Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ངོ་སྤྲོད་ཉུང་ངུ་ཐར་ལམ་གསལ་བྱེད།
   


 
previous ངོ་སྤྲོད་ཉུང་ངུ་ཐར་ལམ་གསལ་བྱེད།next

ངོ་སྤྲོད་ཉུང་ངུ་ཐར་ལམ་གསལ་བྱེད།

གཤིན་པོ་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱུ་ལས། ངོ་སྤྲོད་ཉུང་ངུ་ཐར་ལམ་གསལ་བྱེད་བཞུགས། འོ། འཇིག་རྟེན་འདི་ནས་ཕ་རོལ་དུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་ཁྱོད་ལ་ད་ལྟ་མི་རྟག་འཆི་བ་ཞེས་བྱ་བ་དེ་སླེབས་ནས་འཇིག་རྟེན་ཚེ་འདིའི་སྣང་བ་ནི་ནུབ། འཇིག་རྟེན་ཕྱི་མའི་སྣང་བ་ནི་མ་ཤར་བར་ལྟ་ཆོས་ཉིད་བར་དོའམ་སྲིད་པ་བར་དོ་ན་གནས་པའི་སྐབས་ཡིན་པས་དྲི་གོས་དང་མིང་བྱང་འདི་ལ་རྣམ་ཤེས་ཀྱི་རྟེན་ཆོས་ལ་ཡིད་མ་ཡེངས་པར་ཉོན་ཅིག དེ་ཡང་ཁྱེད་རང་གཅིག་པུ་ཤི་བ་ཁོ་ན་ཙམ་དུ་མ་ཟད་དེ། མཁའ་མཉམ་གྱི་འགྲོ་བ་མཐའ་དག་སྔ་ཕྱི་ཙམ་མ་གཏོགས་འཆི་བ་ལས་ཐར་བ་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། གནས་གང་དུ་འདུག་གམ་སོང་ཀྱང་འཆི་བས་མི་སླེབས་པའི་གནས་ཡུལ་མ་མཆིས་ཤིང་། གྲོགས་སུ་དང་འགྲོགས་ཀྱང་འཆི་བ་ལས་བཤོལ་བའི་ཐབས་མེད་ལ། སྟོང་གསུམ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མན་ཆད་ནས། སྲོག་ཆགས་པའི་གྲོགས་སྦུར་ཡན་ཆད་ལ་མ་ཤི་ཚེ་ཐར་དུ་སོང་བ་གཅིག་ཀྱང་མེད་པའི་ངང་ཚུལ་སོམས་ལ། ཁྱེད་རང་འཆི་བ་ཐོག་ཏུ་བབ་པ་ལ་སྔང་སྐྲག་དང་མྱ་ངན་ཆེན་པོ་མ་བྱེད་ཅིག ཁྱོད་ལ་སྔར་བྱུང་བའི་ཐིམ་སྡུད་ཀྱི་རྟགས་དང་སྣང་བ་སྣ་ཚོགས་ཤར་བའི་རྗེས་ཐོག་ཏུ་སྣང་མཆེད་ཐོབ་གསུམ་ཞེས་བྱ་བ་ལ། རང་བཞིན་བརྒྱད་ཅུའི་རྟོག་ཚོགས་མཐའ་དག་ཀུན་གཞི་ལ་ཐིམ་པའི་སྐབས་སུ་འོད་གསལ་ཆོས་ཀྱི་སྐུ་ཇི་ལྟ་བ་ཞིག་ཤར་བ་དེ་ག་ངོ་འཕྲོད་ཅིང་རང་སྣང་ཞི་ཁྲོའི་ལྷ་ཚོགས་ཅི་རིགས་སུ་ཤར་བ་དེ་རྣམས་ངོ་ཤེས་ན་དེ་མ་ཐག་སྐད་ཅིག་སྐད་ཅིག་ལ་གྲོལ་རྒྱུ་ཡིན་པ་ལ། རང་ངོ་མ་ཤེས་པའི་དབང་གིས་སླར་ཡང་བར་དོ་ཡིད་ཀྱི་ལུས་ཞེས་བྱ་བ་དེ་བླངས་ནས་བར་དོའི་འཁྲུལ་སྣང་དང་འཇིགས་སྐྲག་སྣ་ཚོགས་འཆར་བ་ཡིན། དེ་ཡང་བར་དོར་གནས་པའི་རྟགས་སུ་ཅི་འདྲ་ཡོད་ཅེ་ན། ད་ལྟ་ཁྱོད་ཀྱི་འཁྲུལ་སྣང་ལ་རི་རབ་ཆེན་པོ་ཉིལ་བ་ལྟ་བུ་དང་། རྒྱ་མཚོ་ཆེན་པོ་འཕྱུར་བ་ལྟ་བུ་དང་། ནགས་ཚལ་ཆེན་པོ་ལ་མེ་མཆེད་པ་ལྟ་བུ་དང་། རླུང་ཆེན་འུར་བ་ལྟ་བུའི་སྒྲ་རྣམས་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟ་བུ་སྟེ། ཤིན་ཏུ་འཇིགས་པའི་སྒྲ་ཆེན་པོ་བཞི་གྲགས་པ་དང་། གང་དང་གང་དུ་བལྟས་པའི་གནས་དེ་དང་དེར་འོད་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོའི་ལམ་ཆེན་པོ་བཞི་ལས་གང་ཡང་རུང་བ་མཐོང་བ་དང་། གང་དུ་ཕྱིན་པའི་ལམ་ཐམས་ཅད་དུ་ཤིན་ཏུ་སྐྲག་ཅིང་ཡ་ང་བར་བྱེད་པའི་གཡང་ས་ཆེན་པོ་སྐྱ་ཆད་དེ་བ་དང་། དམར་ཟིང་ངེ་བ་དང་། ནག་ངམ་མེ་བ་གསུམ་ལས་གང་ཡང་རུང་བས་ཆོད་པ་མཐོང་ན་དེ་ཡང་ཁྱོད་བར་དོ་ན་གནས་པའི་རྟགས་ཡིན། གཞན་ཡང་ཁྱོད་ཀྱི་ཉེ་དུ་འབྲེལ་བ་རྣམས་ཀྱིས་མྱ་ངན་དང་ངུ་ཆོམ་བྱེད་ཅིང་སྨྲེ་སྔགས་འདོན་པ་མ་བཟོད་པས་དྲུང་དུ་ཕྱིན་ནས་གཏམ་སྨྲས་ཀྱང་དེ་རྣམས་ཀྱིས་མ་མཐོང་ཞིང་མ་ཐོས་པ་དང་། རྐང་རྗེས་སོགས་མི་འབྱུང་བ་དང་། གཡས་གཡོན་མདུན་རྒྱབ་གང་དུ་བལྟས་ཀྱང་ལུས་ལ་གྲིབ་མ་མེད་པ་དང་། ཉི་ཟླ་དང་གཟའ་སྐར་མི་མཐོང་ཞིང་སྣང་མུན་འདྲེས་པའམ། སྐྱ་རེངས་ཤར་བ་ལྟ་བུའི་གསལ་སྣང་འབྱུང་བ་དང་། རྩིག་པ་དང་རི་བྲག་སོགས་ལ་ཐོགས་པ་མེད་པར་ཟངས་ཐལ་དུ་འགྲོ་བར་ནུས་པ་དང་། མངོན་ཤེས་ཅུང་ཟད་འཆར་བ་སྟེ་བར་དོ་མཐའ་གཅིག་ཏུ་ངེས་པའི་རྟགས་དྲུག་དང་། གནས་གཅིག་ཏུ་སྡོད་ལོང་མེད་པར་ཆ་མེད་ཀྱི་ཡུལ་ཕྱོགས་མང་པོ་མཐོང་ཞིང་བསམ་པ་ཙམ་གྱིས་སླེབས་པ་དང་། གྲོགས་ཤི་གསོན་གང་དང་ཡང་འགྲོགས་པ་དང་། ཟས་ཀྱང་བསྔོས་ན་ལྷ་ཡི་ཟས་རོ་བརྒྱ་པ་དང་། ཏིང་ངེ་འཛིན་གྱི་ཟས་ཀྱང་འཐོབ་ལ་མ་བསྔོས་པར་ཟས་ཕལ་བ་ཡང་ལོངས་སྤྱོད་མི་ནུས་པ་དང་། གོས་ཡོད་མེད་གོས་ཀྱི་ཁ་ཏོག་རེག་བྱ་འཇམ་རྩུབ་སོགས་ཀྱང་གཅིག་ཏུ་མ་ངེས་པ་དང་། ལས་དང་རྗེས་མཐུན་གྱི་སྤྱོད་པ་སྣ་ཚོགས་སྟོན་པ་དང་། སེམས་ཀྱི་འཆར་ཚུལ་ཡང་འཕྲལ་ནས་འཕྲལ་དུ་འགྱུར་ནས་འགྲོ་བ་སྟེ་གཅིག་ཏུ་མ་ངེས་པའི་རྟགས་དྲུག་པོ་དེ་རྣམས་སོ་སོར་འཆར་ཞིང་སྣང་བ་དེ་ཡང་ཁྱོད་བར་དོ་ན་གནས་པའི་རྟགས་ཡིན། གཞན་ཡང་གཤིན་རྗེའི་སྐྱེས་བུ་མཚོན་ཆ་སྣ་ཚོགས་ཐོགས་པ་རི་རབ་ཙམ་མང་པོས་སོད་སོད་དང་ཆོད་ཆོད་དང་། རྒྱོབ་རྒྱོབ་ཀྱི་སྒྲ་དང་བཅས་ཏེ་བདས་ཤིང་ཁྲིད་པ་དང་། ལས་ཀྱི་རྡེའུ་དཀར་ནག་བགྲང་བ་དང་། ཐོག་སེར་དང་བུ་ཡུག་འཚུབ་པས་བདས་ནས་ངལ་སྟེགས་དང་མཆོད་རྟེན་སོགས་ལ་སྐྱབས་འཚོལ་བ་དང་། ཞག་བདུན་ཕྲག་རེ་རེའི་མཚམས་སུ་སྐྱེ་སྲིད་དང་འཆི་སྲིད་ཀྱི་སྣང་བ་འབྱུང་བ་དང་། ནམ་མཁའ་ལ་འཕུར་བ་དང་། ས་འོག་ཏུ་འཛུལ་བ་དང་། མགོ་བོ་དུད་དེ་འགྲོ་བ་དང་། བྲང་གིས་འགྲོ་བ་དང་། མགོ་ཐུར་དུ་བསྟན་ནས་འགྲོ་བ་དང་། རླུང་དམར་དྲག་པོས་ཁྱེར་བ་དང་། ལུས་ལ་མེ་མཆེད་པ་དང་། ཆུ་ཀླུང་རྦ་རྒོད་འཁྲུགས་པས་ཁྱེར་བ་ལ་སོགས་པ་སྔར་གསོན་པོའི་དུས་དང་མི་འདྲ་བའི་སྣང་བ་སྣ་ཚོགས་འཆར་བ་དེ་ཡང་ཁྱོད་བར་དོ་ན་གནས་པའི་རྟགས་ཡིན། དེ་ལྟར་བར་དོར་གནས་པའི་རྟགས་དེ་རྣམས་ཐམས་ཅད་ཀྱང་ཁྱོད་རང་གི་སེམས་ཀྱི་བག་ཆགས་འཁྲུལ་བའི་སྣང་བ་ལས་བྱུང་བ་ཙམ་མ་གཏོགས་དོན་ལ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་ཀྱང་། དེ་སྔ་ཕན་ཆད་བར་དོ་ལ་བར་དོ་ཡིན་པར་ངོ་མ་ཤེས་པའི་དབང་གིས་འཇིགས་སྐྲག་དང་འཁྲུལ་བའི་སྣང་བ་དེ་ཙམ་ཞིག་བྱུང་འདུག་ཀྱང་། ད་ནི་རང་གི་གྲིབ་མ་ལ་རང་སྐྲག་པ་ལྟ་བུའི་འཁྲུལ་སྣང་དེ་རྣམས་ལ་བདེན་པར་བཟུང་ནས་སེམས་ཞུམ་ཞིང་འཇིགས་སྐྲག་དང་མྱ་ངན་ཆེན་པོ་མ་བྱེད་ཅིག ད་ལྟ་ཁྱོད་རང་གི་ཤུལ་ན་ཡོད་པའི་གྲོགས་དང་མཛའ་བཤེས། གཉེན་དང་ཉེ་དུ་ནོར་རྫས་ཅ་ལག་ཡུལ་དང་ཁང་ཁྱིམ་སོགས་གང་ལའང་ཆགས་པ་དང་ཞེན་པའི་བློ་སྐྱེས་ནའང་། འདུས་བྱས་མི་རྟག་པའི་རང་མཚང་བསྟན་ནས་སོ་སོར་བྲལ་ཟིན་པ་ཡིན་པས་ད་ཕྱིན་ཆད་སྐད་ཅིག་ཀྱང་འགྲོགས་ཤིང་ལོངས་སྤྱོད་པའི་སྐལ་བ་ནི་མེད་ལ། ཆགས་ཀྱང་ཁྱོད་རང་འཁོར་བར་འཕྱན་པའི་རྒྱུ་ལས་མི་འདུག་པས་མ་ཆགས་མ་ཞེན་པར་དྲན་པའི་རང་སོ་ཟུངས་ལ། ཆགས་ཤིང་ཞེན་པའི་ཡུལ་ལོངས་སྤྱོད་ཀྱི་དངོས་པོ་དེ་དག་ཀྱང་ལེགས་པར་བརྟགས་ན་མེད་པ་ལ་ཡོད་པར་བཟུང་། མི་རྟག་པ་ལ་རྟག་པར་བཟུང་། མི་བདེན་པ་ལ་བདེན་པར་བཟུང་ནས། དཔེར་ན་སྒྱུ་མའི་མཁན་པོས་ཤིང་དུམ་དང་རྡེའུ་སོགས་ལ་བདེན་བདེན་ལྟ་བུའི་འགྲོ་བའི་མིག་བསླུ་བར་བྱེད་པའི་དངོས་པོ་སྣ་ཚོགས་སྤྲུལ་པ་ལ། བྱིས་པ་བླུན་པོ་མི་ཤེས་པའི་རང་བཞིན་ཅན་རྣམས་ཀྱིས་བདེན་གྲུབ་ཏུ་བཟུང་བ་དང་། ཉིང་འཁྲུལ་རྨི་ལམ་གྱི་སྐབས་སུ་བདེ་སྡུག་གི་འཁྲུལ་སྣང་སྣ་ཚོགས་ཅི་དང་ཅི་རྨིས་པ་དེ་ལ་དངོས་སུ་ཤེས་ཤིང་བདེན་པར་བཟུང་བ་ལ་གཉིད་ལས་སད་པ་ན་ཅི་ཡང་མ་ཡིན་པ་བཞིན་དུ། སྔར་གསོན་པོའི་དུས་སུ་སྐྱིད་སྡུག་ལེགས་ཉེས་གང་བྱུང་བ་རྣམས་ཀྱང་ད་ལྟ་གཉིད་ལས་སད་པའམ་ཡོད་མ་མྱོང་བ་ལྟ་བུར་གྱུར་ནས་འཁྲུལ་སྣང་གི་རྫུན་ཕུག་ལྡིབ་འདུག་པའི་ཚུལ་སོམས་ལ་མི་རྟག་ཅིང་མི་བརྟན་པའི་རང་བཞིན་ཅན་འདི་འདྲ་བ་ལ་ཆགས་པ་དང་ཞེན་པ་སྤུ་ཙམ་ཡང་བྱེད་རེ་ཀན་སྙམ་པ་གྱིས་ལ་ཆགས་མེད་ཞེན་མེད་ཀྱི་ངང་ལ་གནས་པར་གྱིས་ཤིག གཞན་ཡང་ཁྱོད་རང་གི་ཤུལ་མི་རྣམས་ཀྱིས་སྐུ་གསུང་ཐུགས་རྟེན་བཞེངས་པ། དགེ་འདུན་ལ་ཞབས་ཏོག སྐྱེ་བོ་ལ་སྦྱིན་གཏོང་སོགས་ཁྱོད་རང་ལ་གང་ཕན་གྱི་དགེ་སྦྱོར་བྱེད་པ་ལ། ཁྱོད་རང་བསམ་པ་མ་དག་པའི་དབང་གིས་ཡོན་གནས་རྣམས་ཀྱང་གཉིད་རྨུགས་དང་རྣམ་གཡེང་གི་དབང་དུ་གྱུར་པ་དང་། ཏིང་ངེ་འཛིན་མི་གསལ་བ་དང་། སྔགས་མ་དག་པ་དང་། ཆོ་ག་ལྷག་ཆད་དུ་གྱུར་པ་དང་། ཚུལ་ཁྲིམས་ཡོངས་སུ་མ་དག་པ་དང་། ཀུན་ཀྱང་ཡོ་བྱད་ལ་རློམས་སེམས་ཅན་དུ་གྱུར་པ་སོགས་བསམ་པ་དང་སྦྱོར་བ་ཡང་དག་མ་ཡིན་པ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཆ་ཅན་སྣ་ཚོགས་ཀྱང་ཁྱོད་ཀྱིས་ཤེས་ཤིང་མཐོང་ནས་ཀྱཻ་མ་ཀྱེ་ཧུད་འདི་རྣམས་ཀྱིས་ནི་བདག་བསླུས་སོ། ངེས་པར་བསླུས་སོ། ཤིན་ཏུ་བསླུས་སོ། བསླུ་བར་འགྱུར་རོ་སྙམ་ནས་དད་པ་དང་མོས་གུས་མི་སྐྱེ་བའི་སྟེང་དུ་མ་དད་པ་དང་ལོག་ལྟ་ཡང་སྐྱེ་བ་སྲིད་པས་དེ་ནི་ཁྱོད་ལ་ཐར་བའི་ལམ་གྱི་གེགས་དང་བར་ཆད་ཆེ་ཤོས་ཡིན་པས་ན། དེ་ལྟར་ནམ་དྲན་གྱི་དུས་སུ་བདག་རང་གི་བསམ་པ་མ་དག་པའི་སྟོབས་ཀྱིས་དཔེར་ན། མཁྲིས་ནད་ཅན་གྱིས་དུང་སེར་པོ་དང་། མིག་སྐྱོན་ཅན་གྱིས་སྐྲ་ཤད་དང་། དྷ་དྷུ་ར་ཟོས་པས་ཐག་ཁྲ་ལ་སྦྲུལ་དུ་མཐོང་བ་བཞིན་འདི་ལྟར་སྣང་བ་ཡིན་པས། དེ་ལ་དོགས་པ་དང་མི་དགའ་བ་ཅུང་ཟད་ཀྱང་མི་བྱེད་དོ་སྙམ་པ་དང་། ཁྱད་པར་དུ་ཚེ་རབས་ཐོག་མ་མེད་པའི་དུས་ནས་ལས་དང་ཉོན་མོངས་པའི་སྡིག་ལྟུང་བསགས་སྟོབས་ཆེ་བས་འཁོར་བ་དང་ངན་སོང་གི་འཇིགས་པ་ཆེན་པོས་ནོན་ཅིང་རབ་ཏུ་མནར་བ་བདག་ལ་སྐྱབས་དང་སྐྱེལ་མ། མགོན་དང་དཔུང་གཉེན་བླ་མ་དང་དཀོན་མཆོག་གསུམ་པོ་མ་གཏོགས་གཞན་མེད་དོ་སྙམ་པས། བརྟེན་ན་བསླུ་བ་མེད་པ་བླ་མ་དང་དཀོན་མཆོག་གསུམ་ལ་ཁྱེད་ཤེས་བློ་ཡི་འདུན་པ་དྲག་པོ་རྩེ་གཅིག་ཏུ་གཏོད་ཅིག གཞན་ཡང་ཁྱོད་རང་གི་ཤུལ་གྱི་ཉེ་དུ་འབྲེལ་བ་རྣམས་ཀྱིས་ཁྱོད་རང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ནས་རྣམ་གྲོལ་ནོར་བུའི་གླིང་དུ་འདྲེན་པའི་དེད་དཔོན་དུ་ངེད་རྣམས་སྦྲན་པ་ཡིན་པས། ངེད་ཅག་རྣམས་ཀྱིས་ཀྱང་བསམ་པ་སྨོན་འཇུག་བྱང་ཆུབ་སེམས་ཀྱིས་གཞི་བཟུང་། སྦྱོར་བ་རྟེན་འབྲེལ་ཆོ་ག་ཟབ་མོས་མཚམས་སྦྱར། གསང་བའི་དཀྱིལ་འཁོར་གཉན་པོའི་དལ་ཞལ་ཕྱེས་ཏེ། དག་པ་རབ་འབྱམས་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ཁྱོད་རང་གི་ལས་ཉོན་སྡིག་སྒྲིབ་ཉེས་ལྟུང་ཕྲ་རགས་རྣམ་གསུམ་རིམ་བཞིན་དག་པའི་ཕྱིར་དུ་སྦྱངས་ཁྲུས་བྲབ་གསུམ་གྱི་བྱ་བ་མཐའ་དག་གྲུབ་ནས། གནས་འདྲེན་གྱི་སྐབས། རིགས་དྲུག་གི་གནས་ནས་དྲངས་ཤིང་སྨིན་བྱེད་ཀྱི་དབང་བསྐུར་བ་དང་། གྲོལ་བྱེད་ཀྱི་གདམས་པ་ཟབ་མོ་ལ་བརྟེན་ནས་བདེ་ཆེན་དག་པའི་ཞིང་དུ་གནས་སྤར་བའི་རིམ་པ་རྣམས་བགྱིད་པའི་སྐབས་སུ་བབ་པ་ལགས་པས། ཞེས་པའམ། ལྷོ་སྒོ་ལྟ་བུ་ལ། གྲུབ་ནས། སྟོབས་བཞིའི་བཤགས་བསྡམས་ལ་བརྟེན་ནས་སྡིག་ལྟུང་ལྷག་མེད་དུ་བྱ་བ་དང་། ངན་སོང་ལས་འདོན་པའི་སྐབས་ལགས་པས། ཁྱེད་རང་ཡིད་གཞན་དུ་མ་ཡེངས་བར་དམིགས་པ་བརྟན་པོ་འདི་བཞིན་དུ་མཛོད་ཅིག ཅེས་དང་། འཕོ་བའི་སྐབས་ཡིན་ན། ངེད་ཅག་རྣམས་ཀྱིས་ཀྱང་། བསམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། སྦྱོར་བ་རྟེན་འབྲེལ་གྱི་གནད་ཟབ་མོ་སྡིག་པོ་ཆེ་བཙན་ཐབས་ཀྱིས་འཚང་རྒྱ་བའི་མན་ངག་ཟབ་ལམ་འཕོ་བའི་གདམས་པ་ལ་བརྟེན་ནས་ཁྱོད་རང་འཁོར་བ་དང་ངན་སོང་གི་འཇིགས་པ་ཆེན་པོ་ལས་བསྒྲལ་ནས་དག་པ་སྐུ་གསུམ་གྱི་གོ་འཕང་ལ་སྦྱོར་བའི་སྐབས་སུ་བབས་པ་ལགས་པས། གང་ལྟར་ཡང་མཇུག་ཏུ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ལུས་ཀྱིས་ཕྱག་འཚལ་བ་དང་། ངག་གིས་གསོལ་བ་འདེབས་པ། ཡིད་ཀྱིས་མོས་གུས་དྲག་པོས་སྐྱབས་སུ་རེ་ལྟོས་འཆའ་བ་རྣམས་ཞེ་ཐག་པ་ནས་གྱིས་དང་དེས་ཁྱོད་བར་དོའི་སྡུག་བསྔལ་ལས་ངེས་པར་གྲོལ་བར་འགྱུར་རོ།། ཞེས་བརྗོད་ལ་རང་གཞུང་གི་དམིགས་པ་ལ་འཇུག་གོ། །འདིར་སྨྲས་པ། བན་མིན་བོན་མིན་གྲོང་པའི་ཟ་ཆོག་འདི། །སྐྱ་མིན་སེར་མིན་བླུན་པོ་མདོ་ཤོར་དེས། །འདི་མིན་ཕྱི་མིན་བར་སྲིད་འགྲོ་བ་ལ། །ཕན་དུ་རེ་བས་བརྗོད་བྱའི་ལམ་དུ་སྤེལ།། ཞེས་གཤིན་པོ་རྗེས་འཛིན་གྱི་ཆོ་ག་གསུམ་པོ་གང་ལའང་སྦྱར་དུ་རུང་བའི་བར་དོའི་ངོ་སྤྲོད་ཉུང་ངུ་ཐར་ལམ་སྣང་བྱེད་ཅེས་བྱ་བ་འདི་ཡང་ཁོ་བོ་སྔགས་བཙུན་བདུད་འཇོམས་རོལ་པའི་རྡོ་རྗེའི་བློ་མཚོ་ལས་བྱུང་བའོ།།


previous ངོ་སྤྲོད་ཉུང་ངུ་ཐར་ལམ་གསལ་བྱེད།next