་རྒྱལ་ཕྲན་བློན་པོ་དང་། །དགེ་སློང་བྲམ་ཟེ་ཁྱིམ་བདག་སོགས། །འགྲོ་བ་འདི་ཀུན་མི་རྟག་སྟེ། །རྨི་ལམ་འགྲོ་བ་ཇི་བཞིན་ནོ། །ཞེས་པ་ལྟར་ནང་གཡོ་བ་བཅུད་ཀྱི་སེམས་ཅན་ལ་བསམ་ཀྱང་མི་རྟག་མི་བརྟན་མྱུར་དུ་འཇིག་སྟེ། དགྲ་གཉེན་བར་མའི་འགྲོ་བ་བསམ་གྱིས་མི་ཁྱབ་པ་དེ་ཙམ་ཞིག་ཤི་བ་མཐོང་ཞིང་ཐོས་པས་ཀྱང་རང་ཉིད་ནམ་འཆི་ཆ་མེད་པར་ཐག་ཆོད། དེར་མ་ཟད་སློབ་དཔོན་དཔའ་བོས། ཇི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཕལ་བ་གཞན་ལ་སྨོས་ཅི་དགོས། ཞེས་འགྲོ་བ་ལྷ་དང་བཅས་པའི་སྟོན་པ་འཁོར་ཚོགས་དང་བཅས་པ་ཡང་མི་རྟག་པ་དང་། ཀུན་མཁྱེན་ཀློང་ཆེན་པས། ཚངས་དང་བརྒྱ་བྱིན་དྲག་པོ་མིག་སྟོང་ལྡན། །སྲེད་མེད་བུ་ཡང་མི་རྟག་ཕ་རོལ་འགྲོ། གསུངས་པ་བཞིན་སྲིད་པ་གསུམ་གྱི་ཆེ་བཙུན་མཐོ་བའི་སྐྱེ་དགུའི་བདག་པོ་རྣམས་ཀྱང་མི་རྟག་པའི་ཚུལ་ལ་བསམ་ན། ངེས་པར་འཆི་བ་ལ་ཐེ་ཚོམ་མི་འདུག ཡིད་བཞིན་མཛོད་ལས། ཕྱི་ནང་དུས་བཞི་ན་ཚོད་འགྱུར་བས་ན། །མི་རྟག་འཆི་བར་ངེས་ཀྱི་རྟག་འཛིན་སྤོང་། །གཟུགས་ནི་རྡུལ་ཕྲན་དུས་ནི་སྐད་ཅིག་མ། །བར་སྣང་གློག་འགྱུ་བཞིན་དུ་མི་རྟག་གིས། །གསུངས་པ་བཞིན་ཕྱི་དུས་བཞིའི་འཕོ་འགྱུར། ནང་འབྱུང་བཞིའི་དར་རྒུད། གསང་བ་ལུས་སེམས་བྱ་སྤྱོད་ཀྱི་འགྱུར་ལྡོག་སོགས་གང་དང་གང་ནས་བསམ་ཀྱང་སང་གི་བྱ་བ་དང་། ཚེ་ཕྱི་མ་གཉིས་གང་སྔ་མི་ཤེས་པར་མངོན་སུམ་གྱིས་གྲུབ། ནམ་འཆི་ཆ་མེད། འཆི་བའི་རྐྱེན་མང་། ནད་གདོན་སོགས་འདིས་མི་འཆི་བྱ་བ་མེད། ཚེ་མི་རྟག་འཆི་བ་ཟེར་བ་དེ་གློ་བུར་ཞིག་ཏུ་འོང་། བརྩིགས་པའི་ཁང་ཁྱིམ། བསགས་པའི་ལོངས་སྤྱོད། མཛའ་བའི་གཉེན་གྲོགས་སོགས་ཀྱིས་མི་ཕན་པར་ལས་ཁོ་ན་བདག་གིར་བྱས་ནས་འགྲོ་དགོས། འཆི་བ་ལ་ཕན་པ་དམ་པའི་ཆོས་ལས་གཞན་མེད་སྙམ་པས། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །ཉེ་བར་ལེན་པའི་དུས་འདི་འཇིག་ཅིང་བྲལ། །དུས་བཞི་མི་རྟག་འགྱུར་ཞིང་སྙིང་པོ་མེད། །རྒས་ཤིང་རྒུད་ལ་འཆི་བའི་ཆོས་ཅན་ཏེ། །ཐང་གཅིག་ཡུད་ཙམ་སྐད་ཅིག་གནས་པ་མེད། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབ་ཆུ་འདྲ། ཞེས་དང་། ཀླུ་སྒྲུབ་ཀྱིས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ལྡོག་སླད་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱིད་སླད་འབད་འཚལ་ཏེ། །དེ་ལས་ཆོས་མཆོག་དགོས་པ་གཞན་མ་མཆིས། ཞེས་གསུངས་པའི་དོན་ཡིད་ལ་བསམ་ཞིང་ཚིག་ངག་ཏུ་ཡང་ཡང་བརྗོད་པས་ཚེ་འདིའི་བྱ་བཞག་རྨི་ལམ་ལྟར་ཤེས་པས་ཡིད་ཕྱུངས་ཏེ་ལེ་ལོ་དང་། ཕྱི་བཤོལ་དུ་འཇོག་མི་ཁོམ་པར་ད་ལྟ་ནས་གཏན་བདེ་ཞིག་སྒྲུབ་ལོངས་ཨེ་ཡོད་ལྟ་དགོས་སྙམ་པ་མ་བྱུང་གི་བར་དུའོ། །དེ་ནས་རྟེན་བྱམས་དང་སྙིང་རྗེ་བསྒོམ་པ་ནི། ཕྱོགས་བཅུའི་ནམ་མཁའ་ལྟར་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། དེ་ཐམས་ཅད་མར་མ་གྱུར་པ་གཅིག་ཀྱང་མེད། དེ་རྣམས་སོ་སོ་ནས་ད་ལྟའི་མ་བཞིན་བརྩེ་བའི་སེམས་ཀྱིས་བཟུང་། བྱམས་པའི་སྤྱོད་ལམ་གྱིས་བསྐྱངས ། ཐབས་སྣ་ཚོགས་ཀྱིས་ཕན་བཏགས། གནོད་པ་ལས་བསྐྱབས་པའི་དྲིན་ཅན་ཤ་སྟག་ཡིན་ལ། ཐམས་ཅད་བདེ་བ་འདོད་སྡུག་བསྔལ་མི་འདོད་པར་མཉམ་ཡང་། རྨོངས་ཤིང་ཐབས་ལ་མི་མཁས་པས་སྡུག་བསྔལ་གྱི་རྒྱུ་འབྲས་འབའ་ཞིག་ལ་རྟག་ཏུ་སྤྱོད་ཅིང་རྒྱུན་དུ་མནར་བས་ཉམས་ཐག་པར་གྱུར་པའི་རྣམ་འགྱུར་ཡིད་ལ་དྲན་པས་བཟོད་དུ་མེད་པའི་སྙིང་རྗེ་མཆི་མ་འཁྲུགས་པ་ཙམ་གྱིས་བློ་བསྐུལ་ནས་ད་ལྟའི་མ་དང་སྐྱེ་བ་གཞན་གྱི་མ་ཞེས་ཉེ་རིང་རིས་སུ་མི་གཅོད་པར་ཐམས་ཅད་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་རྒྱུ་འབྲས་ཀུན་དང་བྲལ་བར་གྱུར་ཅིག་སྙམ་པས། སྙིང་པོ་མཆོག་གི་མདོ་ལས། བྱམས་པའི་རང་བཞིན་སྲིད་པའི་སེམས་ཅན་ལ། །བདེ་བ་སྨིན་ཅིང་གཅིག་པུ་བླ་མེད་པས། །ཁྱབ་པར་གྱུར་ཅེས་ཐུགས་རྗེའི་སྤྲིན་ཚོགས་ཅན། །གཉིས་མེད་ཡེ་ཤེས་མཆོག་གི་གནས་པ་ལགས། ཞེས་དང་། བུ་མོ་ཟླ་མཆོག་གིས་ཞུས་པའི་མདོ་ལས། འགྲོ་བ་སྡུག་བསྔལ་གྱུར་པའི་ཚོགས་མཐོང་ན། །ཐུགས་རྗེས་མི་བཟོད་སྡུག་བསྔལ་བྲལ་གྱུར་ཞེས། །རྟག་ཏུ་ཕན་པ་འབའ་ཞིག་སྦྱོར་མཛད་པ། །སྙིང་རྗེའི་ལྗོན་ཤིང་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཚིག་ངག་ཏུ་བརྗོད་ཅིང་དོན་ཡིད་ལ་ཡང་ཡང་དྲན་པས་འགྲོ་ཀུན་བདེ་དང་ལྡན་འདོད་སྡུག་བསྔལ་དང་བྲལ་འདོད་བཅོས་མིན་ནམ་སྐྱེས་ཀྱི་བར་དུའོ།། དེ་དང་འབྲེལ་བར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། ཐ ོག་མ་མེད་པ་ནས་མ་རིག་པའི་མུན་པས་འཐོམ། ཉོན་མོངས་པས་ཡིད་དཀྲུགས་ནས་སྨྱོས། བླང་དོར་ལ་བལྟ་བའི་མིག་དང་བྲལ་ཞིང་དགེ་བའི་བཤེས་གཉེན་གྱི་ལོང་ཁྲིད་ནི་མེད་པས། ཉེས་སྤྱོད་ཀྱིས་རྡོག་འཆལ་ནས་འཁོར་བ་དང་ངན་སོང་གི་གཡང་སར་ལྷུང་བ་རྣམས་འཁོར་བའི་སྡུག་བསྔལ་ཆེན་པོ་ལས་བསྒྲལ་ནས་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་དགོས་ཀྱང་། ད་ལྟ་དེའི་ནུས་པ་བདག་ལ་མི་འདུག་པས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་གཅིག་ཀྱང་མ་ལུས་པར་བསྒྲལ་བར་བགྱིའོ་སྙམ་པས། རྒྱལ་སྲས་ཞི་བ་ལྷས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། ཞེས་དང་། ཀུན་མཁྱེན་གྱིས། རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུག་ནས། །སྲིད་ན་འགའ་ཡང་མི་གནས་པར། །ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག གསུངས་པའི་ཚིག་དོན་དྲན་བཞིན་བྱང་ཆུབ་ཀྱི་སེམས་བཅོས་མིན་ནམ་དེ་དང་རྗེས་མཐུན་རྒྱུད་ལ་མ་སྐྱེས་ཀྱི་བར་ཡང་ཡང་ནན་ཏན་དུ་བྱའོ། །དེ་ལྟར་བསྒོམ་པའི་དགོས་པ་ནི། ཚེ་མི་རྟག་པར་བསྒོམ་པས་འཇིག་རྟེན་གྱི་བྱ་བ་ལ་བློ་ལོག་སྟེ་ཅི་བྱས་ཆོས་སུ་འགྲོ། བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པས་ཐ ེག་ད མན་ལས་བློ་ལོག་ནས་ཅི་བྱས་གཞན་དོན་དུ་འགྱུར་བ་ནི། ཀློང་གསལ་ལས། མི་རྟག་སྙིང་རྗེ་བྱང་སེམས་ཀྱིས། །ཆོས་འཇུག་ཐ ེག་ཆེན་ལམ་དུ་འགྲོ། ཞེས་གསུངས་པ་ལྟར་རོ། །དེས་རྒྱུད་དག་པར་སྦྱངས་པའི་རིམ་པ་རྣམས་གྲུབ་ནས།

ཐུན་མོང་མ་ཡིན་པའི་སྔོན་འགྲོ།

འབྱུང་བཞིའི་རྣལ་འབྱོར་ལ་བསླབ་པ།

གཉིས་པ་དེ་དང་རྗེས་སུ་འབྲེལ་བར་ཐུན་མོང་མ་ཡིན་པའི་སྔོན་འགྲོས་གནས་ལུགས་གཏན་ལ་འབེབས་པ་ལ། འབྱུང་བཞིའི་རྣལ་འབྱོར་ལ་བསླབ་པ། འཁོར་འདས་རུ་ཤན་དབྱེ་བ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱང་བ། སྒོ་གསུམ་རྣལ་དུ་དབབ་ཅིང་སོར་གཞུག་པ་སྟེ་བཞི་ལས། དང་པོ་འབྱུང་བཞིའི་རྣལ་འབྱོར་ནི། ཐལ་འགྱུར་རྩ་བའི་རྒྱུད་ལས། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི། །སྒྲ་ལས་བསླབ་པས་ངེས་པར་འགྲུབ། ཅེས་བསྟན་ཀྱང་ལག་ལེན་ལ་འདེབས་པའི་རྒྱུད་པ་མི་མང་བས་མ་བྱས་ཀྱང་ཆོག་ཕྱིར་འདིར་ཡང་མ་བརྗོད་དོ། །

འཁོར་འདས་རུ་ཤན་དབྱེ་བ།

དབྱེ་བར་བསྟན་པ།

གཉིས་པ་ཕྱི་འཁོར་འདས་རུ་ཤན་དབྱེ་བ་ལ། དབྱེ་བར་བསྟན་པ་དང་། དབྱེ་བའི་ཚུལ་གཉིས་ཀྱི། དང་པོ་རུ་ཤན་དབྱེ་བར་བསྟན་པ་ནི། ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེད་ན། །ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་བ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བཤད། ཅེས་སེམས་ཅན་རྣམས་ཀྱི་སྒོ་གསུམ་གྱི་ཆོས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་ཀྱང་གནས་སྐབས་སུ་གློ་བུར་འཁྲུལ་བའི་སྣང་ཞེན་གྱིས་བསྒྲིབས་པས་ཐོག་མ་མེད་པ་ནས་རིགས་དྲུག་གི་གནས་རྣམས་སུ་འཁོར་ཞིང་འཁྱམས་ནས་རིགས་དྲུག་སོ་སོའི་ལུས་ཀྱི་རྣམ་འགྱུར། ངག་གི་སྨྲ་བརྗོད། སེམས་ཀྱི་རྟོག་དཔྱོད། སྡུག་བསྔལ་གྱི་མྱོང་ཚུལ་བསམ་གྱིས་མི་ཁྱབ་ཀྱང་ད་དུང་ཞེན་ཅིང་ཆགས་པས་ཅི་ཞིག་བྱ། དེ་བས་འཁོར་འདས་རུ་ཤན་ཕྱེད་པར་བྱས་ཏེ་ཕྱིན་ཆད་འཁོར་བར་སྐྱེ་བའི་གཞི་རྩ་ཆོད་པ་ཞིག་བྱ་དགོས་ཏེ། རྒྱུད་གཞན་ནས་ཀྱང་། རྣམ་རྟོག་ལས་ནི་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པས་སྦྱང་བར་བྱ། ཞེས་གསུངས་སོ། །

རུ་ཤན་ཇི་ལྟར་དབྱེ་བའི་ཚུལ།

ཕྱི་ལྟར་དབྱེ་བའི་ཚུལ།

སྤྱིར་བསྟན་པ།

གཉིས་པ་ཇི་ལྟར་དབྱེ་བའི་ཚུལ་ལ་ཡང་ཕྱི་ནང་གཉིས་ལས། དང་པོ་ཕྱི་ལྟར་དབྱེ་བའི་ཚུལ་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་སྤྱིར་བསྟན་པ་ནི། བསྟན་བུ་ལས། སྔོན་དུ་ལུས་ངག་ཡིད་རྣམས་ཀྱི། །མངོན་པར་ཞེན་པ་ལྡོག་པའི་ཕྱིར། །སྔོན་དུ་སྤྱོད་པ་བརྩམ་པར་བྱ། གསུངས་པ་ལྟར་རྩ་ལྟུང་བདུན་པས་མི་གོས་ཕྱིར། ལུང་སྟོང་ནགས་གསེབ་རི་ངོགས་སོགས་མི་ཡི་འགྲོ་འོང་དང་མཐོང་ཐོས་མེད་པའི་གནས་སུ་གསང་སྟེ་ཕྱིན་ནས་ཡུལ་དེའི་གཞི་བདག་ལ་གཏོར་མ་ཕུལ་ནས་གྱ་ཚོམ་གྱི་སྤྱོད་པ་ལ་ཀོ་ལོང་མི་བྱེད་པའི་ཕྲིན་ལས་ཞུས་ནས་ལས་དང་རྐྱེན་ལས་བྱུང་བའི་འཁོར་བའི་འཁྲུལ་སྣང་ཐམས་ཅད་རྒྱུན་གཅོད་པའི་ཕྱིར་དུ་ཕྱི་ལྟར་འཁོར་འདས་རུ་ཤན་སོ་སོར་དབྱེ་བར་བྱ་སྟེ། དེ་ཡང་མ་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཀུན་གྱི་དོན་བསྒྲུབ་པའི་ཕྱིར་དུ་ལས་སྣང་འཁོར་བའི་སྒོ་གསུམ་དང་མྱང་འདས་རུ་ཤན་སོ་སོར་ཕྱེད་པར་བྱས་ནས་ཕྱིན་ཆད་འཁོར་བར་སླར་མི་ལྡོག་པར་བྱ་སྙམ་དུ་ངེས་པར་འདོད་པའི་བློས་སྒོ་གསུམ་གྱི་བྱ་སྤྱོད་སྣ་ཚོགས་ལ་ཞུགས་པས་ངལ་དུབ་ཀྱི་རྣམ་པར་ཤར་དེ་སྙེམས་ཐག་ཆོད་པའི་རྗེས་ཤེས་ཀྱི་ངོ་བོ་ལ་བལྟ་ཞིང་ངལ་གསོའོ།།

བྱེ་བྲག་ཏུ་དབྱེ་བའི་ཚུལ།

གཉིས་པ་བྱེ་བྲག་ཏུ་དབྱེ་བའི་ཚུལ་ནི། འདས་རྗེས་ལས། ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད། །ངག་གི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། །ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ། །རྣམ་པ་སྣ་ཚོགས་ཉིད་ལའང་སྦྱང་། །ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་བླང་། ཞེས་གསུངས་ཤིང་དེ་དང་མཐུན་པར་ཐལ་འགྱུར་ལས། ལུས་ནི་འགྲོ་དང་འདུག་པ་དང་། །གཅུད་ཅིང་འཁྲུལ་འཁོར་སྣ་ཚོགས་དང་། །ཡན་ལག་འཕེན་ཅིང་སྡུད་པ་དང་། །བྱ་བྱེད་རྣམ་པ་སྣ་ཚོགས་བསྟན། །དྲན་པའི་སེམས་ཀྱིས་མངོན་བླངས་ཏེ། །འགྲོ་དྲུག་གཟུགས་ཀྱི་སྤྱོད་པ་རྣམས། །སེམས་ཀྱིས་བླངས་ཏེ་ལུས་ཀྱིས་བྱ། ཞེས་དང་། ཅི་སྨྲས་ལྡོག་པ་མེད་པའི་ཕྱིར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་གྲུལ་བུམ་ཁྱབ་འཇུ ག་གི། །སྐད་ནི་བཟང་ངན་བྱེ་བྲག་བརྗོད། །མདོར་ན་འགྲོ་བ་དྲུག་གི་སྐད། །སེམས་ཀྱིས་དྲན་བསམ་ངག་གིས་བརྗོད། །ཅེས་དང་། སངས་རྒྱས་སྲས་གཅིག་གི་རྒྱུད་ལས། དགའ་དང་མི་དགའ་བདེ་དང་སྡུག །རྟག་དང་མི་རྟག་ལ་སོགས་པ། །ལྟ་སྒོམ་སྤྱོད་པའི་བསམ་པ་དང་། །ཆོས་དང་ཆོས་མིན་ལ་སོགས་དང ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །དགེ་དང་མི་དགེ་ལ་སོགས་པའི། །བསམ་སྤྱོད་རྣམ་པ་སྣ་ཚོགས་བྱ། ཞེས་གསུངས་པས་ལུས་ཀྱིས་དམྱལ་བ་པའི་ཚ་གྲང་། ཡི་དྭགས་ཀྱི་བཀྲེས་སྐོམ། དུད་འགྲོའི་བཀོལ་སྤྱོད། ལྷ་མིན་གྱི་འཐབ་རྩོད། ལྷའི་འཕོ་ལྟུང་སོགས་ཀྱི་སྡུག་བསྔལ་རང་རྒྱུད་ལ་བཀལ་ཞིང་འགྲོ་དྲུག་སོ་སོའི་རྣམ་འགྱུར་དང་སྤྱོད་པ་སྣ་ཚོགས་དང་། དང་པོ་ཐུགས་བསྐྱེད་ཚུལ་ནས་བཟུང་སངས་རྒྱས་ཏེ་ཆོས་གསུངས་པ་དང་། མྱ་ངན་ལས་འདས་ཏེ་བསྟན་པ་གནས་པའི་བར་གྱི་མཛད་ཚུལ་དང་། འཁོར་ཚོགས་བརྒྱུད་ལྡན་གྱི་མཛད་སྤྱོད་སྣ་ཚོགས་སྤྱོད་ཅིང་གཞན་ཡང་རྒྱུག་ཅིང་མཆོང་བ། འགྲོ་ཞིང་འདུག་པ། ཡན་ལག་འཕེན་སྡུད། གཅུད་དང་འཐེན་པ་སོགས་འཁྲུལ་འཁོར་སྣ་ཚོགས། འདར་འཁྲབ་འཕར་བ། ཞི་ཁྲོའི་སྟངས་སྟབས། གླུ་བྲོ་གར་གྱི་རོལ་རྩེད་སོགས་གང་དྲན་ཚད་ཀྱི་སྤྱོད་པ་བརྩམས་པས་སྐྱོ་ཞིང་ངལ་དུབ་པར་བྱ། ངག་གིས་དམྱལ་བ་པའི་སྒྲ། ཨ་ཚ་ཚ། ཨ་ཆུ་ཆུ། ཨ་ན་ན། ཀྱེ་ཧུད་སོགས་དང་། ཡི་དྭགས་ཀྱིས་ང་ལྟོག ང་འཁྱག ང་སྐོམ། ང་ལ་མེད་སོགས་དང་། དུད་འགྲོའི་འུ་དང་། འབུ་དང་། འབའ་དང་། ཝཾ་དང་། ཨཾ་ལ་སོགས་པ་དང་། མིའི་ངུ་སྒྲ་དང་། སྨྲེ་ངག མྱ་ངན་གྱི་གཏམ་སོགས་དང་། ལྷ་མིན་གྱི་རྒྱོབ་སོད་དང་། ཆོད། གཏུབས། རྡུངས། ཆོམས་སོགས་དང་། ལྷའི་གླུ་གར་སོགས་དགའ་བའི་གཏམ་གྱི་མཐར། ཤིང་སྐམ་འདུག ཆུ་མིག་སྐམ་འདུག གྲོགས་གར་སོང་། རྟ་ཤི་འདུག བ་བོར་ཐལ། ང་ལ་དྲི་ངན་པ་ཞིག་བྲོའམ། ང་ཤི་ན་ངན་འགྲོར་ལྟུང་གི། ཀྱེ་ཧུད་སོགས་རིགས་དྲུག་སོ་སོའི་སྒྲ་སྐད་དང་། འབྱུང་བ་བཞིའི་སྒྲ་དང་། འཆད་རྩོད་སོགས་ཆོས་མཐུན་གྱི་གཏམ་དང་། ཞི་ཁྲོའི་འཛབ་དབྱངས་རྡོ་རྗེའི་གླུ་དང་། དྲག་པོའི་གད་མོ་ཧཱུྃ་ཧཱུྃ་ཕཊ་ཕཊ་སོགས་ཅ་ཅོའི་སྒྲ་དང་སྐད་ཀྱི་བརྗོད་པ་སྣ་ཚོགས་པ་སྒྲོགས་པས་རྩལ་སྦྱངས། སེམས་ཀྱིས་དེ་རྣམས་སོ་སོའི་སྡུག་བསྔལ་དང་བདེ་བའི་ཚོགས་ཅི་ཡོད་ཐམས་ཅད་རང་ཐད་རང་ཐད་ནས་རྒྱུད་ཐོག་ཏུ་བཀལ་ཞིང་རང་ཉམས་སུ་བླངས། དགའ་མི་དགའ་བདེ་སྡུག་ཆགས་སྡང་རྟག་མི་རྟག་སོགས་དགེ་བ་དང་མི་དགེ་བ་གང་དྲན་ཚད་ཀྱི་རྟོག་ཚོགས་སྤྲོ་བ་དང་བསྡུ་བ་སྣ་ཚོགས་བཙན་ཐབས་སུ་སློང་བས་སྙེམས་ཐག་ཆོད་པར་བྱ། ཁྱད་པར་འཁོར་བ་ཐོག་མ་མེད་པ་ནས་སྐྱེ་བ་དཔག་ཏུ་མེད་པ་བླངས་ཏེ་ལུས་རེ་རེ་ནས་རིགས་དྲུག་རང་རང་སོ་སོའི་རྣམ་འགྱུར་དང་སྤྱོད་ལམ་གྱི་སྡུག་བསྔལ་མྱོང་བ་བསམ་གྱིས་མི་ཁྱབ། ངག་གིས་སྨྲ་བའི་སྒྲ་འདིས་ཀྱང་གཉིས་སུ་འཛིན་པའི་རྒྱུ་རྐྱེན་བྱས། སེམས་འདི་རིག་ན་སངས་རྒྱས་ཀྱི་ཐུགས་དང་དབྱེར་མེད་ཡིན་ཡང་། མ་རིག་པའི་དབང་དུ་སོང་བས་འཁོར་བར་འཁྱམས་ཤིང་། དེ་ཙམ་སྡུག་བསྔལ་གྱི་རྒྱུ་འབྲས་ལ་སྤྱོད་ཀྱང་དོན་མེད་ཁོ་ནར་སོང་། ཤིན་ཏུ་འཁྲུལ་ཚབ་ཆེ་བ་འདི་འཁོར་འདས་མ་ཕྱེད་པས་ལན། ད་ནི་རུ་ཤན་ཕྱེས་ནས་འཁོར་བར་མི་འཁྱམ་པ་ཞིག་ངེས་པར་བྱ་དགོས་བསམ་པས་སྒོ་གསུམ་ངལ་དུབ་དང་སྐྱོ་བའི་རྣམ་པར་ཤར་ཚེ་རྗེས་ཤེས་ཀྱི་རང་ངོར་བལྟ་ཞིང་ངལ་གསོ་བར་བྱའོ། །དེ་ལྟར་ཡང་ནས་ཡང་དུ་བྱས་པས་ལུས་མེད་སྙམ་པ་དང་། ལུས་ལ་ཆགས་མེད་དང་དགག་སྒྲུབ། ཚ་གྲང་དང་ན་ཚ། བཀྲེས་སྐོམ་གྱི་གདུང་བ་སོགས་མེད་པའི་ཉམས་སྐྱེ་འདུག་ན་ལུས་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ཡིན་ལ། ངག་གི་རྟགས་བླ་མའི་གདམས་ངག་རྣམས་ལ་གོ་བ་སྐྱེས་ནས་ཚིག་དོན་ཆེད་དུ་མ་བཟུང་བར་སྒོམ་བྱུང་གི་ཤེས་རབ་རང་རྡོལ་བས་གདམས་ངག་གི་ཚིག་དོན་རྣམས་ཤེས་སླ་བ་འོང་ན་ངག་རུ་ཤན་ཕྱེད་པའི་རྟགས་དང་། སེམས་ཀྱི་རྟགས་དངས་ཤིང་གསལ་ལ་འཁྲུལ་བ་མེད་པ་དང་། གདམས་ངག་ལ་བྲོད་པ་སྐྱེ་ཞིང་ཉམས་ལ་དགའ་ཞིང་བདེ་བ་འཆར་བ་སོགས་བྱུང་ན་ཡིད་རུ་ཤན་ཕྱེད་པའི་རྟགས་ཡིན་ནོ། །དེ་ལྟར་སྒོ་གསུམ་རུ་ཤན་སོ་སོར་ཕྱེད་པའི་རྟགས་རྣམས་མ་འབྱོངས་ཀྱི་བར་དུ་ཞག་བདུན་ནམ། བཅུ་གཅིག་ཟླ་ཕྱེད་སོགས་སུ་བསྲང་ནས་ཡང་ཡང་བསྐྱར་རོ། །

རུ་ཤན་ནང་ལྟར་དབྱེ་བ།

དབྱེ་བར་བསྟན་པ།

གཉིས་པ་རུ་ཤན་ནང་ལྟར་དབྱེ་བ་ལ། དབྱེ་བར་བསྟན་པ་དང་། ཇི་ལྟར་དབྱེ་བའི་ཚུལ་བསྟན་པ་གཉིས། དང་པོ་རུ་ཤན་དབྱེ་བར་བསྟན་པ་ནི། ཀློང་གསལ་ལས། ནང་གི་འཁྲུལ་རྒྱུ་ཟད་པའི་ཕྱིར། །འཁོར་འདས་རུ་ཤན་ནང་ལྟར་དབྱེ། ཞེས་ཏེ། རུ་ཤན་ཕྱི་ལྟར་དབྱེ་བས་ཕྱི་འཁྲུལ་བའི་རྐྱེན་སྣང་ཟད་ཀྱང་ནང་འཁྲུལ་བའི་རྒྱུ་དང་ས་བོན་མ་ཟད་ན་ཞེ་སྡང་སོགས་ཉོན་མོངས་པའི་ཀུན་སློང་གིས་མི་དགེ་བའི་བག་ཆགས་ས་བོན་སོ་སོ་ལ་བཞག་པས་དེ་དང་དེའི་ནུས་པ་སད་པར་བྱས་ཏེ། འབྲས་བུ་རིགས་དྲུག་གི་འཁོར་རྒྱུན་ཆོད་པར་མི་འགྱུར་བས་དེ་ཆོད་པའི་ཕྱིར་རུ་ཤན་ནང་ལྟར་དབྱེ་དགོས་པ་ཡིན།

ཇི་ལྟར་དབྱེ་བའི་ཚུལ་བསྟན་པ།

གཉིས་པ་ཇི་ལྟར་དབྱེ་བའི་ཚུལ་བསྟན་པ་ནི། ཀློང་གསལ་ལས། སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་གནས་རྐང་མཐིལ་དུ། །ཨ་སུ་ནྲྀ་ཏྲི་པྲེ་དུ་གནས། ཞེས་དང་། འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་འབྲུ་གསུམ་ཤར། །ཡི་གེ་རྩལ་སྦྱངས་རུ་ཤན་དབྱེ། གསུངས་པ་ལྟར། སྦྱང་གཞི་འགྲོ་བ་རྣམས་ཀྱི་ལུས་ཀྱི་གནས་དྲུག་ཏུ་རིགས་དྲུག་གི་གནས་སོ་སོར་འཕེན་བྱེད་ཀྱི་ས་བོན་རྒྱུན་ཆགས་སུ་གནས་པའི་སྦྱང་བྱའི་ཡི་གེ་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྟག་རྩྭ་བ་མེན་གྱི་རྭ་འདྲ་བའི་ནང་དུ་ལྷ་མིན་གྱི་ས་བོན་སུ་ལྗང་སེར། སྙིང་གར་སྲོག་རྩའི་ནང་དུ་མིའི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་རྩ་བ་ཐག་བརྒྱངས་པ་ལྟ་བུའི་ནང་དུ་དུད་འགྲོའི་ས་བོན་ཏྲི་དམར་ནག གསང་བར་བདེ་ཆེན་གྱི་རྩ་ནང་དུ་ཡི་དྭགས་ཀྱི་ས་བོན་པྲེ་ལྗང་གུ། རྐང་མཐིལ་དུ་རྩ་འཁོར་འཁྱིལ་བར་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་ལ་འགྲོ་བ་རིགས་དྲུག་གི་བག་ཆགས་རྣམས་ལྷན་སྐྱེས་སུ་གནས་པས། འཆི་བའི་ཚེ་ལུས་ཀྱི་ཆ་དང་རྩ་ཁམས་ཡི་གེ་དེ་རྣམས་གང་དུ་རླུང་སེམས་འདུས་པ་དེར་མཐུན་པའི་རིགས་སུ་འཕེན་ཅིང་སྐྱེ་བར་བྱེད་པའི་ཕྱིར་སྦྱང་བ་གལ་ཆེ་ཞིང་། དེ་ཡང་སྦྱོང་བྱེད་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་རིག་པའི་ཡེ་ཤེས་རྡོ་རྗེ་གསུམ་གྱི་རང་བཞིན་ཡི་གེའི་རྣམ་པར་ཤར་བ། སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཀར་ཧཱུྃ་སྔོན་པོ་རྣམས་བཀྲག་མདངས་འོད་ཟེར་འབར་བར་གསལ་ལ། འབྲུ་གསུམ་བཟླས་པའི་རྐྱེན་གྱིས་དེ་ལས་བྱུང་བའི་ཡེ་ཤེས་ཀྱི་མེ་དང་འོད་ཀྱིས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་དངོས་མེད་དུ་བསྲེགས། མ་རིག་པ་ལས་བྱུང་བའི་འཁོར་བ་དང་ངན་སོང་དུ་སྐྱེ་བའི་རྒྱུ་འབྲས་ཐམས་ཅད་ལྷག་མེད་དུ་སྦྱང་བར་བསམ་ལ། ༀ་ཨཱཿཧཱུྃ་འབུམ་ཕྲག་བདུན་དབྱངས་དང་ཤུབ་བུ་སྤེལ་མར་བཟླ་བའམ། སྤྲོ་ན་ས་བོན་སོ་སོའི་འོག་ཏུ་རཾ་དང་ཡཾ་མེ་དང་རླུང་གི་རང་བཞིན་ཅན་རེ་རེ་བསམ་ལ། ངག་ཏུ་ༀ་ཨཱཿཧཱུྃ་ནཱ་ར་ག་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བཟླས་པས་ཡཾ་ལས་རླུང་གཡོས་རཾ་ལ་ཕོག ཡེ་ཤེས་ཀྱི་མེ་དཀར་གསལ་དུ་འབར། དུ་ནག་པོའམ་དུད་ཁ་དངོས་མེད་དུ་བསྲེགས་པར་བསམ། དེ་བཞིན་དུ་ༀ་ཨཱཿཧཱུྃ་པྲེ་ཏ་ཀ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། བཟླས་པས་ཡཾ་ལས་རླུང་གཡོས་རཾ་ལས་མེ་དམར་གསལ་འབར། པྲེ་ལྗང་ནག་གམ་ཐལ་སྐྱའམ་དམར་ནག་བསྲེགས། ༀ་ཨཱཿཧཱུྃ་ཏིར་ཡ་ཀ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། བརྗོད་པས་རླུང་གཡོས་མེ་མཐིང་གསལ་འབར། ཏྲི་དམར་ནག་གམ་ལྗང་གུ་བསྲེགས། ༀ་ཨཱཿཧཱུྃ་དུ་ག་དྲི་ཤ་ཎི་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། བརྗོད་པས་རླུང་གཡོས་མེ་ཁ་ཏོག་ལྔ་འབར། ནྲྀ་སྔོ་སྐྱ་བསྲེགས། ༀ་ཨཱཿཧཱུྃ་ཨ་སུ་ར་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། བརྗོད་པས་རླུང་གཡོས་མེ་ལྗང་གསལ་འབར། སུ་ལྗང་སེར་བསྲེགས། ༀ་ཨཱཿཧཱུྃ་ཨ་དཀར་དེ་བ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བརྗོད་པས་རླུང་གཡོས་མེ་སེར་གསལ་འབར། ཨ་དཀར་པོ་དངོས་མེད་དུ་བསྲེགས། སླར་ཡང་འབྲུ་གསུམ་ལས་བྱུང་བའི་བདུད་རྩི་དང་འོད་ཟེར་གྱིས་རིགས་དྲུག་གི་གནས་རྣམས་སྦྱངས་ཏེ་འཁོར་བའི་སྐྱེ་གནས་ཐམས་ཅད་སྟོང་བར་བསམ་ལ། འབྲུ་གསུམ་བཟླ་བར་གསུངས་པས། གང་མོས་རེས་མོས་སུ་བྱས་ནས། སྡིག་སྒྲིབ་དག་པའི་རྟགས་མཚན་སྣ་ཚོགས་དང་། སྒོ་གསུམ་ཐ་མལ་གྱི་འཛིན་ཞེན་ཤུགས་ལ་དག་ནས་ཤེལ་གོང་ཕྱིས་པ་ལྟར་གྱུར་སོང་སྙམ་པའི་རྟགས་མ་བྱུང་གི་བར་དུ་འབད་པས་གནས་སྐབས་སུ་འཁོར་བའི་ས་བོན་སྟོངས་ཤིང་འབྲེལ་ཐག་ཆོད། མཐར་ཐུག་འཁོར་བར་མི་ལྡོག་པར་འགྱུར་ཏེ། ཀློང་གསལ་ལས། རུ་ཤན་ནང་ལྟར་སུས་ཕྱེ་བ། །འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོངས། །གསུམ་པོ་འཁོར་བར་ལྡོག་པ་མེད། ཅེས་དང་། དེ་ལྟར་ས་བོན་མ་ཟད་ན། །འཁོར་བའི་འབྲེལ་ཐག་ཆོད་མི་འགྱུར། །ཞེས་རྒྱུ་ས་བོན་ཟད་ན་དེས་བསྐྱེད་ཀྱི་འབྲས་བུ་མེད་པ་ལྟ་བུའོ། །དེ་ལྟར་རུ་ཤན་ཕྱི་ནང་སོ་སོར་ཕྱེད་པས། སྒོ་གསུམ་གྱི་ཞེན་པ་ལོག འཁོར་བའི་འབྲེལ་རྒྱུན་ཆོད་ནས་ལུས་བདེ་ཆེན་འོད་གསལ་དུ་སྨིན། ངག་ཡི་གེའི་འཁོར་ལོར་དག །སེམས་རིག་ཐོག་ཏུ་གྲོལ་ཞིང་གསལ་སྟོང་མི་རྟོག་པའི་ཉམས་འཆར་བ་སོགས་འབྱུང་སྟེ། དབང་ཉེ་བར་རྟོགས་པ་ལས། རུ་ཤན་གང་གིས་ཕྱེད་པ་ཉིད། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རུ་ཤན་འབྱོངས་པའོ། །

ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱང་བ།

#div6 དགོས་པའི་དབང་གིས་སྤྱིར་བསྟན་པ།

གསུམ་པ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱང་བ་ལ། དགོས་པའི་དབང་གིས་སྤྱིར་བསྟན་པ་དང་། སྔོན་འགྲོ་བྱེ་བྲག་ཏུ་བསྟན་པ་གཉིས། དང་པོ་སྤྱིར་བསྟན་པ་ནི། ཐལ་འགྱུར་ལས། འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བས་བརྟག ཅེས་སྒོ་གསུམ་གྱི་སྡིག་སྒྲིབ་འདག་པ་དང་། འཁོར་བར་མངོན་ཞེན་ལྡོག་པས་སླར་མི་ལྡོག་ཅིང་མྱ་ངན་ལས་འདའ་བའི་ཕྱིར་རམ། ཀློང་གསལ་ལས། ལུས་ངག་ཡིད་གསུམ་སྔོན་འགྲོ་ནི། །ཐུན་མོང་ཁྱད་པར་མཐར་ཐུག་གི། །དགོས་པ་གསུམ་ཏུ་ཤེས་པར་བྱ། ཞེས་སྒོ་གསུམ་གྱི་སྒྲིབ་ཚོགས་རྩ་བ་ནས་བྱང་ཞིང་དག་པ་ཐུན་མོང་དང་། ཞེན་ལོག་འཁོར་བར་མི་ལྡོག་པ་ཁྱད་པར་དང་། སྒོ་གསུམ་སྐུ་གསུམ་དུ་གྲོལ་བར་འདོད་པ་མཐར་ཐུག་གི་དགོས་པ་སྟེ་གསུམ་གའི་ཕྱིར་དུ་སྒོ་གསུམ་གྱི་སྔོན་འགྲོས་ཀྱང་རུ་ཤན་དབྱེའོ།།

སྔོན་འགྲོ་བྱེ་བྲག་ཏུ་བསྟན་པ།

ལུས་སྦྱང་།

གཉིས་པ་སྔོན་འགྲོ་བྱེ་བྲག་ཏུ་བསྟན་པ་ལ། ལུས་སྦྱང་། ངག་སྦྱང་། སེམས་སྦྱང་གསུམ། དང་པོ་ལུས་སྦྱང་གི་སྔོན་འགྲོ་ནི། ཐལ་འགྱུར་ལས། ལུས་ཀྱི་སྔོན་དུ་འགྲོ་བ་ལས། །སོ་སོའི་བྱེད་པའི་རྒྱུ་འགག་པ། །རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ། །ལུས་སྦྱང་སེམས་ལ་ཕན་པའོ། ཞེས་ལུས་ལ་གནད་དུ་བསྣུན་ན་སེམས་ཀྱི་དངས་སྙིགས་འབྱེད་པར་གསུངས་པས། རྡོ་རྗེའི་འདུག་སྟངས་ལངས་འདུག་གཉིས་ལས། སྔ་མ་ནི། རྟིང་པ་གཉིས་མཐིལ་སྤྲད་ནས་སོར་བཅུ་ས་ལ་བཙུགས། པུས་མོ་གཉིས་ཕྱིར་བསྒྲད། རྒལ་ཚིགས་དྲང་པོར་བསྲང་། ལག་གཉིས་སྤྱི་བོར་མ་རེག་ཙམ་དུ་ཐལ་མོ་སྦྱར་ལ་གྲུ་མོ་བསྒྱང་། མགྲིན་པས་ཨོལ་མདུད་ནོན་པར་བྱས། འཆུན་དང་བཅས་ཏེ་ལུས་རྡོ་རྗེ་རྩེ་གསུམ་པ་སྔོན་པོ་མེ་འབར་བ་ཞིག་ཏུ་བསྒོམ། དེས་ལུས་ཁོལ་བུར་ན་ཞིང་ཚུགས་མི་ཐུབ་པ་ན་ལུས་རང་བབས་སུ་ཁྲས་སེ་བསྐྱུར་བས་དྲོད་སྐྱེ་ཞིང་སེམས་རྟོག་མེད་དུ་གནས། དེ་ཚེ་དེའི་རང་ངོ་བསྐྱང་། ཡང་འདུག་སྟངས་སྔ་མས་དུབ་ན། ཕྱི་མ་མི་འགྱུར་རྡོ་རྗེའི་འདུག་སྟངས་རྡོ་རྗེ་ལྟ་བུ་ལས་ལུས་སྤྱི་བསྲངས་པས། འགྱུ་བྱེད་ཀྱི་རླུང་འགག རྐང་མཐིལ་སྦྱར་བས་ཕོ་མོ་མ་ནིང་གི་རླུང་སྟོངས་ཏེ་འོད་གསལ་ཆེན་པོའི་ངང་དུ་རང་གནས། རྟིང་པ་གསང་བར་གཏད་པས་འདོད་ཆགས་ཀྱི་གཞི་སྟོངས། སྤྱི་བོར་ཐལ་མོ་སྦྱར་བས་ལུས་ཀྱི་གནད་སྦྱོང་བར་གསུངས་པས་འདུག་སྟངས་རེས་མོས་སུ་བྱས་མཐར། འདིར་ཡང་ངལ་ཞིང་འཇོག་ཚེ་ཧལ་ཞེས་བརྗོད་ཅིང་རང་གི་རིག་པ་ནམ་མཁར་ལྡང་། ལུས་གར་འགྱེལ་དུ་དུར་ཁྲོད་ཀྱི་མི་རོ་བཞིན་རང་བབས་སུ་བསྐྱུར། ཡིད་དྲན་རྟོག་མེད་པའི་རང་ངོ་ཡུན་རིང་དུ་བསྐྱང་དགོས་སོ། །དེ་ལ་འདུག་སྟངས་གཉིས་ཀའི་རྡོ་རྗེའི་ཡར་རྩེ་གསུམ་ངོ་བོ། རང་བཞིན། ཐུགས་རྗེ་གསུམ་དང་། མར་རྩེ་གསུམ་སྐུ་གསུམ། སྐེད་པ་གཅིག་ཏུ་འདྲིལ་བ་ཀ་དག་དང་ལྷུན་གྲུབ་ངོ་བོ་གཅིག་ཏུ་ལམ་བྱེད་མཚོན་པའོ།། དེ་ལྟར་ལུས་སྦྱངས་པས་སེམས་དྭངས་སྙིགས་འབྱེད་ནས་ཐུན་མོང་དུ་ལུས་ཀྱི་སྡིག་སྒྲིབ་འདག ལུས་རྡོ་རྗེ་མེ་འབར་བ་མཐོང་བས་གདོན་བགེགས་ཀྱི་བར་ཆད་ཞི། ཁྱད་པར་འཁོར་བར་ལུས་ལ་མངོན་པར་ཞེན་པ་ལྡོག་པས་ཕྱིན་ཆད་འཁོར་བ་དང་ངན་སོང་དུ་མི་ལྟུང་། མཐར་ཐུག་སྤྲུལ་པའི་སྐུར་དབྱེར་མེད་དུ་གྲོལ། ལུས་རྡོ་རྗེའི་སྐུར་སྨིན་ནས་མྱ་ངན་ལས་འདའ་བར་འགྱུར་བའོ། །

ངག་སྦྱང་།

རྒྱས་གདབ་པ།

#iv8 ཕྱི་སྣང་བ་ལ་རྒྱས་གདབ་པ།

གཉིས་པ་ངག་སྦྱང་བ་ནི། ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལས། །རྒྱས་གདབ་པ་དང་རྩལ་སྦྱངས་ཉིད། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །དེ་ལྟར་ངག་སྦྱང་སེམས་ལ་ཕན། ཅེས་གསུངས་པས། རྒྱས་གདབ་པ། རྩལ་སྦྱང་བ། མཉེན་བཙལ་བ། ལམ་དུ་གཞུག་པ་བཞི། དང་པོ་ལའང་ཕྱི་ནང་གཉིས་ལས། དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། དབེན་པར་སྐྱིལ་མོ་ཀྲུང་བཅས་ཏེ། །སྙིང་གར་ཧཱུྃ་སྔོན་པོ་ཞིག་བསྒོམ་ལ། ངག་ཏུ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་སྙན་ལ་རིང་བར་བཟླས་པ་དང་ཆབ་གཅིག་ཏུ། སྙིང་གའི་ཧཱུྃ་ལས་ཧཱུྃ་གྲངས་མེད་པ་རྒྱུན་ཆད་མེད་པར་བྱུང་། ཐོ་ཕྱི་དང་གནས་ཁང་། གྲོང་ཁྱེར་ཡུལ་ཁམས། འཇིག་རྟེན་སྟོང་ཁམས་བློས་མི་ཁྱུད་པ་ཙམ་དུ་ཧཱུྃ་གིས་ཤིག་ཤིག་མེར་མེར་གང་བས་བརྟན་གཡོའི་སྣང་བ་ཐམས་ཅད་ཧཱུྃ་དུ་ལམ་ལམ་སོང་བར་བསམ་ལ། རླུང་དང་སྣང་བ་ཤེས་པ་གསུམ་ཧཱུྃ་དང་གཅིག་ཏུ་དྲིལ་ནས། སོ་མཆུ་མ་རེག་ཙམ་དུ་བཟླ་ཞིང་ཧཱུྃ་གི་རང་སྒྲ་བུང་བ་ཚང་ཞིག་པ་ལྟར་ཏི་རི་རི་གྲགས་པར་བསམ། དེ་ལྟར་ཡང་ཡང་མ་ཡེངས་བར་སྤྲོས་པས་གང་སྣང་ཐམས་ཅད་ཧཱུྃ་གི་རྒྱས་ཐེབས་པའི་རྟགས་སུ་སྣང་བ་ཐམས་ཅད་བན་མ་བུན་དུ་འགྲོ་ཞིང་ཧཱུྃ་གི་རང་བཞིན་དུ་འཆར་རོ། །དེས་ནི་ཕྱི་ཡུལ་སྣང་རང་བཞིན་མེད་པར་གྲོལ་བར་འགྱུར་རོ། །

ནང་ཕུང་པོ་ལ་རྒྱས་གདབ་པ།

གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། སྔར་བཞིན་ཧཱུྃ་རིང་པོ་བརྗོད་པས་ཕྱི་རོལ་གྱི་ཧཱུྃ་རྣམས་གཅིག་རྗེས་སུ་གཅིག་བསྟུད་དུ་རིམ་པར་བྱུང་། ཐམས་ཅད་དབང་པོའི་སྒོ་ནས་ནང་དུ་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་ཤ་ཁྲག་ནང་ཁྲོལ་བཅས་མི་དམིགས་པར་སྦྱངས་བར་བསམ་ལ་རླུང་བསྡམས་པས་ཕུང་པོ་ཧཱུྃ་གི་རྒྱས་ཐེབས་པའི་རྟགས་སུ་ལུས་ཀྱི་ནང་ཧཱུྃ་གིས་མེར་རེ་ཧྲོང་ངེ་གང་ཞིང་མི་བདེ་བ་སྙམ་བྱེད་པ་འབྱུང་ངོ་། དེས་ལུས་ཀྱི་འབྱུང་བ་དག་ཏེ་གདོས་བཅོས་ཕུང་པོ་ཟག་མེད་དུ་གྲོལ་བར་འགྱུར་རོ། །

རྩལ་སྦྱང་བ།

ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི།

གཉིས་པ་རྩལ་སྦྱང་བ་ལ་ཡང་ཕྱི་ནང་གཉིས། དང་པོ་ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི། ཧཱུྃ་སྒྲ་དྲག་ལ་ཐུང་བ་ངར་དང་ལྡན་པར་བརྗོད་པས། སྙིང་ཀའི་ཧཱུྃ་ལས་ཧཱུྃ་མཐིང་ནག་རྣོ་ཞིང་མྱུར་བའི་ཤུགས་དང་ལྡན་པ། ཆེ་ཆུང་འབིགས་པའི་ཡུལ་དང་མཚམས་པ། གློག་འཁྱུག་པ་བཞིན་དུ་སྤྲོས་ཤིང་། རི་བྲག་སོགས་གང་ཡིན་ཐོགས་རེག་གི་སྣང་བར་ཤར་བ་དེ་ལ་རེག་པ་ཙམ་གྱིས་ཐོག་རྒོད་བརྒྱུག་པ་ལྟར་ཕྱི་ཐལ་ནང་ཐལ་དུ་ཁྲལ་ཁྲོལ་དང་ཁ ལ་ཁོལ་མེད་པར་ཕུག་པར་བསམ་མོ། །དེ་འབྱོངས་པའི་རྟགས་ཀྱང་ཕྱིའི་སྣང་བ་ཐམས་ཅད་སང་སེང་བ་དང་། ཁྲལ་ཁྲོལ་བ་སྣང་ལ་རང་བཞིན་མེད་པའི་ཉམས་འབྱུང་ངོ་། །དེས་སྣང་ཚད་ཐམས་ཅད་བདེན་མེད་དུ་ཤེས་ཤིང་བདེ་གསལ་རང་གྲོལ་འཇའ་ཚོན་ལྟ་བུར་འགྲོ་བར་འགྱུར་རོ། །

ནང་ཕུང་པོ་ལ་རྩལ་སྦྱོང་བ།

གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི། ཡང་དེ་བཞིན་དུ་ཧཱུྃ་ལས་ཧཱུྃ་མཐོ་གང་བས་ལུས་ཀྱང་ཕྱི་ཐལ་ནང་ཐལ། མདུན་རྒྱབ་སྟོད་སྨད་ཀུན་ནས་ཟང་མ་ཐལ་བྱུང་དུ་ཁོལ་ཙེ་མེད་པར་ཕུག་པས་སང་སེང་ཁྲལ་ཁྲོལ་དུ་སྦྱངས་བར་བསམ་མོ། །དེ་འབྱོངས་པའི་རྟགས་སུ་ལུས་ཁྲལ་མ་ཁྲོལ་དུ་སོང་བ་སྙམ་དུ་བྱེད་ཅིང་། ལུས་ཤ་ཁོལ་བུར་འཕར་ཞིང་རྡོལ། ལུས་ཆུ་ཟླའི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པའི་ཉམས་འཆར་རོ། །དེས་ནང་ཕུང་པོའི་ནད་གདོན་ཞི་ཞིང་འཇའ་ལུས་འོད་གསལ་ཀྱི་སྐུར་གྲོལ་བར་འགྱུར་རོ། །

མཉེན་བཙལ་བ།

གསུམ་པ་མཉེན་བཙལ་བ་ནི། མདུན་དུ་ཤིང་བུ་སོགས་མཚན་མའམ་དམིགས་རྟེན་དུ་བཞག ཧཱུྃ་སྙན་པོར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་གི་ཕྲེང་བ་བར་མ་ཆད་དུ་འཕྲོས། དམིགས་རྟེན་གྱི་རྩ་བ་ནས་ཧཱུྃ་གིས་རིམ་པར་དཀྲིས་ཏེ་རྩེ་མོར་སླེབ་པ་ན་ཧཱུྃ་སྔ་མ་དེ་མདུང་ཚུགས་སུ་གནས་པ་ལ་ཤེས་པ་གཏད་དེ་ཧཱུྃ་གླུ་དལ་པོར་ལེན། ཡང་སྦྲུལ་ཞིག་པ་ལྟར་བཤིག་ནས་གཅིག་ལ་གཅིག་བསྟིམ་ནས་ཧཱུྃ་གཅིག་ཏུ་གྱུར་པ་ལ་གཏད་དེ་དར་ཅིག་འཇོག སྐྱོ་བ་ན་སླར་སྙིང་གའི་ཧཱུྃ་ལ་ཐིམ་པར་མོས་པའམ། ཡང་ན་སྦྲུལ་ལྟར་ཞིག་མ་ཐག་གཅིག་རྗེས་སུ་གཅིག་ནང་དུ་ཞུགས་སྙིང་གའི་ཧཱུྃ་ལ་རྫོགས་པར་བསྡུ་ཞིང་ངལ་གསོ། དེ་ལྟར་རླུང་སེམས་ཧཱུྃ་གསུམ་གཅིག་ཏུ་བྱས་ནས་ཕྱིར་འགྲོ་ནང་ལྡོག་ལ་སྦྱང་པས་ལམ་དུ་ལོངས་ནས་འབྱོངས་པའི་རྟགས་སུ་ལུས་རྒྱིད་ལུགས་ནས་ཉལ་མ་ཉིལ་དུ་འབྱུང་། རྣམ་རྟོག་གི་ངར་ཞི་ནས་ཤེས་པ་ལྷན་ནེ་བ་འོང་ཞིང་གྲོལ་བ་སྙམ་བྱེད། སེམས་ཤིན་ཏུ་སྦྱང་པའི་ཡོན་ཏན་ཐོབ་ཏེ་དམིགས་པ་གར་ཡང་བསྒྱུར་ཏུ་བཏུབ་པ་འོང་ངོ་། །

ལམ་དུ་གཞུག་པ།

བཞི་པ་ལམ་དུ་གཞུག་པ་ནི། ཧཱུྃ་བརྗོད་པས་རང་གི་ལུས་དང་རླུང་སེམས་བཅས་གཅིག་དྲིལ་དུ་ཧཱུྃ་སྔོན་པོའི་རྣམ་པ་ཅན་གྲུ་གང་བ་ཞིག་ཏུ་མོས་ཏེ་སྲིན་མོའི་འགྲོས་ལྟ་བུས་ལམ་དུ་ཞུགས་ནས་འཁྱོག་མཚམས་སུ་ཧཱུྃ་སྒྲ་དང་ཕར་འཁྱོག་ཚུར་འཁྱོག་ནས་མཐོང་ཡུལ་གྱི་རིའམ་ལྗོངས་སུ་མིག་རྒྱང་ཙམ་དུ་སོང་ནས་ཕ་ཚད་ཀྱི་དངོས་པོ་གང་རུང་ཞིག་གི་སྟེང་དུ་འདུག་པར་བསམ་ལ་ངལ་བསོ། ཡང་སྲིན་འགྲོས་སུ་ཚུར་ལོག་རང་གནས་སུ་འདུག་པ་ལ་འདུན་པ་གཏད་ཅིང་ངལ་བསོ། དེ་བཞིན་དུ་མགྲོན་པོ་དོན་གཉེར་དུ་འགྲོ་བ་ལྟར་གྲོང་ཁྱེར་དང་། ཡུལ་ལྗོངས། གླིང་དང་གླིང་གཞན་སོགས་མི་མཐོང་ཞིང་རྒྱུས་ཡོད་མེད་ཀྱི་ས་ཕྱོགས་ཐམས་ཅད་དུ་སོང་ཞིང་སླར་ལྡོག་པའི་འདུན་པ་བཟུང་སྟེ། སོ་སོར་རེས་འཁྱོག རེས་དྲང་། རེས་དལ། རེས་མྱུར་བར་འགྲོ་ལྡོག་བྱེད་པར་མོས་ལ། ཇི་ལྟར་ལམ་དུ་ཞུགས་པའི་འགྲོས་དང་། ཧཱུྃ་རིང་ཐུང་དལ་དྲག་ཏུ་བརྗོད་པ་བསྟུན་ཏེ་ཡང་ཡང་བསྐྱར་བས་ཡུལ་གྱི་བག་ཆགས་སྦྱོང་། ཡང་ཧཱུྃ་ཧཱུྃ་ཞེས་དག་པའི་ཞིང་ཁམས་རྣམས་སུ་ཡང་དཔག་ཆེན་གྱི་མདའ་ལྟར་སོང་བར་བསམ་པས་ཞིང་ཁམས་འབྱོང་བའི་རྟེན་འབྲེལ་སྒྲིག་གོ། དེ་འབྱོངས་པས་ཐ་མལ་གྱི་རྣམ་རྟོག་ཤུགས་ཀྱིས་ལྷོད་པས། བདེ་ལྷན་ནེ་བ་དང་འབོལ་ཤིག་གེ་བ་འབྱུང་ངོ་། །དེས་སྒོ་གསུམ་ཡང་དག་པའི་ལམ་སྲོལ་དུ་ཚུད་ཅིང་བདེ་གསལ་མི་རྟོག་པའི་ཉམས་བོགས་ཐོན་པར་འགྱུར་རོ། །དེ་ལྟར་ངག་སྦྱངས་པས་རྣམ་རྟོག་རང་ཤུག་ཏུ་འགག་ནས་ཐུན་མོང་དུ་ངག་གི་སྡིག་སྒྲིབ་འདག ངག་ཧཱུྃ་གི་སྒྲ་འབའ་ཞིག་ཏུ་གོ་བས་བར་ཆད་ཞི། ཁྱད་པར་ངག་གི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུར་དབྱེར་མེད་དུ་གྲོལ། ངག་རྡོ་རྗེའི་གསུང་དུ་དག་ནས་མྱ་ངན་ལས་འདས་པར་འགྱུར་རོ།།

སེམས་སྦྱང་བ།

བྱུང་ས་དང་བྱུང་མཁན་བརྟགས་པ།

གསུམ་པ་སེམས་སྦྱང་བ་ནི། ཐལ་འགྱུར་ལས། སེམས་ནི་ཐོག་མ་བྱུང་ས་དང་། །བར་དུ་གནས་ས་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་ན། །སེམས་སྦྱང་སེམས་ཀྱི་གནས་ལུགས་ཤེས། ཞེས་བྱུང་གནས་འགྲོ་གསུམ་བརྟགས་པ་ལས། དང་པོ་བྱུང་ས་དང་བྱུང་མཁན་བརྟགས་པ་ནི། སེམས་ཞེས་འཁོར་བར་འཁྱམས་ཏེ་སྡུག་བསྔལ་མྱོང་། སངས་རྒྱས་ནས་བདེ་བ་མྱོང་མཁན་རིག་རིག་ཏུར་ཏུར་པོ་འདི་དང་པོ་གང་ནས་བྱུང་། ཕྱིས་འབྱུང་བའི་དངོས་པོ་རི་བྲག་ཁང་ཁྱིམ་སྣོད་བཅུད་ཕ་མའི་རྒྱུ་རྐྱེན་གང་རུང་ཞིག་ནས་བྱུང་ངམ་སྙམ་ན། དེ་རེ་རེ་ནས་རྡུལ་ཕྲན་དུ་བཤིག་ནས་བཙལ་ཞིང་བརྟགས་པས་མི་རྙེད་དེ། ཕྱི་སྣོད་བཅུད་གང་ནས་ཀྱང་མ་བྱུང་། ནང་རང་ལུས་ནས་བྱུང་ངམ་སྙམ་ན། ལུས་ཀྱི་སྟོད་སྨད་ཕྱི་ནང་བར་གསུམ་གྱི་ཆ་ཤས་སོ་སོ་ནས་བརྡར་ཤ་བཅད་ཀྱང་མི་རྙེད་པས་དེར་ཡང་མ་བྱུང་། དེ་བཞིན་དུ། ཡོད་པ་དངོས་པོར་སྣང་བའི་ཆ་ནས་མ་བྱུང་སྟེ་ཅི་ལྟར་བཙལ་ཡང་དེའི་དམིགས་པ་མ་རྙེད། མེད་པ་སྟོང་པའི་ཕྱོགས་ནས་ཀྱང་མ་བྱུང་སྟེ་བྱུང་ས་དང་བྱུང་ཡུལ་མ་གྲུབ། སེམས་ལས་སེམས་བྱུང་བ་མིན་ཏེ་བྱུང་ས་བྱུང་མཁན་གཉིས་མ་གྲུབ། བྱུང་སའི་ཡུལ་དང་བྱུང་མཁན་གྱི་སེམས་ཅི་འདྲ་ཡིན་ཕར་དཔྱད། ཚོལ་མཁན་གྱི་སེམས་ལ་ཚུར་བརྟགས་པས། བྱུང་ས་དང་བྱུང་མཁན། འཚོལ་རྒྱུ་དང་འཚོལ་མཁན་དུ་སྣང་བའི་གཟུང་འཛིན་ཐམས་ཅད་ངོ་བོ་ངོས་བཟུང་རྒྱུ་མ་རྙེད་ནས་རྒྱུ་རྐྱེན་ཡུལ་མེད་རྟེན་བྲལ། སྨྲ་བསམ་བརྗོད་མེད་ཁས་ལེན་ཐམས་ཅད་དང་བྲལ་བའི་ངང་དུ་ཧ་ཕྱད་དེ་ལུས་ན་འབྱོངས་པའི་རྟགས་ཡིན་དེ། ངོས་བཟུང་དང་བྲལ་བའི་སེམས་ཉིད་ངོ་བོ་སྟོང་པ་ཆོས་ཀྱི་སྐུ་སྐྱེ་བ་མེད་པ་དེ་ངོ་འཕྲོད་ཅིང་གཏན་ལ་ཕེབས་པ་ཡིན་ནོ།།

གནས་ས་དང་གནས་མཁན་བརྟགས་པ།

གཉིས་པ་གནས་ས་དང་གནས་མཁན་བརྟགས་པ་ནི། གོང་བཞིན་སེམས་དེ་ད་ལྟ་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གར་གནས་རྩར་བཅད། འདིར་གནས་སྙམ་པ་ཞིག་བྱུང་ན་ཆ་དང་རྡུལ་ཕྲན་དུ་ཕྱེ་ནས་བལྟ། དཔེར་ན་སྙིང་ལྟ་བུ་ཞིག་ལ་གནས་སམ་སྙམ་ན་དེའི་རྩེ་མོ། རྩ་བ། ཤ་དང་ཚིལ། ཁྲག་དང་ཤུན་པ་སོགས་གང་ལ་གནས། གནས་བྱ་དེ་ཡི་གཟུགས་དབྱིབས། ཁ་ཏོག བྱེད་ལས། མཚོན་དཔེ། ངོ་བོ་ངོས་བཟུང་ཅི་འདྲ་ཞིག་འདུག རྟོགས་བྱའི་སེམས་དང་རྟོགས་བྱེད་ཀྱི་ཤེས་པ་གཅིག་གམ་ཐ་དད་སོགས་ལེགས་པས་བརྟགས་པ་ན། དེ་འབྱོངས་པའི་རྟགས་སུ་གང་དུ་ཡང་གནས་ས་དང་རྟེན་ཡུལ་མེད་པ། གང་གི་རྣམ་པར་ཡང་མ་གྲུབ་པས་ངོས་བཟུང་དང་བྲལ་བ། ཤེས་པ་གསལ་ཞིང་སྣང་ཡང་རང་བཞིན་མ་གྲུབ་པ་གཞི་མེད་རྩ་བྲལ་ཡེ་སྟོང་ཆེན་པོར་གཏན་ལ་ཕེབས་ཤིང་ལོངས་སྐུ་འགག་པ་མེད་པ་དང་ངོ་འཕྲོད་པ་ཡིན་ནོ། །སྐབས་འདིར་སྒོ་གསུམ་གྱི་སྟེང་དུ་ཚོར་བའི་ཉེར་ལེན་ལས་མྱོང་རེག་གི་མཚན་མ་གང་ཤར་ལ་དེར་ཡོད་པ་ལྟར་སྣང་བ་ནི་འདུ་བྱེད་ཀྱི་ཕུང་པོས་རྒྱུ་བྱས། འཕྲལ་བྱུང་རྣམ་རྟོག་གིས་རྐྱེན་བྱས། གཟུང་ཡུལ་ལ་འཛིན་སེམས་ཆགས་པས་བདག་པོའི་འབྲས་བུ་སྨིན་པ་དང་། གཟུང་འཛིན་ཡུལ་སྟོངས་ཏེ་ཟད་པར་འཁྱོལ་ཚེ་ཉམ་ང་བག་ཚ་མེད་པ་ཡང་འདིས་ལྷོང་བར་གསུངས་སོ།།

འགྲོ་ས་དང་འགྲོ་མཁན་ལ་བརྟགས་པ།

གསུམ་པ་འགྲོ་ས་དང་འགྲོ་མཁན་ལ་བརྟགས་པ་ནི། དེ་རྗེས་སུ་ཝལ་གྱིས་བྱུང་ནས་ཡལ་གྱིས་སོང་སྙམ་བྱེད་པའི་སེམས་འདིའི་འགྲོ་ས་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་གང་ཡིན་སོགས་ལ་བརྟགས་ཀྱང་། འགྲོ་ས་མེད་པས་ཡུལ་སྣང་སེམས་ཀྱིས་བཟོས་པར་ཐག་ཆོད། འགྲོ་མཁན་གྱི་སེམས་ལ་བརྟགས་ཀྱང་ངོས་བཟུང་དང་བྲལ་བས་ཡུལ་ཅན་རང་བཞིན་མེད་པར་གདེངས་རྙེད། སེམས་བྱུང་གནས་འགྲོ་གསུམ་གྱི་རྒྱུ་སྟོངས་པས་འབྲས་བུ་རེ་དོགས་སུ་འཛིན་པའི་བློ་ལྡོག སེམས་ཉིད་རིག་སྟོང་ཐུགས་རྗེ་ཆེན་པོ་འགྲོ་འོང་གྲོལ་འཁྲུལ་སོགས་དང་བྲལ་བར་ཤེས་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཡིད་ཆེས་རྙེད། བལྟ་བར་བྱ་བའི་སེམས་དང་། ལྟ་བྱེད་ཀྱི་མཁན་པོ། སེམས་འགྲོ་ཡུལ་བཅས་བསམ་བརྗོད་བློ་ལས་འདས། ངོ་བོ་ཐ་དད་དང་རྣམ་པ་སོ་སོར་ངོས་བཟུང་མེད་པར་སྒྲོ་འདོགས་ཆོད་པར་བྱ། དེ་ལྟར་སེམས་སྦྱངས་འབྱོངས་པའི་རྟགས་སུ་འཁྲུལ་བའི་ཚང་ཞིག་ཅིང་སེམས་ཀྱི་ཁང་བུ་རྡིབས། རིག་པའི་ངོ་བོ་ཤེས་ཤིང་ཡིད་ཆེས་ནང་ནས་རྙེད་དེ། རིག་པ་སྟོང་གསལ་ངོ་བོ་ཉིད་ལས་གཡོ་བ་མེད་པར་གཏན་ལ་ཕེབས། སངས་རྒྱས་སྤྲུལ་པའི་སྐུ་རྒྱུན་ཆད་མེད་པ་དང་ངོ་འཕྲོད་པ་ཡིན་ནོ། །དེས་སྣང་སྟོང་དང་སྐྱེ་འགག་སོགས་གཉིས་ཆོས་ཐམས་ཅད་ཀྱི་བརྡར་ཤ་ཆོད་ཅིང་མཚང་རྡོལ་ནས་ཐུན་མོང་དུ་ཡིད་ཀྱི་སྡིག་སྒྲིབ་འདག སེམས་སྟོང་ཉིད་དུ་རྟོགས་པས་བར་ཆད་ཀྱིས་མི་ཚུགས། ཁྱད་པར་སེམས་ཀྱི་མངོན་ཞེན་ལོག་པས་སླར་སྲིད་པར་མི་འཁྲུལ། མཐར་ཐུག་ཆོས་ཀྱི་སྐུར་དབྱེར་མེད་ཆེན་པོར་གྲོལ། སེམས་ཡིད་རྡོ་རྗེའི་ཐུགས་སུ་རྫོགས་ནས་མྱ་ངན་ལས་འདའ་བར་འགྱུར་རོ།།

རྣལ་དབབ་དང་སོར་གཞུག

སྒོ་གསུམ་རྣལ་དུ་དབབ་པ།

བཞི་པ་ལ་རྣལ་དབབ་དང་སོར་གཞུག་སོ་སོར་ཕྱེ་བས་གཉིས། དང་པོ་སྒོ་གསུམ་རྣལ་དུ་དབབ་པ་ལ། ཅིའི་ཕྱིར་དབབ་པ། ཇི་ལྟར་དབབ་ཚུལ། ཡོན་ཏན་བསྟན་པ་གསུམ་ལས། ཅིའི་ཕྱིར་རྣལ་དུ་དབབ་དགོས་པ་ནི། སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེས་ནས་ནི། །ལུས་ངག་རྣམས་ནི་རྣལ་དུ་དབབ། ཅེས་དང་། ཀློང་གསལ་ལས། ལུས་ངག་ཡིད་ཀྱི་འབྱུང་འཁྲུགས་པས། །དེ་དག་གྲོལ་ཕྱིར་རྣལ་དུ་དབབ། ཅེས་ཕྱི་དང་ནང་དང་སྒོ་གསུམ་གྱི་འཁོར་འདས་རུ་ཤན་སོ་སོར་དབྱེ་བ་རྣམས་ཀྱིས་འཁོར་བའི་ཆོས་སྤང་བྱའི་རྣམ་རྟོག་དང་། གཉེན་པོ་ལས་འདས་པའི་ཆོས་དགེ་བའི་རྣམ་རྟོག་གང་ཤར་ཡང་རྣམ་པ་གང་གསལ་བ་དེ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ནས། དབང་ཤེས་གཞན་དུ་མི་གཡེང་བར་འཆིང་བས་ཡིད་ཤེས་ཚོགས་དྲུག་གཅིག་ཏུ་འདུས་ཤིང་། ཡུལ་གཞན་དུ་འཕྲོ་བའི་སེམས་ཉེ་བར་ཞི་ཞིང་། རྣམ་པར་རྟོག་པ་གནས་འགྱུར་ནས་རྣམ་པར་མི་རྟོག་པར་ཡང་འགྱུར་མོད་ཀྱང་། སྔོན་འགྲོའི་ཐབས་སྤྱོད་ཁྱད་པར་ཅན་རྣམས་ཀྱིས་ཐོག་མར་རྟོག་པ་ནན་གྱིས་བཀག་པས་ཁམས་དང་འབྱུང་བ་འཁྲུགས་པར་གྱུར་ན། སེམས་མི་གནས་པའི་ཁར་སླར་ཡང་གེགས་སུ་འགྲོ་ཞིང་ཏིང་ངེ་འཛིན་སྐྱེ་དཀའ་བ་ལ་དགོངས་ནས་ཡུལ་དྲུག་དམིགས་པའི་རྟེན་རྣམས་ཀྱང་ཡིད་ལ་མི་བྱེད་ཅིང་སྤང་གཉེན་གྱི་མཚན་མ་གང་ལ་ཡང་མི་རྟོག་པར་རང་ལུགས་ཉིད་དུ་རྣལ་དུ་སྟེ་མ་བཅོས་པའི་གཤིས་སུ་གཏན་ལ་དབབ་པ་ཞེས་རང་བབས་སུ་འཇོག་དགོས་པ་ཡིན་ནོ། །

སྒོ་གསུམ་རྣལ་དུ་ཇི་ལྟར་དབབ་ཚུལ་ནི། ཐལ་འགྱུར་ལས། །འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། ཞེས་དང་། འདས་རྗེས་ལས། དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་དབབ་ལ་མཁས་པར་བྱ། ཞེས་གསུངས་པས། ལུས་ཀྱི་གནད་བཟང་ངན་བླང་དོར་མེད་པར་སེམས་སྐྱིལ་ལམ་ཙོག་པུའམ་ཉལ་སྟབས་སོགས་གང་ཡིན་རང་བབས་སུ་ཅི་བདེར་དུར་ཁྲོད་ཀྱི་རོ་བཞིན་བསྒུལ་བསྐྱོད་མེད་པར་བཞག ངག་སྨྲ་བརྗོད་དང་བྲལ་བའི་གཤིས་ལ་སྲོག་ཐུར་གྱི་རླུང་གི་འགྲོ་འོང་ཙམ་ལའང་བཟོ་བཅོས་མི་བྱ་བར་ལྐུགས་པ་བཞིན་རང་བབས་སུ་བཞག སེམས་ཀྱི་དགེ་མི་དགེ་ལུང་མ་བསྟན་གྱི་སྤྲོས་པ་བསྐྱུངས་ནས་དྲན་རྟོག་དང་རྣམ་གཡེང་ལས་གྲོལ་བ་སྤྲིན་བྲལ་བའི་ནམ་མཁའ་ལྟར་རང་བབས་སུ་འཇོག་པ་སྟེ། ཤེར་ཕྱིན་རྒྱས་འབྲིང་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པའོ། །གསུངས་པ་དང་གནད་གཅིག་གོ། །དེ་ལྟར་བྱ་བ་དང་བྱེད་པ་མེད་པའི་རྣལ་འབྱོར་དང་ལྡན་པས་སྒོ་གསུམ་བཟོ་བཅོས་མེད་པར་རང་བབས་སུ་བཞག་པས། དཔེར་ན་ཆུ་རྙོག་མ་ཅན་གཡོ་མེད་དུ་བཞག་པས་དྭངས་བར་འགྱུར་བ་ལྟ་བུ་སྟེ། ཆུ་མ་བརྙོག་ན་དྭངས་ལ་སེམས་མ་བཅོས་ན་གསལ་གསུངས་པ་དང་མཚུངས་སོ། །ཡོན་ཏན་བསྟན་པ་ནི། ཀློང་གསལ་ལས། འདི་ལྟར་རྣལ་དུ་སུས་ཕབ་པ། །འབྱུང་འཁྲུགས་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། །ཞེས་དེ་ལྟར་ཞག་ཉེར་གཅིག་གམ་བདུན་ནམ་གསུམ་སོགས་ལ་རྣལ་དུ་དབབ་པས་གནས་སྐབས་སུ་རྣལ་དུ་ཕེབས་པའི་རྟགས་ལུས་མི་འགུལ་བར་སྡོད་ཚུགས། ངག་སྨྲ་སྙིང་མི་འདོད། སེམས་འཇིག་རྟེན་གྱི་བྱ་བ་ལ་ཡིད་མི་འཇུག་པ་འོང་། ཁམས་དང་འབྱུང་བ་མི་འཁྲུགས་ཤིང་ནད་དང་རྐྱེན་ངན་མི་འབྱུང་། རང་བཞིན་གྱིས་གསལ་ལ་མི་རྟོག་པའི་བསམ་གཏན་ལ་གནས། མཐར་ཐུག་སྒོ་གསུམ་གྱི་འཛིན་པ་རང་དག་ཏུ་གྲོལ་བར་འགྱུར་རོ།།

སོར་གཞུག་པ།

གཉིས་པ་སོར་གཞུག་པ་ལའང་། འཇུག་དགོས་པ། འཇུག་ཚུལ། ཡོན་ཏན་གསུམ་གྱི་ཐོག་མར་སྒོ་གསུམ་སོར་འཇུག་དགོས་པར་བསྟན་པ་ནི། ཀློང་གསལ་ལས། ཀ་དག་དོན་ཉིད་རྟོགས་བྱའི་ཕྱིར། །རྣལ་དུ་དབབ་པ་སོར་ཡང་གཞུག ཅེས་སྔར་བཞིན་རྣལ་དུ་དབབ་ནས་རིམ་གྱིས་སྒོ་གསུམ་ཡང་དག་པའི་ལམ་དུ་སོར་ཆུད་ནས་ཀ་དག་སྤྲོས་པ་དང་བྲལ་བའི་དོན་ཕྱིན་ཅི་མ་ལོག་པ་རྟོགས་ནུས་པར་བྱ་བའི་ཕྱིར་སོར་གཞུག་དགོས་པའོ། སོར་འཇུག་ཚུལ་ལ་ཡང་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་ནི། འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །དེས་ནི་གསུམ་པོ་སོར་ཆུད་ནས། །ཉམས་ལེན་ཉིད་ལ་བརྩོན་པར་འགྱུར། ཞེས་རྣལ་དུ་ཕེབས་པའི་སེམས་ཉིད་གསལ་ལ་མི་རྟོག་པར་གནས་པ་དེ་ཉིད་སྤྱོད་ལམ་ཞི་བ་དང་། བར་མ་དང་། རྩུབ་མོའི་རྐྱེན་གྱིས་རིམ་བཞིན་ཁྲིད་ནས་གོམས་སུ་འཇུག་པ་ཡིན། བྱེ་བྲག་ནི་ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །བོ་དྷི་ས་ཏྭའི་ལྟ་སྟངས་ཀྱིས། རྣལ་ཕེབས་བདེ་བ་ཉིད་ཐོབ་འགྱུར། །ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ། ཅེས་གསུངས་པས། ཉན་ཐོས་ཞི་བའི་ལྟ་སྟངས་ནི། །རྣམ་སྣང་ཆོས་བདུན་དང་ལྡན་པས་བྱུང་ཚོར་གྱི་རྟོག་པ་གང་ཤར་ལས་མི་སྤྲོ་མི་བསྡུ་བཟོ་མི་འཆོས་པར་རང་སོར་བཞག་པས་རྐྱེན་སྣང་རང་གི་ངོ་བོས་གསལ་ཡང་མི་རྟོག་པའི་ངང་མ་ཤོར་བར་བྱ། དེས་སྒོ་གསུམ་རང་བཞིན་གྱིས་རྣལ་དུ་ཕེབས་པས་མི་གནས་པ་གནས་པར་བྱེད་ཅིང་རྣམ་རྟོག་ཕྲ་མོ་རྣམས་ཞི་བར་བྱེད་དོ། བྱང་ཆུབ་སེམས་དཔའི་ལྟ་སྟངས་ནི། ལུས་གནད་སྔ་མ་ལྟར་ལས། མིག་ཐད་ཀར་གཉའ་ཤིང་གང་ཙམ་གྱི་བར་སྣང་ལ་ཧ་ཅང་འབྱེད་འཛུམ་གྱི་རྣམ་པས་མ་ཡིན་པར་ཧད་པོར་ལྷོད་དེ་བལྟ་ཞིང་རྐྱེན་དེས་ཤེས་པ་སྐད་ཅིག་མ་གསལ་ལ་མ་འགགས་པར་ཤར་བ་དེ་ཤར་ཙམ་ཉིད་ནས་རང་བཞིན་མ་གྲུབ་པར་ཤེས་པར་བྱ། དེས་རྣམ་རྟོག་རགས་པ་ཕལ་ཆེར་འགག་ཅིང་སྒོ་གསུམ་མ་བཅོས་རང་བབས་སུ་གནས་པས་བདེ་བ་ཐོབ་པ་དང་དེ་དག་བརྟན་པར་བྱེད་དོ། །ཁྲོ་བོའི་ལྟ་སྟངས་ནི། བསམ་གཏན་གྱི་ངང་མ་ཤོར་བར་ལངས་ཏེ་གོམ་པ་གྱ་ཚོམ་དུ་དོར་ལ་གྱད་སྟབས་སུ་བགྲད་དེ་མིག་སྡང་མིག་གཡོ་ཞིང་བར་སྣང་ལ་གྱེན་དུ་བལྟས་ལ། ཧ་ཧ་ཞེས་ཁྲོ་བོའི་གད་མོ་དང་། ཧི་ཧི་ཞེས་ཁྲོ་མོའི་རྒྱང་གླུ་བརྗོད་ཅིང་རིག་པ་ཧུར་ཕྱུངས་ཏེ་སྣང་བའི་རྫུན་ཕུག་རྡིབ་པའི་བརྟུལ་ཞུགས་ལ་རྩལ་སྦྱངས་ཤིང་། མ་འགག་རང་ཤར་སྤྲོས་བྲལ་བསལ་བཞག་མེད་པར་ཤེས་པར་བྱ། དེས་རྣམ་རྟོག་ཤིན་དུ་རགས་པ་རྣམས་འཇོམས་ཤིང་བརྟན་པ་དག་མཐར་ཕྱིན་ནས་གྲོལ་བར་བྱེད་དོ། །དེ་ལྟར་ཡང་ཡང་བྱས་པས་སྒོ་གསུམ་སོར་ཆུད་པའི་རྟགས་སུ་ལུས་ངག་ཡིད་གསུམ་དགེ་སྦྱོར་ལས་འབྲལ་མི་ཕོད་པ་འབྱུང་ངོ་། །ཡོན་ཏན་ནི། ཀློང་གསལ་ལས། ཉམས་ལྡན་ཀ་དག་དོན་རྟོགས་འགྱུར། ཞེས་གནས་སྐབས་སུ་བདེ་གསལ་མི་རྟོག་པའི་ཉམས་དང་ལྡན་པའི་ཞི་གནས་ཁྱད་པར་ཅན་སྐྱེ་ཞིང་མཐར་ཐུག་ལྷག་མཐོང་ཀ་དག་གི་དོན་རྟོགས་ནས་ཞི་གནས་ཀྱིས་སྡུག་བསྔལ་དང་ཉོན་མོངས་པ་གནོན་པ་དང་། ལྷག་མཐོང་གིས་སྡུག་བསྔལ་དང་ཉོན་མོངས་པ་རགས་པ་རྣམས་འཇོམས་ཤིང་སྒོ་གསུམ་གོལ་འཕྱུག་མེད་པའི་རང་སོར་ལེགས་ལམ་དུ་ཆུད་པར་འགྱུར་བའོ། །དེས་ཐུན་མོང་མ་ཡིན་པའི་སྔོན་འགྲོས་གནས་ལུགས་གཏན་ལ་འབེབས་པའི་རིམ་པ་སོང་ནས།

ཟབ་ལམ་བསྒོམ་པ་དངོས་གཞིའི་ཁྲིད།

ཀ་དག་ཁྲེགས་ཆོད་ཀྱི་ཟབ་ལམ།

ངེས་ཚིག་གི་སྒོ་ནས་དངོས་གཞི་ཡིན་པའི་རྒྱུ་མཚན།

བར་དུ་དགེ་བའི་དོན་ཁྲིད་ཀྱི་ས་བཅད་གཉིས་པ་ཟབ་ལམ་བསྒོམ་པ་དངོས་གཞིའི་ཁྲིད་ལ། ཀ་དག་ཁྲེགས་ཆོད་ཀྱི་ཟབ་ལམ་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཟབ་ལམ་གཉིས། དང་པོ་ཀ་དག་གི་གནས་ལུགས་སྤྲོས་བྲལ་དུ་བསྟན་ནས་དབང་པོ་རྣོན་པོ་བསྒོམ་དུ་མེད་ཀྱང་ལ་བཟླ་བས་གྲོལ་བ་ཁྲེགས་ཆོད་ཀྱི་ལམ་ཟབ་མོ་དེ་ཉིད་ཀྱི་གནད་རྣམས་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ཚུལ་གྱིས་གནས་ལུགས་སྤྲོས་པ་དང་བྲལ་བའི་དོན་མ་ནོར་བར་ཡང་དག་པར་བསྐྱེད་ཅེས་ན་སྤར་ཏེ་རྒྱུད་ལ་སྐྱེ་བར་བྱེད་པ་ལ་ངོ་སྤྲོད་དང་། རྩལ་སྦྱོང་གཉིས་སུ་མ་འདུས་པ་མེད་ཀྱང་། ཁྲིད་ཚུལ་བཞིར་དབྱེ་ན་བདེ་བས། རྒྱུ་མཚན། གཏན་འབེབས། ངོ་སྤྲོད། རྩལ་སྦྱོང་ངོ། །དང་པོ་ངེས་ཚིག་གི་སྒོ་ནས་དངོས་གཞི་ཡིན་པའི་རྒྱུ་མཚན་ནི། ཟབ་གསལ་དང་སྣང་སྟོང་སོགས་གཅིག་ལ་གཅིག་འབྲེལ་གྱི་ཚིག་ཙམ་ལ་ལྟ་སྒོམ་དུ་ཡིད་བརྟེན་འཆའ་བ་ལྷ་ཁང་མཐོང་ཡང་རྟེན་གསུམ་མ་མཐོང་བ་ལྟ་བུ་གཞི་ཡིན་ལ་དངོས་མ་ཡིན་པ་དང་། མུ་བཞིའམ་མཐའ་བརྒྱད་ཀྱི་སྤྲོས་པ་དང་བྲལ་བ་རྟོག་དཔྱོད་ཀྱིས་གོ་ཡང་མྱོང་ཐོག་ཏུ་མ་ཆགས་པའི་པྲ་ཡས་པ་རྟེན་གསུམ་མཐོང་ཡང་མཚན་ཉིད་གཏན་ལ་མ་ཕེབས་པ་ལྟ་བུ་དངོས་ཡིན་ལ་གཞི་མ་ཡིན་པ་དང་། ཆོས་ཐམས་ཅད་རང་བཞིན་མེད་དོ་ཞེས་ཡིད་དཔྱོད་ཙམ་ལམ་དུ་བྱེད་པ་ལས་རང་བཞིན་མེད་པའི་ངོ་བོ་ཅར་ཕོག་ཏུ་ངོ་མ་འཕྲོད་པས་འཆི་ཁར་ཐ་མལ་དུ་ལུས་པ་ལྷ་ཁང་དང་རྟེན་གསུམ་གང་ཡང་མ་མཐོང་བ་ལྟ་བུ་དངོས་གཞི་གཉིས་ཀ་མ་ཡིན་པའི་གྲུབ་པའི་མཐའ་ལྟ་བུ་མ་ཡིན་པར། འདིར་རྡོ་རྗེ་སྙིང་པོ་བླ་ན་མེད་པའི་ཐེག་པ་རང་བཞིན་རྫོགས་པ་ཆེན་པོའི་དགོངས་བཟང་། ལྟ་སྒོམ་ཡིན་སྙམ་ལ་རགས་མ་ལས་པར་རང་གྲོལ་མངོན་སུམ་པར་སྟོན་པས་རྟེན་དང་བརྟེན་པའི་གནས་ཚུལ་ཇི་བཞིན་པར་གཏན་ལ་ཕེབས་པ་དང་འདྲ་བ་དངོས་དང་གཞི་གཉིས་ཀ་ཡིན་པ་འདི་ནི་འབྲས་བུ་ལམ་དུ་བྱེད་པ་སངས་རྒྱས་པའི་ལམ་ཐམས་ཅད་ཀྱི་དངོས་གཞི་བླ་ན་མེད་པ་ཉིད་ཡིན་པར་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་གསུངས་སོ།།

གནས་ལུགས་གཏན་ལ་འབེབས་པ།

རྟོག་པ་རྩད་བཅད་པ།

གཉིས་པ་གནས་ལུགས་གཏན་ལ་འབེབས་པ་ལ། འདས་རྗེས་དོན་ཁྲིད་ལས། དང་པོ་རྟོག་པ་རྩད་བཅད། བར་དུ་སེམས་ཀྱི་མཚང་བཙལ། དེ་ནས་བྱུང་གནས་འགྲོ་གསུམ་ལ་བརྟགས། ཞེས་གསུངས་པ་ལྟར་གསུམ་ལས། དང་པོ་རྟོག་པ་རྩད་བཅད་པ་ནི། ཐོག་མར་བདེ་སྡུག་གི་མྱོང་རྟོག་མཁན་དགག་སྒྲུབ་ལེགས་ཉེས་ཀྱི་བྱེད་པོ་དེ་སུ་ཞིག འཁྲུལ་ནས་སྐྱེ་བ་སྔ་ཕྱི་བརྒྱུད་མར་འཁོར་བར་འཁྱམས་ཤིང་། གྲོལ་ནས་སངས་རྒྱས་འཐོབ་པའི་བྱེད་པོ་དེ་གང་ཡིན། སྒོ་གསུམ་གཅིག་ཏུ་ཚོགས་པས་སམ་ཐ་དད་དུ། སུས་བྱེད་པ་སོགས་བརྟགས་ཤིང་དཔྱད་པས་ཀུན་གྱི་གཙོ་བོ་རྩ་བ་སེམས་རྟོག་ཁོ་ན་ཡིན་པར་རྩར་ཆོད་པ་ནི་རྐུན་པོ་ངོས་ཟིན་པ་ལྟ་བུ་སྟེ། ཀློང་གསལ་ལས། ཉག་གཅིག་འཁོར་འདས་ཀུན་གྱི་གཞི། ཞེས་དང་། གསང་བའི་སྙིང་པོ་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། ཞེས་གསུངས་ཤིང་། དེ་བཞིན་དུ་དོ་ཧ་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། གང་ལས་སྲིད་དང་མྱ་ངན་འདས་འགྲོ་བ། སོགས་གསུངས་པ་དང་དགོངས་པ་གཅིག་གོ །

སེམས་ཀྱི་མཚང་བཙལ་བ།

གཉིས་པ་སེམས་ཀྱི་མཚང་བཙལ་བ་ནི། སེམས་དང་འབྲེལ་བ་ཅན་གྱི་ལུས་དང་ངག ང་ཁྱོད་དང་བདག་ཏུ་འཛིན་པའི་སེམས་དང་གསུམ་པོ་འདི་ཡང་གཅིག་གམ་ཐ་དད། གཅིག་ན་ལུས་ངག་བཞིན་སེམས་ཀྱང་མཐོང་ཐོས་སུ་འགྱུར་དགོས། ཡང་ན་སེམས་བཞིན་ལུས་ངག་ཀྱང་མཐོང་ཐོས་སུ་མི་རུང་མོད། དེ་མིན་ཐ་དད་ན་སྒོ་གསུམ་གྱི་བདེ་སྡུག་སོགས་གཅིག་དོན་དེ་ཅི་ཡིན། ཞེས་བརྟགས་ནས་ལུས་རྡུལ་ཕྲན་ཆ་མེད། ངག་བརྗོད་མེད་རང་ཡལ། སེམས་བྱ་ལམ་རྗེས་མེད་དུ་སོང་རྗེས་སུ་གཅིག་དང་ཐ་དད་གང་ཡང་མ་གྲུབ་པས་མཚོན། ཡུལ་དང་ཡུལ་ཅན་སྐྱེ་འགག་ཡོད་མེད་ཡིན་མིན་རྟག་ཆད་སོགས་སོ་སོར་བརྟགས་པས་ཐམས་ཅད་བློ་ལས་འདས་ཤིང་སེམས་ཀྱིས་བཟོས་པ་ལས་ལོགས་སུ་གྲུབ་པ་མེད་པའི་མཚང་བརྡོལ་ཞིང་། ཅི་ཡང་མ་ཡིན་ལ། གང་གི་ཕྱོགས་སུའང་མ་ལྷུང་བའི་ཤེས་རིག་གསལ་དངས། ཇི་བཞིན་བརྗོད་པའི་ཡུལ་ལས་འདས་པ་ཉིད། འཁྲུལ་དང་གྲོལ་བའི་མཚན་མ་ཀ་ནས་དག་པར་ཤེས་པ་སྟེ། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་བ་ཡང་ཅི། །དེ་ཕྱིར་འཁྲུལ་བ་གདོད་ནས་དག གསུངས་པ་ལྟར་རོ།།

བྱུང་གནས་འགྲོ་གསུམ་བརྟག་པ།

གསུམ་པ་བྱུང་གནས་འགྲོ་གསུམ་བརྟག་པ་ནི། དེ་ལྟར་དོན་མེད་ལ་ང་བདག་ཏུ་འཛིན་པའི་སེམས་འདིའི་ཡུལ་དང་བྱ་བྱེད་མ་གྲུབ་ཅིང་རང་བཞིན་མེད་པ་ཙམ་རྟོགས་ཀྱང་། ད་དུང་རང་ལ་རང་གིས་བལྟ་བའི་ཚུལ་གྱིས་སེམས་རིག་གི་ངོ་བོ་འདི་དང་པོ་གང་ནས་ཇི་ལྟར་བྱུང་། བར་དུ་གང་ན་ཇི་ལྟར་གནས། མཐར་གང་དུ་ཇི་ལྟར་འགྲོ་ཞིང་འགག ཅེས་བརྟགས་ཤིང་དཔྱད་པས་དེ་རྣམས་གང་དུ་ཡང་མ་གྲུབ་ཅིང་། ལྟ་བྱེད་ཀྱི་གཉེན་པོ་སླེབ་ཚེ་བལྟ་བྱའི་ཡུལ་རང་བཞིན་སྟོང་པ་རྩ་བྲལ་དུ་དག ལྟ་བྱེད་ཀྱི་རིག་པ་འདི་ཞེས་མཚོན་དུ་མེད་པ། སོ་སོ་རང་རིག་གི་ངོ་བོ་གདོད་ནས་དག་ཅིང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སུ་རང་ཤར། དེའི་དུས་སུ་འགྲོ་བའམ་གནས་པ་གང་ཡིན། དེའི་ངོ་བོ་ལ་བལྟས་ནས་རིག་བྱ་རིག་བྱེད་དང་བྲལ་བའི་རང་རྩལ་འགག་མེད་ཀྱི་རིག་པ་རང་བབས་སུ་བསྐྱངས་པས་ཡེ་སྟོང་ཀ་དག་གི་གནས་ལུགས་མངོན་དུ་གྱུར་པ་སྟེ། བཏགས་གྲོལ་ལས། ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ། ཞེས་དང་། ཀུན་གཞི་རྣམ་པར་དག་ཤེས་ན། །གཞི་དོན་མངོན་གྱུར་རང་སར་གྲོལ། ཞེས་སོ། །འདིར་ངོ་བོ་ངོས་བཟུང་དང་བྲལ་བའི་རིག་སྟོང་ཝལ་པོ་རྗེས་མེད་གཟའ་གཏད་དང་བྲལ་བར་རྟོགས་གསུངས་པའང་དོན་མཚུངས་པ་ཉིད་དོ། །འོ་ན་བྱུང་གནས་འགྲོ་གསུམ་བརྟགས་པ་ཐུན་མིན་སྔོན་འགྲོར་བྱུང་བ་ཟློས་སོ་སྙམ་ན། མིན་ཏེ། སྔར་གྱི་དེས་ཡུལ་ལ་བརྟགས་ནས་མ་གྲུབ་པར་གཏན་ལ་འབེབས་ཤིང་། འདིར་ཡུལ་ཅན་ལ་བརྟགས་ནས་ངོ་བོའི་ཐོག་ཏུ་འབེབས་པ་ཡིན་པར་ཀུན་མཁྱེན་ཀློང་ཆེན་པས་བཞེད་ཅིང་། སྔ་མ་སེམས་གཞི་མེད་རྩ་བྲལ་དུ་གཏན་ལ་འབེབས་བྱེད་དང་། ཕྱི་མ་ཕབ་པའི་དོན་ལ་མཉམ་པར་འཇོག་པའི་གནས་ལུགས་སྟོན་བྱེད་དུ་སྨིན་གླིང་གཏེར་ཆེན་ཡབ་སྲས་བཞེད་དོ། །དེ་རྣམས་ནི་གནས་ལུགས་ཀྱི་དོན་མ་སྐྱེས་པ་བསྐྱེད་པར་བྱེད་པའི་ཁྲིད་རིམ་མོ། །

རིག་པའི་རང་ངོ་སྤྲོད་པ།

ཐུན་མོང་གི་ངོ་སྤྲོད།

གསུམ་པ་རིག་པའི་རང་ངོ་སྤྲོད་པ་ལ། དབང་པོའི་ཁྱད་པར་གྱི་ཐུན་མོང་དང་། ཐུན་མིན་གྱི་ངོ་སྤྲོད་ལུགས་གཉིས་ལས། དང་པོ་ཐུན་མོང་པ་ནི། ངོ་སྤྲོད་སྤྲོས་པ་ལས། ཨེ་མ་ཧོ། སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས་རིག་པ་ཉིད་དབྱིངས་དང ་གཉིས་སུ་མེད་པ་དེ་ཁོ་ན་ཉིད་ཆོས་སྐུའོ། །ཞེས་ཆོས་འདིའི་གདུལ་བྱ་དད་པ་དང་ལྡན་ཡང་རྣམ་པར་ཤེས་པ་ལྐོག་ཏུ་གྱུར་པའི་རིགས་ཅན་རྣམས་ལ་ཐོག་མར་སྣང་བ་སེམས་ཀྱིས་བཟོས་པར་ངོ་སྤྲད་པས་བདེན་འཛིན་རང་རྒྱུད་པ་ལྡོག བཟོ་བྱེད་ཀྱི་སེམས་སྟོང་པར་ངོ་སྤྲད་པས་ཡུལ་ལ་ཞེན་པ་སྤོང་། སྟོང་པ་རིག་པར་ངོ་སྤྲད་པས་ཆོས་ཉིད་ཆད་པར་མི་གོལ་བའི་གནད་ཙམ་ལ་དགོངས་ནས་ཁ་དྲངས་ཏེ་འཁྲིད་པ་འབྲས་བུའི་ཐེག་པ་གཞན་དང་ཐུན་མོང་པ་ཉིད་ལས་ལམ་འདིའི་གྲོལ་བྱེད་དངོས་མ་ཡིན་ཏེ། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང་། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་བརྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་སོ། །

ཐུན་མོང་མ་ཡིན་པའི་ངོ་སྤྲོད།

གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲོད་པ།

རྣམ་རྟོག་སེམས་སུ་ངོ་སྤྲད་པ།

གཉིས་པ་ཐུན་མོང་མ་ཡིན་པའི་ངོ་སྤྲོད་ལ། ལྟ་ཐོག་དང་། སྒོམ་ཐོག་དང་། ཅར་ཕོག་ཏུ་ངོ་སྤྲོད་པ་སྟེ་གསུམ། དང་པོ་གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲོད་པ་ལ། དོན་ཁྲིད་ལས། དེ་ནས་རྣམ་རྟོག་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲད། སྟོང་པ་སྣང་པར་ངོ་སྤྲད། སྣང་སྟོང་གཉིས་མེད་དུ་ངོ་སྤྲད། གཉིས་མེད་རང་གྲོལ་དུ་ངོ་སྤྲད། ཅེས་གསུངས་པས་ལྔ་ལས། དང་པོ་རྣམ་རྟོག་སེམས་སུ་ངོ་སྤྲད་པ་ནི། འདི་ལྟར་གང་སྣ་ཚོགས་སུ་སྣང་བའི་གཟུང་ཡུལ་གྱི་ཆོས་རྣམས་ཐམས་ཅད་རྣམ་པར་རྟོག་པས་འདི་དང ་འདིའོ་ཞེས་སོ་སོར་བཟུང་ཀྱང་། གཞི་གཅིག་ཉིད་ཀྱང་འགྲོ་བ་སོ་སོ་ནས་རིས་མེད་ཐ་དད་དུ་སྣང་བ་དང་། མི་གཅིག་ལའང་རྣམ་རྟོག་ཐ་དད་པས་དགྲ་གཉེན་བར་མ་ཐ་དད་དུ་སྣང་བས་མཚོན། ཡུལ་ཀུན་རྨི་ལམ་གྱི་སྣང་བ་ལྟར་རྣམ་པར་རྟོག་པའི་འཁྲུལ་ངོ་ཙམ་ལས་ཕྱི་རོལ་ན་བདེན་པར་གྲུབ་པ་མེད་པའི་ཕྱིར། ཡུལ་དང་ཡུལ་ཅན་གྱི་རྣམ་པར་རྟོག་པ་གང་དང་ཅི་ལྟར་ཤར་ཡང་ཐམས་ཅད་སེམས་ཀྱིས་བྱས་ཤིང་། སེམས་ཉིད་ལས་མི་གཡོ་ལ། སེམས་ཀྱི་ངོ་བོ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་ན། དེའི་མཚན་ཉིད་མཚོན་པར་བྱེད་པའི་རྣམ་རྟོག་ལམ་མེར་ཤར་བ་འདི་ལས་གུད་ན་མེད་དོ། །ཞེས་ངོ་སྤྲད་པས་ཡུལ་ཡུལ་ཅན་གྱི་རྣམ་རྟོག་སྣ་ཚོགས་དང་གཉིས་སུ་མེད་པར་ཐག་ཆོད་པར་འགྱུར་ཏེ། རྒྱུད་ཀློང་གསལ་ལས། སེམས་ཀྱི་དྲན་བསམ་རིག་པའི་རྩལ། །སྣང་ཤེས་དག་ཏུ་གྱུར་པ་ཀུན། །རིག་པ་དག་ལས་ལོག་པ་མེད། ཅེས་དང་། དེ་བཞིན་དུ་རྒྱུད་རྡོ་རྗེ་གུར་ལས་ཀྱང་། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། ཅེས་གསུངས་སོ། །

སེམས་ཉིད་སྟོང་པར་ངོ་སྤྲོད་པ།

སེམས་སྟོང་པར་ངོ་སྤྲོད་པ།

གཉིས་པ་སེམས་སྟོང་པར་ངོ་སྤྲོད་པ་ནི། སེམས་དེ་ཉིད་ཡེ་ནས་སྐྱེ་འགག་རྟག་ཆད་འགྲོ་འོང་གཅིག་ཐ་དད་དེ་སྤྲོས་པའི་མཐའ་བརྒྱད་དང་བྲལ་ཞིང་གང་དུའང་འདི་ཞེས་སུ་མ་གྲུབ་ལ་ཅིར་ཡང་མཚོན་དུ་མེད་པའི་ཕྱིར། སེམས་སྟོང་པ་ཉིད་དུ་ངེས་སོ། །ཞེས་ངོ་སྤྲད་པས་བསམ་པའི་བློ་ལས་འདས་ཤིང་བརྗོད་པའི་ཚིག་དང་བྲལ་བར་ངེས་ཤེས་རྙེད་པར་འགྱུར་ཏེ། ཀློང་གསལ་ལས། འགྱུ་བྱེད་ཉིད་ལ་ཚུར་བལྟས་པས། །མ་སྤངས་རང་གྲོལ་བསིར་བུ་འདྲ། ཞེས་དང་། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་བཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང་། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ། །ཞེས་སོ། །

སྟོང་པ་སྣང་བར་ངོ་སྤྲོད་པ།

གསུམ་པ་སྟོང་པ་སྣང་བར་ངོ་སྤྲོད་པ་ནི། ངོ་བོ་སྟོང་པ་ཉིད་ལ་ཡེ་ནས་འགྱུར་བ་མེད་ཀྱང་། ཀུན་གསལ་རིག་པའི་རང་མདངས་ལས་རྩལ་སྣང་མ་འགགས་པའི་འཆར་སྒོ་བྱེ་བྲག་མ་འདྲེས་པར་ཅིར་ཡང་སྣང་བའི་ཕྱིར། སྟོང་པ་ཉིད་ཀྱང་སྣང་བའོ། །ཞེས་ངོ་སྤྲད་པས་སྐྱེ་འགག་འཕོ་འགྱུར་མེད་པའི་སྟོང་པ་རིག་པའི་སྙིང་པོ་ཅན་གྱི་རྩལ་ལས་དེ་ལྟར་སྣང་བའི་དོན་ཤེས་པར་འགྱུར་བ་ཡིན་ཏེ། ཀློང་གསལ་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །སྟོང་གསལ་རིག་ཅིང་འགྱུར་བ་མེད། ཅེས་དང་།

སྟོང་པའི་རང་བཞིན་ཅིར་ཡང་སྣང་། སྣང་བའི་མཚན་ཉིད་སྐྱེ་བ་མེད། ཅེས་སོ། །

སྣང་སྟོང་གཉིས་མེད་དུ་ངོ་སྤྲོད་པ།

བཞི་པ་སྣང་སྟོང་གཉིས་མེད་དུ་ངོ་སྤྲོད་པ་ནི། དེ་ལྟར་སྣང་བ་དེ་ཉིད་དང་སྣང་ཙམ་ཉིད་ལས་རྒྱུ་རྐྱེན་གཞན་མེད་དེ། སྟོང་ཉིད་ཀྱི་རང་རྩལ་ཆུ་དངས་མའི་ཟླ་གཟུགས་སམ། མེ་ལོང་སྒྲིབ་མེད་ཀྱི་ངོགས་སུ་རྟེན་འབྲེལ་གྱི་མཚན་མ་སྣ་ཚོགས་པྲ་ཕབ་པས་སྣང་བ་ལྟར་སྣང་སྟོང་གཉིས་མེད་སོ་སོ་རང་རིག་གི་ངོ་བོར་གནས་པ་སྟེ། དེ་ཕྱིར་སྣང་བ་ཉིད་དང་སྟོང་པ་ཉིད་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་ལ། སོ་སོ་མ་ཡིན་ཐ་མི་དད་པའོ། །ཞེས་ངོ་སྤྲད་པས་སྣང་ལ་རང་བཞིན་མེད་པས་སྣང་སྟོང་གཉིས་སུ་མེད་པར་རྟོགས་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། ཅེས་གསུངས་སོ།།

གཉིས་མེད་རང་གྲོལ་དུ་ངོ་སྤྲོད་པ།

ལྔ་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲོད་པ་ནི། དེ་ལྟར་སྣང་སྟོང་གཉིས་མེད་དུ་རྟོགས་པ་ཡང་རང་རིག་པའི་ངོ་བོ་མ་བཅོས་གཉུག་མ། མ་བསྒོམ་རང་བཞག སྤྲོས་པ་ཐམས་ཅད་དང་བྲལ་ཞིང་གསལ་ལ་དེར་འཛིན་མེད་པ། སྣང་བ་སྣ་ཚོགས་ཀྱི་འཆར་གཞི་མ་འགག་པ། གསལ་སྟོང་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ། སྐུ་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀ་ནས་དག་པའི་དབྱིངས་སུ་རྟོག་ཚོགས་ཐམས་ཅད་སྦྲུལ་མདུད་ལྟར་གཉིས་མེད་རང་གྲོལ་དུ་འགྱུར་བའོ། །ཞེས་ངོ་སྤྲད་པས་སྣང་སྟོང་དུ་འཛིན་པའི་ཞེན་རྟོག་ཀྱང་རིག་པ་ཡེ་གྲོལ་ཆེན་པོའི་ངང་དུ་རང་གྲོལ་ཉིད་དུ་འགྱུར་བ་ཡིན་ཏེ། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །སྙིང་པོ་མེད་ཕྱིར་འབད་རྩོལ་ཞིག །ངོ་བོ་ཉིད་ཀྱིས་ཡེ་གྲོལ་ལོ། །ཞེས་དང་། ཕྲ་བཀོད་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །ཤར་བ་ཉིད་ནས་རང་སར་གྲོལ། །གྲོལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་གྲོལ་བ་ཡང་ཅི། ཞེས་དང་། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རང་སྣང་སྟེ། ཞེས་གསུངས་སོ། །མདོར་ན་སེམས་འཁྲུལ་རྟོག་ཡིན་ཀྱང་འཁྲུལ་བའི་རང་བཞིན་རིག་ན་རིག་པ་ཡིན་ལ། འཁྲུལ་རྟོག་གི་རང་བཞིན་འཁྲུལ་བར་མ་གྲུབ་པས་སྟོང་ཞིང་རིག་པའི་ངོ་བོ་ཆད་སྟོང་མ་ཡིན་པས་འོད་གསལ་བ་དང་། རང་རིག་པའི་གདངས་ལས་གང་ཡང་མ་འགག་པར་འཆར་བ་དང་། རང་སྣང་གི་རོལ་བ་སྣ་ཚོགས་སྣང་སྟོང་དབྱེར་མི་ཕྱེད་པར་རྟོགས་ནས་གང་ཤར་གྱི་རིག་པ་བཅིང་གྲོལ་ལས་འདས་པའི་རང་བཞིན། སྤྲོས་བྲལ་ཀ་དག་གི་དབྱིངས་སུ་རང་གྲོལ་ནས་བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་གནས་ལུགས་མཐར་ཕྱིན་པ་ནི་ལྟ་བའི་ཐོག་ནས་ངོ་འཕྲོད་པ་ཡིན་ནོ། །

ཉམས་མྱོང་སྒོམ་ཐོག་ཏུ་ངོ་སྤྲོད་པ།

རང་གནས་བསམ་གཏན་གྱི་ངང་ལ་ངོ་སྤྲོད་པ།

གཉིས་པ་ཉམས་མྱོང་སྒོམ་ཐོག་ཏུ་ངོ་སྤྲོད་པ་ནི། གཏེར་ཆེན་འགྱུར་མེད་རྡོ་རྗེས་རང་གནས་བསམ་གཏན་གྱི་ངང་ལ་ངོ་སྤྲོད་པ་དང་། རང་གདངས་ཡེ་ཤེས་ཀྱི་རོལ་བ་ལ་ངོ་སྤྲོད་པ་གཉིས་སུ་གསུངས་པས་འདིར་ཡང་དེ་ལྟར་བྱ་སྟེ། དེ་ལ་དང་པོ་བསམ་གཏན་གྱི་ངང་ལ་ངོ་སྤྲོད་པ་ནི། རིན་ཆེན་སྒྲོན་མ་ལས། ཅོག་བཞག་གསུམ་གྱི་རང་བཞིན་ལས། ཀ་དག་དོན་ཉིད་མངོན་དུ་འགྱུར། ཅེས་གསུངས་པས་ལུས་རྡོ་རྗེ་སྐྱིལ་ཀྲུང་དང་མཉམ་བཞག་མི་གཡོ་བ་རི་བོ་ཅོག་བཞག མིག་མདའ་གང་ཙམ་གྱི་ཐད་ཀར་གཏད་དེ་མི་འགུལ་བ་རྒྱ་མཚོ་ཅོག་བཞག ཤེས་རིག་མ་བཅོས་སོ་མ་རང་བབས་ཆོས་ཉིད་གཉུག་མའི་ངང་ལ་རྩོལ་མེད་དུ་འཇོག་པ་རིག་པ་ཅོག་བཞག་ཡིན་པས་དེ་ལྟར་མི་གཡོ་བར་མཉམ་པར་འཇོག་ཏུ་བཅུག་ལ། ཀྱེ། སྐལ་ལྡན་རྣམས་ད་ལྟའི་རིག་པ་རང་གསལ་རྗེན་པ་འདི་ལ་མ་ཡེངས་བར་ལྟོས་ཤིག དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །ས ་ལེ་སེ ང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོགས་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་གདངས་ཡིན་ཞོག །འཕྲོ་གནས་རང་རིག་དངས་སངས་ཕྱེད་པར་ཞོག །ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག ཅེས་བརྗོད་ནས་སེམས་གསལ་དངས་ཀྱི་ངང་ལ་གནས་པ་དེ་ཉིད་ཕཊ་ཅེས་དབྱིངས་ལ་བོར་བའི་རྐྱེན་གྱིས་སྔར་གྱི་མི་རྟོག་པའི་ངང་དེ་ཞིག་ཀྱང་། བྱུང་ཚོར་གྱི་རྟོག་པ་དང་། དེར་འཛིན་གྱི་གཉེན་པོ་མེད་པའི་ཤེས་པ་རང་གསལ་རྒྱ་ཡན། གཞི་ཚལ་པ་ཞིག་འཆར་ཏེ། འདི་ཉིད་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པས། དེ་ངོས་ཟིན་ནས་ཤེས་པ་གནས་འགྱུར། བཟང་རྟོག་ངན་རྟོག་གང་གི་དུས་སུ་ཡང་རང་རིག་རང་བབས་ཀྱི་ངང་ལ་ཅེར་གྱིས་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་རྗེན་སངས་ཀྱིས་འཆར་ཏེ། འདི་ཁོ་ན་རྩོལ་མེད་ལྷུན་གྲུབ་ཀྱི་སྒོམ་པ་ཆུ་བོའི་རྒྱུན་ལྟ་བུ་ཡིན་ནོ། །ཞེས་ངོ་སྤྲད་ཅིང་དེར་བརྟན་པ་ཅུང་ཟད་ཐོབ་ནས་སྤྱོད་ལམ་སྣ་ཚོགས་རང་ཉམས་དང་སྦྱར་བའི་རྐྱེན་གྱིས་བསམ་གཏན་དང་བསྲེས་པས་བྱ་སྤྱོད་དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤར་ཏེ། མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། བླང་དོར་གྱི་ཆོས་མེད། སྒོམ་བྱ་སྒོམ་བྱེད་ཀྱི་རྩིས་མེད་པར་ཐམས་ཅད་རིག་པའི་རང་གདངས་ཆོས་ཟད་ཀ་དག་གི་དགོངས་པར་ལ་བཟླས་པའོ། །ཞེས་གསུངས་ཏེ། དེ་ལྟར་ཡང་ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དེ། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། ཅེས་གསུངས་སོ། །

རང་མདངས་ཡེ་ཤེས་ཀྱི་རོལ་པར་ངོ་སྤྲོད་པ།

གནས་པ་སེམས་ཀྱི་རྒྱན་དུ་ངོ་སྤྲོད་པ།

གཉིས་པ་རང་མདངས་ཡེ་ཤེས་ཀྱི་རོལ་པར་ངོ་སྤྲོད་པ་ལ། གནས་པ་རྒྱན། འཕྲོ་བ་རོལ་པ། གཉིས་མེད་མཉམ་པར་ངོ་སྤྲོད་པ་གསུམ། དང་པོ་གནས་པ་སེམས་ཀྱི་རྒྱན་དུ་ངོ་སྤྲོད་པ་ནི། སྒོ་གསུམ་ཅོག་བཞག་ལས་མི་གཡོ་བར་རང་བབས་ལྷུག་པར་བཞག་ནས་དེའི་ངང་ལ་དགེ་སྡིག་གི་བླང་དོར། སེམས་ཀྱི་དགག་སྒྲུབ་སོགས་ཀྱི་རྟོག་པ་སྣ་ཚོགས་རང་བབས་སུ་ཆམ་མེ་བཞག་པས། རྒྱ་མཚོ་ཆེན་པོའི་རླབས་ཞི་བ་དངས་ལ་མི་གཡོ་བ་ལྟར་སེམས་ཀྱི་འཁྲུལ་སྣང་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ནས་གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཁྲུལ་མེད་གདོད་མའི་གནས་ལུགས་ཀ་ནས་དག་པའི་ངང་དུ་ལྷོད་ཤིགས་སེ། གསལ་ཧྲིག་གེ་གནས་པ་ནི་ཁྲེགས་ཆོད་ཀྱི་དོན་སེམས་ཉིད་དངོས་ཡིན་ལ། དེ་ཡང་སེམས་ཉིད་ངོ་བོ་སྤྲོས་པ་ཀུན་དང་བྲལ་བ་ཆོས་ཀྱི་སྐུ་དང་། རང་བཞིན་གསལ་ལ་དེར་འཛིན་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ། ཐུགས་རྗེ་སྣ་ཚོགས་སུ་སྣང་བའི་འཆར་གཞི་མ་འགག་པ་སྤྲུལ་པའི་སྐུ་སྟེ། ཅི་བཞིན་གྱི་ངང་ལ་ཡེ་བཞིན་སྐུ་གསུམ་དབྱེར་མེད་དུ་ལྷུན་གྱིས་གྲུབ་པ་ནི་སེམས་ཉིད་ཀྱི་རྒྱན་ཡིན་ནོ། །ཞེས་ངོ་སྤྲོད་པར་བྱ་སྟེ། དེ་ཡང་རང་ཤར་ལས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། ཅེས་དང་། རིག་པ་རྟོག་པ་མེད་པ་ཆོས་སྐུ་ཡིན། །རིག་པ་མ་འགག་གསལ་བ་ལོངས་སྐུ་ཡིན། །རིག་པ་ཅིར་ཡང་ སྣང་བ་སྤྲུལ་སྐུ་ཡིན། ཞེས་དང་། ཐལ་འགྱུར་ལས། ཡེ་ཤེས་རང་སོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་གསུངས་སོ། །

འཕྲོ་བ་སེམས་ཀྱི་རོལ་པར་ངོ་སྤྲོད་པ།

གཉིས་པ་འཕྲོ་བ་སེམས་ཀྱི་རོལ་པར་ངོ་སྤྲོད་པ་ནི། དེ་ལྟར་སེམས་གསལ་ལ་མི་རྟོག་པའི་ངང་ནས་མ་འགག་པའི་རྩལ་སྣང་གང་ཤར་བའི་རྟོག་པ་དེ་ལ་སྔ་ཕྱིའི་བསུ་སྐྱེལ་མི་བྱེད། གནས་པ་མི་བཅོས། འཕྲོ་བ་མི་དགག མཉམ་པ་མི་སྒྲུབ། དགག་སྒྲུབ་བླང་དོར་མེད་པར་གང་ལྟར་འཕྲོ་བའི་རྟོག་པ་རང་ཤར་གྱི་ངང་ན་རང་བབས་སུ་ཡན་དུ་བཅུག་པས་རྦ་རླབས་རྒྱ་མཚོའི་རོལ་པ་རྒྱ་མཚོའི་ངང་ལས་མ་འདས་ཤིང་རྒྱ་མཚོའི་ཀློང་དུ་ཞི་ཞིང་ཐིམ་པ་དང་། ལན་ཚྭ་ཆུ་ལས་བྱུང་བ་ཆུ་ལ་ཐིམ་པ་དང་།

སྦྲུལ་མདུད་གཉེན་པོ་མེད་པར་གྲོལ་བ་ལྟར་རྟོག་ཚོགས་ཆོས་ཉིད་ཀྱི་རོལ་པ་ཆོས་ཉིད་ཀྱི་ངང་ལས་མ་འདས་པས་ཆོས་ཉིད་ཀྱི་ཀློང་དུ་ཞི་ཞིང་ཐིམ་པའམ་ཤར་ཙམ་ཉིད་ནས་གཉེན་པོ་ལ་མ་ལྟོས་པར་ཆོས་ཉིད་ཀ་དག་གི་ཀློང་དུ་རང་གྲོལ་བར་འགྱུར་བ་ཡིན་ཏེ། དེ་ཡང་རྨད་བྱུང་རྒྱལ་པོའི་རྒྱུད་ལས། ཇི་ལྟར་རྒྱ་མཚོའི་རྦ་རླབས་ལྟར། །སེམས་ཀྱི་རླབས་རྣམས་གཡོ་བ་ཀུན། །གདོད་མ་གཞི་ཡི་རྒྱ་མཚོར་ཐིམ། ཞེས་དང་། ས་ར་ཧ་པའི་ཞལ་ནས། ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་བཞིན་སེམས་ནི་རང་བཞིན་ལ་ཐིམ་འགྱུར། ཞེས་དང་། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །ཞེས་སོགས་གསུངས་སོ། །

འཕྲོ་གནས་གཉིས་མེད་མཉམ་པའི་ངང་དུ་ངོ་སྤྲོད་པ།

གསུམ་པ་འཕྲོ་གནས་གཉིས་མེད་མཉམ་པའི་ངང་དུ་ངོ་སྤྲོད་པ་ནི། སེམས་ཉིད་མི་རྟོག་པའི་ངང་ལས་རྩལ་རྟོག་ཚོགས་གང་ཤར་དགག་སྒྲུབ་བླང་དོར་མེད་པར་རང་བབས་སུ་བཞག་པས། རྒྱ་མཚོ་དང་རླབས་ཕྲེང་དབྱེར་མི་ཕྱེད་པ་ལྟར། ཆོས་ཉིད་ཀྱི་ངང་དུ་མི་གཡོ་བར་གནས་པ་དང་། གནས་པའི་རྩལ་འགག་མེད་དུ་འཕྲོ་བ་དག་གི་རང་བཞིན་དབྱེར་མེད་ཅིང་། གཉིས་ཀའང་ཆོས་ཉིད་ཀྱི་ངང་ལས་མི་འདའ་ཞིང་ཆོས་ཉིད་ཀྱི་ངང་དུ་མཉམ་པ་སྟེ། དེ་ཡང་གནས་ལ་སྣ་ཚོགས་སུ་ཤར་བ། འཕྲོ་ལ་གཟུང་འཛིན་དང་བྲལ་བ། མཉམ་ལ་དེར་འཛིན་མེད་པ་སྟེ། ཕྱི་སྣང་བ་སྣ་ཚོགས་སུ་སྣང་ཡང་སྣང་བས་སེམས་མི་གཡོ་བ་དབང་པོའི་མངོན་སུམ་ལྟ་བུ། ནང་སྣ་ཚོགས་སུ་འཕྲོ་ཡང་དེར་འཛིན་དང་བྲལ་བ་རྨི་ལམ་གྱི་ཤེས་པ་ལྟ་བུ། ཡུལ་དྲུག་སྣ་ཚོགས་སྤྱོད་ཀྱང་དགག་སྒྲུབ་རེ་དོགས་ཀྱི་རྟོག་པ་མེད་པ་བུ་ཆུང་གི་ཤེས་པ་ལྟ་བུ། རྟོག་པ་སྣང་ཡུལ་ལ་ཞི་བ་ལན་ཚྭ་ཆུར་ཐིམ་པ་ལྟ་བུ། གང་ཤར་འཛིན་པ་དང་བྲལ་བ་སྨྱོན་པ་རེ་དོགས་མེད་པ་ལྟ་བུ། ཡུལ་སྣང་ལ་བླང་དོར་དང་འཛིན་པ་བྲལ་ཚེ་ཕྱི་ནང་སྟོང་པ་ཉིད་དུ་རྟོགས་པ་ཅེས་བྱ་སྟེ། དེ་ལྟར་ཡང་སེམས་གནས་ན་གདོད་མའི་ངང་དུ་ཕྱིན། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་འཆར། མཉམ་ན་གཉིས་མེད་ཀྱི་ངང་དུ་གྲོལ་བ་ཡིན་པས་ཇི་ལྟར་བྱས་ཀྱང་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པའོ། །ཞེས་ངོ་སྤྲོད་གདབ་ཅིང་སྔར་གྱི་སྐབས་དེ་དང་དེའི་བསྒོམ་བྱའི་དོན་ལ་རིག་ཐོག་ཏུ་ཉམས་མྱོང་སྐྱེས། དེ་ངོ་འཕྲོད་པས་གནས་ལུགས་ཀྱི་ཐོག་ཏུ་སྒྲོ་འདོགས་ཆོད་ན། དེའི་རྒྱུན་མཉམ་པར་བརྐྱང་བས་རིམ་གྱིས་བརྟན་པ་ཐོབ་པར་འགྱུར་ཞིང་། དུས་དེ་དང་དེར་གོ་ཡུལ་དུ་སོང་ན་ངོ་སྤྲོད་རྗེས་མ་རྗེས་མ་རྣམས་དོན་མེད་དུ་འགྲོ་བས་སྔར་གྱི་དམིགས་རིམ་རྣམས་སླར་ཡང་འབད་པས་བསྒོམ་ཞིང་ཕྱིས་ཉམས་མྱོང་སྐྱེ་ཚུལ་དང་སྦྱར་ནས་བསྟན་ཅིང་ཉམས་སུ་བླངས་བས་རིམ་གྱིས་དགག་སྒྲུབ་བླང་དོར་ལས་འདས་པའི་ཆོས་ཉིད་ཀ་ནས་དག་པའི་གནས་ལུགས་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པའི་དོན་ལ་མྱོང་རྟོགས་ཀྱི་སྣེ་ཟིན་པར་འགྱུར་བའོ། །དེ་ཡང་བཏགས་གྲོལ་སྙིང་པོའི་རྒྱུད་ལས། ཕྱི་ནང་ཀུན་བརྟགས་ཡེ་སྟ ོ ང་གྲོལ། ཞེས་དང་། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད ་ལྷུན་གྱིས་གྲུབ། ཅེས་དང་། མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། ཞེས་སོ། །དེ་ལ་འདིར་གནས་འགྱུ་ལ་ལྟོས་བཞག་ཅན་མ་ཡིན་པས། ཕྱི་ཚོགས་དྲུག་དང་། ནང་ཤེས་པ་གཉིས་ཀའི་ཕྱོགས་སུ་མ་ལྷུང་ཞིང་སྐྱེ་འགག་རྟག་ཆད་ལས་འདས་པའི་ཤེས་པ་རང་རིག་རང་གསལ་གྱི་ངོ་བོ་རྩལ་མདངས་འགག་མེད་ཀྱི་སྣང་བ་གུ་ཡངས་ཕྱད་དེ་བ། གསལ་ཧྲིག་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་དེའི་རང་སོ་ཡེངས་མེད་དུ་བརྐྱང་པ་ལས། གནས་ལུགས་ཀྱི་རྟོགས་པ་ཇེ་འཕེལ་ཇེ་བརྟན་དུ་འགྱུར་རོ། །ཞེས་གཏེར་ཆེན་ནས་གསུངས་སོ། །

མངོན་སུམ་བཅར་ཐོག་དུ་ངོ་སྤྲོད་པ།

དོན་བརྒྱུད་དགོངས་པའི་བྱིན་རླབས་འཕོ་བའི་ཐབས་བསྟན་པ།

གསུམ་པ་ལྟ་སྒོམ་ཟུང་དུ་འབྲེལ་བར་དམུས་ལོང་མིག་ཕྱེ་བ་ལྟར་མངོན་སུམ་བཅར་ཐོག་དུ་ངོ་སྤྲོད་པ་ལ། བྱིན་རླབས་འཕོ་ཐབས། མངོན་སུམ་ངོ་སྤྲོད། དོགས་སེལ་གེགས་སྒྲོལ། འགག་བསྡམ་དང་བཞི། དང་པོ་དོན་བརྒྱུད་དགོངས་པའི་བྱིན་རླབས་འཕོ་བའི་ཐབས་བསྟན་པ་ནི། མཆོད་ཚོགས་ནུས་བསྟུན་བཤམས། མཎྚལ་ཕུལ་ནས་སློབ་མ་མི་འགྱུར་རྡོ་རྗེའི་འདུག་སྟངས་བཅས་ཏེ། བླ་མའི་རྣལ་འབྱོར་གྱི་དམིགས་རིམ་སྔོན་འགྲོ་ལྟར་གསལ་བཏབ་ལ། བླ་མ་ཉིད་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། སྐྱབས་གནས་ཀུན་འདུས། དངོས་གྲུབ་ཀུན་འབྱུང་། ལམ་སྟོན་གཅིག་ཆོག་ཏུ་ངེས་ཤེས་བསྐྱེད་ནས་བློ་གཏད་ལིང་བསྐྱུར་དང་ཇི་མཛད་ཁྱེད་ཤེས་ཀྱི་མོས་གདུང་མཆི་མ་འཁྲིག་པ་ཙམ་དུ་བསྐྱེད་ཅིག་བྱས་ལ། ཌཱ་དྲིལ་དང་བཅས་ཏེ་སྣང་བ་འགྱུར་བའི་དབྱངས་ཀྱིས། ༀ་ཨཱཿཧཱུྃ། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །སྤྲུལ་སྐུ་རིག་གསུམ་མགོན་པོ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །ཡང་སྤྲུལ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །རིག་འཛིན་ཤྲཱི་སེངྷ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །པཎ་ཆེན་བི་མ་མི་ཏྲ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །གུ་རུ་སྐུ་གསུམ་ཡོངས་འདུས་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །ཡི་དམ་བདེ་གཤེགས་ཡོངས་རྫོགས་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །མཁའ་འགྲོ་མངོན་རྫོགས་རྒྱལ་མོ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །བྱིན་རླབས་དོན་བརྒྱུད་བླ་མ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཀ་དག་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། །མྱུར་བ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། །འདུག་ས་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ། །གདན་ཐoག་འདི་རུ་བྱིན་གྱིས་བ རླབ་ཏུ་གསོལ། །ཞེས་བརྗོད་ཅིང་བྱིན་ཕབ་པས་བླ་མ་ཉིད་ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ་ནས་སློབ་མའི་སྤྱི་བོ་ནས་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་འདྲེས་པའི་ངང་ལ་ཤེས་པ་གློད་ནས་འཇོག་ཏུ་བཅུག་པས་བྱིན་རླབས་ཀྱི་འུར་ལངས། སྣང་བ་བླ་མར་འདྲེས། རྣམ་རྟོག་མོས་གུས་སུ་ཤར་ནས། རིག་མདངས་མོས་གུས་སུ་ལམ་མེ། གཤིས་འཛིན་མེད་དུ་ཁྲོལ་ལེར་ཤར་བས་མོས་གུས་རང་རིག་ཏུ་གྲོལ། རང་རིག་སྐྱེ་མེད་ཀ་དག་གི་དབྱིངས་སུ་གྲོལ་བ་ཞེས་བྱ་སྟེ། དེ་ཡང་དམ་ཚིག་བཀོད་པའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་བ་འབུམ་དུ་བསྒོམ་པ་བས། །བླ་མ་སྐད་ཅིག་དྲན་པ་མཆོག །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་མཆོག ཅེས་དང་། ཨ་ཏི་བཀོད་པ་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ལག་མཐིལ་དུ་གང་བསྒོམ་པ། །སངས་རྒྱས་སྟོང་གི་དངོས་གྲུབ་ཀྱང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། ཞེས་གསུངས་པ་ལྟར་གནས་ལུགས་མ་བཅོས་པའི་རྟོགས་པ་རྒྱུད་ལ་སྐྱེ་བ་ནི་བླ་མར་མོས་གུས་ཁོ་ན་ལ་བརྟེན་པ་མ་གཏོགས་ཐབས་གཞན་གང་གིས་ཀྱང་རྟོགས་པར་མི་ནུས་སོ། །

མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པས་སྤྲོ་བ་བསྐྱེད་པ།

གཉིས་པ་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པས་སྤྲོ་བ་བསྐྱེད་པ་ནི། ཀྱེ། ཁྱེད་རང་རྣམས་ཀྱི་ད་ལྟའི་རིག་པ་འདི་ལ་བཟོ་བཅོས་དང་སྤྲོ་བསྡུ་མ་བྱེད་པར་ཐད་ཀར་ཞོག་དང་། དེ་ལ་ཡོད་མེད་དང་ཕྱོགས་ཆ་མ་གྲུབ། སྣང་སྟོང་གི་སྤུ་རིས་མི་ཕྱེད། རྟག་ཆད་ཀྱི་མཚན་མ་མ་གྲུབ་པ་འདི་ཀའི་ངང་ལ་རང་བབས་སུ་འཇོག་པ་ལས། ལྟ་སྒོམ་གྱི་རྩོལ་བས་འབད་མི་དགོས་པར་བསྡམས་པ་བཀྲོལ་བ་ལྟ་བུ། མ་ཡན་པའི་ཡེ་གྲོལ་ཆེན་པོ། བློས་མ་བྱས་པའི་རང་གསལ། རྣམ་རྟོག་གིས་མ་བཟོས་པའི་ཡེ་ཤེས། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་ཉིད། འཇོག་ཏུ་མེད་པའི་མཉམ་བཞག རྩིས་གདབ་མེད་པའི་རྗེས་ཐོབ། གསལ་བ་ལ་ངོ་བོ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་བ། ཡེ་བབ་རང་གནས་ཀྱི་དགོངས་པ་འདི་ལྟ་བུ་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འབྲལ་མ་མྱོང་བར་ཡོད་ཀྱང་། ཆུ་རང་གྲོལ་དུ་ཡོད་པ་འཁྱགས་པས་བསྡམས་པ་ལྟར། ནང་འཛིན་པའི་སེམས་ཀྱིས་རྒྱུ་བྱས། ཕྱི་གཟུང་བའི་ཡུལ་གྱིས་རྐྱེན་བྱས་ཏེ་འཁོར་བ་མཐའ་མེད་དུ་འཁྱམས་པ་ཡིན་ལ། ད་ལྟ་བླ་མའི་གདམས་ངག་གིས་རིག་པ་སྐད་ཅིག་མའི་མཚང་རིག་པ་ཙམ་ནས་ཡིན་ལུགས་ཀྱི་ཐོག་ཏུ་བཟོ་མི་འཆོས་ཤིང་མ་ཡེངས་མི་བསྒོམ་པར་འཇོག་པ་འདི་ཁོ་ན་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པའི་མཐིལ་ལྷག་གེར་བསྟན་པ་ཡིན་ཏེ། ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པ འི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་བརྡལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་དགོངས་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེངས་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། ཅེས་དང་། རིན་ཆེན་སྤུངས་པ་ལས། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པ་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། ཞེས་དང། ཀུན་བྱེད་ལས། སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལས་འཆོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་སྒོམ་མ་མྱོང་། །རང་སེམས་མི་རྟོག་པ་ཡིས་འགྲུབ་པ་ཡིན། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡང་། །རྟོག་མེད་མཉམ་པ་ཉིད་ཀྱིས་འགྲུབ་པར་འགྱུར། ཞེས་སེམས་ཀྱི་ངོ་བོ་དང་པོ་ཉིད་ནས་རང་གྲོལ་ཆེན་པོར་ཡོད་པ་དེ་ཉིད་ངོ་ཤེས་པ་ནི་རིག་པ་སྟེ། དེའི་རྒྱུན་བསྐྱངས་བས་བཙན་ཐབས་སུ་སངས་རྒྱས་པའི་ཕྱིར་ལམ་གཞན་ལས་མྱུར་བ་ཡིན་པས་སྤྲོ་བར་གྱིས་ཤིག ཅེས་སྤྲོ་བ་བསྐྱེད་དོ།།

དོགས་པ་བསལ་ཞིང་གེགས་སྒྲོལ་བ།

གསུམ་པ་དོགས་པ་བསལ་ཞིང་གེགས་སྒྲོལ་བ་ནི། དེ་ལྟར་གནས་ལུགས་རང་གནས་ཆེན་པོའི་རྒྱུན་བསྐྱངས་པའི་ཚེ་རིག་པ་དེའི་ངོ་བོ་སྟོང་པར་འདུག་སྙམ་ན། སྟོང་པར་འདོགས་མཁན་བློ་ཡིན་པས་གཏད་སོ་ཡོད་ལ་གཏད་སོ་དང་བཅས་པའི་ཆོས་ཀྱིས་སངས་མི་རྒྱ་བས་སྟོང་པ་ཉིད་ལ་དེར་འཛིན་གྱི་སྒྲིབ་བྱེད་མཐའ་གྲོལ་ཆེན་པོར་སྤང་དགོས་པ་དང་། ཡོད་མེད་སོགས་མཐའ་ལས་འདས་པའི་ངོ་བོའི་བཞུགས་ཚུལ་འདི་ལྟ་བུའོ་སྙམ་པར་གདེངས་འཆའ་བ་དེ་ངེས་ཤེས་ཀྱིས་བཅིངས་པའི་རང་སའི་སྒྲིབ་པ་རྔམ་པོ་ཆེ་ཡིན་པའི་ཚུལ། སེང་གེ་རྩལ་རྫོགས་ལས། བསམ་གཏན་བསྒོམ་པས་ཆོས་ཉིད་དོན་མི་མཐོང་། །རང་སྣང་ཏིང་འཛིན་བསམ་པའི་ཕྱོགས་དང་བྲལ། །སྤྲོས་བྲལ་ཆོས་ཉིད་ནམ་མཁའི་མཐའ་དང་མཉམ། །དམིགས་པ་དག་གི་ཡུལ་ལ་འཛི ན་རྟོག་མེད། །མཐའ་བཞི་བྲལ་བའི་སངས་རྒྱས་རང་རིག་ཡིན། །ཡོད་མེད་མཐའ་ལས་འདས་པ་ཆོས་ཀྱི་སྐུ། ཞེས་དང་། ཁྱུང་ཆེན་ལྡིང་པ་ལས། །མུ་མཐའ་མེད་པར་རྩོལ་བ་གང་ཡིན་པ། །བྱ་ལོང་ནམ་མཁའི་མཐའ་ཚོལ་འདྲ་སྟེ་རྙེད་པ་མིན། །མི་རྙེད་དོན་འདི་རྙེད་ལ་སུས་ཀྱང་བཅོས་སུ་མེད། །ཤེས་བྱ་སྤྲོས་མེད་འདི་ལ་མཐའ་མ་མི་སྲིད་དོ། །ཞེས་གསུངས་ཤིང་དེ་བཞིན་དུ་གཟུགས་སྣང་སོགས་དབང་པོ་དྲུག་གི་ཡུལ་གང་ལ་དགེ་མི་དགེ་སོགས་ཀྱི་རྣམ་པར་རྟོག་པ་ཤར་བ་དེ་ལ་ཆེད་དུ་འཛིན་པ་མ་ཡིན་ཀྱང་། ཡིད་དཔྱོད་ཀྱི་ཐེག་པ་ལྟར་སྟོང་ཉིད་མེད་དགག་དང་། མ་ཡིན་དགག་ལ་སོགས་པའི་བློ་ཡི་ཆོས་ཀྱིས་ཡུལ་སྣང་ཆེད་དུ་བཀག་པ་ཙམ་གྱིས་སངས་མི་རྒྱ་བ་དང་། དེ་ལྟ་ན་སྣང་བ་དང་སྣང་ཡུལ་མ་ཕྱེད་པས་སེམས་ཙམ་རྣམ་བདེན་དྲི་བཅས་སུ་ཉེའོ་སྙམ་ན། མིན་ཏེ། དངོས་པོ་གང་མཐོང་བའི་སྐད་ཅིག་མ་དང་པོར་དེའོ་སྙམ་པ་སོ་སྐྱེའི་ལམ་ལ་མི་སྐྱེ་བའི་དབང་མེད་ཀྱང་། སྐད་ཅིག་མ་གཉིས་པར་དེའི་རང་བཞིན་ལ་དཔྱོད་པའི་སེམས་སེམས་བྱུང་གི་རྩལ་རྫོགས་པས་རྣམ་རྟོག་སྔ་མ་རང་ཡལ་རྗེས་མེད་དུ་སོང་ནས་དངོས་པོའི་སྣང་ཆ་མ་འགག་ཀྱང་། དེར་འཛིན་མེད་པའི་ཆོས་ཉིད་ལ་གནས་པ་ཉིད་གོམས་པས། ཤར་གྲོལ་དུས་མཉམ་དུ་དག་ནས་སྣང་སེམས་འདྲེས་པ་ནི། རང་བཞིན་རྫོགས་པ་ཆེན་པོའི་ལམ་མ་ནོར་བ་སྟེ། ཀུན་བྱེད་ལས། དབང་པོ་དྲུག་ལ་ཡུལ་དྲུག་སྣང་བ་ལས། །སྡུག་བསྔལ་མཐོང་ནས་དབང་པོ་འགག་པར་བྱེད། །དེས་ནི་ཀུན་བྱེད་བྱས་པ་མི་ཆ་བས། །སྐྱེ་འགག་བྲལ་བའི་འབྲས་བུ་དེ་ལ་མེད། ཅེས་དང་། རིག་འཛིན་དགའ་རབ་རྡོ་རྗེས། ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད། །གྲོལ་བའི་དུས་ན་མཉམ་གྲོལ་བཟང་ངན་མེད། ཞེས་གསུངས་སོ། །དེས་ན་ཁམས་ཀྱི་དྲི་མ་བླང་དོར་གྱི་ངལ་དུབ་དང་བཅས་པས་སྦྱང་བརྩོན་ལ་མི་ལྟོས་ཤིང་། བསྲུང་བསྒོམ་སློབ་ཉམས་ཀྱི་འདུ་ཤེས་དམ་པོས་དཀྲིས་པའི་ཟག་བཅས་ཀྱི་བསླབ་སྤྱོད་ལས་ཆེས་འཕགས་པ། རང་བཞིན་ཐེག་མཆོག་རྒྱལ་པོའི་དགོངས་པ་བྱ་རྩོལ་བློ་འདས་ཐིག་ལེ་ཉག་གཅིག་ལ། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཐབས་སྤྱོད་པའི་ཕྱོགས་དང་། ཤེས་རབ་ཀྱི་ཏིང་ངེ་འཛིན་གྱི་ཕྱོགས་ཐམས་ཅད་ཀུན་བྱེད་དྲན་མཆོག་རྒྱལ་པོ་རིག་པའི་ཆོས་ཉིད་ལ་ཚངས་བ་ཡིན་ཏེ། ཁྱད་པར་གྱིས་ཞུས་པའི་མདོ་ལས། མི་འཛིན་པ་ནི་སྦྱིན་པ། མི་གནས་པ་ནི་ཚུལ་ཁྲིམས། མི་བསྲུང་བ་ནི་བཟོད་པ། མི་བརྩོན་པ་ནི་བརྩོན་འགྲུས། མི་སེམས་པ་བསམ་གཏན། མི་དམིགས་པ་ཤེས་རབ་བོ། །ཞེས་གསུངས་པ་ལྟ་བུའོ། །

ཉམས་ལེན་གྱི་རྩལ་རང་ཐོག་ཏུ་སྦྱོང་བ།

རྐྱེན་དང་བསྲེ་བ།

བཞི་པ་ཆོས་ཉིད་གདོད་མའི་གནས་ལུགས་ཀ་དག་གི་དོན་ངོ་འཕྲོད་ནས་ཉམས་ལེན་གྱི་རྩལ་རང་ཐོག་ཏུ་སྦྱོང་བ་ལ། རྐྱེན་དང་བསྲེ་བ། ལྷུམས་སུ་གཞུག་པ། འགག་བསྡམ་ཚུལ་ཏེ་གསུམ། དང་པོ་རང་གྲོལ་གསུམ་གྱི་རྐྱེན་དང་བསྲེས་ཏེ་རྩལ་སྦྱང་བ་ལ། དོན་ཁྲིད་ལས། དུག་ལྔ་རང་གྲོལ་དུ་ངོ་སྤྲད། སྒོ་ལྔ་རང་གྲོལ་དུ་ངོ་སྤྲད། ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད། དེ་ལྟར་འབྱོངས་ཞིང་རྣལ་དུ་ཕེབས་ནས་ཁྲེགས་ཆོད་ཀྱི་དོན་གཏན་ལ་ཕེབས་ཏེ་ཞེས་པར། ཀུན་མཁྱེན་ཀློང་ཆེན་པས། དུག་ལྔ། སྒོ་ལྔ། ཚོགས་དྲུག་རང་གྲོལ་གསུམ་དུ་གསུངས་པས། འདིར་ཡང་དེ་དང་མཚུངས་པར། ཐོག་མར་དུག་ལྔ་རང་གྲོལ་ནི། གཏན་གྱི་བདེ་བ་འཇོམས་ཤིང་ཐར་བའི་སྲོག་འཕྲོག་པར་བྱེད་པའི་ཉོན་མོངས་པའི་དུག་ལྔ་པོ་གང་སྐྱེས་ཀྱང་། དེ་ཉིད་མ་སྤངས་རང་གྲོལ་དུ་རང་བབ་ཆེན་པོར་བཞག་པས། འཛིན་མེད་ཡེ་ཤེས་ལྔ་རུ་ཡེ་གྲོལ་ཆེན་པོར་ཕྱམ་བརྡལ་ཞིང་། དེ་བཞིན་དུ་དེས་བསྐྱེད་ཀྱི་རྟོག་ཚོགས་ཕྲ་རགས་གང་དང་གང་སྐྱེས་ཀྱང་དགག་སྒྲུབ་མེད་པར་གང་ཤར་དེ་གའི་ངང་ལ་བཞག་པས། ཀ་དག་ཆེན་པོར་རང་གྲོལ་བར་འགྱུར་བའོ། །ཚོགས་དྲུག་རང་གྲོལ་ནི། ཡུལ་གཟུགས་སྒྲ་དྲི་རོ་རེག་ཆོས་དྲུག་ལ། སྒོ་ལྔ་ཡིད་དང་བཅས་པའི་རྣམ་པར་ཤེས་པ་ཚོགས་དྲུག་གིས་དགག་སྒྲུབ་ཅི་བྱུང་ཞིང་གང་ཤར་བ་དེ་ཉིད་ཀྱི་ངང་ལ་རང་བབ་ཆེན་པོར་ཀློད་པས། ཡེ་སྟོང་གི་གཞི་བྲལ་ཆེན་པོར་གྲོལ་བར་འགྱུར་བ་ཡིན་ཏེ། ཀུན་མཁྱེན་ཀློང་ཆེན་པས། དུག་གསུམ་སྒོ་ལྔ་ཚོགས་དྲུག་ཡུལ་རྣམས་ལ། །གང་ཤར་གཞི་གྲོལ་ཡེ་གྲོལ་རང་བབས་བཞག །མ་ཡེངས་མི་གནས་ཆོས་ཉིད་ངང་དུ་གྲོལ། །གཏད་མེད་རྒྱལ་པོ་འཛིན་མེད་ཤར་བ་ཡིན། ཞེས་གསུངས་སོ། །

ལྷུམས་སུ་གཞུག་པ།

གཉིས་པ་དེ་ལྟ་བུའི་ཆོས་ཉིད་ཅོག་བཞག་རྣམ་པ་བཞིའི་ལྷུམས་སུ་གཞུག་པ་ནི། དེ་ལྟར་ཡིན་ལུགས་བསམ་ངོ་དང་བྲལ་བར་ངོ་སྤྲད་པའི་རིག་པ་རང་གསལ་ཆེན་པོ་ལ་བློ་ཡི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་ལ་མ་ཞུགས་པར་རྒྱ་ཡན་འཕོ་འགྱུར་མེད་པར་བཞག་པ་ནི་ལྟ་བ་རི་བོ་ཅོག་བཞག ། སྔར་བཤད་པའི་ཅོག་བཞག་རྣམ་གསུམ་ལྟར་ཚོགས་དྲུག་གི་སྣང་བ་ལ་འཛིན་བཅོས་མི་བྱེད་པར་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ནས་ཤེས་པ་དངས་སངས་ཕྱེད་དུ་གཞུག་པ་སྒོམ་པ་རྒྱ་མཚོ་ཅོག་བཞག་དང་། སྒོ་གསུམ་ཐོག་བབས་སུ་གློད་ལ་ལྟ་སྒོམ་གྱི་ཤུབ་ནས་དོན་པའི་ཡེ་ཤེས་རང་གསལ་རྗེན་པ་ཅར་ཕོག་ཏུ་བསྐྱངས་པ་སྤྱོད་པའི་མན་ངག་སྣང་བ་ཅོག་བཞག་དང་། ཡུལ་ལྔ་དབང་ཤེས་བཅས་རང་བབས་སུ་བཞག་པས་རང་གསལ་རྗེ ན་པ་ལྷག་གེར་ཤར་ཏེ་རླུང་ལྔ་དབྱིངས་སུ་འཆིང་ནས་ཕྱི་རོལ་དུ་དུ་བ་སྨིག་སྒྱུ་འཇའ་ཚོན་ལ་སོགས་པ་རང་སྣང་དག་པའི་འོད་གསལ་ཀྱང་། ཐུན་མོང་གི་སྣང་བ་དང་མཐུན་པར་འཆར་བ་དེ་ཉིད་འབྲས་བུ་མ་བཅོས་རིག་པ་ཅོག་བཞག་ཏུ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་བཞེད་དོ། །དེ་ཡང་སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་ཅོག་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་འདྲེས་པའོ། །ཞེས་གསུངས་སོ། །

འགག་བསྡམ་པ།

གསུམ་པ་གཤིས་ལ་བྱ་བ་དང་བྲལ་བས་སྒོ་གསུམ་རང་བབས་ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་འགག་བསྡམ་པའི་ཚུལ་ནི། རང་བཞིན་རྫོགས་པ་ཆེན་པོའི་གནད་ཀྱི་ཆེ་བ་རྡོ་རྗེའི་གད་མོ་ཆེན་པོ་བཅུ་གཉིས་དང་། རྣམ་ཤེས་ཚོགས་བརྒྱད་དག་པར་བྱེད་པའི་རྡོ་རྗེའི་ཚིག་ཆེན་པོ་བརྒྱད་ཀྱིས་གཏན་ལ་ཕབས་པའི་དོན། ཐད་ཀའི་ཤེས་པ་རྒྱུ་འབྲས་བླང་དོར་ལས་འདས་པ་ཉིད་དུས་གསུམ་འཕོ་འགྱུར་མེད་པར་ལམ་དུ་འཁྱེར་བའོ། །འོན་ཀྱང་སློབ་དཔོན་པདྨ་དང་། བི་མ་ལ་དང་། ཏེ་ལོ་པ་སོགས་ལ་འགྲན་བཟོད་པ་ལྟ་བུའི་གཤིས་དེར་ཕེབས་པའི་རྣལ་འབྱོར་པ་ཆེན་པོ་རྣམས་ལ་རྒྱུ་འབྲས་དགེ་སྡིག་མེད་པ་ཐད་དྲང་དུ་བཤད་པ་ལས། རང་ཅག་ལྟ་བུ་ལ་བློས་དེ་ལྟར་རྟོགས་ཀྱང་གོམས་པ་ཐོག་ཏུ་མ་ཕེབས་པས། གཤིས་ལ་མི་སྐྲག་ཅིང་ལས་འབྲས་ཆ་ཕྲ་ལ་འཛེམས་པ་དང་སྦྱར་ནས་བཤད་དགོས་སོ། །ཞེས་ཀུན་མཁྱེན་ཡབ་སྲས་ནས་གསུངས་པ་བཞིན་བློ་དམན་རྣམས་ལ་བདེན་པ་གཉིས་ཀྱིས་ཕྱེ་ནས་བཤད་པས་གདོད་རྟོགས་པར་འགྱུར་བས། ཚུལ་དེ་ཡང་གོང་དུ་ཇི་སྐད་བཤད་པའི་ཉམས་མྱོང་གི་གནས་ལུགས་ངོ་འཕྲོད་འདུག་ན། དེའི་རྒྱུན་བསྐྱངས་བས་རིམ་གྱིས་བརྟན་པ་ཐོབ་པར་འགྱུར་ལ། དེར་སྒྲོ་འདོགས་མ་ཆོད་པའི་དབང་པོ་རྟུལ་པོ་རྣམས་ནི་ད་དུང་ཉོན་མོངས་པའི་རྟོག་པ་གང་སྐྱེས་ངོས་བཟུང་སྟེ་རང་སར་བཞག་པས་ཉོན་མོངས་པའི་ངོ་བོ་ཡུལ་མེད་རྩ་བྲལ་དུ་སོང་བའི་འགྱུར་བ་གནས་དག་གི་དགོངས་པ་བསྐྱང་ཏེ་འབད་པས་བསྒོམ་ཞིང་རྩལ་སྦྱང་ངོ། །དབང་རྣོན་བློ་ཆེ་བ་རྣམས་ནི་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་ཉོན་རྟོག་གང་སྐྱེས་ཀྱང་དེའི་རང་བཞིན་ཚུགས་མི་ཐུབ་པར་རྟ་རྔའི་མདུད་པ་རང་གྲོལ་བ་བཞིན། ཤར་གྲོལ་རིས་མེད་དུ་སངས་པས་སླར་གཉེན་པོས་གཅུན་མི་དགོས་ཤིང་། སེམས་སྡེ་ལྟར་རྒྱས་མི་འདེབས། ཀློང་སྡེ་ལྟར་དབྱིངས་ལ་མི་གཏོད་པར་མན་ངག་སྡེ་པའི་རང་བབས་དམིགས་བསམ་ལས་འདས་པའི་མྱོང་ཐོག་ཏུ་ལ་བཟླ་ཞིང་། དེར་གོམས་པ་ན་རིག་པ་སྦྱང་བསྒྲོད་མེད་པའི་ས་ལ་དཔལ་ཡོན་མ་ལུས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོར་གཅིག་བཟླུམས་སུ་རྫོགས་པའི་ཕྱིར་བྱང་ཆུབ་སེམས་དཔའི་ས་བཅུ་དང་། སྔགས་ཕྱི་ནང་གི་བསྐྱེད་རྫོགས་རྩོལ་སྒྲུབ་གྱིས་ས་ལམ་སྒོས་སུ་སྦྱང་བརྩོན་མི་དགོས་ཏེ། ཀུན་བྱེད་ལས། མ་བསྒྱུར་མ་སྦྱངས་རིག་པ་ལྷུན་རྫོགས་པ། ཞེས་གསུངས་པ་ལྟར་རོ། །དེ་ལྟར་ལམ་ཉམས་སུ་ལེན་པའི་ཚེ། སྤྱིར་ཐུན་མོང་དུ་ཤེས་པར་བྱ་བ་ནི། བསམ་གཏན་གྱི་གེགས་སྤང་བར་བྱ་བ་རྣམས་ངོས་བཟུང་སྟེ། དེ་སྤོང་བྱེད་གྱི་གཉེན་པོ་བརྟེན་དགོས་པས། དེ་ཡང་རྒྱལ་སྲས་མ་ཕམ་པས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །དེ་དག་ཉེས་པ་ལྔ་ཡིན་ནོ། །ཞེས་པས་གེགས་དང་། དེ་སྤོང་འདུ་བྱེད་རྣམ་པ་བརྒྱད། །གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་དང་རྟོག་པ་དང་། །དེ་སྤང་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འདུག་པའོ། །ཞེས་པས་གཉེན་པོ་གསུངས་པ་བཞིན་ནོ། །དེ་ཡང་མཉམ་པར་བཞག་ཚེ་རྣམ་རྟོག་སྔར་ལས་མང་དུ་སོང་བ་ལྟ་བུ་དང་། ཧ་ཕྱད་དེ་བ་ལ་རེས་གནས་རེས་མི་གནས་པ་དང་། གནས་ཀྱང་གཏིིང་ན་ཡིད་བྱེད་ཕྲ་མོ་མི་ཁེག་པ་ཞིག་ཡོད་པ་དེ་གསུམ་ཀ་གནས་པར་རྩོམ་པའི་ལྟས་ཡིན། རྟོག་པ་འཕྲོ་བ་བཀག་པས་མི་ཁེག་ཏེ། མཐའ་མེད་དུ་སྤྲོས་ནས་ཨར་ལ་གཏད་པས་མཐུ་རྡུགས་པའམ། དྲན་ཤེས་ཡེངས་མེད་ཀྱིས་འཕྲོ་བ་རྒྱུན་ཆད་ནས་གནས་པའི་རང་སོ་ཟིན་པ་ཞིག་འོང་བ་ན་དེའི་ངང་ལ་འཇོག་པ་སྟེ། ཇི་ལྟར་རྫིང་ལས་འཕུར་བའི་བྱ་རོག་བཞིན། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། །ཅེས་གསུངས་པ་ལྟར་རོ། །ཡང་བྱིང་ན་རླུང་རོ་བསལ། ལུས་གནད་སྒྲིམ་ཞིང་ལྟ་སྟངས་གཟེངས་བསྟོད། ཤེས་པ་ངར་བཏགས་ཤིང་རིག་པ་ཧུར་བཏོན་པས་གསེང། རྒོད་ན་ལུས་གནད་ལྷོད་ཅིང་ལྟ་སྟངས་དམད། སེམས་རིག་གློད་ལ་རང་བབས་སུ་འཇོག་པས་དབབ། ལྟངས་ན་ཞི་ལྷག་སོ་སོར་རྩལ་སྦྱངས་ཤིང་། སྐབས་རེར་ནམ་མཁའ་སྤྲིན་མེད་དངས་པའི་ཚེ། ཉི་མ་ལ་རྒྱབ་ཕྱོགས་པས་ནམ་མཁའི་མཐོངས་སུ་ལྟ་སྟངས་གཅུན་ནས་བལྟས་པས། དཔེ་ཕྱིའི་ནམ་མཁའ་སྟོང་མདངས་ཀྱི་སྒོ་ཕྱེས་ནས་དཔེ་ཅན་ནང་ཤེས་པའི་ནམ་མཁའ་རྣམ་པར་དག་པ་ལ། གསང་བ་འོད་གསལ་སྙིང་པོའི་ནམ་མཁའ་གསལ་སྟོང་མཐའ་དབུས་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་ལ་འཆར། ཉམས་ལེན་ལ་ཅུང་ཟད་གོམས་ཤིང་བརྟན་པ་ཐོབ་པ་ན་སྤྱོད་ལམ་ཀུན་དང་བསྲེ་ཞིང་རྐྱེན་སྣ་ཚོགས་དང་བསྲེ། དེས་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་འཆར། མཉམ་རྗེས་དབྱེར་མེད་རེ་དོགས་ཀྱི་རྩིས་ལས་འདས་ཏེ་ཆོས་ཟད་ཀ་དག་གི་དགོངས་པར་གྲོལ་ལོ། །དེའི་ཚེ་རྣམ་རྟོག་མ་སྤང་གཞི་ནས་གྲོལ་བས་བསྐྱར་ནས་གྲོལ་བྱེད་ཀྱི་འབད་རྩོལ་ཞིག གང་ཤར་རང་སར་གྲོལ་བས་དྲན་འཛིན་གྱི་གཉེན་པོ་མེད། ཡུལ་དྲུག་གཅེར་མཐོང་དུ་རང་གྲོལ་བས་ཤེས་པ་སྔ་ཕྱིའི་འཛིན་པ་དང་བྲལ། བཟང་ངན་ཡོངས་གྲོལ་དུ་ཤེས་པས་ཕྱོགས་འཛིན་དང་བླང་དོར་ཟད་པའི་གདེངས་ཐོབ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བ། །གྲོལ་ལུགས་ཆེན་པོ་བཞི་དང་བཅས། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །ངང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་རྩོལ་མེད། ཅེས་སོ། །དེ་ལྟར་གྲོལ་བ་ཞེས་སུ་བཏགས་པའི་ཤེས་པའམ་རྟོག་པ་ཡང་བཏགས་པ་ཙམ་ལས་གང་དུ་ཡང་མི་འགྲོ། གང་ནས་ཀྱང་མ་འོང་། རྒྱུ་རྐྱེན་ཡུལ་འདས། སྟོང་གསལ་མེ་ལོང་གི་གཟུགས་བརྙན་བཞིན་ཇི་ལྟར་ཤར་ཡང་གཞི་ལ་ཕན་གནོད་མེད་པར་ཕྱོགས་རིས་དང་འཛིན་རྩོལ་གྱི་གཟའ་གཏད་བྲལ་བའི་གང་ཤར་གཏད་མེད་རྩ་བྲལ་གྱི་རིག་པ་རང་ཐོག་ཉིད་དུ་རང་ཤར་དུ་འདུག་པས་རང་གྲོལ་དུ་གྲོལ། །ངེས་མེད་དུ་འདུག་པས་འཛིན་མེད་དུ་གྲོལ། ཡེ་གྲོལ་དུ་འདུག་པས་གཞི་བྲལ་དུ་གྲོལ། ཐོག་བབ་ཏུ་འདུག་པས་བཅར་ཕོག་ཏུ་གྲོལ། ཤར་ཐོག་ཏུ་འདུག་པས་སྣང་སྟོང་དུ་གྲོལ་ནས་ཤར་གྲོལ་རིས་མེད་མཉམ་པ་ཆེན་པོར་མ་བསྒོམ་ཀ་དག་གདོད་མའི་གནས་ལུགས་མངོན་གྱུར་དུ་གྲོལ་བར་འགྱུར་བའོ། །དེ་ཡང་ཐལ་འགྱུར་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་བཀྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུན་ཆད་མེད། །གཞི་རྩ་བྲལ་བས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་ཉིད་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། ཅེས་གསུངས་སོ། །དེས་ཀ་དག་ཁྲེགས་ཆོད་ཀྱི་ཟབ་དོན་ཉམས་སུ་ལེན་པའི་ཁྲིད་རྣམས་སོང་ནས།

ལྷུན་གྲུབ་ཀྱི་ཐོད་རྒལ་གྱི་ཟབ་ལམ།

ཁྲེགས་ཆོད་ལས་འཕགས་ཚུལ།

དོན་གཉིས་པ་ལྷུན་གྲུབ་གྱི་ཡེ་ཤེས་མངོན་སུམ་དུ་སྟོན་པར་བྱེད་པ་འོད་གསལ་ཆེན་པོ་ཐོད་རྒལ་གྱི་ཟབ་ལམ་སྟོན་པར་བྱེད་པ་ལ། ཁྲེགས་ཆོད་ལས་འཕགས་ཚུལ་དང་། ཁྱད་པར་ཅན་གྱི་ལམ་དངོས་བཤད་པ་གཉིས་ལས། དང་པོ་ལམ་འདི་ཉིད་ཁྱད་པར་བདུན་གྱིས་འཕགས་ཚུལ་བསྟན་པ་ནི། ཁྲེགས་ཆོད་ཀྱིས་རྡོ་ཤིང་རི་བྲག་ལ་སོགས་པ་འཁྲུལ་སྣང་གི་ཡུལ་དག་པར་མི་ནུས་པ། །ཐོད་རྒལ་གྱིས་སྣང་བ་འོད་ལྔར་དག་པར་བྱེད་པའི་ཁྱད་པར་དང་། དེ་བཞིན་དུ་རིག་པ་ཡེ་ནས་འོད་གསལ་དུ་གསུངས་པ་དེ་ཁྲེགས་ཆོད་ཀྱིས་སྟོང་ལ་གསལ་བ་ཙམ་ལས་བལྟར་མེད་དུ་ཐག་གཅོད་པ། འདིར་གནད་གཅུན་པས་ཡེ་ཤེས་ཀྱི་མཐོངས་ཕྱེ་སྟེ་ཆོས་ཉིད་ཟེར་གདངས་ལ་མཐོང་བ་དང་། སྔ་མར་དབང་པོ་དྲུག་གི་སྒོ་མ་དག་པ་འཁྲུལ་སྣང་ལ་ཞེན་པ་སྤོང་པའི་དྭངས་འཚོལ་བ། །འདིར་དག་པ་འོད་གསལ་གྱི་སྒོ་ཡེ་ཤེས་ཀྱི་རླུང་གིས་ཕྱེ་བས་ཕྱི་ནང་ཟང་ཐལ་གྱི་དབང་པོས་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་སྒྲོན་མ་བཞིའི་སྣང་བ་ལ་ལོངས་སྤྱོད་པ་དང་། །སྔ་མར་རགས་པའི་རྩ་རླུང་ལ་བརྟེན་པས་གེགས་དང་གོལ་ས་ཤིན་དུ་མང་ཞིང་འབྱུང་བའི་སྟོབས་ཆེ་ཆུང་གིས་ན་ཚོད་རྒས་གཞོན་ལའང་ལྟོས་པ། འདིར་གནད་མི་གཡོ་བ་གསུམ་གྱིས་བཅིང་པ་ཙམ་ལས་དོན་དམ་ཡེ་ཤེས་ཀྱི་རྩ་རླུང་འཛིན་རྩོལ་ལས་འདས་པ་ལམ་དུ་བྱས་པས་རགས་པ་སྤང་བྱ་ཡིན་ཕྱིར་ཐམས་ཅད་ཟད་ནས་ལུས་འོད་གསལ་དུ་གྲོལ་བ་དང་། །སྔ་མར་གལ་ཏེ་སྣང་བ་ཚད་དུ་མ་ཕྱིན་པར་གྲོལ་བ་སྲིད་ནའང་ལུས་རྡུལ་ཕྲན་དེངས་པ་ཙམ་ལས་འོད་གསལ་དུ་འགྲོ་བ་མི་སྲིད་པས་རེས་འགའ་བའི་སྒྱུ་ལུས་དང་ཟད་པར་གྱི་སྐྱེ་མཆེད་ལ་སོགས་པས་མཐར་ཐུག་གི་ས་མི་ཆོད་པ། འདིར་འོད་གསལ་དུ་འགྲོ་བས་ཆོད་པ་དང་། སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་པོ་ཆེའི་བདག་ཉིད་འཕོ་བ་ཆེན་པོའི་སྐུ་མ་ཐོབ་ན་རྟེན་དེས་གཞན་དོན་རླབས་ཆེན་མི་འགྲུབ་པ་ལས། འདིར་འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་འཐོབ་པས་རྟེན་དེར་ཡང་འགྲོ་དོན་རྒྱ་ཆེན་པོ་འགྲུབ་པ་དང་། ཨ་ཏི་སྡེ་གསུམ་ལ་ཡང་སེམས་སྡེ་རང་གསལ་ཁ་འབྱམས་པ་དང་། ཀློང་སྡེ་གཞི་བྲལ་ལ་གདེངས་འཆའ་བ་གཉིས་ཀས་རིག་པ་མངོན་སུམ་དུ་མ་མཐོང་ཞིང་མན་ངག་སྡེའི་སྐོར་གསུམ་ལ་ཡང་བར་དོར་ལྟོས་འཆའ་བ་ལས་མེད་པ། འདིར་འཁྲུལ་སྣང་ལམ་དུ་བྱས་ནས་མ་འཁྲུལ་བའི་འབྲས་བུ་བཙལ་བས་རྟེན་འདིར་ཡང་མྱུར་དུ་འོད་ལུས་སུ་གྲོལ་ནུས་པའི་གནད་ཡོད་པའི་ཁྱད་པར་ཏེ་བདུན་གྱིས་འཕགས་པར་ཀུན་མཁྱེན་ཀློང་ཆེན་ཡབ་སྲས་ནས་གསུངས་ཤིང་། དེ་བཞིན་དུ་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གཏེར་ལུང་ལས། སྣང་བ་འོད་ཀྱི་ཁྱད་པར། ཉམས་ལེན་ལག་ལེན་དུ་དྲིལ་བའི་ཁྱད་པར། རང་གནད་མངོན་སུམ་དུ་གཟིར་བའི་ཁྱད་པར། ལུས་གནད་རྩ་ཡི་ཁྱད་པར། མཐོང་བ་དབང་པོའི་ཁྱད་པར། རང་རིག་ཡུལ་གྱི་ཁྱད་པར། ཉམས་མྱོང་རྣམ་འཕེལ་གྱི་ཁྱད་པར་དེ་བདུན་པོ་འདིས་གཞན་ལས་ཁྱད་པར་དུ་འཕགས་པའོ། །ཞེས་གསུངས་སོ། །

ཁྱད་པར་ཅན་གྱི་ལམ་དངོས་བཤད་པ།

སྔོན་འགྲོ་སྒོ་གསུམ་གྱི་བྱ་བ་བཏང་ཚུལ།

གཉིས་པ་ཁྱད་པར་དེ་ལྡན་གྱི་གདམས་པ་འོད་གསལ་ཐོད་རྒལ་གྱིས་ལྷུན་གྲུབ་ཟག་པ་མེད་པའི་ཡེ་ཤེས་ཟབ་ཅིང་རྒྱ་ཆེ་བ་རང་ལ་གནས་པ་ཉིད་མངོན་སུམ་དུ་སྟོན་པར་བྱེད་པའི་ལམ་མཆོག་དངོས་བཤད་པ་ལ། སྔོན་འགྲོ་སྒོ་གསུམ་གྱི་བྱ་བ་བཏང་ཚུལ། དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་སྐྱེ་ཚུལ། རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པ་སྟེ་གསུམ་མོ། །དང་པོ་སྒོ་གསུམ་བྱ་བ་དགུ་ཕྲུགས་སུ་བཏང་ནས་རླུང་རིག་དལ་བའི་ཐབས་ལ་བསླབ་པ་ནི། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགུ་ཕྲུགས་བཏང་། ཞེས་དང་། ལུས་ནི་བྱ་བ་བཏང་བའི་ཕྱིར། །ཆོས་དང་ལོ་ཀའི་བྱ་བ་དང་། །གྲོགས་མེད་གཅིག་པུར་གནས་པར་བྱ། །ངག་གིས་འཁྲུལ་གཏམ་ཆོས་སྤྱོད་དང་། །ལྐུགས་པ་ལྟ་བུ་ཉིད་ལ་བསླབ། །ཡིད་ནི་ལོ་ཀ་འདས་པ་ཡི། །འགྱུ་བ་བཅད་ལ་གནས་པར་བྱ། ཞེས་པ་ལྟར། སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་མ་བཏང་ན་རླུང་རིག་མི་དལ་བས་ཉམས་ལེན་ལ་མི་གནས་པས་ན། ལུས་ཀྱིས་ཕྱི་འཇིག་རྟེན་གྱི་བྱ་བ་ཚོང་སོ་ནམ་སོགས་དང་། ནང་དམན་པའི་དགེ་ལས་ཕྱག་སྐོར་སོགས་དང་། གསང་བ་རྣམ་གཡེང་འདུ་འཛིའི་བསྒུལ་བསྐྱོད་སྤང་ཏེ་གཅིག་པུར་མི་རོའམ་འཇིམ་གཟུགས་ལྟར་གནས། ངག་གིས་ཕྱི་འཇིག་རྟེན་འཁྲུལ་བའི་ལོང་གཏམ་སྣ་ཚོགས་དང་། ནང་ཁ་ཏོན་དང་བཟླས་བརྗོད། གསང་བ་ཆོས་བཤད་དང་གཏམ་རྒྱུད་སོགས་སྒྲ་སྐད་ཀྱི་སྨྲ་བརྗོད་གཞན་ཐམས་ཅད་སྤངས་ཏེ་མི་སྨྲ་བར་ལྐུགས་པ་བཞིན་གནས། ཡིད་ཀྱིས་ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་སྣ་ཚོགས་དང་། ནང་ཆོས་ཕྱོགས་ཀྱི་བསམ་བློ་དང་བསྐྱེད་རྫོགས་ཀྱི་སེམས་འཛིན། གསང་བ་རྣམ་རྟོག་གི་འགྱུ་དྲན་སྤང་གཉེན་གྱི་ཆ་རྣམས་ཀྱང་བཀག་ནས་རྟོག་མེད་ཀྱི་ངང་ལ་གནས་པར་བྱའོ། །དེས་ལུས་ངག་ཡིད་གསུམ་གྱི་བྱ་བ་ཐོངས་པའི་རྟགས་སུ་སྒོ་གསུམ་གྱི་བྱ་བ་གང་ལ་ཡང་འཇུག་སྙིང་མི་འདོད་པ་འབྱུང་བ་དེ་སྲིད་དུ་བསྐྱར་རོ། །དེ་ལྟར་བྱ་བ་གནད་ནས་མ་ཐོང་ན་རིག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་དཀའ་ཞིང་། ཐོངས་ན་གནས་སྐབས་སུ་སྒོ་གསུམ་འཁྲུལ་ཕྱིར་མི་འབྲང་ཞིང་མཐར་ཐུག་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་མྱུར་དུ་འཆར་བ་ཡང་། ཀློང་གསལ་ལས། བྱར་མེད་རྒྱུན་ལ་མ་གནས་པས། །རིག་པའི་དོན་ལ་རེག་པ་མེད། །ཅེས་དང་། ལུས་ངག་འཁྲུལ་བ་རྒྱུན་ཆད་ནས། །ཡེ་ཤེས་རྒྱུད་ལ་གནས་པར་འགྱུར། ཞེས་གསུངས་སོ། །དེ་མན་ཆད་དུ་དུས་འདས་ན་ཁ་ཅིག་ཚེ་ཕྱི་མར་ཆོས་འདི་དང་འཕྲད་ནས་ལྷག་མེད་དུ་སངས་རྒྱའོ། །ཕལ་ཆེར་བར་དོར་ཀ་དག་གི་ངང་དུ་གྲོལ་བ་ལ་ཐེ་ཚོམ་མེད་དོ། །ཞེས་ཀློང་ཆེན་པས་གསུངས་སོ།།

དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་སྐྱེ་ཚུལ།

སྒོ་གསུམ་གྱི་གནད་གཟིར་བ།

ལུས་ཀྱི་གནད་གཟིར་བ།

གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་ཀྱི་རྒྱུད་ལ་བརྟེན་པའི་ཚུལ་ལ། སྒོ་གསུམ་གྱི་གནད་གཟིར་བ། གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ། དབབ་པའི་དོན་ངོ་སྤྲོད་པའོ། །དང་པོ་སྒོ་གསུམ་གྱི་གནད་གཟིར་བའི་ཚུལ་ལ། ཐལ་འགྱུར་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་རྣམས་ལེགས་པར་བསྟུན། ཞེས་པ་ལྟར་སྒོ་གསུམ་གྱི་གསུམ་ལས། དང་པོ་ལུས་ཀྱི་གནད་གཟིར་བ་ལ། གཟིར་དགོས་ཚུལ། གཟིར་བ་དངོས། མ་གཟིར་བའི་སྐྱོན། གཟིར་བའི་ཡོན་ཏན་ཏེ་བཞི་ལས། ལུས་ཀྱི་གནད་གཟིར་དགོས་པའི་ཚུལ་ནི། ཀློང་གསལ་ལས། རིག་པ་ལུས་ལ་གནས་གྱུར་ཀྱང་། །འཁྲུལ་འཁོར་དག་གི་མ་གཅུན་ན། །ཡེ་ཤེས་དབང་པོར་སྣང་མི་ནུས། ཞེས་རིག་པ་ཆོས་ཉིད་ཀྱི་སྣང་བ་ཡེ་ནས་རང་ལ་གནས་པ་ཉིད་དབང་པོས་མངོན་སུམ་དུ་མཐོང་བར་འདོད་པས་དང་པོར་ལུས་ངག་གི་གནད་གཟིར་དགོས་པར་གསུངས་སོ། །དེ་ལ་གཟིར་བ་དངོས་ནི། ཐལ་འགྱུར་ལས། ལུས་ནི་སྐུ་གསུམ་འདུག་སྟངས་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་གནད་ནི་རྣམ་གསུམ་ཏེ། །སེང་གེའི་ཚུལ་དང་གླང་ཆེན་ཚུལ། །དྲང་སྲོང་ལྟ་བུར་གནས་པར་བྱ། ཞེས་དང་། འདས་རྗེས་ལས། གླང་སེང་དྲང་སྲོང་འདུག་སྟངས་བཅའ། ཞེས་གསུངས་པས། ཆོས་སྐུའི་བཞུགས་སྟངས་ནི། སྟན་ཐོག་ཏུ་སེང་གེ་ལྟར་ཁྱི་ཚུགས་མོར་འདུག་སྟེ། པུས་མོ་གཉིས་ཕྱིར་ཅུང་ཟད་བཀྱེད་པའི་རྐང་མཐིལ་གཉིས་མདུན་དུ་སྤྲད་པས་གཡོ་བྱེད་ཀྱི་རླུང་གནོན། མཐེ་བོང་སྲིན་མཛུབ་ཀྱི་རྩ་བར་བཞག་སྟེང་སོར་མོ་རྣམས་བསྐུམ་པའི་ལག་མཐིལ་གཉིས་རྐང་མཐིལ་གྱི་དབུས་སམ་ནང་དུ་སར་བཙུགས་པས་འབྱུང་བ་ཆ་སྙོམས། ལུས་ཀྱི་ཆ་བསྲངས་རོ་སྟོད་གསེང་བྱས་པས་རླུང་བདེ་ལུགས་སུ་རྒྱུ། མགོ་རྩལ་མཇིང་པ་གཟེངས་བསྟོད་པ་ལ་བསྐུར་བས་རྣམ་རྟོག་འགག་སྟོབས་ཆེ། མིག་སྨིན་ཕྲག་གི་ནམ་མཁར་མི་འགུལ་བར་ཧད་པོར་བལྟས་པས་རྡོ་རྗེའི་སྤྱན་ཐོབ། བཞུགས་སྟངས་དང་གཟིགས་སྟངས་དེས་གནས་སྐབས་སུ་འཁྲུལ་བའི་འཇིགས་པ་ཀུན་དང་བྲལ། ནང་འབྱུང་རང་སར་ཟད། མཐར་ཐུག་གནས་ལུགས་ཀྱི་དོན་རྟོགས་ནས་ཆོས་སྐུར་གྲོལ་བར་བྱེད་དོ། །ལོངས་སྐུའི་བཞུགས་སྟངས་ནི། གླང་པོ་ཆེའི་ཉལ་སྟངས་སུ་ལུས་ཁ་སྦུབ་ཏུ་འདུག་ཏེ་གྲུ་མོ་སར་བཙུགས་པས་ཕོ་མོའི་རླུང་མ་ནིང་དུ་སྙོམས། པུས་བྲང་སྦྱར་བས་ཁམས་དང་བདེ་དྲོད་རྒྱས། ལག་མཐིལ་གྱིས་ཨོལ་ཀོ་བརྟེན། སོར་མོ་འགྲམ་པ་ལ་སྦྱར་བས་རགས་པའི་རླུང་འགག རྐང་སོར་ཕྱིར་འཕུལ་ཏེ་བསྐུམ་ཞིང་སྒལ་པ་དྲང་པོར་མགོ་དགྱེ་ཙམ་བྱས་པས་བྱིང་རྒོད་ཆ་སྙོམས། མིག་ཐད་ཀའི་ནམ་མཁར་ཟུར་གྱིས་ཧྲིག་གེར་བལྟས་པས་པདྨའི་སྤྱན་ཐོབ། དེས་སྐབས་སུ་གཡོ་བྱེད་ཀྱི་རླུང་ཟིན་ཅིང་ལྷུན་གྲུབ་འོད་ལྔ་འཆར་བས་ཆོས་ཉིད་ཀྱི་དོན་ལ་སྤྱོད་དེ། མཐར་ལོངས་སྐུར་གྲོལ་བར་བྱེད་དོ། །སྤྲུལ་སྐུའི་བཞུགས་སྟངས་ནི། ལུས་དྲང་སྲོང་ཙོག་པུར་འདུག་པས་རྩ་རླུང་ཆ་སྙོམས། ལོང་བུ་གཉིས་གཤིབ་སྟེ་རྐང་མཐིལ་ས་ལ་ཕབ་པས་ཆུའི་རྩལ་གནོན། རྒྱུ་ཞབས་ཡུད་ཙམ་འཐེན་ནས་སྒ ལ་བར་གཅར་བས་རྟོག་པ་རྒྱུན་གཅོད། པུས་བྲང་སྦྱར་བས་མེ་ལོང་ཡེ་ཤེས་སུ་འཆར། ལག་གཉིས་ཀྱི་གྲུ་མོ་པུས་སྟེང་དུ་བཞག་ཏེ་མཁྲིག་མ་བསྣོལ་བའི་རྡོ་རྗེའི་ཁུ་ཚུར་གྱིས་ལྐོག་མ་བཏེགས་པས་ཚ་གྲང་ཆ་སྙོམས། ཡང་ན་གྲུ་མོ་མཁལ་ཁུང་ལ་འཁྱུད་དེ་རེག་པས་གྲང་བའི་ནད་སེལ། ཡང་ན་པུས་མོ་བསྐོར་ཏེ་དགབ་པས་ཚ་བའི་ནད་སེལ། རྒལ་ཚིག་དྲང་པོར་བསྲངས་པས་རླུང་སེམས་ཆོས་ཉིད་དུ་རྒྱུ། མིག་ཅུང་ཟད་ཕབ་ནས་བར་སྣང་ལ་ཟིམ་བུར་བལྟ་བས་ཆོས་ཀྱི་སྤྱན་ཐོབ། དེའི་སྐབས་སུ་ལུས་ལ་དྲོད་སྐྱེ་ཞིང་འབྱུང་བ་སྙོམས་ནས་ཆོས་ཉིད་ཀྱི་དོན་ལ་དབང་འབྱོར། མཐར་སྤྲུལ་སྐུར་གྲོལ་བར་བྱེད་དོ། །དེ་ལྟར་འདུག་སྟངས་གང་ཡང་ཧ་ཅང་བསྡམས་ཤིང་བཙུམ་པ་མ་ཡིན་པར་ཆ་ཆ་ནས་ལྷོད་ཆགས་པ་ལ་གེགས་མི་འཇུག་པའི་གནད་ཡོད་དོ། །ད་དུང་མངོན་པར་བྱང་ཆུབ་དང་། མི་འགྱུར་རྡོ་རྗེས་མཚོན་པ་དང་། ཡན་ལག་གི་འདུག་སྟངས་མང་དུ་གསུངས་ཀྱང་འདིར་དེ་ཙམ་གྱིས་ཆོག་པར་གསུངས་པས་མ་སྤྲོས་སོ། །དེ་ལྟར་ལུས་ངག་གི་གནད་མ་གཟིར་བའི་སྐྱོན་ནི། རིག་པའི་ཡེ་ཤེས་སྐུ་གསུམ་ཡོངས་འདུས་དབྱེར་མེད་ལྷུན་གྲུབ་ཆེན་པོར་ཡེ་ནས་རང་ལ་གནས་ཀྱང་གནད་ཀྱིས་མ་གཟིར་ན་མངོན་སུམ་དུ་མི་སྣང་ཞིང་། གོང་སྨྲོས་ཀྱི་ཡོན་ཏན་རྣམས་ཀྱང་མི་འབྱུང་སྟེ། ཀློང་གསལ་ལས། ལུས་ཀྱི་གནད་ནི་མ་གཟིར་ན། །འབྱུང་ཟད་རླུང་ནི་མི་ཟིན་ཅིང་། །དེ་བཞིན་ལུས་ལ་དྲོད་མི་སྐྱེ། །རིག་པ་མངོན་དུ་སྣང་མི་ནུས། ཞེས་གསུངས་སོ། །གཟིར་བའི་ཡོན་ཏན་ནི། འོད་གསལ་ཆོས་ཉིད་ཀྱི་ལམ་སྣང་མངོན་སུམ་མཐོང་བ་སོགས་ཀྱི་ཡོན་ཏན་རྣམས་འབྱུང་ཞིང་། མཐར་ཐུག་སངས་རྒྱས་སྐུ་གསུམ་གྱི་དགོངས་ཀློང་དུ་གྲོལ་ནས་མྱ་ངན་ལས་འདའ་བར་འགྱུར་བ་ཡང་། ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་བའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བ་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། ཞེས་སོ། །

ངག་གི་གནད་གཟིར་བ།

གཉིས་པ་ངག་གི་གནད་གཟིར་བ་ལའང་། དགོས་པ། གཟིར་བ་དངོས། ཡོན་ཏན། སྐྱོན་རྣམས་ལས། ངག་གི་གནད་གཟིར་དགོས་པ་ནི། ཀློང་གསལ་ལས། དེ་ལྟར་ངག་གནད་མ་གཟིར་ན། བརྗོད་མེད་དོན་ནི་མི་རྟོགས་ཤིང་། །འཁྲུལ་བའི་གཏམ་གྱིས་དོན་ལ་སྒྲིབ། །ངག་གི་གནད་གཟིར་མཆོག་ཏུ་གཅེས། ཞེས་ངག་གི་གནད་སྨྲ་བཅད་ཀྱིས་མ་གཟིར་ན་དེར་བརྟེན་རྣམ་རྟོག་འཁྲུག་པ། རྩོད་པ། གྱལ་བ་སོགས་རྣམ་པ་བཞིས་སྒྲིབ་པར་འགྱུར་བས་བརྗོད་མེད་ཀྱི་དོན་རྟོགས་པར་འདོད་པས་ངག་གི་གནད་གཟིར་དགོས་སོ། །ཇི་ལྟར་གཟིར་བ་དངོས་ནི་ཐལ་འགྱུར་རྩ་རྒྱུད་ལས། ངག་ནི་བསླབ་དང་གནས་པ་དང་། །ལ་བཟླ་བ་ཉིད་བསྟན་པར་བྱ། ཞེས་སྨྲ་བ་ཤིན་ཏུ་མང་བའི་རིགས་ཅན་ཡིན་ན་ལུང་སྟོང་སོགས་ནས་གང་ལ་ཞེན་པའི་བརྗོད་པ་དེ་ཉིད་ཀུན་སློང་སྣ་ཚོགས་ཀྱིས་སློང་ཞིང་ཁ་མི་དལ་བར་བརྗོད་པས་བརྗོད་སྙིང་མི་འདོད་པར་གྱུར་པ་ནའམ། མིན་ཡང་ཐོག་མར་སྨྲ་བ་ཡུན་ཇེ་ཐུང་ཇེ་ཐུང་ལ་བཏང་ནས་འཁྲུལ་བའི་གཏམ་བཅད་པ་ལ་རིམ་པར་བསླབ། དེ་ནས་ཁ་ཏོན་དང་བཟླས་བརྗོད་ཅུང་ཟད་ཙམ་ལས་གཞན་མི་སྨྲ་བར་གནས། དེ་ནས་ལག་གི་བརྡ་ཙམ་ལས་བརྗོད་པ་ཀུན་བཅད་དེ་ལྐུག་པ་ལྟར་ཅི་ཡང་མི་སྨྲ་བར་ལ་བཟླའོ། །ཡང་རླུང་ཤིན་ཏུ་དལ་བ་དང་། ཡུད་ཙམ་རེར་ནང་དང་ཕྱིར་འཛིན་པ་ལ་ཡང་བསླབ་པས་རླུང་དལ་ཞིང་སྟོང་པར་འགྱུར་ཏེ། རྩ་རྒྱུད་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་འབྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་རྟོག་པ་མིན། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། ཅེས་གསུངས་པས་སོ། །ཡོན་ཏན་དང་སྐྱོན་ནི། དེས་གནས་སྐབས་སུ་འཁྲུལ་བའི་གཏམ་འགགས་པས་ཉོན་མོངས་མི་འཕེལ། བརྗོད་མེད་རིག་པའི་དོན་རྟོགས་ཤིང་ངག་གི་སྐྱོན་ཟད། མཐར་ཐུག་སྐུ་གསུམ་རྒྱལ་བ་ཀུན་གྱི་གསུང་གི་ཀློང་དུ་མྱ་ངན་ལས་འདའ་བར་འགྱུར་རོ། །གཞན་དུ་དེ་ལྟར་མ་བྱས་པས་བརྗོད་མེད་ཀྱི་དོན་ལ་སྒྲིབ་ཅིང་། ཡོན་ཏན་དེ་རྣམས་ལས་ལྡོག་པའི་སྐྱོན་འབྱུང་བར་ཤེས་དགོས་ཏེ། རྒྱུད་ཀློང་གསལ་ལས། དེ་ལྟར་ངག་གནད་སུས་གཟིར་བ། །ངག་གི་སྐྱོན་ཟད་མྱ་ངན་འདའ། ཞེས་དང་། ངག་གི་གནད་ཉིད་མ་གཟིར་ན། །ཡོན་ཏན་ཉིད་ལས་ལྡོག་སྐྱོན་འབྱུང་། ཞེས་སོ། །

སེམས་ཀྱི་གནད་གཟིར་བ།

གསུམ་པ་སེམས་ཀྱི་གནད་གཟིར་བ་ལའང་། དགོས་པ་ནི་རྒྱུད་ལས། སེམས་ཀྱི་གནད་ཉིད་མ་གཟིར་ན། །དབྱིངས་དང་རིག་པ་མི་མཐོང་བས། །མ་གཟིར་གཏད་པའི་འབེན་ཉིད་བཅའ། ཞེས་སེམས་ཀྱི་གནད་མ་གཟིར་ན་འཁྲུལ་རྟོག་དང་རྣམ་གཡེང་གིས་དབྱིངས་དང་རིག་པ་མི་མཐོང་བས་དེ་མཐོང་བའི་ཕྱིར་དུ་རླུང་མིག་རིག་པ་ཆིག་དྲིལ་དུ་གཏད་སའི་འབེན་ཉིད་ནམ་མཁར་བྱ་དགོས་སོ། །ཇི་ལྟར་གཟིར་བ་དངོས་ནི། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་མཐོངས་སུ་གཏད། ཅེས་དང་། རྩ་རྒྱུད་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། ཅེས་དང་། རྒྱུད་ལས། སེམས་ཉིད་ཕྱི་ཡི་མཁའ་ལ་གཏད། །ནང་གི་སྒྲོན་མ་མངོན་སུམ་སྣང་། ཞེས་དང་། འདས་རྗེས་ལས། སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །སྐུ་གསུམ་རིག་པ་འཆར་བར་འགྱུར། ཞེས་གསུངས་པས། རྐྱེན་དང་བྲལ་བའི་ཕྱིའི་དབྱིངས་ལྟ་སྟངས་ཀྱིས་ཐད་ཀྱི་ནམ་མཁའ་སྟོང་སང་ངེ་བ་ལ་རླུང་གིས་སྤུར་བའི་སེམས་རིག་པའི་སྙིང་པོ་ཅན་དེ་ཉིད་མདུང་ཚུགས་སུ་གཏད་པས་གཡོ་བྱེད་ཀྱི་རླུང་རབ་ཏུ་དལ་བར་གྱུར་ནས་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མའི་གདངས་རིག་པ་སྟོང་གསལ་འདུས་མ་བྱས་པ། གསལ་དངས་ཕྱེད་པར་ལྷག་གེ་འཆར་ཞིང་དབྱིངས་རིག་ཟུང་དུ་ཆུད་པར་འགྱུར་ལ། དེ་ཡང་ལུས་ཀྱི་བཞུགས་སྟངས་ལ་མི་བདེ་བ་མེད་པ་དང་། ངག་ལྐུག་པ་ལྟར་སྡོད་ཚུགས་ཤིང་། སེམས་གཏད་སའི་འབེན་ལ་རྟག་ཏུ་གནས་པ་བྱུང་ན་སྒོ་གསུམ་གྱིས་གནད་གཟིར་བ་འབྱོངས་པའི་རྟགས་སོ། །སྐྱོན་ཡོན་ནི། དེ་ལྟར་སེམས་དབང་མི་འགྱུར་བ་དབྱིངས་སུ་གཏད་ཅིང་གནད་གཟིར་བས་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་མཐོང་། མཐར་ཐུག་སངས་རྒྱས་སྐུ་གསུམ་གྱི་ཐུགས་རྡོ་རྗེའི་དགོངས་ཀློང་དུ་ལྷག་མེད་མངོན་པར་འཚང་རྒྱ་བར་འགྱུར་བ་ཡིན་ཏེ། རྒྱུད་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། ཞེས་དང་། རང་རིག་དངོས་སུ་ཟིན་པ་དང་། །ཐ་མ་ལྷག་མེད་འགྲུབ་པར་འགྱུར། ཞེས་གསུངས་ཤིང་ཡང་དེ་ཉིད་ལས། སེམས་ཀྱི་གནད་འདི་མ་གཟིར་ན། །དབྱིངས་དང་རིག་པ་མི་མཐོང་བས། ཞེས་དང་། དེ་ལྟར་སེམས་ཀྱི་གནད་མེད་ན། །རིག་པའི་དོན་ལས་ལྡོག་པར་འགྱུར། །ཞེས་གནད་དེ་ལས་གཞན་དུ་དབྱིངས་དང་རིག་པ་མི་མཐོང་ཞིང་། ཡུལ་འཁྲུལ་སྣང་མཐོང་བས་སླར་ལྡོག་པར་ཡང་གསུངས་སོ།།

གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ།

གནད་གཟིར་དགོས་པ།

གཉིས་པ་གནད་བཞིས་མངོན་སུམ་རང་ཐོག་ཏུ་ཕབ་ནས་ཡེ་ཤེས་གསུམ་གྱི་གསང་ལམ་མཚོན་པའི་འོད་གསལ་བལྟ་བ་ལ། གནད་གཟིར་དགོས་པ། གནད་བསྣུན་དངོས། ཡོན་ཏན་དང་སྐྱོན་རྣམས་ལས། དང་པོ་གནད་གཟིར་དགོས་པར་བསྟན་པ་ནི། རྒྱུད་ལས། གནད་གསུམ་སྔོན་དུ་མ་གཟིར་ན། །མངོན་སུམ་རང་ཐོག་མི་ཕེབས་ཏེ། །ཡིད་དཔྱོད་འཛིན་དང་ཁྱད་མེད་པས། །གནད་གསུམ་བཙལ་བ་མཆོག་ཏུ་གཅེས། ཞེས་མངོན་སུམ་རང་ཐོག་ཏུ་ཕེབས་པའི་ཕྱིར་གནད་དུ་གཟིར་དགོས་པར་གསུངས་སོ། །

གནད་བསྣུན་དངོས།

འཆར་སྒོ་མིག་གི་གནད།

གཉིས་པ་གནད་དུ་བསྣུན་པ་དངོས་ནི། རྩ་རྒྱུད་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་བསྣུན། ཞེས་ཏེ། དེ་ལའང་གནད་གསུམ་གྱི་ཚིག་སྒྲ་དང་མཐུན་པར་འཆར་བྱེད་སྒོ། འཆར་གཞི་ཡུལ། ཇི་ལྟར་འཆར་བ་རླུང་རིག་གི་གནད་གསུམ་དུ་བསྡུས་ཀྱང་། རླུང་རིག་གཉིས་བྱེད་ལས་གཅིག་པས་བསྒྲུབ་ཚུལ་ཤིན་དུ་ལེགས་པ་ཡིན་ཏེ། རྩ་རྒྱུད་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། ཅེས་སོ། ཡང་དང་གི་སྒྲས་བཅད་པ་དང་། འདས་རྗེས་ལས། སྒོ་ཡུལ་རླུང་གི་གནད་བསྟུན་པས། ཡུལ་ལ་ཡེ་ཤེས་མངོན་སུམ་སྣང་། ཞེས་པ་ལྟར་གནད་བཞིར་བཀྲལ་ཀྱང་མི་འགལ་ཞིང་། གཏེར་ཆེན་འགྱུར་མེད་པ་ནས་ཀྱང་དེ་ལྟར་བཞེད་པས། འདིར་རྩ་བའི་ཚིག་རིས་དང་མཐུན་པར། འཆར་སྒོ་མིག འཆར་ཡུལ་དབྱིངས། འཆར་བྱེད་དང་འཆར་བྱ་རླུང་དང་རིག་པ་ཡིན་པའི་ཕྱིར་བཞི་སྟེ། དང་པོ་འཆར་སྒོ་མིག་གི་གནད་ནི། རྩ་རྒྱུད་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། ཞེས་དང་རྒྱུད་ལས། ཡེ་ཤེས་འཆར་བའི་སྒོ་ནི་མིག །འཆར་གནད་བཟློག་ཕབ་ཟུར་ལ་མནན། ཞེས་དང་འདས་རྗེས་ལས། སྒོ་གནད་བཟློག་ཕབ་ཟུར་གྱིས་བལྟ། ཞེས་པ་ལྟར། ཆོས་སྐུའི་གཟིགས་སྟངས་འདྲེན་བྱེད་གྱེན་དུ་ལྡོག་ནས་གཙུག་ཏོར་གྱི་རྣམ་པར་བལྟས་པས། ཆོས་ཉིད་ཀྱི་སྤྱན ་གྱིས་བག་ཆགས་ཀྱི་སྒྲིབ་གཡོག་སེལ། ལོངས་སྐུའི་སྨྱུག་མ་བསྲང་བ་ལྟར་གཡས་གཡོན་དུ་ཟུར་ཁྲིད་ལ་གཏད་པས། ཡེ་ཤེས་ཀྱི་སྤྱན་གྱིས་འཁོར་འདས་རོ་མཉམ་དུ་བསྲེ། སྤྲུལ་སྐུའི་གཟིགས་སྟངས་དྲང་སྲོང་བསམ་གཏན་བསྒོམ་པ་ལྟར་ཕྱེད་བཙུམ། སྣང་ཕྱེད་ལས་ཁྲུ་གང་ཙམ་དམའ་བར་ཅུང་ཟད་ཕབ་པས། ཤེས་རབ་ཀྱི་སྤྱན་གྱིས་ཡེ་ཤེས་ཀྱི་སྣང་བ་མངོན་སུམ་དུ་མཐོང་བའི་གནད་ཡོད་ལ། དེར་ཡང་མ་ཟད་འཕོ་བ་ཡེ་ཤེས་ཀྱི་སྒོས་མཚོན་ཏེ་དབུ་མ་འོད་རྩ་ནས་ངོ་བོའི་སྟོང་གདངས་འཆར་བ་དང་། གློ་བའི་རྩ་སྦུབས་ནས་ཐུགས་རྗེའི་རིག་གདངས་འཆར་བའི་རྣམ་བཞག་ཀྱང་ཡོད་པར་གསུངས་ཕྱིར། ཕལ་གྱི་མིག་རྩ་གཉིས་ཁོ་ན་ལམ་དུ་ངོས་བཟུང་བ་ནི་གོ་བ་རྒྱ་ཆུང་བར་ཟད་དེ། མུ་ཏིག་ཕྲེང་བ་ལས། སྒོ་ཡི་གནད་ཉིད་མ་འགུལ་ན། །རིག་པ་དྲི་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྣང་། ཞེས་སོ། དེ་འབྱོངས་པའི་རྟགས་སུ་མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་པ་འོང་ངོ། །

འཆར་གཞི་ཡུལ་གྱི་གནད།

གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། རྩ་རྒྱུད་ལས། ཡུལ་ནི་སྒྲིབ་བྱེད་བྲལ་བ་ལ། ཞེས་དང་། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་ནི་སྒྲོན་མ་ལམ་དུའོ། །ཞེས་དང་རྒྱུད་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། ཞེས་གསུངས་པས་གནས་རྐྱེན་བྲལ་མཐོ་དབེན་དངས་བའི་སར། །ཡུལ་རྐྱེན་བྲལ་སྤྲིན་དང་སེར་བུ་མེད་པའི་ནམ་མཁའ་ལ། སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་གདོང་ཕྱོགས་པས། དབང་པོ་རྐྱེན་བྲལ་རྒྱངས་ཞགས་ཆུའི་སྒྲོན་མ་བཞག་པས་སྣང་བར་བྱ་བའམ། ཡང་ན་ལས་དང་པོ་པས་འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་ཕྱོགས་ལ་ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་གྱིས་ནམ་མཁའ་སྟོང་སང་ངེ་བ་དེ་ལ་རྒྱང་ཞགས་ཟིམ་བུར་གཏད་པར་ཡང་གསུངས་ཏེ། ཙཀྵུ་ཟིམ་བུས་སཱུར་ཡར་བལྟ། །ཤར་གྱི་རྒྱ་སྐར་བཞིན་དུ་གསལ། ཞེས་སོ། དེ་ཡང་ཐོག་མར་དེ་ལྟར་བྱ་ཞིང་དབྱིངས་རིག་སྨིན་མཚམས་བྲལ་ནས་སྔ་མ་ལྟར་བྱ་དགོས་སོ། །དེ་འབྱོངས་པའི་རྟགས་སུ་ཡུལ་ལ་གཏད་པ་ཙམ་གྱིས་ཡེ་ཤེས་འཆར་རོ།།

འཆར་བྱེད་རླུང་གི་གནད།

གསུམ་པ་འཆར་བྱེད་རླུང་གི་གནད་ནི། རྒྱུད་ལས། ཕྱི་ནང་རླུང་ནི་དལ་ཞིང་མཉམ། །ཡུད་ཙམ་ཕྱི་རུ་འདུར་བ་ཡིས། །རླུང་ནི་འགྲོ་འོང་ཆད་པར་འགྱུར། ཞེས་དང་། འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་བར་བསླབ། ཅེས་རླུང་གནད་དལ་བ་ལ་བརྟེན་ན་རླུང་གིས་རིག་པ་སྤུར། རྣམ་རྟོག་གིས་རླུང་ཞོན་ནས་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡང་བསླུ་བར་གསུངས་ཤིང་། དེའི་རྒྱུ་འགག་པར་བྱེད་པའི་ཐབས་སུ་རླུང་སྣ་ནས་དྲངས་ན་འཁོར་ལོ་བཞིའི་སྦྱང་བྱའི་རླུང་རྣམས་སྟོབས་སུ་གྱུར་ནས་གེགས་སྐྱོན་འབྱུང་ཉེ་ཞིང་། འདིར་ཁ་ནས་དྲངས་པས་གློ་བའི་རླུང་འགྲོ་འོང་གི་རྣམ་པ་ཅན་རང་བབས་སུ་དག་པས་གདངས་སྙིང་གར་ཐིམ་ནས་སྦྱང་བྱའི་རླུང་རྟོག་མ་སྤངས་རང་སར་དག་ཅིང་འཁོར་ལོ་སོ་སོའི་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་ནས་ཡེ་ཤེས་ཀྱི་རླུང་འོད་གསལ་དུ་གྲོལ་བའི་གནད་ཡོད་པར་གསུངས་པས། འབྱུང་འཇུག་མཉམ་པར་ཤིན་ཏུ་དལ་བུས་ཕྱི་ནས་ཤེད་མ་བསྐྱེད་པར་ཅུང་ཟད་རེ་ཕྱིར་གནས་རིང་པོར་འཛིན་པ་སྟེ། དེ་འབྱོངས་བའི་རྟགས་སུ་རྩ་རླུང་གི་འགྲོ་འོང་ཟད་པས་རྟོག་པའི་འགྲོ་འོང་ཟད་དེ་དབྱིངས་རིག་གཡོ་འགུལ་མེད་པར་སྡོད་པའོ། །དེ་ལྟར་སྒོ་གསུམ་གྱི་བྱ་བ་བཏང་ཞིང་གནད་དུ་གཟིར་བ་དང་། སྒོ་ཡུལ་རླུང་གི་གནད་རྣམས་ལ་བརྟེན་ནས། ཙིཏྟ་ཤའི་སྒྲོན་མ་རིན་པོ་ཆེའི་སྒྲོམ་ནང་ན་གནས་ལུགས་ཡེ་ཤེས་གཞིའི་སྒྲོན་མ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱིས་མཚོན་པར་བུམ་སྐུའི་ཚུལ་དུ་གནས་པ་དེ་ཉིད་རང་བྱུང་གསང་བ་ཆེན་པོའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་དཀར་འཇམ་སྟོང་པ་སྙིང་ནས་མིག་ཏུ་འབྲེལ་ཞིང་། རྩ་བ་ཕྲ་ལ་རྩེ་མོ་ཡངས་པ་བ་མེན་གྱི་རྭ་འདྲ་བ་གཉིས་མིག་གི་ཨ་འབྲས་ཀྱི་དཀྱིལ་དུ་ཟུག་པ་ནས་བརྒྱུད་དེ། རྒྱང་ཞགས་ཆུའི་སྒྲོན་མ་དཀར་ནག་ཕྱེད་མ་ཆུའི་རང་བཞིན་ཅན་དངས་ལ་གསལ་བ་དེའི་རྒྱན་དུ་ནང་གདངས་ཅུང་ཟད་ཕྱིར་ཤར་བའི་ཕྱི་དབྱིངས་ནམ་མཁའ་སྔོ་སང་སྟོང་པ་གོ་འབྱེད་འཆར་གཞིའི་ཆ་ཙམ་དུ་མེ་ལོང་དང་འདྲ་བ་ལ། མི་གསལ་བ་གསལ་བར་གོ་འཕོས་པ་ཙམ་དུ་སྣང་བའི་གོ་ཕྱེས་ནས་ནང་དབྱིངས་རྣམ་དག་གི་སྒྲོན་མ་བདག་པོའི་བཞིན་དང་འདྲ་བ་དེ་ཉིད། ཐོག་མར་སྨིན་མཚམས་མཐིང་ཀ་ཁྱབ་པ་ཆེན་པོའི་འོད་སྣང་ལས་མཆེད་པའི་ཚུལ་དུ་རིམ་གྱིས་འོད་ལྔའི་གདངས་ཁ་ཏོག་ལྔ་པ་ཟ་འོག་ཁ་ཕྱེས་པའམ། ནམ་མཁའི་འཇའ་ཚོན་ལྟ་བུ་འོད་ལྔའི་ཐིག་ཕྲན་དང ་བཅས་པ་གསལ་བའི་ནང་དུ། ལས་ཀྱི་རླུང་དག་པའི་ཆ་ལས་བྱུང་བའི་ཐིག་ལེ་སྟོང་པའི་སྒྲོན་མ་མཚོའམ་རྫིང་བུ་དངས་མར་རྡོ་བོར་བའི་རི་མོའི་རྣམ་པས་མཚོན་པའི་ཐིག་ཟླུམ་དངས་གསལ་འོད་ལྔའི་མུ་ཁྱུད་ཅན་ལ་སོགས་པར་སྣང་ཞིང་དེའི་ནང་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བ་དེ་ལྷག་གེར་འཆར་བ་དེ་ཉིད་ངོ་བོ་གཅིག་ལ་ལྡོག་པ་གསུམ་གྱི་དབྱེ་བས་ངོས་ཟིན་དགོས་ཏེ། ནང་གི་རིག་པ་ཤིན་ཏུ་ཡུལ་མེད་པ་ཞིག་ཉམས་སུ་མྱོང་བ་དེ་ནི་ཤེས་རབ་ཀྱི་ངོ་བོ་དང་། དེ་ལ་ཡུལ་ཤེས་ཀྱི་ཤེས་རབ་རྣོ་ལ་མྱུར་བ་དང་། ཚིག་དོན་ཀློང་རྡོལ་དུ་འཆར་བ་ཤེས་རབ་ཀྱི་རྩལ་དང་། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཐོག་མར་རྟ་རྔ་ལ་མདུད་པ་བཏབ་པ་ལྟ་བུའམ། མུ་ཏིག་གི་ཕྲེང་བ་དང་། གསེར་གྱི་སྐུད་པ་ལྡིང་བའམ་མེ་ཏོག་གི་ཆུན་པོ་ལྟ་བུར་སྣང་བ་ནི་ཤེས་རབ་ཀྱི་གདངས་སུ་བཞེད་དོ། །དེ་ལྟར་ཡང་རྩ་རྒྱུད་ལས། ཙིཏྟ་རིན་ཆེན་གཞལ་ཡས་ནས། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་ཏོག་སོ་སོར་གསལ། ཞེས་དང་། རྫོགས་པ་ཆེན་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། སྙིང་ནས་མིག་ཏུ་འབྲེལ་བ་ཡི། །རང་བྱུང་གསང་བ་ཆེན་པོའི་རྩ། །ཀ་ཏི་ཤེལ་གྱི་སྦུ་གུ་ཅན། ཞེས་དང་། གསེར་ཕྲེང་ལས། རིན་ཆེན་རྒྱ་མཚོར་འབྲེལ་བའི་རྩ། །དཀར་འཇམ་ཁོག་པ་སྟོང་པ་ནི། །ཐིག་ལེ་ཁྲག་གིས་མ་གོས་པ། །ཡེ་ཤེས་ཆེན་པོ་དེ་ནས་རྒྱུ། །ཞེས་དང་། རྒྱུད་ལས། ཁྱད་པར་ཙིཏྟ་ནས་འབྲེལ་བའི། །དར་སྐུད་བ་ཆེན་རྭ་འདྲ་ལ། །དབང་པོའི་མིག་ལ་ཟུག་པ་སྟེ། །ཆོས་ཉིད་ཀུན་ནི་ལམ་ཡིན་ནོ། །ཞེས་དང་། རང་ཤར་ལས། སྒྲོན་མ་རྣམ་བཞི་འདི་ལྟ་སྟེ། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །རིག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་སྒྲོན་མ་དང་། །རྒྱང་ཞགས་ཆུ་ཡི་སྒྲོན་མ་རྣམས། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་གསུངས་སོ། །

འཆར་བྱ་རིག་པའི་གནད།

བཞི་པ་འཆར་བྱ་རིག་པའི་གནད་ནི། རྩ་རྒྱུད་ལས། རང་གི་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་ཏེ་མཁའ་ལའོ། །ཞེས་དང་། སྒྲོན་མ་འབར་བ་ལས། མཐིང་ཀ་མི་འགྱུར་སྣང་བ་ལས། །ཁ་ཏོག་གསལ་བའི་འོད་ལྔ་ཡང་། །འདི་ཉིད་རབ་ཏུ་གསལ་འགྱུར་ཞིང་། །དབྱིངས་ཀྱི་རིག་པའི་རང་ཡུལ་ཕྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞུག་པར་བྱ། ཞེས་དང་། རྒྱུད་ལས། རིག་གནད་ལུག་རྒྱུད་བཙོན་དུ་བཟུང་། །དངོས་སྣང་དལ་བ་ཉིད་ལ་བརྟེན། ཞེས་ཏེ། དེ་ལྟར་མཐོང་བའི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཕྲ་ལ་འཁྱུག་པ་རྟ་རྔ་མདུད་པའམ་ལྕགས་ཚགས་དང་། མེ་ཏོག་གི་དྲ་བ་ལྟ་བུ། གཉིས་སྦྲེལ་དང་གསུམ་སྦྲེལ་སོགས་འཆར་བ་དེ་ཉིད་དབྱིངས་སྣང་འོད་ལྔ་འཁྱིལ་བ་རྨ་བྱའི་མདོངས་ལྟ་བུའི་དབུས་སུ། ཐིག་ལེ་སྲན་ཟླུམ་ནས་ཡུལ་གྲུ་ཙམ་གྱི་བར་ཆུ་ལ་རྡོ་བསྐྱུར་བའམ། ཕུབ་ཀྱི་སྦ་སྐོར་ལྟ་བུའི་ར་བར་བཙོན་དུ་བཟུང་བ་ལྟར་བཙུད་ནས་བསྒོམ་དགོས་ལ། དེ་ཡང་ཐོག་མར་སྨིག་སྒྱུ་ལྟར་འགུལ་འཕྲིག་ཅན་འལ་འོལ་མི་གསལ་བར་ཤར་ཡང་དེ་ཉིད་ལྟ་སྟངས་ཀྱིས་རིམ་པར་ཁྲིད་ནས་དབྱིངས་ཀྱི་ར་བར་ཚུད་པ་ན། འོད་སྣང་ལ་ཡིན་མིན་སོགས་ཀྱི་སྤུ་རིས་འབྱེད་པའི་དཔྱད་པ་དང་། རྣམ་རྟོག་གི་བསླད་ཤོར་ན་ལུག་རྒྱུད་དངོས་པོར་སེམས་པ་སོགས་ཀྱི་གེགས་དང་གོལ་སས་འཆིང་ཉེན་ཡོད་པས། རིག་པ་རང་གི་ངོ་བོ་ལ་རང་གི་བལྟ་ཤེས་ཙམ་ལས། ཆོས་ཉིད་རང་ལ་རང་གསལ་བཞིན་པ་དེ་ལ་བློས་བཅོས་བསྒྱུར་དང་རྟོག་དཔྱོད་འཛིན་ཞེན་གང་ཡང་མེད་པར། གནད་ལས་མི་གཡོ་བའི་དལ་བ་ཉིད་ཀྱིས་བརྟེན་ཅིང་། ཅི་སྟེ་འོད་གསལ་གྱི་སྣང་བ་མི་གསལ་བ་ལྟ་བུའམ། སྟེང་འོག་དང་གཡས་གཡོན་སོགས་སུ་ཡོ་བཟུར་བྱེད་ན། དེ་རྗེས་སུ་མིག་དང་སེམས་བཅར་ཕོག་ཏུ་མི་འབྲང་བར་ལྟ་སྟངས་ཀྱིས་མིག་ཟུར་ནས་དལ་བུས་ཁྲིད་དེ་སྔར་བཞིན་ཤར་བ་ལ་སེམས་གཡོ་མེད་དུ་ཅེ་རེ་གཏད་ཅིང་འཛིན་རྟོག་གིས་མི་བསླད་པར་བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་བའི་བརྟུལ་ཞུགས་དག་ལ་བསླབ་ཅིང་གོམས་སུ་གཞུག་གོ། །དེ་འབྱོངས་པའི་རྟགས་ནི་ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་སྡོད་པའོ། །དེས་ནང་གི་རྩ་ཁམས་རྣམས་འོད་དུ་ཅི་ཙམ་དངས་སྟོབས་ཆེ་བ་དེ་ཙམ་དུ་དབྱིངས་རིག་འོད་གསལ་གྱི་སྨིན་མཚམས་ནས་བྲལ་ཏེ་གསལ་འགྲིབ་མེད་པར་འཆར་བ་སོགས། ཡུལ་དང་ཡུལ་ཅན་དབྱེར་མེད་འདྲེས་པས་ཡུལ་རྐྱེན་ལ་ལྟོས་པ་ཇེ་ཆུང་ལ་སོང་ནས་སྣང་བ་བཞི་པོའི་ཉམས་ལེན་འཕེལ། སྣང་ཤེས་ཀྱི་ཉམས་རྣམས་རིམ་གྱིས་སྐྱེ་བར་འགྱུར་རོ། །དེ་ལ་འདིར་ནི་ཆུ་བུར་གྱི་མིག་གིས་མཐོང་བ་ཡིན་པས་ཟད་པའི་ས་ལ་སྐྱོལ་དགོས་ཤིང་། ཤེས་རབ་ཀྱི་མིག་གིས་མཐོང་ན་གོ་རིམ་གྱི་ངེས་པ་སྤངས་ནས་ཅིག་ཆར་དུ་ཟད་པར་འགྱུར་ལ། དེ་གཉིས་ཀ་མ་ཡིན་པའི་རྩ་བཟང་བའི་རིགས་འགའ་ཞིག་ལ་ངེས་པ་མེད་པའི་འཆར་ལུགས་ཀྱང་ཡོད་དེ། གང་ཟག་གི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་རྣམས་གང་ཡང་ལམ་རྟགས་སུ་རློམ་པ་མི་བྱ་སྟེ། དྲོད་གཤེར་གྱི་རྒྱུ་རྐྱེན་གཅིག་ལས་སྲུས་ཤིན་ཏུ་སྔ་བར་སྨིན་པའི་ས་རྫི་ཀར་འགྱུར་བའང་ཡོད་པའི་ཕྱིར་ཚད་མཐའ་རྟེན་གྱི་གང་ཟག་ཁོ་ནས་བཟུང་དགོས་པར་གསུངས་སོ། །དེ་ལྟར་རླུང་རིག་གཅིག་ཏུ་བྱས་པའི་གནད་གསུམ་མམ་ཐ་དད་དུ་ཕྱེ་བའི་གནད་བཞིའི་རྐྱེན་གྱིས་ཡེ་ཤེས་མངོན་སུམ་དུ་སྣང་ཞིང་གནད་དང་མི་ལྡན་ན་རིག་པའི་དོན་རྟོགས་ནུས་པ་མིན་པའི་ཚུལ་ནི། རྒྱུད་ལས། རིག་པ་ཡེ་ཤེས་ལུ་གུ་རྒྱུད། །ཡེ་ནས་གཞི་ལ་གནས་མོད་ཀྱང་། །བར་དུ་རྐྱེན་མེད་རྐྱེན་གྱིས་གསལ། ཞེས་དང་། འདས་རྗེས་ལས། སྒོ་ཡུལ་རླུང་གི་གནད་བསྟུན་པས། །ལུས་ལ་ཡེ་ཤེས་མངོན་དུ་སྣང་། ཞེས་དང་། རྒྱུད་ལས། གནད་གསུམ་བསྟུན་པར་མ་བྱས་ན། །རིག་པའི་དོན་ལ་རེག་མི་འགྱུར། ཞེས་སོ། །དེའི ་དགོས་པ་ཡང་། རིག་པའི་དབང་པོས་མངོན་སུམ་དུ་སྣང་བ་དེ་ལ་གོམས་པས་མ་རིག་པ་དང་བྲལ་ཏེ། གནས་སྐབས་སུ་ཚེ་དུས་ལས་འདས་ཀྱང་བདེན་པ་མཐོང་བའི་གནད་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་ཞིང་དབུགས་དབྱུང་ནས་ལོ་ལྔ་བརྒྱ་ན་བར་དོ་མེད་པར་སངས་རྒྱས་ཤིང་། མཐར་ཐུག་མངོན་སུམ་གྱི་ཉམས་ལེན་མཐར་སོན་པས་རྩ་ཁམས་འོད་དུ་དེངས། སྣང་བ་བཞི་ཟད་ནས་ལྷག་མེད་འགྲུབ་པ་ཡིན་ལ། དེ་ལྟར་མངོན་སུམ་རང་ཐོག་ཏུ་མ་ཕེབས་ན་ཡོན་ཏན་རྣམས་ལས་ལྡོག་པའི་སྐྱོན་ཡོད་དོ། །

དབབ་པའི་དོན་ངོ་སྤྲོད་པ།

རིག་པའི་རྩལ་དབང་བསྐུར་བ།

རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གཞུག་པ།

གསུམ་པ་མངོན་སུམ་རང་ཐོག་ཏུ་དབབ་པའི་དོན་ངོ་སྤྲོད་པ་ལ། རིག་པའི་རྩལ་དབང་བསྐུར་བ། རིག་ཐོག་ཏུ་ངོ་སྤྲོད་པ། སྤྲོ་བ་བསྐྱེད་པ། རྣལ་འབྱོར་བཞིས་ཉམས་སུ་བླང་བ་སྟེ་བཞི་ལས། དང་པོ་རྩལ་དབང་རྒྱས་པ་ནི། དབང་གི་ལྡེ་མིག་གི་བཞི་པ་ཉིད་ཡིན་ལ། སྐབས་འདིར་ཀུན་མཁྱེན་ཡབ་སྲས་ཀྱི་བཞེད་དོན་ལྟར་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གཞུག་པ་དང་། གཤིས་ཐོག་ཏུ་རིག་པའི་རྩལ་དབང་བསྐུར་བ་གཉིས། དང་པོ་གཞུག་པ་ནི། མངོན་སུམ་གྱི་སྣང་བ་འཆར་བའི་གནས་དུས་ཕུན་སུམ་ཚོགས་པར། སློབ་བུ་རྣམས་ཀྱིས་ཚོགས་འཁོར་དང་མཆོད་གཏོར་བྱ་ཞིང་། དབང་ཡོན་དུ་གསེར་གྱི་མཎྚལ་ཕུལ་ནས་གསོལ་བ་གདབ་པ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེ། །བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར། །རྡོ་རྗེ་སེམས་དཔའི་གསང་ལམ་མཆོག །རིག་པའི་རྩལ་དབང་བསྐུར་དུ་གསོལ། ལན་གསུམ་བརྗོད་ནས། དཔོན་སློབ་ཐམས་ཅད་ཀྱིས་འོད་གསལ་གྱི་སྣང་བ་སྒྲིབ་གཡོག་དང་བྲལ་བའི་བརྡར་སྟོད་གཡོགས་བསལ་ཏེ། བླ་མའི་ཐུགས་ཀར་ཨ་མཐིང་ག་གཅིག་བཀོད་པ་ལ་མིག་མི་འཛུམ་པར་བལྟ་ཞིང་སེམས་མ་ཡེངས་པའི་ངང་ལ་འཇོག་བཅུག་ལ། སློབ་དཔོན་གྱིས་ཊཱ་མ་རུའི་སྒྲ་དང་བཅས་ཏེ་བྱིན་དབབ་པའི་མཐར། ཐོལ་བྱུང་དུ་ཕཊཿདྲག་པོ་ཞིག་བརྗོད་ལ་དེ་མ་ཐག་ཏུ་སེམས་གང་ཡིན་ཞེས་དྲིས་པས་ཐམས་ཅད་ཅི་ཟེར་གཏད་མེད་དུ་ཧ་ཕྱད་དེ་ལུས་པའི་ཚེ། རིག་པ་མ་བཅོས་པ་ལྷག་གེར་ཤར་བ་དེ་མ་མཐོང་བའི་མཐོང་བ་ཆེན་པོ་ཞེས་བྱ་སྟེ་ཆོས་སྐུའི་ངང་དུ་ཡེ་ཤེས་དབབ་པའོ། །དེ་ནས་སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་སློབ་མ་རྣམས་དྲང་སྲོང་ཙོག་པུར་འདུག་ཅིང་མིག་བར་སྣང་རྟེན་མེད་དུ་བཞག་ནས་རང་བཞིན་གྱི་ཞིང་རྣམས་ཡིད་ལ་བྱར་བཅུག་ཏེ། ཨེ་མ། སྐལ་ལྡན་སེམས་ཀྱི་བུ་རྣམས་ཉོན་ཅིག ཤར་ཕྱོགས་ན་མངོན་པར་དགའ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་ཡིད་དུ་འོང་བ་ན། བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ཞེས་བྱ་བ་སྐུ་མདོག་མཐིང་ག་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། །ལྷོ་ཕྱོགས་ན་དཔལ་དང་ལྡན་པའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་ཡིད་དུ་འོང་བ་ན། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ་སྐུ་མདོག་སེར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། །ནུབ་ཕྱོགས་ན་པདྨ་བརྩེགས་པའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་ཡིད་དུ་འོང་བ་ན། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཞེས་བྱ་བ་སྐུ་མདོག་དམར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། །བྱང་ཕྱོགས་ན་ལས་རབ་རྫོགས་པའི་ཞིང་ཁམས་མཛེས་ཤིང་ཉམས་དགའ་ཡིད་དུ་འོང་བ་ན། བཅོམ་ལྡན་འདས་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་སྐུ་མདོག་ལྗང་གུ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། །དེ་དག་ཐམས་ཅད་ཀྱང་ཡབ་ཡུམ་གཉིས་སུ་མེད་པ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་བཞུགས་པ་རྣམས་རང་རང་གི་སྟོན་པ་ལ་ཆོས་མཉན་ཅིང་རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་ཤར་ཕྱོགས་ཀྱི་ཞིང་ཁམས་སུ་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ་སེང་གེའི་མཆོང་སྟབས་ཀྱིས་མཆོངས་ཤིག །ལྷོ་ཕྱོགས་ཀྱི་ཞིང་ཁམས་སུ་སེང་གེའི་ལྟ་སྟངས་ཀྱིས་ལྟོས་ལ་སྟག་མོའི་མཆོང་སྟབས་ཀྱིས་མཆོངས་ཤིག །ནུབ་ཕྱོགས་ཀྱི་ཞིང་ཁམས་སུ་དཔལ་གྱི་རྔམས་སྟབས་ཀྱིས་ལྟོས་ལ་ཁྱུང་གི་ལྡིང་སྟབས་ཀྱིས་འཕུར་ཅིག །བྱང་ཕྱོགས་ཀྱི་ཞིང་ཁམས་སུ་རྡོ་རྗེ་འཆང་གི་ལྟ་སྟངས་ཀྱིས་ལྟོས་ལ་གློག་དམར་འཁྱུག་སྟངས་ཀྱིས་སོང་ཤིག ཨ་ཨ་ཨཿ ཞེས་ཕྱིར་མི་ལྡོག་པའི་རྒྱས་གདབ་བོ། །དེ་ལྟར་རིག་པའི་དཀྱིལ་འཁོར་གྱི་སྒོ་བཞི་ནས་བཅུག་པས་སློབ་དཔོན་ལྟ་དགོངས་ཅན་དང་སློབ་མ་དད་དམ་ཅན་འཛོམ་ན་ཚེ་འདིར་ཉམས་སུ་མ་ལོངས་ཀྱང་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་པར་ནུས་སོ། །དེ་ནས་ལོངས་སྐུའི་དཀྱིལ་འཁོར་དུ་འཇུག་པའི་ཕྱིར། རྡོ་རྗེའི་སྐྱིལ་ཀྲུང་གིས་མིག་བར་སྣང་ལ་ཧར་རེ་བར་ཞིང་ཁམས་ཡིད་ལ་བྱར་བཅུག་ཏེ། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་རྣམས་ཉོན་ཅིག དེ་དག་ཐམས་ཅད་འདས་པའི་ཕ་རོལ་ན། རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་དེ་དག་མ་ལུས་ཤིང་ལུས་པ་མེད་པའི་འཆར་གཞི་བདག་པོའི་བྱད་དང་འདྲ་བ་རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས། ཡེ་ཤེས་ལྔས་ཁྱབ་ཅིང་ཀུན་ཏུ་གསལ་བ་ཤིན་ཏུ་མཉམ་ཞིང་མི་གཡོ་བ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ། ཟག་པ་ཟད་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་པ་ཞེས་བྱ་བ། འཁོར་ཡང་དག་པར་རྫོགས་པའི་སངས་རྒྱས་བརྒྱ་སྟོང་བྱེ་བ་དཔག་ཏུ་མེད་པས་བསྐོར་བ་ཆོས་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་རོལ་པ་ཞིག་ཡོད་ཀྱིས། བུ་ཁྱོད་དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ་སེང་གེའི་མཆོང་སྟངས་ཀྱིས་སོང་ཤིག ཨ་ཨ་ཨཿ ཞེས་སྟོང་པ་ཉིད་ཀྱིས་སླར་མི་ལྡོག་པར་རྒྱས་གདབ་བོ། །དེ་ནས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་སེང་གེའི་འདུག་སྟངས་ཀྱིས་སངས་རྒྱས་ཀྱི་ས་ན་ཡོད་པའི་སྤྱན་ལྔ་ཁྱད་པར་ཅན་ཐོབ་པའི་རྟེན་འབྲེལ་དུ་མིག་གྱེན་ཐུར་དང་། གཡས་གཡོན་དང་། ཐད་དྲང་དུ་བལྟས་ཏེ་རིག་སྟོང་རྗེན་པའི་ཡེ་ཤེས་གསལ་གདབ་ཅིང་། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་རྣམས་ཉོན་ཅིག །གཟུགས་སྐུ་གཉིས་ལས་འདས་པའི་ཕ་རོལ་ན། དེ་གཉིས་ཀའི་འཆར་གཞིར་གྱུར་པ་རང་གི་རིག་པ་བསམ་ངོ་དང་བྲལ་བའི་ངོ་བོ་ཡེ་ཤེས་ཐིམ་ལ་མ་རྨུགས་པ། གང་དུ་ཡང་མ་ཕྱེ་བའི་ཆོས་ཉིད་ཚད་མེད་དཔག་ཏུ་མེད་དམིགས་སུ་མེད་པ་བཞུགས་ཀྱིས། བུ་ཁྱོད་འགྲོ་ས་མེད་པའི་གཤིས་ལ་འགྲོ་མཁན་རྩད་གདར་ཆོད་ལ་ཞོག་ཅིག རིག་སྟོང་དུ་ཤེས་པའི་གནད་ཚུགས་ཤིག མ་འགག་པར་འགྱུར་བ་རྩལ་སྦྱོངས་ཤིག ཡེ་ཤེས་སུ་གསལ་བའི་ལམ་སྦྱོངས་ཤིག སྣ་ཚོགས་སུ་འཆར་བ་ལ་མ་ཞེན་ཅིག བསམ་གྱིས་མི་ཁྱབ་པའི་ངང་དུ་ཨ་ཨ་ཨཿ ཞེས་ཐུགས་རྗེ་དང་རང་བཞིན་དང་ངོ་བོ་རང་སྣང་གི་དལ་དུ་གཞུག་པས་མ་རིག་པ་གཞི་ལ་སངས། རིག་པའི་ཡེ་ཤེས་རྒྱས་པས་མངོན་སུམ་བསྒོམ་པ་ལ་དབང་ཞིང་གོམས་ཤུགས་ཆུང་བ་རྣམས་བར་དོ་དང་མཆོག་རྣམས་ཚེ་འདིར་གྲོལ་བ་ཡིན་ནོ། །

གཤིས་རང་ཐོག་ཏུ་རིག་པའི་རྩལ་དབང་བསྐུར་བ།

གཉིས་པ་གཤིས་རང་ཐོག་ཏུ་རིག་པའི་རྩལ་དབང་བསྐུར་བ་ནི། འོད་གསལ་ཐོད་རྒལ་ཆེན་པོའི་གནད་མཚོན་པའི་སྒོ་གསུམ་གྱི་བཞུགས་སྟངས་སོགས་བྱེད་དུ་བཅུགས་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །རིན་ཆེན་ལུས་ཀྱི་དབུས་ཉིད་དུ། །སྐུ་གསུམ་དགོངས་མཛོད་སྙིང་པོའི་དོན། །ངོ་བོ་སྟོང་གསལ་སྐུ་རུ་གནས། །རང་བཞིན་གསལ་སྟོང་ཏི་ལ་འོད། །ཐུགས་རྗེ་སྣང་སྟོང་སྒྲོན་མར་གནས། །དེ་ཉིད་ཙིཏྟའི་གསང་སྒྲོམ་ནས། །ཀ་ཏི་ཤེལ་སྦུབས་ལམ་བརྒྱུད་དེ། །རྐྱེན་གསུམ་བྲལ་བ་དབང་པོའི་མཁར། །རྒྱངས་ཞགས་སྒོ་ནས་མངོན་སུམ་དུ། །འཇའ་ཟེར་ཐིག་ལེ་ལུག་རྒྱུད་འབྲེལ། །ཟེར་ལྡན་མདོངས་འདྲ་ཉུང་འབྲུ་ཙམ། །རྟ་རྔའམ་ལྕགས་ཐག་མདུད་འདྲར་བཅས། །འགུལ་འཕྲིག་འགྱུ་བའི་རྣམ་པར་འཆར། །མདངས་དབྱིངས་འོད་མཐིང་ན་རོའི་དབྱིབས། །ཤེས་རབ་གདངས་རྩལ་སྣ་ཚོགས་འཆར། །དེས་ནི་ཀུན་བཟང་རིག་པའི་དབང་། །རིག་སྟོང་ངོ་བོ་ཀ་ནས་དག །རང་བཞིན་སྣ་ཚོགས་འོད་དུ་གསལ། །ཐུགས་རྗེ་མ་འགག་ཕྱོགས་རིས་མེད། །ཏི་ལ་མདངས་གསུམ་རྩལ་དབང་ཐོབ། །འཁོར་འདས་སྣང་སྲིད་རྟོག་ཚོགས་ཀུན། །རེ་བ་མེད་དེ་རང་སངས་རྒྱས། །དོགས་པ་མེད་དེ་རང་དག་ཉིད། །དགག་ཏུ་མེད་དེ་སྣ་ཚོགས་སྣང་། །སྒྲུབ་ཏུ་མེད་དེ་མཚན་འཛིན་གྲོལ། །རང་རིག་རང་གསལ་རང་བྱུང་སེམས། །རང་ཤར་རང་གྲོལ་ཡེ་ཤེས་ཉིད། །གང་ཤར་རང་རིག་རང་རྩལ་གྲོལ། །རིག་པའི་རྩལ་དབང་ཐོབ་པའོ། །ཞེས་དང་། ཀྱཻ། སྐལ་ལྡན་སེམས་ཀྱི་བུ་རྣམས་ཉོན་ཅིག ཙིཏྟ་རིན་པོ་ཆེ་གསང་བའི་སྦུབས་ན་ཐིག་ལེ་ཡེ་ཤེས་ཀྱི་ས་བོན། ངོ་བོའི་ཆ་ནས་སྟོང་ཞིང་བདག་མེད་པ། རང་བཞིན་གྱི་ཆ་ནས་འགགས་མེད་དུ་གསལ་བ། ཐུགས་རྗེའི་རྩལ་ལས་སྐུ་དང་ཡེ་ཤེས་དབྱེར་མེད་བུམ་ནང་གི་སྒྲོན་མེ་ལྟར་གསལ་བའི་འོད་གདངས་རིན་པོ་ཆེ་ཤེལ་སྦུག་ཅན་ནས་ཐོན་ཏེ་སྒྲོན་མ་བཞིའི་རང་བཞིན་དུ་གསལ་བ་འདིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོས་ཉིད་མངོན་དུ་མཐོང་ནས་རིག་པ་རྩལ་གྱི་དབང་ཆེན་ཐོབ་པ་ཡིན་ནོ། །ཞེས་བརྗོད་དོ། །དེ་ལྟར་རྩལ་དབང་ཐོབ་པའི་ཡོན་ཏན་དང་། མ་ཐོབ་པའི་སྐྱོན་ནི་རིམ་པར། འབྲས་བུ་ཡོངས་རྫོགས་ཆེན་པོའི་རྒྱུད་ལས། རང་རིག་རྩལ་གྱི་དབང་ཐོབ་ཚེ། །ཆོས་རྣམས་སེམས་ལ་རྫོགས་ཕྱིར་གྲོལ། །རབ་འབྱམས་བཀའ་ཡི་དབང་རྣམས་ཐོབ། ཞེས་དང་། རྒྱུད་ཀློང་གསལ་ལས། རབ་འབྱམས་རིག་པའི་དབང་མེད་ན། །འདུས་བྱས་དབང་གིས་གྲོལ་མི་སྲིད། ཅེས་གསུངས་སོ། །

རིག་ཐོག་ཏུ་ངོ་སྤྲོད་པ།

མེ་ལོང་ལ་བརྟེན་ནས་ངོ་སྤྲོད་པ།

གཉིས་པ་རིག་ཐོག་ཏུ་ངོ་སྤྲོད་པ་དངོས་ལའང་། མེ་ལོང་ལ་བརྟེན་པ། མན་ཤེལ་ལ་བརྟེན་པ། རིག་པ་རྐྱང་པར་ངོ་སྤྲད་པ་གསུམ་གྱི། དང་པོ་མེ་ལོང་ལ་བརྟེན་ནས་ངོ་སྤྲོད་པ་ལ། ཐོག་མར་གཡའ་དྲི་མེད་པའི་མེ་ལོང་དངས་མར་འོད་ལྔའི་ཐིག་ལེ་འཆར་བཅུག་སྟེ་བསྟན་ལ། དེ་ཡང་འོད་ལྔ་གསལ་ལ་མ་འདྲེས་པ་གཞིའི་སྒྲོན་མ་རང་གི་སྙིང་དབུས་ན་ཡོད་པའི་གནད་ཀྱིས་ལམ་ཉམས་སུ་བླང་བའི་ཚེ་སྒྲོན་བཞི་འོད་གསལ་གྱི་སྣང་བ་སྣང་སྲིད་ཐམས་ཅད་ཟ་འོག་གི་གུར་ཁྱིམ་ལྟར་འཆར་བ་ནི་འདི་ལྟ་བུའོ། དེ་ནས་རྒྱལ་བའི་སྐུ་གཟུགས་འོད་ལྔ་འཁྱིལ་བའི་དབུས་སུ་བཞུགས་པ་འཆར་བར་བྱས་ཏེ་བསྟན་ལ། འདི་ནི་རང་རིག་ཉམས་སུ་བླངས་བས་ཉམས་གོང་འཕེལ་གྱི་སྣང་བ་མཐར་ཕྱིན་ཏེ་རྒྱལ་བ་རིགས་ལྔའི་སྐུ་རྐྱང་པ་འཆར་བའི་བརྡའོ། །དེ་རྗེས་ལོངས་སྐུ་ཡབ་ཡུམ་ཞལ་སྦྱོར་འཁོར་དང་བཅས་པ་འཆར་བ་བསྟན་ལ། འདི་ནི་བརྩོ ན་པ་ཅན་གྱིས་གོམས་ནས་རིག་པ་ཚད་ལ་ཕེབས་ཏེ། ཐིག་ལེ་འོད་ཀོར་རེ་རེའི་ནང་དུའང་རྒྱལ་བ་རིགས་ལྔ་ཚོམ་བུའི་སྐུར་མཐོང་བ་འབྱུང་སྟེ་དེའི་བརྡའོ། །ཞེས་བརྡ་སྤྲད་དོ། །དེ་ཡང་རྒྱུད་ལས། སངས་རྒྱས་མཁའ་འགྲོའི་ཞིང་ཁམས་སུ། །རྡོ་རྗེ་མཁའ་འགྲོའི་མེ་ལོང་དུ། །རིན་ཆེན་མཁའ་འགྲོའི་དེ་སྒོ་ཕྱེས། །སྒོ་བ་ལས་ཀྱི་ཊཱཀྐི་བྱོན། །པདྨ་ཊཱཀྐི་མངོན་སུམ་བསྟན། ཞེས་གསུངས་པ་ལྟ་བུའོ། །

མན་ཤེལ་ལ་བརྟེན་ནས་ངོ་སྤྲོད་པ།

གཉིས་པ་མན་ཤེལ་ལ་བརྟེན་ནས་ངོ་སྤྲོད་པ་ནི། རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ལ། འདི་ནི་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྤྲུལ་པ་སྟེ། དེ་ཉིད་ཀྱི་བྱིན་རླབས་ལས། གླིང་བཞི་འཇིག་རྟེན་གྱི་ཁམས་རྣམས་སུ་རང་བྱུང་ཤིང་རང་གནས་པ་ཡིན་ལ། དེང་འདིར་རྣལ་འབྱོར་བ་རྣམས་ཀྱི་ཉམས་རྟོགས་དང་མཐུན་པར་ངོ་བོ་སྒྲིབ་མེད་དུ་སེང་ངེ་འདུག་པ་ནི་རང་གི་སེམས་ཉིད་སྟོང་གསལ་འཛིན་མེད་ཀྱི་བརྡའོ། །འོད་དང་དབྱིབས་གཟུགས་ཁ་ཏོག་སྣ་ཚོགས་ཐ་དད་པར་སྣང་བ་ནི་རང་བཞིན་སྣ་ཚོགས་འགག་མེད་ཅིར་ཡང་འཆར་བ་མཚོན་པའོ། །མིག་ཟུམ་བུས་བལྟས་པས་འོད་ལྔ་མ་འདྲེས་བཀྲ་བ་ཡོད་པ་མཐོང་སྟེ། འདིའི་ཐུགས་རྗེ་ནང་གསལ་དུ་བཞུགས་པ་འདི་ནི་རང་གི་སྙིང་དབུས་ན་རིག་པ་འོད་ལྔའི་ཚུལ་དུ་བཞུགས་པའི་བརྡ་སྟེ། དཔེ་མན་ཤེལ་དངས་པ་འདི་མ་གཏོགས་གང་གིས་ཀྱང་མཚོན་དུ་མེད་ཅིང་འདིས་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བ་མཚོན་པའོ། །དེ་ནས་ཤེལ་རྡོ་ཉི་ཞུར་ལ་ཕྱར་ཏེ། ཤེལ་གྱི་རང་བཞིན་དངས་ཤིང་འཚེར་བ་ལ་གྱ་གྱུ་སྣ་ཚོགས་ཅན་དུ་བྱུང་བ་ནི། རྣལ་འབྱོར་གྱ་གྱུ་ཅན་ལ་ཕྱི་རོལ་ཡུལ་གྱི་སྣང་བ་སྣ་ཚོགས་ལ་བརྟེན་ནས་གཟུང་འཛིན་འཁྲུལ་རྟོག་མང་དུ་འཆར་བའི་བརྡའོ། །ཤེལ་གྱི་ནང་ན་འོད་ལྔ་ཡོད་པས་དེའི་རྩལ་ལས་འོད་ལྔ་མ་འདྲེས་པར་གསལ་བ་འདི་ནི། ནང་ཙིཏྟའི་དབུས་ན་རིག་པའི་འོད་ལྔ་གནས་པ་ལས་ཕྱི་རོལ་དུ་རྡོ་རྗེ་ལུ་གུ་རྒྱུད་འོད་ལྔར་སྣང་བའི་བརྡའོ། །དེ་ནས་ལྡིང་ཁྲིར་མར་མེ་སྦར་ནས་མན་ཤེལ་ལ་བལྟས་པས་གོང་འོག་གཉིས་གཉིས་སུ་སྣང་བ་མཐོང་སྟེ། འདི་ཉིད་ནི་འོད་གསལ་མ་བུ་སྣང་བའམ་སྣ་ཚོགས་སུ་སྣང་བའི་དོན་མཚོན་པའོ། །ཞེས་མཚོན་བྱེད་དཔེ་དང་སྦྱར་ལ་མཚོན་བྱའི་དོན་དབང་པོའི་མངོན་སུམ་དུ་གསལ་བ་ཉིད་ངོ་སྤྲོད་དོ། །དེ་ཡང་རྒྱུད་ལས། ཡུལ་ལ་སྣང་བའི་མཚན་ཉིད་ནི། །ནམ་མཁའ་སྔོ་བསང་རྫི་མེད་ལ། །འོད་དང་ཁ་ཏོག་དབྱིབས་ཉིད་དང་། །ཡེ་ཤེས་ལྔ་ཡི་རང་སྣང་སྟོན། །དག་པ་དབྱིངས་ཀྱི་སྒྲོན་མ་ལ། །ཐིག་ལེ་སྐུ་དང་འཁྲུལ་སྣང་དག །རང་བཞིན་མེད་ཅིང་ངོ་བོ་མེད། །གཉིས་མེད་འདུ་འབྲལ་མེད་པར་སྟོན། །འདི་དུས་ཟད་པའི་མཚན་ཉིད་ནི། །བྱ་བྲལ་ནམ་མཁའ་ཅི་བཞིན་དུ། ཞེས་པ་ལྟར་རོ།།

རིག་པ་རྐྱང་པ་རང་ཐོག་ཏུ་ངོ་སྤྲོད་པ།

མངོན་སུམ་རང་ངོ་སྤྲོད་པ།

གསུམ་པ་རིག་པ་རྐྱང་པ་རང་ཐོག་ཏུ་ངོ་སྤྲོད་པ་ལ། མངོན་སུམ་རང་ངོ་སྤྲོད་པ། གསུམ་ཚན་གསུམ་དུ་ངོ་སྤྲོད་པ། ལྔ་ཚན་བདུན་དུ་ངོ་སྤྲོད་པའོ། །དང་པོ་རིག་པ་མངོན་སུམ་རང་ངོ་སྤྲོད་པ་ནི། ཀྱཻ། སྐལ་ལྡན་སེམས་ཀྱི་བུ་མཆོག་རྣམས་ཉོན་ཅིག དེ་ཡང་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀ་ནས་དག་ཅིང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སྔར་ཁྲེགས་ཆོད་ཀྱི་ལམ་གྱིས་མཚོན་པར་བྱས་པ་དེ་ཡིན་ལ། འདིར་ལྷུན་གྲུབ་ཀྱི་ཡེ་ཤེས་འོད་གསལ་ཐོད་རྒལ་ཆེན་པོ་མངོན་སུམ་གྱི་ལམ་གྱིས་མཚོན་པར་བྱེད་པ་ཡིན་ཏེ། ཆོས་གཞན་ནས་བདེ་གཤེགས་སྙིང་པོ་དང་། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་དང་། རྒྱུའི་རྒྱུད་སོགས་སུ་བཤད་པ་དེ་ཉིད་འདིར་ནི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་ཡེ་ཤེས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ། གཞོན་ནུ་བུམ་པ་སྐུའི་བདག་ཉིད་ཅན་དུ་ཡེ་ནས་གསལ་འགྲིབ་མེད་པར་བཞུགས་པ་དེ་ཉིད། སྒོ་གསུམ་གྱི་གནད་ཀྱིས་གཞི་བཟུང་། གནད་བཞིས་མཚོན་པར་བྱས་པས། སྙིང་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔ་ལྷུན་གྲུབ་དུ་ཡོད་པ་དེ་ཉིད་རྒྱང་ཞགས་ཆུའི་སྒྲོན་མའི་ལམ་ནས་གསལ་བའི་སྣང་བ། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་ལྟ་བུ་ལ། ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མའི་གདངས། བྱད་བཞིན་དུ་ཤར་བ་ནི་འཇའ་ཚོན་ལྟ་བུའི་འོད་ཁྱིམ་དུ་སྣང་བ་འདིའོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མའི་རྟགས་འོད་ཀྱི་འཁོར་ལོར་དངས་ཤིང་གསལ་བར་སྣང་བ་འདིའོ། །དེའི་ནང་དུ་རིག་པའི་སྐུ་ཡོད་པའི་རྟགས་སུ་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བ་འདིའོ། །དེ་དང་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་དབྱིངས་རིག་འདུ་འབྲལ་མེད་པར་གནས་པ་སྟེ། ཐུགས་རྗེ་རང་བྱུང་གི་ཡེ་ཤེས་རང་གསལ་ཆེན་པོ་ཤེས་རབ་རང་བྱུང་གི་སྒྲོན་མའི་རྟགས་སུ་རང་གདངས་འོད་གསལ་གྱི་སྣང་བ་འདི་དག་ལྟོས་ལ། ཤེས་པ་རང་གསལ་སྣང་སྟོང་འཛིན་མེད་དུ་སྣང་བ་འདི་ཀའི་ངང་ལ་རྒྱུན་དུ་མཉམ་པར་ཞོག་ཅིག ཅེས་ངོ་འཕྲོད་ངེས་སུ་བསྐྱར་རོ། །དེ་ཡང་རྩ་རྒྱུད་ལས། རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །གཅེར་མཐོང་གྲོལ་བའི་བདག་ཉིད་དོ། །ཞེས་དང་། རྒྱུད་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །ཤེས་པ་ཙམ་གྱིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། ཞེས་གསུངས་པ་ལྟར་རོ། །

གསུམ་ཚན་གསུམ་དུ་ངོ་སྤྲོད་པ།

གཉིས་པ་གསུམ་ཚན་གསུམ་དུ་ངོ་སྤྲོད་པ་ལ། ཐོག་མར་ཡེ་ཤེས་གསུམ་དུ་ངོ་སྤྲོད་པ་ནི། དེ་ལྟར་རང་བྱུང་རིག་པའི་ཡེ་ཤེས་གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བ་ཉིད་སྙིང་དབུས་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱིས་མཚོན་པར་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་རྟག་ཏུ་བཞུགས་པར་ངེས་པའི་ཕྱིར། ངོ་བོ་སྟོང་པའི་ཡེ་ཤེས་ཀྱི་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ། རང་བཞིན་གསལ་བའི་ཡེ་ཤེས་ཀྱི་རྟགས་སུ་འོད་སྣ་ཚོགས་སུ་གསལ་བ། ཐུགས་རྗེ་ཀུན་ལ་ཁྱབ་པའི་ཡེ་ཤེས་ཀྱི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ་འདི་རྣམས་འོང་བ་ཡིན་ཏེ། རྒྱུད་ལས། རིན་ཆེན་ལུས་ཀྱི་གནས་དེ་ན། །ངོ་བོ་སྟོང་གསལ་སྐུ་རུ་གནས། །རང་བཞིན་གསལ་སྟོང་ཏི་ལ་འོད། །ཐུགས་རྗེ་སྣང་སྟོང་སྒྲོན་མར་གནས། ཞེས་གསུངས་སོ། །དཀོན་མཆོག་གསུམ་དུ་ངོ་སྤྲོད་པ་ནི། སེམས་ཉིད་སྤྲོས་པ་དང་བྲལ་བས་མ་འཁྲུལ་བ་གཞི་སངས་རྒྱས། བརྗོད་ཚིག་ཡི་གེ་དང་བྲལ་བ་གཉིས་མེད་དོན་གྱི་དམ་ཆོས། རང་ལུས་གཡོ་འགུལ་དང་བྲལ་བ་སྐྱེ་མེད་སྙིང་པོའི་དགེ་འདུན་ཏེ་དེ་རྣམས་རང་ལ་ཡེ་ནས་ལྷུན་གྲུབ་ཏུ་གནས་པའོ། །དེ་ཡང་ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། ཞེས་གསུངས་སོ། །སྐུ་གསུམ་དུ་ངོ་སྤྲོད་པ་ནི། ཐོག་མེད་ནས་རིག་པ་ཡེ་ཤེས་ལྔའི་རང་མདངས་ལས་གྲུབ་པའི་རང་གི་ལུས་ཅིར་ཡང་སྣང་བ་རིག་པ་སྤྲུལ་པའི་སྐུ་དང་། ངག་མ་འགགས་གསལ་བ་རིག་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཡིད་རྟོག་པ་མེད་པ་རིག་པ་ཆོས་ཀྱི་སྐུ་རུ་ཡེ་ནས་ལྷུན་གྱིས་གྲུབ་པས་ད་ཕྱིན་ཆད་ལུས་སྐུ་གསུམ་གྱི་བཞུགས་སྟངས་གསུམ་དང་། ངག་བརྗོད་དུ་མེད་པ་ཆོས་སྐུའི་ངང་དང་། སེམས་སྐྱེ་མེད་བསམ་ཡུལ་ལས་འདས་པའི་དོན་ལས་མི་འདའ་བར་བྱ་དགོས་ཏེ། རྩ་རྒྱུད་ལས། གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་ནས་བཙལ་མི་དགོས། ཞེས་སོ། །

ལྔ་ཚན་བདུན་དུ་ངོ་སྤྲོད་པ།

གསུམ་པ་ལྔ་ཚན་བདུན་དུ་ངོ་སྤྲོད་པ་ལ། སྐུ་ལྔ་ནི། ཙིཏྟ་རིན་པོ་ཆེའི་སྦུབས་ན་ཐིག་ལེ་ཡེ་ཤེས་ས་བོན་གྱི་ཆ་ཙམ་ལ་ངོ་བོ་ཀ་དག་དྲི་མེད། དེའི་རང་གདངས་སྐུ་དང་ཡེ་ཤེས་དབྱེར་མེད་བུམ་ནང་གི་མར་མེ་ལྟར་གསལ་བའི་འོད་མདངས་ནམ་མཁའི་མཐོངས་སུ་འོད་དང་ཐིག་ལེ་ལུ་གུ་རྒྱུད་གསལ་ལ་ཕྲ་བ་སྣང་བ་འདི་ཉིད་སྐུ་ལྔར་མཚོན་ན། རིག་པའི་ཡེ་ཤེས་འོད་དུ་གསལ་བ་རྣམ་པར་སྣང་མཛད། དེ་ཉིད་འཕོ་འགྱུར་མེད་པ་མི་བསྐྱོད་རྡོ་རྗེ། འོད་གསལ་འཕེལ་ཆ་དང་བཅས་པ་རིན་ཆེན་འབྱུང་ལྡན། འོད་སྣང་ཚད་མེད་པ་སྣང་བ་མཐའ་ཡས། མ་བརྩལ་རང་ལ་རྫོགས་པ་དོན་ཡོད་གྲུབ་པའི་སྐུ་སྟེ་རིགས་ལྔའི་སངས་རྒྱས་རྣམས་ཀྱི་ཞལ་མཐོང་བ་ཡིན་ལ། གསལ་ལ་དེར་འཛིན་མེད་པ་ལམ་དང་། གོམས་པ་མཐར་ཕྱིན་པ་འབྲས་བུ་ཐོབ་པ་ཡིན་ཏེ། རྒྱུད་ལས། རང་གི་རིག་རྩལ་སྐུ་ལྔར་ཤར། །རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་། །སྣང་མཐའ་དོན་ཡོད་གྲུབ་པར་ཤར། ཞེས་སོ། །ཡེ་ཤེས་ལྔ་ནི། འཁོར་འདས་སུ་མ་ཕྱེ་བའི་གོང་རོལ་ནས། རིག་པའི་ཡེ་ཤེས་ཀྱི་ཆོས་ཉིད་དྲི་མ་མེད་ཅིང་འོད་གསལ་བ་མེ་ལོང་ཡེ་ཤེས། འོད་གསལ་ངོ་བོ་གཉིས་སུ་མི་ཕྱེད་པ་མཉམ་ཉིད་ཡེ་ཤེས། བྱེ་བྲག་མ་འདྲེས་པར་གསལ་བ་སོར་རྟོགས་ཡེ་ཤེས། མ་བརྩལ་ལྷུན་གྱིས་གྲུབ་པ་བྱ་གྲུབ་ཡེ་ཤེས། ཡེ་སྟོང་རྩ་བ་བྲལ་བ་ཆོས་དབྱིངས་ཡེ་ཤེས་ཏེ་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་ལ། འོད་གསལ་གྱི་དོན་ལ་ཡེངས་མེད་ས་ལེ་བ་དང་། སྣང་བ་ཕྱོགས་ལྷུང་མེད་པ་དང་། གསལ་སྣང་འཛིན་པ་མེད་པ་དང་། དཀའ་བ་མི་དགོས་པ་དང་། བསྒོམ་མི་བསྒོམ་མེད་པའི་ངང་དུ་འཇོག་པ་ནི་ལམ། དེ་མཐར་ཕྱིན་པ་འབྲས་བུ་སྟེ། རྩ་རྒྱུད་ལས། མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་སོ། །ཞེས་སོ། །རིགས་ལྔ་ནི། འོད་གསལ་སྣང་སྟོང་ཆེན་པོའི་ངོ་བོ་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས། ཡོན་ཏན་ཕུན་སུམ་ཚོགས་པས་རིན་པོ་ཆེའི་རིགས། སྣང་བ་ལ་སྐྱོན་གྱིས་མ་གོས་པས་པདྨའི་རིགས། དེ་གོམས་པ་རྣམས་ལྷག་མེད་འགྲུབ་པས་ལས་ཀྱི་རིགས། འདི་ཉིད་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་དེ་བཞིན་གཤེགས་པའི་རིགས་ཏེ། དེའི་ངང་ལ་གོམས་པས་ལམ། མཐར་ཕྱིན་པ་འབྲས་བུ་སྟེ། རང་ཤར་ལས། དེ་བཞིན་གཤེགས་པའི་རིགས་དང་ནི། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། ཞེས་སོ། །འོད་ལྔ་ནི། འོད་གསལ་དེ་དག་དྲི་མ་མེད་པས་དཀར་པོ། ཡོན་ཏན་རྫོགས་པས་སེར་པོ། མ་བཙལ་བཞག་པས་དམར་པོ། བྱ་བ་རྩལ་རྫོགས་པས་ལྗང་གུ། མི་འགྱུར་བརྟན་པས་མཐིང་ག་སྟེ་ལྔར་གནས་ཤིང་། དེའི་ངང་ལ་གནས་པ་ལམ། མཐར་ཕྱིན་པ་འབྲས་བུ་སྟེ། རྒྱུད་ལས། རིག་པའི་ཡོན་ཏན་འོད་ལྔར་གསལ། ཞེས་སོ། །རླུང་ལྔ་ནི། འོད་གསལ་གྱི་སྣང་བ་འདི་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་དང་མཉམ་པའི་རླུང་། འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་གྱི་རླུང་། འཁོར་འདས་དངས་སྙིགས་འབྱེད་པས་འབྱེད་པའི་རླུང་། ཀུན་ལ་སྙོམ་པར་བརྡལ་བས་ཁྱབ་བྱེད་ཀྱི་རླུང་། འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདའ་བར་བྱེད་པས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་དང་ལྔ། གོམས་པ་ལམ་དང་མཐར་ཕྱིན་འབྲས་བུ་སྟེ། རང་ཤར་ལས། རིག་པ་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པའོ། །ཤེས་རབ་ལྔ་ནི། འོད་གསལ་གྱི་ཆོས་ཉིད་རྟོགས་མ་རྟོགས་ལས་འཁོར་འདས་སུ་འབྱེད་པས་འབྱེད་པའི་ཤེས་རབ། ཡེ་ཤེས་ཀྱི་རྩལ་སྣང་སྡུད་པས་སྡུད་པའི་ཤེས་རབ། ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ། གསལ་སྣང་འགྲོ་འོང་དང་བཅས་པས་བསྐྱོད་པའི་ཤེས་རབ། དེ་ཉིད་རྟོགས་ན་འཁོར་བ་ལས་སྒྲོལ་བས་སྒྲོལ་བའི་ཤེས་རབ་སྟེ་ལྔར་གནས་ཤིང་། དེ་གོམས་ཤིང་མཐར་ཕྱིན་པ་ལམ་དང་འབྲས་བུ་སྟེ། དེ་ཉིད་ལས། དེ་ཡང་རིག་པའི་ངོ་བོ་ལ། །ཤེས་རབ་རྣམ་པ་ལྔ་དང་ལྡན། ཞེས་སོ། །མཁའ་འགྲོ་ལྔ་ནི། འོད་གསལ་མཐིང་ག་སོགས་ལྔར་སྣང་བས་སངས་རྒྱས་ཊཱཀྐི་སོགས་ལྔའི་ཞལ་མཐོང་། གཏི་མུག་སོགས་ཉོན་མོངས་པ་ལྔ་དག ཆོས་དབྱིངས་ཡེ་ཤེས་སོགས་ཡེ་ཤེས་ལྔ་ལ་རེག་པར་འགྱུར་ཞིང་། དེ་ཐམས་ཅད་གཞི། སོ་སོར་གོམས་པས་ལམ། མཐར་ཕྱིན་པ་འབྲས་བུ་སྟེ། རྒྱུད་ལས། སྟོང་གསལ་རིག་པའི་ཡེ་ཤེས་ནི། མཁའ་འགྲོ་རྣམ་པ་ལྔར་གནས་སོ། །ཞེས་གསུངས་སོ། །དེ་ལྟར་ལྔ་ཚན་རྣམས་ཆབ་གཅིག་ཏུ་བསྟན་པ་ཡང་། རྒྱུད་དེ་ཉིད་ལས། རང་བྱུང་རིག་པའི་རང་རྩལ་ལས། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །རིགས་ལྔ་འོད་ལྔ་རླུང་ནི་ལྔ། །ཤེས་རབ་ལྔ་ལ་སོགས་པར་གནས། ཞེས་སོ། །མདོར་ན་དེ་ལྟར་བཞུགས་པའི་ཆོས་ཉིད་རྣམས་བློས་རྣམ་པར་བཏགས་ཤིང་རྩ་རླུང་འཛིན་རྩོལ་གྱི་རྟེན་འབྲེལ་ལས་བྱུང་བའི་སྟོང་གཟུགས་ཤེས་ཉམས་ཡིད་བྱེད་ཀྱིས་བརྟགས་པའི་བློའི་རི་མོ་ཅན་མ་ཡིན་པར། གདོད་ནས་གྲུབ་པའི་སྣང་ཉམས་ཆོས་ཉིད་མངོན་སུམ་མི་བསླུ་བའི་བདག་ཉིད་ཅན་དུ་མཐོང་བ་ཡིན་ལ། དེ་ཡང་དབྱིངས་ཀྱི་རང་བཞིན་ཀ་ནས་རྣམ་པར་དག་པ་སྟོང་གསལ་འདུས་མ་བྱས་པ་ནི་ཤེས་རབ་དང་། རིག་པའི་རང་བཞིན་ཆོས་ཉིད་འོད་གསལ་ཆེན་པོའི་སྣང་བ་ནི་ཐབས་སྟེ། ཡེ་ནས་ལྷུན་གྲུབ་ཀྱི་ངོ་བོར་སྣང་སྟོང་འདུ་འབྲལ་མེད་པའི་ཚུལ་དུ་གནས་ཤིང་། དེ་ལྟར་སྣང་བ་དེ་ཡང་ཀུན་རྫོབ་འདུས་བྱས་འཇིག་པའི་ཆོས་སུ་མེད་དེ་དོན་དམ་འདུས་མ་བྱས་པ་ཆོས་ཉིད་འགྱུར་བ་མེད་པའི་གནས་ལུགས་ཡིན་ལ། སྣང་བའི་འོད་གསལ་འདི་རྣམས་འཇིག་རྟེན་གྱི་མིག་འཕྲུལ་ལྟ་བུའང་མ་ཡིན་ཏེ། ནོར་བུ་ཕྲ་བཀོད་ལས། དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ། །རིག་པའི་རང་བཞིན་ཐབས་ཀྱི་སྐུ། །འདུ་འབྲལ་མེད་པའི་ཚུལ་དུ་གནས། ཞེས་དང་། རྩ་རྒྱུད་ལས། རིག་པའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟར་ལ། །སུས་ཀྱང་བྱས་པ་མ་ཡིན་པས། །དེ་ནི་འདུས་མ་བྱས་པ་ཉིད། །ལུ་གུ་རྒྱུད་ཀྱི་རང་བཞིན་ནོ། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །མངོན་སུམ་བརྟེན་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་དང་། སྒྲོན་མ་སྣང་བྱེད་ལས། དེ་ལྟར་སྣ་ཚོགས་ཤར་བ་དེ། །བྱས་ཤིང་གོམ་པས་བྱུང་བ་མིན། །ཡེ་ཉིད་ནས་ནི་གཞིར་གནས་པའོ། །དེ་ལྟར་གདེངས་ཚུད་རྣལ་འབྱོར་དེར། །ཤར་བས་དགའ་བའི་སེམས་མེད་དེ། །འདུག་ཚུལ་དེ་ལྟར་ཡེ་ནས་ཡིན། །རིག་གདངས་སྒྲོན་མའི་སྣང་བ་ལ། །ས་ཆུ་མེ་རླུང་འབྱུང་བའི་སྒྲས། །དེ་ཉིད་བཤིགས་པར་ནུས་པ་མིན། །ལུང་དུ་མ་བསྟན་གང་ཟག་གིས། །གསལ་སྒྲོན་མེ་ལོང་སྟོང་དག་གམ། །མིག་སྟོང་དག་གིས་བལྟས་གྱུར་ཀྱང་། །དེ་ཉིད་མཐོང་བ་མ་ཡིན་ནོ། །གྲུབ་པའི་མཐའ་དང་ལྟ་སྒོམ་གྱིས། །དེ་ཉིད་དཔྱད་ཀྱང་རྙེད་པ་མིན། །ཕྱྭ་དང་དབང་ཕྱུག་གིས་མ་བྱས། །འཇིག་རྟེན་ལྟར་སྣང་འཁྲུལ་བ་མིན། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །དེ་ཉིད་ཡེ་ནས་བསྒྲིབ་མ་ཡིན། །རང་སྣང་རང་ལ་ཤར་བ་དག །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །རྒྱུད་ལུང་མན་ངག་རྣམས་ཀྱིས་ནི། །དེ་ཉིད་བརྟགས་ཀྱང་མཐོང་བ་མིན། །དམྱལ་བ་བྱོལ་སོང་ཡི་དྭགས་དང་། །རིགས་དྲུག་སྣང་བ་དེ་རང་ཉིད། །ཆེད་དུ་བསྒྲུབ་པ་མ་ཡིན་ཏེ། །ཡེ་ནས་དེ་ལྟར་ཤར་ནས་ཡོད། །སྐྱེས་བུས་རྩོལ་བས་བྱུང་བ་མེད། །དཀྱིལ་འཁོར་དེ་ཡིན་ལྷ་དེ་རང་། །སྔགས་དང་ཕྱག་རྒྱ་མཆོད་པ་དེ། །བསྐྱེད་དང་རྫོགས་པའི་རིམ་པ་དེ། །སངས་རྒྱས་སེམས་ཅན་འཁོར་འདས་ཡིན། །དབང་དང་སྡོམ་པ་དམ་ཚ ི ག་ཡིན། །རང་གི་བླ་མ་ལྷ ་ཡང་ངོ། །ཞེས་གསུངས་པ་ལྟར་ཡེ་ནས་མ་བྱས་ཤིང་རང་བྱུང་རང་ཤར་ཆེན་པོ་སྐུ་གསུམ་འདུ་འབྲལ་མེད་པ་འོད་གསལ་གྱི་དཀྱིལ་འཁོར་ཞལ་མཐོང་བ་ཡིན་ནོ། །ཞེས་ངོ་སྤྲོད་དོ། །

སྤྲོ་བ་བསྐྱེད་པ།

གསུམ་པ་སྤྲོ་བ་བསྐྱེད་པ་ནི། འདི་ལྟར་དབྱིངས་སྣང་ཐིག་ལེའི་དབུས་སུ་རྡོ་རྗེ་ལུ་གུ་རྒྱུད་མཐོང་བ་འདི་ནི་རང་བྱུང་གི་རིག་པ་ཐིག་ལེ་ཉག་གཅིག་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་ཊཱཀྐི་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཇལ་བ་ཞེས་བྱའོ། །སྐུ་གསུམ་ཡེ་ཤེས་ལྔ་མངོན་དུ་གྱུར་པ་ཞེས་བྱའོ། །ལས་དང་བག་ཆགས་སྡིག་སྒྲིབ་མ་རིག་པ་ཐམས་ཅད་དག་པ་ཞེས་བྱའོ། །ཉོན་མོངས་པ་ཆོས་ཉིད་དུ་ཤར་བ་ཞེས་བྱའོ། །ལས་དང་སྐལ་བ་ལྡན་པ་ཞེས་བྱའོ། བསོད་ནམས་ཀྱི་ཚོགས་རྫོགས་པ་ཞེས་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་དབང་དུས་གཅིག་ལ་ཐོབ་པ་ཞེས་བྱའོ། །རིག་པ་རྩལ་གྱི་དབང་ཆེན་པོ་ཐོབ་པ་ཞེས་བྱའོ། །དེ་ཐོབ་པས་སངས་རྒྱས་སུམ་སྟོང་གི་ཞལ་མཐོང་། མངལ་གྱི་གྲོང་ཁྱེར་དུ་འཇུག་པའི་རྒྱུན་ཆད་པས་ཐར་བའི་ལམ་སྣ་ཟིན་པ་ཡིན་ནོ། །རིག་པ་རྡོ་རྗེ་ལུ་གུ་རྒྱུད་མཐོང་བའི་གང་ཟག་དེ་ངན་སོང་དུ་རྡོག་པས་ཕུལ་ཡང་མི་འགྲོའོ། །དེས་ན་འདི་མཐོང་བ་དང་། འདི་དང་འཕྲད་པས་ཆོག་པའོ། །འདི་ལྟ་བུའི་ཆོས་ཉིད་རིག་པ་མངོན་སུམ་གྱི་དོན་མཐོང་བ་ནི་ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པ་ཞེས་བྱ་སྟེ། དུས་དེ་རིང་ནས་ཀུན་ཏུ་བཟང་པོ་རིགས་ལྔའི་སངས་རྒྱས་དང་ཁྱོད་ལ་ཁྱད་པར་རྡུལ་ཙམ་ཡང་མེད་དོ། །དེ་ཡང་གསང་བ་སྤྱོད་པ་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་མཉམ་པ་ཁོ་ནའོ། །ཞེས་གསུངས་པས་དེ་རིང་ཁྱོད་ཀྱིས་རྙེད་པ་ཆེན་པོ་ལེགས་པར་རྙེད་པ་ཡིན་ནོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་ས་བཅུ་རིམ་གྱིས་བགྲོད་པས་ཀྱང་། དེ་བཞིན་གཤེགས་པའི་ཁམས་ཀྱི་ཡོན་ཏན་མཐའ་དག་མངོན་དུ་མཐོང་བ་མིན་ཕྱིར་སྤྲོ་བས་འཇུག་པ་གལ་ཆེ་སྟེ། ནོར་བུ་ཕྲ་བཀོད་ལས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་བལྟ་བར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་དང་མ་འབྲལ་ཤིག ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་འདུག་ཚུལ་ལ་ལྟོས་ཤིག གསང་བའི་ཡེ་ཤེས་ཐམས་ཅད་ལ་མཁས་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཟེར་ལ་ལྟོས་ཤིག ལྟ་སྒོམ་སྤྱོད་པ་གསུམ་འདུ་འབྲལ་མེད་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་མ་ཡེངས་ཤིག ཆོས་ཐམས་ཅད་ཀྱི་གཞལ་ཡས་ཁང་འཛིན་པར་འདོད་ན་དབྱིངས་དང་རིག་པའི་དོན་ཁོང་དུ་ཆུད་པར་གྱིས་ཤིག རྡོ་རྗེ་སེམས་དཔའི་གདུང་འཛིན་པར་འདོད་ན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དང་མ་འབྲལ་ཞིག ཅེས་གསུངས་པས། དེའི་ཕྱིར་འདུན་པ་ཞེ་སྡང་གཏི་མུག་རྣམས་ཀྱིས་འགྲོ་བའི་སྐྱབས་འགྲོ་ཉི་ཚེ་བ་ཙམ་མ་ཡིན་པར་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་དང་མི་འབྲལ་བའི་ངང་ནས། མངོན་སུམ་རིག་པའི་སྣང་བ་ཉམས་སུ་བླངས་པ་ཉིད་སངས་རྒྱས་པའི་ཆོས་ཁམས་དཀོན་མཆོག་གསུམ་ལ་བླ་མར་བྱ་བ་ནས། རྒྱུད་སྡེ་རྒྱ་མཚོའི་དེ་ཉིད་ཡོངས་སུ་རྫོགས་པའི་བར་གྱི་ལམ་དང་འབྲས་བུའི་ཆོས་ཀུན་མངོན་དུ་བྱས་པ་ཡིན་པར་གསུངས་པས། དུས་དེ་རིང་ནས་སྣང་བ་བཞིའི་ཡོན་ཏན་མཐར་ཐུག་པའི་ཉམས་ལེན་ལ་བརྩོན་པར་བྱས་ཏེ། ཆོས་ཉིད་ཟད་པའི་བྱང་ཆུབ་ལ་རྟེན་འདིར་མྱུར་དུ་རེག་པར་གྱིས་ཤིག ཅེས་སྤྲོ་བ་བསྐྱེད་དོ། །

རྣལ་འབྱོར་བཞིས་ཉམས་སུ་བླང་པ།

ཉམས་སུ་བླང་བ་དངོས།

ལྟ་བའི་རྣལ་འབྱོར།

བཞི་པ་རྣལ་འབྱོར་བཞིས་ཉམས་སུ་བླང་པ་ལ། དངོས་དང་། ཐུན་གྱི་རྣལ་འབྱོར་རོ། །དང་པོ་ཉམས་སུ་བླང་པ་དངོས་ལ་ལྟ་སྒོམ་སྤྱོད་འབྲས་བཞི། དེའི་དང་པོ ་ལྟ་བའི་རྣལ་འབྱོར་ལ་ཡང་། བལྟ་བྱ་བལྟ་བྱེད་ལྟ་བའི་ཆོས་ཐམས་ཅད་ངོ་བོ་ཅིར་ཡང་ མ་གྲུབ་པའི་སྟོང་ཉིད། རང་བཞིན་རང་མདངས་འོད་དུ་གསལ་བ། ཐུགས་རྗེ་མ་འགགས་གང་ཤར་རང་སར་གྲོལ་བ་ཉིད་ནི་ལྟ་བའི་ངོ་བོ་ཡིན་ལ། འཁོ ར་འདས་ཀྱི་ཆོས་ཐམས་ཅད་དབང་པོས་མངོན་སུམ་དུ་མཐོང་བས་ལྟ་བ་ཞེས་བྱ་སྟེ། དབྱེ་ན་ཆོས་ཅན་སྤྱིའི་ལྟ་བ་དང་། ཆོས་ཉིད་རང་གི་ལྟ་བའོ། །སྤྱིའི་ལྟ་བ་ནི། ཐེག་དགུ་སོ་སོའི་འདོད་ལུགས་ཐ་དད་པ་རྣམས་ཡིན་ལ། རང་གི་ལྟ་བ་ནི། ཕྱི་ཚོགས་དྲུག་གིས་བསྡུས་པའི་ཡུལ་སྣང་ལ་བལྟས་པས་སྣང་ལ་རང་བཞིན་མེད་པ་རྒྱ་མཚོར་གཟའ་སྐར་ལྟ་བུ། ནང་ཆོས་ཉིད་སྟོང་པའི་ངོ་བོ་ལ་བལྟས་པས་ཐམས་ཅད་རང་བཞིན་མ་གྲུབ་པ་ནམ་མཁའི་དཀྱིལ་ལྟ་བུ། གསང་བ་རིག་པ་ལ་བལྟས་པས་ཡིད་དཔྱོད་དུ་མ་ལུས་པར་དབང་པོས་མཐོང་ཞིང་རྟོགས་པ་སྟེ་བྱར་མེད་ཡོངས་རྫོགས་ཀྱི་ལྟ་བ་ཞེས་བྱའོ། །དེ་ཉམས་སུ་ལེན་པའི་ཚུལ་ནི། ཕྱི་ཡུལ་སྣང་ལ་བལྟས་པས་ཅིར་སྣང་རྨི་ལམ་དང་སྒྱུ་མ་ལྟ་བུར་མཐོང་ནས་འཁྲུལ་བ་མ་སྤང་གནས་སུ་དག་ཅིང་ཉོན་མོངས་པ་རང་སར་གྲོལ། ནང་འགྱུ་དྲན་གྱི་སེམས་ལ་བལྟས་པས་རྟོག་ཚོགས་བར་སྣང་གི་ན་བུན་ལྟར་རང་ཡལ་དུ་སོང་། གསང་བ་ཆོས་ཉིད་འོད་གསལ་ལ་བལྟས་པས་ངང་ལ་མཉམ་ལ་འཇོག་པའི་འཛིན་པ་མིང་ཙམ་ཡང་མེད་དེ། ཀ་དག་གི་ངང་ལ་ཟད། ཡང་གསང་རིག་པ་མངོན་སུམ་གྱི་ངོ་བོ་ལ་མ་ཡེངས་པར་བལྟས་པས་ཡིད་དཔྱོད་ཀྱི་ལྟ་བ་ལས་རང་གྲོལ་བའོ། །དེ་ལྟར་ལྟ་བ་འདིའི་རྣལ་འབྱོར་པ་རྣམས་ཐེག་པ་གཞན་གྱི་དོན་རྣམས་ཀྱང་མཐོང་ཞིང་གྲོལ་བ་སྟེ། རྩ་རྒྱུད་ལས། ལྟ་བའི་ངོ་བོ་མཐོང་བ་ལ། །ཡིད་དཔྱོད་ཚིག་གིས་འགྱུ་བ་མེད། ཅེས་དང་། ཆོས་ཉིད་དབང་པོས་མངོན་མཐོང་བ། །ལྟ་བ་ཞེས་ནི་དེ་ལ་བྱ། ཞེས་དང་། སྒྲོན་མ་སྣང་བྱེད་ལས། ལྟ་བ་རྣམ་པ་གཉིས་ཡིན་ཏེ། །ཆོས་ཅན་ལྟ་དང་ཆོས་ཉིད་ལྟ། །ཨ་ནུ་མན་ཆད་རང་འདོད་པས། །ཆོས་ཅན་ཉིད་ལ་ལྟ་ལྟ་ནས། །ཆོས་ཉིད་དོན་ལ་ཐུག་རེག་མེད། །ཨ་ཏི་རྣམ་པ་ཁ་ཅིག་གིས ། །འདི་ཉིད་ཕྱོགས་ཙམ་མཐོང་བ་མེད། །རྫོགས་པ་ཆེན་པོ་ཐིག་ལེའི་སྐོར། །ཕྱི་དང་ནང་དང་གསང་བས་ཀྱང་། །འདི་ཉིད་དོན་ལ་རེག་པ་མེད། །དེ་ཕྱིར་གསང་ཆེན་མན་ངག་ནི། །ལྟ་ཉིད་ཤིན་ཏུ་གསང་བའོ། །བྱས་པ་མེད་པའི་ལྟ་བ་ལ། །བལྟ་བྱེད་མེད་པའི་མིག་གིས་མཐོང་། ཞེས་དང་། རྒྱུད་ལས། ཕྱི་ནང་གསང་བ་ཐམས་ཅད་ཀྱང་། །ངོ་བོ་ཉིད་དུ་མཐོང་ཞིང་རྟོགས། །ཞེས་དང་། ཡི་གེ་མེད་པ་ལས། ལྟ་བ་མེད་པས་དེ་ལ་བལྟ་རྒྱུ་མེད། །ལྟ་བ་བྱར་མེད་ངང་དུ་ཤེས་པར་བྱ། །དེ་ལྟར་གཉིས་མེད་ལྟ་བའི་དོན་རྟོགས་ན། །ལྟ་བའི་དོན་ལ་ལྟ་བ་ངང་གིས་མེད། །དེ་ཡོད་མ་ཡིན་མེད་པ་མ་ཡིན་པས། །འོད་གསལ་དེ་ཡི་ངང་དུ་གནས་པར་བྱ། ཞེས་དང་། སེང་གེ་རྩལ་རྫོགས་ལས། སངས་རྒྱས་ཀུན་གྱི་ལྟ་ཕུག་ནི། །དབྱིངས་རིག་གཉིས་ལས་མ་འདས་སོ། །ཞེས་དང་། སྒྲོན་མ་སྣང་བྱེད་ལས། དཔེར་ན་རི་རྒྱལ་རྩེར་ཕྱིན་ན། །དམའ་བའི་རི་རྣམས་མཐོང་བ་བཞིན། །འོག་མའི་རྒྱུད་དོན་ཇི་བཞིན་མཐོང་། །འོག་མས་གོང་མ་མཐོང་བ་མེད། ཅེས་སོ། །མདོར་ན་འོད་གསལ་གྱི་ངོ་བོ་སྟོང་ཉིད། རང་བཞིན་གསལ་བ། ཐུགས་རྗེ་འགགས་མེད་དུ་འཆར་བ་ནི་མཉམ་བཞག་གི་ལྟ་བ་དང་། སྣང་སྲིད་སྣ་ཚོགས་སུ་སྣང་བ་འདི་དག་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟར་རྟོགས་པ་ནི་རྗེས་ཐོབ་ལ་ལྟ་བ་སྟེ། བརྩོན་འགྲུས་རབ་ལྷག་མེད། འབྲིང་བར་དོ། ཐ་མ་སྤྲུལ་སྐུའི་ཞིང་དུ་སངས་རྒྱས་པར་ཡང་། ཉི་ཟླ་ཁ་སྦྱོར་ལས། རབ་ལ་སྐྱེ་གཉིས་མི་དགོས་ཏེ། །འབྲིང་པོ་སྐྱེ་གཉིས་མཚམས་སུའོ། །ཐ་མ་རྣམས་ནི་དབུགས་ཕྱུང་སྟེ། །སྤྲུལ་པ་པོས་ནི་རང་རྒྱུད་གྲོལ། ཞེས་གསུངས་སོ། །

སྒོམ་པའི་རྣལ་འབྱོར།

གཉིས་པ་སྒོམ་པའི་རྣལ་འབྱོར་ལ། སྒོམ་བྱ་བྱར་མེད་ཀྱི་ལྟ་བ། སྒོམ་བྱེད་ཡིད་ཤེས་རྒྱུན་ལྡན། ཐབས་བཞུགས་སྟངས་སོགས་དང་བཅས་པ་ནི་སྒོམ་པའི་ངོ་བོ་དང་། ངོ་བོ་དེ་ལྡན་གྱི་བསམ་གཏན་ལ་རྒྱུན་དུ་གནས་པ་སྒོམ་པ་ཞེས་བྱ་སྟེ། དབྱེ་ན་ཐབས་དང་། ཤེས་རབ་དང་། ཐབས་ཤེས་དབྱེར་མེད་ཀྱི་སྒོམ་པའོ། །སྔ་མ་དག་གཏུམ་མོ་དང་ཐབས་ལམ་སོགས་མཐའ་ཡས་པའོ། །འདིར་གོང་གི་ལྟ་བའི་དོན་དབྱིངས་རིག་ཐབས་ཤེས་ཟུང་འཇུག་སྟོང་གསལ་འཛིན་མེད་ཀྱི་ངང་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་སྟེ་བར་དུ་ལེ་ལོ་མི་ཚུད་པས་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ཞེས་བྱའོ། །དེ་ཉམས་སུ་ལེན་ཚུལ་ནི། ཐུན་དུ་བཅད་ལ་ལེ་ལོ་དང་སྙོམ་ལས་མེད་པར་ཐུན་མགོ་ཀུན་ལ་སེམས་བསྐྱེད་དང་། ཐུན་དངོས་ལ་དམིགས་མེད་ཡེངས་མེད། ཐུན་མཇུག་ལ་བསྔོ་བས་རྒྱས་འདེབས་པ་སྟེ། མདོར་ན་མཉམ་བཞག་ཏུ་ལྟ་བ་དེ་ལས་མ་གཡོས་པ་གསལ་སྟོང་འཛིན་མེད་དང་། རྗེས་ཐོབ་རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་ལེན་པའོ། །དེ་ཡང་རྒྱུད་ལས། སྒོམ་གྱི་ངོ་བོ་ཐབས་ཡིན་ཏེ། །བསྒོམ་བྱ་སྒོམ་བྱེད་ཐབས་ཀྱི་བསྒོམ། ཞེས་དང་། སྒོམ་གྱི་ངེས་ཚིག་གནས་པའི་ཕྱིར། ཞེས་དང་། ཟུང་འཇུག་ཐབས་ཀྱི་སྒོམ་པ་དང་། །ཤེས་རབ་ཉིད་ཀྱི་སྒོམ་པ་དང་། །ཐབས་ཤེས་གཉིས་མེད་སྒོམ་པའོ། །དེ་ནི་སྒོམ་པ་མཆོག་ཏུ་ཟབ། ཅེས་དང་། ལྟ་བ་དེ་ཉིད་དོན་ལ་སྒོམ་ཞེས་བྱ། །ཉིན་མཚན་ཆོས་ཀྱིས་འདའ་ཕྱིར་ཁ་སྦྱོར་ཉིད་དུ་སྒོམས། ཞེས་དང་། ལེ་ལོ་སྙོམ་ལས་སྤངས་བྱས་ལ། །རྒྱུན་དུ་སྒོམ་ལ་གནས་པར་བྱ། ཞེས་དང་། སྟོང་གསལ་ཡིད་གཉིས་སྒོམ་དང་བྲལ། །བསྒོམ་པ་ཀུན་གྱི་མཆོག་ཡིན་ནོ། །ཞེས་སོ། །

སྤྱོད་པའི་རྣལ་འབྱོར།

གསུམ་པ་སྤྱོད་པའི་རྣལ་འབྱོར་ལ། བདེ་སྡུག་མ་སྤངས་རོ་སྙོམས་ཤིང་ལྟ་སྒོམ་ལ་བོགས་འདོན་པ་སྤྱོད་པའི་ངོ་བོ་དང་། ཐམས་ཅད་རང་རིག་རང་ཤར་རང་གྲོལ་དུ་ཤེས་པས་སྣང་བ་གང་ཤར་དགག་སྒྲུབ་མེད་པར་སྤྱོད་པས་ན་སྤྱོད་པ་ཞེས་བྱའོ། དབྱེ་ན་གསུམ་སྟེ། ཐ་མལ་ལས་ལྡོག་པའི་སྤྱོད་པ་ནི། ཆོས་སྤྱོད་མངོན་པར་རྟོགས་པའི་རྒྱུད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དོན་སེམས་པ་དང་སྒོམ་པ་བཅུ། །འདི་བཅུ་ཆོས་ཀྱི་སྒོ་མོ་ཡིན། །འདྲེན་པ་རྣམས་ཀྱི་གཤེགས་ཤུལ་ཡིན། ཞེས་སོ། །འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ཡང་སྔར་གྱི་དེའོ། །འདིར་བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་ནི། ལྟ་སྒོམ་ངོ་འཕྲོད་དེ་བོགས་འདོན་པའི་ཕྱིར་ཆགས་ཅན་ཡིན་ན་གྲོགས་ལས་རྒྱ་དང་། ཆགས་བྲལ་ཉམས་མྱོང་གི་ཕྱག་རྒྱ་དང་འགྲོགས་ནས་སྤྲང་པོའམ་རི་དྭགས་རྨས་མའི་ཚུལ་གྱིས་དུར་ཁྲོད་དམ་ལུང་སྟོང་དུ་རྒྱུ་ཞིང་བུང་བ་ལྟ་བུ་དང་། རི་དྭགས་དང་། ལྐུགས་པ་དང་། ཐི་བྱ་དང་། སྨྱོན་པ་དང་། སེང་གེ་དང་། ཁྱི་ཕག་ལྟ་བུའི་སྤྱོད་པ་བདུན་པོ་དབང་པོའི་རིམ་པ་དང་མཚམས་པར་སྤྱོད་པ་ལ་བརྟུལ་ཞུགས་དབང་བསྒྱུར་གྱི་སྤྱོད་པ་ཞེས་བྱའོ། དེ་ཉམས་སུ་ལེན་ཚུལ་ནི། རང་གི་རྒྱུད་ཚོད་དང་བརྟུན་ཏེ་ལས་དང་པོ་པས་ཐོས་བསམ་འཚོལ་བ་ལ་ཞུགས་པ་བུང་བ་ལྟ་བུ་ནས་བདེ་སྡུག་དང་བཟང་ངན་རོ་སྙོམས་པ་རྣལ་འབྱོར་དབང་ཕྱུག་གི་སྤྱོད་པའི་བར་རྣམ་པ་བདུན་པོ་ཤུགས་འབྱུང་འགག་མེད་རྐྱེན་ཐོག་ཏུ་སྤྱོད་པ་སྟེ། རྒྱུད་ལས། སྤྱོད་པའི་ངོ་བོར་རོ་སྙོམས་ཤིང་། །རང་ཤར་རང་གྲོལ་ལམ་དུ་སྤྱད། ཅེས་དང་། རང་ཤར་ལས། བྱས་པ་མེད་པའི་སྤྱོད་པ་ཉིད། །རང་བྱུང་མ་བཅོས་བཅོས་བསླད་མེད། །སྤྱོད་པ་ཆེ ན་པོ་དེ་ཡིན་ནོ། །ཞེས་དང་། རྒྱུད་ལས། སྤྱོད་པའི་གྲངས་ནི་བདུན་དུ་བསྡུ། ཞེས་དང་། སྤྱོད་པ་བརྟུལ་ཞུགས་དབང་བསྒྱུར་ཉིད། ཅེས་དང་ཉི་ཟླ་ཁ་སྦྱོར་ལས། བུང་བ་ལྟ་བུའི་སྤྱོད་པ་ཡིས། །ཆོས་རྣམས་ཀུན་གྱི་རོ་མྱོང་བྱ། །རི་དྭགས་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་བའི་རྐྱེན་གྱུར་ཡུལ་རྣམས་སྤང་། །ལྐུགས་པ་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་བའི་ངག་ནི་རྣམ་པར་སྤང་། །ཐི་བྱ་ལྟ་བུའི་སྤྱོད་པ་ཡིས། །གསང་བ་ཐབས་ཀྱི་ཐེ་ཚོམ་གཅོད། །སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གཅིག་ཏུ་གནས་པའི་ཡུལ་རྣམས་སྤང་། །སེང་གེ་ལྟ་བུའི་སྤྱོད་པ་ཡིས། །འཇིགས་པའི་སེམས་སྤང་དུར་ཁྲོད་རྒྱུ། །ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས། །གཙང་དང་སྨེ་བའི་རྣམ་རྟོག་སྤང་། ཞེས་གསུངས་སོ། །

འབྲས་བུའི་རྣལ་འབྱོར།

བཞི་པ་འབྲས་བུའི་རྣལ་འབྱོར་ལ་ཡང་། བཙན་ས་ཟིན་ཏེ་མི་ལྡོག་པ་འབྲས་བུའི་ངོ་བོ་དང་། གཞི་ཉིད་ལམ་གྱིས་སྨིན་པས་འབྲས་བུ་ཞེས་བྱ་སྟེ། དབྱེ་ན་གཉིས་ལས། གནས་སྐབས་ཀྱི་འབྲས་བུ་ནི་ལམ་དུས་སུ་ཐུན་མོང་དུ་སྨིན་པ་རྣམས་སོ། །མཐར་ཐུག་གི་འབྲས་བུ་ནི། སྒོ་གསུམ་གྱི་ལས་དང་བག་ཆགས་ཉོན་སྒྲིབ་ཐམས་ཅད་སྦྲུལ་མདུད་ལྟར་རང་ཤར་རང་གྲོལ་དུ་སོང་བ་སྟེ། དེ་ལ་རྣམ་དག་ལྷུན་གྲུབ་གྱི་འབྲས་བུ་ཞེས་བྱའོ། །དེ་ཉམས་སུ་ལེན་ཚུལ་ནི། རིག་པ་ཉིད་གང་སྣང་གང་ཤར་གྱི་སྟེང་དུ་བཞག་པས། གོམས་པ་ཀློང་དུ་གྱུར་ནས་སྣང་སྟོང་འོད་གསལ་གྱི་འཆར་ཚུལ་ལ་དགག་སྒྲུབ་རེ་དོགས་དང་བྲལ་བའི་གནས་ལུགས་གདངས་སུ་གྱུར་ཏེ་མྱུར་དུ་བརྟན་པ་ཐོབ་པའོ། །དེ་ཡང་རྒྱུད་ལས། འབྲས་བུ་ཞེས་བྱ་བཙན་ས་ཟིན། །རྒྱལ་པོ་གདན་ས་ཟིན་པ་ལྟར། །མི་འགྱུར་ལྡོག་པ་མེད་པའོ། །ཞེས་དང་། སྨིན་པ་འབྲས་བུ་ཞེས་བྱའོ། །ཞེས་དང་། འབྲས་བུ་དབྱེ་ན་གཉིས་སུ་འདུས། གནས་སྐབས་དང་ནི་མཐར་ཐུག་གོ །ཞེས་དང་། འབྲས་བུ་སྨིན་ཚུལ་བསྟན་པ་ནི། །རྐྱེན་གྱིས་མི་འཇིག་ལྡོག་པ་མེད། ཅེས་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ལས་ཕྱིར་མི་ལྡོག་པར་ཤེས་པར་གྱིས་ཤིག ཅེས་སོགས་གསུངས་སོ། །

ཐུན་གྱི་རྣལ་འབྱོར།

གཉིས་པ་དེ་འབྲེལ་རྒྱུན་གྱི་རྣལ་འབྱོར་ནི། རྒྱུད་ལས། དགེ་སྦྱོར་སྲང་དུ་གཞུག་པའི་ཕྱིར། །ཐུན་བཞིའི་རྣལ་འབྱོར་ཉིད་ལ་བསླབ། ཅེས་གསུངས་པ་ལྟར། ཐོ་རངས་དང་། སྔ་དྲོ་དང་། ཕྱི་དྲོ་དང་། སྲོད་དེ་ཐུན་བཞིར་བྱས་ལ། སྤྲོས་པ་ཅན་རྣམས་ཀྱིས་ཐོ་རངས་ཀྱི་ཐུན་ཆ་གསུམ་དུ་བགོས་པའི་དང་པོར་བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་བ་བཏབ། བར་བ་ལ་ཁྲེགས་ཆོད་བསྒོམ། ཐ་མ་ལ་བདེ་སྟོང་དང་གཏུམ་མོ་བསྒོམ། སྔ་ཐུན་ལ་གསུམ་གྱི་དང་པོར་ནམ་ལངས་ནས་ཉི་རྩེ་ཤར་བར་འདོན་ཟློས་དང་དཔེ་ལྟ་བ་སོགས་བྱ། དེ་ནས་གུང་བར་ཐོད་རྒལ་བསྒོམ། གུང་ལ་ཕྱག་སྐོར་དང་སྐྱོ་སངས་ཅུང་ཟད་བྱ། ཕྱི་ཐུན་ལ་གཉིས་ཀྱི་དང་པོ་ཕྱི་དྲོ་ཡང་ཐོད་རྒལ་ལ་གནས་ཤིང་དགོང་མོ་གཏོར་བསྔོ་དང་ཆོས་སྤྱོད་རླུང་འཛིན་བྱ། སྲོད་ཐུན་ལ་གསུམ་གྱི་དང་པོ་འཆི་བ་མི་རྟག་པ་བསྒོམ། བར་བ་བསྐྱེད་རིམ་དང་བཟླས་པ་བྱ། གུང་ཐུན་ལ་གཉིད་འོད་གསལ་དུ་སྦའོ། །ཡང་ན་སྤྲོས་པ་མེད་པའི་གང་ཟག་གིས་ཉིན་མོའི་སྔ་ཐུན་དང་ཕྱི་ཐུན་ལ་ཐོད་རྒལ་བསྒོམ་སྟེ། དེ་ཡང་སྔ་དྲོ་དང་ཕྱི་དྲོ་ཟེར་གཉིས་ལ་བསྒོམ་ཞིང་ཉིན་པར་ལུ་གུ་རྒྱུད་ལ་སྦྱངས། མཚན་མོའི་ཐུན་གཉིས་ལ་ལུས་གནད་ཙོག་པུས་ལག་སོར་གྱིས་མིག་གཉིས་བཀབ་ཏེ་རྗིད་མེད་པར་དལ་བུས་ཅུང་ཟད་མནན་པས་སྨིན་མཚམས་ཀྱི་ཐད་ཀའི་ནམ་མཁར་འོད་ལྔའི་ཐིག་ལེ་རྨ་བྱའི་མདོངས་ལྟར་བཀྲ་བ་ལ་ཤེས་པ་གཏད་དེ་ཅི་ནུས་སུ་བསྒོམ། སྲོད་ཀྱི་ཐུན་མཇུག་ཏུ་དྲང་སྲོང་གི་འདུག་སྟངས་ཀྱིས་དབང་པོ་གནད་དུ་བསྡུ་བ་ནི། ལྟེ་བར་པདྨ་འདབ་བཞིའི་སྟེང་དུ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་ལས་མེ་འབར་བས་དབུ་མ་ནས་སྤྱི་བོའི་ཧཾ་ལ་ཕོག་པས་ཐིག་ལེ་ལས་ཐིག་པ་བབས། མེ་ཡི་གསོས་བྱས་ཏེ་ཤིན་ཏུ་འབར། ལས་དང་བག་ཆགས་བསྲེགས། ཐབས་ཤེས་དཀར་དམར་འཕྲད་པས་བདེ་བ་རྒྱས་པ་ན་བདེ་སྟོང་གི་ངང་ལ་བཞག དགུང་ལ་གླང་པོའི་འདུག་སྟངས་ཀྱིས་ཤེས་པ་བུམ་པར་བསྡུ་བ་ནི། སྙིང་ནང་དུ་ཨ་དཀར་པོ་གསལ་ལ་འཚེར་བ་གཅིག་དང་། ཚངས་བུག་ཏུ་ཨ་དཀར་པོ་གསལ་ལ། དེ་གཉིས་ཀྱི་བར་ལ་དབུ་མའི་ལམ་ནས་ཨ་དཀར་ཕྲ་མོ་ཤེལ་ཕྲེང་བརྒྱུས་པ་ལྟར་བྱུང་བ་རེ་རེ་ནས་སྙིང་ཀའི་ཨ་ལ་ཐིམ་པའི་རྐྱེན་གྱིས། འོད་དཀར་གྱིས་རྩ་དང་ལུས་ཀྱི་ནང་ཐམས་ཅད་གང་ཞིང་གསལ་བར་བསྒོམ་པ་ནི་གཉིད་འོད་གསལ་གྱི་སྦུབས་སུ་སྦ་བ་སྟེ་གཏི་མུག་མ་སྤང་རང་གྲོལ་གྱི་གནད་དོ། །ཐོ་རངས་ལངས་མ་ཐག་ཏུ་ཧ་ཞེས་དབུགས་རིང་གསུམ་བུས་ལ། སེང་གེའི་འདུག་སྟངས་ཀྱིས་རིག་པ་གསལ་འདོན་པ་ནི། སྤྱི་བོའི་ཐད་གཞུ་གང་ཙམ་གྱི་ནམ་མཁར་སྙིང་གའི་ཨ་ལས་ཨ་དཀར་པོ་གཉིས་པ་ཞིག་ཆད་དེ་གསལ་སེང་ངེ ་འདུག་པ་ལ་སེམས་བཟུང་བས་གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀ་དག་གདོད་མའི་གནས་ལུགས་འཆར་ཞིང་ཤེས་པར་འགྱུར་རོ། །དེ་བཞིན་དུ་པཎ་ཆེན་བི་མ་ལའི་མན་ངག་བསམ་གཏན་བཞི་དང་། འགོག་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་སྐྱེ་བའི་ཡན་ལག་རླུང་ལྔའི་ཁམས་རང་སར་ཟད་པར་བྱེད་ཕྱིར། ཨ་དམར་པོ་ལྔ་བརྩེགས་དང་། བཞི་བརྩེགས་དང་། ལྗང་གུ་སུམ་བརྩེགས་དང་། སེར་པོ་གཉིས་བརྩེགས། མཐིང་ག་རྐྱང་པ་རྣམས་རིམ་པར་བསྒོམ་པས་ཨ་སྐྱེ་མེད་ལ་གནས་པས་རྟོག་དཔྱོད་མེ་དང་། དགའ་བདེའི་ཉམས་ཆུ། དྲན་རྟོག་རླུང་། དྲན་གཉེན་ས་འདྲ་བ་དང་། སྤང་གཉེན་རང་གི་ངོ་བོ་ཆ་དང་བཅས་པ་དག་པར་བྱེད་དེ། སྒྲོན་མ་སྣང་བྱེད་ལས། སྒོམ་པའི་མན་ངག་རིམ་ལྟ་བུ། །ཉིན་མཚན་ཁ་སྦྱོར་རིམ་ཐོབ་བཞིན། ཞེས་དང་། ཟབ་དོན་སྙིང་པོ་ལས། སྔ་དྲོ་ཕྱི་དྲོ་ཟེར་ལ་སྦྱང་། །ཉིན་པར་ལུ་གུ་རྒྱུད་ལ་སྦྱང་། ཞེས་དང་། སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་གསུམ། །སྲོད་དང་ནམ་གུང་ཐོ་རངས་ཀྱི། །དམིགས་པ་གསུམ་དང་རིམ་པར་སྦྱར། །དེ་ལྟར་ཉིན་མཚན་བརྩོན་བྱེད་པས། །གྲོལ་བར་འགྱུར་བ་ཐེ་ཚོམ་མེད། ཅེས་སོ། །གཞན་ཡང་སྤྲོ་ན་སྐབས་འདི་རྣམས་སུ་ཡན་ལག་གི་འདུག་སྟངས་བདུན་དང་། ལྟ་སྟངས་བཞི་སོགས་ལའང་བསླབ་པར་གསུངས་པས་དེ་ཡང་འདུག་སྟངས་ནི། ཁྱུང་དང་སྟག་སྐྱུག་སྐྱེས་བུ་དང་། །ཝ་དང་བྱ་རྒོད་གྱད་དང ་དྲུག །ཆུ་སྲིན་འདུག་སྟངས་ལུས་གནད་བདུན། ཞེས་པའི་ཁྱུང་གི་འདུག་སྟངས་ནི། རྐང་མཐིལ་གཉིས་སྤྲད་ལུས་དྲང་པོར་བསྲང་། རྡོ་རྗེའི་ཁུ་ཚུར་གཉིས་བརླ་སྟེང་ཕབ། མཇིང་པ་ཅུང་ཟད་བཀུགས། མིག་སྨིན་ཕྲག་གི་མཁའ་ལ་བལྟ་སྟེ་ཉམས་སུ་བླང་ངོ། །སྟག་སྐྱུག་གི་ནི། རྐང་པ་སྔར་ལྟར། རྡོ་རྗེ་ཁུ་ཚུར་གསང་བར་ཕབ། ལྟག་རྩ་འཐེན། མགྲིན་པ་དགུག མིག་སྨིན་ཕྲག་དུ་སྒྲིལ་ཏེ་ཐད་སོར་ལྟ་ཞིང་ངོ། །སྐྱེས་བུའི་ནི། ལུས་ཙོག་པུ་ལག་གཉིས་བར་ལྷུ་ལ་འཁྱུད། མཇིང་པ་བག་ཙམ་བཏེགས། ནམ་མཁར་ཧྲ ི ག་པོར་བལྟས་ལའོ། །ཝའི་ནི། རྐང་པ་དྲང་སྲོང་ལྟ་བུ་ལ། རྡོ་རྗེའི་ཁུ་ཚུར་གཞོག་གཉིས་སུ་ཕབ། དཔུང་པ་བརྒྱང་ཞིང་འཐེན། རྒལ་ཚིག་བསྲང་། མིག་ཅུང་ཟད་ཟིམ་བུས་གཡས་གཡོན་གྱི་ཟུར་ལ་ཁྲིད་དེའོ། །རྒོད་ཀྱི་ནི། རྐང་པ་རྡོ་རྗེའི་འདུག་སྟངས་ཅུང་ཟད་མདུན་དུ་བསྐྱང་། ཁུ་ཚུར་གྱིས་དཔྱི་མགོའི་རྩར་བཙུགས་ལ་རྒལ་ཚིག་བསྲང་། ལྟག་རྩ་འཐེན། ཤིན་ཏུ་ཟིམ་བུས་ཟུར་གཉིས་ལ་ལུག་རྒྱུད་ལྡིང་ཐབས་སུ་འཁྲིད་ལ་ལྟ་བས་སོ། །གྱད་ཀྱི་ནི། སྐྱིལ་ཀྲུང་གི་བརླ་སྟེང་དུ་གྲུ་མོ་བཙུགས་ཏེ། ལག་གཉིས་འགྲམ་བཏེགས། རྒལ་ཚིག་ཆེར་བསྲང་། མིག་ཟིམ་བུ་ཕབ་ལྡོག་གིས་ལུག་རྒྱུད་གཡོན་གྱི་ནམ་མཁར་འཁྲིད་པའོ། །ཆུ་སྲིན་གྱི་ནི། སྐྱིལ་ཀྲུང་ལག་པ་པུས་མོར་བཀབ། ལུས་བསྲང་མཇིང་པ་ཅུང་ཟད་དགྱེ་བས་མིག་ཟུར་གཡས་སུ་འཁྲིད་ལ་ཟིམ་གྱིས་ལྟ་ཞིང་བསྒོམ་མོ། དེ་རྣམས་ས་མཐོ་བ་ནམ་མཁའ་མཐོང་རྒྱ་ཆེ་སར་ལྷོར་བལྟ་བས་སོ། །ལྟ་སྟངས་ནི། སེང་གེ་གླང་དང་རི་བོང་དང་། །མདའ་བསྲང་ལྟ་བུར་ལྟ་སྟངས་བཞི། །ཉིན་དུས་རྣལ་འབྱོར་པ་ཡིས་བལྟ། ཞེས་སེང་གེ་ལྟར་མིག་གྱེན་ལ་ཟློག་པ་དང་། གླང་ཆེན་ལྟར་ཅུང་ཟད་ཐུར་དུ་ལྟ་བ་དང་། རི་བོང་ལྟར་ཐ ད ་ཀ ར་ཧད་པོར་ལྟ་བ་དང་། མདའ་བསྲང་པ་ལྟར་ཟུར་ལ་དྲང་པོར་ལྟ་བ་དང་། བགྲད་པ་དང་ཕྱེད་ཟིམ་དང་ཟིམ་བུའི་སྒོ་ནས་གྱེན་དང་། ཐུར་དང་། གཡས་དང་གཡོན་དང་། ཐད་སོར་ལྟ་བ་རྣམས་གང་བདེར་བྱ་ཞིང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མ་བྲལ་བར་བྱའོ།།

རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པ།

སྣང་བཞིའི་ས་མཚམས་ཀྱི་དབྱེ་བ་སྤྱིར་བཤད་པ།

གསུམ་པ་རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པ་ལ། སྣང་བཞིའི་ས་མཚམས་ཀྱི་དབྱེ་བ་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བསྟན་པ་ལས། ཐོག་མར་སྤྱིར་བཤད་པ་ནི། རྒྱུད་ལས། སྣང་བཞིའི་འཆར་ཚུལ་མ་ཤེས་ན། །ས་ཟིན་མེད་པའི་སྐྱོན་ཉིད་འབྱུང་། །སྣང་བ་བཞི་རུ་ཤེས་པར་བྱ། ཞེས་པར་དག་བྱ་དག་བྱེད་དག་འབྲས་ལས་ས་བཅད་ཀྱི་མཚམས་བཞིར་བྱུང་བ་ཕར་ཕྱིན་ཐེག་པའི་ལམ་ལྔ་དང་ཕྱོགས་མཚུངས་པ་ལས། ལམ་ཁྱད་མྱུར་བུལ་གྱི་སྒོ་ནས་ཤིང་རྟ་དང་ཉི་ཟླའི་འགྲོས་ལྟ་བུའི་ཁྱད་པར་ཆེ་བ་རང་བཞིན་ཐེག་མཆོག་རྒྱལ་པོའི་ལུགས་ལ་སྣང་བའི་ས་མཚམས་བཞིར་ངེས་པ་ཡང་། རྩ་རྒྱུད་ལས། དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་བའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོག་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། ཅེས་དང་། འདས་རྗེས་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་ནུབ། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །བར་དོའི་ཡེ་ཤེས་མངོན་དུ་བྱས། །རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །འདི་ལྟར་བཞི་ལ་མཐར་ཕྱིན་པས། །མྱང་འདས་གཞན་ནས་བཙལ་དུ་མེད། ཅེས་གསུངས་སོ། །

བྱེ་བྲག་ཏུ་བསྟན་པ།

སྣང་བཞིའི་འཆར་སྒོ་སོ་སོར་ངོས་བཟུང་བ།

ཆོས་ཉིད་མངོན་སུམ་གྱི་སྣང་བ།

གཉིས་པ་སྣང་བཞིའི་ས་མཚམས་བྱེ་བྲག་ཏུ་བསྟན་པ་ལ། སྣང་བཞིའི་འཆར་སྒོ་སོ་སོར་ངོས་བཟུང་བ། མཐའ་རྟེན་བཞིའི་གོམས་ཚུལ་བཤད་པ། འབྲས་བུའི་གྲོལ་ཚུལ་བསྟན་པའོ། །དང་པོ་ལ་མངོན་སུམ། གོང་འཕེལ། ཚད་ཕེབས། ཟད་པའི་སྣང་བ་བཞི་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། དེ་ལྟར་ཉིན་མོ་ཆོས་སྐུའི་རྟེན་ཉི་མ་དང་མན་ཤེལ་ལ་བསླབ་པས་འོད་གསལ་གྱི་སྣང་བ་འཆར་སླ་ཞིང་། མཚན་མོ་ལོངས་སྐུའི་རྟེན་ཟླ་བ་དང་ཆུ་ཤེལ་ལ་བསླབ་པས་མིག་གི་ཚ་བ་འཕེལ་བའི་གེགས་སྒྲོལ་ཞིང་ཚ་གྲང་སྙོམ་པར་བྱེད། ནང་ནུབ་ཏུ་སྤྲུལ་སྐུའི་རྟེན་མར་མེ་ལ་བསླབ་པས་ལམ་དུ་འཁྱེར་བདེ་བས། དེ་དག་དངོས་ལ་མ་རེག་ཙམ་དུ་བལྟ་བ་ལ་ཐོག་མར་གོམས་སུ་བཅུག་ནས། གོང་ལྟར་སྒོ་གསུམ་གྱི་འཁྲུལ་འཁོར་དང་གནད་བཞིས་གཅུན་པས། སྙིང་ཁའི་རིག་པ་བདེ་གཤེགས་སྙིང་པོའི་རང་མདངས་དབྱིངས་ཀྱི་སྣང་བ་འཇའ་ཚོན་རིས་དང་པོར་མཐོང་བ་ནས་བརྩམས་ཏེ་ཐིག་ལེ་འོད་ཟླུམ་ཐིག་ཕྲན་བཅས་གསལ་འགྲིབ་ཀྱི་རྣམ་པ་ཅན་དུ་འཆར་ལ། དེ་ཡང་སྤྱིར་འོག མཐིང་ཤས་ཆེ་བ་དབུས། དཀར་ན་གཡས། ལྗང་ན་གཡོན། སེར་ན་གྱེན། དམར་ན་ཐུར་དུ་ཁྲིད་ཅིང་། ལྔ་ལྡན་མཉམ་པར་ཤར་ན་རང་སོར་བཞག ཐིག་ལེ་སྣང་བ་མ་མཐོང་ན་རང་སོར་མཉམ་པར་འཇོག་ཅིང་ལྟ་བ་གནད་དོ། །དེའི་ཚེ་རྒྱངས་ཞགས་ཆུའི་སྒྲོན་མའི་ལམ་ནས། མངོན་སུམ་ཉིད་དུ་དབྱིངས་སྣང་རྣམ་དག་གི་སྒྲོན་མ་འཇའ་གུར་རམ། རྨ་བྱའི་མདོངས་འདྲ་བའི་ནང་དུ། ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟླུམ་སྦ་སྐོར་ལྟ་བུ་ཐིག་ཕྲན་ཅན་ཤར་བའི་དབུས་ཀྱི་གོ་མཚམས་སུ། ཀ་དག་གི་རིག་པ་སྟོང་གསལ་བརྗོད་དུ་མེད་པའི་གདངས། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྲེང་བ་དང་བཅས་པ། ཤེས་ཉམས་འགྲིབ་པ་དང་སྣང་ཉམས་འཆར་ཞིང་འཕེལ་བའི་ཆས་མཐོང་བ་དང་། གོམས་པ་དང་། བརྟན་པའི་རྟགས་ཚད་ཅན་དེ་ཉིད། གཞི་རང་བྱུང་རིག་པའི་ངོ་བོ་ཀ་དག་གི་ཀློང་ནས་རང་བཞིན་ལྷུན་གྲུབ་ཀྱི་ཟེར་མདངས་སྐུ་དང་ཚོམ་བུར་གསལ་བ་ཐམས་ཅད་ཐུགས་རྗེ་རང་སྣང་གི་ཡེ་ཤེས་ཕྱིར་མ་འཕྲོས་པར་ནང་གསལ་དུ་བཞུགས་པས་སམ། ཐམས་ཅད་ལ་ཡེ་ནས་སྐུ་གསུམ་རང་ཆས་སུ་ཡོད་པའི་གནད་ཀྱིས་དངོས་པོ་དང་བདག་ཉིད་གཅིག་པ། དེ་ལས་དེ་བྱུང་གི་ཚུལ་གྱིས། དེའི་རང་མདངས་ལས་རིག་པ་རང་བྱུང་གི་སྒྲོན་མ་ཉིད་བྱད་དང་གཟུགས་བརྙན་ནམ། ཉི་མ་དང་འོད་ཟེར་བཞིན་མ་འདྲེས་པར་སྣང་བ་ཡིན་ལ། རིག་པ་དེ་རྩ་ཡི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་ཕྲ་ཞིང་འཁྱོག་པའི་བྲེང་ཡོད་ལ། ཐིག་ལེ་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འཁྱོགས་མཚམས་ལ་ཐིག་ལེ་ཕྲ་མོ་ཟུང་འབྲེལ་ཡོད་ཅིང་། རླུང་གི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འགྲོ་འོང་ཅན་དུ་ཡོད་པ་དེ་ཡན་དུ་མི་འཇུག་པར་དབྱིངས་དང་ཐིག་ལེའི་ར་བར་འཛུད་ཅིང་མ་ཡེངས་པར་བལྟས་ཏེ་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་གེ་སྐྱེས་པའི་ངང་ལ་བཞག་པས་ཤེས་པ་གསལ་ལ་དངས་བ་དམིགས་བསམ་བརྗོད་པའི་ཡུལ་ལས་འདས་པ་ཞིག་རང་ཉམས་སུ་མྱོང་བ་ནི་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་ངོ་བོ་ཤེས་རབ་རང་བྱུང་གི་སྒྲོ ན་མ་འཆར་བའོ། །དེ་ལ་གོམས་སུ་བཅུག་སྟེ་སྒོ་གསུམ་རང་བབས་སུ་དལ་བས་རྩལ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་དང་རྟོག་དཔྱོད་ཀྱི་ཤེས་རབ་ཁྱད་པར་ཅན་འཆར་ཞིང་། གདངས་ཙིཏྟ་རིན་པོ་ཆེའི་སྦུབས་འོད་ལྔ་འདུས་པའི་ཕོ་བྲང་ན་ཡེ་ནས་འདུ་འབྲལ་མེད་པར་གནས་པའི་ཡེ་ཤེས་ཀྱི་སྐུ། གདོད་མའི་མགོན་པོ་འོད་མི་འགྱུར་བ། ངོ་བོ་སྟོང་ཉིད་ཀ་ནས་དག་ཅིང་རང་བཞིན་སྐུ་དང་འོད་དུ་གསལ་བ། ཐུགས་རྗེ་རིག་པའི་སྙིང་པོ་ཅན་ནང་གསལ་དུ་ཀུན་ལ་ཁྱབ་ཅིང་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་པའི་གདངས་ལས་ངོ་བོའི་རྟགས་སུ་མི་རྟོག་པའི་ཡེ་ཤེས། རང་བཞིན་གྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་རང་གསལ་ཆེན་པོ། ཡིད་དཔྱོད་འཛིན་པའི་ལྟ་བ་དང་ཚིག་ལས་འདས་ཤིང་རྟོག་དཔྱོད་ཀྱི་བློ་ཡིས་རི་མོར་བྲིས་པ་མ་ཡིན་པ། ཆོས་ཉིད་སྐུ་གསུམ་གྱི་དགོངས་པ་མཉམ་ཉིད་གཞི་རྫོགས་ཆེན་པོའི་ཀློང་ནས། དབང་པོའི་ཡུལ་ལ་མངོན་སུམ་གསལ་བར་སྣང་བ་འདི་ཉིད་ནི། གདོད་མའི་གཞི་ལ་ད་ལྟའི་སྣང་སེམས་གྲོལ་བྱེད་དེ། རིག་པ་དབྱིངས་ཀྱི་ར་བར་ཚུད་ནས་སྒྲོན་མ་རྣམས་རྩོལ་བ་མེད་པར་ཇེ་གསལ་ཇེ་བརྟན་དུ་འགྲོ་ཞིང་། ཡེ་ཤེས་ཀྱི་སུམ་ཆ་ལ་དབང་ཐོབ་པས་དབྱིངས་གྲུ་གང་ཙམ་དང་། ཐིག་ལེ་ཟླུམ་འཕྲིག་སུམ་འབྲེལ་དང་། རྡོ་རྗེ་ལུ་གུ་རྒྱུད་ཕྲ་ལ་འགུལ་བར་མཐོང་བ་ཚུན་ཆད་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཡིན་ཏེ། རྩ་རྒྱུད་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་ཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། ཞེས་དང་། རྒྱུད་ལས། རྐྱེན་བྲལ་མཁའ་ལ་བླ་མ་ཡིས། །གཟིགས་སྟངས་གཅུན་ཞིང་ངོ་སྤྲོད་པས། །དབང་པོའི་སྒོ་ལ་སྒྲོན་མ་ནི། །འཇའ་འམ་རྨ་བྱའི་མདོངས་ལྟ་བུ། །ཐིག་ལེ་ལུག་རྒྱུད་འབྲེལ་བ་ལ། །འགུལ་འཕྲིག་འགྱུ་བའི་རྣམ་པར་འབྱུང་། ཞེས་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་ལ་རབ་ཏུ་གསལ། །དེ་ཡང་འོང་དང་འགྲོ་བ་དང་། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་དང་རྒྱུད་ལས། དེ་ལྟར་གསལ་བའི་དབྱིངས་རིག་ནི། །ཉི་མའི་འོད་ཀྱི་ཚུལ་དུ་གནས། ཞེས་དང་། དེ་ཡི་ངོ་བོ་ཀ་དག་ལ། །རང་བཞིན་ལྷུན་གྲུབ་ཉིད་དུ་སྟེ། །ཐུགས་རྗེ་ཀུན་ལ་ཁྱབ་པ་ཉིད། །ཙིཏྟ་དག་ནས་རྩ་ལ་ཤར། །ངོ་བོ་མངོན་སུམ་སྒོ་ལ་འཆར། །རིག་པ་མངོན་སུམ་ཞེས་སུ་བརྗོད། །ཡིད་དཔྱོད་རྣམས་དང་བྲལ་བའོ། །ཞེས་གསུངས་སོ། །ཡང་སྒྲོན་མ་རྣམ་བཀོད་ལས། །ཉམས་ལེན་ཚད་ནི་རྣམ་གསུམ་ཏེ། །མཐོང་བའི་ཚད་དང་གོམས་པའི་ཚད། །བརྟན་པའི་ཚད་དང་གསུམ་ཏུ་གནས། །མཐོང་བའི་ཚད་ནི་འདི་ཡིན་ཏེ། །མི་འགྱུར་མཐིང་ག་དབྱིངས་ཀྱི་ཚད། །ཟླུམ་འཕྲིག་གསལ་བ་སྒྲོན་མའི་ཚད། །ཕྲ་བ་འགུལ་བ་རིག་པའི་ཚད། །མཐོང་བའི་དུས་སུ་ཤེས་པར་བྱ། །གོམས་པའི་ཚད་ནི་རྣམ་གསུམ་ཏེ། །མཐིང་ག་ལས་མཆེད་ཁ་དོག་ལྔ། །གྲུ་གང་ཙམ་དུ་སྣང་བ་ནི། །དང་པོར་གོམས་པའི་ཚད་ཡིན་ནོ། །ཞེས་དང་། སྒྲོན་མ་དང་རིག་པ་ཡང་། རྒྱུད་ལས། ཟླུམ་འཕྲིག་ལས་ནི་ཟ་འོག་རིས། །རང་གི་སྣ་རྩེ་ལ་ཤར་ན། །དང་པོ་གོམས་པའི་ཚད་ཡིན་ནོ། །ཞེས་དང་། རིག་པ་འདབ་ཆགས་ལྡིང་བ་ཙམ། །དང་པོ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་ལྟར་མངོན་སུམ་གྱི་གནད་མ་མཐོང་ན་ཤེས་ཉམས་ཡིད་དཔྱོད་ཀྱི་ལྟ་བར་གོལ་བས་སྡིག་གིས་གོས་ཤིང་འཁོར་བར་ལྡོག་ཉེན་ཡོད་པ་དང་། ཕྱིའི་དབྱིངས་སྣང་གི་རྟགས་དང་པོ་ཙམ་མཐོང་བས་མ་ཡིན་པར་ནང་དུ་ཤེས་རབ་ཀྱི་མིག་རྡུལ་དང་བྲལ་བས་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་གནད་ཀྱིས་ཡིད་དཔྱོད་ཀྱི་ལྟ་ངན་དང་བྲལ་ཞིང་སྡིག་ལྟུང་ཟད་པས། འདི་དུས་སུ་བར་ཆད་ཀྱང་སླར་འཁོར་བར་མི་ལྡོག་ཅིང་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་པར་ཡང་། རྒྱུད་ལས། མངོན་སུམ་རིག་པ་མ་མཐོང་ན། །ཡིད་དཔྱོད་མུན་པའི་མཐའ་འཁོར་ནས། །འཁོར་བ་ཉིད་དུ་རྣམ་པར་འཁོར། ཞེས་དང་། རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་དང་། འདས་རྗེས་ལས། མངོན་སུམ་གནད་འདི་སུས་མཐོང་བ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །

ཉམས་གོང་འཕེལ་གྱི་སྣང་བ།

གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། རྒྱུད་ལས། གོང་དུ་འཕེལ་བའི་སྣང་བ་ཡི། །ཉམས་ཀྱི་འཕེལ་ཤན་དབྱེ་བ་གཅེས། ཞེས་གསུངས་པས་ཤེས་ཉམས་དང་། སྣང་ཉམས་གཉིས་ལས། རླུང་སེམས་ཀྱི་འདུ་བ་ལས་བྱུང་བའི་དུ་བ་དང་། སྨིག་སྒྱུ་དང་། མེ་ཁྱེར་སོགས་བཅུ་འདགས་བྱའི་རྟགས་དང་། བདེ་གསལ་མི་རྟོག་པའི་ཉམས་ཡིད་དཔྱོད་ཅན་རྣམས་ཤེས་ཉམས་འཁྲུལ་ཆར་གཏོགས་པ་བློའི་འཛིན་པ་དང་བཅས་པས་མི་བརྟན་ཕྱིར་གཏད་མེད་ཉིད་དུ་གསུངས་ཤིང་། འདིར་ནང་དུ་ཆོས་ཉིད་ཀྱི་ངོ་བོ་སྟོང་པར་མཐོང་བའི་རིག་གདངས་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་འོད་མདངས་ཕྱི་རོལ་དུ་མི་འགྱུར་བར་འཕེལ་བ་དང་། ནང་རྩ་འོད་དུ་སོང་བ་དང་། གསང་བ་ཉོན་མོངས་པ་གྲོལ་བ་མཉམ་པོར་སྟོན་པས་ཡིད་དཔྱོད་ལ་རགས་མ་ལས་ཤིང་རྟོག་དཔྱོད་ཀྱི་བློ་ལས་འདས་པའི་སྣང་ཉམས་ཉིད་ཀྱི་ཕྱིར་མི་འགྱུར་བརྟན་ཅིང་བསླུ་བ་མེད་པ་སྟེ། རྒྱུད་ལས། བློ་ནི་ཀུན་རྫོབ་འཁྲུལ་བར་བཤད། ཅེས་དང་། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། ཅེས་གསུངས་པ་ལྟར་རོ། །དེ་ལྟར་ནང་དུ་རིག་པ་གྲོལ་བའི་ལམ་རྟགས་ཀྱི་སྣང་ཉམས་སུ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་གདངས་ཁ་དོ ག་གི་རྣམ་པར་ཕྱིར་ཤར་ནས་དབྱིངས་རིག་རེས་གསལ། རེས་མི་གསལ་བ་ལས་འོད་སྣང་ཆེར་མཆེད་དེ། དབྱིངས་རིག་སྨིན་མཚམས་ལས་བྲལ་བར་འ གྱུར་ཏེ། འོད་ལྔ་གྱེན་འགྲེང་། རྩིབས་ཤར། མདུང་རྩེ། མིག་ཚག དྲྭ་བ་དྲྭ་ཕྱེད། མཆོད་རྟེན། མིག་མང་རིས། འཁོར་ལོ། རྡོ་རྗེ། རིན་པོ་ཆེ། པདྨ་སྟོང་ལྡན། རལ་གྲི། ཉི་ཟླ། མཁར་ཐབས། མེ་ལྕེ། སྲོག་ཆགས་ཉ་མིག་ལྟ་བུ་སོགས་མ་ངེས་པར་སྣང་ཞིང་། དབྱིངས་སྣང་མིག་རྒྱང་། ཡུལ་གྲུ། སྟོང་གསུམ་ཙམ་དང་། ཞིང་ཁམས་གང་བའི་བར་དུ་འཆར་ལ། ཐིག་ལེ་ཡང་སྲན་མ་ཙམ་ནས་མེ་ལོང་། ཁམ་ཕོར། བསེ་ཕུབ་ཙམ་སོགས་ནས་དཔག་མེད་ཀྱི་བར་དུ་རིམ་པར་འཕེལ་ཞིང་། ནང་དུ་རིགས་ལྔ་ཞལ། ཕྱེད། རྫོགས་པར་རིམ་གྱིས་སྣང་། རིག་པ་ལུ་གུ་རྒྱུད་ཀྱང་། སྐར་མདའ་འཕྲོ་བ་དང་། འདབ ་ཆགས་འཕུར་རྐྱེན་པ། རི་དྭགས་རྩིབས་ལ་རྒྱུག་པ། ཤ་ར་ཎ་དལ་གྱིས་འགྲོ་བ། བུང་བ་བཅུད་ལ་འཁོར་བ་ཙམ་དུ་ཇེ་དལ་དང་། ཇེ་གསལ། ཇེ་བརྟན་དུ་འགྲོ་སྟེ། དེ་ལ་ཡང་དབྱིངས་སྣང་རེ་ལྡེ་ཙམ་ལ་མཆེད་དུས་རྩིབས་ཤར་ལ་མདུན། དུམ་བུ་དང་གྱེན་འགྲེང་ལ་ཐུར། ཟླ་གམ་ལ་སྟེང་དུ་བལྟ་ཞིང་། གྲུ་བཞི་ལ་གཡས་དང་། ཟླུམ་པོ་ལ་གཡོན་དུ་གཅུན། གྲུ་གསུམ་ལ་ཐུར་དུ་དབབ། མཁར་ཐབས་ལ་མཉམ་པར་བལྟ་བ་གནད་ཡིན་ལ། དབྱིངས་སྣང་རེ་ལྡེ་ཙམ་དང་། ཐིག་ལེ་མེ་ལོང་ཙམ་དང་། རིག་པ་འདབ་ཆགས་འཕུར་བའམ་རི་དྭགས་བརྒྱུག་པ་ཙམ་ནི་བར་དུ་གོམས་པའི་ཚད་དང་། དབྱིངས་ཀྱི་འོད་སྣང་སྟོང་གསུམ་ཙམ་མམ་ཞིང་ཁམས་གང་དུ་བལྟས་ཚད་ལ་ཁྱབ་པ་དང་། ཐིག་ལེ་དཔག་ཏུ་མེད་པའི་ནང་རྣམས་ན་སྐུ་ཕྲ་མོ་དབུ་དང་། སྐུ་ཕྱེད་དང་། རྫོགས་པའི་རྣམ་པ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་བལྟས་པའི་ས་དེར་སྡོད་ཅིང་བར་རྣམས་སུ་རིགས་ལྔའི་སྐུ་ཕྲ་མོ་རེ་རེ་སྣང་བར་གྱུར་པ་ན་མཆོག་ཏུ་གོམས་པའི་ཚད་དེ། ངེས་པར་འདི་ཚུན་ཆད་ནས་ཉམས་གོང་འཕེལ་རྫོགས་པ་ཡིན་ཏེ། རྩ་རྒྱུད་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོ ག་ཕྱིར་ཕྱུང་ནས། །གྱེན་འགྲེང་དང་ནི་རྩིབས་ཤར་དང་། ཐིག་ལེ་སྣ་ཚོགས་སྐུ་ཉིད་དང་། །རགས་པར་སྣང་བའི་ཡུལ་ལ་གསལ། །ཞེས་དང་། རྒྱུད་ལས། ཉམས་སྣང་གོང་དུ་འཕེལ་བ་ནི། །འོད་ནི་སྣ་ཚོགས་འགྱུར་འཕེལ་དང་། །ཐིག་ལེ་འཕེལ་ཞིང་རིག་བརྟན་ཚད། །ས་བོན་འབྲས་བུའི་བར་བཞིན་འབྱུང་། ཞེས་དང་། བར་དུ་གོམས་པའི་ཚད་འོད། སྒྲོན་མ། རིག་པ་རྣམས་ལ་རིམ་པར་རྒྱུད་ལས། དེ་ནས་དེ་ལ་རབ་འདྲེས་ནས། །རེ་ལྡེའི་རྣམ་པ་ཙམ་འཆར་བ། །བར་དུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །ཞེས་དང་། དེ་ནས་གོང་དུ་སྨིན་མཚམས་སུ། །མེ་ལོང་ཙམ་དུ་གསལ་གྱུར་ན། །བར་དུ་གོམས་པའི་ཚད་ཡིན་ནོ། །ཞེས་དང་། དེ་ནས་རབ་ཏུ་ཉམས་བླངས་ནས། །རི་དྭགས་བང་དང་མཉམ་པ་ནི། །བར་དུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་བཞིན་དུ་མཆོག་ཏུ་གོམས་པའི་ཚད་ཀྱང་རིམ་པར། དེ་ལ་མཆོག་ཏུ་གོམས་པས་ནི། །སྣང་བ་ཐམས་ཅད་འོད་སྣང་དུ། །ཤར་བ་གོམས་པའི་ཚད་ཡིན་ནོ། །ཞེས་དང་། སྣང་བ་ཐམས་ཅད་ཐིག་ལེ་རུ། །ཤར་ནས་ཁྲིག་གེར་གནས་པ་ན། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་དང་། བལྟས་པའི་ས་དེར་སྡོད་གྱུར་ན། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་ལྟར་གོང་འཕེལ་རྫོགས་པའི་ཡོན་ཏན་ནི། ཉམས་སྣང་གི་རིམ་པ་རྣམས་དང་། ཕྱིར་སྣང་བའི་འོད་གསལ་ལ་རྩལ་འཕེལ་བ་བཞིན་དུ་ནང་དུའང་རིག་པའི་འོད་གསལ་ཏིང་ངེ་འཛིན་དང་། སྤྱན་དང་། མངོན་ཤེས་ལ་སོགས་པ་ཡང་འཆར་ཞིང་། ཡོན་ཏན་སྣ་ཚོགས་རིམ་པར་ཐོབ། སྣང་བ་རང་སར་གྲོལ་བས་བར་དོ་སྟོང་ཞིང་བར་དོའི་དང་པོ་ལ་སངས་རྒྱས་པའང་། རྒྱུད་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོང་། ཞེས་སོ། །དེ་ལ་ཡང་རྒྱུད་བུ་ཡིག་གི་དགོངས་པ་ལྟར། བར་ཆད་པའི་གྲོལ་ཚད་ཀྱི་ས་མཚམས་གོམས་པ་ཆེ་ཆུང་གིས་དབྱེ་ན། དབྱིངས་རིག་སྨིན་མཚམས་བྲལ་ནས། ཡེ་ཤེས་བཞི་སྦྱོར་གྱི་སྣང་བས་གྲོལ་ན་ཕྱིན་ཆད་འཁོར་བར་མི་འཇུག གྲུ་ཆད་ཀྱི་རྣམ་པར་ཤར་ནས་ཚོམ་བུའི་སྣང་བ་ལ་གྲོལ་ན་རང་བཞིན་སྤྲུལ་པར་དབུགས་འབྱིན། སྣང་བ་ཐམས་ཅད་འོད་ལྔར་སྨིན་ཅིང་དབྱིངས་སྣང་ཟླུམ་འཁྲིགས་སུ་པད་འདབ་བཞི་བཞིས་བརྒྱན་པའི་ཚོམ་བུར་ཤར་ནས། འོད་གསལ་ཤར་བའི་སྐད་ཅིག་མ་དང་པོར་བར་དོ་མེད་པར། དེ་བཞིན་དུ་དབུགས་འབྱིན་པར་གསུངས་ཏེ། ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་དེ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་པོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཞེས་སོ། །དེས་ན་པཎ་ཆེན་བི་མ་ལ་མི་ཏྲས་ཚོམ་བུའི་སྣང་བ་གོང་འཕེལ་གྱི་མཐར་ཐུག་དང་། ལྷ་སྐུར་ཤར་ནས་ཚད་ཕེབས་སུ་བཞེད་ཀྱང་། སྡོད་སའི་ཉིན་སྲིབ་ལ་ལྟོས་ནས་ཚུ་རི་དང་ཕ་རིར་བཞག་པ་ཙམ་ལས། གོང་འཕེལ་རྫོགས་ནས་ཚད་ཕེབས་ཀྱི་མགོ་ཟིན་པ་ཡིན་ཕྱིར། དགོངས་པ་ཐ་མི་དད་པར་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གསུངས་སོ། །

རིག་པ་ཚད་ཕེབས་ཀྱི་སྣང་བ།

གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པས་ས་ཆུ་མེ་རླུང་གི་སྣང་བ་རང་སར་དག་ནས་རིག་པའི་ཡོན་ཏན་འཕེལ་བའི་ཆ་སྟོབས་སུ་གྱུར་པ་ལས། འོད་གསལ་གྱི་སྣང་བ་འབྱམས་སུ་ཀླས་པའི་དབྱིངས་ཆེན་པོར་སྣང་བ་རྣམ་པར་དག་པའི་ཞིང་ཁམས་སུ་ཡེ་ཤེས་ལྔའི་ཆོས་ཉིད་ལ་བྱན་ཚུད་པས། དཔག་ཏུ་མེད་པའི་ཐིག་ལེ་ལྔ་ལྔ་ཚོམ་བུར་ཤར་བ་རྣམས་རེ་རེའི་ནང་དུ། སྤྲུལ་སྐུའི་སྦྱངས་པ་རྣམ་པར་དག་པས་གཙུག་ཏོར་དང་བཅས་པའི་སྐུ་དབུ་དང་ཕྱེད་དང་རྐྱང་པའི་བར་དང་། ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པས་རིགས་ལྔའི་སྐུ་རྐྱང་པ་དང་། རྒྱན་རྫོགས་དང་། ཡུམ་བཅས་ཀྱི་རྣམ་པ་དང་། ཆོས་སྐུའི་སྦྱངས་པ་རྣམ་པར་དག་པས་གཙོ་དང་འཁོར་གྱི་ཚོམ་བུ་ཐ་དད་པའི་དཀྱིལ་འཁོར་མུ་ཁྱུད་ཀྱི་ར་བ་དང་བཅས་པ་དབྱིངས་གང་བར་འཆར་ཞིང་། རིག་པའི་མཚམས་སུ་ཡང་སྐུ་ལྔ་ལྔ་ཡབ་ཡུམ་ཟུང་སྦྱོར་གྱི་ཚོམ་བུ་ཤིན་ཏུ་ཕྲ་བ་ཚད་མེད་པ་སྣང་ཞིང་མཆོག་ཏུ་གསལ་བ་ནི། གཞི་ཆོས་ཉིད་གང་དུའང་མ་ཕྱེ་བའི་རྩལ་བྱད་དང་མེ་ལོང་གི་རྣམ་པར་ཤར་བས་རིག་པའི་གཤིས་ལ་སྐུ་གསུམ་ཡེ་རྫོགས་སུ་ཡོད་པའི་ཕྱིར། ལོངས་སྤྱོད་རྫོགས་པའི་སྐུའི་ཡོན་ཏན་མ་ལུས་ཤིང་ལུས་པ་མེད་པ་འདིར་ལམ་གྱི་སྣང་བ་ཉིད་དུ་རྩལ་རྫོགས་པ་ཡིན་པའི་ཕྱིར་རིག་པ་ཚད་ལ་ཕེབས་པའི་སྣང་བ་ཞེས་བྱའོ། །དེ་ཡང་ཤིན་ཏུ་གོམས་པའི་སྣང་བ་ཡིན་པས་འགུལ་འཕྲིག་མེད་ཅིང་། ཉིན་སྣང་དང་མཚན་སྣང་འདྲེས་པས་ཉིན་མཚན་དབྱེ་བ་མེད། ཤེས་པ་གང་གི་གྲོང་དུའང་འཇུག་ནུས་པས་བེམ་པོ་ལ་གཏད་ཀྱང་འགུལ་ཞིང་སྒྲ་གྲགས་པ་དང་། ལུས་རྡུལ་ཕྲན་ཆ་མེད་དུ་མཐོང་བས་རི་བྲག་སོགས་ལ་ཟང་ཐལ་དུ་འགྲོ་ནུས་པ་འོང་། གཟུང་འཛིན་ཐད་ཀར་ཞིག་པས་སྨྱོན་པ་ཁྲོག་ལངས་པ་བཞིན་གང་ལའང་ཉམས་ང་བ་དང་། བག་ཚ་བའི་ཁུང་སྟོར། སྣང་བ་འོད་གསལ་དུ་གྲོལ་བས་སངས་རྒྱས་ལྔའི་ཞིང་དུ་སྣང་། གདོས་བཅས་ཀྱི་འཛིན་པ་གྲོལ་བས་རང་ལུས་འོད་ཀྱི་འཁོར་ལོར་འཁྱིལ། སྦྱངས་བགྲོད་ཀྱི་འཛིན་པ་གྲོལ་བས་མཚན་དཔེ་རྣམས་རིམ་པའམ་ཅིག་ཆར་དུ་གསལ། ཡེ་ཤེས་ཀྱི་རླུང་ལག་སོར་དུ་ཚུད་པས་འོད་ལྔར་འཁྲིགས། རླུང་དེ་ཉིད་དབྱིངས་སུ་འཁྱིལ་བས་སྤྱི་གཙུག་གི་སྟེང་དུ། ཐིག་ལེ་དགུའམ་ལྔ་བརྩེགས་མར་སྣང་། སྙིང་རྗེའི་རང་གདངས་ཕྱིར་སྣང་བ་རྣམས། ནང་རིག་པ་གཡོ་བྱེད་ཀྱི་རླུང་ཕྲ་བ་དང་བཅས་པ་ཟད་དགོས་པའི་རྟགས་སུ་སྙིང་དབུས་ཀྱི་ཐིག་ལེ་ཨ་ཡིག་གིས་མཚན་པར་སྣང་། རིག་པ་ཆོས་ཉིད་ཀྱི་རང་གདངས་སྙིང་གར་ཞི་བ་དང་། དུང་ཁང་ཁྲོ་བོའི་དཀྱིལ་འཁོར་དུ་སྣང་བ་ལས་ཡེ་ཤེས་ཞི་བའི་གདངས་འོད་རྩ་ཕྲ་མོ་རྣམས་སུ་ཐོན་ཏེ་ལུས་ཀྱི་ནང་དང་བ་སྤུའི་བུ་ག་རྣམས་སུ་སྐུ་དང་ཐིག་ལེ་འཆར། ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་ལོངས་སྐུའི་སྙིང་པོ་ཅན་དུ་རྫོགས་པས་ཞིང་རྡུལ་ཕྲ་རབ་རེ་རེར་ཡང་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་དང་། ཁྲོ་བོའི་གདངས་ཚངས་བུག་གི་འོད་རྩ་ལས་ཐོན་ཏེ་སྟེང་གཞི་ཐམས་ཅད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་དུ་གསལ་ལོ། །དེ་ལྟར་ཕྲ་ཞིང་ཕྲ་བའི་སྐུ་སྣང་བ་ཐམས་ཅད་ཀྱི་ཐུགས་ཀ་ནས་རང་གི་སྙིང་ཀ་དང་། དེ་བཞིན་དུ་དཔྲལ་བ་ནས་དཔྲལ་བ། ཞལ་ནས་ཁ་སོགས། སྐུའི་ཆ་དང་ལུས་ཀྱི་ཆར་བརྒྱུད་འོད་ལྔའི་ཟེར་ཐག་གིས་སྙིང་གའི་ཨ་ཡིག་ལ་འབྲེལ་བར་སྣང་བས་འོད་ཟེར་ཆེན་པོའི་དབང་ཡང་ཐོབ། ངག་འོད་གསལ་དུ་གྲོལ་བས་དིག་ལྐུག་འགགས་འཛེར་སོགས་ཀྱི་སྐྱོན་དང་བྲལ་ཞིང་ཚངས་པའི་དབྱངས་ལྟར་སྙན། སེམས་ཉིད་རིག་པ་འོད་གསལ་རང་ངོར་གྲོལ་ཞིང་ཐིམ་པས་གཟུང་འཛིན་གྱི་འཁྲུལ་བ་ནུབ། རྩ་དང་རླུང་དག་པས་གློ་བུར་གྱི་ཚོགས་པ་ཞིག་སྟེ་ལུས་སེམས་ཀྱི་འབྲེལ་མངོན་གྱུར་རགས་པ་ལྡོག ལས་དང་བག་ཆགས་ཀྱི་འབྲེལ་ཆད་པས་ཀུན་ཏུ་རྟོག་པའི་སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམས་ནུབ། ཆོས་ཀྱི་དབྱིངས་དྲི་མ་མེད་པར་རང་གསལ་བས་གཞན་གྱི་སེམས་ཤེས་པ་སོགས་མངོན་ཤེས་དྲུག་དང་ལྡན། སྣང་བའི་སེམས་སམ་སྤྱན་རྣམ་པར་དག་པས་ཐོགས་རེག་གིས་བཅད་པའི་ཕ་རོལ་གྱི་ཡུལ་དང་། རྒྱལ་བའི་ཞིང་ཁམས་ཚད་མེད་པ་མཐོང་། སྟོང་པའི་སེམས་རྣམ་པར་དག་པས་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ལ་དབང་འབྱོར་བ་སྟེ། རྩ་རྒྱུད་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྐུའི་མཚན་དཔེར་གསལ་བ་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་ཏུ་སྣང་། །དེ་ནས་ལྔ་ལྔ་ཟུང་དུ་བཅས། །རབ་ཏུ་གསལ་བའི་ཐིག་ལེས་འབྲེལ། །ཡབ་ཡུམ་སྐུ་ཡི་རྣམ་པ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། ཞེས་དང་།སྒྲོན་མ་སྣང་བྱེད་ལས། ཤིན་ཏུ་ཡང་དག་གོམས་པའི་ཚད། །འགུལ་དང་འཕྲིག་པ་མེད་པ་དང་། །ཉིན་དང་མཚན་མོ་མེད་སྣང་དག །རབ་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་དང་། འབྱུང་བཞིའི་སྣང་བ་འགགས་གྱུར་ནས། །ཁ་ཏོག་ལྔ་ཡི་འོད་སྣང་གིས། །གང་དུ་བལྟས་པ་དེར་སྣང་ན ། །དབྱིངས་ནི་བརྟན་པའི་ཚད་ཡིན་ནོ། །ཞེས་དང་། རང་ལུས་འོད་ཀྱི་སྟེང་དག་ཏུ། །མཁར་གཞོང་བརྩེགས་མ་ལྟ་བུ་ཡི། །ཐིག་ལེ་བརྩེགས་མ་གྱེན་ཤར་ན། །སྒྲོན་མ་བརྟན་པའི་ཚད་ཡིན་ནོ། །ཞེས་དང་། རང་སྣང་སྐུར་ཤར་ལུ་གུ་རྒྱུད། །ཚིག་དང་འདྲ་བའི་བར་དག་ཏུ། །ཐིག་ལེ་ཉུང་འབྲུ་ཙམ་ནང་དུ། །སྐུ་ནི་ཤིན་ཏུ་ཕྲ་ཤར་ནས། །སྣང་བ་ཐམས་ཅད་སྐུར་ཤར་ན། །རིག་པ་བརྟན་པའི་ཚད་ཡིན་ནོ། །ཞེས་དང་། སྐུ་གདུང་འབར་བ་ལས། །གང་གི་འོད་ལ་སུས་གོམས་པ། །རང་གིས་མཐོང་བའི་སྤྱོད་ཡུལ་དུ། །ས་དང་ཆུ་དང་མེ་དང་རླུང་། །འབྱུང་བཞིའི་སྣང་བ་རང་ནུབ་ནས། །རིམ་གྱིས་ཁ་ཏོག་ལྔ་ལ་སྤྱོད། །འོད་དང་བྲལ་བ་མེད་པའི་རྟགས། །གཞན་ཡང་མཐོང་བའི་སྤྱོད་ཡུལ་དུ། །སྨྱོན་པ་བཞིན་དུ་ཐོགས་མེད་པར། །རི་བྲག་རྣམས་ལ་ཟང་ཐལ་དང་། །དེ་བཞིན་ས་གཏིང་འཛུལ་བར་ནུས། །ཆུ་རྣམས་ལ་ཡང་བྱིང་བ་མེད། ཅེས་དང་། རྩ་རྒྱུད་ལས། སོ་སོའི་ལུས་ཀྱི་རྡུལ་ཕྲན་ནས། །བར་སྣང་འོད་ཀྱི་སྐར་ཁུང་སྣང་། །དེ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས། །ཕྲ་ཞིང་འཁྲིལ་བའི་སྣང་བ་འཛིན། །ལུས་ཀྱི་རྡོས་པ་རང་འགགས་ནས། །ཟང་ཐལ་དྲི་མེད་འོད་ཀྱི་ལུས། །དབུས་སུ་ཨ་ཡི་མཚན་མ་དང་། །མཛོད་སྤུ་འོད་ཟེར་འདོམ་གང་ཚད། །ཐོར་གཙུག་རླུང་གིས་འདེགས་པར་སྣང་། །ཞི་སྐུ་ལག་པའི་སོར་མོ་ལས། །འོད་ཀྱི་ཕྲེང་བས་རྣམ་པར་འཁྲིགས། །སྒྲ་མེད་སེམས་ཀྱི་སྤྱོད་པ་སྟེ། །མགོ་བོ་ཐོད་པའི་གཞལ་ཡས་ཁང་། །ཧེ་རུ་ཀ་རྣམས་མངོན་པར་འབྱུང་། །འདི་དུས་རང་ལུས་ཚད་ལ་ཕེབས། ཞེས་དང་། ལུས་སེམས་འབྲེལ་བ་ཆོད་པ་ཡིས། །ཟག་བཅས་ཟད་པའི་ལུས་ལ་ཡང་། །ཕྱིར་འབྱུང་མཚན་ཉིད་གསལ་བའི་སེམས། །སྐར་མདའ་འཕྲོ་བའི་ཚུལ་གྱིས་ཀྱང་། །ནམ་མཁའི་ཁམས་སུ་གསལ་བར་མཐོང་། ཞེས་གསུངས་སོ། །དེ་ལྟར་གོམས་ནས་མ་བསྒོམ་ཀྱང་ཚད་ལ་ཕེབས་པས་འཕོ་འགྱུར་མེད་ལ་མཐར་ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན་པས་བར་དོ་མེད་པར་སངས་རྒྱས་ནས་ལོངས་སྐུའི་ཞིང་ཁམས་སུ་བདེ་ཆེན་འདུ་འབྲལ་མེད་པར་སྤྱོད་པ་སྟེ། དེ་ལྟར་ཚད་ལ་ཕེབས་དགོས་ཤིང་མ་ཕེབས་ན་ཡོན་ཏན་དེ་རྣམས་དང་མི་ལྡན་ཞིང་། ལྡོག་པའི་སྐྱོན་དུ་འགྱུར་བ་ཡང་། རྒྱུད་ལས། རིག་པ་ཚད་ལ་ཕེབས་པ་ཡིས། །ལོངས་སྤྱོད་སྐུ་ཉིད་མངོན་དུ་འགྱུར། ཞེས་དང་། རིག་པ་ཚད་ལ་མ་ཕེབས་ན། །རྣལ་འབྱོར་དྲོད་ཚད་རྙེད་མི་འགྱུར། ཞེས་དང་། དེ་ལྟར་ཚད་ལ་མ་ཕེབས་ན། །ཕུང་པོའི་སྣང་འཛིན་དག་མི་འགྱུར། ཞེས་སོ། །

ཆོས་ཉིད་ཟད་པའི་སྣང་བ།

བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། གཞི་ཆོས་ཉིད་འཕོ་འགྱུར་མེད་པའི་རང་གདངས་མངོན་སུམ་ལམ་གྱི་ཆོས་ཉིད་རིག་པ་འོད་གསལ་ཆེན་པོའི་སྣང་བ་རྩལ་རྫོགས་པ་དེ་ཡང་རིག་གདངས་ཕྱིར་ཤར་བའི་གཟུགས་བརྙན་ཙམ་ལས་ངོ་བོ་ཉིད་མ་ཡིན་པའི་ཕྱིར་འཕེལ་ཟད་ནས་གནམ་སྟོང་གི་ཟླ་བ་རང་ངོར་བཅོས་མིན་དུ་འགྲིབ་ནས་མི་སྣང་བ་ལྟར། རང་གདངས་དབྱིངས་སུ་འཕེལ་འགྲིབ་མེད་པར་ནུབ་པས། རིག་པ་གཡོ་བྱེད་ཀྱི་རླུང་ཕྲ་བ་ཡང་དག་ནས། གནད་བཞིས་རླུང་གི་གཡོ་བ་ཡེ་ཤེས་སུ་འཕེལ་ཞིང་ཆོས་ཉིད་དག་པའི་མཐུས་ཕྱི་འབྱུང་ཡུལ་འཁྲུལ་སྣང་གི་ཆ་དང་། ནང་འཁྲུལ་རྟོག་སེམས་བྱུང་གི་བག་ཆགས་ཟད་ནས་གསང་བ་འོད་གསལ་གྱི་སྣང་ཉམས་ཐམས་ཅད་ཀྱང་ཆོས་ཉིད་བརྗོད་མེད་ཀྱི་དབྱིངས་སུ་ཐིམ་པས་འོད་ཀྱི་ནང་ནས་ལག་པའི་སོར་མོ་བཀྲམ་པ་ཙམ་ལས་མི་སྣང་ཞིང་། སྣང་དང་མི་སྣང་དུ་འཛིན་པའི་ངོ་བོ་མེད་ཅིང་འཁོར་བ་དང་འདས་པའི་འདུ་ཤེས་དང་བྲལ་ལོ། །དེའི་ཚེ་ཆོས་ཉིད་རིག་པ་དོན་དམ་པར་འཕེལ་ནས་ཆེར་སོང་བ་དང་། ཟད་ནས་ཆུང་དུ་སོང་བ་མེད་ཀྱང་། ཅི་ཡི་ངོ་བོར་ཡང་མ་གྲུབ་པས་བསམ་བརྗོད་ཀྱི་བློ་ལས་འདས་པའི་ཕྱིར་ཟད་པའི་སྣང་བ་ཞེས་སུ་བརྗོད་པ་ཡིན་ནོ། །དེ་ལྟར་ཟད་པ་ལ་ཟད་ལུགས་གཉིས་ཏེ། རིམ་གྱིས་ཟད་པ་ནི་སྣང་བཞི་ཚད་དུ་ཕྱིན་ནས་ཟད་པའོ། །བློ་མཆོག་ཅིག་ཆར་བ་རེ་ཟུང་ཙམ་ནི་མངོན་སུམ་གྱི་སྣང་བ་གོམས་སུ་བཅུག་པས་གོང་འཕེལ་དང་། ཚད་ཕེབས་ལ་མ་ལྟོས་པར་ཟད་པ་ཡང་ཡོད་དོ། །གང་ལྟར་ཡང་གདོས་བཅས་འོད་དུ་དེངས་པས་འབྱུང་བའི་དགྲས་མི་ཚུགས། ཉོན་མོངས་པ་དེངས་བས་དྲན་པ་དང་དྲན་གཞི་ཝལ་པོ་རྗེས་མེད་དུ་འགྲོ། སྣང་བ་དེངས་བས་འགྲོ་ས་དང་། འདུག་ས་དང་། ཉི་ཟླའི་སྣང་བ་ལ་སོགས་པའི་འཁྲུལ་སྣང་རང་ཡལ་རྗེས་མེད་དུ་སོང་ནས་འདི་ལྟར་ཡིན་ནོ་སྙམ་པ་ཙམ་དུ་ཡང་མ་གྲུབ་པས། གཟུགས་སྣང་ཐམས་ཅད་མྱ་ངན་ལས་འདས་པ་དང་། ཆོས་སྐུ་རང་དག་དང་། ཆོས་ཉིད་རང་སར་ཐུག་པ་ཞེས་བྱའོ། །འདི་དུས་སུ་མངོན་ཤེས་ལ་ཐོགས་པ་མེད་ཅིང་ཐུགས་རྗེའི་ཆ་གསལ་བ་ཙམ་དུ་གནས་པ་ལས། གཞན་དུ་ཉམས་དང་། ལུས་དང་། དབང་པོ་དང་། རྟོག་ཚོགས་དང་། ཚིག་དང་། འཁྲུལ་བ་ཐམས་ཅད་ཟད་ནས་བསམ་པ་རང་ཡལ་ཏེ་ཕུང་པོ་ཟག་པའི་ཕྱིར་མི་ལྡོག་པར་འོད་ལུས་སུ་སངས་རྒྱས་པ་སྟེ། རྩ་རྒྱུད་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོང་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་བ་རང་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་དང་། འབྲས་བུ་བརྗོད་པར་མི་ནུས་ཀྱང་། །ཆོས་རྣམས་ཟད་སར་ཕྱིན་པ་དང་། །རང་གི་གྲུབ་པའི་མཐའ་ཡང་འཇིག །འདི་དུས་བླ་མའི་མན་ངག་ནུབ། །ལྟ་སྒོམ་སྤྱོད་པའི་མཐའ་སྟོངས་ནས། །ཆོས་སྐུའི་སྣང་བ་ཡོད་མ་ཡིན། །སྐུ་དང་ཡེ་ཤེས་རྒྱུན་ཆད་པས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མདོར་ན་གང་ཡང་གནས་པ་མེད། །སོང་མེད་འོང་བ་མེད་པའོ། །ཞེས་སོ། །འདིར་འཕོ་བ་ཆེན་པོའི་སྐུར་བཞེངས་ཏེ་སེམས་ཅན་གྱི་དོན་མཛད་པར་བཞེད་ན། སྐྱེ་བ་ལ་དབང་བས་སྣང་བ་རིམས་གྱིས་ཟད་ནས། ལག་སོར་འོད་ཀྱིས་དཀྲིགས་པར་སྣང་བ་ལ་ཤེས་པ་གཏད་པས། སྣང་བ་དེ་ལས་རང་ལོག་ནས་སྣོད་བཅུད་ཆུ་ཟླ་དང་། རྨི་ལམ་ལྟ་བུར་མཐོང་ཞིང་། རང་ལུས་འཇའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པར་ཟང་ཐལ་བ་ཙམ་དུ་གཞན་གྱིས་མིག་མ་དག་པས་མི་མཐོང་ཡང་། རང་གིས་མཐོང་ཞིང་དེ་ལ་སྐྱེ་འཆི་བགྲེས་རྒུད་མེད་པ་རྡོ་རྗེ་ལྟ་བུའི་སྐུས་སེམས་ཅན་གྱི་དོན་བྱེད་ནུས་ཏེ། སློབ་དཔོན་ཆེན་པོ་ཡབ་ཡུམ་དང་། པཎ་ཆེན་བི་མ་ལ་ལྟ་བུའོ། །སྐུའི་རྣམ་པ་དེ་ཉིད་ཀྱི་དུས་དེར་གཞན་དོན་རླབས་ཆེན་མཛད་པར་མི་སྤྲོ་ན། འཇུག་པ་ལ་དབང་བས་ནང་དབྱིངས་སུ་ཞུགས་ཏེ། སླར་ཡང་ཆོས་ཉིད་ནང་གསལ་དུ་བཞུགས་པའི་གདངས་ཕྱིར་གསལ་དུ་བཞེངས་ནས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཕྲིན་ལས་ཀྱིས་གཞན་དོན་འཁོར་བ་མ་སྟོང་གི་བར་དུ་མཛད་ནུས་ཏེ་ཐུབ་པའི་དབང་པོའི་སྐུ་གསུམ་ལྷུན་གྱིས་གྲུབ་པའི་མཛད་སྤྱོད་ལྟ་བུའོ། །ལམ་གཞན་དང་ཁྲེགས་ཆོད་ལ་ལུས་རྡུལ་ཕྲན་དང་། སེམས་ཆོས་ཉིད་དུ་དེངས་ནས་ཀ་དག་ཏུ་གྲོལ་བ་ཙམ་ལས་མེད་ལ། དེ་ལྟར་རྡུལ་ཕྲན་དུ་དེངས་པ་འོད་དུ་གསལ་བས་སྐྱེ་འཇུག་གཉིས་ཀ་ལ་དབང་བ་ནི་ཐོད་རྒལ་ཁོ་ནའི་ཁྱད་ཆོས་སོ། །དེ་ལྟར་གནས་སྐབས་སྣང་བ་བཞིའི་ཚད་ཟིན་པས། །སོ་སོའི་ས་མཚམས་ཕྱེད་ཅིང་མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་བས་ཕུང་པོ་ལྷག་མེད་དུ་སངས་རྒྱས་པར་འགྱུར་བ་དང་། གཞན་དུ་དེ་ལྟར་མ་ཟད་པས་ལྷག་མེད་དུ་མི་འགྱུར་བ་ཡང་། རྒྱུད་ལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་འཚང་རྒྱའོ། །ཞེས་དང་། ཆོས་ཉིད་ཟད་པར་མ་གྱུར་ན། །ལྷག་མེད་ཉིད་དུ་འགྱུར་བ་མིན། །ཞེས་སོ།།

མཐའ་རྟེན་བཞིའི་གོམས་ཚུལ་བཤད་པ།

མི་འགུལ་བ་གསུམ་ལ་གཞི་བཅའ་བ།

གཉིས་པ་མཐའ་རྟེན་བཞིས་གོམས་ཚུལ་བཤད་པ་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། ཅེས་དོན་གྱི་ས་ཟིན་མེད་ཀྱང་གོང་མ་སྟེ། སྣང་བ་བཞིའི་རྒྱབ་ཏུ་དགོས་པ་ལ། གཞི་བཅའ། ཚད་གཟུང་། གཟེར་གདབ། གྲོལ་ཚད་དང་བཞིའོ། དེ་ལ་དང་པོ་མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་ལུས་མི་འགུལ་བས་རྩ། དེ་མ་འགུལ་བས་རླུང་། དེ་མ་འགུལ་བས་སེམས། དེ་མ་འགུལ་བས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་ལ་གནས་པ་དང་། མིག་གཟིགས་སྟངས་ལས་མི་འགུལ་བར་བྱ་སྟེ། རིག་པའི་གནད་རྩ། དེའི་གནད་སྒོ། དེའི་གནད་སྒྲོན་མ་ཡིན་པས་རྩ་མ་འགུལ་ན་མིག དེ་མ་འགུལ་ན་སྒྲོན་མ་མི་འགུལ་བས་སྣང་བའི་འཕེལ་འཛིན། དབྱིངས་རིག་འདུ་འབྲལ་མེད། རླུང་སེམས་བཟོ་མེད་ལས་མི་འགུལ་བར་བྱ་སྟེ། དེས་རྣམ་རྟོག་མི་འབྱུང་ཞིང་། ཤར་གྲོལ་དུས་མཉམ། དབྱིངས་རིག་ཟུང་དུ་ཆུད་པའི་དགོས་པ་ཡོད་དེ། རྩ་རྒྱུད་ལས། དེ་ལ་མཐའ་རྟེན་ཡིད་ཆེས་བྱ། །མི་འགུལ་གསུམ་ལ་གཞི་བཅས་ནས། །རླུང་སེམས་གནད་ལ་ཕེབས་པའོ། །ཞེས་སོ། །

སྡོད་པ་གསུམ་གྱིས་ཚད་བཟུང་བ།

གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི། ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། དེ་སྡོད་པས་ཞིང་ཁམས་ཚད་ལ་ཕེབས་པར་བྱེད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། དེ་སྡོད་པས་འཁོར་བའི་འཁྲུལ་རྟོག་དངས་བར་བྱེད། །གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་མི་འགྱུ་བར་སྡོད། དེ་སྡོད་པས་སེམས་རྣམ་རྟོག་གཡོ་བའི་རྐྱེན་ཟད། དེའི་ཚེ་ཚད་རྨི་ལམ་གྱིས་སྟོན་པ་དང་། རྟགས་སྒོ་གསུམ་ལ་འཆར་བ་གཉིས་འོང་སྟེ། ཐོག་མར་ཚད་རྨི་ལམ་གྱིས་འཛིན་པ་ནི། དབང་རྣོན་བརྩོན་འགྲུས་རབ་རྣམས་ཀྱིས་རྨི་ལམ་དབྱིངས་སུ་ནུབ་པས་གཉིད་དག་པ་འོད་གསལ་ཉིད་དུ་འཆར་ཏེ། དེ་ནི་བག་ཆགས་ཀྱི་འབྲེལ་ཆོད་པས་སྐྱེ་བ་འདི་ཉིད་ལ་འོད་ལུས་འགྲུབ་སྟེ་འཚང་རྒྱ་བའི་རྟགས་དང་། འབྲིང་རྨི་ལམ་དུ་ཤེས་ཤིང་སྤྲུལ་བསྒྱུར་ལ་གོམས་པས་ངེས་པར་བར་དོ་ངོས་ཟིན་ནས་གྲོལ་བའི་རྟགས་དང་། ཐ་མས་བག་ཆགས་ངན་པའི་རྨི་ལམ་རྒྱུན་ཟད་ནས་བཟང་པོ་ཤ་སྟག་རྨི་བར་འགྱུར་ཏེ་རང་བཞིན་སྤྲུལ་པར་དབུགས་འབྱིན་པའི་རྟགས་སོ། །རྟགས་སྒོ་གསུམ་ལ་འཆར་བ་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བའི་རྟགས་སུ། ལུས་བྱ་རྩོལ་ལ་མི་གནས་ཏེ་རྩ་དལ་བས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་གཡོ་འགུལ་མེད། ངག་བརྗོད་གཞི་དག་པས་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད། སེམས་འཛིན་མེད་རང་གྲོལ་དུ་རྟོགས་པས་མཁའ་འགྲོ་སྙི་ལ་ཚུད་པ་ལྟར་གར་གཏད་དུ་སྡོད་པའོ། །ཉམས་གོང་འཕེལ་གྱི་སྣང་བ་མཐོང་བའི་རྟགས་སུ་རླུང་དབུ་མར་ཐིམ་ནས་བཟང་ངན་དུ་རྟོག་པ་མེད་པས་ལུས་སྐྱེས་བུ་ནད་ཀྱིས་གདུང་བ་ལྟར་བྱི་དོར་དང་རྒྱན་གྱིས་ཚུལ་འཆོས་མི་བྱེད། ངག་དགག་སྒྲུབ་ལས་འདས་པས་སྨྱོན་པ་རང་ཚིག་བརྡོལ་བ་བཞིན་ཅལ་ཅོལ་བྱུང་རྒྱལ་དུ་སྨྲ། སེམས་རྟོག་ཚོགས་རང་སར་གྲོལ་བས་སྐྱེས་བུ་རྩི་དུག་གིས་ལན་བདུན་མྱོས་ཏེ་འཆི་ངེས་སུ་ཤེས་པ་ལྟར་དྲན་སེམས་སླར་འཁོར་བར་མི་ལྡོག་པར་ཐག་ཆོད་པའོ། །རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་རྩ་རླུང་ལ་དབང་འབྱོར་བས་གླང་པོ་ཆེ་འདམ་དུ་ཚུད་པ་རང་སྟོབས་ཀྱིས་འདོན་པ་ལྟར་འབྱུང་བ་ལྔ་ལ་ཆགས་ཐོགས་མེད་པར་ཟང་ཐལ་དུ་འགྲོ། ངག་སྨྲ་བརྗོད་ལས་འདས་པར་ཤེས་པས་གྲུལ་བུམ་གྱི་ཕྲུ་གུས་གླུ་བླངས་བ་ལྟར་གཞན་གྱི་ཡིད་འཕྲོག་ཅིང་དད་པར་བྱེད། སེམས་ཀ་དག་ཡེ་གྲོལ་བསྐྱར་གཞི་མེད་པའི་དོན་རྟོགས་པས་འབྲུམ་ནད་བྱང་བའི་སྐྱེས་བུ་ལྟར་ཁམས་གསུམ་དུ་སླར་མི་ལྡོག་པར་ཡིད་ཆེས་པའོ། །ཆོས་ཟད་ཀྱི་སྣང་བ་མཐོང་བའི་རྟགས་སུ་ལུས་གདོས་བཅས་དག་པས་དུར་ཁྲོད་ཀྱི་མི་རོ་ལྟར་གཤེད་མ་བྱུང་ཡང་ཡ་ང་བ་དང་བག་ཚ་བ་མེད། ངག་བརྗོད་མེད་དུ་རྟོགས་ནས་བརྗོད་པ་སྟོངས་བས་བྲག་ཆ་ལྟར་ཟུང་ཟད་ཏེ་གཞན་གྱི་རྗེས་སུ་ཟློས། སེམས་འཛིན་རྟོག་ལྷག་མེད་དུ་དག་པས་བར་སྣང་གི་ན་བུན་ཡལ་བ་ལྟར་སྐད་ཅིག་ལ་སངས་རྒྱ་བར་ནུས་པའོ། །དེ་ཡང་རྩ་རྒྱུད་ལས། སྡོད་པ་གསུམ་གྱིས་ཚད་བཟུང་བ། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངེས་བཟུང་བའོ། །ཞེས་སོ། །ཞར་ལ་འདི་ཡང་ཤེས་དགོས་ཏེ། རྒྱུད་ལས་གསུངས་པའི་དོན་མདོར་བསྡུས་ན། དབང་པོ་རྟུལ་པོ་སྣང་བ་དངོས་པོར་འཛིན་པ་ཁ་ཅིག་ཚིག་ཙམ་ལས་གཏིང་མ་དཔོག་པའི་རིགས་འགའ་ཞིག་ལ། ལུས་སྣ་ཚོགས་སུ་སྤྲུལ་ནུས་པ་དང། ཁ་དོག་སྣ་ཚོགས་སུ་ཤར་བ་དང་། གྲིབ་མའམ་མེ་ལོང་ལ་གཟུགས་བརྙན་གཉིས་པར་འཆར་བ་དང་། གཞན་སེམས་ཤེས་སྙམ་བྱེད་པ་སོགས་བྱུང་ན་ཁྲོ་བོར་བསྒོམ་པ་དང་། དྲག་སྔགས་དང་། ཧཱུྃ་གླུ་བརྗོད་ཅིང་གུ་གུལ་བདུག བདུད་རྩི་ཆེ་ཆུང་གིས་མགོ་མཇུག་མེད་པར་བཀྲུ། ལྡེར་ཚོ་རྙིང་པའི་འདག་པ་ཡན་ལག་ལ་བྱུག་གོ། གཞན་དུ་བགེགས་བླ་སློབ་དང་། ཡི་དམ་དུ་བརྫུས་ཏེ་བྱུང་ན་སེམས་བསྐྱེད་དང་སྟོང་ཉིད་བསྒོམ་པས་སེལ་ལོ། །ཁྱད་པར་དག་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན་པར། སྣ་ཚོགས་ལ ས་ཀྱི་མཁའ་འགྲོས་ནམ་མཁའ་ནས་གཟུགས་སྟོན་ཅིང་ལུང་སྟོན་པ་སོགས་བྱེད་ཅིང་ཐུན་མོང་གི་དངོས་གྲུབ་ཙམ་སྒྲུབ་པ་འོང་། དེ་ཡང་དག་པ་མིན་རྟགས་སུ་ཤེས་པ་འགྱུར་ཞིང་སྔར་བས་ཆགས་སྡང་དགག་སྒྲུབ་སོགས་ཇེ་འཕེལ། ཆོས་དང་ཇེ་འགལ་དུ་འགྲོ་ན་བདག་ཉིད་མཁའ་འགྲོ་མའི་དབང་དུ་སོང་བ་ཡིན་ལ། རང་བཞིན་མེད་པའི་དོན་ལ་མཉམ་པར་བཞག་པས་མཁའ་འགྲོ་མ་བདག་གི་དབང་དུ་གྱུར་ནས་བསླུ་མི་ནུས་ཏེ། དེ་རྣམས་བར་ཆད་བདུད་ཀྱི་རྟགས་ཅེས་བྱ་བ་ཡིན་པས། ཉམས་དང་རྟགས་ཀྱི་བྱེ་བྲག་སོ་སོར་མ་ནོར་བར་བརྟགས་ཏེ་བར་ཆད་བདུད་ཀྱི་དབང་དུ་མི་གཏོང་བའི་ཐབས་ལ་བརྩོན་དགོས། ཡང་རླུང་སེམས་འདུས་ཚུལ་གྱི་རྐྱེན་ལས་ཡིད་བརྟན་དུ་མི་རུང་བའི་ཏིང་ངེ་འཛིན་གློ་བུར་དུ་སྐྱེ་བ་དང་། ནམ་མཁར་ལྷ་སྐུ་དང་འོད་སྣང་འཁྲིགས་པ་སོགས་མ་ངེས་པར་བྱུང་ན་འཕེལ་འགྲིབ་ཉམས་ཀྱི་རྟགས་ཞེས་བྱ་བ་ཡིན་པས། སྐབས་སུ་ཆུ་ཡི་དཀྱིལ་དུ་འདུག་ཏེ་ཤིང་གི་བྱང་བུ་སོར་བཅུ་དྲུག་པའི་བར་དུ་མཇིང་པ་ལྟེམས་ནས། ལུས་ལ་ཙན་དན་དང་ཏིལ་གྱི་མར་ཁུས་བསྐུ་མཉེ་བྱ་ཞིང་བསིལ་བའི་ཁ་ཟས་བརྟེན། སྐྱེ་མེད་ཀྱི་སྙིང་པོ་ཨ་ཡིག་བགྲང་བ་སོགས་བྱས་པས་ཉམས་སྣང་ལ་གོལ་འཕྱུག་སོང་བ་དེ་ཡང་དག་པའི་ལམ་དུ་སོར་ཆུད་པར་ནུས་སོ། །ཡང་ལུས་ཤིན་ཏུ་སྦྱངས་པའི་ཡན་ལག་ལ་དབང་ཐོབ་པས་ལུས་ཤིང་བལ་ལྟར་ཡངས་ཤིང་ཟོ་མདོག་བཟང་ལ། སྐྲ་དཀར་དང་གཉེར་མ་མེད་པ་དང་། སྐྲ་སེན་སྐྱེ་བའི་རྒྱུན་ཆད་པ་དང་། ལུས་ལ་རིགས་ལྔའི་ཕྱག་རྒྱ་དང་། སྐུ་གཟུགས་ཡི་གེའི་རྣམ་པ་གསལ་བ་དང་། གཞོན་ཤ་ཆགས་ཤིང་སྐྲ་དཀར་ནག་པོར་འགྱུར་ནས་སེའུ་སྐྱེ་བ་སོགས་དང་། དེ་བཞིན་དུ་ངག་ལ་བདེན་པ་འགྲུབ་པ་དང་། ཅི་སྨྲས་གཞན་ལ་ཕན་པ་དང་། འཁྲུལ་བའི་ཚིག་མི་འབྱུང་ཞིང་ཆོས་སྣ་ཚོགས་རང་རྡོལ་དུ་ཤེས་པ་དང་། གཏམ་རྒྱུད་དང་སྒྲ་སྐད་སྣ་ཚོགས་ཤེས་པ་དང་། ཉན་རང་བྱང་སེམས་ཀྱི་གསུང་ཐོས་ཤིང་དབུགས་ཕྱི་ནང་དུ་རྒྱུ་བ་མེད་པ་སོགས་དང་། སེམས་ཏིང་འཛིན་ལོ་ཟླར་བརྟན་པ་དང་། ཟས་གོས་མི་དགོས་ཤིང་། རླུང་གར་གཏད་དུ་འདྲོངས་པ་དང་། འདས་མ་འོངས་ཀྱི་རྣམ་རྟོག་དག་པས་བྱ་བའི་ཁྲིགས་འགག་པ་དང་། ཚད་མེད་པའི་སྙིང་རྗེ་སྐྱེ་ཞིང་ཉོན་མོངས་མི་འཆར་བ་སོགས་ནི་མི་འགྱུར་གསང་བའི་རྟགས་ཞེས་བྱ་བ་ཡིན་ཏེ། གང་ལའང་དགག་སྒྲུབ་ཀྱི་བློས་མ་གོས་ཤིང་རེ་དོགས་ཀྱི་མཐར་མ་ལྷུང་བ་ནི་གནད་ཡིན་པར་གསུངས་ཏེ། རང་ཤར་ལས། མཁའ་འགྲོ་མ་དག་ལུང་སྟོན་པ་བྱུང་ན་ཉམས་བལྟ་བ་ཡིན་པས་དགོངས་པ་ལ་གཏད་དོ། །ཞེས་དང་། ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་དུས་ན་བདུད་ཀྱིས་བསླུ་བར་ངོ་ཤེས་པར་ཀྱིས་ཤིག ཉམས་ང་བ་མེད་པའི་སྤྱོད་པ་ཀློང་རྡོལ་བའི་དུས་ན་ཤེས་རབ་ཀྱི་འཇུག་ཕྱོགས་ངོ་ཤེས་པར་གྱིས་ཤིག ཅེས་གསུངས་པ་ལྟར་རོ།།

ཐོབ་པ་གསུམ་གྱི་གཟེར་གདབ་པ།

གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་རྐྱེན་སྣང་ཞིང་ཁམས་སུ་འཆར། དེ་དུས་བཅུད་ཀྱི་སེམས་ཅན་ལ་རིག་པ་གཏད་ན། དེ་རྣམས་ལ་རིག་པ་རང་བྱུང་གི་ཡེ་ཤེས་གནས་པའི་གནད་ཀྱིས་ལས་ལ་བཟང་ངན་མེད་པར་ཐམས་ཅད་སངས་རྒྱས་པར་བྱེད་ནུས་ཤིང་། སྣོད་ཀྱི་འཇིག་རྟེན་ལ་གཏད་ན་གཡོ་ཞིང་སྒྲ་འབྱིན་པ་སོགས་བྱེད་ནུས་ཏེ། ཨོ་རྒྱན་ཆེན་པོས་རྗེ་འབངས་གྲོགས་དང་བཅས་པ་མཆོག་གི་གོ་འཕ ང་ལ་བཀོད་པ་དང་། ཉི་མ་སྟོད་ལ་མནན་ཞིང་རྫ་རི་ཉིལ་བ་ཧཱུྃ་སྒྲས་བཟློག་པ་སོགས་དང་། རྔ་ཡབ་སྲིན་པོའི་ཡུལ་གླིང་སྐུ་གསུམ་གྱི་ཞིང་ཁམས་སུ་བསྒྱུར་བ་ལྟ་བུའོ། །ནང་རྡོ་རྗེ་ལུས་ལ་དབང་ཐོབ་པས་གདོས་བཅས་འོད་གསལ་དུ་དག་ནས་སྐུ་ཚེ་དེ་ཉིད་ལ་སྨོན་ལམ་མཐུན་པའི་འགྲོ་བ་སུམ་སྟོང་རིག་པ་གཏད་པའི་མོད་ལ་ལས་ལ་བཟང་ངན་མེད་པའི་གནད་ཀྱིས་གྲོལ་བར་མཛད་ནས། ན་བུན་དབྱིངས་སུ་དེངས་བ་བཞིན་ནང་དབྱིངས་སུ་ཞུགས་ནས། སླར་ཡང་ནང་གསལ་ཐིམ་ལ་མ་རྨུགས་པའི་གདངས་ཕྱིར་གསལ་དུ་སྣང་བ། ལྷུན་གྱིས་གྲུབ་པའི་ཞིང་ཁམས་ཆེན་པོ་ནས་བྱད་དང་མེ་ལོང་གི་རྣམཔར་ཤར་བ་ཕྱེད་སྤྲུལ་ལོངས་སྐུ་སོགས་དང་། གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་གདུལ་བྱ་སོ་སོའི་ཁམས་དབང་མོས་པར་འཚམས་པའི་ལོངས་སྐུ་དང་། མཆོག་གི་སྤྲུལ་པའི་སྐུ་དང་། བཟོ་དང་སྐྱེ་བ་སོགས་སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་དོན་རླབས་ཆེན་མཛད་ནུས་པའོ། །གསང་བ་རླུང་སེམས་ལ་དབང་ཐོབ་པ་ནི། མཚམས་མེད་པ་ལྔ་པོ་བྱས་པའི་རྣམ་པར་ཤེས་པ་ཡང་རིག་པ་གཏད་པས་རང་དང་མཉམ་པར་གྲོལ་ནུས་ཤིང་། རི་གླིང་ནས་རི་གླིང་། འཇིག་རྟེན་ནས་འཇིག་རྟེན་སོགས་སུ་ཟང་ཐལ་དུ་འགྲོ་བ་དང་། མངོན་ཤེས་དཔག་ཡས་ཕྱོགས་མེད་དུ་འཆར་བ་སྟེ། སྔ་མ་ལས། ཐོབ་པ་གསུམ་གྱི་གཟེར་གདབ་པས། །ཟག་བཅས་ཕུང་པོ་མི་སྣང་ངོ། ཞེས་སོ། །

གདེངས་བཞིས་གྲོལ་ཚད་བསྟན་པ།

བཞི་པ་གདེངས་བཞིས་གྲོལ་ཚད་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེངས་བཞིའི་རྣལ་འབྱོར་ཉིད། ཅེས་དང་། རིན་ཆེན་སྤུངས་པ་ལས། མི་འགྱུར་ལྟ་བའི་གདེངས་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་། ཞེས་པས། དེའི་ཚེ་འགྱུར་བ་མེད་པའི་གདེངས་ཆེན་པོ་བཞི་ཡིས་ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་ཚད་སྟོན་པར་བྱེད་དེ། དེ་ཡང་རང་རིག་ཡེ་ནས་མ་འཁྲུལ་བའི་ཐོག་ཏུ་བདེ་སྡུག་མྱོང་བ་མི་སྲིད་པར་ཤེས་པས་རིགས་དྲུག་གི་སྡུག་བསྔལ་དང་ཚེ་ཚད་ཐོས་ཀྱང་ངན་འགྲོར་ལྟུང་བས་འཇིགས་པ་དང་དོགས་པ་མེད་པའི་གདེངས་དང་། འཁོར་བ་མིང་ཙམ་ཡང་མ་གྲུབ་པར་ཤེས་པས་རྒྱུ་འབྲས་རྣམ་སྨིན་མྱོང་བ་ལ་རེ་དོགས་མེད་པའི་གདེངས་དང་། ཆོས་ཉིད་ཀྱི་གཤིས་ལ་འཁྲུལ་གྲོལ་མི་སྲིད་པར་ཤེས་པས་ཐོབ་བྱ་མཐར་འཛིན་གྱི་འབྲས་བུ་ལ་རེ་སྨོན་དང་རྩོལ་སྙམ་མེད་པའི་གདེངས་དང་། རང་རིག་པ་ལས་ཐ་དད་པའི་སངས་རྒྱས་རྒྱུ་རྡུལ་ཙམ་ཡང་མེད་པར་ཤེས་ཤིང་གཤིས་ཐོག་དེར་ཕེབས་པས་དཀོན་མཆོག་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པ་ཐོས་ཀྱང་མཚན་འཛིན་དང་དགའ་བྲོད་མཉམ་པ་ཉིད་དུ་དག་པའི་གདེངས་སྟེ་རྣམ་པ་བཞིས་ཚད་དུ་བསྐྱོལ་ནས་ཉམས་ལེན་མཐར་ཕྱིན་པའོ། །དེ་ལྟར་མཐའ་རྟེན་བཞིའི་དགོས་པ་ཡང་། རྒྱུད་ལས། གནས་སྐབས་སུ་རང་ཐད་ཀྱི་དོན་རྣམས་སོ་སོར་འགྲུབ་ཅིང་། མཐར་ཐུག་གོང་མའི་ཡོན་ཏན་རྟོགས་པ་མཐར་ཕྱིན་པར་འགྱུར་བ་དང་། དེ་མེད་ན་མཐར་ཕྱིན་མི་ནུས་པ་ཡང་རྒྱུད་ལས། མཐའ་རྟེན་དག་གི་མན་ངག་གིས། །གོང་མའི་ཡོན་ཏན་མཐའ་རུ་ཕྱིན། ཞེས་དང་། མཐའ་རྟེན་གནད་ཀྱི་རྒྱབ་མེད་ན། །རྫོགས་ཆེན་ཉམས་ལེན་མཐར་མི་ཕྱིན། ཅེས་སོ།།

འབྲས་བུའི་གྲོལ་ཚུལ་བསྟན་པ།

ཐུན་མོང་གི་གྲོལ་ཚུལ།

གསུམ་པ་འབྲས་བུའི་གྲོལ་ཚུལ་བསྟན་པ་ལ། ཐུན་མོང་དང་། ཁྱད་པར་གྱི་གྲོལ་ཚུལ་གཉིས་ཏེ། དང་པོ་ཐུན་མོང་གི་གྲོལ་ཚུལ་ལའང་གསུམ་ལས། སའི་ནོན་ཚུལ་ནི། རང་ཤར་ལས། ས་ཞེས་བྱ་བ་ལོགས་ན་ཡོད་པ་མ་ཡིན་ཏེ། བདེན་པ་མཐོང་བའི་གང་ཟག་གཅིག་ལ་ས་རྣམས་རྫོག ས་ནས་ཡོད་དོ། །དེ་ཡང་ངོ་སྤྲོད་བསྟན་པའི་གང་ཟག་དེ་དང་པོ་བདེན་པ་མཐོང་བའི་དུས་ན་དེ་ལ་དགའ་བ་སྐྱེས་པ་ནི་ས ་དང་པོ་རབ་ཏུ་དགའ་བའོ། །དེ་ཡང ་རང་གི་སྣང་བ་ཡིན་པར་ཤེས་པ་ནི་ས་གཉིས་པ་དྲི་མ་མེད་པའོ། །དེ་ནས་དེ་ལ་གོམས་པ་ནི་ས་གསུམ་པ་འོད་བྱེད་པ་ཐོབ་པའོ། །དེ་ནས་དེ་ལ་གོམས་ནས་འོད་ཀྱི་སྣང་བ་མཐོང་བ་ནི་བཞི་པ་འོད་འཕྲོ་བའི་ས་ནོན་པའོ། །དེས་ཡེ་ཤེས་ཀྱི་སྣང་བ་མཐོང་བ་དེ་ལ་གོམས་ནས་ཉོན་མོངས་པ་ཐམས་ཅད་རང་བཞིན་གྱིས་སྦྱངས་ནས་ཡེ་ཤེས་མཐོང་བ་དེ་ནི་ལྔ་པ་སྦྱོང་དཀའ་བའི་ས་ནོན་པའོ། །དེ་ནས་འོད་ལས་ཐལ་བའི་སྐུ་མཐོང ་བའི་ཚེ་དྲུག་པ་མངོན་དུ་གྱུར་པའི་ས་ནོན་པའོ། །དེ་ནས་གོམས་པ་མཐར་ཕྱིན་ནས་ཉོན་མོངས་པ་རིང་དུ་སོང་བའི་ཚེ་བདུན་པ་རིང་དུ་སོང་བའི་ས་ནོན་པའོ། །དེ་ནས་དེའི་ངང་ལ་ཡོན་ཏན་རྫོགས་པ་ནི་བརྒྱད་པ་མི་གཡོ་བའི་ས་ནོན་པའོ། །དེ་ནས་ཡོན་ཏན་དེ་ལ་མི་གཡོ་བར་གནས་པ་ནི་དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་ཤེས་པ་ཟིན་ནས་སྣང་བ་ལྷུག་པར་ཤར་བ་ནི་ཆོས་ཀྱི་སྤྲིན་ལྟ་བུར་མཐོང་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ནོན་པའོ། །དེ་ནི་གང་ཟག་གི་བདེན་པ་མཐོང་བ་དབུགས་འདི་ཉིད་མ་བོར་བ་ལ་ནོན་པའོ། །གང་ཟག་དབུགས་བོར་བ་རྣམས་ལ་འདི་ལྟར་ནོན་པ་ཡིན་ནོ། །འཁྲུལ་བ་འགགས་ནས་ཚོམ་བུའི་སྣང་བ་ཤར་བ་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་པ་ཡིན་ནོ། །དེ་ཡང་སྣང་བ་དེ་ལ་མ་ཆགས་པར་ཕྱི་ནང་གི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ནི་བཅུ་གཉིས་པ་མ་ཆགས་པདྨ་ཅན་གྱི་ས་ནོན་པ་ཡིན་ནོ། །རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཟེར་ཐག་ཤར་ནས་ནམ་མཁའི་མཐོངས་ནས་འོད་ཀྱི་ཚོམ་བུ་ལྔ་འཁོར་ལོའི་ཚུལ་དུ་གནས་པ་ནི་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་གནས་པ་ནི་བཅུ་བཞི་པ་བདེ་བ་ཆེན་པོའི་ས་ནོན་པའོ། །དེ་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་པ་ནི་བཅོ་ལྔ་པ་ཏིང་ངེ་འཛིན་གྱི་ས་ནོན་པའོ། །དེ་ནས་ཀ་དག་གི་ས་ལ་ཡེ་ཤེས་ལྷུག་པར་ཤར་བས་དེའི་གོང་ན་གཞན་མེད་པ་ནི་བཅུ་དྲུག་པ་ཡེ་ཤེས་བླ་མའི་ས་ནོན་པའོ། །ཞེས་དང་། ཀློང་གསལ་ལས། བདེན་པ་མཐོང་བའི་གང་ཟག་གིས། །དང་པོའི་ས་ནས་བཅུ་དྲུག་བར། །རིམ་པར་ཉམས་སུ་བླངས་པས་འབྱུང་། །གཞན་དང་སྒོ་བསྟུན་གནས་སྐབས་ཀྱི། །ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ། །ཞེས་གསུངས་པ་ལྟར་བརྩོན་འགྲུས་རབ་དང་ལྡན་པའི་བདེན་མཐོང་གི་རྣལ་འབྱོར་བ་རྣམས་ཀྱིས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དང་པོར་མཐོང་བ་ནས་བརྩམས་ཏེ་ས་དང་པོ་རབ་ཏུ་དགའ་བ་ནས། བཅུ་དྲུག་པ་ཡེ་ཤེས་བླ་མའི་སའི་བར་རྣམས་རིམ་གྱིས་བགྲོད་ནས་སོ། །སངས་རྒྱ་ལུགས་ནི་ཐུན་མོང་དུ་སངས་རྒྱ་བ་ཞེས་ཕུང་པོ་ལྷག་མ་དང་བཅས་ཏེ་མངོན་པར་སངས་རྒྱ་བའོ། །རྟགས་ཀྱི་འབྱུང་ཚུལ་ནི། རླུང་ཚད་ལ་ཕེབས་པས་འདས་པའི་དུས་སུ་སྒྲ་འབྱུང་ཞིང་། དེ་བཞིན་དུ་འོད་ཚད་ལ་ཕེབས་པས་འོད་དག་དང་། དབྱིངས་ཚད་ལ་ཕེབས་པས་ས་གཡོ་བ། ཐིག་ལེ་ཚད་ལ་ཕེབས་པས་སྐུ་གདུང་དང་རིང་བསྲེལ། ཞིང་ཁམས་ཚད་ལ་ཕེབས་པས་འཇའ་ཚོན། སྐུ་ཚད་ལ་ཕེབས་པས་སྐུ་རྣམས་རིམ་པར་འབྱུང་སྟེ། གྲོལ་ལུགས་དེ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བར་ཡང་། སྙིང་གི་མེ་ལོང་གི་རྒྱུད་ལས། མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། མངོན་པར་རྫོགས་པའི་སངས་རྒྱས་པའོ། །ཞེས་དང་། མངོན་པར་རྫོགས་པར་སངས་རྒྱས་པ་ནི་འོད་དང་སྒྲ་དང་སྐུ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་ངོ། །ཞེས་གསུངས་སོ། །

ཁྱད་པར་གྱི་གྲོལ་ཚུལ།

གཉིས་པ་ཐུན་མོང་མ་ཡིན་པ་ཁྱད་པར་གྱི་གྲོལ་ཚུལ་ནི། སྒོ་གསུམ་མཚན་མར་འཛིན་པའི་ཉོན་མོངས་པ་ཕྲ་རགས་ཀྱི་ཚོགས་འབྱུང་ལུས་ཀྱི་འཛིན་ཆགས་ལྟོས་པ་དང་བཅས་པ་ཐམས་ཅད་རང་སར་སངས་ནས། ཕུང་པོ་ལྷག་མ་མེད་པར་ཡེ་ཐོག་དང་པོའི་གཞིར་རང་གྲོལ་ནས། ངོ་བོ་སྐུ་དང་། རང་བཞིན་མཁྱེན་པའི་ཡེ་ཤེས། ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་རྒྱས་པས་སྐུ་གསུམ་དང་ཡེ་ཤེས་གསུམ་འདུ་འབྲལ་མེད་ཅིང་ཐུགས་རྗེ་ལ་རྒྱུན་ཆད་མེད་པ་དེ་ལ་ཆོས་ཟད་ཀ་དག་གི་འབྲས་བུ་ཡང་དག་པར་རྫོགས་པར་འཚང་རྒྱ་བ་ཞེས་བྱ་སྟེ། སངས་རྒྱས་སྐུ་གསུམ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་པ་ལྷུན་གྱིས་རྫོགས་ཤིང་། འགྲོ་བའི་དོན་འཁོར་བ་མ་སྟོང་གི་བར་ཏུ་འབད་པ་མེད་པར་འགྲུབ་པ་སྟེ། རྒྱུད་སྙིང་གི་མེ་ལོང་ལས། ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །ཞེས་དང་། རང་ཤར་ལས། མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས། །སངས་རྒྱས་ཞེས་ཀྱང་དེ་ལ་བྱ། ཞེས་དང་། མུ་ཏིག་ཕྲེང་བ་ལས། གྲོལ་བ་ཉིད་ནི་ཐོག་མའོ། །ཞེས་དང་རྒྱུད་ལས། ངོ་བོ་སྟོང་གསལ་ཡེ་ཤེས་སྐུ། །རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོར་ཡེ་སངས་རྒྱས། ཞེས་དང་། རྩ་རྒྱུད་ཐལ་འགྱུར་ལས། ཆོས་ཀྱི་སྐུ་ནི་སྐུ་དང་གསུང་། །ཐུགས་དང་ཡོན་ཏན་ཕྲིན་ལས་སོ། །སྐུ་ནི་སྟོང་དང་གསལ་བ་དང་། །མཚན་མ་མེད་པའི་རང་བཞིན་ནོ། །གསུང་ནི་སྒྲ་ཚིག་མིང་དང་བྲལ། །བརྗོད་ཅིང་གླེང་གཞི་ཉིད་བྲལ་ལོ། །ཐུགས་ནི་བསམ་དང་འགྱུ་མེད་པས། །འཕྲོ་ཞིང་དཔྱོད་པ་རྣམས་ལས་འདས། །ཡོན་ཏན་ཕྱིར་མི་འོང་དང་ལྡོག་པ་མེད། །དབྱིངས་དང་ཡེ་ཤེས་ཁྱབ་པ་དང་། །རང་བཞིན་བཅོས་པ་མེད་པའོ། །ཕྲིན་ལས་མ་བྱུང་མ་སྐྱེས་བྱས་པ་མེད། །ཤུགས་འབྱུང་བ་དང་འགགས་པ་མེད། །མ་བྱས་བྱས་པ་མེད་པའོ། །ལོངས་སྤྱོད་སྐུ་ལ་སྐུ་གསུང་ཐུགས་ཡོན་ཕྲིན། །སྐུ་ནི་སྣང་ལ་རང་བཞིན་མེད། །གསལ་དང་གསལ་བྱེད་རིག་པས་ཁྱབ། །གསུང་ནི་རང་བྱུང་རང་སྣང་དང་། །སྤྲོ་བསྡུ་སྣང་བའི་འཁོར་ལོའོ། །ཐུགས་ནི་རྒྱུན་ཆད་མེད་གཟིགས་དང་། །མཁྱེན་པའི་རྩལ་དང་དགོངས་པའོ། །ཡོན་ཏན་མཚན་དཔེ་རྫོགས་པ་ལ། །དགོངས་གསལ་མངོན་ཤེས་རྫོགས་པའོ། །ཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས། །ཕྱི་ནང་གསང་བ་རྣམས་སྤྲོས་ཏེ། །སོ་སོའི་རིགས་ཀྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །རང་བྱུང་ལྗགས་ལས་རྣམ་སྤྲོས་ཏེ། །འཁོར་ལ་རང་གི་ངོ་བོས་སྟོན། །སྤྲུལ་པའི་སྐུ་ལ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །སྐུ་ནི་མཚན་དང་དཔེ་བྱད་ལ། །གདུལ་བྱ་གང་འདུལ་ལུས་སྤྲུལ་ཏེ། །གསུང་ནི་ཚིག་སྦྱོར་ལེགས་པ་ལ། །ཚངས་དབྱངས་ཡན་ལག་དྲུག་ཅུ་བཞི། །ཐུགས་ནི་ཤེས་བྱའི་ཡེ་ཤེས་གཉིས། །རང་གཞན་དོན་གཉིས་རྫོགས་པར་གནས། །ཡོན་ཏན་མཁྱེན་པ་རྫོགས་པ་དང་། །ཕྲིན་ལས་ཕྱི་ནང་གསང་བ་ཡི། །མཛད་པ་མ་ལུས་རྫོགས་པ་སྟེ། །ཕུན་སུམ་ཚོགས་པ་ལྔར་གནས་པའོ། །ཞེས་གསུངས་སོ། །དེ་ལྟར་ཆོས་སྐུ་སྤྲོས་པ་དང་བྲལ་བ། ལོངས་སྐུ་མཚན་དཔེར་གསལ་བ། སྤྲུལ་སྐུ་སྣ་ཚོགས་སུ་སྣང་བ། མི་འགྱུར་རྡོ་རྗེའི་སྐུ་ནི་དེ་དག་གི་ཆོས་ཉིད་ངོ་བོ་ཉིད་སྐུ་དག་པ་གཉིས་ལྡན་ཏེ། གདོད་ནས་དྲི་མ་མེད་པས་རང་བཞིན་དག་ཅིང་། གློ་བུར་གྱི་དྲི་མ་རང་ངོ་ཤེས་པས་དག་པའོ། །མངོན་པར་བྱང་ཆུབ་པའི་སྐུ་ནི་དམིགས་པ་མེད་པའི་ཐུགས་རྗེ་དང་ཕྲིན་ལས་འཁོར་བ་མ་སྟོང་གི་བར་དུ་མཛད་པ་སྟེ། རྫོགས་པ་ཆེན་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་འབྲས་བུ་རང་ཤར་རང་གསལ་རང་གྲོལ་ཆེན་པོ། གདོད་མའི་གཞི་ཀ་དག་གི་ས་ལ་གཞི་ཇི་བཞིན་པར་སངས་རྒྱས་ཏེ། བྱང་ཆུབ་ཕྱིར་མི་ལྡོག་པའི་ཡེ་ཤེས་བརྙེས་པ་ཞེས་བྱའོ། །དེས་ལྷུན་གྲུབ་ཐོད་རྒལ་གྱི་ཟབ་དོན་ཉམས་སུ་ལེན་པའི་ཁྲིད་རིམ་རྣམས་མཐར་ཕྱིན་ནས།

རྗེས་ཀྱི་ཁྲིད།

དབང་པོ་དང་བརྩོན་འགྲུས་འབྲིང་བར་དོར་འཚང་རྒྱ་བའི་མན་ངག

རང་བཞིན་བར་དོ།

བར་དུ་དགེ་བའི་དོན་ཁྲིད་ཀྱི་ས་བཅད་གསུམ་པ་རྗེས་ཀྱི་ཁྲིད་ལ། དབང་པོ་དང་བརྩོན་འགྲུས་འབྲིང་དང་ཐ་མའི་རིམ་པས་ཁྲིད་རིམ་གཉིས་ལས། དང་པོ་དབང་པོ་དང་བརྩོན་འགྲུས་འབྲིང་བར་དོར་འཚང་རྒྱ་བའི་མན་ངག་ནི། གལ་ཏེ་དབང་པོ་རྣོན་པོ་བརྩོན་འགྲུས་རབ་དང་ལྡན་ན་ཡང་། རྐྱེན་གྱིས་བར་ཆད་པའམ་ཐོས་བརྩོན་དབང་པོ་འབྲིང་པོའི་རིགས་རྣམས་བར་དོ་བཞི་ལས། འཆི་ཁ་ཕན་ཆད་གང་རུང་ལ་གྲོལ་བར་གསུངས་པས། དེར་གྲོལ་བྱེད་ཀྱི་མན་ངག་ལ་ད་ལྟ་ནས་བསླབ་དགོས་ཏེ། དེ་ཡང་སྤྱིར་གཞི་སྣང་ཡེ་ཤེས་སུ་ཤར་བའི་སྣང་ཆ་རྣམས་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་མ་དག་པ་འཁྲུལ་བའི་བར་དོ་སྟེ། གཞི་དབྱིངས་ཀ་དག་ལས་ཤར་ནས། སླར་འཆར་གཞིའི་དབྱིངས་སུ་མ་རྫོགས་བར་གྱི་སེམས་པ་ས་བོན་དང་བཅས་པ་བར་དོ་ཡིན་ལ། བྱེ་བྲག་ཏུ་དབྱེ་ན་འདིར། རྩ་རྒྱུད་ལས། དབྱེ་ན་རྣམ་པ་བཞི་དག་ལས། ཞེས་པ་ལྟར། རང་བཞིན། འཆི་ཁ། ཆོས་ཉིད། སྲིད་པ་བར་དོ་སྟེ། བར་མ་དོའི་ས་མཚམས་བཞིར་ངེས་པ་ལས།

དང་པོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་ནས། འཆི་ངེས་ཀྱི་ནད་ཚབ་ཆེན་པོས་ཐེབས་པ་ཚུན་ཆད་ལ་རང་བཞིན་ནམ། སྐྱེ་གནས་ཀྱི་བར་དོ་ཞེས་བྱ་སྟེ། དེ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པ། དེད་དཔོན་གསེར་གླིང་དུ་འགྲོ་བའམ། ཐི་བྱ་ཚང་ལ་འཇུག་པ་ལྟ་བུའི་གདམས་པ་ཞིག་དགོས་པས། དེ་ཡང་དེད་དཔོན་གྲུ་ཆས་བསག་པ་དང་། ཐི་བྱས་ཚང་བརྟག་པ་ལྟར། ད་ལྟ་ནས་བླ་མ་དམ་པ་ལ་བརྟེན་ནས། དེས་ཇི་ལྟར་བསྟན་པའི་ཐོས་བསམ་སྒོམ་པའི་བྱ་བ་རྣམས་ལ་ལེ་ལོ་དང་། ཕྱིར་བཤོལ་གྱི་དབང་དུ་མི་གཏོང་བར་ནན་ཏན་གྱིས་བརྩོན་ནས་སྒྲོ་འདོགས་ཆོད་པར་བྱས་ཏེ་འཆི་བའི་དུས་ལ་བབ་ཀྱང་ཡ་ང་དང་། འཇིགས་སྐྲག་མེད་པར་ཕ་ཁྱིམ་དུ་བུ་འགྲོ་བ་ལྟར་སྤྲོ་དུང་ངེ་བ་ཞིག་དགོས་པ་ཡིན།

འཆི་ཁའི་བར་དོ།

གཉིས་པ་ནི། འཆི་ལ་ཐུག་པ་ནས་ནང་དབུགས་ཁྲོག་གེ་ཆད་པ་ཚུན་ལ་འཆི་ཁའི་བར་དོ་ཞེས་བྱ་སྟེ། དེ་ལ་རྒྱལ་པོའི་བཀའ་ཕྲིན་བསྐུར་བའམ། མི་གསལ་བ་གསལ་ཐབས་ལ་སྒེག་མོས་མེ་ལོང་ལ་ལྟ་བ་ལྟ་བུའི་གདམས་པ་ཞིག་དགོས་ཏེ། དེ་ཡང་རྫོགས་པ་ཆེན་པོའི་གང་ཟག་འཆི་རྟགས་དང་གར་འཆི་དང་ནམ་འཆི་རྩིས་གདབ་མེད་པར་བུ་ཆུང་ལྟར་འཆི་བ་རྣམས་ལ་གདམས་པ་འདི་མི་དགོས་ཀྱང་། འབྲིང་གི་རབ་ཡུལ་རྐྱེན་གྱིས་མི་གནོད་པར་སྤྲང་པོ་ལྟར་གྲོང་དང་རྒྱ་ལམ་གྱི་སྲང་མདོར་འཆི་བ་དང་། འབྲིང་ཡུལ་རྐྱེན་མེད་པར་རི་དྭགས་དང་སེང་གེ་ལྟར་ལུང་སྟོང་རི་ཕུག་གངས་ཁྲོད་སོགས་སུ་འཆི་བ་དག་ལ་གདམས་པ་གཉིས་ཏེ། སྐུ་དང་ཡེ་ཤེས་ལ་འཇུག་པ་འོད་གསལ་སྦུབས་འཇུག་གི་གདམས་པ་ནི། ད་ལྟ་ནམ་མཁའ་དྭངས་བའི་ཚེ་ལུས་སེང་གེའི་ཉལ་ལུགས་སམ། བཞུགས་སྟངས་གསུམ་པོ་གང་རུང་ལ་གནས་པས་རིག་པ་དབྱིངས་སུ་གཏད་ཏེ། བདག་ངེས་པར་འཆི་བའི་དུས་ལ་བབས་པ་ཡིན་པས་སྤྲོས་པ་མེད་པའི་ཀློང་དུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་དབུགས་ཕྱིར་འཕངས་པའི་ཕྱི་ལ་ཤེས་པ་གཏད་མེད་དུ་འཇོག་པ་ལ་གོམས་སུ་བཅུག་སྟེ། དུས་ལ་བབས་པ་ནའང་སེང་གེའི་ཉལ་ལུགས་སོགས་སུ་གནས་པས་ཤེས་པ་མིག་དང་། མིག་དབྱིངས་རིག་ལ་གཏད་དེ། ཀ་དག་གི་ངང་ལ་སྤྲོ་བསྡུ་མེད་པར་འཇོག་པའི་ངང་ནས་ཚེའི་འདུ་བྱེད་བཏང་བས་སྐད་ཅིག་ལ་གྲོལ་བར་འགྱུར་ཏེ། གསང་ལམ་ངོ་སྤྲོད་ཅེས་བྱ་བ་ཤིན་ཏུ་མྱུར་བའི་ལམ་གནད་ཟབ་མོའོ། །ཡུལ་དང་གནས་ལ་འཇུག་པ་འཕོ་བའི་གདམས་པ་ནི། ཟབ་ལམ་འཕོ་བའི་མན་ངག་སྤྱི་ལྟར་ལ། ཁྱད་པར་རླུང་ཐ་མ་ཕྱིར་འགྲོ་དུས་སྙིང་ཀར་རིག་པ་ཨ་དཀར་པོའི་རྣམ་པར་གནས་པ་ཚངས་བུག་ནས་ཡར་སངས་ཀྱིས་སོང་བར་བསམ་པའི་མོད་ལ་ཧིཀ་ཉེར་གཅིག་རེ་བརྩེགས་མར་བརྗོད་པ་ལ་འདྲེས་ཤིང་གོམས་པར་བྱས་ཏེ། སྐབས་སུ་བབས་པ་ན་ཡང་དེ་ལྟར་གསལ་གདབ་པས་ཐིམ་རིམ་ལ་མ་ལྟོས་པར་བྱང་ཆུབ་སེམས་དཔའི་འཕོ་ལུགས་དག་གིས་གྲོལ་ཞིང་མྱ་ངན་ལས་འདའ་བ་ཡིན་ཏེ། ཉི་ཟླ་ཁ་སྦྱོར་ལས། སྐུ་དང་ཡེ་ཤེས་འཇུག་ལུགས་ནི། །རིག་པ་འདི་ལྟར་གཏད་པར་བྱ། །ཕུང་པོ་སེང་གེའི་ཉལ་ལུགས་ཀྱིས། །རིག་པ་ཉིད་ནི་མིག་ལ་གཏད། །ཡུད་ཙམ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མི་མྱུར་ན། །མི་དེ་བར་དོ་མེད་པར་ནི། །འཚང་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་དང་། ཡུལ་གནས་དག་ལ་འཇུག་ལུགས་ནི། གྲོང་འཕོ་གྲོང་འཇུག ་གདམས་པ་སྟེ། །རྣམ་ཤེས་རླུང་ལ་ཞོན་ནས་སྦྱངས། །དེ་ཡང་གོང་དུ་འབྱོང་བ་གཅེས། །རིག་པ་བསྡུ་དང་འཕང་པ་གཅེས། །དེ་ཡང་ཧིག་གིས་འཕང་བའོ། །དེ་ཉིད་བླ་མའི་ཞལ་ལ་ཐུག །ཅེས་སོ། །འབྲིང་གི་ཐ་མ་མན་ངག་ཐོབ་ཀྱང་གནད་དང་མི་ལྡན་པའམ། །ཐ་མལ་པའི་རྣམ་པ་སྤྱི་ལ། འབྱུང་བའི་ཐིམ་རིམ། རླུང་གི་བྲོས་ཚུལ། སྣང་བའི་སྡུད་རིམ་རྣམས་རིམ་པར་འབྱུང་སྟེ། དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་རང་ཐིམ་ནས། །ལུས་ནི་ལྕི་ཞིང་ལྡང་མི་ནུས། །ལངས་དང་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་ཕྲ། །མིག་ཀྱང་གྱེན་ལ་ལྡོག་པའོ། །རྟགས་འདི་སུ་ལ་བྱུང་བ་དེ། །འདི་ལ་མི་གནས་ཕ་རོལ་འགྲོ། །དེ་ཚེ་བླ་མའི་གདམས་ངག་རྣམས། །རང་གི་རྒྱུད་ལ་འདྲེས་པར་བྱ། །ཞེས་དང་། རྒྱུད་ལས། འདོར་བྱེད་དོན་གྱི་རླུང་བྲོས་པས། །ལུས་ནི་མི་ཐེག་སྒྱིད་པ་སྐྱུར། །ཡན་ལག་མི་འདུ་སྨྲ་བར་དཀའ། །མིག་ལྡོག་དབུགས་ནི་ཕྱི་རུ་འཕུལ། །བཀྲག་མདངས་བསྐྱེད་པའི་རླུང་བྲོས་པས། །ལུས་སྐམ་ཁ་སྣ་བག་རྡུལ་ཆགས། །ཤ་ཚ་ཁ་སྐམ་གཤིན་དྲི་མནམ། །དངས་སྙིགས ་འབྱེད་པའི་རླུང་བྲོས་པས། །བཟའ་བཏུང་མི་ལེན་ལུས་སྟོབས་འཆོར། །མེ་དང་མཉམ་པའི་རླུང་བྲོས་པས། །ལུས་ཀྱི་དྲོད་ནི་མཐའ་ནས་འཆོར། །སྐལ་པ་ལས་ཀྱི་རླུང་བྲོས་པས། །ལུས་ལ་ཟ་ཟི་ཕྱད་ཕྱོད་མང་། །རྩ་ཕྲན་ཁྲག་ནི་སྲོག་རྩར་འདུས། །ཞེས་དང་། དེ་ཚེ་སྣང་བ་འདི་ལྟར་འདུ། །ཕྱི་ཡི་དབང་པོ་དྲན་བྱེད་རྣམས། །མུན་སྲོས་བཞིན་དུ་འུབ་ཀྱིས་འདུས། །རིག་པ་སྙིང་གི་དཀྱིལ་དུ་འདུས། །སྨྲ་ཡང་མི་ཤེས་དྲན་པ་ཉམས། །དེ་ནས་ལུས་ནི་ཁྲག་འདུས་ནས། །སྲོག་རྩའི་ནང་ནས་སྙིང་དུ་བརྒྱབ། །ཁ་དང་མིག་ནི་སྐྱ་ལོག་འགྲོ། །དབུགས་ནི་ཁྲུ་གང་ཙམ་དུ་ཆད། །དེ་ནས་ཁྲག་ཐིགས་གཉིས་བརྒྱབ་པས། །མགོ་འགུག་དབུགས་ནི་འདོམ་གང་ཆད། །དེ་ནས་ཁྲག་ཐིགས་གསུམ་བརྒྱབ་པས། །ཨིག་ཅིང་དབུགས་ནི་མདའ་གང་ཆད། །དེ་ནས་ཕྱི་དབུགས་ཆད་པ་དང་། །རིག་པ་སྙིང་དཀྱིལ་བརྒྱལ་ནས་སྡོད། །དེ་ནས་ནང་གི་དབུགས་ཆད་ནས། །ཆོས་ཉིད་བར་དོ་འཆར་བ་ཡིན། །ཞེས་གསུངས་པས། །ད་ལྟ་དེ་རྣམས་རིམ་པར་བློ་ལ་ངེས་ཐག་ཆོད་པར་བྱས་པས། མི་ཞིག་ལ་རྒྱལ་པོའི་བཀའ་ཕྲིན་བསྐུར་ན་དེས་ཆད་པ་ལ་སྐྲག་ནས་མི་བརྗེད་པའམ། སྒེག་མོས་མེ་ལོང་ལ་བལྟས་པས་རང་གི་བྱད་གསལ་བོར་མཐོང་བ་ལྟར། འཁོར་བར་ལྟུང་གིས་དོགས་ནས་མི་བརྗེད་ཅིང་ཐོག་ཏུ་བབས་པ་ན་སྙིང་སྡུག་མཛའ་བོ་མཐོང་བ་ལྟར་ངོས་ཟིན་སླ་བ་ཡིན།

ཆོས་ཉིད་བར་དོ།

གསུམ་པ་ནི། དེ་ནས་བཟུང་སྟེ་ཡེ་ཤེས་ལྷུན་གྲུབ་ཀྱི་སྣང་བ་ལ་ཐིམ་པའི་མཇུག་གི་བར་ཚུན་ལ་ཆོས་ཉིད་བར་དོ་ཞེས་བྱ་སྟེ། དེ་ལ་ཡ་ང་བའི་ལམ་ལ་གྲོགས་དང་ཕྲད་པའམ། མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་ཞིག་དགོས་ཏེ། དེ་ལ་ལུས་སེམས་འབྲེལ་དུས་ཀྱི་ཐིམ་རིམ་རྣམས་རྫོགས་ནས་འབྲེལ་ཆད་དུས་ཀུན་གཞིའི་རྣམ་ཤེས་ཀྱི་ངང་ལ་དར་ཅིག་བརྒྱལ་བ་དེ་ས ངས་མ་ཐག་ཏུ་རྣམ་ཤེས་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་པས། ཞི་བ་ཆོས་ཀྱི་སྐུའི་ནམ་མཁའ་ཞེས་བྱ་བ་སྤྲིན་མེད་པའི་ནམ་མཁའ་ལྟར་སྟོང་གསལ་སྒྲིབ་གཡོག ་དང་བྲལ་བ་ཞིག་འཆར། དེ་ངོས་ཟིན་ནས་གཤིས་རང་ཐོག་ཏུ་བཅས་བཅོས་མེད་པར་བཞག་པས་ཀ་དག་གི་ནང་དབྱིངས་གདོད་མའི་གྲོལ་གཞི་ཆེན་པོར་རང་གྲོལ་བའོ། །དེ་ནས་རིམ་པར་རྩ་རྒྱུད་ལས། འདིར་ནི་ཆོས་ཉིད་བར་དོར་བཤད། །འཆི་ཁ་ལ་ནི་ཐལ་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱིས་ལུས། །ལུས་དང་གྲིབ་མ་བཞིན་དུ་འགྱུར། །དེ་ཚེ་འོད་སྣང་དུམ་བུའི་ཚེ། །མཁས་པས་སྣང་བ་མཆེད་པས་བཟུང་། །གཡོ་བ་རླུང་དག་མཆེད་པ་ཡིས། །ཁ་དོག་ལྔ་ཡི་འོད་ཟེར་རྣམས། །མ་ངེས་འཇའ་ཚོན་རིས་སུ་སྣང་། །ཞེས་དང་། དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པས། འཇུག་ཅིང་འབྱུང་བའི་རླུང་ལ་ཡང་། །ཕྱོགས་བཞི་མཚམས་དང་སྟེང་འོག་དྲུག །དེ་ལས་ཕྱོགས་ཀྱི་འོད་འདུས་པས། །རིགས་ལྔའི་སྐུ་ཡང་མངོན་པར་སྣང་། །མཐིང་ག་དཀར་སེར་དམར་ལྗང་ནི། །སོ་སོའི་ཡུམ་དང་བཅས་པར་སྣང་། །སོ་སོའི་མཚམས་སུ་རྫོགས་པ་ལ། །ལྔ་ལྡན་བརྒྱ་ལྡན་བཅུ་ལྡན་དང་། །ཚོམ་བུ་སྟོང་དང་འབུམ་ཕྲག་ནི། །བསམ་ངོ་རང་བཞིན་དག་པ་ཡིས། །བརྗོད་ཀྱིས་མི་ལངས་གྲངས་མེད་འཆར། །ཞེས་དང་། རྒྱུད་ལས། དེ་ཚེ་སྒྲ་འོད་ཟེར་དུ་འཁྲིགས། །སྐུ་ཡི་སྣང་བས་སྐྲག་པར་བྱེད། །ཅེས་དང་། དེའི་རྗེས་སུ་ཡང་། ཉི་ཟླ་ཁ་སྦྱོར་ལས། དེ་ཚེ་རང་གི་སྙིང་ཁ་ནས་འོད་ཤིན་ཏུ་ཕྲ་བ་གཅིག་འཆར་ཏེ། ཚོམ་བུའི་འོད་ཟེར་དང་རང་གི་སྙིང་གའི་འོད་དེ་གཉིས་འབྲེལ་བའི་ཚེ་སྐུ་དེ་དག་ཐམས་ཅད་ཀྱི་ཐུགས་ཀར་འབྲེལ་ཏེ་འཆར་རོ། །དེ་ལ་རང་གི་ཤེས་པས་ཟིན་ཏེ་མི་རྟོག་པའི་བསམ་གཏན་ལ་རང་བཞིན་གྱིས་གནས་སོ། །དེས་ན་རིག་པ་འོད་ལ་འཇུ ག་པ་ཞེས་བྱ་སྟེ་སྣང་བ་དེ་ཀུན་ཡང་ཕྲིག་པ་མངོན་པ་སྣང་བ་སྙམ་བྱེད་དོ། །སྙིང་གའི་ཟེར་ཐག་དེ་ལ་ཡང་ཐིག་ལེ་ཕྲ་མོ་གྲངས་མེད་པ་འཆར་རོ། །ཞེས་དང་། དེ་ནས་ཡང་རང་གི་སྙིང་ཁ་ནས་འོད་ཀྱི་ཟེར་ཐག་ཚོན་སྐུད་སྒྲིལ་བ་ཙམ་ཞིག་འཆར་ཏེ། དེ་ནས་སྐུ་དེ་དག་ཀྱང་རང་གི་ལུས་ལ་ཐིམ་པ་སྙམ་བྱེད་པའི་སྣང་བ་འཆར་ཏེ། དེ་ནི་འོད་རང་གི་རིག་པ་ལ་ཚུར་འཇུག་པ་ཞེས་བྱའོ། །དེའི་ཚེ་སྐྱེས་བུ་རྣམས་ཀྱིས་ཡིད་ཆེས་པ་མ་དང་བུ་འཕྲད་པ་ལྟ་བུའི་གདམས་ངག་དྲན་པར་གྱིས་ཤིག ཅེས་འཇུ ག་པ་ཤེས་པའི་གནད་དང་། རྒྱུད་ལས། ཕུང་པོ་ལྔ་ཡི་གཟུང་འཛིན་དངས། ལོངས་སྤྱོད་རྫོགས་པའི་སྐུ་རུ་གྲོལ། །འབྱུང་བ་ཉོན་མོངས་རང་གྲོལ་ནས། །འོད་གསལ་མ་བུ་རིག་པས་གྲོལ། །ཞེས་གྲོལ་བ་ལུས་ཀྱི་གནད་དང་། ཉི་ཟླ་ཁ་སྦྱོར་ལས། རང་གི་སྙིང་ག་ནས་འོད་ཀྱི་ཐག་པ་ཤིན་ཏུ་ཕྲ་བ་གཅིག་འཆར་རོ། །དེ་ནི་སྟེང་གི་ནམ་མཁའ་ལ་གྱེན་དུ་ཟུག་པར་སྣང་ངོ་། །དེའི་དུས་སུ་རང་གིས་མ་ཡེངས་བར་བལྟས་པས་སྣང་བ་དེ་གཞན་དང་མ་འདྲེས་པར་སྣང་བས་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ། དེ་ཡང་དང་པོ་མཐིང་གའི་སྣམ་བུའི་སྟེང་དུ་ཐིག་ལེ་ཟེར་དང་ལྡན་པ་མེ་ལོང་ཁ་སྦུབ་པ་ཙམ། དཔེར་ན་མུ་མིན་གྱི་ཕོར་བ་ཁ་སྦུབ་པ་ལྟ་བུ་ཡེ་ཤེས་ཀྱི་གཏིང་མདངས་དང་ལྡན་པ། ཤིན་ཏུ་གསལ་ལ་འཚེར་བ། དེ་ཡང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ། །དེའི་མཐའ་དང་དབུས་མེད་པར་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ་འཆར་རོ། །ཡང་དེའི་སྟེང་དུ་དཀར་པོའི་སྣམ་བུའི་སྟེང་ཐིག་ལེ་དཀར་པོ་ཤིན་ཏུ་གསལ་བ་དཔེར་ན་ཤེལ་གྱི ་ཕོར་བ་ཁ་སྦུབ་པ་ལྟ་བུ་ཡེ་ཤེས་ཀྱི་གཏིང་མདངས་དང་ལྡན་པ་སོགས་གོང་བཞིན་འཆར་རོ། །དེའི་སྟེང་སེར་པོའི་སྣམ་བུར་དཔེར་ན་གསེར་གྱི་ཕོར་བ་ཁ་སྦུབ་པ་ལྟ་བུ་གོང་ལྟར་དང་། དམར་པོའི་སྣམ་བུའི་སྟེང་དུ་དཔེར་ན་བྱི་རུའི་ཕོར་བ་ཁ་སྦུབ་པ་ལྟ་བུ་སོགས་གོང་དང་འདྲ་བར་འཆར་རོ། །དེའི་སྟེང་དུ་འོད་ཟླུམ་པོ་ཤིན་ཏུ་གསལ་བ་རྨ་བྱའི་གདུགས་ལྟར་འཆར་རོ། །དེ་དག་ཀྱང་ཡེ་ཤེས་ལྔའི་སྣང་བ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་རྩལ་མ་རྫོགས་པས་མི་སྣང་ངོ་། དེ་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའི་ཁོང་སེང་གི་ལམ་ཞེས་བྱའོ། །དེའི་ཚེ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ། །ཞེས་གསུངས་སོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་དུས་སུ་ཡེ་ཤེས་ཀྱི་སྣང་བ་རྣམས་སྟེང་གི་འོད་ཟླུམ་དེ་ལ་འདུས་ནས། ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་ལྟ་བུའི་ངང་ནས་དག་པ་ཞི་ཁྲོའི་སྐུ་དང་ཞིང་ཁམས། མ་དག་འགྲོ་དྲུག་གི་སྣང་བ་དཔག་ཏུ་མེད་པ་སྐད་ཅིག་ལ་འཆར་བར་འགྱུར་བས་དེ་རྣམས་ལ་ད་ལྟ་ནས་ཐོས་བསམ་གོམས་པར་བྱས་པས། བར་དོར་ཡ་ང་བའི་ལམ་འཕྲང་ཞིག་ལ་འཇིགས་སྐྲག་དང་བཅས་ཏེ་འགྲོ་བ་ན་སྔར་འདྲིས་ཤིང་རྒྱུས་ཡོད་པའི་གྲོགས་དཔའ་བོ་ཞིག་ཡོད་པ་དང་། ཕྱིས་དུས་དེར་འཕྲད་པ་ན་མཐོང་མ་ཐག་ཏུ་ངོ་ཤེས་ནས་འཇིགས་སྐྲག་མི་དགོས་པར་སྒྲོ་འདོགས་ཆོད་པ་དང་། ལམ་དུས་ཀྱི་སྣང་ཉམས་དང་ཆོས་ཉིད་ཀྱི་བར་དོའི་སྣང་བ་དེ་རྣམས་ཐ་དད་མེད་པར་ཡིད་ཆེས་པས་མ་དང་བུ་འཕྲད་པ་ལྟར་ངོ་ཤེས་ཤིང་དྲན་པ་དང་། རང་ལ་རང་སྣང་དུ་ངོ་ཤེས་པས་ཆོས་ཉིད་འགྱུར་མེད་ལ་ཡིད་ཆེས་ཏེ་སྙིང་ཆུ་འདྲེན་ཕྱིར་གསེར་གྱི་ཐུར་མ་བཙུགས་པ་ལྟར་མི་གཡོ་བ་རྒྱུན་གྱི་ཏིང་ངེ་འཛིན་སྐྱེ་བ་སྟེ་མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་དང་། རྗེས་སུ་དྲན་པ་དྲུག་གིས། སྣང་བའི་འཆར་ལུགས་བརྒྱད་དང་། དབང་པོ་སོགས་མངོན་པར་ཤེས་པ་དྲུག་ཚན་དྲུག་དང་། སྐུ་གསུམ་གྱི་མངོན་ཤེས་གསུམ་ཚན་གསུམ་དུ་ཤར་བ་རྣམས་ལྷུན་གྲུབ་ཏུ་གདེངས་ཐོབ་པས་དུས་གཅིག་ལ་ཐིམ་ལུགས་བརྒྱད་ཀྱིས་ཀ་དག་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་ནི་ལྷུན་གྲུབ་ལོངས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པའོ། །

སྲིད་པ་བར་དོ།

བཞི་པ་ནི། དེར་ཡང་མ་གྲོལ་ན་དུས་དེ་ནས་ལུས་རྟེན་ཕྱི་མའི་སྐྱེ་སྲིད་ཚུན་ཆད་ལ་སྲིད་པ་བར་དོ་ཞེས་བྱ་སྟེ། དེ་ལ་ཡུར་བ་ཁ་ཆད་ལ་ཝ་འཛུག་པ་ལྟ་བུའི་གདམས་པ་ཞིག་དགོས་ཏེ། དེ་ཡང་ད་ལྟ་ལམ་དངོས་གཞིའི་སྔོན་འགྲོ་རུ་ཤན་དབྱེ་བའི་དུས་ནས་སྲིད་པ་བར་དོའི་སྣང་བ་རྣམས་རྒྱུད་ཐོག་དུ་ངེས་པར་བླངས་ནས་རུ་ལོག་གི་སྤྱོད་པ་ལ་གོམས་ཤིང་འདྲིས་པར་བྱས་པས། ཞིང་ལ་ཆུ་འདྲེན་པའི་ཡུར་བ ་མཚམས་ཆད་པ་ལ་ཝ་ཤུ་ལེགས་པོར་བཙུགས་པས་ཆུ་རྒྱུན་མི་འཆད་པར་འདྲེན་ནུས་པ་ལྟར། སྐབས་སུ་མ་དག་པའི་འཁོར་བ་རུ་བཟློག་ནས། དག་པའི་སྐྱེ་སྲིད་ལམ་དུ་འཇུག་སླ་བ་ཡིན་ཏེ། རྒྱུད་ལས། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་དང་། ཉི་ཟླ་ཁ་སྦྱོར་ལས། ལྷ་དང་མི་ནི་ཁ་དོག་དཀར། །ཡི་དྭགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུའམ། །ཡང་ན་བལ་ནག་ཡེངས་བ་འདྲ། །བྱོལ་སོང་ཡང་ན་ཁྲག་བཙོ་བཞིན། །ལྷ་མིན་ཁ་ཆར་འབབ་པ་བཞིན། །ཞེས་དང་། དེ་ཚེ་ཁ་ནི་འདི་ལྟ་སྟེ། །ལྷ་དང་མི་ནི་གྱེན་ལ་ལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད། །ཡི་དྭགས་དམྱལ་བ་ཐུར་དུ་ལྟ། །འདི་དག་ད་གདོད་སྐྱེ་བའི་དབང་། །ཞེས་དང་། འགལ་མེ་འམ་ནི་ཆར་པའམ། །དེ་བཞིན་གྲང་བ་ནམ་རྨུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང་། །ལྷ་ཁང་ངམ་ནི་ཡང་ཐོག་གམ། །ཁང་བུ་དག་ནི་བརྩེགས་པར་མཐོང་། །ངན་སོང་རྣམས་ནི་སྤྱིལ་བུའམ། །ཕུག་རྡུག་གྲོག་པོ་སྟོང་པར་མཐོང་། །འདི་དག་མངལ་དུ་ཚུད་པའི་ལྟས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་པའོ། །ཞེས་གསུངས་པ་ལྟར། སོ་སོར་སྣང་ཞིང་བར་དོར་གནས་པའི་སྐབས་སུ་འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་གསུམ། །ངེས་དང་མ་ངེས་པའི་རྟགས་སྣ་ཚོགས་མཐོང་བས། ཡིད་སྐྱོ་ནས་ལུས་འཚོལ་འདོད་པ་འབྱུང་བའི་ཚེ་རིགས་དྲུག་སོ་སོའི་འོད་སྣང་གང་ཤར་བ་དང་། ཡང་མིར་སྐྱེ་ན་ལུས་འཕགས་པོར་སྐྱེ་ན་ངང་བ། སྒྲ་མི་སྙན་དུ་ཉ། བ་ལང་སྤྱོད་དུ་གླང་། འཛམ་བུ་གླིང་དུ་མི་ཕོ་མོ་སོགས་ཆགས་པ་སྤྱོད་པ་མཐོང་བ་ལ་ཆགས་སྡང་དང་འཛིན་ཞེན་མེད་པར། རབ་ཀྱིས་སྣང་བ་བདེན་མེད་དུ་སྦྱང་ཞིང་ཉམས་ལེན་དྲན་པས་འཁོར་བ་རུ་ལོག་ནས་དེ་གར་གྲོལ་བ་ཐོབ། འབྲིང་གིས་བླ་མ་ཡི་དམ་ཡབ་ཡུམ་དུ་བསྒོམ་ལ་གསང་དབང་ལྟར་དངོས་གྲུབ་ཞུ་བ་དང་། ཤེར་དབང་གིས་བདེ་སྟོང་གི་དོན་ལ་མཉམ་པར་འཇོག་པའམ། དེ་ཙམ་མི་ནུས་ན། འདོད་ཆགས་ལ་མི་གཙང་བའི་འདུ་ཤེས་དགུ་སོགས་ཞེན་ལོག་གི་གཉེན་པོ་བསྟེན་ཅིང་། དག་པའི་ཞིང་ཡིད་ལ་བྱས་པས་དེར་གྲོལ་བའམ། མངལ་སྒོ་ཁེགས་ཏེ་ཞིང་ཁམས་སུ་བརྫུས་ཏེ་སྐྱེ། ཐ་མས་མངལ་དུ་འཇུག་པའི་ཚེ་ཞིང་དག་པར་སྨོན་ལམ་འདེབས་པ་དང་། སྐྱབས་འགྲོ་བྱེད་པ་དང་། མངལ་འདེམ་ཞི ང་བཟང་པོར་འདུན་པ་སྒྱུར་བ་སོགས་བྱས་པས། ལུས་རྟེན་ངན་པ་ལས་ལོག་ནས། དལ་འབྱོར་ཕུན་སུམ་ཚོགས་ཤིང་བཤེས་གཉེན་དམ་པས་བཟུང་ནས་གྲོལ་བ་ཡིན་ནོ། །

བརྩོན་འགྲུས་དང་དབང་པོ་དམན་པར་གྱུར་པ་རྣམས་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་པ།

གཉིས་པ་བརྩོན་འགྲུས་དང་དབང་པོ་དམན་པར་གྱུར་པ་རྣམས་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་པ་ནི། ད་ལྟ་ཐོས་པ་དང་བརྩོན་འགྲུས་དང་དབང་པོ་རྣམས་དམན་པར་གྱུར་པའམ། དབང་པོ་རབ་དང་འབྲིང་རྣམས་དུས་མ་ཡིན་པར་བར་དུ་ཆད་པའམ། སོས་དལ་དང་རྣམ་གཡེང་གིས་མི་ཚེ་ཟད། གཞི་ཀ་དག་ཁྲེགས་ཆོད་དང་། ལམ་མངོན་སུམ་ཐོད་རྒལ་གྱི་སྒོ་མཐོང་ཡང་འབྲས་བུར་བརྟན་པ་མ་ཐོབ་པས་སྒོམ་པ་འཕྲོ་ཅན་དུ་གྱུར། བར་དོ་རྣམས་སུ་གྲོལ་ཚད་མ་རྙེད་ཅིང་། ཁྱད་པར་ཆོས་ཉིད་ཀྱི་བར་དོ་ད་ལྟའི་མངོན་སུམ་འོད་གསལ་དང་ཆ་མཐུན་པ་ལྟར་ཤར་ཡང་ངོས་མ་ཟིན་པས་སྲིད་པ་བར་དོའི་སྣང་ཆ་རྨི་ལམ་ཙམ་དུ་ཤར་བས། ང་ཤི་འདུག་ཀྱང་ད་བར་ངོས་མ་ཟིན་པ་ཨ་རེ་འགྱོད། ད་ཅི་བྱེད་སྙམ་པ་ན་སྔར་བཀའ་དྲིན་ཅན་གྱི་བླ་མ་མཆོག་དང་དེས་ཇི་ལྟར་བསྟན་པའི་གདམས་ངག་རྣམས་ལ་མོས་ཤིང་གུས་པའི་སྟོབས་ཀྱིས་རྗེས་སུ་དྲན་ནས། ད་ནི་བདག་རང་བཞིན་སྤྲུལ་པའི་ཞིང་དུ་འགྲོ་བའི་དུས་ལ་བབ་པ་ཡིན་པས། འགྲོ་བར་བྱའོ་སྙམ་པ་ཙམ་གྱིས་ཆོས་ཉིད་ཀྱི་བྱིན་རླབས་དང་། རིག་འཛིན་བརྒྱུད་པའི་ཐུགས་རྗེས། རྨི་ལམ་སད་པའི་ཆ་ཙམ་དུ། གང་ལ་འདུན་པ་གཏད་པའི་དག་པའི་ཞིང་དེར་པདྨའི་སྦུབས་སུ་བརྫུས་ཏེ་སྐྱེ་ནས། དེ་བཞིན་གཤེགས་པའི་ཞལ་མཐོང་ཞིང་གསུང་ཐོས། དབང་དང་ལུང་ནོད། དབུགས་དབྱུང་ཐོབ་ཅིང་ཉོན་མོངས་པའི་འཆིང་བ་ལས་གྲོལ། གདོད་མའི་གཞི་ལ་མངོན་པར་བྱང་ཆུབ་ནས་ནང་གསལ་སྐུ་དང་ཡེ་ཤེས་འདུ་འ བྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་བྲལ་བའི་དབྱིངས་ལས་མ་གཡོས་བཞིན་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་བསམ་གྱིས་མི་ཁྱབ་པས་འཁོར་བའི་རྒྱ་མཚོ་ཆེན་པོ་ཇི་ཙམ་ན་སྟོ ང་པ་དེ་སྲིད་འགྲོ་དོན་མཐའ་ཡས་པ། ཡིད་བཞིན་དབང་གི་རྒྱལ་པོ་ལྟར་འབད་མེད་ལྷུན་གྲུབ་རྒྱུན་ཆད་མེད་པར་འབྱུང་བའོ། །དེ་ལྟར་ཡང་རྒྱུད་ཉི་ཟླ་ཁ་སྦྱོར་ལས། སྐྱེ་གནས་རྗེས་སུ་དྲན་པའི་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན། ཞེས་དང་། རང་དགར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་ཕྱུངས་ཏེ། བར་དོ་མེད་པར་སངས་རྒྱས་རྙེེད། །ཅེས་དང་། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཅེས་སོ། །ཞིང་གི་ཡོན་ཏན་བརྗོད་པ་ཡང་ཨ་ཏི་བཀོད་པ་ཆེན་པོ་ལས། སྙིགས་མ་ལྔ་བརྒྱའི་དུས་ཀྱི་ཐ་མ་ལ། །སངས་རྒྱས་སྙིང་པོ་འདི་ནི་མི་ཡུལ་སྣང་། །དེ་རྗེས་འཛིན་པའི་གང་ཟག་སྐལ་བ་ཅན། །སྙིང་པོ་འདི་ནི་སུ་ལ་སྣང་བར་འགྱུར། །དེ་དག་རྣམས་ནི་མི་འགྱུར་ས་ལ་འདའ། །གལ་ཏེ་སྙིགས་མ་ཚེ་ཐུང་ནད་མང་བས། །སྙིང་པོའི་དོན་འདི་གདེ ངས་སུ་མ་གྱུར་ཀྱང་། །འདི་ཉིད་མཐོང་ནས་དབུགས་ཆེན་ཉིད་འབྱིན་པས། །བཅུ་གཅིག་ཀུན་ཏུ་འོད་དུ་སྤྲུལ་པའི་ཞིང་། །རྫུས་སྐྱེས་དག་ནས་མངལ་གྱི་རྒྱ་དང་བྲལ། །ཤར་ཕྱོགས་མངོན་དགའ་མི་འགྱུར་རྡོ་རྗེའི་ཞིང་། །མི་བསྐྱོད་སྟོན་པས་འཁོར་གྱི་ཆོས་རྒྱུད་གྲོལ། །གདུལ་བྱ་རང་སྣང་ཡོན་ཏན་བསམ་མི་ཁྱབ། །དཔལ་དང་ལྡན་དང་པདྨ་བརྩེགས་པ་དང་། །ལས་རབ་ཉིད་ནི་ཡོངས་སུ་རྫོགས་པའི་ཞིང་། །རིན་ཆེན་འབྱུང་ལྡན་པདྨ་གར་དབང་རྟ། །དོན་ཡོད་གྲུབ་པས་ཤེས་བྱའི་སྒྲིབ་པ་སྦྱང་་། །དཀར་སེར་དམར་དང ་ལྗང་གུའི་ཁ་དོག་གསལ། །ཁོད་སྙོམས་ཡིད་འོང་བྱ་སྐད་སྣ་ཚོགས་སྒྲོག །དྲི་བསུང་ངད་ལྡན་ལྟ་བས་ཆོག་མི་ཤེས། །དབང་པོ་ཚིམ་བྱེད་ཡོན་ཏན་ཀུན་དང་ལྡན། །ཁ་དོག་ལུས་རྫོགས་ཟས་གོས་དུས་གཅིག་རྫོགས། །ལུས་ཀྱི་རྩོལ་བྲལ་རླུང་སྤྱོད་འགྲོ་དང་འདུག །རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་མེད། །ཡན་ལག་བརྒྱད་ལྡན་རོ་བརྒྱ་འདུས་པའི་ཆུ། །འཐུང་པས་ཚིམ་བྱེད་རེག་ན་ལུས་ཀྱང་འཇམ། །ས་ཆུ་མེ་རླུང་འབྱུང་བའི་ཕན་གནོད་བྲལ། །བཀྲེས་དང་སྐོམ་དང་ཚ་གྲང་སྡུག་བསྔལ་མེད། །འདོད་ཆགས་ཞེ་སྡང་གཏི་མུག་ཉོན་མོངས་རྣམས། །སྐྱེ་བའི་རྒྱུ་མེད་ཤེས་པ་བག་ཡངས་པོ། །བལྟས་རྒོད་ལག་བཅང་གཉིས་འཁྱུད་འདོད་ཆགས་མེད། །ཆོག་ཤེས་སྲེད་བྲལ་རྟག་ཏུ་ཆོས་ལ་ཉན། །སྒྲིབ་གཉིས་བྲལ་ནས་སྐྱེ་བ་གཅིག་གིས་ཐོགས། །མཆོད་པའི་ལྷ་མོས་ཡིད་འོང་བཀྲ་ཤིས་བརྗོད། །གཞལ་ཡས་ཁང་མཛེས་སྒོ་བཞི་རྟ་བབས་ལྡན། །ཤེལ་དང་གསེར་དང་མརྒད་ཨིནྟྲ་ནིལ། །བཀྲ་ཤིས་གདུགས་དུང་ཆོས་འཁོར་རྒྱལ་མཚན་མཛེས། །དེ་ལྟར་རང་བཞིན་ཕྱོགས་བཅུ་སྤྲུལ་བའི་ཞིང་། །རང་རང་སྟོན་པས་རང་རང་འཁོར་རྒྱུད་འདུལ། །མདུན་གྱི་ནམ་མཁར་མི་མཇེད་བརྩེགས་པ་ན། །འཇིགས་པའི་ཁྲོ་གནས་དུར་ཁྲོད་མེ་རི་འབར། །འཇིགས་པའི་སྒྲ་དང་ཁྲོ་གཟུགས་ཨ་ལ་ལ། །དེ་ཉིད་མཐོང་བ་ཙམ་གྱིས་དེར་གྲོལ་འགྱུར། །སྐལ་ལྡན་སྟོབས་མེད་སྙིང་པོའི་དོན་འཛིན་པ། །དེར་ནི་དབུགས་ཕྱུངས་སྐྱེ་བ་གཅིག་གིས་ཏེ། །ལྔ་བརྒྱ་དག་ནས་ངེས་པའི་སར་གྲོལ་ལོ། །ཞེས་གསུངས་སོ། །དེ་ལའང་ད་ལྟ་ནས་ཆོས་དང་བླ་མ་ལ་རྒྱུན་དུ་དད་གུས་དང་། ཉིན་པར་ཁྲེགས་ཆོད་དང་ཐོད་རྒལ་གྱིས་ཉམས་ལེན་དང་། མཚན་མོ་གཉིད་དུ་འགྲོ་ཁར་ད་ང་འཆི་བ་ཡིན་པས་ཐིམ་རིམ་ངོ་ཤེས་པར་བྱས་ཏེ་རང་བཞིན་སྤྲུལ་པའི་ཞིང་དུ་འགྲོའོ་སྙམ་པའི་འདུན་པ་དྲག་པོ་དང་བཅས་ཏེ་སྤྲུལ་པའི་ཞིང་གི་ཡོན་ཏན་བཀོད་པ་ལ་ལྟ་བའི་ངང་ནས་ཉལ་བ་དང་། ཐུན་བར་རྣམས་སུ་རྣམ་ཤེས་རླུང་ཞོན་གྱི་གདམས་པ་ལ་རྩལ་འབྱོངས་བར་བྱ་བ་ནི་གནད་དམ་པ་ཡིན་ནོ། །དེ་དག་ནི་དབང་པོ་ཐ་མའི་གྲོལ་ཚུལ་ཏེ། དེས་ལམ་ཟབ་མོ་ཉམས་སུ་ལེན་པའི་ཚུལ་བར་དུ་དགེ་བའི་ཁྲིད་ཀྱི་རིམ་པ་རྣམས་ལེགས་པར་བསྟན་ཟིན་ཏོ། །

ཐ་མར་དགེ་བའི་དོན་ཁྲིད།

ཡོན་ཏན་བསྟན་པ།

ཆེ་བ་བརྗོད་པ།

སྤྱི་སྡོམ་གསུམ་པ་ཐ་མར་དགེ་བའི་དོན་ཁྲིད་ལ། ཡོན་ཏན་བསྟན་པ། བཀའ་རྒྱས་བཏབ་པ། སྨོན་ལམ་གྱིས་མཇུག་བསྡུ་བ་སྟེ་གསུམ། དང་པོ་ཟབ་གསང་རྫོགས་པ་ཆེན་པོའི་མྱུར་ལམ་བླ་ན་མེད་པ་འདི་ལ་ཞུགས་པའི་ཡོན་ཏན་བསྟན་པ་ལ། ཆེ་བ་བརྗོད་པ། འཕགས་ཆོས་བརྗོད་པ། ཁྱད་འཕགས་བརྗོད་པ། འབྲེལ་ཚད་དོན་ལྡན་དུ་བརྗོད་པའོ། །དང་པོ་མྱུར་ལམ་འདི་ཉིད་ཀྱི་ཆེ་བ་བརྗོད་པ་ནི། བསྐྱེད་རྫོགས་ཐབས་ལམ་མང་པོ་གང་ལས་གང་ཟབ་བརྟགས་ཏེ་དཀའ་བ་མང་པོས་རྩོལ་སྒྲུབ་བླང་དོར་བྱས་པའི་བསམ་བསྒོམ་ལ་མི་ལྟོས་པར། རིག་གདངས་འོད་གསལ་མངོན་སུམ་དུ་སྣང་བ་ལ་མ་ཡེངས་མི་བསྒོམ་པར་བལྟས་པ་ཁོ་ནས་ཆོག་ངེས་པ། ལུས་རྟེན་འདི་ཉིད་ནས་ལྷག་མེད་མངོན་སངས་རྒྱས་པའི་མྱུར་ལམ་ཟབ་མོ་གསང་བ་ལས་ཀྱང་ཆེས་གསང་མཆོག་བླ་ན་མེད་པ། ཐེག་མཆོག་རྫོགས་པ་ཆེན་པོ་མན་ངག་སྡེ་པའི་ཁྱད་ནོར། སྐུ་གསུམ་གྱི་དགོངས་མཛོད་བསམ་གྱིས་མི་ཁྱབ་པའི་སྙིང་པོའི་ཡང་བཅུད་འདི་ལ་ཐེག་པ་ཐམས་ཅད་ཀྱི་དོན་འདུས་ཤིང་འདི་བས་ལྷག་པའམ་འདི་དང་མཚུངས་པ་གཞན་མེད་ཅིང་མི་དགོས་ཏེ། ཀུན་བཟང་དགོངས་ཉམས་ལས། ང་ཡི་རང་བཞིན་རྫོགས་པ་ཆེན་པོ་ལ། །འཁོར་འདས་ཆོས་རྣམས་སྤང་ཐོབ་བྲལ་པར་རྫོགས། །མན་ངག་གནད་རྣམས་རང་གྲོལ་ཆེན་པོར་རྫོགས། །ལྟ་བའི་གནད་རྣམས་རྟག་ཆད་མེད་པར་རྫོགས། །སྒོམ་པའི་ལམ་རྣམས་འབད་རྩོལ་མེད་པར་རྫོགས། །སྤྱོད་པའི་ཆོས་རྣམས་གནང་བཀག་མེད་པར་རྫོགས། །འབྲས་བུའི་ངོ་བོ་ཡིད་སྨོན་བྲལ་བར་རྫོགས། །རྫོགས་ཤེས་བྱ་བའང་བློ་བཏགས་ཙམ་དུ་ཟད། །ཅེས་དང་། རིག་པ་ངོ་སྤྲོད་གཅེར་མཐོང་རང་གྲོལ་ལས། དུས་གསུམ་རྒྱལ་བའི་ཆོས་སྒོ་བརྒྱད་ཁྲི་དང་༔ བཞི་སྟོང་ལ་སོགས་བསམ་གྱིས་མི་ཁྱབ་པ༔ གསུངས་པ་ཐམས་ཅད་འདི་ཉིད་རྟོགས་ཕྱིར་ལས༔ གཞན་དུ་ཅི་ཡང་རྒྱལ་བས་གསུངས་པ་མེད༔ གསུང་རབ་ནམ་མཁའི་མཐའ་མཉམ་དཔག་མེད་ཀྱང་༔ དོན་ལ་རིག་པ་ངོ་སྤྲོད་ཚིག་གསུམ་པོ༔ རྒྱལ་བའི་དགོངས་པ་མངོན་སུམ་ངོ་སྤྲོད་འདི༔ སྦ་ཕྲི་མེད་པར་མཛུབ་བཙུག་འདི་ཀ་ཡིན༔ ཞེས་དང་། དུས་བརྟགས་པ་ལས། ཨེ་མ་གསང་སྔགས་སྙིང་པོ་མཐར་ཐུག་ཆོས། །ཐེག་པ་རིམ་དགུའི་ཉམས་ལེན་དོན་རྫོགས་འདི། །ཀུན་ལས་ཁྱད་འཕགས་ཨེ་མ་ངོ་མཚར་ཆེ། །བོད་ཡུལ་ཀུན་ཏུ་གཏེར་ཕྲན་བྱེ་བ་སྦས། །གཏེར་ཆེན་བརྒྱ་དང་ཉེར་བརྒྱད་སར་སྦས་ཀྱང་། །གདམས་པའི་མཐར་ཐུག་འདི་ལྷག་སྦས་རེ་ཀན། །ཞེས་གསུངས་པ་ལྟར་རོ།།

འཕགས་ཆོས་བརྗོད་པ།

གཉིས་པ་གདམས་པ་གཞན་ལས་འཕགས་པའི་ཆོས་འདིའོ་ཞེས་བརྗོད་པ་ནི། མན་ངག་འདི་དང་ཕྲད་པར་གྱུར་ན་སྔོན་ཆད་མཚམས་མེད་ལྔ་ལ་སྤྱད་པ་ཞིག་ཡིན་ཀྱང་ན་རཀ་ཆེན་པོར་མི་ལྟུང་ཞིང་། ངན་སོང་གཞན་རྣམས་སུ་སྡུག་བསྔལ་བ་ཙམ་ཡང་མྱོང་མི་དགོས་པའི་སྟེང་དུ། ལས་བཟང་ངན་མེད་པར་དབང་པོ་དང་བརྩོན་འགྲུས་རབ་རྣམས་ཚེ་འདིར་ལྷག་མེད་དུ་འཚང་རྒྱ་ཞིང་། འབྲིང་བར་དོར་གྲོལ། ཐ་མ་རྣམས་ཀྱང་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་ནུས་པ་ནི་གདམས་པ་འདི་ཁོ་ནའི་འཕགས་ཆོས་རྨད་པོ་ཆེ་ཡིན་ཏེ། འབྲས་བུ་ཡོངས་རྫོགས་ཆེན་པོའི་རྒྱུད་ལས། ད་ལྟ་མཚམས་མེད་ལྔ་སྤྱད་ཀྱང་། །འདི་འཕྲད་ངན་སོང་ལྟུང་མི་སྲིད། །འདི་རིག་གཡོ་མེད་སྐྱེས་བུ་དེ། །བསྒོམ་མི་དགོས་ཏེ་མཐོང་གྲོལ་འགྱུར། །ཞེས་དང་། དོང་སྤྲུག་གི་རྒྱུད་རྣམས་སུ། ཉམས་ཆག་ཀུན་ཀྱང་བྱང་འགྱུར་ཞིང་། །མཚམས་མེད་ལྔ་ལ་སྨོས་ཅི་དགོས། །ན་རག་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་དང་། དོན་གསལ་མེ་ལོང་ལས། མངོན་སུམ་གནད་འདི་སུས་མཐོང་བ། །ཆོས་ཉིད་བར་དོར་སངས་རྒྱའོ། །ཅིའི་ཕྱིར་འདི་ནི་ཡེ་ཤེས་དངོས། །མཐོང་བས་ཤེས་གྲོལ་དུས་མཉམ་འགྱུར། །ཞེས་དང་། མན་ངག་མཁའ་འགྲོ་སྙིང་ཐིག་ལས། མངོན་སུམ་སྙིང་ཐིག་སྤྱོད་པའི་སྐྱེས་བུ་དེ་ནི། །དབང་པོ་རབ་ལྷག་མེད་དུ་སངས་རྒྱ། །འབྲིང་བར་དོ་མེད་པར་སངས་རྒྱ། །ཐ་མ་ཡང་ཆོས་ཉིད་བར་དོ་དེ་ལ་ངོ་ཤེས་སངས་མི་རྒྱ་མི་སྲིད་དོ། །ཡང་མཐའ་ངོ་སྤྲོད་ཐོབ་སྟེ། བདེན་པ་མཐོང་བའི་གནད་ཀྱིས་སྤྲུལ་པའི་ཞིང་ཁམས་སུ་བར་དོ་མེད་པར་སངས་རྒྱ་ངེས་སོ། །ཞེས་ཀུན་ཏུ་བཟང་པོས་གསུངས་སོ། །ཞེས་སོ། །

ཁྱད་འཕགས་བརྗོད་པ།

གསུམ་པ་ལམ་གཞན་ལས་ཁྱད་པར་དུ་འཕགས་པ་བརྗོད་པ་ནི། མྱུར་ལམ་ཟབ་མོ་འདི་ཉིད་མ་རྟོགས་པའི་ལམ་གཞན་རྣམས་ཀྱིས་དེ་ལྟ་བུའི་སྡིག་པོ་ཆེ་རྣམས་ཚེ་ལུས་དེ་ཉིད་ལ་མཐར་ཐུག་ཏུ་གྲོལ་བར་དཀའ་བས་དེའི་ཕྱིར་ལམ་ཟབ་མོ་ཀུན་ལས་ཀྱང་འདི་ཁོ་ན་ཁྱད་པར་དུ་འཕགས་པ་ཡིན་ཏེ། དོན་གསལ་ལས། གནད་འདི་མ་རྟོགས་དགེ་བ་བཅུ། །སྤྱད་ཀྱང་འཁོར་བ་ལས་མི་གྲོལ། །ཞེས་དང་། འདི་མེད་གང་ཟག་གཞན་སྤྱོད་པ། །བསྐལ་པར་ཉན་བསམ་བསྒོམས་བསྒྲུབ་ཀྱང་། །བསྐལ་བར་སངས་རྒྱས་རེ་བ་མེད། །ཅིའི་ཕྱིར་མངོན་སུམ་གནད་མ་རྟོགས། །ཐེག་གསུམ་རིམ་དགུའི་ཆོས་རྣམས་ཀྱིས། །འདི་ཉིད་དོན་ལ་རེག་པ་མེད། །འདི་ནི་ཀུན་ལས་ཁྱད་པར་འཕགས། །གཞི་ལ་ཤེས་རབ་ལྷུན་གྲུབ་ཀྱི། །ཐབས་ཀྱིས་མངོན་སུམ་སྐད་ཅིག་ལ། །མཐོང་སྟེ་གྲོལ་འགྱུར་ཐེ་ཚོམ་མེད། །ཅེས་སོ། །

འབྲེལ་ཚད་དོན་ལྡན་དུ་བརྗོད་པ།

བཞི་པ་མྱུར་ལམ་འདི་ཉིད་འབྲེལ་ཚད་དོན་ལྡན་ཆེན་པོར་བརྗོད་པ་ནི། འདོད་འབྱུང་དབང་གི་རྒྱལ་པོ་ལྟ་བུའི་མན་ངག་རིན་པོ་ཆེ་འདི་དང་འཕྲད་ཙམ་ཉིད་ནས་དོན་ཆེན་པོ་དང་ལྡན་པ་ཡིན་ལ། ཁྱད་པར་སྔོན་གྱི་ལས་དང་སྨོན་ལམ་བཟང་པོ་ཡོད་པའི་ལས་འཕྲོ་སད་པའམ། ཡང་ན་ད་ལྟ་དབང་པོ་དང་བརྩོན་འགྲུས་རབ་དང་ལྡན་པར་གྱུར་ནས། ཇི་ལྟར་བསྟན་པའི་གནད་དོན་མཐའ་དག་ཉམས་སུ་ལོངས་ཤིང་། མཐར་ཕྱིན་པ་ན་དུས་ཡུན་རིང་པོར་འགྱང་མི་དགོས་པར་ལོ་དྲུག་ཁོ་ནས་ཕུང་པོ་ལྷག་མེད་ཉིད་དུ་སངས་རྒྱས་པར་འགྱུར་བ་ལ་ཐེ་ཚོམ་མེད་པ་ཡང་། སྙིང་ཐིག་གི་སྣོད་དུས་བརྟགས་པ་ལས། ཡང་གསང་སྙིང་ཐིག་འདི་ལ་སུས་སྤྱོད་པ། །སྔོན་དུས་ལས་ཅན་སྐྱེས་བུ་མིན་རེ་ཀན། །མངལ་དུ་མི་འཇུག་ཚེ་གཅིག་སངས་རྒྱས་ཡིན། །འདི་ཉིད་བྲིས་སམ་བཅིངས་པས་དངོས་གྲུབ་ཐོབ། །ལན་གཅིག་བཀའ་ཤོག་མཐོང་བ་ཐམས་ཅད་ཀྱང་། །ཨོ་རྒྱན་སྨོན་ལམ་མཐུ་ཡིས་ངན་སོང་ཁེགས། །དབང་ཐོབ་ཙམ་གྱིས་པདྨ་འོད་དུ་སྐྱེ། །ཉམས་སུ་བླངས་བས་འབྲས་ཐོབ་སྨོས་ཅི་དགོས། །འདི་ལ་སྤྱོད་ཚད་ཨོ་རྒྱན་ང་ཡི་སྲས། །སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཡིན། །ཞེས་དང་། དོན་གསལ་ལས། འདི་དང་ཚིག་གི་འབྲེལ་བ་ཡང་། །སྐྱེ་བ་གསུམ་དུ་མི་ཐོགས་གྲོལ། །སྒྲ་ཙམ་རྣ་བར་ཐོས་པ་ཡང་། །ཐ་མལ་སྐྱེ་བ་འདིས་ཆོད་འགྱུར། །མངོན་སུམ་གནད་འདི་སུས་མཐོང་བ། །ཆོས་ཉིད་བར་དོར་སངས་རྒྱའོ། །ཞེས་དང་། འདི་དང་བཏགས་གྲོལ་གཉིས་སྦྲེལ་ན། །ལོ་དྲུག་ནང་ནས་ལྷག་མེད་འགྲོ། །ཞེས་དང་། ལོ་སྟོང་སྡིག་པ་སྤྱད་པས་ཀྱང་། །འདི་ཉིད་ལོ་དྲུག་ཉམས་བླངས་ན། །ལྷག་མ་མེད་པར་སངས་རྒྱའོ། །ཅིའི་ཕྱིར་ངོ་བོ་ཅེར་མཐོང་ཡིན། །རིག་པ་ཡེ་ཤེས་ངོ་བོ་ལ། །སྡིག་པའི་སྐྱོན་གྱིས་གོས་པ་མེད། །དགེ་བ་སྤྱད་ཀྱང་ཕན་མ་བཏགས། །རིག་པ་དགེ་སྡིག་དོན་ལས་འདས། །ཞེས་གསུངས་པ་ལྟར་རོ། །

བཀའ་རྒྱས་བཏབ་པ།

སྣོད་ལྡན་ལ་སྤེལ་བར་གདམས་པ།

གཉིས་པ་རྩིས་ཆེ་བའི་བཀའ་རྒྱས་བཏབ་པ་ལ། སྣོད་ལྡན་ལ་སྤེལ་བར་གདམས་པ། སྣོད་མིན་ལ་གསང་རྒྱས་གདབ་པ། བཀའ་སྲུང་ལ་གཉེར་དུ་བཅོལ་བའོ། །དང་པོ་སྣོད་ལྡན་ལ་སྤེལ་བར་གདམས་པ་ནི། ཚེ་གཅིག་སངས་རྒྱས་འགྲུབ་པའི་མྱུར་ལམ་སྐུ་གསུམ་གྱི་དགོངས་པའི་གསང་མཛོད་མ་ལུས་པའི་སྙིང་པོ་བླ་ན་མེད་པའི་མན་ངག་ཟབ་མོ་འདི་ལས་ལྷག་པ་སྲིད་ན་དཀོན་མོད་དེ། འོན་ཀྱང་སྐལ་བ་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པས། མྱུར་ལམ་འདིར་འཇུག་འདོད་ཀྱི་སློབ་བུ་མོས་གུས་ཅན་བྱུང་ཞིང་ཉམས་སུ་ལེན་ངེས་ཀྱི་དམ་བཅའ་བྱེད་ནུས་ཚེ་དེ་ལ་མ་གསང་བར། སྨིན་བྱེད་ཀྱི་དབང་བསྐུར་བ་སྔོན་དུ་འགྲོ་བས། གྲོལ་བྱེད་ཀྱི་མན་ངག་འདི་ཉིད་བློ་དང་འཚམས་པར་སྟོན་པའམ། བསྐྱེད་རྫོགས་ཀྱི་ལམ་ཡོངས་རྫོགས་སྨིན་སློབ་དུ་འཁྲིད་པར་འདོད་ན། རིམ་པར་ཐུན་མོང་དང་། ཐུན་མིན་གྱི་སྔོན་འགྲོ་རྣམས་ཀྱིས་རྒྱུད་སྦྱངས་ནས། བུམ་དབང་བསྐུར་ཏེ་བསྐྱེད་རིམ། གསང་དབང་བསྐུར་ཏེ་གཏུམ་མོ། ཤེར་དབང་བསྐུར་ཏེ་ཐབས་ལམ། ཚིག་དབང་བསྐུར་ཏེ་ཁྲེགས་ཆོད་རྣམས་སྟོན། དེ་ནས་སྐལ་ལྡན་ཐུན་མོང་མ་ཡིན་པ་རྣམས་ལ་རིག་པའི་རྩལ་དབང་བསྐུར་ཏེ། འོད་གསལ་ཐོད་རྒལ་གྱི་ལམ་རྣམས་ཤིན་ཏུ་གསང་བའི་བཀའ་རྒྱ་དང་བཅས་ཏེ་སྤེལ་ཞིང་། དེས་གོ་ཡུལ་དང་ཤེས་བློ་ཙམ་ལ་ཡིད་བརྟོན་ཅིང་གློ་བ་དགའ་ཙམ་ལས། སྣང་ཉམས་གོང་དུ་འཕེལ་བ་སོགས་ཀྱི་ས་ཟིན་མེད་པས་གོང་སྨོས་ཀྱི་འབྲས་བུ་རྣམས་མི་འབྱུང་བས། སོས་དལ་དང་ཕྱིར་བཤོལ། སྙོམས་ལས་དང་རྣམ་གཡེང་སོགས་ཀྱི་དབང་དུ་མི་གཏོང་བར་དེ་རྣམས་མྱུར་དུ་སྤང་ནས། བློ་རྩེ་གཅིག་ཏུ་བག་ཡོད་པར་གནས་ཤིང་དྲན་པ་དང་ཤེས་བཞིན་བརྟེན་པ་གལ་ཆེ་བ་དང་། དེ་ལྟ་བུས་ཉམས་ལེན་ལ་གོམས་འདྲིས་གདངས་སུ་གྱུར་ནས་གཞན་ཕན་གྱི་ཕྲིན་ལས་རླབས་ཆེན་སྐྱོ་ངལ་མེད་པར་སྤྲོ་བ་དང་བཅས་ཏེ་སྒྲུབས་ཤིག་ཅེས་བཀའ་གཏད་ཅིང་། མཐའ་རྟེན་གྱི་དབང་གིས་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་རྒྱས་གདབ་པ་སྟེ། དེ་ཡང་དོན་གསལ་ལས། འདི་འདྲའི་གདམས་པ་རྒྱ་བོད་གཉིས་ན་མེད། །ཀུན་ལ་མ་བསྟན་རང་ཉིད་ཉམས་སུ་ལོངས། །གསུངས་པ་བཞིན་ནོ། །

སྣོད་མིན་ལ་གསང་རྒྱས་གདབ་པ།

གཉིས་པ་སྣོད་མིན་ལ་གསང་བར་གདམས་པ་ནི། ལམ་ཟབ་མོ་འདི་ཉིད་ཉམས་སུ་ལེན་པའི་ལས་དང་སྐལ་པ་མེད་ཅིང་གསང་སྔགས་རྡོ་རྗེ་ཐེག་པའི་སྣོད་དུ་མ་གྱུར་པ་རྣམས་ལ་བསྟན་ན་ལོག་ལྟ་དང་མ་དད་པ་སྐྱེ་བས་ངན་སོང་གི་རྒྱུ་བྱས་ནས། ན་རག་ཆེན་པོར་ལྟུང་བའི་ཉེན་འབྱུང་སྲིད་པས་དེ་ཕྱིར་རླུང་གི་ཕྱོགས་སུ་ཚིག་ཙམ་ཡང་བསྒྲགས་མི་རུང་ངོ་། །དེ་བས་ན་མི་འཆོལ་བ་གསང་བའི་རྒྱས་ཐོབ་ཅིག ཅེས་དམ་ཚིག་གི་རྒྱས་གདབ་པ་སྟེ། དེ་ཉིད་ལས། ཚིག་ཙམ་རླུང་གི་ཕྱོགས་སུ་ཟག་པ་ན། །ཚེ་ཡི་བར་ཆད་བྱེད་པར་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་རོ། །

བཀའ་སྲུང་ལ་གཉེར་དུ་བཅོལ་བ།

གསུམ་པ་བཀའ་སྲུང་རྣམས་ལ་གཉེར་དུ་བཅོལ་བ་ནི། ཟབ་གསང་རྫོགས་པ་ཆེན་པོའི་བཀའ་ཡི་བསྲུང་མ་ཡེ་ཤེས་དབྱིངས་ཀྱི་མགོན་པོ་ཕྱག་བཞི་པ་དང་། སྔགས་ཀྱི་བདག་མོ་ནམ་མཁའི་རལ་གཅིག་མ། དྲང་སྲོང་ཁྱབ་འཇུག་ཆེན་པོ། དམ་ཅན་རྡོ་རྗེ་ལེགས་པ་རྣམས་རང་རང་སོ་སོའི་འཁོར་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་མྱུར་ལམ་དགོངས་མཛོད་སྙིང་པོའི་མན་ངག་རྒྱུད་ཀྱི་བསྟན་པ་སྲིད་མཐའི་བར་དུ་མི་ཉམས་པར་བསྲུང་བ་དང་། རབ་འབྲིང་ཐ་མའི་གདུལ་བྱ་ཡོངས་ལ་སྤེལ་བ་དང་། ཉམས་སུ་ལེན་པའི་ཕྲིན་ལས་རླབས་པོ་ཆེ་དུས་ལས་མི་ཡོལ་བར་མཛོད་ཅིག ཅེས་བཀའ་སྲུང་རྣམས་ལ་མན་ངག་ཟབ་མོ་གཉེར་དུ་བཅོལ་ཞིང་གཏད་རྒྱས་བཏབ་པ་སྟེ། དེ་ཉིད་ལས། འདི་ཉིད་རང་གིས་ཉམས་སུ་ལོ ན་པ་དང་། །ཌཀྐི་ཉིད་ལ་གཏད་དེ་གཏེར་དུ་སྦོས། །ལས་ཅན་ཅིག་གི་དོན་དུ་སྨོན་ལམ་ཐོབ། །ཅེས་གསུངས་པ་དང་ཕྱོགས་མཐུན་ནོ། །

སྨོན་ལམ་གྱིས་མཇུག་བསྡུ་བ།

གསུམ་པ་སྨོན་ལམ་གྱིས་མཇུག་བསྡུ་བ་ནི། ཇི་སྲིད་འཁོར་བའི་སེམས་ཅན་མ་ལུས་པ་གཞི་ཀ་དག་ཆེན་པོ་རང་ཐོག་ཏུ་གྲོལ་ཞིང་སངས་རྒྱས་ནས། རིག་པ་སྐུ་གསུམ་ཡོངས་འདུས་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་དུ་བཙན་ས་ཟིན་པ་དེ་སྲིད་ཀྱི་མ་འོངས་པའི་དུས་རྣམས་སུ་བདེ་གཤེགས་སྙིང་པོས་ཁྱབ་ཅིང་། བླ་མེད་རྡོ་རྗེའི་ཐེག་པ་ལ་ལས་བཟང་ངན་བར་མ་གསུམ་གྱི་འབྲེལ་བ་ཅན། སྐུ་གསུམ་གྱི་གདུལ་བྱ་མ་ལུས་ལུས་པ་མེད་པ་ཀུན། མན་ངག་རྫོགས་པ་ཆེན་པོའི་མྱུར་ལམ་འདི་དང་འཕྲད་ནས། ཐམས་ཅད་ཕུང་པོ་ལྷག་མེད་དུ་སངས་རྒྱས་པར་ཤོག་ཅིག ཅེས་ངེས་པར་སྨོན་པའི་ཚིག་གིས་མཐའ་བརྒྱན་པས་ལེགས་པར་གྲུབ་པའོ། །དེ་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཅི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་དང་། ཀློང་ཆེན་པས། དྲི་མེད་འོད་ཟེར་བདག་གིས་འདིར་བཀོད་པའི། །དགེ་བ་སྟོན་ཀའི་ཟླ་ལྟར་དཀར་བ་དེས། །འགྲོ་ཀུན་ཡིད་མཁའི་མུན་པ་ཀུན་བསལ་ནས། །ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་ཤོག །ཉི་མ་ཟླ་བ་ལྷུན་པོ་རྒྱ་མཚོར་བཅས། །ས་ཆེན་གླིང་བཞི་འཇིག་རྟེན་གནས་ཀྱི་བར། །ཆོས་ཚུལ་འདི་ཡང་འགྲོ་བའི་དོན་བྱེད་ཅིང་། །བསྟན་པའི་རྒྱལ་མཚན་ཡུན་དུ་གནས་པར་ཤོག །ཅེས་གསུངས་པ་ལྟར། འགྲོ་བའི་དོན་རྨད་དུ་བྱུང་བ་རྒྱ་ཆེ་ཞིང་རྒྱུན་མི་ཆད་པ། ནམ་མཁའི་མཐའ་དང་མཉམ་པ་འབྱུང་བར་འགྱུར་བའི་དགོས་པ་ཆེན་པོ་ཡོད་པས་སོ། །

མཇུག་རྩོམ།

འདིར་སྨྲས་པ། རྫོགས་པ་ཆེན་པོའི་དོན་ཟབ་ནམ་མཁའི་མཐའ། །མཁས་དབང་ཁྱུང་ཆེན་འབུམ་གྱིས་ཚོལ་མིན་པ། །རྟོག་གེ་རྐང་དྲུག་འདབ་མ་བཞི་པ་ཡིས། །ཡོངས་སུ་འཚོལ་ཞིང་བསྐོར་འདོད་ངལ་བའི་རྒྱུ། །གྲུབ་མཆོག་བྱེ་བའི་དགོངས་བཟང་ཆོས་སྐུའི་མཁར། །ལེགས་བཤད་ནམ་མཁའི་ནོར་བུ་འབུམ་བརྡལ་བཞིན། །མ་རྟོགས་ལོག་རྟོག་ཕྱོགས་རྟོགས་མེ་ཁྱེར་གྱིས། །འོད་འབྱིན་མི་ནུས་བསིལ་གྲིབ་བརྟེན་བྱར་འོས། །དེ་ལྟ་ན་ཡང་ལས་སྐལ་བསོད་ནམས་ཅན། །མཆིས་རྣམས་བླ་ན་མེད་པའི་ཐབས་སྤྱོད་ལ། །འཇུག་པ་སྨོས་ཅི་ཐེ་ཚོམ་ཙམ་གྱིས་ཀྱང་། །མཐའ་མེད་སྲིད་པ་ཧྲུལ་པོར་བྱེད་ནུས་གསུངས། །གཏོང་བ་གཞན་ལས་ཆོས་ཀྱི་སྦྱིན་པ་དང་། །ཕར་ཕྱིན་དྲུག་ལས་ཤེས་རབ་ཕ་རོལ་ཕྱིན། །བསོད་ནམས་ཚོགས་ཆེན་ལས་ཀྱང་ཡེ་ཤེས་ཚོགས། །མཆོག་ཅེས་ཐམས་ཅད་མཁྱེན་དེ ས་ཡང་ཡང་བསྔགས། །དེ་ཕྱིར་རིགས་མཐུན་ཞིང་སར་ཕན་འདོད་བློས། །ཐེག་མཆོག་དགོངས་ཟབ་ཆུ་གཏེར་ལས་འོང་བའི། །བརྒྱུད་གསུམ་བླ་མའི་ཞལ་ཆབ་བདུད་རྩིའི་རྒྱུན། །རྣམ་དཔྱོད་ཡུར་བར་དྲངས་ལ་འགལ་མེད་སྙམ། །འཁྲུལ་མེད་རྒྱལ་བའི་དགོངས་བཟང་མ་ལོན་ཅིང་། །ཡང་དག་གནས་ལུགས་ཇི་བཞིན་མ་རྟོགས་པས། །མ་མཐོང་རྒྱང་གཏམ་སྨྲས་འདྲའི་ཉེས་མཆིས་ན། །སྐུ་གསུམ་ཡོངས་འདུས་བླ་མས་དག་ཚངས་སྩོལ། །ཚུལ་འདིར་རྣམ་དཀར་ཆུ་འཛིན་འབྱུང་སྲིད་ན། །དུས་གསུམ་ལེགས་བྱས་སྤྲིན་དང་ཆབ་གཅིག་ཏུ། །སྐུ་གསུམ་བླ་མའི་ཐུགས་རྗེའི་དབྱིངས་ཀློང་ཆེར། །འཁོར་གསུམ་དམིགས་བྲལ་ཆེན་པོར་ཡོངས་སུ་བསྡོམ། །དེས་བསྐྱེད་ལྷ་ལམ་འགེང་བའི་མཚམས་སྤྲིན་ལས། །འཇོ་བའི་དཔལ་ཡོན་བདུད་རྩིའི་ཟིལ་དངར་གྱིས། །རིགས་ཅན་གསུམ་གྱི་གདུལ་བྱའི་འཛིན་མ་ལས། །སྐལ་བཟང་ལོ་འབྲས་འདོད་དགུ་རྟག་གཡུར་ཤོག །བདག་ཀྱང་འགྲོ་ཀུན་སྐུ་གསུམ་མངོན་འགྱུར་བར། །སྐུ་གསུམ་ཡོངས་འདུས་བླ་མས་རྗེས་བཟུང་ནས། །སྐུ་གསུམ་དགོངས་མཛོད་མན་ངག་དགའ་སྟོན་གྱིས། །སྲིད་གསུམ་སྐྱེ་དགུའི་རེ་འདོད་སྐོང་ནུས་ཤོག །ཅེས་མྱུར་ལམ་དགོངས་མཛོད་སྙིང་པོའི་དམར་ཁྲིད་སྐུ་གསུམ་དགོངས་མཛོད་རབ་ཏུ་སྣང་བའི་ཉི་མ་གཞོན་ནུ་དོན་ཟབ་འོད་སྟོང་ཕྱོགས་བརྒྱར་བརྡལ་བ་ཞེས་བྱ་བ་འདི་ཡང་། ལུང་ཟིན་རྩ་བའི་ཆོས་བདག་པདྨ་ཨ་ཡཱུརྡ་མའི་མཚན་ཅན་ནས་དོན་གཉེར་ཆེན་པོས་བསྐུལ་ངོར། སྐུ་གསུམ་ཡོངས་འདུས་རྒྱལ་བའི་དབང་པོའི་ཐུགས་རྗེས་རྗེས་སུ་བཟུང་བས་དག་སྣང་གི་ཆོས་ལ་ཅུང་ཟད་དབང་བར་མོས་པ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོས་ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་དང་། རིག་འཛིན་འགྱུར་མེད་རྡོ་རྗེའི་ཟབ་ལམ་གསལ་བྱེད་དང་། ཨ་ཏི་ཟབ་དོན་སྙིང་པོ། ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱི་ཡེ་ཤེས་བླ་མ་རྣམས་དང་མཐུན་པར་རང་ནུས་དང་བསྟུན་ནས་བྲིས་པ་སྟེ། འདིའི་དགེ་བས་འགྲོ་ཀུན་སྐུ་གསུམ་ཡོངས་འདུས་མ་ཧཱ་གུ་རུའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག་གུ། དགེའོ། །དགེའོ། །དགེའོ། །


previousམྱུར་ལམ་དམར་ཁྲིད་སྐུ་གསུམ་དགོངས་མཛོད་རབ་ཏུ་སྣང་བའི་ཉི་མ།no next