Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  collapse section
རྩིས་ཀྱི་མན་ངག་བློ་དམན་ཉེར་འཚོ།
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྩིས་ཀྱི་མན་ངག་བློ་དམན་ཉེར་འཚོ།next

རྩིས་ཀྱི་མན་ངག་བློ་དམན་ཉེར་འཚོ།

སྐབས་དང་པོ།

༄༅། དཔལ་མཆོག་གི་དང་པོའི་སངས་རྒྱས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་བློ་དམན་ཉེར་འཚོ་ཞེས་བྱ་བ་བཞུགས།།

༄༅། ཨོཾ་སྭ་སྟི། དཔལ་མཆོག་གི་དང་པོའི་སངས་རྒྱས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་བློ་དམན་ཉེར་འཚོ་ཞེས་བྱ་བ། བླ་མ་དང་ངག་གི་དབང་ཕྱུག་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ།། ཁྱབ་བདག་སྐུ་བཞི་དབྱེར་མེད་རྡོ་རྗེ་འཆང་དབང་རིགས་དཀྱིལ་རྒྱ་མཚོའི་གཙོ། །དཔལ་ལྡན་ཨེ་ཝཾ་ཟུང་འཇུག་དུས་ཀྱི་འཁོར་ལོ་སྲིད་ཞི་ཀུན་བདག་ཉིད། །འདྲེན་མཆོག་མི་ཡི་སེང་གེ་དོན་ཀུན་གྲུབ་པ་མི་མཇེད་ཞིང་གི་དཔལ། །དབྱེར་མེད་གསུམ་ལྡན་བླ་མ་རྣམ་སྣང་རྡོ་རྗེ་གཙུག་གི་ནོར་བུར་བརྟེན། །དོན་གཉིས་ལྷུན་གྲུབ་སྟོན་པ་རྫོགས་སངས་རྒྱས། །བདེན་གཉིས་ཟུང་འཇུག་ཞི་བསིལ་དམ་པའི་ཆོས། །ཚོགས་གཉིས་ཞིང་གྱུར་ཐེག་གསུམ་དགེ་འདུན་ཏེ། །མཆོག་གསུམ་ཐུགས་རྗེས་རྨད་བྱུང་དགེ་ལེགས་སྩོལ། །སྤྲོས་བྲལ་ཤེས་རབ་ཕར་ཕྱིན་རྒྱལ་བའི་ཡུམ། །མཁྱེན་པའི་གཏེར་འཆང་རྗེ་བཙུན་འཇམ་དཔལ་དབྱངས། །ངག་གི་དབང་ཕྱུག་མཚོ་བྱུང་ལྷ་མོ་སྟེ། །ལྷ་མཆོག་གསུམ་གྱིས་བློ་གྲོས་སྤོབས་པ་སྩོལ། །རྣམ་གསུམ་དུས་ཀྱི་འཁོར་ལོའི་དགོངས་དོན་སྤྱི། །ཁྱད་པར་འཇིག་རྟེན་ཁམས་ཀྱི་རྣམ་གཞག་ཀུན། །སྐར་རྩིས་རི་མོས་གཏན་ལ་དབབ་པའི་ཚུལ། །འདོམས་མཛད་དེ་ལ་གུས་པས་སོར་བཅུ་ཟླུམ། །དུས་འཁོར་དགོངས་འགྲེལ་མ་དྲོས་མཚོ་ཆེན་ནས། །ལེགས་བཤད་རྩིས་ཀྱི་ཉལ་འགྲོ་དལ་བབས་ཚེ། །འཇུག་བདེ་སྐར་རྩིས་འཆི་འཕྲོག་ཟེགས་མ་འདི། །ཡིད་ཅན་ཉེ་བར་འཚོ་ཕྱིར་ཁོ་བོས་ལེན། །རྣམ་མང་མཁས་པའི་མཁྱེན་བཟང་ཉི་གཞོན་ལས། །རྣམ་དག་ལེགས་བཤད་འོད་ཟེར་སྟོང་བརྡལ་བཞིན། །མེ་ཁྱེར་སྲིན་བུའི་རང་འོད་འབྱིན་པའི་དཔེས། །བདག་གིས་རྟོག་གེས་བློ་ཡིས་འདི་བྱས་མོད། །ཚིག་ཉུང་དོན་གསལ་འཇུག་བདེར་ཉེར་མཁོ་འགའ། །བསྡུས་ཕྱིར་དཔེ་མང་ཁུར་གྱིས་ངལ་མི་དགོས། །མཁས་པའི་གསུང་དང་བསྟུན་ཀྱང་ངེས་པར་མཚུངས། །དེ་ཕྱིར་འདི་ནི་བློ་དམན་ཉེར་འཚོར་གྱུར། །དེ་ལ་དང་པོ་སྦྱོར་བའི་རིམ་པ་དང་། །ལྔ་བསྡུས་གསུམ་དང་སྒྲ་གཅན་མྱུར་བའི་རྩིས། །རེའུ་མིག་སྤེལ་འཛིན་རྩིས་ཕྲན་ཉེར་མཁོ་ཟུང་། །བླང་དོར་རྩིས་འབྲས་ཉུང་ངུ་རྣམས་སུ་བསྡུས། །དང་པོ་སྦྱོར་བའི་རིམ་པ་ལ། །འབྲི་བགྲང་སྣོན་གསུམ་མཐའ་ནས་སྟེ། །བསྒྱུར་བགོད་འབྲི་གསུམ་མགོ་ནས་བྱ། །སྒྱུར་བྱེད་ཐིག་ལེ་གྲལ་མཐར་འགོད། །བགོད་བྱེད་ཐིག་ལེ་མས་མཐའ་བཀག །བསྒྱུར་བྱ་སྟོང་པར་བསྒྱུར་རྒྱུ་མེད། །བསྒྱུར་བྱེད་སྟོང་ན་བསྒྱུར་གཞི་དབྱེ། །གཅིག་བསྒྱུར་བ་ལ་འཕེལ་འགྲིབ་མེད། །གཉིས་བསྒྱུར་ལ་སོགས་གོང་དུ་འཕེལ། །བསྒྱུར་ཞེས་བསྒྱུར་བྱེད་གྲངས་སུ་སྤེལ། །བགོད་པ་བགོ་བྱེད་གྲངས་སུ་སྡུད། །བསྒྱུར་བགོད་བར་སྟོང་ཐིག་ལེས་འཛིན། །རྐྱང་བགོ་རང་གིས་ཅི་ཐོབ་འཁྱེར། །སྦྲག་བགོད་འོག་མར་བསྟུན་ཏེ་བྱ། །ཐིག་ལེ་གྲལ་མགོར་བྱུང་མི་སྲིད། །བགོད་བྱེད་ཐིག་ལེས་རང་གནས་འཛིན། །མ་ཐོབ་ནོར་སྐལ་ཐིག་ལེ་བྱིན། །མ་ལྡང་གོང་ནས་བཅུ་སོགས་ཕབ། །ལྷག་རྣམས་མ་ནོར་རང་གནས་བཞག །ཨང་གྲངས་ཐིག་ནས་དགུ་ཡི་བར། །རབ་འབྱམས་ཤེས་བྱ་བརྩི་ན་ཡང་། །མ་འདུས་ཡི་གེའི་རྣམ་པ་མེད། །གྲངས་ནི་༡གཅིག་༢བཅུ་༣བརྒྱ་༤སྟོང་༥ཁྲི། །༦འབུམ་དང་༧ས་ཡ་༨བྱེ་བ་དང་། །༩དུང་ཕྱུར་རྐྱང་པ་དགུ་ཞེས་གྲགས། །དེ་རྗེས་༡ཐེར་འབུམ་༣ཁྲག་ཁྲིག་དང་། །༥རབ་བཀྲམ་༧གཏམ་པ་༩དཀྲིག་པ་དང་། །༡༡མི་འཁྲུགས་༡༣ཁྱད་འབྱིན་༡༥སྤང་རྟེན་དང་། །༡༧དེད་འདྲེན་༡༩མཐའ་སྣང་༢༡རྒྱུ་རིགས་དང་། །༢༣འོད་མཛེས་༣༥དབང་པོ་༢༧ལེགས་ཕྱིན་དང་། །༢༩རྟོགས་འགྲོ་༣༡འབྱིན་རྡུལ་༣༣རྒྱ་རྟགས་དང་། །༣༥སྟོབས་འཁོར་༣༧བརྡ་ཤེས་༣༩རྣམ་བྱུང་དང་། །༤༡སྟོབས་མིག་༤༣བྱམས་པ་༤༥སྙིང་རྗེ་དང་། །༤༧དགའ་བ་༤༩བཏང་སྙོམས་ཉེར་ལྔ་ལ། །༢ཆེན་པོ་སྦྱར་བས་༥༠ལྔ་བཅུ་འབྱུང་། །དེ་ལྟར་གྲངས་མེད་པ་རུ་བརྗོད། །མིང་གི་རྣམ་གྲངས་༡རང་བཞིན་གཟུགས། །བསེ་རུ་ཟླ་བ་རི་བོང་ཅན། །འོད་དཀར་ལ་སོགས་གཅིག་གི་མིང་། །༢ལག་མིག་ཟུང་འཁྲིག་གཤིན་རྗེ་བགྲོད། །སྦྱོར་བ་མཚེ་མ་གཉིས་སུ་ཤེས། །༣འཇིག་རྟེན་ཚ་བ་རྩེ་མོ་དང་། །ཡོན་ཏན་མེ་རྣམས་གསུམ་ལ་ཟེར། །༤ཆུ་གཏེར་རྒྱ་མཚོ་ཆུ་བོ་བདུད། །ཟུང་ལྡན་རིག་བྱེད་སྡེ་བ་བཞི། །༥ཕུང་པོ་ཉེར་སྤྱོད་འདོད་ཡོན་མདའ། །འབྱུང་བ་དབང་པོ་ཡན་ལག་ལྔ། །༦བྲོ་བ་རོ་དུས་མཚམས་རྣམས་དྲུག །༧རིན་ཆེན་ཐུབ་པ་དྲང་སྲོང་གཟའ། །ས་འཛིན་རི་གླིང་རྟ་རྣམས་བདུན། །༨གདེངས་ཅན་ལྷ་ཀླུ་ལྟོ་འགྲོ་སྦྲུལ། །ནོར་ལྷ་ནོར་དབྱིག་བཀྲ་ཤིས་བརྒྱད། །༩གཏེར་བུག་སྲིན་པོ་རྩ་སོགས་དགུ། །༡༠སྒྲ་སྒྲོགས་ཡུལ་ས་ཁྲོ་བོ་ཕྱོགས། །སོར་མོ་འབྱོར་བ་འཇུག་པ་སྟོབས། །བཅུ་ཡིན་༡༡དྲག་པོ་བདེ་བྱེད་དང་། །དབང་ཕྱུག་འཕྲོག་བྱེད་བདེ་འབྱུང་རྣམས། །བཅུ་གཅིག་གི་ནི་མིང་དུ་རྟོགས། །༡༢ཉི་མ་རྟེན་འབྲེལ་ཁྱིམ་བཅུ་གཉིས། །༡༣ལུས་མེད་སྣ་ཚོགས་གདུགས་རིམ་དང་། །མྱོས་བྱེད་འདོད་པ་བཅུ་གསུམ་ཡིན། །༡༤ཤེད་བུ་མ་ནུ་སྲིད་པའི་གནས། །ཡིད་རྣམས་བཅུ་བཞི་༡༥ཚེས་བཅོ་ལྔ། །༡༦ཆ་ཤས་རྒྱལ་པོ་མི་བདག་རྣམས། །བཅུ་དྲུག་༡༨ཉེས་སྐྱོན་ཁམས་བཅོ་བརྒྱད། །༢༤ཡུལ་དང་རྒྱལ་བ་ཉེར་བཞིའི་མིང་། །༢༥དེ་ཉིད་ཉེར་ལྔ་༢༧རྒྱུ་སྐར་དང་། །འཁོར་ལོ་སྐར་མ་ཉེར་བདུན་མིང་། །༣༢སོ་དང་གཉིས་སྐྱེས་སུམ་ཅུ་གཉིས། །༦༠ཆུ་ཚོད་དབྱུག་གུ་དྲུག་ཅུ་སྟེ། །༠སྟོང་པ་ནམ་མཁའ་ཐིག་ལེར་བརྗོད། །དོན་གཅིག་མིང་གི་རྣམ་གྲངས་གཞན། །གསིལ་སྤེལ་བགྲེས་བསྣུན་བསྒྱུར་བའི་མིང་། །སྣོན་སྦྱིན་སྟེར་འབུལ་ནོར་དུ་འགྱུར། །བསྣན་ཕུལ་ཁན་ལྡན་བསྲེ་བའི་མིང་། །སྦྱངས་འཕྲོག་ཞུ་འཕྲལ་བུ་ལོན་འགྱུར། །ཕྲི་དམན་དབེན་འབྲིད་ཕབ་པའི་མིང་། །བགོ་ཕྱེ་བསལ་བཅད་བགོད་པའི་མིང་། །དབྱི་བསུབ་ཕྱི་བ་དོར་བའི་མིང་། །རྙེད་པ་ཐོབ་པ་ནོར་ཡིན་ནོ། །ཆ་ནས་རང་འཁོར་གང་ལོངས་པ། །ཕུད་པའི་ནོར་དེ་རང་ཐད་ནས། །དམིགས་བསལ་མ་གཏོགས་གོང་མར་བསྲེ། །སྟེང་མའི་ཐོབ་ནོར་ཤས་ཆེར་དོར། །ནོར་དེ་དོར་བའི་གོ་ཤུགས་ཀྱིས། །བགོད་ལ་དོར་བ་འཇུག་པའང་སྲིད། །སོ་སོའི་འཁོར་ལོའི་ངེས་པ་ནི། །ལོ་ཡི་འཁོར་ལོ་༦༠དྲུག་ཅུ་ལ། །༥འབྱུང་ལྔ་༨སྤར་བརྒྱད་༩སྨེ་བ་དགུ། །༡༢ཟླ་༡༢ཁྱིམ་༡༢རྟེན་འབྲེལ་༡༢ལོ་སྐོར་དང་། །༡༢དུས་ཚོད་འཁོར་ལོ་བཅུ་གཉིས་ཡིན། །ཚེས་ནི་༥ལྔའམ་༣༠སུམ་ཅུ་སྟེ། །༧གཟའ་དང་༧བྱེད་པའི་འཁོར་ལོ་བདུན། །༢༧རྒྱུ་སྐར་༢༧སྦྱོར་བ་ཉེར་བདུན་ཏེ། །༦༠ཆུ་ཚོད་༦༠ཆུ་སྲང་དྲུག་ཅུ་ཡིན། །༦དབུགས་དྲུག་ཆ་ཤས་ངེས་པ་མེད། །སོ་སོའི་མིང་གི་ངེས་པ་ནི། །༡ཉི་༢ཟླ་༣དམར་༤ལྷག་༥ཕུར་༦སངས་༠སྤེན། །རེས་གཟའ་བདུན་ཏེ་སྒྲ་དུས་མཇུག །བསྣན་པས་གཟའ་ནི་བཅུ་རུ་ངེས། །༠ཐ་སྐར་༡བྲ་ཉེ་༢སྨིན་དྲུག་དང་། །༣སྣར་མ་༤མགོ་༥ལག་༦ནབ་སོ་༧རྒྱལ། །༩སྐག་༡༠མཆུ་༡༡གྲེ་༡༢དབོ་༡༢མེ་བཞི་༡༣ནག །༡༤ས་རི་༡༥ས་ག་༡༦ལྷ་མཚམས་༡༧སྣྲོན། །༡༨སྣུབས་༡༩ཆུ་སྟོད་༢༠སྨད་༢༡གྲོ་བཞིན་དང་། །༢༢མོན་གྲེ་༢༣མོན་གྲུ་༢༤ཁྲུམ་སྟོད་༢༥སྨད། །༢༦ནམ་གྲུ་རྒྱུ་སྐར་ཉེར་བདུན་ཏེ། །བྱི་བཞིན་སྦྱར་བས་ཉེར་བརྒྱད་དོ། །༠སེལ་༡མཛའ་༢ཚེ་ལྡན་༣སྐལ་བཟང་དང་། །༤བཟང་པོ་༥ཤིན་སྐྲངས་༦ལས་བཟང་༧འཛིན། །༨ཟུག་རྔུ་༩སྐྲངས་༡༠འཕེལ་༡༡ངེས་༡༢ཀུན་འཇོམས། །༡༣དགའ་བ་༡༤རྡོ་རྗེ་༡༥དངོས་༡༦ཤིན་ལྟུང་། །༡༧མཆོག་ཅན་༡༨ཡོངས་འཇོམས་༡༩ཞི་བ་༢༠གྲུབ། །༢༡བསྒྲུབ་༢༢དགེ་༢༣དཀར་པོ་༢༤ཚངས་པ་དང་། །༢༥ཁོན་འཛིན་༢༦སྦྱོར་བ་ཉེར་བདུན་ནོ། །༡གདབ་༢བྱིས་༣རིགས་ཅན་༤ཏིལ་རྡུང་དང་། །༥ཁྱིམ་སྐྱེས་༦ཚོང་པ་༠བིཥྚི་བདུན། །༡བཀྲ་ཤིས་༢རྐང་བཞི་༣ཀླུ་༤མི་སྡུག །བཞི་སྟེ་བྱེད་པ་བཅུ་གཅིག་གོ། །༠ལུག་༡གླང་༢འཁྲིག་༣ཀར་༤སེང་༥བུ་མོ། །༦སྲང་༧སྡིག་༨གཞུ་༩སྲིན་༡༠བུམ་༡༡ཉ་ཁྱིམ། །༡དགའ་༢བཟང་༣རྒྱལ་༤སྟོང་༥རྫོགས་ལྔ་ཚེས། །མེ་ས་ལྕགས་ཆུ་ཤིང་འབྱུང་ཁམས། །ལི་ཁོན་ཏྭ་ཁེན་ཁམ་གིན་ཙིན། །ཟོན་བརྒྱད་སྤར་ཁའི་གྲངས་སུ་ངེས། །གཅིག་དཀར་གཉིས་ནག་གསུམ་མཐིང་དང་། །བཞི་ལྗང་ལྔ་སེར་དྲུག་དཀར་དང་། །བདུན་དམར་བརྒྱད་དཀར་དགུ་སྨུག་སྨེ། །ནམ་ལངས་ཤར་དྲོས་ཕྱེད་ཕྱེད་ཡོལ། །ཉི་ནུབ་མུན་རུབ་སྲོད་སྲོད་འཁོར། །ནམ་ཕྱེད་ཕྱེད་ཡོལ་ཐོ་རེངས་བར། །ཡོས་སོགས་རིམ་སྦྱར་དུས་ཚོད་ཡིན། །མ་རིག་འདུ་བྱེད་རྣམ་ཤེས་དང་། །མིང་གཟུགས་སྐྱེ་མཆེད་རེག་ཚོར་སྲེད། །ལེན་སྲིད་སྐྱེ་བ་རྒ་ཤི་རྣམས། །རྟེན་འབྲེལ་བཅུ་གཉིས་ཞེས་བྱར་བརྗོད། །ཚེས་གཅིག་ནས་བཟུང་སུམ་ཅུའི་བར། །ཟླ་གཅིག་ཞག་གྲངས་ངེས་པ་ཡིན། །ནག་པ་ས་ག་སྣྲོན་ཆུ་སྟོད། །གྲོ་ཁྲུམས་ཐ་སྐར་སྨིན་དྲུག་མགོ། །རྒྱལ་མཆུ་དབོ་ཡི་ཟླ་བ་རྣམས། །ལོ་གཅིག་ཟླ་གྲངས་ངེས་པར་བརྗོད། །༠རབ་བྱུང་༡རྣམ་བྱུང་༢དཀར་པོ་དང་། །རབ་མྱོས་སྐྱེས་བདག་ཨངྐི་ར། །དཔལ་གདོང་དངོས་པོ་ན་ཚོད་ལྡན། །འཛིན་བྱེད་དབང་ཕྱུག་འབྲུ་མང་པོ། །མྱོས་ལྡན་རྣམ་གནོན་ཁྱུ་མཆོག་དང་། །སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད། །ས་སྐྱོང་མི་ཟད་ཐམས་ཅད་འདུལ། །ཀུན་འཛིན་འགལ་བ་རྣམ་འགྱུར་དང་། །བོང་བུ་དགའ་བ་རྣམ་རྒྱལ་ཉིད། །རྒྱལ་བ་མྱོས་བྱེད་གདོང་ངན་དང་། །གསེར་འཕྱང་རྣམ་འཕྱང་སྒྱུར་བྱེད་དང་། །ཀུན་ལྡན་འཕར་བ་དགེ་བྱེད་དང་། །མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག །ཟིལ་གནོན་སྤྲེའུ་ཕུར་བུ་དང་། །ཞི་བ་ཐུན་མོང་འགལ་བྱེད་དང་། །ཡོངས་འཛིན་བག་ཡོད་ཀུན་དགའ་དང་། །སྲིན་པོ་མེ་དང་དམར་སེར་ཅན། །དུས་ཀྱི་ཕོ་ཉ་དོན་གྲུབ་དྲག །བློ་ངན་རྔ་ཆེན་ཁྲག་སྐྱུག་པ། །མིག་དམར་ཁྲོ་བོ་ཟད་པ་རྣམས། །ལོ་གྲངས་དྲུག་ཅུའི་ངེས་པའོ། །སྐྱེས་བུའི་དབུགས་དྲུག་ཆུ་སྲང་གཅིག །དེ་ལ་དྲུག་ཅུ་ཆུ་ཚོད་གཅིག །དབྱུག་གུ་ལྔ་ལྔ་དུས་ཚོད་རེ། །དུས་ཚོད་བཅུ་གཉིས་ཞག་གཅིག་བརྗོད། །ཟླ་བའི་དཀར་ནག་ཕྱོགས་རེ་ལ། །དགའ་སོགས་གསུམ་གསུམ་དྲུག་ཏུ་འཁོར། །བཅོ་ལྔར་འཕེལ་ཞིང་བཅོ་ལྔའི་འགྲིབ། །བསྡོམས་ལ་ཟླ་བའི་ཐ་སྙད་བརྗོད། །ཉི་མའི་ལྷོ་བྱང་བསྒྲོད་གཉིས་ལ། །ཟླ་ཁྱིམ་གཟའ་སྐར་དུས་བཞི་ཡི། །འཁོར་ལོ་རྫོགས་པར་འཁོར་བ་ལ། །ལོ་གཅིག་ཞེས་བྱར་བརྗོད་པ་ཡིན། །ཁམས་འདིར་ཟླ་བ་སྐྱེས་མ་ཐག །དཀར་ཆ་དང་པོར་འཕེལ་བའི་ཕྱིར། །ལུགས་འདིར་ཡར་ངོ་ཚེས་གཅིག་ནས། །ཚེས་ཞག་སུམ་ཅུའི་མགོ་བོ་འཛིན། །གཟའ་ཀུན་རྟག་ལོངས་ལུག་ཁྱིམ་ནས། །ཐོག་མར་སྤྱོད་ཅིང་དུས་འཁོར་རྒྱུད། །གསུངས་པའི་དུས་ཟླ་ཡིན་པའི་ཕྱིར། །རང་ལུགས་ནག་པ་ཟླ་མགོ་འཛིན། །ལོ་ཡི་ཐོག་མ་རབ་བྱུང་ཞེས། །རིགས་བྱེད་གཞུང་དང་སྟོད་འགྲེལ་ལས། །གསུངས་བཞིན་འདིར་ཡང་ལོ་ཡི་མགོ། །རབ་བྱུང་ཉིད་ནས་འཛིན་པར་བཞེད། །ཧོར་གྱི་གསན་ཡོལ་རྒྱའི་མཱ་ཡོལ། །ལེགས་སྦྱར་ཙཻ་ཏྲི་ནག་པ་རྣམས། །གཅིག་ཡིན་མིང་གཟུགས་ལུག་གི་ཁྱིམ། །གཞན་རྣམས་དེ་ཡི་རིགས་པས་དཔག །ཁམས་ལྔ་ཕོ་མོའི་དབྱེ་བ་ཡིས། །རྒྱ་རྩིས་ལོ་རྒན་དྲུག་ཅུ་ལས། །མེ་མོ་ཡོས་དང་རབ་བྱུང་གཉིས། །གཅིག་སྟེ་ལྷག་རྣམས་རིམ་བཞིན་སྦྱར། །ཚེས་གཅིག་ཕྱི་ཆ་ནས་བརྩམས་ཏེ། །ཉེར་དགུའི་སྔ་ཆའི་བར་རྣམས་སུ། །འཕོ་བྱེད་བདུན་པོ་བཞི་བཞིར་རྒྱུ། །དེ་ལྷག་བཞི་ལ་རྟག་བྱེད་རྣམས། །རིམ་བཞིན་རྒྱུན་དུ་རྒྱུ་བར་ངེས། །རྒྱུ་སྐར་རེ་རེར་རྐང་པ་བཞི། །ཀུན་བསྡོམས་བརྒྱ་དང་བརྒྱད་འབྱུང་བ། །རྐང་པ་དགུ་དགུར་ཁྱིམ་རེར་གྲགས། །ལུག་ཁྱིམ་ཐ་སྐར་མགོ་ནས་སྟེ། །ནམ་གྲུའི་རྐང་པ་ཉ་ཡིས་རྫོགས། །བར་རྣམས་དེར་མཚུངས་རིག་པས་དཔྱད། །བཅུ་གཉིས་ཁྱིམ་གྱི་ཞིང་བདག་གཟའ། །ལུག་སྡིག་མིག་དམར་གླང་སྲང་སངས། །འཁྲིག་པ་བུ་མོ་ལྷག་པ་སྟེ། །ཀར་ཟླ་སེང་ཉི་གཞུ་ཉའི་ཕུར། །ཆུ་སྲིན་བུམ་པའི་སྤེན་པའོ། །གཞན་ཡང་གཟའ་ཡི་མིང་གི་གྲངས། །ནམ་མཁའི་ནོར་བུ་ནབས་སོ་སྐྱེས། །འོད་སྟོང་ཉིན་བྱེད་ཚ་ཟེར་ཅན། །ཉིན་མོའི་དབང་ཕྱུག་མི་སྦྱིན་སྐྱེས། །འོད་ལྡན་པད་གཉེན་ཀུ་མུད་དགྲ། །རྟ་བདུན་རྟ་ལྗང་ཉི་མའི་མིང་། །མཚན་མོའི་མགོན་པོ་བསིལ་ཟེར་ཅན། །རྒྱུ་སྐར་བདག་པོ་རི་བོང་ཅན། །འོད་དཀར་འོད་བརྒྱ་ཀུ་མུད་གཉེན། །པདྨའི་དགྲ་རྣམས་ཟླ་བར་བརྗོད། །མཆུ་སྐྱེས་ས་སྐྱེས་ས་ལྷའི་བུ། །དམར་པོ་ལུས་དམར་ཡན་ལག་དམར། །གཞོན་ནུ་བཀྲ་ཤིས་མིག་དམར་ཡིན། །ཟླ་སྐྱེས་ཟླ་སྲས་ཟླ་བའི་བུ། །ལག་པ་སྔོ་སངས་ལྷ་མཚམས་སྐྱེས། །གཟའ་ལྷག་རྣམས་ནི་ལྷག་པའི་མིང་། །རྒྱལ་བར་སྤྱོད་དང་ལྷའི་བླ་མ། །བློ་ལྡན་སྒྲ་མཁན་སྨྲ་མཁས་དང་། །བླ་མ་ལྡན་བྱེད་ཕུར་བུར་ཤེས། །དཀར་པོ་ཁུ་བ་ནབས་སོ་སྐྱེས། །ལྷ་མིན་བླ་མ་སྙན་དངགས་མཁན། །སྦྱིན་བྱེད་པ་ཝ་སངས་ལ་ཟེར། །གཤིན་རྗེའི་བ་དན་ཉི་མའི་བུ། །ཉི་སྐྱེས་དལ་འགྲོ་ཞི་འགྲོ་རྣམས། །སྤེན་པའི་མིང་དུ་འབོད་པ་ཡིན། །སྲིད་གསུམ་རྣམ་རྒྱལ་བདུད་རྩི་ཟ། །སྐབས་གསུམ་འཇིགས་བྱེད་ནག་པ་སྐྱེས། །དྲག་པོའི་གཟུགས་ཅན་ཉི་ཟླ་ཟ། །མིག་སྨན་མདོག་རྣམས་སྒྲ་གཅན་ཡིན། །མེ་བུལ་མཇུག་མ་དུས་མེར་དྲན། །མཇུག་ཕོད་དུ་བ་ཁྲུ་དོ་ཅན། །ཀེ་ཏུ་མཇུག་རིང་ཉིད་ཡིན་ནོ། །སྐར་མའི་རྣམ་གྲངས་༠དབྱུག་པ་༡བྲ། །༢ཇ་མིའམ་༢སྤུན་དྲུག་༣བི་རྫི་དང་། །༤སྨལ་པོ་༥ལག་པ་རྒྱལ་༦སྟོད་༧སྨད། །༨ཝ་དང་༩རྟ་ཆེན་༡༠རྟ་ཆུང་༡༡ཁྲ། །༡༢བྱ་མ་༡༣བྱིའུ་༡༤ནམ་གོང་༡༥འོག །༡༦ལག་སོར་༡༧གདུ་བུ་༡༨སོག་པ་དང་། །༡༩བྲེ་༢༠ཕུལ་༢༡བྱ་ཕོ་༢༢སྒྲོག་སྟོད་༢༣སྨད། །༢༤སེ་སྟོད་༢༥སེ་སྨད་༢༦ཤེ་སར་མིང་། །གཞན་ཡང་མང་སྟེ་འདིར་མ་བརྗོད། །ཁྱིམ་ཀྱང་གདན་བཞིར་རྒྱལ་ཟླ་ནས། །༩འཕེལ་བ་༡༠གཏི་མུག་༡༡བཟང་༠ཁྱུ་མཆོག །༡རུས་སྦལ་༢ཆུ་སྲིན་༣ཡུག་ས་མོ། །༤སྨེ་༥འབུག་༦འཕྱོ་བ་༧རྨི་ལམ་དང་། །༨ས་ཡི་དབང་ཕྱུག་རྣམས་སུ་གསུངས། །དེ་ཀུན་བློ་ལ་ངེས་པར་བྱ། །དཔེ་ཡོད་ཙམ་གྱིས་ཅི་ཞིག་ཕན། །ཚིག་ཙམ་གྱིས་ཀྱང་དགོས་པ་ཆུང་། །ལག་ལེན་རྒྱུད་ལ་འབྱོར་ངེས་བྱོས། །གོང་མའི་རྩིས་གཞུང་དཔག་བསམ་འཁྲི་ཤིང་ལས། །ལེགས་འཁྲུངས་རྩིས་ཀྱི་སྔོན་འགྲོ་མེ་ཏོག་ཕྲེང་། །འཇུག་བདེ་ཚིག་གི་སྲད་བུར་ལེགས་བརྒྱུས་ཏེ། །བྱིས་བློ་དགའ་བ་སྐྱེད་པའི་རྒྱན་དུ་སྦྱིན། །དཔལ་མཆོག་དང་པོའི་སངས་རྒྱས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་རྣམ་པར་དག་པ་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་ཀྱི་རི་མོས་གཏན་ལ་འབེབས་པའི་མན་ངག་བློ་དམན་ཉེར་འཚོ་ཞེས་བྱ་བ་ལས། སྦྱོར་བ་རྩིས་ཀྱི་སྔོན་འགྲོ་བློ་ལ་ངེས་པར་བྱ་བ་རྣམས་མདོར་བསྡུས་སུ་བརྗོད་པའི་སྐབས་ཏེ་དང་པོའོ།།

སྐབས་གཉིས་པ།

༈ མཁྱེན་གཟིགས་ཡེ་ཤེས་རལ་གྲི་གླེགས་བམ་གྱིས། །ཉོན་མོངས་རྒྱ་འགྲོལ་བློ་གྲོས་དཔལ་སྦྱིན་པ། །རྒྱལ་སྲས་ཐུ་བོ་ཟུར་ཕུད་ལྔ་པ་ལ། །འདུད་དོ་ཐོགས་མེད་མཁྱེན་རབ་མྱུར་དུ་སྩོལ། །རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པའི། །དགོངས་དོན་ནང་པ་སངས་རྒྱས་པའི། །རིང་ལུགས་རྣམ་དག་གྲུབ་པའི་མཐའི། །ལྔ་བསྡུས་རི་མོའི་ཁྱད་ཆོས་སྤྲོ། །རབ་བྱུང་བཅོ་ལྔའི་སྒྱུར་བྱེད་སོགས། །འདས་ལོ་༡༢ཉིས་བསྒྱུར་༠ནག་པ་སོགས། །འདས་ཟླ་བསྲེས་ལ་གནས་གཉིས་བཞག །འོག་མ་༠མིག་བསྒྱུར་༣༣མེ་རྩེས་བརྒྱན། །མདའ་རོས་ཐོབ་པ་སྟེང་མར་བསྲེ། །དེ་ཡིས་ཟླ་བ་རྣམ་པར་དག །ལྷག་མ་དབུགས་ཁྱིམ་སྒང་ལ་སོགས། །དུས་གཟེར་བརྟགས་པའི་གཞི་རུ་བཟུང་། །ཟླ་དག་གནས་ལྔ་སྟེང་རིམ་བཞིན། །༡གཟུགས་དང་༣༡ཟླ་མེ་༥༠མཁའ་མདའ་༠ཐིག ༡ ༣༡ ༥༠ ༠ ༤༨༠ །༤༨༠མཁའ་ནོར་ཆུ་བོས་རིམ་བསྒྱུར་ལ། །༢ཟུང་དང་༢༢ལག་མིག་༥༤མཚོ་དབང་༡གཟུགས། ༢ ༢༢ ༥༤ ༡ །༧༠༧རི་མཁའ་རི་དང་༦དུས་༦༠མཁའ་རོ། ༧ ༦༠ ༦༠ ༦ ༧༠༧ །༦༠ཐིག་མཚམས་༧ཐུབ་པས་དོར་བའི་ལྷག །གཟའ་ཡི་དྷྲུ་ཝ་རྣམ་པར་དག །ཟླ་དག་གནས་གཉིས་༢ཟུང་༡ཟླས་བསྒྱུར། ༢ ༡ ༡༩ ༩ །སྟེང་འོག་༡༩བུག་གཟུགས་༩སྲིན་པོ་བྱིན། ༢༨ ༡༢༦ །རིལ་ཆའི་དྷྲུ་ཝ་རྣམ་པར་དག །ཟླ་དག་གནས་ལྔ་སྟེང་རིམ་བཞིན། །༢མིག་༡༠ཕྱོགས་༥༨ཀླུ་དབང་༡གཟུགས་༡༧རི་ཟླས། ༢ ༡༠ ༥༨ ༡ ༡༧ །བསྒྱུར་ལ་༢༥དེ་ཉིད་མེ་མདའ་༥༣དང་།༢༥ ༥༣ ༣༠ ༢ ༤༦ །༣༠མཁའ་ཡོན་༢བསྒྲོད་པ་༤༦དུས་མཚོ་བྱིན། །༦༧རི་རོ་༦བྲོ་བ་༦༠མཁའ་རོ་དང་། ༢༧ ༦༠ ༦༠ ༦ ༦༠།༦༠མཁའ་རོ་༢༧འཁོར་ལོས་བསྒྲིལ་བའི་ལྷག །ཉི་མའི་དྷྲུ་ཝ་རྣམ་དག་འགྲུབ། །བསྒྱུར་བྱེད་རིམ་བྱིན་ཕྱི་དྷྲུ་འཆར། །དེ་ནས་ཉིན་རྩིས་ལ་འཇུག་ཕྱིར། །གཟའ་དྷྲུར་ཆུ་ཚོད་༥༩བུག་མདའ་དང་། །སྲང་༣མེ་དབུགས་༤མཚོ་ཆ་༡༦མི་བདག ༠ ༥༩ ༣ ༤ ༡༦།ཉི་དྷྲུར་དབྱུག་༤མཚོ་༢༡ཟླ་མིག་སྲང་། །དབུགས་༥མདའ་ཆ་ཤས་༤༣རྩེ་སྡེ་རྣམས།༠ ༤ ༢༡ ༥ ༤༣། གང་བརྩིའི་ཚེས་བསྒྱུར་ཁན་པའམ། །ཡང་ན་རྟག་ལོངས་རེའུ་མིག་འདི། །བསྣན་ལ་རང་འཁོར་བསྒྲིལ་བའི་ལྷག །གཟའ་ཉི་བར་བ་གྲུབ་པའོ། །རིལ་པོར་ཚེས་བསྲེས་༡༤མ་ནུས་བགོ། །ཐོབ་ནོར་༡ཟླ་༣མེ་མི་མཉམ་ལ། །༠ཐིག་༢མིག་༤ཆུ་བོ་མཉམ་པ་སྟེ། །མི་མཉམ་རིམ་མིན་མཉམ་རིམ་པ། །ནོར་དེ་རེ་ཞིག་ཟུར་དུ་བཀོད། །ལྷག་མས་ཟླ་མའི་རྐང་པ་བཟུང་། །༥མདའ་༥དབང་༥འབྱུང་༤ཆུ་༣མེ་༢ཟུང་༡ཟླ། །ལྡོག་པ་དང་བཅས་༡༤ཡིད་ཀྱི་གནས། །སྔ་ཕྱིར་ཟོས་དང་ཟ་རྒྱུ་སྡོམ། །༡གཟུགས་༡༣འདོད་༥འབྱུང་བ་༢ཟུང་༡༢ཉིར་༡༠ཕྱོགས། །༣མེ་༡༡དྲག་༡༥ཚེས་སྡོམ་༤མཚོ་༡༠ཕྱོགས་ལ། །༡༩བུག་ཟླ་༥མདའ་༩རྩར་༢འཁྲིག་༢ཟུང་སྡོམ། །༦དུས་༨ཀླུར་༢༤རྒྱལ་བ་༧རིར་༢༥དེ་ཉིད། །༠ཐིག་ལ་༠ཐིག་བསྡམས་རྣམ་དག་གྲུབ། །རྐང་འཛིན་བསུབ་ལ་རྐང་སྡོམ་བཀོད། །རྐང་བཟུང་སྔོན་མས་ཆ་ཤས་བསྒྱུར། །མ་ཟིན་༠ཐིག་ཤར་སྡོམ་ཀྱང་༠ཐིག །ཆ་ཤས་སྔ་རྐང་༥དང་པོས་བསྒྱུར། །༡༢༦དུས་ཉིས་རྙེད་པ་ཡང་རྒྱུའི་དབྱུག །བགོས་ལྷག་༦༠མཁའ་རོས་༡༢༦བསྒྱུར་ཐོབ་སྲང་། །ཡང་ལྷག་༦དུས་ཀྱི་༡༢༦བསྒྱུར་ཐོབ་དབུགས། །སླར་ལྷག་༧༠༧རི་མཁའ་རི་ཡིས་བསྒྱུར། །༡༢༦དུས་ཉིས་རྙེད་པ་ཆ་ཤས་ཏེ། །ལྷག་མེད་རྣམ་དག་༠ཐིག་ལེ་འཆར། །སྡོམ་ལ་ཡང་རྒྱུའི་ཆུ་ཚོད་སོགས། །སྔ་རྐང་བསྣན་ལ་ཕྱི་རྐང་ཕྲི། །མ་ཟིན་སྒྱུར་བྱེད་སྔ་རྐང་ལ། །བབས་ཕྱིར་ཆུ་ཚོད་གོང་མར་བསྣན། །བདུན་པའི་སྒྱུར་བྱེད་ཕྱི་རྐང་ལ། །བབས་ཕྱིར་འོག་མའི་ཚོགས་ཀྱིས་ཕྲི། །དེས་ནི་རྐང་ལོངས་རྣམ་པར་དག །དེ་ལྟར་རྐང་ལོངས་དག་པ་རྣམས། །གཟའ་བར་ཆུ་ཚོད་མན་ཆད་དུ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །དེ་ཡིས་གཟའ་ཕྱེད་དག་པར་འགྱུར། །གཟའ་ཉིའི་ཆ་ཤས་ཤེད་སྙོམས་ཕྱིར། །ཕྱེད་དག་ཆ་ཤས་༦༧རི་རོས་བསྒྱུར། །༧༠༧རི་མཁའ་རིས་ཐོབ་ནོར་ལྔ་པ། །ལྷག་དེ་ཆ་ཤས་དྲུག་པ་ཡིན། །ཉི་བར་གཉིས་བཀོད་གཅིག་ལ་ནི། །སྐར་༦མཚམས་ཆུ་ཚོད་༤༥འབྱུང་ཆུས་སྦྱངས། །མ་ལྡང་༢༧འཁོར་ལོ་བསྣན་ལ་སྦྱངས། །སྦྱངས་ཤུལ་༡༣ ༣༠འཁོར་ཕྱེད་ལོངས་ན་དོར། །དོར་དང་མ་དོར་མཚན་མ་བྲི། །དོར་ལྷག་སྐར་གནས་༦༠མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་༡༣༥མདའ་ཡོན་ཟླས། །བགོས་པའི་ནོར་དེས་ཉི་རྐང་བཟུང་། །༡གཟུགས་༤མཚོ་༦རོ་ལྡོག་དྲུག་གི་གནས། །སྔ་ཕྱིར་ཟིན་དང་མ་ཟིན་སྡོམ། །༡ཟླ་༥དབང་༦རོ་དང་༤མཚོ་༢མིག་༡༠ཕྱོགས། །༣མེ་ལ་༡༡དྲག་པོ་༠ཐིག་དང་༠ཐིག །བསྡོམས་པས་ཉི་རྐང་རྣམ་དག་འགྲུབ། །བསྡོམས་ཏེ་ཆུ་ཚོད་གནས་སུ་བཀོད། །རྐང་བཟུང་སྔོན་མས་ལྷག་རྣམས་བསྒྱུར། ཆ་ཤས་བར། མཆན།༦༠ ༦ ༦༧།རང་རང་འཁོར་ལོས་དབྱུག་ལ་བསྒྲིལ། །༡༣༥འབྱུང་མེ་ཟླས་ཐོབ་ཡང་རྒྱུའི་དབྱུག །ལྷག་མ་༦༠མཁའ་རོས་བསྒྱུར་སྲང་བཅུག །༡༣༥འབྱུང་མེ་ཟླས་ཐོབ་ཡང་རྒྱུའི་སྲང་། །དེ་ལྷག་༦རོས་བསྒྱུར་དབུགས་བཅུག་པར། །༡༣༥འབྱུང་མེ་ཟླས་ཐོབ་ཡང་རྒྱུའི་དབུགས། །སླར་ལྷག་༦༧རི་རོས་བསྒྱུར་ཆ་བཅུག །༡༣༥འབྱུང་མེ་ཟླས་ཐོབ་ཆ་ཤས་ཏེ། །ལྷག་མེད་རྣམ་དག་༠ཐིག་ལེ་འཆར། །སྔ་ཕྱིར་སྣོན་འབྲི་གོང་ལྟར་བྱ། །ཚོགས་དེ་གཟའ་ཉིའི་ལོངས་སྤྱོད་ལ། །འཁོར་ཕྱེད་དོར་བསྣན་མ་དོར་ཕྲི། །དེ་ཡིས་གཟའ་ཉི་རྣམ་པར་དག །ཉི་དག་གཉིས་བཀོད་གཅིག་ལ་ནི། །༥༤མཚོ་དབང་ཚེས་བསྒྱུར་༦༠མཁའ་རོ་ཡིས། །རྙེད་པ་དང་བཅས་སྐར་དབྱུག་ལ། །སྟེར་རམ་ཡང་ན་རྟག་ལོངས་འདི། །བྱིན་ལ་རང་འཁོར་བསྒྲིལ་བའི་ལྷག །ཚེས་འཁྱུད་ཟླ་སྐར་དག་པའོ། །དེ་ལ་གཟའ་དབྱུག་མན་ཆད་ཀྱིས། །སྦྱངས་ལྷག་ཚེས་འཕྲོག་རྣམ་པར་དག །དེ་ལ་ཉི་མ་དག་པ་བསྲེ། །རང་འཁོར་བསྒྲིལ་ལྷག་སྦྱོར་བ་དག །ཚེས་གྲངས་༢མིག་བསྒྱུར་ཟླ་བས་དམན། །༧རིས་དོར་ལྷག་དེ་ཕྱི་ཕྱེད་ཡིན། །སྔ་ཆའི་བྱེད་པ་ཤུགས་ལས་རྟོགས། །དེ་ཡིས་ཡན་ལག་ལྔ་བསྡུས་གྲུབ། །རྩ་རྒྱུད་རྗེས་འབྲང་གྲུབ་རྩིས་ཀྱི། །ལྔ་བསྡུས་ལག་ལེན་ཉུང་ངུར་བྲིས། །རྒྱས་པར་གཞན་དང་གཞན་རྣམས་ནས། །བརྟགས་ཏེ་བློ་ལ་འབྱོར་ངེས་བྱ། །རྒྱུད་དོན་ལེགས་བཤད་འདོད་དགུའི་བང་མཛོད་ནས། །རྣམ་མང་སྐར་རྩིས་རིན་ཆེན་གཏེར་བརྡོལ་ཚེ། །རྣམ་དག་གྲུབ་རྩིས་ཤེལ་དཀར་ཕྲེང་བ་འདི། །ཉུང་གསལ་ཚིག་གི་སྲད་བུར་བསྒྱུས་ནས་སྤེལ། །དཔལ་མཆོག་དང་པོའི་སངས་རྒྱས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་རྣམ་པར་དག་པ་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་ཀྱི་རི་མོས་གཏན་ལ་འབེབས་པའི་མན་ངག་བློ་དམན་ཉེར་འཚོ་ཞེས་བྱ་བ་ལས། རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པའི་རྗེས་སུ་འབྲངས་བ་རང་ཅག་ནང་པ་སངས་རྒྱས་ཀྱི་ལུགས་བཟང་རྣམ་པར་དག་པའི་ཁྱད་ཆོས་རྣམ་དག་གྲུབ་པའི་མཐའི་ཡན་ལག་ལྔ་བསྡུས་མདོ་ཙམ་བརྗོད་པའི་སྐབས་ཏེ་གཉིས་པའོ།།

སྐབས་གསུམ་པ།

༈ རྒྱལ་ཀུན་མཁྱེན་གཉིས་ཕྱོགས་ཀྱི་འཁོར་ལོ་ལས། །མ་འདྲེས་མཚན་དཔེ་བཀྲ་བ་དབང་པོའི་གཞུ། །བློ་ལྡན་ཀུན་གྱི་མིག་གི་གསོས་གྱུར་པ། །འཇམ་པའི་དཔལ་དེར་འདུད་དོ་རྣམ་དཔྱོད་སྩོལ། །རྒྱལ་བའི་ལུང་བཞིན་འཇམ་དབྱངས་ཀྱིས། །ཀ་ལཱ་པ་རུ་ལེགས་བཏུས་པ། །བསྡུས་རྒྱུད་རྩ་འགྲེལ་དགོངས་པའི་དོན། །ཉུང་ངུ་བྱེད་པའི་ལྔ་བསྡུས་སྤྲོ། །དེ་ཡང་༡༥རབ་ཚེས་སྒྱུར་བྱེད་སོགས། །འདས་ལོ་༡༢ཉིས་བསྒྱུར་ནག་པ་སོགས། །འདས་ཟླ་བསྲེས་ལ་གནས་གཉིས་བཞག །འོག་མ་༢མིག་བསྒྱུར་༣༧རི་རྩེས་བརྒྱན། །༦༥མདའ་རོས་རྙེད་ཕུལ་ཚེས་ཟླ་དག །འོག་མ་ཟླ་བཤོལ་ལོངས་མཚམས་དང་། །དུས་གཟེར་བརྟགས་ཕྱིར་འདིར་ཡང་བཟུང་། །ཟླ་དག་གནས་གསུམ་རིམ་པ་བཞིན། །༡བསེ་རུ་༣༡ཟླ་མེ་༥༠མཁའ་མདས་བསྒྱུར། །༢བགྲོད་པ་༤རིག་བྱེད་༥༠མཁའ་དབང་བསྲེ། །༦༠ཐིག་མཚམས་༦༠སྟོང་དུས་༧དྲང་སྲོང་གིས། །བསྒྲིལ་ལྷག་གཟའ་ཡི་དྷྲུ་བ་ཀ །ཟླ་དག་སྟེང་༢མིག་འོག་༡ཟླས་སྤེལ། ༢ ༡།སྟེང་ནས་༡༩བུག་གཟུགས་༢༣མེ་མིག་བསྣན། ༡༩ ༢༣།འོག་ནས་༡༢༦དུས་ཁྱིམ་༢༨ནོར་མིག་གིས། ༢༨ ༡༢༦།བསྒྲིལ་ལྷག་རིལ་པོ་ཆ་ཤས་དག །ཟླ་དག་གནས་ལྔ་སྟེང་རིམ་བཞིན། །༢མིག་༡༠ཕྱོགས་༥༨ཀླུ་དབང་༢ཟུང་༡༠ཕྱོགས་བསྒྱུར། ༢ ༡༠ ༥༨ ༢ ༡༠།༣རྩེས་བརྒྱན་༡༣འདོད་༦རོ་༦༠མཁའ་དུས་དང་། ༢༧ ༦༠ ༦༠ ༦ ༡༣།༦༠ཐིག་མཚམས་༢༧སྐར་དོར་ཉི་དྷྲུའོ། །སྔ་དྷྲུར་རང་རང་བསྒྱུར་བྱེད་བྱིན། །ཕྱི་དྷྲུ་ཚེག་མེད་རིམ་བཞིན་འཆར། །ཉིན་རེས་རྩིས་ལ་འཇུག་པའི་ཕྱིར། །གཟའ་ཉིའི་དྷྲུ་བར་རྟག་ལོངས་འདི། །བསྲེས་པས་གཟའ་ཉི་བར་བ་འགྲུབ། །རིལ་པོར་ཚེས་བསྲེས་༡༤ཆུ་ཟླས་བགོ། །༢༤༠ནོར་མཉམ་༡༣མི་མཉམ་མཚན་མ་བཀོད། །ལྷག་དེས་གོང་བཞིན་ཟླ་རྐང་བཟུང་། །རྐང་སྡོམ་ཆུ་ཚོད་གནས་སུ་བཀོད། །རྐང་བཟུང་སྔོན་མས་ཆ་ཤས་བསྒྱུར། །༡༢༦དུས་ཁྱིམ་ཐོབ་པ་ཡང་དག་ཏུ། །བགོས་ལྷག་༦༠མཁའ་རོས་བསྒྱུར་༡༢༦ཐོབ་སྲང་། །དེ་ལྷག་༦དུས་ཀྱི་བསྒྱུར་༡༢༦ནོར་དབུགས། །ཡང་ལྷག་༡༣འདོད་པས་བསྒྱུར་༡༢༦ཐོབ་ཆ། །ལྷག་མ་དག་པའི་ངེས་པ་མེད། །ཡང་རྒྱུའི་ཆུ་ཚོད་རྗེས་འབྲང་བཅས། །སྔ་རྐང་བསྣན་ལ་ཕྱི་རྐང་ཕྲི། །དེ་རྣམས་གཟའ་བར་ལོངས་སྤྱོད་ལ། །ནོར་མཉམ་བསྣན་ལ་མི་མཉམ་སྦྱངས། །དེ་ཡིས་གཟའ་ཕྱེད་དག་པར་འགྱུར། །ཉི་བར་གཉིས་བཀོད་གཅིག་ལ་ནི། །སྐར་༦དྲུག་དབྱུག་གུར་༤༥མདའ་མཚོས་ཕྲི། །ཕྲི་ལྷག་འཁོར་ཕྱེད་༡༣ ༣༠ལྡང་ན་དོར། །༚༝དོར་དང་༝མ་དོར་མཚན་མ་བཀོད། །དོར་ལྷག་སྐར་མ་༦༠མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་༡༣༥མདའ་ཡོན་ཟླས། །བགོས་ཐོབ་ནོར་དེས་ཉི་རྐང་བཟུང་། །སྐང་སྡོམ་དབྱུག་གུའི་གནས་སུ་བཞག །རྐང་བཟུང་མདུན་མས་ལྷག་རྣམས་བསྒྱུར། ༦༠ ༦ ༡༣།སོ་སོའི་འཁོར་ལོས་དབྱུག་ལ་བསྒྲིལ། །༡༣༥འབྱུང་མེ་ཟླས་ཐོབ་ཡང་རྒྱུའི་དབྱུག །ལྷག་༦༠མཁའ་རོས་བསྒྱུར་བསྲེ་༡༣༥ཐོབ་སྲང་། །དེ་ལྷག་༦དུས་བསྒྱུར་བསྲེས་༡༣༥ཐོབ་ཆ། །སླར་ལྷག་༡༣འདོད་བསྒྱུར་བསྲེས་༡༣༥ཐོབ་ཆ། །ལྷག་མ་གང་ལུས་དོར་བས་ཆོག །ཡང་ན་རྐང་ལོངས་ལྷག་མ་གཉིས། །རིམ་བཞིན་༡༥ཚེས་དང་༡༨སྐྱོན་གྱིས་བསྒྲིལ། །རྙེད་པ་དོར་བས་ལྷག་མེད་འཆར། །སྔ་ཕྱིར་བསྲེ་དམན་གོང་ལྟར་བྱ། །དེ་རྣམས་གཟའ་ཉིའི་ལོངས་སྤྱོད་ལ། །འཁོར་ཕྱེད་དོར་བསྣན་མ་དོར་ཕྲི། །གཟའ་དང་ཉི་མ་དག་པ་ཡིན། །ཉི་དག་གཉིས་བཀོད་ཅིག་ཤོས་ལ། །ཟླ་བའི་ཐུན་མིན་རྟག་ལོངས་བྱིན། །ཚེས་འཁྱུད་ཟླ་བའི་སྐར་མ་དག །དེ་ལ་གཟའ་དག་ལོངས་སྤྱོད་ཀྱིས། །ཕྲི་ལྷག་རེས་འགྲོགས་ཟླ་སྐར་ཡིན། །དེ་དང་ཉི་དག་གནས་རྣམས་བསྲེ། །རང་འཁོར་བསྒྲིལ་ལྷག་སྦྱོར་བ་གྲུབ། །ཚེས་གྲངས་༢ཟུང་བསྒྱུར་༡ཟླ་བས་དམན། །༧ཐུབ་པས་དོར་བའི་ལྷག་མ་དེར། །ཕྱི་ཆའི་བྱེད་པ་ཞེས་སུ་གྲགས། །སྔ་ཆའི་བྱེད་པ་ཤུགས་ལས་རྟོགས། །དེ་ཡིས་བྱེད་པའི་ལྔ་བསྡུས་གྲུབ། །ཕུག་པའི་ལུགས་སུ་ཡོངས་གྲགས་པ། །རྒྱ་མཚོའི་མཚན་ཅན་རྣམ་གསུམ་གྱི། །ཕྱག་བཞེས་ཉུང་ངུ་བྱེད་པའི་རྩིས། །མ་ནོར་ཉུང་གསལ་འཇུག་བདེར་བསྡུས། །བསྡུས་རྒྱུད་དོན་འགྲེལ་དཔག་བསམ་ཡལ་ག་ནས། །མཁས་མང་བཞེད་གཞུང་འདབ་སྟོང་འཛུམ་པ་ལས། །གནད་དོན་མ་འདྲེས་སྙིང་པོ་རོ་བརྒྱ་པ། །བློ་ལྡན་བསོད་ནམས་དཔལ་དུ་བླངས་ནས་སྤེལ། །དཔལ་མཆོག་དང་པོའི་སངས་རྒྱས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་རྣམ་པར་དག་པ་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་ཀྱི་རི་མོས་གཏན་ལ་འབེབས་པའི་མན་ངག་བློ་དམན་ཉེར་འཚོ་ཞེས་བྱ་བ་ལས། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་རྩ་འགྲེལ་གྱི་དགོངས་པའི་དོན་ཇི་བཞིན་མ་ནོར་བར་བཀྲལ་བ་ཉུང་ངུ་བྱེད་པའི་རྩིས་ཀྱི་ལྔ་བསྡུས་རི་མོའི་ཁྱད་པར་མདོ་ཙམ་བརྗོད་པ་བརྗོད་པའི་སྐབས་ཏེ་གསུམ་པའོ།།

སྐབས་བཞི་པ།

༈ གཞན་ཕན་བསིལ་རིར་མཁྱེན་གཉིས་རྩལ་རྫོགས་ཤིང་། །ལེགས་གསུང་ང་རོས་ལྟ་ངན་དྲུང་འབྱིན་པ། །ངག་གི་དབང་ཕྱུག་སྨྲ་བའི་སེང་གེ་ཡིས། །མི་འཇིགས་ཐོགས་མེད་སྤོབས་པ་སྩོལ་ཅིག་ཀྱཻ། །དགོངས་པ་ཅན་གྱི་སྐྱོན་བཏོན་ཕྱིར། །རྩ་བསྡུས་དགོངས་དོན་གཅིག་དྲིལ་ནས། །མཁས་དབང་གོང་མས་ཕྱག་བཞེས་ཚུལ། །མྱོང་རྩིས་རི་མོའི་ཁྱད་པར་སྤྲོ། །༡༥རབ་ཚེས་སྒྱུར་བྱེད་འདས་པའི་ལོ། །༡༢ཉིས་བསྒྱུར་༠ནག་སོགས་འདས་ཟླ་བསྲེ། །འོག་མ་༢མིག་འཁྱུད་༣༣རྩེ་ཡོན་བསྣན། །༦༥མདའ་རོས་རྙེད་ཕུལ་ཚེས་ཟླ་དག །སྟེང་༡ཟླ་འོག་མར་༢ཟུང་རིམ་བྱིན། ༡ ༢། རྗེས་མའི་ཟླ་དག་རྩིས་འཕྲོ་འཆར། །ཟླ་དག་གནས་དྲུག་སྟེང་རིམ་བཞིན། །༡བསེ་རུ་༣༡ཟླ་ཡོན་༥༠མཁའ་ཕུང་༠ཐིག ༡ ༣༡ ༥༠ ༠ ༤༥ ༣༤༥།༤༥མདའ་མཚོ་༣༤༥འབྱུང་མཚོ་མེས་བསྒྱུར་༢ལག །༢༢ཟུང་འཁྲིག་༥༤མཚོ་དབང་༡བསེ་རུ་༨ཀླུ། ༢ ༢༢ ༥༤ ༡ ༨ ༣༩།༣༩བུག་མེ་བྱིན་ལ་༧༠༧རི་མཁའ་རི། ༧ ༦༠ ༦༠ ༦ ༦༧ ༧༠༧།༦༧རི་རོ་༦དུས་དང་༦༠ཐིག་རོ་དང་། །༦༠མཁའ་རོ་༧རིས་དོར་གཟའ་དྷྲུའོ། །ཟླ་དག་སྟེ་༢མིག་འོག་༡གཟུགས་བསྒྱུར། ༢ ༡ ༡༩ ༩། རྩ་ཟླ་བུག་བྱིན་༡༢༦དུས་ཁྱིམ་དང་། ༢༨ ༡༢༦།༢༨ཀླུ་ཟུང་གིས་བསྒྲིལ་རིལ་ཆ་དག །གནས་ལྔ་༢མིག་༡༠ཕྱོགས་༥༨ཀླུ་དབང་༢ལག ༢ ༡༠ ༥༨ ༢ ༡༠།༡༠ཕྱོགས་ཀྱིས་རིམ་བསྒྱུར་༢༦དུས་མིག་དང་། །༤༠ཐིག་མཚོ་༢༡ཟླ་ཟུང་༣མེ་༣མེ་བྱིན། ༢༦ ༤༠ ༢༡ ༣ ༣།༡༣འདོད་༦རོ་༦༠མཁའ་རོ་༦༠ཐིག་མཚམས་དང་། ༢༧ ༦༠ ༦༠ ༦ ༡༣།༢༧རྒྱུ་སྐར་གྱིས་བསྒྲིལ་ཉི་དྷྲུའོ། །སྔ་དྷྲུར་རང་རང་སྒྱུར་བྱེད་བྱིན། །ཕྱི་མའི་དྷྲུ་བ་འཁྲུལ་མེད་རྟོགས། །གཟའ་དྷྲུར་༠ཐིག་ལེ་༥༩བུག་མདའ་༣མེ། ༠ ༥༩ ༣ ༣༦༥།༤མཚོ་༡གཟུགས་༣༦༥མདའ་རོ་མེ་ཉི་དྷྲུར། །༠ཐིག་༤མཚོ་༢༡ཟླ་མིག་༥དབང་༩བུག་རྣམས། ༠ ༤ ༢༡ ༥ ༩ །གང་བརྩིའི་ཚེས་བསྒྱུར་བསྣན་པའམ། །ཡང་ན་རྟག་ལོངས་རེའུ་མིག་འདི། །བྱིན་པས་གཟའ་ཉི་བར་བ་གྲུབ། །རིལ་པོར་ཚེས་བསྲེས་ཡིད་ཀྱིས་བགོ། །རྙེད་པ་མཉམ་དང་མི་མཉམ་འབྲི། །ལྷག་མས་ཟླ་རྐང་སྔར་བཞིན་བཟུང་། །འཛིན་བྱེད་དོར་ལ་རྐང་སྡོམ་བཀོད། །གདོང་མས་ཆ་བསྒྱུར་༡༢༦དུས་ཉིས་བགོ། །ཐོབ་པ་ཡང་རྒྱུ་ལྷག་རིམ་བཞིན། །༦༠མཁའ་རོ་༦དུས་དང་༦༧རི་རོས་བསྒྱུར། །༡༢༦དུས་ཉིས་རིམ་ཐོབ་སྲང་དབུགས་ཆ། །སྡོམ་ལ་ཡང་རྒྱུའི་ཆུ་ཚོད་སོགས། །སྔ་རྐང་བསྣན་ལ་ཕྱི་རྐང་ཕྲི། །རྐང་ལོངས་ཡིན་ཏེ་གཟའ་བར་གྱི། །ཆུ་ཚོད་མན་ལ་ནོར་མཉམ་བསྣན། །མི་མཉམ་ཕྲི་བས་གཟའ་ཕྱེད་དག །ཉི་བར་གཉིས་ལས་ཅིག་ཤོས་ལ། ༦ ༤༥།སྐར་༦མཚམས་དབྱུག་གུར་༤༥མདའ་མཚོས་ཕྲི། །མ་ལོངས་སྐར་འཁོར་༢༧བསྣན་ལ་དོར། །དེ་ལྷག་འཁོར་ཕྱེད་༡༣ ༣༠ལྡང་ན་དོར། །མཚན་མ་མ་ནོར་ཟུར་དུ་བཀོད། །དོར་ལྷག་སྐར་མ་༦༠ཐིག་མཚམས་ཀྱིས། །སྤེལ་ལ་དབྱུག་ཕུལ་༡༣༥མདའ་ཡོན་ཟླས། །རྙེད་པས་ཉི་རྐང་གོང་ལྟར་བཟུང་། །སྡོམ་བཀོད་གདོང་མས་ལྷག་ཀུན་བསྒྱུར། ༦༠ ༦ ༦༧།རང་རང་འཁོར་ལོས་དབྱུག་ལ་བྱིན། །༡༣༥མདའ་ཡོན་ཟླས་རྙེད་ཡང་རྒྱུའི་དབུགས། །ལྷག་རིམ་༦༠སྲང་༦དབུགས་༦༧ཆ་འཁོར་གསིལ། །འོག་གི་སྲང་དབུགས་ཆ་རིམ་བསྣན། །༡༣༥མདའ་ཡོན་ཟླས་རྙེད་སྲང་དབུགས་ཆ། །ཚོགས་དེ་གཟའ་ཉིའི་དབྱུག་མན་ལ། །འཁོར་ཕྱེད་དོར་བྱིན་མ་དོར་འཕྲོག །དེ་ཡིས་གཟའ་དང་ཉི་མ་དག །ཉི་དག་གཉིས་བྲི་ཕྱོགས་གཅིག་ལ། །ཐུན་མིན་རེའུ་མིག་བསྣན་ཚེས་འཁྱུད། །གཟའ་ལོངས་ཀྱིས་སྦྱངས་རེས་འགྲོགས་དག །ཉི་ཟླ་བསྲེས་བསྒྲིལ་སྦྱོར་བ་གྲུབ། །ཚེས་གྲངས་༢མིག་བསྒྱུར་༡གཟུགས་ཕྲི་༧རིས། །དོར་ལྷག་ཕྱི་ཆའི་བྱེད་པ་སྟེ། །བྱེད་གྲུབ་ཟུང་འབྲེལ་ལྔ་བསྡུས་གྲུབ། །གྲུབ་པར་གཟའ་དང་བྱེད་པ་ཡི། །སྐར་མ་དག་པ་ལ་དགོངས་ནས། །གཉིས་ཀ་ཟུང་དུ་འབྲེལ་བའི་རྩིས། །ལག་ལེན་ཉུང་གསལ་གོ་བདེར་ལྟོས། །རྒྱུད་རྒྱལ་དགོངས་ཟབ་ཡོངས་འདུས་འཁྲི་ཤིང་ནས། །ཞལ་ལུང་ཟབ་བརྒྱའི་ཡལ་འདབ་གྱེས་པ་ལས། །སྔོན་མེད་ལེགས་བཤད་འབྲས་བཟང་ཆེར་དུད་པ། །བློ་གསལ་སྐྱེས་བུའི་དགའ་སྟོན་རྨད་དུ་བྱུང་། ། དཔལ་མཆོག་དང་པོའི་སངས་རྒྱས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་རྣམ་པར་དག་པ་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་ཀྱི་རི་མོས་གཏན་ལ་འབེབས་པའི་མན་ངག་བློ་དམན་ཉེར་འཚོ་ཞེས་བྱ་བ་ལས། མྱོང་རྩིས་ཞལ་རྒྱུན་དག་པ་བྱེད་གྲུབ་དགོངས་པ་གཅིག་དྲིལ་གྱི་ཡན་ལག་ལྔ་ཕྱོགས་ཙམ་བརྗོད་པའི་སྐབས་ཏེ་བཞི་པའོ།།

སྐབས་ལྔ་པ།

༈ རིགས་ཅན་གདུལ་བྱའི་སྒྲ་འཛིན་ཞིང་ས་ལ། །གང་གསུང་བདུད་རྩིའི་ཆ་ཤས་ལྷུང་བས་ཀྱང་། །བློ་གྲོས་སྙེ་མ་གཡུར་མཛད་འཇམ་དཔལ་དབྱངས། །ཡིན་པར་ཤེས་ནས་ལག་པའི་པདྨོ་ཟུམ། །ཕྱོགས་ཞག་ཟླ་བའི་སྒྲ་གཅན་གྱི། །རྩ་གདོང་མཇུག་གསུམ་ངེས་པ་དང་། །ཟླ་ཉིར་སྒྲ་གཅན་འཇུག་པའི་ཚུལ། །ཉུང་ངུ་རྣམ་གསལ་ལུང་བཞིན་འབྲི། །རབ་ཚེས་སྒྱུར་བྱེད་འདས་པའི་ལོར། །བྱས་པའི་ཟླ་དག་༧༡གཟུགས་རིས་བརྒྱན། །ངེས་པ་གསུམ་པོ་གང་འདོད་ཀྱི། །གཞིར་བཀོད་དང་པོ་ཕྱོགས་ཀྱི་ཆེད། །༢ཟུང་བསྒྱུར་ཉར་༡གཟུགས་སྟོང་༢མིག་བྱིན། །༤༦༠མཁའ་རོ་ཆུ་ཡིས་ཐོབ་པ་དོར། །ལྷག་མ་རིམ་བཞིན་༢༧འཁོར་ལོ་དང་། །༦༠མཁའ་རོ་༦༠ཐིག་མཚམས་༦དུས་༢༣མེ་མིག །རིམ་བསྒྱུར་༤༦༠མཁའ་དུས་ཆུས་རྙེད་པ། །སྟེང་རིམ་བཀོད་པ་རྩ་བ་སྟེ། །དེ་ཡིས་༢༧འཁོར་ལོར་རིམ་ཕྲི་གདོང་། །འཁོར་ཕྱེད་༡༣ ༣༠སྟེར་རམ་དམན་པ་འཇུག །ཟླ་བ་ཕྱེད་པའི་སྒྲ་གཅན་དག །ཡང་ན་སྒྱུར་བྱེད་ཟླ་དག་ལ། །༧༡གཟུགས་རི་བྱིན་ལ་༢༣༠མཁའ་མེ་མཚེས། །དོར་ལྷག་༣༠མཁའ་མེས་བསྒྱུར་བ་ལ། །ཉར་༡༥ཚེས་སྟོང་ལ་༣༠ཐིག་རྩེ་བསྣན། །གནས་ལྔ་སྟེང་རིམ་༠མཁའ་༠ཐིག་༡༤ཡིད། །༠ ༠ ༡༤ ༠ ༡༢།༠མཁའ་༡༢ཉིས་བསྒྲེས་ལ་རང་འཁོར་གྱིས། །༢༧ ༦༠ ༦༠ ༦ ༢༣།བསྒྲིལ་ལྷག་རྩ་བ་རྣམ་པར་དག །གདོང་མཇུག་གཉིས་པོ་སྔར་ལྟར་བྱ། །གཉིས་པ་གཞི་དེ་༣༠མཁའ་མེས་སྤེལ། །ཚེས་བསྲེ་༦༩༠༠མཁའ་ཐིག་བུག་རོས་དོར། །ལྷག་མ་༢༧སྐར་མས་བསྒྱུར་བ་སོགས། །༦༩༠༠མཁའ་ཐིག་བུག་རོས་རྙེད་པ་བརྩེགས། །ཡང་ན་ཟླ་དག་༣༠མཁའ་མེས་བསྒྱུར། །གང་བརྩིའི་ཚེས་བྱིན་སླར་ཡང་དེར། །༢༡༠༠མཁའ་མེ་ཟླ་ཟུང་མ་ནོར་བྱིན། །༦༩༠༠མཁའ་ཐིག་བུག་རོས་རྙེད་དོར་ལྷག །གོང་ལྟར་བྱས་པས་རྩ་བ་རྟོགས། །གཉིས་ཀར་གདོང་མཇུག་སྔར་བཞིན་བསྒྲུབ། །ཚེས་ཞག་གང་འཕོ་ངེས་པར་རྟོགས། །གསུམ་པ་༢༣༠མཁའ་མེ་ལག་པས་དོར། །༢༧སྐར་མས་བསྒྱུར་སོགས་འདྲ་བར་བྱ། །༢༣༠མཁའ་མེ་ལག་པས་རྙེད་པ་བརྩེགས། །དེས་ནི་ཟླ་བའི་སྒྲ་གཅན་རྟོགས། །དེ་རྣམས་དབུགས་ལྷག་༢༣མེ་མིག་གིས། །བསྒྱུར་ཐོབ་ཆར་བཀོད་རི་མོའི་ཁྱད། །གཞན་ཡང་ངེས་པ་གང་འདོད་ཀྱི། །དཀྱིལ་འཁོར་སོ་སོར་དོར་བའི་བར། །སྔོན་བཞིན་བྱས་ལྷག་གང་ཡིན་ཏེ། །༨༡གཟུགས་ཀླུས་བསྒྱུར་ལ་༢༣མེ་མིག་གིས། །ནོར་དེ་༦༠མཁའ་རོས་བགོས་ཐོབ་པ། །སྐར་མ་དེ་ལྷག་ཆུ་ཚོད་ཡིན། །འོག་གི་ལྷག་མ་༦༠མཁའ་རོས་བསྒྱུར། །༢༣མེ་མིག་རྙེད་སྲང་ལྷག་༦རོས་སྤེལ། །༢༣ནོར་དབུགས་ལྷག་ཆ་རྩ་བ་སྟེ། །གདོང་མཇུག་གོང་ལྟར་བྱས་པས་འགྲུབ། །དབྱུག་༣མེ་༣༡ཟླ་ཡོན་སྲང་དབུགས་༡གཟུགས། ༠ ༣ ༣༡ ༡ ༡༩།༡༩བུག་གཟུགས་ཆར་བཀོད་ཕྱོགས་ལོངས་ཏེ། །སྲང་ཆར་༡༤ཡིད་ཁྱིམ་༡༢ཞག་ལོངས་ཡིན། ༠ ༠ ༡༤ ༠ ༡༢།དབྱུག་༧རི་སྲང་༢ཟུང་དབུགས་༣ཡོན་ཏན། །ཆ་ཤས་༡༥ཚེས་རྣམས་ཟླ་ལོངས་ཏེ། ༠ ༧ ༢ ༣ ༡༥།སོ་སོར་རྟག་ལོངས་བུལ་བར་བྱིན། །གདོང་མཇུག་ལ་ཕྲི་ཕྱི་མར་ངེས། །ཟླ་ཉིར་སྒྲ་གཅན་འཇུག་ཚུལ་གྱི། །ངེས་པ་དཀར་ནག་ཚིག་མཚམས་སུ། །ཟླ་བ་སྔར་བཟུང་ཟླ་དྲུག་དང་། །ཉི་མར་བཅུ་གཉིས་འདས་མཐར་བརྟགས། །གསུངས་ཀྱང་མཐའ་གཅིག་མ་ངེས་པར། །མྱོང་གྲུབ་སྔ་ཕྱི་གཉིས་ལའང་བརྟགས། །དེ་ཡང་སྒྲ་གཅན་སྐར་གནས་༠ཐིག །ཆུ་ཚོད་༣༡གཟུགས་མེ་སྲང་༤༡ཟླ་མཚོ། །དབུགས་༤ཆུ་ཆ་ཤས་༡༠མཁའ་ཟླ་རྣམས། ༠ ༣༡ ༤༡ ༤ ༡༠།རྩ་བར་བྱིན་ཞིང་གདོང་མཇུག་ཕྲི། །ནམ་ཡང་བསླུ་མེད་བརྟགས་པའི་གཟེར། །དེ་དང་ཟླ་ཉིའི་ལོངས་སྤྱོད་དག །གང་ཉེ་དེར་བསྟུན་བརྟགས་པ་གནད། །ཟླ་འཛིན་བརྟགས་ཕྱིར་གདོང་མཇུག་དང་། །གྲུབ་མཐའི་བཅོ་ལྔའི་ཚེས་འཁྱུད་དག །གང་ཉེར་ཉུང་གིས་མང་སྦྱངས་ལྷག །སྐར་༠སྟོང་ཆུ་ཚོད་༥༠མཁའ་དབང་མན། ༠ ༥༠།ཤར་ཚེ་ངེས་པར་འཛིན་པ་ཡིན། །སྦྱང་ལྷག་ཆུ་ཚོད་༥མདའ་ཡིས་བགོས། །ནོར་གྱི་རེའུ་མིག་འདི་བཟུང་བས། །སྒྲིབ་ཡུན་འཛིན་ཆ་འཁྲུལ་མེད་ཤེས། །ཕྱོགས་ནི་ཟླ་གདོང་དུས་མེས་ཟླར། །སྦྱངས་ཚེ་ནམ་ཕྱེད་དབང་ལྡན་དང་། །ནམ་སྟོད་བྱང་ཉེ་ནམ་སྨད་ལ། །དབང་ལྡན་ཤར་ཉེའི་ཕྱོགས་ནས་འཛིན། །གདོང་ཟླ་ཟླ་བས་མཇུག་སྦྱངས་ཚེ། །ནམ་ཕྱེད་ཤར་ལྷོ་སྲོད་ཤར་ཉེ། །ཐོ་རངས་ཤར་ལྷོ་ཤར་ཉེ་ནས། །མཉམ་ན་ནམ་ཕྱེད་ཤར་དྲང་པོ། །སྲོད་ལ་དབང་ལྡན་ཐོ་རེངས་ལ། །ཤར་ལྷོར་ཉེ་བའི་ཤར་ནས་འཛིན། །དུས་ནི་ཚེས་གཟའི་ལོངས་སྤྱོད་གྲངས། །ཟད་ཚེ་ཚེས་འཕོ་ཟླ་ཉི་འཛིན། །ཁྱད་པར་ཚེས་ལོངས་སྔ་མ་དེས། །༦༠མཁའ་རོར་བསྒྲིལ་ལྷག་ད་ལྟ་བར། །བསྲེས་པའི་ཆུ་ཚད་༦༤མཚོ་དུས་ནས། །༥༤མཚོ་དབང་བར་ཤར་གཟའ་ལོངས་ལ། །རེའུ་མིག་འདི་ཕྱིན་ཟད་ཚེ་འཛིན། །ཁ་ཏོག་རིལ་འཛིན་གདོང་དམར་ནག །མཇུག་དམར་ཡང་ན་དམར་སྐྱ་དང་། །འཛིན་ཆ་ཆུང་ན་ནག་པོར་སྣང་། །མགོ་ལག་སྟེང་བཟུང་ནམ་མཁའི་མདོག །དེ་སོགས་ཞིབ་མོར་བརྟགས་ལ་སྨྲ། །ཉི་འཛིན་གྲུབ་མཐའི་གནམ་སྟོང་གི། །ཉི་དག་གཅིག་དང་བུལ་བ་བསྲེ། །གཅིག་དང་གདོང་མཇུག་གང་ཉེ་བ། །ཉུང་གིས་མང་སྦྱངས་ལྷག་མར་བརྟགས། །གདོང་གིས་ཉི་སྦྱང་སྐར་གནས་༠ཐིག ༠ ༥༠།ཆུ་ཚོད་༥༠མཁའ་དབང་མན་ཤར་འཛིན། །ཉི་མས་གདོང་སྦྱངས་དབྱུག་༥མདའ་མན། ༠ ༥།ཟེར་ཡང་གོ་ལོག་འཛིན་མི་སྲིད། །མཇུག་མས་ཉི་སྦྱངས་སྐར་༠ཐིག་དབྱུག ༠ ༨།༨ཀླུ་མན་གོ་ལོག་ཡིན་ཀྱང་འཛིན། །ཉི་མས་མཇུག་སྦྱངས་སྐར་༠མཁའ་དབྱུག ༠ ༤༠།༤༠མཁའ་ཆུ་མན་ཤར་ངེས་པར་འཛིན། །སྔར་གྱི་ཉི་བུལ་བསྲེས་པ་དེར། །སྦྱངས་ལྷག་གདོང་ཕྲི་མཇུག་མར་བསྣན། །རང་འཁོར་བསྒྲིལ་ལ་༡༣ ༣༠འཁོར་ཕྱེད་དོར། གནས་ཀུན་སྟོང་ན་ངེས་ཀྱང་ཟེར། །མྱོང་རྩིས་བསྒྲོད་གཉིས་མཐར་ཉེ་ཚེ། །འཆར་ཀ་ནུབ་ཀར་ཉེ་བ་དང་། །དཔྱིད་མཉམ་ཕྱེད་གོང་སྟོན་ཕྱེད་འོག །འཛིན་པའི་རི་མོ་ཤར་ན་ངེས། །བར་རྣམས་དེར་བརྟགས་རིགས་པས་འཕྲུལ། །སྦྱངས་ལྷག་དབྱུག་གུའི་རེའུ་མིག་འདི། །སོ་སོར་སྔ་ཕྱི་བསྟུན་ནས་བཟུང་། །འཛིན་ཆ་སྒྲིབ་ཡུན་རག་པ་ཤེས། །ཕྱོགས་ནི་ཉི་མར་གདོང་མཇུག་གིས། །སྦྱངས་ཚེ་ཉིན་ཕྱེད་ལྷོ་ནུབ་དང་། །སྔ་དྲོར་ལྷོར་ཉེ་ཕྱི་དྲོ་ལ། །ནུབ་ཉེ་ནས་འཛིན་ཉི་མས་མཇུག །སྦྱངས་ཚེ་ཉིན་ཕྱེད་ནུབ་བྱང་དང་། །སྔ་དྲོ་བྱང་ཉེ་ཕྱི་དྲོའི་དུས། །ནུབ་ལ་ཉེ་བའི་ཕྱོགས་ནས་འཛིན། །ཁ་ཏོག་མཇུག་དམར་གདོང་དམར་ནག །དུམ་འཛིན་སྔོ་ནག་ཕྱེད་དམར་ནག །རིལ་འཛིན་དམར་ནག་མགོ་ལག་སྟེང་། །ནམ་མཁའི་མདོག་ཏུ་སྣང་ཞེས་གསུངས། །དུས་ནི་ཚེས་ལོངས་ཟད་ཚེ་འཛིན། །ཞིབ་མོར་ཟླ་འཛིན་སྐབས་བཞིན་བརྟགས། །གཉིས་ཀ་བྱེད་པ་ལ་ཡང་བསྟུན། །ཆད་ལྷག་ཉིན་མཚན་རིང་ཐུང་ཚད། །ཤར་ནུབ་རི་བོའི་མཐོ་དམའ་སོགས། །སྒྲིམ་པོའི་བློ་ཡིས་བརྟགས་པ་གནད། །ཉ་སྟོང་ཆད་དུས་མི་འཛིན་ཞེས། །སྨྲ་ཡང་འཛིན་པ་མྱོང་བས་གྲུབ། །རབ་ཡིད་ཉི་མའི་ཟླ་ཚེས་ནུབ། །ཟླ་འཛིན་བྱུང་འདྲ་འགའ་མ་གཏོགས། །ཆོ་ག་འདི་ཡིས་འཁྲུལ་མེད་རྟོགས། །དེ་ཕྱིར་འདི་ཉིད་ཉེར་མཁོར་སྤེལ། །གོང་མའི་བཞེད་སྲོལ་ཤེལ་དཀར་མེ་ལོང་ལ། །རྣམ་དཔྱོད་དར་གྱིས་བྱི་དོར་ལེགས་བགྱིས་ནས། །རིགས་མཐུན་འགའ་ལ་ཕན་པའི་བློ་ཡིས་བྱིན། །གནས་ཚུལ་ཇི་བཞིན་གསལ་ལོ་དགའ་བར་གྱིས། ། དཔལ་མཆོག་དང་པོའི་སངས་རྒྱས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་རྣམ་པར་དག་པ་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་ཀྱི་རི་མོས་གཏན་ལ་འབེབས་པའི་མན་ངག་བློ་དམན་ཉེར་འཚོ་ཞེས་བྱ་བ་ལས། ཕྱོགས་ཞག་ཟླ་བའི་སྒྲ་གཅན་གྱི་ངེས་པ་ཟླ་ཉིར་སྒྲ་གཅན་འཇུག་ཚུལ་བཅས་བསྲེ་བསླད་མེད་པར་གོང་མའི་གསུང་བཞིན་ཉུང་ངུར་བརྗོད་པའི་སྐབས་ཏེ་ལྔ་པའོ།།

སྐབས་དྲུག་པ།

༈ གང་གི་མཚན་མཆོག་དབྱར་སྐྱེས་རོལ་མོའི་སྒྲ། །སྐལ་བཟང་སྒྲ་འཛིན་དཔལ་དུ་སོན་པས་ཀྱང་། །དཔག་མེད་བློ་གྲོས་སྤོབས་པ་རྒྱས་མཛད་པ། །བླ་མ་འཇམ་པའི་དབྱངས་ཀྱིས་བདག་བློ་སྤེལ། །ཡན་ལག་ལྔ་བསྡུས་རྣམ་དག་པ། །བལྟས་ཆོག་རེའུ་མིག་ལ་བརྟེན་ནས། །ཚེག་མེད་རྟོགས་ཕྱིར་མྱུར་བའི་རྩིས། །ཉེར་མཁོ་ལུང་བཞིན་འགོད་ལ་སྤྲོ། །བྱེད་གྲུབ་གང་འདོད་༣ནག་ཟླའམ། །ཟླ་བཤོལ་བྱུང་རྗེས་དབོ་ཟླ་ཡི། །༦༠མདའ་རོའི་ལྷག་མ་༦དུས་ཀྱིས་བསྒྱུར། །༡༣འདོད་བགོས་ལྷག་བྱུང་ནོར་ལ་༡གཅིག །བྱིན་པས་རགས་ཟིན་ཚེས་གྲངས་སྟོན། །ཡང་ན་སྔ་ལོའི་ཚེས་གྲངས་ལ། །༡༡དྲག་བསྣན་རགས་ཟིན་ཚེས་གྲངས་འཆར། །ཉི་རགས་སྟོང་པའི་ཕྱི་ལོར་བཅུ་གཉིས་སྣོན་དགོས། མཆན། བྱེད་གྲུབ་སོ་སོའི་༣ནག་ཟླའམ། །བཤོལ་རྗེས་༢དབོ་ཟླའི་ཉི་དྷྲུ་ལ། །གང་ཟིན་ཚེས་དེའི་ཉི་ལོངས་ཉི་མའི་རྟགས། མཆན།བྱིན། ༢༧ ༦༠ ༤༡ ༤ ༢༦ ༣༧༨།རང་འཁོར་བསྒྲིལ་ལྷག་སྐར་༠ཐིག་དབྱུག །༠ ༤།༤མཚོ་ཚུན་ཤར་ཚེ་གཟའ་དྷྲུ་ལ། །ཉིན་དེའི་གཟའ་ལོངས་བསྲེ་འཁོར་བསྒྲིལ། ༧ ༦༠ ༦༠ ༦ ༧༠༧།ལོ་དེའི་གཟའ་ཉི་རགས་པ་འགྲུབ། །གཟའ་ཉིའི་ཆ་ཤས་ཤེད་སྙོམས་ཕྱིར། །གཟའ་ཆ་བསྒྱུར་བཀོད་དཀྱུས་བཞིན་བྱ། །སྔ་ལོའི་རགས་པ་རྣམ་དག་ལ། །བྱེད་པར་༡གཟུགས་༡༡དྲག་༤༠ཐིག་མཚོ་༢ལག། ༡ ༡༡ ༤༠ ༢ ༠།༠ཐིག་རྣམས་གཟར་བྱིན་ཉི་མ་ལ། །༠ ༠ ༡༧ ༠ ༢།༠མཁའ་༠ཐིག་༡༧རི་ཟླ་༠སྟོང་༢མིག་ཕྲི། །གྲུབ་པར་གཟའ་ཡི་རགས་པ་ལ། །༡གཟུགས་༡༡དྲག་༤༡ཟླ་མཚོ་༤ཆུ་༢༦དུས་མིག ༡ ༡༡ ༤༡ ༤ ༢༦ ༣༧༨།༣༧༨ཀླུ་གཟའ་མེ་བསྣན་ཉི་རགས་ནས། །༠མཁའ་༠མཁའ་༢༠སྟོང་མིག་༠ཐིག་༦༠མཁའ་རོ། ༠ ༠ ༢༠ ༠ ༦༠།ཕྲི་བས་ཕྱི་ལོའི་རགས་པ་འགྲུབ། །གཟའ་ཉི་མ་ལྡང་སོ་སོའི་ཚེས་གཅིག་གི་རྟག་ལོངས་བསྣན། །ཕྱི་ལོའི་གཟའ་ཉི་རགས་པ་འཆར། །ཉི་རགས་ཆུ་ཚོད་༦༠མཁའ་རོས་བསྒྱུར། །སྲང་བཅུག་༡༣༥མདའ་ཡོན་ཟླས་ཐོབ་སྲང་། །དེ་ལྷག་༦རོས་བསྒྱུར་བཅུག་རྙེད་༡༣༥ཆ། །གྲུབ་པར་ལྷག་མེད་བྱེད་ལྷག་བཅས། །སྐར་དབྱུག་གནས་སུ་༠ ༠ཐིག་ལེ་བཀོད། །ཚར་གསུམ་༡ཟླ་༤ཆུ་༦དུས་ཀྱིས་བསྒྱུར། །བྱེད་པོར་ཆ་ལྷག་༦༤ཆུ་རོས་སྤེལ། །༡༣༥མདའ་ཡོན་ཟླས་ཐོབ་འདོད་ཆར་བསྲེ། ༢༧ ༦༠ ༦༠ ༦ ༦༧།འཁོར་བསྒྲིལ་མི་ནོར་ཁ་བྱང་འབྲི། །༡༤༦ཟླ་ཆུ་དུས་ཀྱི་འབྲས་བུ་གྲུབ། །གཟའ་ཉི་རགས་པ་གནས་དྲུག་བཞག །ཁྱིམ་གྱི་ཁ་བྱང་གཉིས་རེ་བཀོད། །ལུག་དང་བུ་མོར་ཟླ་འབྲས་ཕྲི། །ཉ་སྲང་ལ་བྱིན་གླང་སེང་ལ། །ཆུ་འབྲས་དམན་ཞིང་བུམ་སྡིག་བརྒྱན། །འཁྲིག་ཀར་དུས་འབྲས་དབྲི་ཆུ་གཞུར། །བསྣན་པས་ཁྱིམ་དྲུག་སྤྱི་ནོར་འགྲུབ། །བྱེད་གྲུབ་གང་ཡིན་ཉི་དྷྲུ་ལ། །གང་བརྩིས་རྩིས་ཀྱི་རྟག་ལོངས་བྱིན། །དེ་ལ་ཉི་མ་རགས་པས་ཕྲི། །དེ་ཡིས་ཕྱེད་དག་རེའུ་མིག་བཟུང་། །རགས་ཟིན་ཚེས་ཚུན་ཉི་བར་ལ། །སྔ་ལོའི་རགས་པས་སྦྱངས་ཏེ་བཟུང་། །དེ་མཐུན་བར་འོག་གཟའ་ཉི་ལ། །ཁྱིམ་མཐུན་སྤྱི་ནོར་བྱིན་པ་ཡིས། །གཟའ་ཕྱེད་ཉི་མ་དག་པར་འགྱུར། །རགས་པ་ཟིན་ཡན་སྔ་ལོ་ཡི། །སྤྱི་ནོར་བྱིན་པས་གོང་ལྟར་གྲུབ། །རིལ་པོར་ཚེས་བྱིན་༡༤ཡིད་ཀྱིས་བགོ། །ནོར་གཅིག་ཞག་གྲངས་བཅུ་བཞི་རེས། །སྣོན་འབྲིད་མཚན་མར་མ་ནོར་བཀོད། །ལྷག་མས་རིལ་པོའི་འོག་གི་ཆ་ཤས་ཀྱིས། །ཟིན་པའི་ཆ་ཤས་རེའུ་མིག་བཟུང་། །ཕྱེད་དག་གཟའ་ཡི་ལོངས་སྤྱོད་ལ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །རེས་གཟའ་དག་འགྱུར་ཚེས་འཁྱུད་དང་། །སྐར་སྦྱོར་གཞུང་བསྟུན་བྱེད་པ་ནི། །རེའུ་མིག་བཞིན་དུ་བཀོད་པས་གྲུབ། །གཟའ་གཅིག་ལན་གཉིས་བྱུང་བ་ན། །ཆུ་ཚོད་མང་བའི་ཚེས་དེ་ཆད། །གཟའ་གཅིག་བར་སྟོང་བྱུང་བའི་ཚེ། །ཆུ་ཚོད་གང་ཉུང་ལྷག་པར་བཞེད། །ཡང་ན་སྔ་ལོའི་གཟའ་རགས་དང་། །ཉི་རགས་ཟླ་ཆུ་དུས་ཀྱི་འབྲས། །ཁྱིམ་དྲུག་སྤྱི་ནོར་དང་བཅས་ལ། །རེའུ་མིག་འདི་ཡིས་སོ་སོར་སྦྱངས། །མ་ལྡང་བསྣན་བྱ་བསྣན་ལ་སྦྱངས། །ལོ་དེའི་སྤྱི་ནོར་རྣམ་དག་འགྲུབ། །ཉི་རགས་སྟོང་ལོ་སྤྱི་ནོར་གཞན། །མེད་ཕྱིར་གཟའ་རགས་ཁོ་ནས་ཆོག །གཟའ་རགས་སྟོང་ལོ་གཟའ་༧འཁོར་ལ། །སྐྱེས་བུ་གསུམ་ཟླ་ཆུ་དུས་འབྲས་གྱིས་རིམ་ཕབ་བསྒྲུབ། །གཉིས་པོ་ལྷན་ཅིག་སྟོང་ཞུགས་ལོར། །སྤྱི་ནོར་མེད་ཕྱིར་ངལ་བ་སྤངས། །བྱེད་པར་༡༥ཚེས་སམ་༡༦མི་བདག་ལོའི། །མཇུག་ཏུ་ཉི་སྲང་༡༧རི་ཟླ་ལས། །ཉུང་ཚེ་སྟོང་པར་ཞུགས་ཅེས་བརྗོད། །གྲུབ་པར་༡༣མྱོས་བྱེད་ལོ་མཐར་སྟོང་། །རགས་གཉིས་སྟོང་ཞུགས་ཕྱི་ལོར་གཟའི། །སྤྱི་ནོར་སྔོན་མར་རེའུ་མིག་འདིས། །མ་ནོར་སྦྱངས་པས་རྣམ་དག་འགྲུབ། །བསྐལ་ལི་འཛིན་ཚུལ་འདས་པའི་ཟླ། །༣༠ཐིག་རྩེས་བསྒྱུར་ལ་ཚེས་གྲངས་བསྲེ། །ཉི་རགས་ཟིན་པའི་ཞག་གིས་ཕྲི། །མ་ལྡང་༣༠༡གཟུགས་རི་མེ་བསྣན་སྦྱངས། །ལྷག་མས་བསྐལ་ལིའི་བྱ་ར་བཟུང་། །བར་འོག་གཟའ་དང་ཉི་མ་ལ། །ཁྱིམ་མཐུན་སྤྱི་ནོར་བསྣན་བྱས་ལ། །རིལ་བོར་ཚེས་བསྲེས་བགོས་ནོར་དང་། །འོག་གི་ཆར་བསྟུན་ཆ་ཤས་ཀྱི། །རེའུ་མིག་སྐབས་དེའི་གཟའ་ལོངས་ལ། །བསྲེས་པས་གཟའ་དང་ཉི་མ་དག །ཟླ་སྐར་སྦྱོར་བྱེད་སྔར་ལྟར་བྱ། །དེ་ཡིས་མགྱོགས་རྩིས་ལྔ་བསྡུས་གྲུབ། །ཡང་ན་མྱུར་རྩིས་གནས་གཉིས་ནི། །གཟའ་ཉི་བར་པ་དཀྱུས་བཞིན་བྱ། །རིལ་པོར་ཚེས་བསྲེས་མ་ནུས་བགོ། །རྙེད་པ་མཉམ་དང་མི་མཉམ་བྲི། །ལྷག་མས་སྟེང་གི་བྱ་ར་བཟུང་། །ཆ་ཤས་གྲངས་ཡིག་དང་བསྟུན་ལ། །རྙེད་མཉམ་གཟའ་བར་ཆུ་ཚོད་ལ། །བསྣན་ཞིང་མི་མཉམ་སྦྱངས་ནས་སུ། །ཉི་བར་བྱ་ར་དང་བསྟུན་པའི། །རེའུ་མིག་གཟའ་ཉིའི་ལོངས་སྤྱོད་ལ། །ལྷོ་བསྒྲོད་ཕྲི་ཞིང་བྱང་བགྲོད་བྱིན། །དེ་ཡིས་གཟའ་དང་ཉི་མ་དག །ཟླ་སྐར་སྦྱོར་བྱེད་སྔར་ལྟར་བྱ། །དེས་ཀྱང་ལྔ་བསྡུས་ཕྱོགས་ཙམ་གྲུབ། །ཀུན་ཀྱང་གསར་བྱས་རང་བཟོ་མིན། །དམ་པའི་ལེགས་བཤད་ཁོ་ན་སྟེ། །དེ་ཕྱིར་བློ་ལྡན་གང་ཞིག་གིས། །ཕྱག་ལེན་མཛད་ཀྱང་ཐུགས་མི་ཁྲེལ། །རྒྱུད་རྒྱལ་དགོངས་དོན་ཡོངས་འདུས་འཁྲི་ཤིང་ལས། །མཁས་མང་གཞུང་ལུགས་ཡལ་འདབ་འབུམ་དཀྲིགས་ཤིང་། །དམ་པའི་མན་ངག་འབྲས་བུ་མང་གཡུར་ཚེ། །བློ་ཅན་སྐྱེས་བུའི་བསྟི་གནས་ཤུགས་ལས་བྱུང་། །དཔལ་མཆོག་དང་པོའི་སངས་རྒྱས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་རྣམ་པར་དག་པ་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་ཀྱི་རི་མོས་གཏན་ལ་འབེབ་པའི་མན་ངག་བློ་དམན་ཉེར་འཚོ་ཞེས་བྱ་བ་ལས། རེའུ་མིག་ལ་བརྟེན་པའི་ཡན་ལག་ལྔ་བསྡུས་མྱུར་རྩིས་ཀྱི་རྣམ་གྲངས་ཉེར་མཁོ་རྒྱུན་ཁྱེར་གྱི་རིམ་པ་མདོ་ཙམ་བརྗོད་པའི་སྐབས་ཏེ་དྲུག་པའོ།།

སྐབས་བདུན་པ།

༈ གང་གིས་ལེགས་གསུང་དྲི་བཞོན་རེག་བྱ་ཡིས། །འགྲོ་བློའི་མི་ཤེས་ཆུ་འཛིན་འཐུག་པོའི་དཔུང་། །ཆོས་དབྱིངས་ནམ་མཁའི་ངོ་བོར་དག་བྱེད་པ། །མཁྱེན་པའི་གཏེར་ཆེན་ཁྱོད་ལ་སྙིང་ནས་འདུད། །གཉིས་མེད་དུས་ཀྱི་འཁོར་ལོའི་དོན། །འཕགས་བོད་མཁས་པས་ལེགས་བཀྲལ་བའི། །བཀའ་སྲོལ་དག་པ་ལས་འཕྲོས་དོན། །ཉེར་མཁོའི་རེའུ་མིག་སྤེལ་འཛིན་སྤྲོ། །བསྡུས་དོན་ཁྱིམ་དྲུག་སྤེལ་བའི་ཕྱིར། །བྱེད་གྲུབ་གང་ཡིན་ཉི་ལོངས་ཀྱི། །ཆུ་ཚོད་༦༠མཁའ་རོས་བསྒྱུར་སྲང་བཅུག །༡༣༥མདའ་ཡོན་ཟླས་ཐོབ་སྲང་དུ་བཀོད། །དེ་ལྷག་༦རོས་བསྒྱུར་བཅུག་༡༣༥ཐོབ་དབུགས། །སླར་ལྷག་གྲུབ་པར་༦༧རི་རོས་བསྒྱུར། །ཆ་བསྲེས་༡༣༥རྙེད་བཀོད་ལྷག་མེད་འཆར། །བྱེད་པར་༡༣འདོད་བསྒྱུར་༡༣༥ཐོབ་པ་ཆ། །ལྷག་མ་དག་པའི་ངེས་པ་མེད། །གསུམ་བཀོད་༡ཟླ་༤ཆུ་༦དུས་ཀྱིས་བསྣུན། །དེ་ཡིས་ཞག་གཅིག་ཡུལ་དུས་ཀྱི། །ལོངས་སྤྱོད་དག་ལ་མགྱོགས་རྩིས་ལྟར། །དབྲི་བསྣན་བྱས་པས་ཁྱིམ་དྲུག་དག །བསྐལ་ལིའི་རེའུ་མིག་༣༧༢ལག་ཐུབ་ཡོན། །བཞི་བརྩེགས་ཐོག་མར་བྱར་གྲངས་བཀོད། །དེ་འོག་གནས་གསུམ་སྟེང་མ་ལ། །ཉི་ལོངས་བྱ་རའི་གྲངས་ཀྱིས་སྤེལ། །བར་འོག་གཉིས་ལ་ཁྱིམ་རེའི་མགོར། །གྲངས་བསྒྱུར་གཟའ་ཉིའི་རྟག་ལོངས་ལ། །ཉི་མའི་རྐང་ལོངས་དཀྱུས་བཞིན་བཙལ། །སྣོན་འབྲིད་བྱས་པས་དང་པོ་འགྲུབ། །དེ་ཉིད་བསྡུས་དོན་ཁྱིམ་དྲུག་གིས། །སོ་སོའི་རྐང་མཚམས་བར་དུ་སྤེལ། །འཁོར་རྫོགས་རྐང་ཆོག་བྱས་ཏེ་འགོད། །ལུག་ལ་སུམ་ཅུ་གཞན་སོ་གཅིག །ཐོག་མར་ཁ་བྱང་སོ་སོར་འབྲི། །བྱེད་གྲུབ་རི་མོའི་ཁྱད་པར་འགའ། །མ་གཏོགས་སྤེལ་ལུགས་འདྲ་བ་ཡིན། །དེ་ཡིས་བསྐལ་ལིའི་རེའུ་མིག་འགྲུབ། །ཞག་གཅིག་ཉི་ཚེས་ཡུལ་ལོངས་ལ། །ལོ་རེར་བཅུ་གསུམ་ཆ་རེ་རེ། །དམན་པའི་ཉི་རགས་བཅུ་གསུམ་པོར། །ཟླ་ཆུ་དུས་རྐང་དོན་ཁྱིམ་བཙལ། །དེ་ཡིས་གཟའ་འཁོར་ཉི་རགས་ལ། །སྔར་བཞིན་ཁྱིམ་དྲུག་སྤྱི་ནོར་བཟོ། །བྱ་ར་བཅུ་གསུམ་དམར་པོ་ནག་པོ་དང་། །ནག་པོ་དམར་པོ་ལུགས་འབྱུང་ལུགས་ལྡོག་བཀོད། །དེ་ཡིས་སྤྱི་ནོར་རེའུ་མིག་འགྲུབ། །ཆ་ཤས་རེའུ་མིག་སོ་གཉིས་པ། །བཞི་བརྩེགས་ཐད་ཀར་བཅུ་བཞི་པའི། །སྟེང་འོག་ཐིག་ནས་བཅུ་གསུམ་བར། །གྲངས་འཛིན་དམར་ནག་འབྱུང་ལྡོག་བཀོད། །སྡེ་ཚན་རེ་བཞིན་སྟེང་འོག་གི། །ཐོག་མར་༡གཟུགས་ནས་དུས་མེ་དང་། །༢ཟུང་ནས་༠ཐིག་བར་ལུགས་འབྱུང་དམར། །༦༡ཟླ་མཚམས་༦༢ཟུང་དུས་བྱ་རའི་འོག །སྟེང་རི་༦༥མདའ་རོ་༦༤ཆུ་དུས་ནས། །༡༢༥མདའ་མིག་ཟླ་དང་༡༢༤མཚོ་མིག་གཟུགས། །བར་ལ་ལུགས་ལྡོག་ནག་པོ་འབྲི། །སྤེལ་ཚུལ་སྟེང་འོག་བྱ་ར་ཡིས། །ཟླ་རྐང་བཟུང་ལ་རྐང་སྡོམ་བཀོད། །གདོང་མས་ཆ་ཤས་བྱ་ར་བསྒྱུར། །དུས་ཉིས་༡༢༦ཐོབ་པ་ཡང་རྒྱུའི་དབྱུག །ལྷག་རྣམས་༦༠མཁའ་རོ་༦དུས་༦༧རི་རོ། །༧༠༧རི་མཁའ་རི་ཡིས་རིམ་བསྒྱུར་ལ། །དུས་ཁྱིམ་གྱིས་ཐོབ་སྲང་དབུགས་ཆ། །ཡང་ཆ་རིམ་བཀོད་ལྷག་མེད་འཆར། །སྔ་ཕྱིར་སྣོན་འབྲིད་དཀྱུས་ལྟར་བྱ། །རིམ་བཞིན་དེ་ལྟར་བཀོད་པས་འགྲུབ། །བྱེད་པར་དབུགས་ལྷག་དགུས་ཐོབ་ཆར། །བཞག་པ་ཆ་ཤས་གཅིག་པ་ཡི། །བྱ་ར་དྲུག་པའི་ལོངས་སྤྱོད་ཡིན། །སོ་སོའི་ཆས་བསྒྱུར་དྲུག་པར་བཀོད། །ཆ་འཁོར་ཡིད་མ་གཏོགས་པ་གཞན། །སྔར་བཤད་གྲུབ་མཐའ་བཞིན་དུ་སྤེལ། །དམར་ནག་བྱེད་འཁོར་གཉིས་པོ་གྲུབ། །སྒྲ་གཅན་རེའུ་མིག་༢༣༠མཁའ་མེ་ལག །སྟེང་འོག་སུམ་བརྩེགས་བྱས་ཏེ་བཀོད། །དང་པོར་གྲངས་ཀྱི་བྱ་ར་བཀོད། །བར་འོག་གཉིས་ཀྱི་ཐོག་མ་ལ། །ཕྱོགས་དང་ཟླ་བའི་ལོངས་སྤྱོད་བཀོད། །སླར་ཡང་སྟེང་འོག་སོ་སོ་ལ། །ཟླ་ལོངས་མ་ནོར་སོ་སོར་བསྣན། །རང་འཁོར་བསྒྲིལ་ལྷག་རྩ་བ་སྟེ། །དེ་ཡིས་འཁོར་ལོར་སྦྱངས་ལྷག་གདོང་། །འཁོར་ཕྱེད་སྟེར་རམ་དམན་པ་མཇུག །རིམ་བཞིན་བཀོད་པས་རྣམ་དག་འགྲུབ། །བྱེད་ལོ་སྐྱོན་བྲལ་ཟླ་འཕོར་བཅས། །ལྷན་ཅིག་རྟོགས་པའི་རེའུ་མིག་ནི། །སྟེང་རིམ་ཚེས་དང་ཐད་ཀ་ལ། །རི་ཟླ་མེ་ཡི་བར་དུ་སྤེལ། །ཐོག་མར་གྲངས་ཀྱི་བྱ་ར་སྤེལ། །གཉིས་པར་སྟེང་ནས་རིམ་བཞིན་མེ། །མདའ་མཚོ་ཟླ་མེ་གཟུགས་ཟླ་ཉི། །གསུམ་པར་མཚེ་མ་ཟླ་ཆུ་དང་། །རི་མཚོ་ཆུ་བོ་ཀླུ་བུག་ལག ༢ ༢༡ ༤༧ ༤ ༢༩༨།གཟུགས་ཚེས་གཟུགས་མེ་གཟུགས་ཟླ་ཉི། །སྟེང་འོག་སོ་སོར་རིམ་བྱིན་བཀོད། །རང་ཐད་བྱེད་པ་ལོ་བདག་གི། །གཟའ་དབྱུག་བཅུ་གཉིས་སྟེང་རིམ་བཞིན། །ལུག་གླང་འཁྲིག་ཀར་སེང་བུ་མོ། །སྲང་སྡིག་གཞུ་སྲིན་བུམ་ཉ་ལ། །རིམ་བཞིན་གཟའ་དབྱུག་གཟུགས་རི་དབང་། །རིག་བྱེད་མེ་དབང་གཟུགས་རི་ཟླ། །ཆུ་བོ་མེ་མདའ་གཟུགས་ལག་མིག །སྡེ་བ་མཚོ་མིག་དུས་ཟླ་དབང་། །བསེ་རུ་གླིང་མཚོ་མེ་མི་བདག །ཟུང་ལྡན་ཐུབ་རྩེ་དུས་རྒྱ་མཚོ། །ཐིག་དང་མིག་འབྱུང་རིམ་བྱིན་ལ། །རང་འཁོར་བསྒྲིལ་ལ་སོ་སོར་བཀོད། །མི་ནོར་ཁ་བྱང་བྲིས་པས་འགྲུབ། །ལྡོག་གཉིས་རི་ཥི་ཕག་ཞག་རྣམས། །ཕྱོགས་གཅིག་རྟོགས་པའི་རེའུ་མིག་ནི། །ལྔ་བརྩེགས་མདའ་རོའི་བར་དུ་སྤེལ། །དབུས་མར་གྲངས་ཀྱི་བྱ་ར་འབྲི། །སྟེང་མའི་དང་པོར་རྩ་ཐིག་ཆུ། །གཉིས་པའི་དང་པོར་ཡིད་རི་མཚོ། །གྲངས་འོག་དང་པོར་སྐར་མདའ་གཟུགས། །འོག་མར་བུག་གཟུགས་ཆུ་མཚོ་བཀོད། །སོ་སོར་སྟེང་རིམ་དྲག་གཟུགས་བྱིན། །འདོད་དང་མཁའ་མེས་བསྒྲིལ་བཀོད་གྲུབ། །དབུགས་ཁྱིམ་སྒང་གསུམ་རེའུ་མིག་ནི། །བརྒྱད་བརྩེགས་མེ་རྩེའི་བར་དུ་སྤེལ། །དང་པོ་ཐོག་སོགས་མཉམ་རིམ་དང་། །ལྔ་པར་ཟླ་སོགས་མི་མཉམ་པའི། །བྱ་ར་སོ་སོར་རིམ་བཞིན་བཀོད། །གྲངས་འཛིན་རོ་བསྒྱུར་འདོད་པས་བགོ། །ཚར་གསུམ་སྟེང་མར་ཐུབ་ལག་ཆུས། །རིམ་ཕྲི་མ་ལྡང་མཁའ་མེ་སྣོན། །གཅིག་ལ་ཀླུ་མེ་གཟུགས་རིམ་བྱིན། །ཚེས་ལ་མཁའ་མེ་ལོངས་ན་དོར། །བསྣན་དོར་མཚན་མར་སྒོ་རྟགས་བཅས། །སྟེང་དབུགས་བར་ཁྱིམ་འོག་མར་སྒང་། །རིམ་བཀོད་རྣམ་པར་དག་པ་འགྲུབ། །ལོ་བདག་རྒྱལ་བློན་རེའུ་མིག་བདུན། །གཟུགས་ནས་ཐིག་བར་བྱ་ར་འབྲི། །སྟེང་གཟུགས་འོག་མཚོ་དང་པོར་བཀོད། །སོ་སོར་མེས་བརྒྱན་རིམ་སྤེལ་དག །ཀར་མྱང་རེའུ་མིག་བདུན་པ་ནི། །ཐིག་ནས་དྲུག་བར་བྱ་ར་དང་། །སོ་སོར་མིག་བསྒྱུར་མདའ་བསྲེས་པ། །མ་ནོར་བཀོད་པས་འགྲུབ་པ་ཡིན། །འདོད་ཆའི་རེའུ་མིག་༡༣བཅུ་གསུམ་༣ཡོན། །སྟེང་མར་གཅིག་ནས་ཐིག་བར་འབྲི། །བར་བར་སྟེང་རིམ་༠ཐིག་༤མཚོ་༣༢སོ། །༣ཚ་བ་༣༨༡ཟླ་ནོར་མེ་རྣམས་དང་། །འོག་མར་༠མཁའ་༠མཁའ་༢༠སྟོང་མིག་༠ཐིག །༦༠མཁའ་རོ་གྲངས་བསྒྱུར་བཀོད་པར་འགྲུབ། །ལྔ་ཆའི་རེའུ་མིག་མདའ་ཡི་གྲངས། །གསུམ་བརྩེགས་ཐོག་མར་བྱ་ར་འབྲི། །གཉིས་པར་༠མཁའ་༠མཁའ་༥༤མཚོ་དབང་༣རྩེ། །༧༦དུས་གཟའ་གསུམ་པར་༠ཐིག་༠ཐིག་༤མཚོ། །༠ཐིག་༡༢ཉི་གྲངས་བསྒྱུར་བཀོད་པས་འགྲུབ། །སོ་སོར་ཁ་བྱང་མ་ནོར་བྱ། །རེའུ་མིག་དེ་རྣམས་འཛིན་བྱེད་ནི། །འདས་ཟླ་མཁའ་མེས་བསྒྱུར་ཚེས་བསྲེ། །ཉི་རགས་ཟིན་པའི་ཞག་གིས་ཕྲི། །ལྷག་མས་བསྐལ་ལིའི་བྱ་ར་བཟུང་། །བྱེད་གྲུབ་སོ་སོའི་ནག་ཟླ་འམ། །བཤོལ་རྗེས་དབོ་ཟླའི་ཉི་དྷྲུ་ལ། །རགས་ཟིན་ཚེས་ཀྱི་ཉི་ལོངས་བསྲེ། །སྤྱི་ནོར་གང་ཡིན་ཉི་རགས་ཟིན། །རིལ་པོར་ཚེས་བྱིན་མ་ནུས་བགོ། །ནོར་དེ་སྣོན་འབྲིད་མཚན་མར་བྱ། །ལྷག་དང་དེ་ཡི་ཆ་ཤས་ཀྱི། །གང་བརྩིའི་ཆ་ཤས་རེའུ་མིག་ཟིན། །སྒྱུར་བྱེད་ཟླ་དག་༧༢མིག་རིས་བརྒྱན། །༧༣༠མཁའ་མེ་ལག་པས་དོར་ལྷག་གིས། །སྟེང་འོག་ཉ་སྟོང་སྒྲ་གཅན་འཛིན། །སྒྱུར་བྱེད་འདས་ལོར་༡༥༠ཐིག་ཚེས་བསྣན། །རི་ཟླ་མེ་ཡིས་དོར་ལྷག་གིས། །ལོ་འཕོ་ཟླ་འཕོའི་རེའུ་མིག་ཟིན། །ལྡོག་གཉིས་སོགས་དང་དབུགས་ཁྱིམ་སྒང་། །ཟླ་བཤོལ་རྩིས་འཕྲོ་ཟིན་མོད་ཀྱང་། །བཤོལ་རྗེས་ཟླ་དག་མ་འཕར་བར། །ཟླ་བ་སྔོན་མའི་རྩིས་འཕྲོས་ཟིན། །འདས་ལོར་མཚོ་བྱིན་ཐུབ་པས་དོར། །ལྷག་མས་རྒྱལ་བློན་རེའུ་མིག་རྟོགས། །གཟུགས་མིག་སྐྱོན་ལ་རབ་ཚེས་ཀྱི། །ས་ཕག་སོགས་བསྲེ་མེ་ཡིས་བསྒྱུར། །རིས་བགོ་སླར་ཡང་ལན་བརྒྱད་བར། །ནོར་རྣམས་མེས་བསྒྱུར་རིས་བགོས་ལྷག །དགུ་པོས་རིམ་བཞིན་བྱ་ར་བཟུང་། །ཀར་མྱང་རྩིས་ཀྱི་རེའུ་མིག་སྟོན། །བརྩི་བྱ་སོ་སོའི་འདོད་ལྔ་ཆས། །འདོད་ཆ་ལྔ་ཆའི་རེའུ་མིག་ཟིན། །རྩོད་མེད་ལེགས་བཤད་སྔ་མ་འགའི། །དགོངས་པའི་གནད་རྣམས་མ་འཆུག་པར། །བསྡུས་ཏེ་ལག་ལེན་བདེ་བར་བྲིས། །འདི་ཙམ་གྱིས་ཀྱང་དོན་ཆེན་འགྲུབ། །སྔོན་བྱོན་དམ་པའི་བཞེད་སྲོལ་ཆུ་གཏེར་ནས། །ཐོན་པའི་རྩིས་ཀྱི་བསྟན་བཅོས་རཏྣའི་ཕོག །གསར་བུ་འགའ་ལ་ངེས་པར་བརྩེ་བའི་བློས། །འགྱེད་དོ་རིགས་མཐུན་སྐྱེ་བོ་དགའ་བར་གྱིས། ། དཔལ་མཆོག་དང་པོའི་སངས་རྒྱས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་རྣམ་པར་དག་པ་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་ཀྱི་རི་མོས་གཏན་ལ་འབེབ་པའི་མན་ངག་བློ་དམན་ཉེར་འཚོ་ཞེས་བྱ་བ་ལས། ཉེ་བར་མཁོ་བའི་རེའུ་མིག་རྣམས་ཇི་ལྟར་སྤེལ་ཚུལ་དང་འཛིན་ཚུལ་འཁྲུལ་མེད་རྣམ་པར་དག་པ་མདོར་བསྡུས་བརྗོད་པའི་སྐབས་ཏེ་བདུན་པའོ།།

སྐབས་བརྒྱད་པ།

༈ གང་སྐུ་མཚན་དཔེའི་འོད་ཟེར་ལྷག་འབར་བའི། །རྒྱལ་ཀུན་མཁྱེན་གཉིས་རང་གཟུགས་ཉིན་བྱེད་ཀྱིས། །མི་ཤེས་བློ་མུན་དྲུང་འབྱིན་འཇམ་པའི་དཔལ། །ངེས་པར་དྲན་ནོ་བློ་ཡི་མུན་པ་སོལ། །བླང་དོར་རབ་གསལ་སྐར་རྩིས་ཀྱི། །ཡན་ལག་མཁས་པའི་བསྟན་བཅོས་ལས། །བྱུང་བཞིན་རང་བཟོས་མ་བསླད་པར། །རྣམ་དག་རྩིས་ཕྲན་ཉེར་མཁོ་འབྲི། །སྒྱུར་བྱེད་འདས་ལོ་གནས་ལྔར་བཞག །༡ཟླ་༡༥ཚེས་༣༡གཟུགས་མེ་༡གཟུགས་༡༢༡ཟླ་ཉིས། ༡ ༡༥ ༣༡ ༡ ༡༢༡།བསྒྱུར་ལ་༢མིག་༡༨ཁམས་༤ཆུ་༣མེ་དང་། ༢ ༡༨ ༤ ༣ ༨༡།༨༡ཟླ་ནོར་བྱིན་ལ་༣༡༧རི་ཟླ་མེ། །༦བྲོ་བ་༦༠མཁའ་རོ་༦༠མཁའ་རོ་༧རིས། ༧ ༦༠ ༦༠ ༦ ༣༡༧།བསྒྲིལ་ལྷག་བྱེད་པའི་ལོ་བདག་གྲུབ། །ཡང་ན་རབ་ཚེས་སྒྱུར་བྱེད་ཀྱི། །འདས་ལོ་གནས་གཉིས་སྟེང་མ་དེ། །༤༠༠མཁའ་ཐིག་ཆུས་བསྒྱུར་འོག་མ་ལ། །༦༣མེ་དུས་བསྣན་པས་སྟེང་མར་སྦྱངས། །༢༢༡༩བུག་གཟུགས་ལག་མིག་ལོངས་ན་དོར། །ལྷག་མ་༣༡༧རི་ཟླ་མེས་རྙེད་གཟའི། །གནས་བཞག་ཡང་ལྷག་རིམ་པ་བཞིན། །༦༠མཁའ་རོ་༦༠མཁའ་རོ་༦དུས་ཀྱིས་བསྒྱུར། །༣༡༧རི་ཟླ་མེས་ཐོབ་དབྱུག་སྲང་དབུགས། །དེ་ལྷག་ཆར་བཀོད་གཟའ་དབྱུག་ལ། །༢ཟུང་དང་༣༠མཁའ་མེ་བསྣན་གོང་བཞིན། ༧ ༦༠།བསྒྲིལ་ལྷག་བྱེད་པ་ལོ་འཕོ་གྲུབ། །སྐྱོན་བྲལ་ལོ་འཕོ་རྟོགས་པའི་ཕྱིར། །སྒྱུར་བྱེད་འདས་ལོ་གནས་གཉིས་བཞག །སྟེང་མ་༤༠༠ཐིག་སྟོང་རྒྱ་མཚོས་སྤེལ། །འོག་མས་སྦྱངས་ལ་༢༥༤མཚོ་མདའ་མིག །བསྲེས་ལ་༣༡༧རི་ཟླ་མེས་ཐོབ་གཟའ། །ལྷག་རིམ་༦༠མཁའ་རོ་༦༠ཐིག་མཚམས་༦དུས། །རིམ་བསྒྱུར་༣༡༧རི་ཟླ་མེས་ཐོབ་བརྩེགས། །དེ་ལྷག་ཆ་ཤས་གནས་སུ་བཀོད། །༠མཁའ་དང་༢༦དུས་མིག་༡༦མི་བདག་༣ཡོན། ༠ ༢༦ ༡༦ ༣ ༡༧༧།༡༧༧ཐུབ་རི་གཟུགས་བསྣན་རང་འཁོར་བསྒྲིལ། ༧ ༦༠ ༦༠ ༦ ༣༡༧།སྐྱོན་བྲལ་ལོ་འཕོ་རྣམ་དག་འགྲུབ། །ཡང་ན་བྱེད་པའི་ལོ་འཕོ་ལ། །སྟེང་ནས་༡གཟུགས་༡༢ཉི་༢༡ཟླ་མིག་བརྒྱན། ༧ ༦༠ ༦༠།འཁོར་བསྒྲིལ་སྐྱོན་བྲལ་ལོ་འཕོར་ངེས། །ལོ་འཕོ་གཉིས་ཀར་སྟེང་རིམ་བཞིན། །༡གཟུགས་༡༢ཚེས་༣༡ཟླ་ཡོན་༡གཟུགས་༡༢༡ཟླ་ཉི། ༡ ༡༥ ༣༡ ༡ ༡༢༡།བསྣན་བསྒྲིལ་ཕྱི་མའི་ལོ་བདག་འཆར། །ལོ་འཕོའི་གཟའ་དབྱུག་བཅུ་གཉིས་བཀོད། །ལུག་ལ་གཟར་༡ཟླ་༥༧རི་དབང་དབྱུག །གླང་ལ་༤རིག་བྱེད་༥༣མེ་དབང་པོ། །འཁྲིག་པར་༡གཟུགས་དང་༡༧རི་ཟླ་བ། །ཀརྐ་ཊར་༤མཚོ་༥༣མེ་མདའ་སྟེ། །སེང་གེར་༡རང་བཞིན་༢༢ལག་བགྲོད་པ། །བུ་མོར་༤སྡེ་བ་༢༤མཚོ་མིག་དང་། །སྲང་ལ་༦བྲོ་བ་༥༡གཟུགས་ཕུང་པོ། །སྡིག་པར་༡བསེ་རུ་༤༧གླིང་ཆུ་གཏེར། །གཞུ་ལ་༣ཡོན་ཏན་༡༦དུས་ཟླ་བ། །ཆུ་སྲིན་༤རྒྱ་མཚོ་༣༧རི་རྩེ་མོ། །བུམ་པར་༦རོ་དང་༤ཟུང་ལྡན་ཏེ། །ཉ་ལ་༠སྟོང་པ་༥༢ལག་འབྱུང་རྣམས། །བྱིན་ལ་༧ ༦༠བསྒྲིལ་ལྷག་ཟླ་འཕོ་འགྲུབ། །རྣམ་དག་གྲུབ་པའི་ལོ་བདག་ནི། །ཉ་རྫོགས་ལུག་ཁྱིམ་ལ་སླེབས་པའི། །ཉིན་དེའི་གཟའ་དེས་ལོ་གཟའ་དང་། །ཟླ་བ་དེ་ཡི་ཚེས་བཅོ་ལྔ། །དངོས་སམ་དེ་ཡི་ཉེ་བའི་ཆར། །ཕུར་བུས་སྤྱོད་པའི་སྐར་མ་དེ། །གྲུབ་པའི་སྐར་མ་དག་པར་ངེས། །འདས་ལོར་༥མདའ་བསྲེ་༢༧འཁོར་ལོས་དོར། །ལྷག་མ་བྱེད་པའི་ལོ་སྐར་ཡིན། །སྒྱུར་བྱེད་འདས་ལོ་༡༢ཉི་མས་དོར། །ལྷག་མས་ལོ་ཁྱིམ་རྣམ་དག་རྟོགས། །སྒྱུར་བྱེད་འདས་ལོ་༣རྩེ་མོས་བསྒྱུར། །གནས་གཉིས་སྟེང་༢མིག་འོག་༥མདའ་བསྲེ། །སོ་སོར་༧རིས་བགོ་རྙེད་པ་དོར། །ལོ་བདག་རྒྱལ་བློན་རྣམ་པར་དག །༤ཆུ་ཡིས་ཕྲིའམ་༣མེས་བརྒྱན་པས། །ཕྱི་མའི་རྒྱལ་བློན་ངེས་པ་འཆར། །ས་ཕག་བྱེད་པའི་ཟླ་དག་ལ། །༤༣མེ་ཆུ་བསྲེས་ལ་༧༥མདའ་རིས་བགོ། །༠ལྷག་མེད་གྱུར་ཚེ་དུ་བ་མཐོང་། །རྙེད་པ་མི་མཉམ་སྲོད་དུས་ནུབ། །མཉམ་ན་ཐོ་རངས་ཤར་དུ་བརྟགས། །མཇུག་རིང་ངེས་པ་འཁྲུལ་མེད་འཆར། །༡༨༢༡གཟུགས་མིག་སྐྱོན་ལ་སྒྱུར་བྱེད་སོགས། །བསྲེས་པ་ཤ་ཀའི་ལོ་རུ་གྲགས། །དེ་ཉིད་༣མེས་བསྒྱུར་༧རིས་བགོས་ལྷག །ལོགས་བཀོད་སླར་ཡང་ཐོབ་ནོར་དེ། །ལན་བརྒྱད་༣མེས་བསྒྱུར་༧རི་ཡིས་བགོ། །ལྷག་རྣམས་སོ་སོར་༢མིག་གིས་སྤེལ། །༥མདའ་བྱིན་རིམ་བཞིན་ཆར་འབྲུ་རྩ། །བསིལ་དྲོད་རླུང་འཕེལ་ཟད་འཁྲུགས་རྣམས། །མང་མཐའ་༡༧རི་ཟླ་ཉུང་མཐའ་༥མདའ། །འབྲིང་པོ་༡༡བདེ་འབྱུང་སོགས་སུ་ཤེས། །ཡང་ན་སྒྱུར་བྱེད་འདས་པའི་ལོར། །༡གཟུགས་བསྣན་༣མེས་བསྒྱུར་༧རིས་དོར་ལྷག །ཟུར་བཞག་ནོར་ལ་༧༨༠མཁའ་ཀླུ་རི། །བསྣན་ལ་༣མེས་བསྒྱུར་༧རིས་བགོས་ལྷག །སྔ་མའི་ཟུར་བཀོད་ཐོབ་པའི་ནོར། །ལན་བདུན་༣མེས་བསྒྱུར་༧རིས་བགོས་ལྷག །རིམ་བཞིན་༢མིག་བསྒྱུར་༥མདའ་བྱིན་པས། །ཆར་འབྲུ་རྩ་བསིལ་དྲོད་རླུང་འཕེལ། །ཟད་འཁྲུགས་རིམ་པ་བཞིན་དུ་འཆར། །ཤ་ཀའི་འདས་ལོ་༡༡དྲག་པོས་སྦྱངས། །༤མཚོ་ཡིས་བགོས་ལྷག་བཞི་པ་དང་། །ནོར་ལ་དེ་ལྟར་ལན་གསུམ་བར། །༡༡དྲག་སྦྱངས་༤མཚོས་བགོ་ལྷག་རིམ་པར། །ལྔ་དྲུག་བདུན་པའི་ཆར་ཚད་ཡིན། །ཡང་ན་ས་ཕག་འདས་པའི་ལོར། །༢ཟུང་བྱིན་༤མཚོས་བགོ་ལྷག་བཞི་པ། །ནོར་ལ་༤༤༡གཟུགས་མཚོ་ཆུ་བོ་བསྣན། །༤མཚོ་ཡིས་བགོ་ལྷག་ལྔ་པའི་ཆར། །རྙེད་པ་༡༡དྲག་སྦྱངས་༤མཚོས་བགོས་ལྷག །དྲུག་པའི་ཆར་ཚད་སླར་ཡང་ནོར། །༡༡དྲག་སྦྱངས་༤མཚོས་དོར་ལྷག་མ་དེས། །བདུན་པའི་ཆར་ཚད་འཁྲུལ་མེད་འཆར། །གནས་ཚུལ་ཇི་བཞིན་མ་རྟོགས་པར། །རྟོག་གེའི་བློ་ཡིས་འདི་བྱས་མིན། །སྔོན་བྱོན་མཁས་པའི་ཕྱག་སྲོལ་ལས། །བྱུང་བཞིན་འདིར་ཡང་བདག་གིས་བརྗོད། །ལོ་པཎ་མཁས་པའི་བློ་གྲོས་ཆུ་གཏེར་ནས། །ལེགས་འཁྲུངས་རྩིས་ཕྲན་ནོར་བུའི་དོ་ཤལ་ཕྲེང་། །བློ་གྲོས་ནོར་གྱིས་ཕོངས་པ་སེལ་བྱེད་འདི། །བཤེས་གཉེན་དེད་དཔོན་མཆོག་གི་དྲིན་ལས་བྱུང་། །དཔལ་མཆོག་དང་པོའི་སངས་རྒྱས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་རྣམ་པར་དག་པ་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་ཀྱི་རི་མོས་གཏན་ལ་འབེབ་པའི་མན་ངག་བློ་དམན་ཉེར་འཚོ་ཞེས་བྱ་བ་ལས། ཉུང་ངུའི་བྱེད་པའི་རྩིས་ཀྱི་ལོ་འཕོ་དང་ཟླ་འཕོ་བྱེད་གྲུབ་སོ་སོའི་ལོ་བདག་གཟའ་སྐར་ལོ་ཁྱིམ་རྒྱལ་བློན་དུ་བ་མཇུག་རིང་སོགས་ཀྱི་རི་མོའི་ངེས་པ་ཀ་ར་མྱང་རྩིས་དང་བཅས་མདོ་ཙམ་ཉེ་བར་བརྗོད་པའི་སྐབས་ཏེ་བརྒྱད་པའོ།།

སྐབས་དགུ་པ།

༈ དུས་གསུམ་རྒྱལ་བའི་མཁྱེན་གཟིགས་ཡེ་ཤེས་ཀྱི། །རང་གཟུགས་འགྲོ་བློའི་མུན་སེལ་ཀུ་མུད་གཉེན། །འཇམ་པའི་དཔལ་ཁྱོད་བདག་ཡིད་པདྨའི་མཚོར། །བསྟེན་ནོ་སྒྲིབ་མེད་བློ་གྲོས་ཉ་གང་སྩོལ། །རྒྱ་བོད་མཁས་གྲུབ་སྔ་མ་ཡི། །ཕྱག་བཞེས་རི་མོ་རྣམ་དག་པ། །དུས་གཟེར་སྤོར་ཐང་གསེར་རྩིས་སོགས། །ཉེར་མཁོའི་རྩིས་ཕྲན་རྣམ་གསལ་སྤྲོ། །གང་བརྩིའི་ཟླ་བ་སོ་སོ་ཡི། །༦༥མདའ་རོའི་ལྷག་མ་༦དུས་ཀྱིས་བསྒྱུར། །༡༣འདོད་པས་བགོས་ནོར་ཚེས་གྲངས་དང་། །ལྷག་མ་འདོད་ཆའི་གནས་སུ་བཞག །ལྔ་ཆར་༠ཐིག་འབྲི་གནས་གསུམ་བཀོད། །སྔ་མར་༧རི་༢མིག་༤མཚོ་ཕྲི་བར། ༧ ༢ ༤།མ་ལྡང་ཚེས་ལ་༣༠མཁའ་མེ་སྣོན། །ཕྲི་ལྷག་སོ་སོའི་དབུགས་ཐོབ་འཆར། །ཚེས་ལ་མཁའ་མེ་བསྣན་པ་ཡི། །ཟླ་བ་དེའི་དབུགས་སྔོན་མར་ཐོབ། །བར་མ་དཀྲི་བསྣན་མེད་པར་བཞག །ཟླ་བ་སོ་སོའི་ཁྱིམ་སླེབས་སྟོན། །གནམ་སྟོང་ལ་སླེབས་རྒྱའི་ལུགས་ཀྱི། །ཟླ་ལྷག་དུས་དེར་ཡོད་པར་བཤད། །ཟླ་ལྷག་ཡོད་ཚེ་གྲུབ་རྩིས་ཀྱི། །རྗེས་མར་༨ནོར་༣རྩེ་༡ཟླ་རིམ་བྱིན།༨ ༣ ༡།མཁའ་མེ་ལས་ལྷག་༣༠མཁའ་མེ་དོར། །ཟླ་བ་སོ་སོའི་སྒང་ཚད་རྟོགས། །༣༠མཁའ་མེ་དོར་ཚེ་རྗེས་མ་དང་། །གནམ་སྟོང་སྒང་ཤར་ཟླ་བ་དེ། །བཤོལ་ཞེས་གྲུབ་རྩིས་པ་རྣམས་སྨྲ། །ཟླ་དག་འཕར་བ་དང་བསྟུན་ཏེ། །ལྷག་པའི་ཕྱི་མར་བལྡབས་ཏེ་འདྲི།། ཉི་སྣང་ལས་སོ།། མཆན། ཡང་ན་རྩིས་འཕྲོ་མཁའ་མེས་སྤེལ། །གནས་གསུམ་སྔོན་མར་༡༤༨༡གཟུགས་ཀླུ་ཡིད། །བར་མ་བྲི་བསྣན་མེད་པར་བཞག །རྗེས་མར་༥༣༦མཚམས་རྩེ་མདའ་བསྲེ་ལ། །༦༥མདའ་རོས་རྙེད་པས་ཚེས་གྲངས་དང་། །ལྷག་མས་རེ་ལྔའི་བྱ་ར་སྟོན། །ཡང་ན་སོ་སོའི་ལྷག་མ་རྣམས། །སོ་སོར་མ་ནོར་༥མདས་བགོས་པའི། །ནོར་དང་ལྷག་མས་སོ་སོ་ཡི། །འདོད་ཆ་ལྔ་ཆ་འཁྲུལ་མེད་སྟོན། །རིམ་བཞིན་སྔོན་དབུགས་བར་མས་ཁྱིམ། །རྗེས་མས་སྒང་ཚད་འཁྲུལ་མེད་ཤེས། །སྣྲོན་དང་མགོ་ཟླའི་ཟླ་བཤོལ་གྱི། །རྩིས་འཕྲོ་༣༠མཁའ་མེས་བསྒྱུར་བ་ལ། །༢༦༨ཀླུ་དུས་ལག་བསྣན་༦༥མདའ་རོས་བགོ། །རྙེད་པས་ལྡོག་གཉིས་ཚེས་གྲངས་དང་། །ལྷག་མས་རེ་ལྔའི་བྱ་ར་སྟོན། །འདོད་ལྔ་རྟོགས་འདོད་སྔར་ལྟར་བྱ། །ཡང་ན་ལྔ་པ་བཅུ་གཅིག་པའི། །ཁྱིམ་སླེབས་ཚེས་འདོད་ལྔ་ཆ་ལ།༤ ༡ ༣།༤མཚོ་དང་༡གཟུགས་དང་༣མེ་བྱིན་པས། །རང་ལུགས་དབྱར་དགུན་ཉི་ལྡོག་འཆར། །རང་ལུགས་ཚེས་འདོད་ལྔ་ཆ་ལ། ༡ ༠ ༢ །༡གཟུགས་༠མཁའ་༢མཚེ་བསྣན་ཉི་སྣང་ལུགས། ༣ ༡ ༡།༣མེ་༡གཟུགས་༡ཟླ་བསྣན་བཻཌཱུར་ཏེ།༤ ༡ ༣།༤ཆུ་༡ཟླ་༣མེ་བསྣན་བུམ་བཟང་ལུགས། །རང་ལུགས་རྣམ་པར་དག་པ་ལ།༤ ༡ ༣།༤མཚོ་༡གཟུགས་༣མེ་ཕྲི་རྒྱ་ཡི་ལུགས། ༢༦ ༡༠ ༢།རང་ལུགས་༢༦དུས་མིག་༡༠ཕྱོགས་༢མཚེས་བརྒྱན། །ཀ་ལཱ་པ་རུ་ཉི་མ་ལྡོག །སྣྲོན་ཟླའི་རྩིས་འཕྲོ་༣༠མཁའ་མེར་སྤེལ། །༡༡༣༩རྩ་ཡོན་དྲག་བྱིན་གོང་ལྟར་བགོད། །ཕག་ཞག་འཆར་བའི་ཚེས་གྲངས་དང་། །རེ་ལྔའི་ཆའམ་འདོད་ལྔ་སྟོན། །ཡང་ན་ལྔ་པའི་སྒང་ཚད་ཀྱི། །ཚེས་གྲངས་འདོད་ཆ་ལྔ་ཆ་ལ། །༩བུག་༣མེ་༣རྩེ་མོ་རིམ་པར་བསྣན། ༩ ༣ ༣།ཕག་ཞག་ཚེས་འདོད་ལྔ་ཆ་སྟོན། །དྲང་སྲོང་རྀ་ཥིའི་སྐར་མ་ནི། །རང་ལུགས་ཁྲུམ་ཟླའི་དབུགས་ཐོབ་ཀྱི། །ཉིན་དེ་ནས་བཟུང་ཞག་བདུན་བར། །འཆར་ལ་འགའ་ཞིག་བཞེད་པ་མཐུན། །གཞན་ཡང་མཚུར་ཕུ་འཇམ་དབྱངས་པའི། །བཞེད་དོན་དབུགས་ཁྱིམ་སྒང་བརྟགས་ཚུལ། །ཉེར་མཁོ་བུམ་བཟང་ནས་བཤད་དོན། །གྲུབ་པའི་ཉི་དག་སྐར་དབྱུག་ལ། །༢༦དུས་མིག་༣༥མདའ་ཡོན་ཤར་བ་ན། །གསུམ་པའི་དབུགས་ཐོབ་སྐར་དབྱུག་ཐིག ༠ ༠།ཉ་རྫོགས་ལུག་གི་ཁྱིམ་དུ་སླེབས། །༠ཐིག་དང་༤༢མིག་མཚོ་གསུམ་པའི་སྒང་། །གསུམ་ཀ་སོ་སོར་མ་ནོར་བར། །སྐར་མིག་༢ ༡༥དབྱུག་ཚེས་རིམ་པར་བསྣན། །དབུགས་ཁྱིམ་སྒང་དང་གསུམ་པོའི་ཚད། །མ་ནོར་སོ་སོར་རིམ་པར་འཆར། །གཞན་ཡང་༡༥རབ་ཚེས་སྒྱུར་བྱེད་སོགས། །འདས་ལོ་༡༢ཉིས་བསྒྱུར་མཆུ་ཟླ་སོགས། །འདས་ཟླ་བསྲེ་ལ་གནས་གཉིས་བཞག །འོག་མ་༢མིག་བསྒྱུར་༤༡ཟླ་མཚོ་བསྣན། །༦༥མདའ་རོས་ཐོབ་བྱིན་ཟླ་དག་གོ། །དེ་ཉིད་༣༠མཁའ་མེས་བསྒྱུར་ཚེས་བསྲེ། །གནས་གསུམ་བར་མར་༤༣མེ་ཆུ་དང་། །འོག་མར་༣༤༣མེ་མཚོ་མེ་བསྣན་ལ། །༧༠༧རི་མཁའ་རིས་རྙེད་བར་མར་བྱིན། །༦༤ཆུ་རོས་བགོས་ལྷག་༠ཐིག་ཤར་ན། །ཞག་དེ་ཆད་པས་ཟླ་ཆུང་ཟེར། །ནོར་གྱིས་སྟེང་མར་སྦྱངས་པའི་ལྷག །འདས་པའི་ཞག་གམ་སྤྱི་དྷྲུ་དག །དེ་ཉིད་ལྔར་བཀོད་རིམ་པ་བཞིན། །དང་པོར་༧རི་བྱིན་༧རི་ཡིས་དོར། །ལྷག་མས་ཉིན་དེའི་རེས་གཟའ་ཤེས། །གྱོ་ཁང་དང་མཐུན་རྒྱ་བོད་འགྲིགས། །གཉིས་པར་༦དུས་བསྣན་༡༢ཉི་མས་དོར། །ལྷག་མས་ཉི་མ་གང་ཡིན་རྟོགས། །༡གཟུགས་ཤར་འབྲུག་ནས་མགོ་འདྲེན་ལ། །༠ཐིག་ལེ་ཤར་བ་ཡོས་སུ་བཞེད། །གསུམ་པར་༤ཆུས་བརྒྱན་༡༠ཕྱོགས་ཀྱིས་བགོ། །ལྷག་མས་འབྱུང་ཁམས་གང་ཡིན་སྟོན། །གཅིག་གཉིས་མེ་སོགས་ས་ལྕགས་ཆུར། །གཉིས་སྦྲག་དགུ་༠ཐིག་ཤིང་དུ་འདོད། །བཞི་པར་༤མཚོ་བསྲེ་༩བུ་གས་དོར། །ལྷག་དེས་༡༠ཕྱོགས་སྦྱངས་ལྷག་མེད་༠དུས། །༩བུ་གས་༡༠ཕྱོགས་ལ་སྦྱངས་ལྷག་གིས། །ཉི་མའི་སྨེ་བ་གང་ཡིན་རྟོགས། །ལྔ་པར་༢མིག་བྱིན་༨ཀླུས་དོར་ལྷག །ཉིན་དེའི་སྤར་ཁ་གང་ཡིན་ཤེས། །༡གཅིག་ཤར་ལི་ནས་རིམ་པ་བཞིན། །༠ཐིག་ལེ་ཤར་བ་ཟོན་དུ་ངེས། །ཡང་ན་འདས་ཞག་སྤྱི་དྷྲུ་ལ། །༢༥༢༠མཁའ་མིག་དེ་ཉིད་ཀྱིས་བགོད་ལྷག །གནས་ལྔར་བཀོད་སོགས་སྔར་ལྟར་བྱ། །དེས་ཀྱང་མ་ནོར་རྣམ་པར་རྟོགས། །འདས་ཞག་རྣམ་པར་དག་པ་ལ། །༡༦མི་བདག་བསྣན་ལ་༢༨ཀླུ་ལག་གིས། །དོར་ལྷག་གྱོ་ཁང་རེའུ་མིག་འཛིན། །རེས་གཟའ་དང་མཐུན་རྒྱ་བོད་འགྲིགས། །ཡང་ན་༢༥༢༠མཁའ་མིག་དེ་ཉིད་དམ། །༤༢༠མཁའ་མིག་ཆུ་བོས་སྤྱི་དྷྲུ་ལ། །དོར་བའི་ལྷག་དེ་༢༨ཀླུ་ལག་གིས། །བགོས་པའི་ལྷག་མས་གྱོ་ཁང་ཟིན། །གཞན་ཡང་དུས་བརྟག་མཐའ་ཡས་ཀྱང་། །ཡི་གེ་མང་དོགས་བཏང་སྙོམས་སུ། །བཞག་ནས་རེ་ཞིག་འདི་ཙམ་གྱིས། །བརྗོད་བྱའི་དོན་རྣམས་གྲུབ་པར་སེམས། །ཟབ་རྒྱས་ལེགས་བཤད་རིན་ཆེན་གསེར་གླིང་ནས། །ཉེར་མཁོའི་རྩིས་ཕྲན་ས་ལེ་སྦྲམ་གྱི་ཕྲེང་། །སྒྲིམ་པོའི་རྣམ་དཔྱོད་སྲད་བུར་ལེགས་བརྒྱུས་ནས། །རིགས་མཐུན་མགྲིན་པའི་རྒྱན་དུ་ཁོ་བོས་སྦྱིན། །དཔལ་མཆོག་དང་པོའི་སངས་རྒྱས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་རྣམ་པར་དག་པ་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་ཀྱི་རི་མོས་གཏན་ལ་འབེབ་པའི་མན་ངག་བློ་དམན་ཉེར་འཚོ་ཞེས་བྱ་བ་ལས། ཉུང་ངུའི་ངག་གིས་དབུགས་ཐོབ་ཁྱིམ་སླེབས་སྒང་ཚད་ཕག་ཞག་རྀ་ཥི་ཉི་ལྡོག་སྤོར་ཐང་གསེར་རྩིས་ཐོར་བུ་རྣམས་གསལ་བར་བརྗོད་པའི་སྐབས་ཏེ་དགུ་པའོ།།

སྐབས་བཅུ་པ།

༈ རྨད་བྱུང་མཁྱེན་གཉིས་གསེར་གྱི་སྤྱན་དབྱེ་ཡིས། །ལས་ཉོན་མི་ཤེས་ལིང་ཐོག་དྲུང་འབྱིན་པ། །འཇམ་མགོན་བླ་མ་མིག་མཁན་རྒྱལ་པོ་ལ། །འདུད་དོ་བདག་བློའི་མ་རིག་སྒྲིབ་པ་སོལ། །ལིའུ་ཐོ་སྦྱོར་ཚུལ་མདོར་བསྡུས་སོགས། །སྐར་རྩིས་པ་ལ་ཉེར་མཁོ་བའི། །བླང་དོར་རྩིས་འབྲས་ཉུང་ཤས་ཞིག །ལྷག་བསམ་དག་པས་འགོད་ལ་སྤྲོ། །བྱེད་གྲུབ་ཟུང་འབྲེལ་གང་སྤེལ་ཀྱང་། །མཆོད་བརྗོད་དམ་བཅས་མདུན་བསུས་ནས། །གནམ་ལོའི་སྲོག་ལུས་དབང་ཀླུང་གི། །ཁམས་དང་སྨེ་ཕྲེང་སེ་ཞིག་ཀླུང་། །བྱེད་གྲུབ་སོ་སོའི་ལོ་གཟའ་དང་། །ལོ་སྐར་ལོ་ཁྱིམ་རྒྱལ་བློན་དང་། །ཀར་མྱང་དྲག་སྦྱངས་འབྱུང་གྲངས་སོགས། །སོ་སོའི་འབྲས་བཤད་ལེགས་པར་འབྲི། །དེ་ནས་ངན་པ་བཟློག་ཐབས་ཀྱི། །རྣམ་དཀར་སྒྲུབ་དང་བཟང་པོའི་འབྲས། །འབྱུང་བའི་རྟེན་འབྲེལ་བདེན་ཚིག་དང་། །བསྔོ་སྨོན་ཤིས་པའི་ཚིག་གིས་བརྒྱན། །སླར་ཡང་གནམ་ལོ་ལ་སོགས་པའི། །གོང་སྨྲོས་རྣམས་ཀྱི་ཨང་ཀིའི་གྲངས། །སོ་སོའི་ཁ་བྱང་དང་བཅས་འབྲི། །གཞན་ཡང་སྨེ་བ་དགུ་གླིང་དང་། །ས་བདག་ལོ་འཁོར་དཔེ་ཞལ་བཤུ། །ལོ་དེའི་གཟའ་རགས་ཉི་རགས་དང་། །ཟླ་ཆུ་དུས་འབྲས་ཁྱིམ་དྲུག་གི། །སྤྱི་ནོར་དང་བཅས་གསལ་པོར་འབྲི། །དེ་ནས་ཟླ་བ་སོ་སོ་ཡི། །ཟླ་བདག་ཟླ་འཁོར་དྷྲུ་བ་དང་། །དབང་ཕྱུག་བཞེངས་བཞུགས་ཉ་སྟོང་གི། །སྒྲ་གཅན་དར་ཞུད་ལ་སོགས་སྤེལ། །དེ་ནས་ཚེས་ཁང་སོ་སོ་ལ། །ཡན་ལག་ལྔ་བསྡུས་རེའུ་མིག་སྤེལ། །དུས་གཟེར་དུས་བརྟགས་གཟའ་འཛིན་སོགས། །རང་རང་ཚེས་ཁང་ཉིད་དུ་འབྲི། །བཀྲ་ཤིས་ཟླ་དང་དཔལ་ཐོབ་ཟླ། །རབ་ཆད་ཟླ་ནག་ཕུང་ཟླ་ནག །དེ་ཡང་སྟོད་སྨད་གང་ནག་དང་། །ཟླ་བ་ཆེ་ཆུང་སོགས་ཀྱང་བྲི། །ཉི་ནག་བསྲེག་ཚེས་ཞག་ངན་དང་། །འགྲུབ་སྦྱོར་སོགས་ཀྱང་འཛོམས་ན་བྲི། །མིན་ཡང་འཕྲོད་སྦྱོར་ཆེན་མོར་བལྟ། །ལིའུ་ཐོ་སྤེལ་ཚུལ་མདོ་ཙམ་གྲུབ། །གནམ་ལོའི་སྲོག་ལུས་དབང་ཀླུང་སྨེ། །ལོ་བདག་གཟའ་སྐར་ལོ་འཁོར་སོགས། །དཔེར་ན་རྒྱལ་པོ་བཞིན་དུ་བལྟ། །ཟླ་འཕོ་དབང་ཕྱུག་མཇལ་ཕྲད་དང་། །ཟླ་བདག་གཟའ་སྐར་ཟླ་འཁོར་སོགས། །དཔེར་ན་བློན་པོ་བཞིན་དུ་བལྟ། །རྒྱལ་པོ་བྱམས་སེམས་ལྡན་པ་ཡང་། །བློན་པོ་གདུག་པས་ཕུང་ལ་སྦྱོར། །རྒྱལ་པོ་གདུག་པའི་སེམས་ལྡན་ཡང་། །འཕྲུལ་གྱི་བློན་པོས་ཁ་ལོ་བསྒྱུར། །དེ་བཞིན་འབྲས་བུ་ལེགས་ཉེས་ཀུན། །ཕལ་ཆེར་ལོ་ལས་ཟླ་བ་གཙོ། །ཚེས་དབྱངས་གཟའ་སྐར་སྦྱོར་བྱེད་སོགས། །ཞག་བདག་མངག་གཞུག་སྐྱེ་བོ་འདྲ། །གང་བབས་སོ་སོའི་འབྲས་སྟེར་བས། །ཟླ་བ་ལས་ཀྱང་ཞག་དེ་གཙོ། །ཀར་མྱང་རྒྱལ་བློན་མཇུག་རིང་དང་། །སྒྲ་གཅན་ཕག་ཞག་རྀ་ཥི་སོགས། །ལྡོག་གཉིས་བསྒྲོད་གཉིས་ལོའི་དུས་ཚོད། །རྒྱལ་པོའི་མཚོན་དང་ཡོ་བྱད་འདྲ། །ཕྱོགས་ཀྱི་སྒྲ་གཅན་དབུགས་ཁྱིམ་སྒང་། །ཟླ་ནག་དཔལ་ཐོབ་བཀྲ་ཤིས་ཟླ། །ཉིན་མཚན་ཆུ་ཚོད་ཟླ་བའི་དུས། །བློན་པོའི་མཚོན་དང་ལོངས་སྤྱོད་འདྲ། །གཟའ་ཡི་དར་གུད་འཕྲོད་སྦྱོར་དང་། །བསྲེག་སྦྱོར་ཉི་ནག་ཞག་ངན་དང་། །ཐེབས་ལྡོག་རྒྱུ་བ་དུས་ཚོད་སོགས། །དམག་མིའི་མཚོན་དང་ཡོ་བྱད་འདྲ། །ཀུན་ཀྱང་སྒྲིམ་པོའི་བློས་བརྟགས་ནས། །བླང་དོར་ཚུལ་བཞིན་བྱས་པ་ན། །ལས་དང་བྱ་བ་གང་བསྒྲུབ་ཀྱང་། །ཉེས་པ་མི་འབྱུང་བདེ་ལེགས་འགྲུབ། །ལོ་ཟླ་ཞག་དུས་སོ་སོ་ཡི། །འབྲས་བུ་ངན་ཡང་བཅོས་པ་ན། །དཔེར་ན་བཙན་རྫོང་བཟུང་བ་དང་། །ནོར་གྱིས་མགུ་བར་བརྫངས་བ་འདྲ། །དེ་ཕྱིར་རང་རང་ངོ་ལོན་གྱི། །བྱ་བ་དེ་དང་དེ་བསྒྲུབ་ནས། །ངན་འཛིན་རྣམ་རྟོག་སེལ་གྱུར་ན། །ངན་པ་ཀུན་ཀྱང་བཟང་པོར་འགྱུར། །རྟེན་འབྱུང་རྒྱུ་འབྲས་བདེན་པའི་ཕྱིར། །བླང་དོར་གནས་ལ་བརྩོན་གྱུར་ན། །ལས་ཀྱི་རྣམ་སྨིན་མ་གཏོགས་པའི། །རྐྱེན་ངན་སེལ་བ་སྨོས་ཅི་དགོས། །དྲང་དང་ངེས་པའི་ཐབས་ཚུལ་གྱིས། །དུག་ལྔའི་རྒྱུ་དང་ངན་སོང་འབྲས། །བསལ་ནས་མྱང་འདས་ལ་འགོད་པ། །རང་སྡེ་ནང་པའི་ཁྱད་ཆོས་ཡིན། །ལིའུ་ཐོ་སྦྱོར་དགྲོལ་འབྲས་བཤད་སོགས། །ཚིག་ཚོགས་མང་དོགས་འདིར་ནི་བསྡུས། །ཟུར་རྒྱན་མཁས་པའི་འཇུག་ངོགས་སུ། །གསལ་བར་བཀོད་པས་གཟིགས་པར་ཞུ། །རྨད་བྱུང་ཕྲིན་ལས་ལྷ་ཡི་ལམ་ཡངས་པར། །སྔོན་མེད་ལེགས་བཤད་རི་དྭགས་མཚན་མ་ཅན། །ཟབ་ཡངས་རྣམ་དཔྱོད་ཤར་རིའི་རྩེར་སོན་པ། །རིགས་མཐུན་བློ་ཡི་དྭངས་མཚོར་འཇུག་འདི་རྨད། །དཔལ་མཆོག་དང་པོའི་སངས་རྒྱས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་རྣམ་པར་དག་པ་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་ཀྱི་རི་མོས་གཏན་ལ་འབེབ་པའི་མན་ངག་བློ་དམན་ཉེར་འཚོ་ཞེས་བྱ་བ་ལས། ལིའུ་ཐོ་དགྲོལ་ཚུལ་དང་བླང་དོར་གྱི་གནས་ཁ་ཅིག་མདོ་ཙམ་དུ་བསྡུས་ནས་ཉེ་བར་བརྗོད་པའི་སྐབས་ཏེ་བཅུ་པས་རེ་ཞིག་རྫོགས་སོ།། ༧ དེ་ལྟར་གཉིས་མེད་རྒྱུད་ཀྱི་རྒྱལ་པོའི་དགོངས་འགྲེལ་ཟབ་བརྒྱའི་རྒྱ་མཚོ་གཏིང་དཔག་དཀའ་བ་ལ། །ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོའི་དགོངས་དོན་བླ་མེད་ནོར་བུའི་ཚོགས་ཀྱིས་གཏམས་པ་ལས། །བླང་དོར་སྐར་རྩིས་ཉུང་གསལ་འཇུག་བདེ་བློ་དམན་ཉེར་འཚོ་དབང་གི་རྒྱལ་པོའི་དོ་ཤལ་འདི། །སྤྲོས་ཆུང་རྣམས་དང་རིགས་མཐུན་ཡོངས་ལ་ཕན་འདོད་བློ་ཡིས་ཚིག་གི་སྲད་བུར་ཁོ་བོས་བརྒྱུས། །མཁས་དབང་གོང་མའི་ལེགས་གསུང་ཨ་དརྴ། །རྣམ་དཔྱོད་དར་གྱིས་བྱི་དོར་བགྱིས་འདི་ལ། །ཉེས་ཆ་སྲིད་ན་སྨྲ་བའི་སེང་གེ་སོགས། །སྤྱན་ལྡན་རྣམས་ལ་བཤགས་སོ་དག་ཚང་སྩོལ། །འདིར་བྱུང་ལེགས་ཚོགས་རྣམ་དཀར་འོད་བརྒྱ་ཡིས། །སྐྱེ་དགུའི་མ་རིག་བློ་མུན་དྲུང་ཕྱུང་ནས། །ཡང་དག་ཡེ་ཤེས་ཀུན་དའི་ཚལ་ཆེན་པོས། །མཁའ་མཉམ་འགྲོ་བློའི་གསེར་ལྡན་ཡོངས་ཁྱབ་ཤོག །འདིར་ཞུགས་ཀུན་ཀྱང་དཔལ་ལྡན་ཤམ་བྷ་ལར། །རིགས་ལྡན་ཆོས་ཀྱི་རྒྱལ་པོས་རྗེས་བཟུང་ཞིང་། །ཕྱི་ནང་གཞན་གསུམ་དུས་འཁོར་ཉེ་ལམ་ནས། །རིང་མིན་ཆོས་སྐུའི་རྒྱལ་ཐབས་ལ་འགོད་ཤོག །འདི་སྦྱར་དགེ་བས་བདག་ཀྱང་སྲིད་ཁམས་རྒྱ་མཚོར་ཇི་སྲིད་གནས་པ་དེ་སྲིད་དུ། །རྒྱལ་དང་དེ་སྲས་ལ་སོགས་སྣ་ཚོགས་གཟུགས་ཀྱིས་བསྟན་འགྲོའི་ཕན་བདེ་སྒྲུབ་པ་ལ། །རྒྱལ་སྲས་ཐུ་བོ་རྣམས་ཀྱི་མཛད་སྤྱོད་ཇི་བཞིན་སྐྱོ་ངལ་མེད་པར་འཇུག་པ་ལས། །ནམ་ཡང་ཞི་བའི་དབྱིངས་ལ་རང་གི་དོན་ཕྱིར་གནས་པ་མིན་པ་ཉིད་གྱུར་ཅིག། ཅེས་དཔལ་མཆོག་དང་པོའི་སངས་རྒྱས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་རྣམ་པར་དག་པ་ཕྱི་ནང་གཞན་གསུམ་ལས། ཕྱི་དུས་ཀྱི་འཁོར་ལོའི་དགོངས་པ་ཟབ་མོའི་ནང་ཚན་འཇིག་རྟེན་ཁམས་ཀྱི་རྣམ་བཞག་བསྟན་པའི་ལེའུ་ལས་བྱུང་བ་སྐར་རྩིས་ཀྱི་རི་མོ་ཡང་དག་པ་རྒྱུད་ལུང་མན་ངག་གསུམ་གྱི་གནད་ཟབ་མོ་མ་ནོར་བར་བསྡུས་པ་བློ་དམན་ཉེར་འཚོ་ཞེས་བྱ་བ་འདི་ནི། རྩ་བསྡུས་དགོངས་པ་ཕྱོགས་གཅིག་ཏུ་བཀྲལ་བ་དཔལ་ལྡན་ཕུག་པའི་ལུགས་བཟང་རིན་ཆེན་བཻཌཱུར་དཀར་པོའི་དོ་ཤལ་དང་། རྩིས་ཀྱི་མན་ངག་གཙུག་ལག་ཉིན་མོར་བྱེད་པའི་སྣང་བ་དང་། ཉེར་མཁོ་འདོད་པ་འཇོ་བའི་བུམ་བཟང་སོགས་རྩིས་ཀྱི་ལེགས་བཤད་ཟབ་མོ་ཁུངས་ལྡན་དུ་འདོད་པ་དུ་མ་ཞིག་གི་དོན་གྱི་ཆ་ལ་ཞིབ་པར་ཞིབ་པར་བརྟགས་ཤིང་དཔྱད་ནས་དེ་དག་གི་དོན་ཁ་ཤས་མ་ནོར་བར་ཀུན་གྱིས་འཇུག་བདེ་བར་བསྡུས་ཏེ། མིང་ཆོས་དབྱིངས་ཀུན་གསལ་བློ་གྲོས་རྒྱ་མཚོར་འབོད་པའི་དུས་མཐའི་བཙུན་གཟུགས་ཐ་ཤལ་བ་ཞིག་གིས། རབ་བྱུང་བཅོ་ལྔ་པའི་ནང་ཚན་སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོ་ཧོར་ཟླ་དང་པོའི་དཀར་པོའི་ཕྱོགས་ཀྱི་རྒྱལ་བ་གཉིས་པ་ལ་མགོ་བརྩམས་ནས། རེ་ཞིག་བཏང་སྙོམས་སུ་ལུས་པ་ལ་སླར་ཡང་འཕར་བ་ཞེས་པ་ལྕགས་མོ་གླང་གི་ལོ་ཧོར་ཟླ་བརྒྱད་པའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་གཟའ་ཉི་མ་དང་། སྐར་མ་མེ་བཞིའི་འགྲུབ་སྦྱོར་ལ་མཇུག་གྲུབ་པར་བགྱིས་པའོ།། སརྦ་ཐཱ་ཀ་ལྱཱ་ན་དིཀྵ་ཤྲཱེ་ཡཾ་སི་སྥོ་ཊ་བྷ་ཝནྟུ། དགེའོ།།


previousརྩིས་ཀྱི་མན་ངག་བློ་དམན་ཉེར་འཚོ།next