Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་ཚེ་དབང་མཚམས་སྦྱོར།
   
   
   
   
   
   
   
   
   
   
   


 
previousསྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་ཚེ་དབང་མཚམས་སྦྱོར། next

སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་ཚེ་དབང་མཚམས་སྦྱོར།

༄༅། སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་སྐོར་ལས༔ མཚམས་སྦྱོར་འཆི་མེད་ལམ་བཟང་བགྲོད་པའི་ཤིང་རྟ་བཟང་པོ་ཞེས་བྱ་བ་བཞུགས་སོ།།

༄༅། སྐུ་གསུམ་དགོངས་པའི་ལྷ་ལམ་ནས། །གང་འདུལ་ཕྲིན་ལས་འོད་སྟོང་གཟིས། །གདུལ་བྱའི་བློ་གྲོས་མུན་སེལ་བ། །གསང་སྔགས་གླིང་པ་དེ་ལ་འདུད། །གང་གི་ཕྲིན་ལས་ཟབ་མོའི་གཏེར། །གསུང་རབ་རྒྱ་མཚོའི་བཅུད་བསྡུས་པ། །འཇིགས་སྐྱོབས་འཕགས་མའི་ཚེ་དབང་གི། །མཚམས་སྦྱོར་ཉུང་གསལ་འགོད་ལ་སྤྲོ། །དེ་ཡང་དཀྱིལ་འཁོར་གྱི་མདུན་དུ་ཚེ་བུམ། ཚེ་རིལ། ཚེ་ཆང་། མདའ་དར་ཚེ་གཏོར་སོགས་བཤམས་ལ། ལས་གཞུང་བསྲང་མཐར། ཚེ་བསྙེན་གྲངས་ལྡན་དུ་བསགས་རྗེས། ཚེ་བུམ་ལ་དམིགས་ཏེ། ཧྲཱི༔ སྣོད་བཅུད་མི་དམིགས་སྟོང་པའི་ངང་། །བྷྲཱུཾ་ལས་རིན་ཆེན་བུམ་པ་ནི། །ཚད་དང་མཚན་ཉིད་ཀུན་རྫོགས་དབུས། །སྣ་ཚོགས་བཅུད་ཀྱིས་གཏམས་པའི་སྟེང་། །ལྷུན་གྲུབ་གཡུ་ལོ་བཀོད་པའི་ཞིང་། །དཔལ་ཡོན་བཀོད་པ་ཕུན་སུམ་ཚོགས། །དེ་དབུས་རང་བྱུང་གཞལ་མེད་ཁང་། །བརྡ་དོན་རྟགས་གསུམ་ཡོངས་རྫོགས་ནང་། །ཏཱཾཿལྗང་འཕྲོ་འདུ་ཡོངས་གྱུར་ལས། །སྐུ་གསུམ་བདེ་གཤེགས་མ་ལུས་པའི། །ཕྲིན་ལས་ཨཱརྱ་ཏཱ་རེ་མ། །རྒྱན་དང་ཆ་ལུགས་མ་འདྲེས་རྫོགས། །སྤྱི་བོར་འཕགས་མཆོག་སྤྱན་རས་གཟིགས། །རིགས་ཀྱི་བདག་པོ་སྣང་མཐའ་ཡས། །ལས་སྒྲུབ་འཇིགས་སྐྱོབས་སྒོ་སྲུང་ལྷ། །མ་འདྲེས་ཆུ་ཟླ་ལྟ་བུར་གསལ། ཨོཾ་ཨཱརྱ་ཏཱ་རེ་བཛྲ་ས་མ་ཡ་ཛ༔ ཞེས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ ཞེས་གཉིས་སུ་མེད་པར་བསྟིམ། ས་མ་ཡ་ཏིཥྛ་ལྷན་གྱིས་གདན་ཕུལ། ན་མོ་པུ་རུ་ཤ་ཡ་ཧོ་ཞེས་ཕྱག་བྱས་ནས། ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་གུ་ཧྱ་པཱུ་ཛ་ཧོ། ཞེས་མཆོད། པོ་ཊ་ལ་ཡི་གནས༴སོགས། སྒྲོལ་མ་འཁོར་དང་བཅས་ལ་བསྟོད། ཅེས་བསྟོད་ནས། ཐུགས་སྲོག་སྔགས་ལས་འོད་ཟེར་འཕྲོས། །བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན། །བབ་པས་བུམ་པ་གང་བར་དམིགས། ཚེ་སྒྲུབ་ཀྱི་བཟླས་པ་ཅི་ནུས་བྱ། ཚེ་རྫས་གཞན་རྣམས་ལ་དམིགས་ཏེ། ཧྲཱིཿ ཐམས་ཅད་སྟོང་པའི་ངང་ཉིད་ལས། །རྫས་རྣམས་འཕགས་མའི་རྣམ་པར་གསལ། །བདག་མདུན་བུམ་པའི་ལྷ་རྣམས་ཀྱི། །ཐུགས་ཀའི་འོད་ཀྱི་སྤྲོ་བསྡུ་ཡིས། །འཁོར་འདས་ཀུན་གྱི་ཚེ་བཅུད་བསྡུས། །ལྷ་ཚོགས་ཀུན་ཀྱང་བདུད་རྩིར་ཞུ། །ཚེ་ཡི་རྫས་རྣམས་ཀུན་ལ་ཐིམ། །འཆི་མེད་འགྲུབ་པའི་རྫས་སུ་གྱུར།། ཞེས་བསམ་རྩ་སྔགས་མང་དུ་བཟླ། ཐུན་མཐར་མཆོད་བསྟོད་བྱས་ལ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ལ། ལྷ་ཚོགས་བདེ་སྟོང་བདུད་རྩིར་ཞུ། །བུམ་པའི་བཅུད་དང་གཉིས་མེད་གྱུར།། ཞེས་བསམ་ལ། ཧྲཱིཿ ཚེ་རབས་སྔོན་ནས་བརྟེན་པའི་ལྷ༔སོགས་ཀྱིས་དབང་དང་དངོས་གྲུབ་བླངས། ལས་བུམ་ལ་དམིགས་ཏེ། ཧྲཱིཿ དམིགས་མེད་ངང་ནས་དྲན་རྫོགས་སུ། །ལས་བུམ་བཅུད་དབུས་པད་ཉིའི་སྟེང་། །དབང་ཆེན་རྟ་མགྲིན་སྐུ་མདོག་དམར། །རལ་གྲི་གཡས་ལ་ཞགས་པ་གཡོན། །ཡེ་ཤེས་མེ་ཀློང་འདོར་སྟབས་བཞུགས། །ཁྲོ་ཆས་ཡོངས་སུ་རྫོགས་པར་གསལ། །དམ་ཚིག་ཡེ་ཤེས་གཉིས་སུ་མེད། །སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན། །བབ་པས་བུམ་པ་ལྟེམས་ཀྱིས་གང་།། ཨོཾ་ཧྱཱ་གྷྲྀ་ཝ་ཧཱུྃ་ཕཊ༔ བརྒྱ་རྩ་བཟླ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ནས། བུམ་ལྷ་བདུད་རྩིར་ཞུ་ནས་ཐིམ། །བུམ་ཆུ་དག་བྱེད་མཆོག་ཏུ་གྱུར།། ཡིག་བརྒྱ་ལན་གསུམ་གྱིས་བརྟན་པར་བྱའོ། །དབང་དངོས་ལ་ཐོག་མར་ཁྲུས་ནི། ཇི་ལྟར་བལྟམས་པ་ཙམ༴སོགས། ཁྲུས་བགྱིའོ།། ཡིག་བརྒྱ་བརྗོད། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བར་འབྲུ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་བགེགས་ཀྱི་གཏོར་མ་ཁ་ཏོག་དྲི་རོ་བཅུད་དང་ནུས་པ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་བར་བསམ་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས། ཨོཾ་སརྦ་བྷུ་ཏ་ཨ་ཀར་ཤ་ཡ་ཛ་ཛཿས་བགེགས་རྣམས་དགུག ཨོཾ་སརྦ་བྷིགྷྣན༴སོགས་ལན་གསུམ་གྱིས་ཞི་སྦྱང་དང་། སུམ་བྷ་ནི་ལན་གསུམ་གྱིས་ཞི་དྲག་ཕྱེད་མ་དང་། རང་ཉིད་སྐད་ཅིག་གིས་རྒྱལ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོ་ཁྲོ་གཏུམ་བཟོད་པར་དཀའ་བ་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར་བར་བསམ་ལ། ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ༔ སྣང་སྲིད་སྟོང་པ་ཡུམ་གྱི་ཀློང༔ གཟུང་འཛིན་རྣམ་རྟོག་འཁྲུལ་བའི་གདོན༔ ཆོས་ཀྱི་དབྱིངས་སུ་མཚམས་བཅད་དོ༔ ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རང་བཞིན་གྱི་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་འཕགས་མ་སྒྲོལ་མའི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དེང་འདིར་སློབ་མ་རྣམས་ལ་དབང་གི་ཡེ་ཤེས་བསྐྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་བྱིན་པ་འདིས་ཚིམ་པར་གྱིས་ལ་དགའ་བདེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་མཚོན་ཆ་མེ་དཔུང་འབར་བས་མགོ་བོ་ཚལ་བ་བརྒྱར་འགས་ཤིང་ལུས་དུམ་བུ་སྟོང་དུ་གཏུབ་པར་གདོན་མི་ཟའོ།། ཨོཾ་ཛྙ་ན་ཊཱཀྐི་ནི་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་ཧཱུྃ་ཕཊ་ཧཱུྃ་ཧཱུྃ། སརྦ་བྷིགྣན་ཨུ་ཙ་ཏ་ཡ་ཕཊ། ཅེས་དང་། ཧཱུྃ་བཞིའི་སྔགས་བརྗོད་ཅིང་ཐུན་ཡུངས་གིས་བསྐྲད་པ་དྲག་པོའི་སྦྱང་བའོ།། བསྲུང་འཁོར་ནི། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཁྲོ་མཚོན་མེ་དཔུང་གི་གུར་ཁང་ཡངས་ཤིང་རྒྱ་ཆེ་བས་བསྐོར་ནས་ཅིས་ཀྱང་མི་ཤིགས་པར་གྱུར་པའི་མོས་པ་མཛོད། བྱས་ལ་མེ་ཏོག་བཀྱེ་བསྡུ་བྱ། དེ་ནས་བླ་མས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐུ་གསུམ་འོད་སྣང་མཐའ་ཡས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་རབ་འབྱམས་རྒྱལ་བ་མ་ལུས་པའི་ཡུམ་གཅིག་རྗེ་བཙུན་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་མཆོག་ཟབ་མོ་ཞུ་སྙམ་པའི་ཐུགས་བསྐྱེད་དང་བཅས་ཏེ་གསན་འཚལ། གང་གསན་པར་བྱ་བའི་ཆོས་དེ་ཡང་སྟོན་པ་རྫོགས་པའི་སངས་རྒྱས་གདུལ་བྱ་སྣ་ཚོགས་འདུལ་བའི་ཐབས་ལ་མཁས་ཤིང་ཐུགས་རྗེ་དང་ཕྲིན་ལས་དཔག་ཏུ་མེད་པ་མངའ་བ་དེ་ཉིད་ཀྱིས་མཐའ་ཡས་པའི་འགྲོ་བ་རྣམས་ཀྱི་ཁམས་དང་བསམ་པ་དང་དབང་པོའི་ཁྱད་པར་ལ་དགོངས་ནས་ཐེག་པའི་བྱེ་བྲག་དང་། ལམ་གྱི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་བཀའ་བསྩལ་བ་དེ་རྣམས་རེ་རེ་ལ་ཡང་། ཞལ་ནས་གསུངས་པའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་བརླབས་པའི་དག་སྣང་མ་སྟེ། ལམ་ཟབ་མོ་སྐོར་ཚོ་གསུམ་དུ་བཞུགས་པ་ལས། དེང་སྐབས་ཀྱི་ཆོས་ཚུལ་འདི་ཉིད་ཟབ་མོ་གཏེར་གྱི་ཆོས་སྡེ་ལས་བྱུང་བ་ཡིན། དེ་ལའང་སྤྱིར་དངོས་གཏེར་དང་། དགོངས་པའི་གཏེར་གཉིས་ལས། བྱེ་བྲག་ཏུ་གཏེར་རིགས་བཅོ་བརྒྱད་ཀྱི་གྲངས་སུ་ཕྱེས་པའི་རེ་རེ་ལའང་རྒྱུད་དང་ཐེག་པའི་གོང་འོག བསྐྱེད་རྫོགས་དང་དགོངས་པའི་ཁྱད་པར། ཚིག་གི་ཚོགས་ཀྱི་རྒྱས་བསྡུས་སོགས་ཀྱི་བྱེ་བྲག་བརྗོད་ཀྱིས་མི་ལང་བ་རེ་མཆིས་མོད་ཀྱང་། འདིར་ད་ལམ་གྱི་ཆོས་དང་གང་ཟག་གི་ལོ་རྒྱུས་མདོ་ཙམ་བརྗོད་ན། སྔོན་དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་མཁྱེན་གཉིས་ཡེ་ཤེས་ཀྱི་རང་གཟུགས་རྗེ་བཙུན་འཇམ་པའི་དབྱངས་མི་ཡི་རྣམ་པར་སྣང་བ། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཚངས་པ་ལྷ་ཡི་མེ་ཏོག་ཅེས་བྱ་བའི་ཐུགས་བསྐྱེད་སྨོན་ལམ་དག་པའི་བཀའ་དྲིན་གྱིས་སྟོན་མཆོག་བུ་རམ་ཤིང་པའི་དབང་པོ་དོན་ཐམས་ཅད་གྲུབ་པ་དང་ཞལ་མི་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། ཟ་ཧོར་གྱི་མཁན་ཆེན་ཞི་བ་འཚོ་དང་། ཁ་ཆེའི་པཎ་ཆེན་བཱི་མ་མི་ཏྲ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་པཎྚི་ཏ་ཆེན་པོ་བརྒྱ་རྩ་བརྒྱད་བསིལ་ལྡན་བོད་ཀྱི་ལྗོངས་འདིར་གདན་དྲངས་ཤིང་། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་མཐའ་འདུལ་ཡང་འདུལ་དང་བཅས་པའི་རྟེན་བརྟེན་པ་ཡོངས་སུ་རྫོགས་པ་གྲུབ། སྤྲུལ་པའི་ལོ་པཎ་རྣམས་ཀྱིས་རྒྱ་གར་འཕགས་པའི་ཡུལ་ན་བཞུགས་ཚོགས་ཆེ་བའི་མདོ་སྔགས་ཀྱི་ཆོས་ཚུལ་མ་ལུས་པ་བསྒྱུར་ཞིང་གཏན་ལ་ཕབས། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བས། བོད་ཀྱི་རྒྱལ་ཁམས་ཐམས་ཅད་དཀར་པོར་མཛད། སྒྲུབ་པ་ཉམས་ལེན་ལ་འབད་པས་རྗེ་འབངས་ཉེར་ལྔ་སོགས་ཀྱིས་སྒྲུབ་འབྲས་མཐའ་རུ་ཕྱིན་ཅིང་ཡི་དམ་གྱི་ལྷ་དང་དགོངས་པ་མཉམ་པར་གྱུར་པའི་ནང་ཚན་ལས། ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཡེ་གདོད་མ་ནས་སྐུ་གསུམ་ལྷུན་གྲུབ་ཏུ་བཞུགས་ཀྱང་། བསྟན་པ་དང་སེམས་ཅན་གྱི་དོན་ལ་དགོངས་ཤིང་། ཆོས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས། ལོངས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར། སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བཀའ་བགྲོས་མཛད་ནས་མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་སུ་གྲུབ་པའི་སློབ་དཔོན་མཆོག་གི་སྐུར་སྤྲུལ་པ་ཡིན་མོད་ཀྱང་། གདུལ་བྱའི་མཐུན་སྣང་ལ་འཕགས་ཡུལ་གྱི་པཎ་གྲུབ་དུ་མའི་ཞལ་སྔ་ནས་འཕགས་མ་སྒྲོལ་མའི་རྒྱུད་དང་སྒྲུབ་ཐབས་དབང་དང་མན་ངག་དཔག་ཏུ་མེད་པ་ལ་སོགས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་མཛོད་ཆེན་པོ་བསམ་གྱིས་མི་ཁྱབ་པ་གསན་ཅིང་ཐུགས་ཉམས་སུ་བཞེས། དུར་ཁྲོད་ཆེན་པོ་བརྒྱད་དང་། རི་བོ་ཏ་ལའི་བྱང་ཤར་མ་ར་ཏི་ཀའི་བྲག་ཕུག་སོགས་སུ་སྒྲུབ་པ་མཛད་པས། ཐོག་མར་རྩ་གསུམ་ལྷག་པའི་ལྷ་རབ་འབྱམས་ཀྱི་ཞལ་མཐོང་། བར་དུ་རྗེས་སུ་བཟུང་ཞིང་ལུང་བསྟན་དང་དབུགས་དབྱུང་གཟེངས་བསྟོད་གནང་། མཐར་ཕྱོགས་དུས་ཀྱི་བདེ་བར་གཤེགས་པ་ཀུན་དང་དགོངས་པ་མཉམ་ཞིང་བླ་ན་མེད་པའི་ཡེ་ཤེས་མངོན་དུ་བརྙེས་ནས་ཟག་མེད་རྡོ་རྗེའི་སྐུ་མཆོག་འཇའ་འོད་ཀྱི་རང་བཞིན། གྲུབ་པའི་སློབ་དཔོན་མཆོག་གི་རྣམ་པ་ཅན་གཅིག་ཉིད་ལས་མ་གཡོས་བཞིན་དུ་གདུལ་བྱའི་མོས་ངོར་སྒྱུ་མའི་ཟློས་གར་མཚན་མཆོག་བརྒྱད་དང་འཕྲུལ་མཚན་ཉི་ཤུ་སོགས་སུ་བསྒྱུར་ནས་བསྟན་པ་དང་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་པའི་ཚུལ་བསྟན། སླར་ཡང་ཆོས་འཁོར་དཔལ་གྱི་བསམ་ཡས་སོགས་བོད་ཀྱི་སྒྲུབ་གནས་རྣམས་སུ་སྤྱིར་ཐེག་མཆོག་བླ་ན་མེད་པའི་ཟབ་ཆོས་མཐའ་ཡས་པ་དང་། ཁྱད་པར་འཕགས་མའི་གདམས་སྐོར་མང་དུ་གནང་བ་ལས། འདིར་མངའ་བདག་རྒྱལ་སྲས་དང་། མཁར་ཆུ་དཔལ་གྱི་དབང་ཕྱུག འཕགས་མ་སྒྲོལ་མ་ཉིད་མཁར་ཆེན་གྱི་རྒྱུད་དུ་མི་ཡི་རྗེ་མོའི་རྣམ་པར་རོལ་བ་རྒྱལ་ཡུམ་གསང་བའི་བདག་མོ་ཡེ་ཤེས་མཚོ་རྒྱལ་སོགས་ལ་གནང་བའི་ཟབ་ཆོས་སྐོར་ལས། ཇི་སྐད་དུ། ཨེ་མ༔ འདི་ལྟར་རྣལ་འབྱོར་སྟོབས་ཆེན་གྱིས༔ རྗེ་བཙུན་ཨཱརྱ་ཏཱ་རེ་ལ༔ ཐེ་ཚོམ་མེད་པར་གསོལ་འདེབས་བུས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ཚེ་འདིར་ནད་གདོན་བར་ཆད་དང༔ འཇིགས་པ་བརྒྱད་ལས་ཐར་བར་འགྱུར༔ ཚེ་བསོད་རྒྱས་ཤིང་སྣང་སྲིད་ཀུན༔ དབང་སྡུད་དགྲ་བགེགས་ཤུགས་ཀྱིས་ཐུལ༔ སྙིང་པོ་བཟླས་པའི་ཕན་ཡོན་ནི༔ བརྒྱ་བཟླས་ནད་གདོན་བར་གཅོད་ཞི༔ སྟོང་བཟླས་ལས་ངན་སྡིག་སྒྲིབ་འདག༔ ཁྲི་བཟླས་མི་གཡོ་ཏིང་འཛིན་བརྟན༔ ཚེ་གཅིག་སྒྲུབ་ལ་བརྩོན་ནུས་ན༔ ཕུང་པོ་བོར་ནས་མཁའ་སྤྱོད་འགྲོ༔ ཞེས་དང་། ཕྱི་ནང་སྣོད་བཅུད་ཚེ་དཔལ་དང༔ སྟོབས་དང་སྙན་གྲགས་རྒྱས་པར་འགྱུར༔ ཚེ་ཟད་ཡིན་ཀྱང་ལོ་གསུམ་བསྲིང༔ ཡང་ཟབ་འདི་ལས་ལྷག་པ་མེད༔ ཅེས་དང་། ཡོན་ཏན་བརྗོད་ཀྱིས་མི་ལང་ངོ༔ ཚེ་དང་དཔལ་ལ་དབང་འབྱོར་ཞིང༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ འཆི་མེད་རིག་འཛིན་འགྲུབ་པར་འགྱུར༔ ཞེས་སོགས་གསུངས་པ་ལྟར་ཕན་ཡོན་དང་ཟབ་ཁྱད་མཐའ་ཡས་པ་མངའ་བ་སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་ཟབ་ཆོས་སྐོར་རྣམས་གཏེར་དུ་སྦ་བར་གདམས་ཚུལ་ནི། རང་གཞུང་ལས། ཟབ་པའི་ཡང་ཟབ་སྙིང་ལྟ་བུ༔ མཚོ་རྒྱལ་ལྕམ་དྲལ་གཉིས་ལ་གཏད༔ རང་ཉམས་ལོངས་ལ་བརྡ་རིས་ཐོབ༔ བྲག་དམར་གཡའ་མ་ལུང་གི་གནས༔ བྱ་ཁྱུང་གཤོག་བརྐྱང་འདྲ་བའི་བྲག༔ རྫུ་འཕྲུལ་བཀོད་པའི་རྒྱས་ཐོབ་ལ༔ ནུས་མཐུ་གྲུབ་པའི་སྨོན་ལམ་གྱིས༔ ནམ་ཞིག་སྙིགས་མ་ལྔ་བདོའི་དུས༔ ང་སྤྲུལ་ལས་ཅན་ཞིག་གིས་འདོན༔ དེ་ཚེ་རིག་འཛིན་དེ་ཉིད་ཀྱིས༔ མདོ་བྱང་ལྟར་དུ་སྤེལ་མཁས་ཀྱིས༔ འགྲོ་ཀུན་དུས་མིན་འཆི་བ་སྐྱོབས༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་འགྱུར༔ ས་མ་ཡཱ༔ ཞེས་གསུངས་པ་ལྟར། མཁར་ཆེན་ལྕམ་དྲལ་གྱིས་སྒྲུབ་གནས་སོ་སོར་རྩེ་གཅིག་ཏུ་བསྒྲུབ་པས་ཞལ་མངོན་དུ་མཇལ། གསུང་གིས་དབུགས་དབྱུང་ཤིང་ལུང་བསྟན། ཐུགས་ཀྱིས་དགོངས་ཤིང་བྱིན་གྱིས་བརླབས། མཚོ་རྒྱལ་གྱིས་གུ་རུའི་བཀའ་ལུང་ཇི་ལྟ་བ་བཞིན་མཁའ་འགྲོའི་བརྡ་རིས་སུ་ཕབ་ཏེ་མི་ཤིགས་པའི་རྒྱས་བཏབ་ཅིང་གཏེར་དུ་སྦས་ནས། དམ་ཅན་རྡོ་རྗེ་ལེགས་པ་སོགས་གཏེར་སྲུང་དུ་བསྐོས་ཤིང་བཅོལ་གཏམ་བྱས་པ་ལས་སླར་ཡང་འདོན་པའི་དུས་ལ་བབ་ཚེ། མ་ཧཱ་གུ་རུ་རིན་པོ་ཆེ་དང་། ཊཱཀྐི་ཡོངས་ཀྱི་གཙོ་མཆོག་ཡེ་ཤེས་མཚོ་རྒྱལ་ལྕམ་དྲལ་རྣམས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་གྱི་བཀོད་པ་གཅིག་ཏུ་བསྡུས་པའི་སྐུ་མཆོག རྩོད་མེད་ཡོངས་གྲགས་ཀྱི་གཏེར་ཆེན་འགྲོ་མགོན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གསང་སྔགས་གླིང་པ་ཞེས་བྱ་བ་དེ་ཉིད་དུས་རྟགས་མངོན་གྱུར་གྱི་ཆར་མདོ་ཁམས་སུ་བལྟམས་ཤིང་དགུང་ལོ་ཉེར་གཅིག་བཞེས་པ་རབ་ཚེས་མེ་གླང་གི་ལོ་ཧོར་ཟླ་དྲུག་པའི་ཚེས་ཉེར་ལྔ་ལ་བསིལ་ལྡན་བོད་ཀྱི་ཡུལ་དབུས། བྲག་དམར་གཡའ་མ་ལུང་གི་དབེན་གནས་བྲག་རི་ཁྱུང་གཤོག་བརྐྱང་འདྲའི་ངོས་ནས་སྤྱན་དྲངས་ཤིང་ཁམས་དབུས་གཙང་གསུམ་ཀུན་ལ་བསྟན་འགྲོའི་དཔལ་དུ་སྤེལ་བའི་ཟབ་ཆོས་ཀྱི་སྡེ་ཚན་ལས། དད་པ་ལྡན་པ་གང་དག་གིས༔ དབང་ཐོབ་ཙམ་གྱིས་བར་ཆད་སེལ༔ དུས་བབ་ཚེ་ཟད་ཡིན་གྱུར་ཀྱང་༔ འདི་ཐོབ་ལོ་གསུམ་བསྲིང་བར་འགྱུར༔ ཞེས་རང་གཞུང་ཉིད་དུ་རྡོ་རྗེའི་ལུང་གིས་བསྔགས་པ་ལྟར། སྒྲུབ་ཐབས་འཇིགས་པ་ཀུན་སྐྱོབས་དང་། ཚེ་དབང་འཆི་མེད་ལམ་བཟང་གཉིས་ལ་བརྟེན་ནས་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་འཆི་མེད་ཚེ་ཡི་དབང་མཆོག་ཟབ་མོ་བསྐུར་བ་ལ། བདག་རྡོ་རྗེ་སློབ་དཔོན་གྱི་བྱ་བ་བདག་མདུན་བུམ་པ་བསྒྲུབ་པ། ཚེ་ཡི་རྫས་རྣམས་བསྒྲུབ་ཅིང་བྱིན་གྱིས་བརླབས་པ། དབང་དང་དངོས་གྲུབ་ལེན་པ་རྣམས་ལེགས་པར་གྲུབ་ཟིན་པས། ད་ཁྱེད་རང་རྡོ་རྗེ་སློབ་མ་རྣམས་ཀྱིས་ཀྱང་ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་སྨིན་བྱེད་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྚལ་ཕུལ་བར་མཛོད། མཎྚལ་ཕུལ། དེ་ལྟར་མཎྚལ་ཕུལ་ནས་ཕྱག་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱོར་དབང་དོན་དུ་གསོལ་བ་འདེབས་འདི་ཡི་རྗེས་ཟློས་མཛོད། ཀྱཻ་མ་བླ་མ་རྡོ་རྗེ་འཛིན༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ༔ བདག་ཞུགས་འགྲོ་དོན་མཐར་ཕྱིན་ཕྱིར༔ དབང་བསྐུར་དམ་པ་སྩལ་དུ་གསོལ༔ ལན་གསུམ། འདིར་དངོས་སུ་མ་གསུངས་ཀྱང་སྐྱབས་སེམས་དང་ཚོགས་བསགས་རྣམས་དབང་ཆོག་སྤྱི་དང་བསྟུན་ཚེ་དོན་གྱིས་ཐོབ་པས་སྤྲོ་ན། ཁྱེད་རང་རྣམས་ཀྱི་སྒོ་གསུམ་རྣལ་དུ་ཕོབས་ལ་བླ་མ་དང་གཉིས་སུ་མེད་པ་རྒྱལ་ཡུམ་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས་བྱང་ཆུབ་ཀྱི་བར་དུ་སྐྱབས་གནས་ཀྱི་མཆོག་ཏུ་འཛིན་སྙམ་པས་འདི་བཞིན་དུ་རྗེས་སུ་ཟློས་ཤིག ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ལྷ༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་ལ༔ མཁའ་མཉམ་འགྲོ་བ་ཀུན་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སྲིད་གསུམ་རྒྱ་མཚོ་ན་གནས་པའི་ཡིད་ཅན་གྱི་འགྲོ་བ་མཐའ་དག་མར་ཤེས་པས་ཉེ་རིང་ཆགས་སྡང་མེད་པར་བློ་ཡུལ་དུ་བླང་ནས་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་ཡི་རྗེས་ཟློས་ཀྱིས། ཧོ༔ བདག་ནི་དེང་བཟུང་སངས་རྒྱས་བར༔ ཏཱ་རེ་ལྷ་མོ་བསྒྲུབ་ནས་སུ༔ ཁམས་གསུམ་འགྲོ་བ་ཀུན་དོན་དུ༔ སྨོན་འཇུག་དོན་དམ་སེམས་བསྐྱེད་དོ༔ ལན་གསུམ། སླར་ཡང་ཚིག་དོན་དྲན་བཞིན་པས་ཚོགས་བསགས་ཡན་ལག་བདུན་པ་འདི་བཞིན་དུ་རྗེས་ཟློས་ཀྱིས། དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཚེ་རབས་སྔོན་ནས་འབྲེལ་བ་ཡི༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་ལ༔ ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ༔ ཞེན་མེད་རང་གྲོལ་མཆོད་པ་འབུལ༔ མི་དགེ་སྡིག་པའི་ལས་བགྱིས་བཤགས༔ དུས་གསུམ་དགེ་ལ་རྗེས་ཡི་རང༔ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔ སྒོ་གསུམ་གུས་པས་གསོལ་བ་འདེབས༔ དགེ་རྩ་བྱང་ཆུབ་རྒྱུ་རུ་བསྔོ༔ དེ་ནས་སློབ་དཔོན་གྱིས་བཀའ་ཡི་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཧཱུྃ༔ རིག་འཛིན་སྐལ་ལྡན་བུ་ཁྱོད་ལ༔ འཆི་མེད་དབང་བསྐུར་རྩལ་ལགས་ཀྱིས༔ འགྲོ་བའི་དོན་ཏུ་སེམས་བསྐྱེད་ལ༔ ཁྱོད་རང་ལྷ་རུ་གསལ་ཐོབ་ཅིག༔ དེ་ཡང་བྱིན་རླབས་ཐམས་ཅད་ཀྱི་གཞི་ཡེ་ཤེས་དབབ་པའི་དོན་དུ་དམིགས་པ་འདི་བཞིན་དུ་མཛད་འཚལ། ཨོཾ་མ་ཧཱ་ཤུ་ནྱ་ཏ༴སོགས་ལས་བུམ་གྱི་ཆུས་བསང་སྦྱང་། སྣོད་བཅུད་མི་དམིགས་སྟོང་པའི་ངང་། །བརྩེ་ཆེན་སྙིང་རྗེས་ཡོངས་སུ་ཁྱབ། །དོན་དམ་བྱང་ཆུབ་སེམས་ཀྱི་རྩལ། །ལྷུན་གྲུབ་འགག་པ་མེད་པའི་གདངས། །རིག་པ་ཏཱཾ་ཡིག་ལྗང་གུ་ལས། །སློབ་བུ་འཕགས་མ་སྒྲོལ་མའི་སྐུ། །བཅུ་དྲུག་གཞོན་ཚུལ་སྐུ་མདོག་ལྗང་། །ཞལ་གཅིག་ཕྱག་གཉིས་མཆོད་སྦྱིན་དང། །ཨུཏྤལ་སྔོན་པོའི་ཡུ་བ་འཛིན། །དབུ་ལ་རིན་ཆེན་རྒྱན་གྱིས་མཛེས། །གནག་སྣུམ་ལྕང་ལོའི་ལྷག་མ་གྲོལ། །སྙན་ཆ་མགུལ་རྒྱན་དོ་ཤལ་དང་། །ཕྱག་གདུབ་དཔུང་རྒྱན་ཞབས་གདུབ་དང་། །དར་དཔྱང་དཀར་པོས་སྟོད་གཡོག་ཅིང་། །སྨད་དཀྲིས་ཤ་ཝ་རི་དམར་པོ། །སྐ་རགས་གསེར་སྐ་དབང་གཞུ་བཅིང་། །མར་གད་གསང་གོས་པཉྩ་ལི། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་གྱིས། །ཉི་ཟླ་པདྨའི་གདན་ལ་བཞུགས། །གནས་གསུམ་ཡི་གེ་འབྲུ་གསུམ་དང་། །ཐུགས་སྲོག་སྔགས་ཀྱི་འཕྲོ་འདུ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ།། སྤོས་རོལ་དང་བཅས་བྱིན་འབེབ་ནི། ཧཱུྃ༔ སྣོད་བཅུད་དག་པའི་དཀྱིལ་འཁོར་འདིར༔ སྐུ་གསུམ་རང་བྱུང་སྤྲུལ་པའི་ལྷ༔ མྱུར་མ་དཔའ་མོ་རྒྱལ་བའི་ཡུམ༔ རྩ་གསུམ་སྲུང་མའི་ཚོགས་བཅས་ཀྱིས༔ སྐུ་གསུང་ཐུགས་ཀྱི་བྱིན་ཕོབས་ལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཛྙཱ་ན་བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་ཅིང་མེ་ཏོག་འཐོར། དེ་ལྟར་བྱིན་ཕབས་པའི་ཡེ་ཤེས་པ་རྣམས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་དང་དབྱེར་མེད་དུ་བརྟན་པར་གྱུར་ཅིག ཅེས་རྡོ་རྗེ་སྤྱི་བོར་བཞག་གོ དེ་ནས་ཚེ་བུམ་ཐོགས་ལ། བུམ་པ་འདི་ཉིད་ཕྱི་རིན་པོ་ཆེ་བུམ་པའི་དབྱིབས་ལ་ནང་བདེ་ཆེན་དག་པ་གཡུ་ལོ་བཀོད་པའི་ཞིང་ཁམས་རྒྱ་ཁྱོན་བཀོད་པ་བསམ་གྱིས་མི་ཁྱབ་པའི་དབུས་སུ། གཞལ་མེད་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ་དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས་མངོན་སུམ་ལྟ་བུར་བཞུགས་པའི་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཆེན་པོ་བབ་པས་ལུས་ཀུན་གང་ཞིང་འཆི་མེད་རྡོ་རྗེའི་སྲོག་ལ་དབང་ཐོབ་བྱུང་སྙམ་དུ་མོས་མཛོད། ཧྲཱིཿ འཆི་མེད་བུམ་པ་བདུད་རྩི་སྨན༔ ཚེ་ལྷ་རྗེ་བཙུན་སྒྲོལ་མ་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨ་ཡུརྫྙ་ན་ཚེ་བྷྲུཾ་ཎི་ཛ་སིདྡྷི་ཧཱུྃ་ཧྲཱི༔ ཚེ་བུམ་མགོར་བཞག་ཅིང་བུམ་ཆུ་བླུད། འོ་སྐལ་ལྡན་རིགས་ཀྱི་སློབ་བུ་ལ་འཆི་མེད་བདུད་རྩིའི་བུམ་པའི་དབང་བསྐུར་བས་འབྱུང་བ་ལྔས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བཅུད་ཤོར་བ་ཐམས་ཅད་བསྡུས་ཤིང་ཐིམ་ནས་འཆི་མེད་རིག་འཛིན་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག ཚེ་རིལ་བྱིན་ཞིང་། ཧྲཱིཿ ཕྱི་ནང་སྣོད་བཅུད་ཀུན་གྱི་ཚེ༔ བཅུད་དུ་དྲིལ་བའི་རིལ་བུ་འདི༔ སྐལ་ལྡན་རྣམས་ལ་བྱིན་པ་ཡིས༔ མི་འགྱུར་ཚེ་ལ་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨ་ཡུརྫྙ་ན་ཚེ་བྷྲུཾ་ཎི་ཛ་སིདྡྷི་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་མཾ༔ འོ་སྐལ་ལྡན་རིགས་ཀྱི་སློབ་བུ་ལ་འཆི་མེད་བཅུད་དྲིལ་ཚེ་ཡི་རིལ་བུའི་དབང་བསྐུར་བས་སྐྱེ་འཆི་མེད་པ་ཚེ་ཡི་རིག་འཛིན་བརྙེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག ཚེ་ཆང་བྱིན་ལ། ཧྲཱིཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ ར་ས་ཡ་ན་འཆི་མེད་སྨན༔ བདུད་རྩི་ཚེ་ཆང་བྱིན་པ་ཡིས༔ འཇིགས་མེད་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨ་ཡུརྫྙ་ན་ཚེ་བྷྲུཾ་ཎི་ཛ་སིདྡྷི་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་མཾ༔ འོ་སྐལ་ལྡན་རིགས་ཀྱི་སློབ་བུ་ལ་ཚེ་ཆང་བདུད་རྩིའི་དབང་བསྐུར་བས་ཚེ་ཆུ་བོའི་རྒྱུན་བཞིན་བརྟན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག མི་འགྱུར་ལྷུན་པོ༴སོགས། བཀྲ་ཤིས་ཤོག གཏོར་མ་ཐོགས་ལ། གཏོར་མ་འདི་ཉིད་ཕྱི་ལྟར་སྣོད་བཅུད་རྣམ་པར་དག་པ་མཚོན་པའི་དཔལ་གཏོར་རྒྱན་དང་ལྡན་པ་ལ། ནང་ལྟར་རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་འོད་ཟེར་སྣ་ལྔ་འཁྲིགས་པའི་དབུས་སུ་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས་བཞུགས་པའི་སྟེང་གི་ཆ་ལ་བརྒྱུད་ལྡན་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་མ་ཚོགས་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཏིལ་གྱི་གང་བུ་ཁ་ཕྱེས་པ་ལྟར་གསལ་བ་རྣམས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་དབང་བསྐུར་བས་སྒོ་གསུམ་གྱི་ལས་ཉོན་བག་ཆགས་ཐམས་ཅད་བྱང་ཞིང་དག ལྷ་ཚོགས་ཐམས་ཅད་ཀྱང་འོད་དང་འོད་ཟེར་གྱི་རྣམ་པས་སྤྱི་བོ་ནས་ཞུགས་ཤིང་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཨོཾ། ཡོངས་ལ་གཏོར་བའི་རྣམ་རྟོག་གཏོར། །ཀུན་ལ་ཁྱབ་པའི་མ་དང་མཚུངས། །དེ་ལྟ་བུ་ཡི་དབང་བསྐུར་བས། །འཕགས་མའི་གསང་གསུམ་དབང་ཐོབ་ཤོག ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། བཱ་ལིང་ཏ་ཨ་བྷི་ཥིཉྩ་མཾ། དེས་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་འཆི་མེད་ཚེ་ཡི་དབང་བསྐུར་ཟབ་མོ་ཐོབ། གནས་སྐབས་སུ་སྒོ་གསུམ་ལས་ཉོན་སྡིག་སྒྲིབ་སྦྱངས་ཤིང་ལྷ་སྔགས་ཏིང་འཛིན་སྒོམ་པ་ལ་དབང་། མཐར་ཐུག་ཏུ་འཕགས་མའི་གསང་བ་གསུམ་དང་དབྱེར་མེད་དུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། ཚེ་འགུགས་ནི། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ནུས་མཐུ་ཚེ་བཅུད་དངོས་གྲུབ་དང་། ཕྱི་སྣོད་འབྱུང་ལྔའི་དྭངས་བཅུད། ནང་བཅུད་འགྲོ་བའི་ཚེ་དཔལ་སྟོབས་འབྱོར་ཐམས་ཅད་འོད་ལྔའི་རྣམ་པར་བསྡུས་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྐྱེ་འཆི་མེད་པ་རྡོ་རྗེའི་སྲོག་ལ་དབང་ཐོབ་པར་མོས་མཛོད། མདའ་དར་ཐོགས་ལ། ཧྲཱིཿ ཆོས་དབྱིངས་མཐའ་བྲལ་ལྟ་བའི་ཀློང་༔ སོགས་ནས། ཛྙཱ་ན་སརྦ་སིདྡྷི་ཧྲཱི༔ ཞེས་པའི་བར་དང་། ཚེ་གཟུངས་མཐར། ཚེ་དབང་དུ་གྱུར་ཅིག༴སོགས། རྒྱས་གདབ་ནི། ཧྲཱིཿ ཆོས་དབྱིངས་མཐའ་དང་བྲལ་བའི་ཀློང༔ འགྱུར་མེད་རང་རྩལ་ཡེ་ཤེས་ལྔ༔ སྐྱེ་འཆི་འགག་པ་མེད་པའི་དབྱིངས༔ འཇིགས་མེད་རྡོ་རྗེའི་རྒྱས་གདབ་བོ༔ ཨ་ཡུརྫྙཱ་ན་མ་ཧཱ་པུཥྚིཾ་རཀྵ་རཀྵ་བྷྲུཾ༔ སྤྱི་བོར་ཚེ་མདའ་རྒྱ་གྲམ་བཞག༔ ཀུན་ཏུ་བཟང་མོ་ཕག་མོ་དབྱིངས་ཀྱི་ཡུམ༔ རྣམ་པར་རྒྱལ་མ་ཡུམ་ལྔ་མཁའ་སྤྱོད་མ༔ ཡེ་ཤེས་མཁའ་འགྲོ་ཡོངས་ཀྱི་ངོ་བོ་ཉིད༔ རྗེ་བཙུན་འཕགས་མ་སྒྲོལ་མའི་བཀྲ་ཤིས་ཤོག༔ དེ་ལྟར་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་འཆི་མེད་ཚེ་ཡི་དབང་མཆོག་ཐོབ་པ་དང་འབྲེལ་བར། ཁྱེད་རང་རྣམས་ལ་རྒྱལ་སྲིད་སྣ་བདུན་ལ་སོགས་པས་ཀྱང་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ཞིང་དབང་བསྐུར་བར་མོས་མཛོད། སྣ་བདུན་ནི། ཧཱུྃ་ཧྲཱིཿ སྲིད་ཞིའི་བསོད་ནམས་རྩལ་ལས་ལེགས་ཤར་བའི། །ངོ་མཚར་ཕུལ་བྱུང་རྒྱལ་སྲིད་རིན་ཆེན་བདུན། །སློབ་བུ་ཁྱོད་ལ་མངའ་གསོལ་དབང་བསྐུར་བས། །ཆོས་ཀྱི་འཁོར་ལོས་བསྒྱུར་རྒྱལ་ཉིད་ཐོབ་ཤོག །ཨོཾ་སཔྟ་རཏྣ་ཨ་བྷི་ཥིཉྩ་མཾ། རྫས་བརྒྱད་ནི། ཧཱུྃ་ཧྲཱིཿ འགྲོ་བའི་ཚོགས་གཉིས་སྤེལ་ཕྱིར་ཡོན་ཕུལ་བ། །དོན་རྣམས་གྲུབ་པས་བྱིན་རླབས་རྫས་མཆོག་བརྒྱད། །དེང་འདིར་རིགས་ཀྱི་བུ་ལ་མངའ་གསོལ་བས། །སྲིད་ཞིའི་དཔལ་ཡོན་ཕུན་ཚོགས་དབང་ཐོབ་ཤོག། ཨོཾ་མངྒ་ལ་ཨཥྚ་དྲ་བྱ་ཨ་བྷི་ཥིཉྩ་མཾ། རྟགས་བརྒྱད་ནི། ཧཱུྃ་ཧྲཱིཿ ཐུབ་པའི་དབང་པོའི་སྐུ་ཡི་ཆ་ཤས་ལས། །ལེགས་སྤྲུལ་བཀྲ་ཤིས་རྟགས་བརྒྱད་དགེ་མཚན་གྱིས། །དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས། །བླ་མེད་མཚན་དཔེ་རྫོགས་པའི་སྐུ་ཐོབ་ཤོག །ཨོཾ་མངྒ་ལ་ཨཥྚ་ཨཾ་ག་ཨ་བྷི་ཥིཉྩ་མཾ། དེས་རྗེ་བཙུན་བཅོམ་ལྡན་འདས་མའི་གསང་བ་གསུམ་གྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་ཚེ་དབང་ཟབ་མོ་མཐའ་རྟེན་དང་བཅས་པ་གྲུབ་ཟིན་པས། དེ་དག་གི་གནས་སྐབས་ཀྱི་དམ་ཚིག་ཏུ་སྤྱིར་འཕགས་མའི་སྐུ་བསྒོམ་པ། སྔགས་བཟླ་བ། ཡིད་ཀྱིས་ཏིང་ངེ་འཛིན་བསྒོམ་པ་སོགས་དང་། ཁྱད་པར་དུ་མཆོད་པ་དང་སྦྱིན་གཏོང་། ཚེ་ཐར་དང་སྲོག་བསླུ་ཉེའུ་འདོན་པ་སོགས་ཅི་ནུས་སུ་སྒྲུབ་དགོས་པ་ཡིན། འདིར་ཁས་ལེན་རེ་བྱེད་སྲོལ་སྣང་། དེ་ལྟར་ཁས་བླངས་པའི་དམ་ཚིག་དང་སྲུང་སྡོམ་རྣམས་ཚུལ་བཞིན་དུ་སྒྲུབ་སྙམ་པས་འདི་བཞིན་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར༴སོགས། དེ་ལྟར་ཚེ་དབང་ཟབ་མོ་ཐོབ་པའི་གཏང་རག་ཏུ་མཎྚལ་ཕུལ། མཎྚལ་འབུལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་ལྷ་དང་བླ་མ་ལ་འབུལ་སྙམ་པས་འདིའི་རྗེས་ཟློས་ཀྱིས། དེང་ནས་བརྩམ་ཏེ༴སོགས། དེ་ལྟར་དབང་ཐོབ་པའི་དགེ་བའི་དངོས་པོ་རྣམས་མཁའ་ཁྱབ་ཀྱི་འགྲོ་བ་ཡོངས་ལ་བསྔོ་བའི་འདུན་པ་མཛད་འཚལ། བསོད་ནམས་འདི་ཡིས༴སོགས་དང་། ཆེ་བའི་ཆེ་མཆོག༴ སོགས་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་གི་སིལ་མ་འཐོར་ནས་མཐའ་བརྒྱན་པར་བྱའོ། ཞེས་སྙིགས་མའི་དུས་ཀྱི་འགྲོ་བའི་མགོན་པོ་སྤྲུལ་བའི་གཏེར་ཆེན་རིན་པོ་ཆེ། རིག་འཛིན་གསང་སྔགས་གླིང་པའི་གཏེར་བྱོན་སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་ཚེ་དབང་འཆི་མེད་ལམ་བཟང་ཞེས་བྱ་བའི་མཚམས་སྦྱོར་མདོ་ཙམ་བརྗོད་པ་འཆི་མེད་ལམ་བཟང་བགྲོད་པའི་ཤིང་རྟ་བཟང་པོ་ཞེས་བྱ་བ་འདི་ཡང་། རྗེ་དེ་ཡི་ཆོས་བརྒྱུད་འཛིན་པ་གོས་དཀར་རལ་བའི་ཟུར་ཕུད་ཅན་བླ་མ་གསལ་སྟོབས་ནས་བསྐུལ་བ་མི་ལྡོག་ཙམ་དུ། སྔགས་གཟུགས་མདོ་མེད་མགོ་སྤྲུལ་ཀྱིས་བྲིས་པ་སྟེ། ཉེས་ཚོགས་རྩ་བ་གསུམ་ལ་བཤགས་ཤིང་དགེ་རྩ་གང་མཆིས་ཟབ་ཆོས་འདི་ཉིད་ཀྱི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། འགྲོ་ཀུན་དུས་མ་ཡིན་པའི་འཆི་བ་ལས་ཐར་ནས་ཚེ་ཡི་རིག་འཛིན་མངོན་དུ་བརྙེས་པའི་རྒྱུར་བསྔོའོ།། དགེའོ།། དགེའོ།། དགེའོ།།


previousསྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་ཚེ་དབང་མཚམས་སྦྱོར། next