Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྗེས་གནང་ལག་ལེན་བྱིན་རླབས་ཆར་རྒྱུན།
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྗེས་གནང་ལག་ལེན་བྱིན་རླབས་ཆར་རྒྱུན།next

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྗེས་གནང་ལག་ལེན་བྱིན་རླབས་ཆར་རྒྱུན།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྗེས་གནང་ལག་ལེན་བྱིན་རླབས་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །

གུ་རུ་ཛྙཱ་ན་ཌཱཀྐཱི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཤེས་རབ་ཕ་རོལ་ཕྱིན་མ་ནི༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ༔ འདུ་འབྲལ་མེད་པའི་རང་བཞིན་ལ༔ ཡེ་ནས་རང་ངོ་ཤེས་པས་འདུད༔ དུས་གསུམ་རྒྱལ་བའི་ཕྲིན་ལས་པ༔ བདག་ཉིད་ཆེན་པོ་པད་འབྱུང་གི༔ ཐུགས་ཀྱི་གཟུངས་མར་བསྔགས་པ་ཡི༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི༔ སྒྲུབ་ཐབས་ཉམས་ལེན་གང་ཟག་དོན༔ རྗེས་གནང་བྱིན་རླབས་ཆར་རྒྱུན་བསྟན༔ ས་མ་ཡཱ༔ དེ་ལ་དོན་དང་མི་འགལ་བའི། །འཐད་འོས་ཁུངས་ལྡན་ཚིག་ཚོགས་འགས། །ཁ་བསྐང་ལྷན་ཐབས་ཉུང་ངུ་བཅས། །ལག་ལེན་ཁྲིགས་སུ་བསྡེབ་ནས་སྤེལ། །འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ སྦྱོར་བ་ཡོ་བྱད་བཤམས་པ་ནི༔ དཀྱིལ་འཁོར་མདའ་གང་བཀོད་ལེགས་སྟེང་༔ རྡུལ་ཚོན་རས་བྲིས་ཚོམ་བུ་གསུམ༔ གང་འཛོམ་རབ་འབྲིང་ཐ་མར་དཔྱད༔ དབུས་སུ་སྐུ་རྟེན་བུམ་པ་དང་༔ མདུན་དུ་ཐུགས་རྟེན་ཤེལ་མེ་ལོང་༔ གཡས་སུ་ཡོན་ཏན་ཡིད་བཞིན་ནོར༔ རྒྱབ་ཏུ་གསུང་སྔགས་བགྲང་ཕྲེང་དམར༔ གཡོན་དུ་ཕྲིན་ལས་ཐོད་ཊཱ་དྲིལ༔ གཞན་ཡང་གསང་རྫས་བདུད་རྩི་དང་༔ གཏོར་མ་སྨན་རཀ་ཉེར་སྤྱོད་བཤམས༔ རང་གཞུང་སྐྱབས་སེམས་ནས་བཟུང་སྟེ༔ བདག་མདུན་དབྱེར་མེད་ལྷ་རུ་བསྒོམས༔ བསྙེན་པ་བརྒྱ་སྟོང་ཁ་ཡང་གསོ༔ དེ་ནས་བུམ་པ་བསྒྲུབ་པ་ནི༔ སྭ་བྷ་ཝ་ཡིས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་བྷྲུཾ་ཡིག་ལས༔ རིན་ཆེན་བུམ་པ་མཚན་ཉིད་ཀུན༔ ཡོངས་རྫོགས་གཞལ་མེད་ཁང་དབུས་སུ༔ ལྔ་ཚན་ལྔ་ཡི་བཅུད་རྣམས་ཀུན༔ ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ པདྨ་ཉི་ཟླའི་གདན་གྱི་ཁར༔ དབུས་སུ་ཡེ་ཤེས་མཚོ་རྒྱལ་མཐིང༔ བཅུ་དྲུག་གཞོན་ཚུལ་ཆགས་པའི་ཉམས༔ འཛུམ་པའི་སྤྱན་དཀྱུས་ཐད་ཀར་གཟིགས༔ ཞལ་གཅིག་ཕྱག་གཉིས་ཞབས་ཕྱེད་སྐྱིལ༔ ཐོད་སྐམ་རྩེ་ཕྲན་རིན་ཆེན་རྒྱན༔ གནག་སྣུམ་དབུ་སྐྲའི་ལན་ཚར་མཛེས༔ ཕྱག་གཡས་ཐོད་རྔ་སྙན་ཐད་དཀྲོལ༔ གཡོན་པས་ཐོད་བུམ་བདུད་རྩིས་གཏམས༔ མེ་ཏོག་སྣ་ཚོགས་དོ་ཤལ་འཕྱངས༔ དར་དཀར་སྟོད་གཡོག་རླུང་གིས་བསྐྱོད༔ དམར་པོ་གསེར་རིས་ཤམས་ཐབས་ལ༔ ལྗང་ཁྲའི་འཕུར་མ་མུ་ཏིག་རྒྱན༔ གསེར་གྱི་སྙན་རྒྱན་དྲིལ་ཆུང་འཁྲོལ༔ གཙུག་ཏོར་ནོར་བུའི་ཏོག་གིས་མཛེས༔ ཤར་དུ་རྡོ་རྗེ་ཌཱཀྐི་དཀར༔ ལྷོ་རུ་རིན་ཆེན་ཌཱཀྐི་སེར༔ ནུབ་ཏུ་པདྨ་ཌཱཀྐི་དམར༔ བྱང་དུ་ཀརྨ་ཌཱཀྐི་ལྗང༔ གཅེར་མོ་དར་དང་རུས་པས་བརྒྱན༔ ཐོད་སྐམ་དབུ་རྒྱན་སྟག་གཟིག་ཤམས༔ གཡས་རྣམས་རིགས་ཀྱི་ཕྱག་མཚན་དང༔ གཡོན་རྣམས་དངུལ་དཀར་དྲིལ་བུ་འཁྲོལ༔ ཀུན་ཀྱང་གཞོན་ཚུལ་བདེ་བ་རྒྱས༔ ནུ་འབུར་ཆགས་པའི་ཆུ་སྐྱེས་བཞད༔ རྩ་གསུམ་རྒྱལ་ཀུན་འདུས་པའི་དཔྱིད༔ འཇའ་དང་འོད་ལྔ་འཁྲིགས་པའི་ཀློང༔ སྟེང་གི་ཆ་ལ་བརྒྱུད་གསུམ་གྱི༔ བླ་མ་བར་དུ་ཡི་དམ་ལྷ༔ སྒྲུབ་སྡེ་བརྒྱད་དང་རྒྱུད་སྡེ་བཞི༔ འོག་གི་ཆ་ལ་གནས་ཡུལ་གྱི༔ དཔའ་བོ་མཁའ་འགྲོ་བསྲུང་མར་བཅས༔ མ་འདྲེས་མཁའ་ལ་གཟའ་སྐར་བཞིན༔ ཡིད་ཡུལ་ལྷམ་མེ་ལྷང་ངེར་གསལ༔ རང་སྲོག་སྔགས་ཀྱི་འོད་ཟེར་ལས༔ རང་སྔགས་ཡི་གེའི་འབྲུ་རྣམས་ཀུན༔ འོད་ཀྱི་ལམ་ནས་རང་སྒྲར་བཅས༔ མདུན་བསྐྱེད་བུམ་ལྷའི་ཐུགས་ཀར་ཕོག༔ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ལྟེམ་གྱིས་གང་བར་དམིགས༔ ཨ་ཧ་རི་ནི་ས་བཾ་ཊཱཀྐི་ནཱི་ཛྙཱ་ན་སྭ་ར་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པ་ཅི་ནུས་བཟླས་པའི་མཐར། །མཆོད་བསྟོད་གཞུང་བཞིན་བྱས་པའི་རྗེས། །ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ། །ལྷ་ཉིད་འོད་ཞུ་བདུད་རྩིར་བསམ༔ དེ་ནས་དངོས་གྲུབ་དབང་བཞི་ནི༔ བདག་འཇུག་རྒྱས་པར་བྱེད་པ་འམ༔ ཡང་ན་ཚིག་འདིས་ལེན་པར་བྱ༔ ཨེ་མ་ཧོ༔ སྐྱེ་མེད་ཤེས་རབ་ཕར་ཕྱིན་ཆོས་ཀྱི་སྐུ༔ འགགས་མེད་རྡོ་རྗེ་རྣལ་འབྱོར་ལོངས་སྤྱོད་རྫོགས༔ གང་འདུལ་སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ དམིགས་མེད་བརྩེ་བ་ཆེན་པོའི་ངང་ཉིད་ལས༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡི༔ དངོས་གྲུབ་མཆོག་གིས་བདག་རྒྱུད་སྨིན་པ་དང་༔ སྐལ་ལྡན་རྣམས་ཀྱི་སྒོ་གསུམ་བག་ཆགས་སྦྱངས༔ སྐུ་བཞིའི་གོ་འཕང་ཐོབ་པར་མཛད་དུ་གསོལ༔ ཨ་ཧ་རི་ནི་ས་བཾ་ཊཱཀྐི་ནཱི་ཛྙཱ་ན་སྭ་ར་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སྒྲུབ་རྫས་བུམ་པ་གནས་གསུམ་གཏུགས༔ བུམ་ཆུ་བཏུང་ཞིང་དམིགས་པ་ནི༔ མདུན་བསྐྱེད་མཁའ་འགྲོའི་ལྷ་ཚོགས་དང་༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ བདག་དང་སློབ་མར་བརྩེར་དགོངས་ནས༔ དབང་བཞིའི་ཡེ་ཤེས་སྩོལ་བར་བསམ༔ དེ་ནས་ལས་བུམ་སྒྲུབ་པ་ནི། །སྭ་བྷ་ཝ་ཡིས་སྟོང་པར་སྦྱང༔ སྟོང་པའི་ངང་ལས་སྐད་ཅིག་གིས། །ལས་བུམ་ཁྲོ་བོའི་གཞལ་ཡས་སུ། །ཁྲོ་ཆེན་བདུད་རྩི་འཁྱིལ་བ་ནི། །ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་། །གཡོན་པས་བདུད་རྩིའི་ཐོད་པ་འཛིན། །ཞབས་གཉིས་གྱད་ཀྱི་འདོར་སྟབས་ཀྱིས། །པད་ཉིར་མེ་དཔུང་ཀློང་ན་འགྱིངས། །ཁྲོ་བོའི་རྒྱན་དང་ཆ་ལུགས་ཀུན། །མ་འདྲེས་ཡོངས་རྫོགས་ཆེན་པོར་བསྒོམ། །ཐུགས་སྲོག་སྔགས་ཀྱི་ཡི་གེ་ལས། །འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བུམ་པ་ཡོངས་སུ་གང་བར་བསམ། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྚ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཞེས་སོགས་བདུད་རྩི་འཁྱིལ་བ་ཡི། །བསྙེན་པ་བཟླ་ཞིང་མཆོད་བསྟོད་ནི། །བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། །ཧཱུྃ། རྒྱལ་ཀུན་ཐུགས་ཀྱི་ཕྲིན་ལས་ལས། །ཡོངས་ཤར་རྒྱལ་ཀུན་ཕྲིན་ལས་པ། །གདུལ་དཀའ་འདུལ་མཛད་ཧེ་རུ་ཀ །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ཨོཾ་ཨཱཿཧཱུྃ་བརྗོད་པས། །ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཉིད། །འོད་ཞུ་བུམ་པའི་ཆུར་འདྲེས་པས༔ གདོན་བགེགས་མཐར་བྱེད་ནུས་ལྡན་བསམ༔ དེ་ཡན་སྦྱོར་བའི་རིམ་པའོ།། དངོས་གཞི་སློབ་མ་ཁྲུས་ནས་ཕྱུང་༔ བར་ཆད་བྱེད་པའི་གདོན་བགེགས་ལ༔ འབྲུ་གསུམ་སྔགས་ཀྱིས་གཏོར་མ་སྦྱིན༔ རང་ཉིད་བདུད་རྩི་འཁྱིལ་བ་ཡི༔ ང་རྒྱལ་ལྡན་པས་སྲིད་མཐར་བསྐྲད༔ སྐུ་ལས་ཁྲོ་བོ་མེ་དཔུང་འཕྲོས༔ སློབ་མ་བསྲུང་བའི་གུར་དུ་གཞུག༔ བཛྲ་རཀྵའི་སྔགས་ཤམ་གདགས༔ །ཞེས་པ་རྣམས་ཀྱི་དང་པོ་རུ། །སློབ་མ་རྣམས་ལ་ཁྲུས་བྱ་ཞིང་། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་དང་ཡི་གེ་བརྒྱ་པ་བརྗོད། །དེ་ནས་བགེགས་གཏོར་འདུ་བྱས་ལ༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། །ཨོཾ་ཨཱ༔ཧཱུྃ་གིས་སྦྱངས་སྤེལ་བསྒྱུར། །སརྦ་བྷུ་ཏ་ལན་གསུམ་གྱིས། །བགེགས་རིགས་ལན་ཆགས་མགྲོན་རྣམས་བཀུག །ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ༴སོགས། གསུམ་གྱིས་ཚིམ་པར་བསྔོས་བྱས་ལ། །བདུད་རྩི་འཁྱིལ་བའི་ཏིང་འཛིན་གྱིས། །ཧཱུྃ༔ དང་པོ་གཞི་ལས་གློ་བུར་དུ༔ འཁྲུལ་བའི་ལས་ཉོན་སྡིག་པའི་རྒྱུས༔ ལྷན་སྐྱེས་ཐོག་མའི་མ་རིག་གདོན༔ སེམས་བྱུང་འཁོར་བའི་འདྲེ་བགེགས་རྣམས༔ ཀུན་རྫོབ་གཏོར་མས་ཚིམས་ཀྱིས་ལ༔ དོན་དམ་ཡུམ་གྱི་མཁའ་ལ་དེངས༔ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། མཆོག་གསུམ་རྩ་གསུམ་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་ཡང་སྐུ་གསུམ་མཁའ་འགྲོ་ཡོངས་ཀྱི་རྗེ་མོ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ། མ་སྲིང་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། དོན་དམ་ཆོས་ཉིད་གདོད་ནས་དག་ཅིང་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། སྔགས་འཆང་རྣལ་འབྱོར་བ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས། དེང་འདིར་རིག་པ་འཛིན་པ་རྣམས་ཀྱི་གཙོས་རྡོ་རྗེ་སློབ་མ་རྣམས་ལ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པར་བྱེད་པའི་གནོད་བྱེད་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཆོད་སྦྱིན་གླུད་གཏོར་རྒྱ་ཆེན་པོ་སྦྱིན་པ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་བདག་སོགས་ཁྲོ་རྒྱལ་འབར་བའི་ཚོགས་རྣམས་རབ་ཏུ་ཁྲོས་ནས་ཡེ་ཤེས་ཀྱི་རྡོ་རྗེ་དང་མཚོན་ཆ་རྣོན་པོ་མེ་རབ་ཏུ་འབར་བ་རྣམས་ཀྱིས་མགོ་བོ་ཚལ་བ་བརྒྱ། ལུས་དུམ་བུ་སྟོང་དུ་གཏོང་བར་གདོན་མི་ཟ་བས་དེ་བས་ན་སོ་སོ་རང་རང་གི་གནས་སུ་བདེ་བར་དེངས་ཤིག དྲག་སྔགས་བརྗོད་ཅིང་ཐུན་གྱིས་བསྐྲད། །དེ་རྗེས་བསྲུང་འཁོར་བསྒོམ་པ་ནི། ཧཱུྃ༔ ཕྱི་སྣོད་འབྱུང་ལྔ་མཁའ་འགྲོའི་དལ༔ ནང་བཅུད་ཕུང་ཁམས་རྟོག་ཚོགས་ལྷ༔ ང་ཡི་སྒོ་གསུམ་རྒྱལ་བའི་ཡུམ༔ བདག་མེད་རྡོ་རྗེ་རྣལ་འབྱོར་མའི༔ སྐུ་ལས་ཁྲོ་བོ་མེ་དཔུང་འཕྲོས༔ སྲིད་གསུམ་ལོག་འདྲེན་ཐལ་བར་རློག༔ ལྷ་སྔགས་ཁྲོ་མཚོན་བསྲུང་བའི་གུར༔ མི་ཤིག་རྡོ་རྗེའི་ཆོས་བདུན་ལྡན༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་དེ་རྗེས་རང་གཞུང་ལས། །སློབ་མ་ཆོས་ལ་ཉན་པར་བསྐུལ༔ མི་རྟག་རྒྱུ་འབྲས་བསླུ་མེད་ཀྱིས༔ བློ་བཅོས་སྤྱི་དང་བྱེ་བྲག་གི༔ གསང་ཆེན་ཆོས་ཀྱི་ཆེ་བ་བརྗོད༔ ཅེས་པ་རྣམས་ནི་འདི་ལྟར་བྱ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཁྱབ་བདག་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཚུལ་ཟབ་མོ་མཉན་ནས་ཉམས་སུ་ལེན་པར་བྱའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་བསྐྱེད་པ་སྔོན་དུ་འགྲོ་བས་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་པ་སྤངས་ཤིང་འདུ་ཤེས་བཞི་དང་། ཕ་རོལ་དུ་ཕྱིན་པ་དྲུག་ཚང་བའི་སྒོ་ནས་ལེགས་པར་ཉན་འཚལ། དེ་ཡང་རང་རེ་རྣམས་སྔོན་བསགས་བསོད་ནམས་བཟང་པོའི་མཐུ་ལས་ད་ལྟའི་སྐབས་འདིར་སྐྱེ་བར་དཀའ་བ་ལྷོ་རྒྱལ་འཛམ་བུའི་གླིང་ཆོས་ཟབ་དགུ་དར་བའི་ཡུལ་འདིར་སྐྱེས། ཐོབ་པར་དཀའ་བ་དལ་འབྱོར་བཅོ་བརྒྱད་ཚང་དུ་རུང་བའི་ལུས་རྟེན་ཁྱད་པར་ཅན་འདི་ལྟ་བུ་ཐོབ། འཕྲད་པར་དཀའ་བའི་དམ་པའི་ཆོས་ཀྱི་ཕུང་པོ་སྤྱི་དང་ཁྱད་པར་ཟབ་གསང་རྡོ་རྗེ་ཐེག་པའི་ཆོས་ཚུལ་ཟབ་མོ་རྣམས་དང་འཕྲད། མཇལ་བར་དཀའ་བ་མཚན་ལྡན་བླ་མ་དམ་པ་རྣམས་ཀྱིས་རྗེས་སུ་བཟུང་ནས་ཚེ་གཅིག་ལུས་གཅིག་ལ་རྣམ་གྲོལ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་དུ་རུང་བའི་རྒྱུ་རྐྱེན་ལེགས་པར་འཛོམས་པའི་དུས་འདིར་དམ་པའི་ཆོས་ལ་མྱུར་དུ་འབད་རྩོལ་བྱེད་དགོས་པ་ཡིན། དེ་ལྟ་མ་ཡིན་པར་དལ་འབྱོར་དོན་མེད་སྟོང་ཟད་དུ་སོང་ན་ཕྱིས་འདི་ལྟ་བུའི་ལུས་རྟེན་བཟང་པོ་ཡང་ནས་ཡང་དུ་རྙེད་པ་མ་ཡིན་པའི་ཚུལ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་ཆེར་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་དང་། རྒྱལ་བའི་སྲས་པོ་ཞི་བ་ལྷས་ཀྱང་། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་བ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱི་ནས་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་པ་ལྟར་ཡིན་ལ། ལན་གཅིག་ཐོབ་པ་དེ་ཡང་ཡུན་དུ་མི་གནས་པའི་ཚུལ་ནི་མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་དང་། བཤེས་སྤྲིང་ལས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་སོགས་གསུངས་པ་ལྟར། ཕྱི་བརྟན་པ་སྣོད་ཀྱི་འཇིག་རྟེན། ནང་གཡོ་བ་བཅུད་ཀྱི་སེམས་ཅན་སྤྱི་དང་། ཁྱད་པར་སྟོང་གསུམ་མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་སོགས་སྐྱེ་དགུའི་བདག་པོ་རྣམས་དང་། རྒྱལ་བ་རྫོགས་པའི་སངས་རྒྱས་སོགས་སྐྱེས་ཆེན་དམ་པ་རྣམས་ནས་བཟུང་། སྲིད་ཁམས་འདི་ན་གནས་སོ་ཅོག་ཐམས་ཅད་ལ་བརྟགས་ཤིང་དཔྱད་ན་མི་རྟག་ཅིང་མི་བརྟན་པའི་རང་བཞིན་ཅན་ཁོ་ན་ལས་རྟག་པར་གནས་པ་གཅིག་ཀྱང་མེད་ལ། ལྷག་པར་ཡང་ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་ཡུད་ཙམ་རེ་སོང་བཞིན་ཚེ་ཇེ་ཟད་དང་འཆི་བ་ལ་ཇེ་ཉེར་འགྲོ། ཚེ་ལ་ངེས་པ་མེད་པས་ནམ་འཆི་བའི་ཚོད་ནི་སུས་ཀྱང་མི་ཟིན། འཆི་རྐྱེན་ཤིན་ཏུ་མང་བས་ད་ལྟ་སྐད་ཅིག་མ་འདིར་ཡང་གློ་བུར་གྱི་རྐྱེན་དྲག་པོས་མི་འཆི་བའི་གདེངས་ཅུང་ཟད་ཀྱང་མེད་ཅིང་། དུས་ནམ་ཞིག་གི་ཚེ་ན་ཤིན་ཏུ་གཅེས་པར་བཟུང་བའི་ལུས་འདི་ཡང་སྦྲུལ་གྱི་ཤུན་པ་བརྗེས་པ་བཞིན་ཤུལ་དུ་བསྐྱུར་ནས་འགྲོ་དགོས་པས་དེའི་དུས་སུ་ཚེ་གང་བོར་འབད་རྩོལ་ཆེན་པོས་བསོགས་པའི་རྒྱུ་ནོར་ལོངས་སྤྱོད་དང་། གཉེན་གྲོགས་མཛའ་བཤེས་ཐམས་ཅད་ཤུལ་དུ་ལུས་པ་མ་གཏོགས་ཕན་པ་ཅུང་ཟད་ཀྱང་མེད་ལ། དགེ་སྡིག་གི་ལས་གང་དང་གང་བསགས་པ་རྣམས་བསྐྱུར་དུ་མེད་པར་རྗེས་སུ་འབྲངས་བའི་ཚུལ་ནི་རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འབྲང་། །ཞེས་དང་། མདོ་ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་ཤིང་དེ་བཞིན་དུ་ཡོན་ཏན་རིན་པོ་ཆེའི་མཛོད་ལས། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི། །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང་། །ལུས་ཅན་དག་དང་འདུ་འབྲལ་སྤངས་པ་བཞིན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་སོགས་གསུངས་པ་ལྟར། ད་ལྟ་དགེ་སྡིག་གང་དང་གང་བསགས་པ་དེ་དང་དེར་མཐུན་པའི་རྣམ་སྨིན་བདེ་སྡུག་སོ་སོར་མ་འདྲེས་པར་སྨིན་པར་ངེས་པས། ལུས་ངག་ཡིད་གསུམ་གྱི་མི་དགེ་བའི་བསམ་སྦྱོར་མཐའ་དག་སྤངས་ནས་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་བཏང་བར་སྒོ་གསུམ་ཆིག་དྲིལ་གྱིས་རྣམ་པར་དཀར་བའི་ལས་ལ་བརྩོན་པར་བྱ་དགོས་པ་ཡིན། དེ་ལ་འདིར་སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་། བག་ཉལ་གྱི་རིམ་པ་ལ་དགོངས་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་རྣམས་བསྡུས་ན་གསུང་རབ་ཡན་ལག་བཅུ་གཉིས་སུ་འདུས། དེ་ཡང་ཚུར་བསྡུ་ན་ཐེག་པ་ཆེ་ཆུང་གི་ཆོས་གཉིས་སུ་འདུས་པ་ལས་འདིར་ཐེག་པ་ཆེན་པོའི་ཆོས་ཡིན། དེ་ལའང་རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་གཉིས་སུ་ཡོད་པ་ལས། ཇི་སྐད་དུ། ཚུལ་གསུམ་སྒྲོན་མེ་ལས། །དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་དང་། ཨོ་རྒྱན་ཆེན་པོས། ཐེག་པ་ཀུན་ལས་ཁྱད་འཕགས་པ༔ ཟབ་མོ་སྔགས་ཀྱི་ཐེག་པ་འདི༔ དཔེར་ན་སྐས་ཀྱི་ཐེམ་རིམ་བཞིན༔ དབང་པོའི་དོན་དུ་གསུངས་པ་དང༔ ཚད་པའི་ནད་ལ་ག་བུར་བཞིན༔ གཉེན་པོའི་དོན་དུ་གསུངས་པ་དང༔ འོ་མ་ལས་ནི་མར་བཞིན་དུ༔ སྙིང་པོའི་དོན་དུ་གསུངས་པའོ༔ ཞེས་གསུངས་པ་ལྟར་རྒྱུའི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་སྔགས་ཀྱི་ཐེག་པ་ཡིན། དེ་ལ་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་སྟེ་གསུམ་ཡོད་པ་ལས་འདིར་བླ་མ་དགོངས་པ་འདུས་པ་ལས།  སྤྱིར་ཡང་བོད་རྣམས་གསར་ངེས་ཆེ་བ་དང ༔ སྙིགས་མའི་འགྲོ་ལ་ལྷག་པར་ཐུགས་བརྩེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ མ་འོངས་དུས་སུ་ཕྱོགས་རེའི་གྲགས་པ་ཅན༔ རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང༔ སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན༔ གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔ དེ་བས་ལས་སད་སྐལ་ལྡན་སྦྱང་བ་ཅན༔ འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས༔ ཚེ་གཅིག་སངས་རྒྱས་ཐོབ་བོ་རྗེས་འཇུག་རྣམས༔ ཞེས་སོགས་མང་དུ་གསུངས་པ་ལྟར་དུས་ལ་བབས་པའི་ཟབ་ཆོས་གཏེར་མར་གྲགས་པ་ཡིན། དེ་ལའང་ཀུན་རྫོབ་རྫས་ཀྱི་གཏེར་དང་། དོན་དམ་དགོངས་པའི་གཏེར་དང་གཉིས་ལས། འདི་ནི་ཟབ་གསང་བླ་ན་མེད་པ་དོན་དམ་དགོངས་པའི་གཏེར་ཞེས་བྱ་བ་ཡིན། དེ་ལའང་རྒྱུད་སྡེ་ཆེན་པོ་དྲུག་དང་བཞི་དང་གཉིས་སོགས་དབྱེ་ཚུལ་མང་ནའང་། འདིར་ཐབས་ཤེས་གཉིས་མེད་གསུམ་དུ་ཕྱེ་བ་ལས། འདི་ཉིད་ཤེས་རབ་ཀྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་ལྔ་དང་སྔགས་ཀྱི་དབྱེ་བ་མཐའ་ཡས་པ་ལས་འདིར་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པའི་སྐུ་མཆོག་དམ་པ་རྩོད་མེད་གྲུབ་པའི་གཏེར་ཆེན་འགྲོ་འདུལ་ལུང་རིག་གླིང་པ་རྩལ་གྱི་གཏེར་བྱོན་མཚོ་རྒྱལ་དགོངས་པའི་གསང་མཛོད་ཀྱི་ཆོས་སྡེ་ལས་བྱུང་བ་ཡེ་ཤེས་མཁའ་འགྲོ་ཡོངས་ཀྱི་རྗེ་མོ། མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་རྗེས་གནང་བསྐུར་བ་ལ། ཐོག་མར་གདམས་པ་ཟབ་མོ་འདི་ལ་ཡིད་ཆེས་པའི་ཕྱིར་ཆོས་འདིའི་བྱུང་ཁུངས་དང་། གསུམ་ལྡན་གྱི་བརྒྱུད་པ་ཁུངས་བཙུན་པའི་ལོ་རྒྱུས་མདོ་ཙམ་བརྗོད་པ་ནི། ཨེ་མ་ཧོ༔ རང་རིག་སྟོན་པ་ཀུན་བཟང་གིས༔ རང་ལས་མི་གཞན་འཁོར་རྣམས་ལ༔ ཤེས་རབ་ཕ་རོལ་ཕྱིན་པའི་དབང༔ འཕོ་མེད་དགོངས་པའི་ངང་ནས་བསྐུར༔ ལྔ་ལྡན་ལོངས་སྐུའི་ཞིང་ཁམས་སུ༔ གསལ་དག་རིགས་ལྔའི་སངས་རྒྱས་ཀྱིས༔ དག་པ་ས་གསུམ་འཁོར་རྣམས་ལ༔ རང་རིག་བརྡ་ཡི་དབང་ཆེན་བསྐུར༔ གང་འདུལ་སྤྲུལ་སྐུའི་ཞིང་ཁམས་སུ༔ མཛད་པ་ཡོངས་རྫོགས་སྟོན་པ་ཡིས༔ རིགས་ཅན་གསུམ་གྱི་སེམས་མ་ལ༔ རྒྱུད་ལུང་མན་ངག་འབྲས་བུའི་དབང་༔ རྫས་དང་སྔགས་ལ་བརྟེན་ནས་བསྐུར༔ ཞལ་ནས་སྙན་དུ་བརྒྱུད་པ་ཡི༔ བར་མ་ཆད་པའི་གདམས་པ་འོ༔ ཁྱད་པར་མཁའ་འགྲོའི་ཐུགས་བཅུད་འདི༔ ཆོས་སྐུའི་ཞིང་དུ་ཀུན་བཟང་མོས༔ རང་སྣང་སངས་རྒྱས་བྱང་སེམས་ལ༔ དབྱེར་མེད་དགོངས་པ་གཅིག་པར་བརྒྱུད༔ འོག་མིན་ལོངས་སྐུའི་ཞིང་ཁམས་སུ༔ རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མས༔ ས་དང་ལམ་ལ་གནས་པ་ཡི༔ གནས་ཡུལ་དུར་ཁྲོད་མཁའ་འགྲོ་ལ༔ སྒྲ་ཚིག་སྤངས་པའི་བརྡ་རུ་བསྟན༔ རང་བཞིན་སྤྲུལ་པའི་རྔ་ཡབ་གླིང་༔ རིག་འཛིན་པདྨ་ཐོད་ཕྲེང་གིས༔ མཁར་ཆེན་བཟའ་དང་མནྡྷ་ར༔ གསང་བའི་ཡུམ་ཆེན་སོ་སོ་ལ༔ རྒྱུད་དང་སྒྲུབ་ཐབས་གྲུབ་འབྲས་སོགས༔ གདུལ་བྱའི་དོན་དུ་སོ་སོར་བསྟན༔ དེ་ཡང་སྐུ་གསུམ་སྟོན་པ་རྣམས༔ ངོ་བོ་གཅིག་ལས་ཐ་དད་སྣང་༔ དཔེར་ན་མཁའ་ཡི་ཟླ་བ་དང་༔ ཆུ་ཟླ་སོ་སོར་དབྱེར་མེད་བཞིན༔ འདིར་ཡང་དག་སྣང་ཆོས་ཀྱི་སྡེ༔ མ་འོངས་སྐལ་བ་ལྡན་པ་ཡི༔ མཚོ་རྒྱལ་སྤྲུལ་པའི་གང་ཟག་ལ༔ སྨོན་ལམ་གཏད་རྒྱས་དབང་ཡང་བསྐུར༔ ལས་འཕྲོ་ལྡན་པར་ལུང་དུ་བསྟན༔ བརྒྱུད་པ་དམ་ལྡན་བྱིན་རླབས་མྱུར༔ དེ་ཕྱིར་ཌཱཀྐིའི་སྲོག་ཏིག་གོ༔ ཞེས་གསུངས་པ་ལྟར་སྐུ་གསུམ་རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ་གཅིག་སྐྱེ་མེད་ཆོས་སྐུའི་ཀློང་ནས་འགགས་མེད་ལོངས་སྤྲུལ་སྒྱུ་མའི་སྣང་བརྙན་ཅིར་ཡང་བཀྲ་བ། མ་ཚོགས་མཁའ་འགྲོ་ཀུན་གྱི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་ནང་སྒྲུབ་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་བརྒྱུད་གསུམ་བླ་མའི་བྱིན་རླབས་ཀྱི་ཆུ་བོ་གཅིག་ཏུ་འདུས་པའི་གཏེར་ཆེན་པོ་དེ་ཉིད་ལ་བརྟེན་ནས་སྨིན་བྱེད་ཀྱི་རྗེས་གནང་ཟབ་མོ་བསྐུར་བ་ལ། བདག་མདུན་བུམ་པ་བསྒྲུབ་པ་དང་། ལྷ་ལ་དབང་མི་ཟ་བའི་ཆེད་དུ་བདག་ཉིད་འཇུག་ཅིང་དབང་བླང་བ་སོགས་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། ད་ཁྱོད་རང་སློབ་མ་རྣམས་ཀྱི་བྱ་བ་ལ་ཐོག་མར་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྚལ་ཞིག་ཕུལ། ཞེས་པ་ལ་སོགས་ཆོས་བཤད་མཐར༔ སློབ་བུས་གསེར་གཡུའི་མཎྜལ་ཕུལ༔ གདུང་བས་གསོལ་བ་འདི་ལྟར་ཐོབ༔ དེ་ལྟར་མཎྚལ་ཕུལ་ནས་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཞེས་བསྐུལ་གསོལ་བ་འདི་ལྟར་གདབ། ཨེ་མ་ཧོ༔ སྐུ་བཞིའི་བདག་ཉིད་བླ་མ་རྗེས༔ རྒྱལ་ཡུམ་ཡེ་ཤེས་ཌཱཀྐི་མའི༔ སྐུ་གསུང་ཐུགས་ཀྱི་རྗེས་གནང་གིས༔ བདག་རྒྱུད་སྨིན་པར་མཛད་དུ་གསོལ༔ ཅེས་པས་ལན་གསུམ་གསོལ་བ་གདབ༔ གནང་བ་སྦྱིན་པ་འདི་སྐད་དོ༔ དེ་ལྟར་ལན་གསུམ་གྱིས་གསོལ་བ་བཏབ་ནས་གནང་བ་སྦྱིན་པ་འདི་ལ་གསན་འཚལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ངེས་པར་འཁོར་བའི་སྡུག་བསྔལ་ལས༔ འགྲོ་ཀུན་སྒྲོལ་བར་དམ་བཅས་ན༔ མཁའ་འགྲོའི་བྱིན་རླབས་རྗེས་གནང་བྱ༔ ཞེས་དྲིས་པའི་ལན་དུ་འདི་བཞིན་རྗེས་ཟློས་མཛོད། དེ་ནས་སློབ་བུས་འདི་སྐད་དོ༔ རྡོ་རྗེ་འཛིན་པ་ཁྱེད་ཉིད་ཀྱིས༔ ཇི་ལྟར་བཀའ་བསྒོ་མཛད་པ་བཞིན༔ བདག་གིས་ལུས་ངག་ཡིད་གསུམ་གྱིས༔ འགྲོ་བ་སྒྲོལ་བར་དམ་བཅའ་འོ༔ ཞེས་བརྗོད་བླ་མས་འདི་ལྟར་གདམས། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ལུས་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་ཚིག་དོན་ཡ་མ་བྲལ་བའི་ངང་ནས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ སྐྱེ་མེད་ཐུགས་ཀློང་རྣམ་མཁྱེན་རྫོགས་སངས་རྒྱས༔ འགགས་མེད་གསུང་མཆོག་བདེན་གཉིས་ཟུང་འཇུག་ཆོས༔ རྩོལ་མེད་སྐུ་ལ་ཐེག་གསུམ་དགེ་འདུན་རྫོགས༔ ཡེ་ཤེས་མཁའ་འགྲོའི་གཙོ་ལ་སྐྱབས་སུ་མཆི༔ ཞེས་བརྗོད་སླར་ཡང་འདི་ལྟར་གདམས༔ དེ་ནས་སྨོན་འཇུག་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཧོ་དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར༔ མཐའ་ཡས་འགྲོ་ཀུན་སྡུག་བསྔལ་མཐའ་དག་ལས༔ བསྒྲལ་ནས་ཡང་དག་གོ་འཕང་ལ་འགོད་ཕྱིར༔ མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་བསྒྲུབ་པར་བགྱི༔ སོ་སོར་ལན་གྲངས་གསུམ་གསུམ་གྱིས། །སྐྱབས་སུ་འགྲོ་ཞིང་སེམས་ཀྱང་བསྐྱེད༔ མཁའ་འགྲོའི་སྡོམ་བཟུང་འདི་སྐད་དོ༔ ཡེ་ཤེས་མཁའ་འགྲོའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས་ཚུལ་བཞིན་དུ་འཛིན་པར་བྱ་སྙམ་པས་དམ་ཚིག་གསུམ་འཛིན་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཡེ་ཤེས་ཌཱཀྐི་མའི༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ༔ བསྐྱེད་རིམ་བསྒོམ་ཞིང་བཟླས་པ་བྱ༔ དག་སྣང་རྩལ་སྦྱང་སྟོང་ཉིད་བསྒོམ༔ དེ་སྐད་ལན་གསུམ་རྗེས་ཟློས་བྱ༔ བྱིན་རླབས་བསྒྲུབ་ཕྱིར་བྱིན་འབེབས་ནི༔ ད་ཁྱོད་རང་རྣམས་བྱིན་རླབས་ཐམས་ཅད་ཀྱི་གཞི་རྟེན་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛད་པར་ཞུ། སྭ་བྷ་ཝ་ཡིས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་དྲན་རྫོགས་སུ༔ སློབ་མ་ཡེ་ཤེས་མཚོ་རྒྱལ་མཐིང༔ བཅུ་དྲུག་གཞོན་ཚུལ་ཆགས་པའི་ཉམས༔ འཛུམ་པའི་སྤྱན་དཀྱུས་ཐད་ཀར་གཟིགས༔ ཞལ་གཅིག་ཕྱག་གཉིས་ཞབས་ཕྱེད་སྐྱིལ༔ ཐོད་སྐམ་རྩེ་ཕྲན་རིན་ཆེན་རྒྱན༔ གནག་སྣུམ་དབུ་སྐྲའི་ལན་ཚར་མཛེས༔ ཕྱག་གཡས་ཐོད་རྔ་སྙན་ཐད་དཀྲོལ༔ གཡོན་པས་ཐོད་བུམ་བདུད་རྩིས་གཏམས༔ མེ་ཏོག་སྣ་ཚོགས་དོ་ཤལ་འཕྱངས༔ དར་དཀར་སྟོད་གཡོག་རླུང་གིས་བསྐྱོད༔ དམར་པོ་གསེར་རིས་ཤམས་ཐབས་ལ༔ ལྗང་ཁྲའི་འཕུར་མ་མུ་ཏིག་རྒྱན༔ གསེར་གྱི་སྙན་རྒྱན་དྲིལ་ཆུང་འཁྲོལ༔ གཙུག་ཏོར་ནོར་བུའི་ཏོག་གིས་སྤྲས༔ ནུ་འབུར་ཆགས་པའི་ཆུ་སྐྱེས་བཞད༔ རྩ་གསུམ་རྒྱལ་ཀུན་འདུས་པའི་དཔྱིད༔ འཇའ་དང་འོད་ལྔ་འཁྲིགས་པའི་ཀློང༔ པདྨ་ཉི་ཟླའི་གདན་གྱི་ཁར༔ དྭངས་པའི་མཁའ་ལ་གཟའ་སྐར་བཞིན༔ ཡིད་ཡུལ་ལྷམ་མེ་ལྷང་ངེར་གསལ༔ ཞེས་སོགས་རྒྱས་བསྡུས་བློས་དཔག་ཏེ། །མངོན་རྟོགས་གཞུང་དང་མཐུན་པར་བསྒོམ། །སྙིང་གར་གཡུང་དྲུང་དམར་པོ་ཡི༔ ལྟེ་བར་དགའ་འཁྱིལ་དབུས་སུ་བཾ༔ རྭ་བཞིར་ཧ་རི་ནི་ས་དང་༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ སྐུ་གསུམ་ཞིང་དང་ཁྱད་པར་དུ༔ རྔ་ཡབ་ཟངས་མདོག་དཔལ་རི་ནས༔ མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་མ༔ བུ་གཅིག་མ་ཡི་ངང་ཚུལ་གྱིས༔ སྐུ་དང་སྔགས་བྱང་ཕྱག་མཚན་ཚུལ༔ ཁ་བ་བུ་ཡུག་ཚུལ་ལྟར་བྱོན༔ སློབ་བུའི་ལུས་ངག་ཡིད་གསུམ་ལ༔ རྡོ་ཚན་སྟེང་དུ་མར་བཞག་བཞིན༔ དབྱེར་མེད་ཐིམ་པའི་མོས་འདུན་གྱིས༔ ཞེས་བརྗོད་སྦྱར་སྤོས་དུད་པས་བདུག ཐོད་པའི་རྔ་བརྡུང་དབྱངས་དང་བཅས༔ ཨེ་མ་ཧོ༔ ཡུལ་གྱི་མིང་ནི་ཨོ་རྒྱན་མཁའ་འགྲོའི་གླིང་༔ གནས་ཀྱི་མིང་ནི་ཟངས་མདོག་དཔལ་གྱི་རི༔ རང་བྱུང་པདྨས་སྤྲུལ་པའི་ཞིང་ཁམས་ནས༔ སྐུ་གསུམ་མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་མ༔ མོས་གུས་གདུང་བས་གནས་འདིར་སྤྱན་འདྲེན་ན༔ ཚད་མེད་ཐུགས་རྗེ་ཆེན་པོས་ཉེར་དགོངས་ནས༔ འདིར་འདུས་བདག་ཅག་སྐལ་ལྡན་སྒོ་གསུམ་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ སྐུ་ཡི་བྱིན་ཕོབ་ལུས་ལ་བདེ་དྲོད་འབར༔ གསུང་གི་བྱིན་ཕོབ་ངག་ལ་ནུས་པ་འབྱོངས༔ ཐུགས་ཀྱི་བྱིན་ཕོབ་སེམས་ལ་རྟོགས་པ་བསྐྱེད༔ རང་བྱུང་ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཚེ་འདིར་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཨ་ཧ་རི་ནི་ས་བཾ་ཊཱཀྐི་ནཱི་ཛྙཱ་ན་སྭ་ར་སརྦ་སིདྡྷི་ཧཱུྃ༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་བཛྲ་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ཕེབས་རྟགས་ལུས་ངག་ཡིད་ལ་འབྱུང་༔ གནས་གསུམ་རྡོ་རྗེའི་རྒྱས་གདབ་ནས༔ བྱང་ཆུབ་བར་དུ་བརྟན་པར་བསམ༔ ཡེ་ཤེས་སེམས་དཔའི་ལྷ་ཚོགས་ཐམས་ཅད་བྱང་ཆུབ་མཆོག་གི་བར་དུ་བརྟན་པར་གྱུར་ཅིག ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་བརྗོད་མི་དམིགས་ངང་ལ་བཞག༔ ས་མ་ཡཱ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྗེས་གནང་རྣམ་པ་ལྔ་རུ་བསྟན༔ དང་པོ་སྐུ་ཡི་རྗེས་གནང་ནི༔ བུམ་པ་སློབ་མའི་སྤྱི་བོར་བཞག༔ དེ་ཡང་ཐོག་མར་འདི་བཞིན་བརྗོད། དེ་ལྟར་རྗེས་གནང་གི་གཞི་འགོད་པའི་རིམ་པ་རྣམས་སྔོན་དུ་འགྲོ་བས་རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལས། དང་པོ་སྐུའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག བུམ་པ་འདི་ཉིད་ཕྱི་རིན་པོ་ཆེ་བུམ་པའི་དབྱིབས་ལ་ནང་གཞལ་ཡས་ཁང་མཚན་ཉིད་ཕུན་སུམ་ཚོགས་པའི་དབུས་སུ་སྐུ་གསུམ་ཀུན་དངོས་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བའམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་མོས་གུས་དྲག་པོ་བྱས་པས་ལྷ་ཚོགས་ཐམས་ཅད་ཁྱོད་རང་གི་ཐད་ཀྱི་ནམ་མཁར་བྱོན་ནས་དབང་བསྐུར་བའི་མོས་པ་བརྟན་པོ་མཛོད་ཅིག ཨོཾ༔ སྟོང་གསལ་འགགས་མེད་ཆོས་ཀྱི་དབྱིངས༔ འཁོར་འདས་གཞི་རྫོགས་བུམ་པ་ནས༔ སྐུ་གསུམ་ཡེ་ཤེས་བདུད་རྩིའི་རྒྱུན༔ སྐལ་ལྡན་ལུས་ལ་དབང་བསྐུར་བས༔ མཁའ་འགྲོའི་སྐུ་རུ་སྨིན་པར་ཤོག༔ རྩ་སྔགས་ཤམ་དུ་འདི་བཞིན་བརྗོད༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མཁའ་འགྲོའི་སྐུ་རྟེན་སྤྱི་བོར་བཞག༔ གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ༔ སྣང་སྟོང་སྒྱུ་མའི་ལྷ་སྐུར་བསྒོམས༔ ལུས་ཀྱི་གཉིས་འཛིན་སྒྲིབ་དག་ནས༔ སྤྲུལ་པའི་སྐུ་རུ་སྨིན་པར་ཤོག༔ དེས་སྐུའི་རྗེས་གནང་ཐོབ། ལུས་ཀྱི་སྡིག་སྒྲིབ་དག །ལུས་ལྷ་སྐུ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །སྦྱང་བྱ་ལུས་ཀྱི་ཕུང་པོ་དང་༔ སྦྱོང་བྱེད་བསྐྱེད་རིམ་རྣམ་པ་བཞི༔ སྦྱངས་འབྲས་སངས་རྒྱས་སྤྲུལ་པའི་སྐུ༔ ངོ་བོ་གཅིག་ལས་ལྡོག་པ་བཞིན༔ གསུང་དབང་སྔགས་བྱང་མགྲིན་པར་བཞག༔ གཉིས་པ་གསུང་གི་རྗེས་གནང་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག སློབ་དཔོན་གྱི་མགྲིན་པ་ནས་ཕྱི་ལྟར་ཡིག་འབྲུའི་རྣམ་པ་ལ་ནང་ལྟར་རང་བྱུང་སྲོག་ཡིག་སྐུ་གསུམ་མཁའ་འགྲོ་ཡོངས་ཀྱི་གསུང་གི་ངོ་བོ་གཞོམ་མེད་སྔགས་ཀྱི་སྒྲ་དབྱངས་སྒྲོགས་པ་དཔག་ཏུ་མེད་པ་བྱོན་ནས་ཁྱོད་རང་གི་མགྲིན་པར་ཐིམ་བྱུང་སྙམ་པའི་མོས་པ་གྱིས་ཤིག ཨཱཿ མ་དག་འཁྲུལ་བའི་ལས་ཀྱི་རླུང་༔ སྦྱོང་བྱེད་རང་བྱུང་སྔགས་ཀྱི་སྒྲ༔ མཁའ་འགྲོའི་སྲོག་ཡིག་འདི་གཏད་པས༔ ཚངས་དབྱངས་གསུང་གི་དབང་ཐོབ་ཤོག༔ ཞེས་བརྗོད་རྩ་སྔགས་ཤམ་བུ་རུ༔ ཝཀྐཱ་ཨ་བྷི་ཥིཉྩ་ཨཱཿ དཔོན་སློབ་གཉིས་ཀ་ལྷ་རུ་གསལ༔ ཐུགས་ཀར་ཉི་ཟླའི་དལ་ལ་བཾ༔ སྲོག་སྔགས་འོད་ལྔའི་ཁ་དོག་ཅན༔ གཡོན་དུ་འཁོར་བའི་འོད་ཟེར་གྱིས༔ གནས་གསུམ་མཁའ་འགྲོའི་བྱིན་རླབས་བསྡུས༔ དཔོན་སློབ་གཉིས་ཀར་ཐིམ་པ་ཡིས༔ གསུང་གི་བྱིན་རླབས་ཐོབ་བསམ་ནས༔ དཔོན་སློབ་གཉིས་ཀ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དུ་གསལ་བའི་ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་མཐིང་ཀའི་མཐའ་སྐོར་དུ་རང་བྱུང་དབྱིངས་ཀྱི་མཁའ་འགྲོའི་སྲོག་སྔགས་འོད་ལྔའི་ཁ་དོག་ཅན་གཡོན་དུ་འཁོར་བའི་འོད་ཟེར་གྱིས་གནས་གསུམ་གྱི་མ་ཚོགས་མཁའ་འགྲོ་རྒྱ་མཚོ་ཐམས་ཅད་ཀྱི་བྱིན་རླབས་སྔགས་ཕྲེང་གི་རྣམ་པར་བྱོན་ནས་དཔོན་སློབ་གཉིས་ཀའི་ཞལ་གྱི་སྒོ་ནས་ཞུགས་ཏེ་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་སྐུ་གསུམ་མཁའ་འགྲོ་ཡོངས་ཀྱི་གསུང་གི་བྱིན་རླབས་མ་ལུས་པ་ཐོབ་བྱུང་སྙམ་དུ་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། སྔགས་ཀྱི་རྗེས་ཟློས་འདི་བཞིན་བྱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་དང་རང་སྔགས་ལན་གསུམ་བཟླས༔ སྔགས་ཕྲེང་སློབ་མའི་སྤྱི་བོར་བཞག༔ ཨེ་མ་ཧོ༔ མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་མའི༔ དམིགས་མེད་མཁྱེན་དང་བརྩེ་བ་ཡིས༔ སློབ་མ་འདི་ལ་ལེགས་དགོངས་ནས༔ བྱང་ཆུབ་སྙིང་པོའི་བར་དག་ཏུ༔ རྗེས་སུ་འཛིན་པར་མཛད་དུ་གསོལ༔ མ་ཧཱ་མཎྚ་སརྦ་སིདྡྷི་ཕ་ལ་ཧཱུྃ་བྷྲུཾ༔ སློབ་བུའི་ལྕེ་ལ་བདུད་རྩི་བཞག༔ ཨོཾ་ཨཱཿཧཱུྃ༔ རྩ་ཁམས་ཀུན་རྫོབ་བྱང་ཆུབ་སེམས༔ ཡེ་ཤེས་རླུང་གི་འཕྲོ་འདུ་ལས༔ འཕོ་མེད་སྒྲ་གཅན་དབྱིངས་ཆུད་ནས༔ ལས་རླུང་སྔགས་སུ་རང་གྲོལ་ཤོག༔ དབྱངས་གསལ་བརྗོད་ཅིང་བརྗོད་བྲལ་ངང་༔ རང་བྱུང་རྡོ་རྗེའི་བཟླས་པ་བྱ༔ དེས་གསུང་གི་རྗེས་གནང་ཐོབ། ངག་གི་སྒྲིབ་པ་དག ངག་སྔགས་བཟླ་བ་ལ་དབང་། ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །ཐུགས་རྟེན་མན་ཤེལ་སྙིང་གར་བཞག༔ གསུམ་པ་ཐུགས་ཀྱི་རྗེས་གནང་གི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད་ཅིག སློབ་དཔོན་གྱི་ཐུགས་ཀ་ནས་སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཐུགས་ཆོས་དབྱིངས་འགྱུར་མེད་ཁྱབ་བརྡལ་ཆེན་པོའི་མཚོན་བྱེད་མན་ཤེལ་ཁ་ཏོག་ལྔ་པ་སྙིང་ཁར་བཞག་པས་གནས་གསུམ་མཁའ་འགྲོ་ཡོངས་ཀྱི་ཐུགས་ཀྱི་བྱིན་རླབས་སྐད་ཅིག་ཉིད་ལ་ཐོབ་བྱུང་སྙམ་དུ་མོས་མཛོད། ཨེ་མ་ཧོ༔ སྤྲོས་དང་བྲལ་བའི་རིག་པ་ནི༔ གདངས་གསལ་དྭངས་ཤེལ་སྒྲིབ་བྲལ་ལྟར༔ ངོ་བོ་སྟོང་ཞིང་རང་བཞིན་གསལ༔ ཀ་དག་སྒྲིབ་མེད་དབང་ཐོབ་ཤོག༔ ཞེས་དང་རྩ་སྔགས་ཤམ་བུ་ལ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་དྲི་བྲལ་མིག་ལ་བསྟན༔ ཨེ་མ་ཧོ༔ རྒྱལ་ཀུན་ཐུགས་ཀྱི་གསང་བའི་དབྱིངས༔ རྟོག་པ་མེད་ཀྱང་ཤེས་བྱའི་ཆོས༔ མ་འདྲེས་སོ་སོར་མཁྱེན་པ་ལྟར༔ མཁའ་འགྲོའི་ཐུགས་རྟེན་མེ་ལོང་གིས༔ སློབ་བུ་ཁྱོད་ལ་དབང་བསྐུར་བས༔ སྟོང་ཉིད་བསྒོམས་པའི་རང་རྩལ་གྱིས༔ ཆོས་ཀུན་མཁྱེན་པའི་རྩལ་རྫོགས་ཤོག༔ དེས་ཐུགས་ཀྱི་རྗེས་གནང་ཐོབ། ཡིད་ཀྱི་སྡིག་སྒྲིབ་དག ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། ཆོས་སྐུའི་གོ་འཕང་མངོན་དུ་བྱེད་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །ཡོན་ཏན་ཡིད་བཞིན་ནོར་བུའི་གཟུགས༔ སློབ་བུའི་ལྟེ་བར་བཞག་བྱས་ཏེ༔ བཞི་པ་ཡོན་ཏན་གྱི་རྗེས་གནང་ལ་ཡང་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ཡེ་ཤེས་མཚོ་རྒྱལ་དུ་གསལ་བའི་ལྟེ་བ་ནས་སྐུ་གསུམ་ཌཱཀྐི་ཡོངས་ཀྱི་གསང་བ་གསུམ་གྱི་ཡོན་ཏན་རྨད་དུ་བྱུང་བའི་མཚོན་བྱེད་ཡིད་བཞིན་དབང་གི་རྒྱལ་པོ་ལྟེ་བར་བཞག་པས་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོའི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་བྱིན་ནུས་མཉམ་པར་གྱུར་བྱུང་སྙམ་དུ་མོས་མཛོད། ཨེ་མ་ཧོ༔ རྟོག་མེད་ཡིད་བཞིན་ནོར་བུ་ལ༔ གསོལ་བཏབ་དགོས་འདོད་འབྱུང་བ་ལྟར༔ རྣམ་པར་རྟོག་པ་མི་མངའ་ཡང་༔ འགྲོ་ལ་འདོད་དགུའི་དཔལ་སྟེར་བའི༔ རྒྱལ་ཀུན་ཡོན་ཏན་དབང་བསྐུར་རོ༔ རྩ་སྔགས་ཤམ་དུ་འདི་ཉིད་བཏགས༔ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་གཏོར་མ་ལག་ཏུ་གཏད༔ ལྔ་པ་ཕྲིན་ལས་ཀྱི་དབང་ལ་དམིགས་པ་འདི་བཞིན་མཛོད། གཏོར་མ་འདི་ཉིད་སྐུ་གསུམ་རྒྱལ་བའི་ཡུམ་གཅིག་ཡེ་ཤེས་དབྱིངས་ཀྱི་རྗེ་མོ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་ལྷ་ཚོགས་དངོས་སུ་གསལ་བ་ཁྱོད་རང་གི་ལག་ཏུ་གཏད་པས་མཁའ་འགྲོའི་སྐུ་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་སྣ་ཚོགས་པ་དཔག་ཏུ་མེད་པ་ཆར་བབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པས་མ་ཅིག་ཡེ་ཤེས་མཁའ་འགྲོའི་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་དངོས་གྲུབ་བྱིན་རླབས་ཐམས་ཅད་སྐད་ཅིག་ཉིད་ལ་ཐོབ་པའི་མོས་པ་མཛོད། ཧཱུྃ་ཧྲཱིཿ སྣ་ཚོགས་གཉིས་འཛིན་ཀུན་བརྟགས་ཆོས༔ དམིགས་པ་མེད་པའི་དབྱིངས་སུ་གཏོར༔ སྟོང་ཉིད་ཀུན་ལ་ཁྱབ་པའི་མ༔ རྒྱལ་བ་ཀུན་གྱི་ཕྲིན་ལས་ཏེ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཤེས་པ་དྲུག་ལྡན་དབང་ཐོབ་ཤོག༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ ཀརྨཱ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡོན་ཏན་དང་ཕྲིན་ལས་ཀྱི་རྗེས་གནང་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །རང་གཞན་དོན་གཉིས་སྒྲུབ་པ་ལ་དབང་། ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་བྱེད་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །གཞན་ཡང་མཐའ་རྟེན་དབང་རྣམས་སྦྱིན༔ ས་མ་ཡཱ༔ རྗེས་ལ་དམ་ཚིག་བསྒྲགས་པ་ནི༔ ཨེ་མ༔ སྐལ་ལྡན་སྙིང་གི་བུ༔ མཁའ་འགྲོའི་སྐུ་ཡི་དམ་ཚིག་ཏུ༔ སྲོག་གཅོད་སྤངས་ཤིང་ཚངས་སྤྱོད་སྲུངས༔ གང་སྣང་སྒྱུ་མའི་ལྷ་སྐུར་སྦྱོངས༔ སློབ་དཔོན་སྐུ་དང་རང་གི་ལུས༔ རྟག་ཏུ་བརྙས་པར་མི་བྱའོ༔ མཁའ་འགྲོའི་གསུང་གི་དམ་ཚིག་ཏུ༔ རྫུན་ཕྲ་སྤངས་ཤིང་བཟླས་བརྗོད་བརྩོན༔ བུད་མེད་ཡོངས་ལ་མི་སྨོད་ཅིང་༔ བླ་མས་ཅི་གསུང་བཀའ་བསྒྲུབས་སོ༔ མཁའ་འགྲོའི་ཐུགས་ཀྱི་དམ་ཚིག་ཏུ༔ དངོས་འཛིན་འཁྲུལ་བའི་དབང་མི་གཏོང་༔ གང་ཤར་སྤང་བླང་མི་བྱ་ཞིང་༔ སྟོང་ཉིད་ལྟ་བའི་གདེང་ལྡན་པས༔ འགྲོ་ལ་སྙིང་རྗེ་རྒྱུན་མི་གཅོད༔ ཡོན་ཏན་ཕྲིན་ལས་དམ་ཚིག་ཏུ༔ ཡར་མར་ཚེས་བཅུ་རྒྱུན་མི་གཅོད༔ སྒོ་གསུམ་དཀྱིལ་འཁོར་གསུམ་ལྡན་པས༔ ཞེས་གསུངས་པ་ལྟར་མཁའ་འགྲོའི་དམ་ཚིག་སྤྱི་དང་བྱེ་བྲག་ཐམས་ཅད་བླ་མའི་བཀའ་ལས་ཇི་ལྟར་བྱུང་བ་བཞིན་ཚུལ་བཞིན་དུ་བསྲུང་བར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། །གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ་བརྗོད་པས་དམ་ཚིག་བཟུང་། །དེ་བཞིན་སློབ་མས་ཁས་བླང་ཞིང་། ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་དང་བཅས་པ་ཐམས་ཅད་ལྷ་དང་བླ་མ་ལ་འབུལ། ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །དགའ་སྟོན་ཚོགས་ཀྱི་འཁོར་ལོ་བསྐོར༔ དེ་རྣམས་ཀྱིས་ཡེ་ཤེས་ཀྱི་མཁའ་འགྲོའི་རྗེས་གནང་ཐོབ་པ་ལས་བྱུང་བའི་དགེ་བའི་རྩ་བ་འདིས་མཚོན་པའི་དུས་གསུམ་བསགས་ཡོད་ཀྱི་དགེ་ཚོགས་རྒྱ་མཚོ་ལྟ་བུ་མ་ལུས་པ་ཕྱོགས་གཅིག་ཏུ་བསྡོམས་ནས་མཁའ་མཉམ་གྱི་འགྲོ་བ་མཐའ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲིགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག ཞེས་སོགས་བསྔོ་སྨོན་བཀྲ་ཤིས་བྱ། ཨེ་མ་ཧོ༔ ཤིན་ཏུ་ཟབ་གནད་མཁའ་འགྲོའི་སྲོག༔ སྐལ་ལྡན་བུ་མིན་ཀུན་ལ་གསོངས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོ་ཡིས༔ བསྟན་པ་དཀྲུགས་པའི་གང་ཟག་དང་༔ ལོག་ལྟ་ཅན་གྱི་སྡིག་ཅན་གྱིས༔ དུས་མིན་ལེན་ན་སྲོག་དང་ཕྲོལ༔ རྩེ་གཅིག་ཆོས་ལ་མོས་པ་དང་༔ ཉམས་སུ་ལེན་ལ་རྟག་ཏུ་སྲུངས༔ གུ་ཧྱ༔ ཅེས་པའང་དག་སྣང་གི་ཆོས་ལ་དབང་བའི་སྐལ་ལྡན་ལུང་རིག་གླིང་པས་སྨྲས་པ་ལྟར་དད་བརྩོན་དང་ལྡན་པའི་བཙུན་ཆུང་ལུང་རྟོགས་མིང་གིས་ཡི་གེར་ཕབ་པ་ལ་བཅད་ལྷུག་གི་ཚིག་ཚོགས་འགས་ཁ་བསྐང་ཏེ་ལག་ལེན་ཁྲིགས་སུ་བསྡེབ་པ་པོ་ནི་ཡུལ་མགོ་ལོག་ཏུ་སྐྱེས་པའི་སྔགས་བཙུན་ཆོས་དབྱིངས་ཀུན་གསལ་རྒྱ་མཚོ་སྟེ། དཔལ་ལྡན་བླ་མ་དམ་པའི་ཐུགས་བཞེད་སྐོང་བའི་ཕྱིར་དུའོ།། སརྦ་དཱ་མངྒ་ལཾ།།


previousམཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྗེས་གནང་ལག་ལེན་བྱིན་རླབས་ཆར་རྒྱུན།next