Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
སྨིན་གླིང་གཏེར་ཆེན་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨིན་གླིང་གཏེར་ཆེན་རྣམ་ཐར། next

སྨིན་གླིང་གཏེར་ཆེན་རྣམ་ཐར།

༄༅། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ཉུང་ངུར་བསྡུས་པ་ངོ་མཚར་སྤྲིན་གྱི་ རོལ་མོ་བཞུགས།

༄༅། ན་མོ་གུ་རུ་བཛྲ་དྷཱ་ར་ཡ། ཚོགས་གཉིས་བྱེ་བའི་ཆུ་གཏེར་ལས་བྱུང་བའི། །རྣམ་གྲོལ་ཡོན་ཏན་མཆོག་གི་རིན་པོ་ཆེ། །མདོ་སྔགས་ལྷ་ཡི་གོས་བཟང་རྩེར་མཛེས་པའི། །སྔ་འགྱུར་བསྟན་པའི་རྒྱལ་མཚན་གཏེར་བདག་གླིང་། །གང་གི་རྣམ་ཐར་ལྷ་ཡི་རྔ་བོ་ཆེའི། །སྒྲ་དབྱངས་ནམ་མཁའི་ར་བར་སྙན་མོད་དེ། །བློ་ལྡན་སྐྱེ་བོས་ལེགས་པར་སྨྲས་པའི་སྒྲ། །བྲག་ཆའི་རྗེས་སུ་བསྒྲགས་ལ་དོན་ཅི་ཞིག །འོན་ཀྱང་རྣམ་གཡེང་ཚལ་ལ་རྟག་གབ་པས། །རྟོགས་བརྗོད་གངས་རིར་བལྟ་བར་མི་མོས་པའི། །བློ་དམན་མདོངས་ཅན་གཞོན་ནུའི་རྣ་ལམ་ན། །འདི་འདྲའང་ངོ་མཚར་སྤྲིན་གྱི་རོལ་མོ་ཡིན།། དེ་ལྟར་ན་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པའི་མངའ་བདག་ཆེན་པོ་ཨོ་རྒྱན་གཏེར་བདག་གླིང་པའམ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་རྟོགས་བརྗོད་འགའ་ཞིག་རྣམ་ཐར་རྒྱས་པ་རྣམས་ལས་མདོར་བསྡུས་ཏེ་གོ་བདེར་བརྗོད་པར་བྱ་སྟེ། བདག་ཉིད་ཆེན་པོ་འདི་བྱོན་པའི་གནས་དུས་གདུལ་བྱ་ལ་སོགས་པ་ནི་ཚད་མར་གྲུབ་པའི་ལུང་གིས་བསྟན་པ་ཡིན་ཏེ། གང་ཞེ་ན། བཀའ་ཐང་ལས། ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང༔ ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ༔ ཤ་འུག་ལྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང༔ ཨོ་རྒྱན་གཏེར་བདག་གླིང་པ་ཞེས་བྱ་འབྱུང༔ ཞེས་དང་། རྡོ་རྗེ་གླིང་པའི་འདའ་ཀའི་ཞལ་ཆེམས་ལས། །དེ་ནས་ཕྱི་མའི་ཕྱི་མ་ན། །ཡར་འབྲོག་དབུ་གཡོར་སྡེ་གཉིས་ཀྱི། །མཚམས་སུ་བདག་ནི་སྐྱེ་བ་ལེན། །འགྲོ་འདུལ་ཞེས་གྲགས་རྒྱལ་བའི་སྲས། །མངོན་ཤེས་རྫུ་འཕྲུལ་ལྡན་པ་འབྱུང་།། ཞེས་དང་། ཤ་འུག་རང་གཏེར་གྱི་ལུང་བྱང་ལས། །ཁྱད་པར་སུམ་ཅུར་ཉེ་བ་ན། །དམུ་རྒོད་སེམས་ཅན་གདུལ་དཀའི་དུས། །གདུལ་བྱའི་ཐབས་མཁས་ཐུགས་རྗེའི་བདག །ཐོག་བབས་ཚུལ་དུ་འབྱུང་བར་འགྱུར།། ཞེས་དང་། གབ་རྒྱ་ཅན་ལས། སུམ་ཅུ་ཁ་རལ་སྙིགས་མ་ལྔ་བདོའི་དུས༔ བསམ་ཡས་ལྷོ་ནུབ་གྲྭ་ཞེས་གཡོ་རུའི་ས༔ ལུང་པ་བྱང་བལྟས་དོར་མ་བརྐྱངས་འདྲའི་ཚིགས༔ སྲིན་མོ་འཛེགས་འདྲའི་དགེ་བསྙེན་སྔགས་ཞོལ་དུ༔ བུདྡྷ་ཛྙཱ་ནའི་སྤྲུལ་པ་ཚེ་མིང་ཕ༔ ཤེལ་དཀར་སྒྲོལ་མཚོའི་སྤྲུལ་པ་དབྱངས་མིང་མས༔ བསྐྱེད་པའི་རྣལ་འབྱོར་སྔགས་ཀྱི་བརྟུལ་ཞུགས་ཅན༔ མེ་ཁམས་ཁྱི་ཡི་ལོ་པ་པདྨའི་མིང་༔ ཞེས་སོགས་གསུངས། གཞན་ཡང་ཚད་མའི་ལུང་མང་དུ་ཡོད་ཀྱང་འདིར་དེ་ཙམ་མོ།། དེ་ལྟ་བུའི་དུས་རྟགས་མངོན་དུ་གྱུར་པ་ན། རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་ཆེ་ཞིང་མཐོ་བ་བོད་མིའུ་གདུང་དྲུག་གི་ཡ་གྱལ་གཉོས་རིགས་གྲུབ་པའི་གདུང་དུ་བྱོན་པ་ཡིན་ཏེ། འདི་ལྟར་སྔོན་གྱི་དུས་སུ་རིགས་གཟུགས་དང་བློ་གྲོས། ལས་དབང་དང་བསོད་ནམས་ཤིན་ཏུ་ཆེ་བའི་ལྷའི་བུ་ཞིག་དམུ་ཐག་ལ་བརྟེན་ནས། རུ་མཚམས་ཁ་རག་གི་རི་བོའི་རྩེར་བབས། དེ་ལ་མི་རྣམས་ཀྱིས་བཀུར་སྟི་བྱས་པས་མིའི་གྲིབ་ཀྱིས་མྱོས་པས་ན། རིགས་རྒྱུད་ལ་གཉོས་ཞེས་མིང་དུ་ཆགས་ཤིང་དེ་ལ་གཉོས་བྱ་ཁྱུང་དཀར་པོ་ཟེར། དེས་རྨུ་ལྕམ་ཏིང་མོ་བཙུན་ཁབ་ཏུ་བཞེས་པ་ལས་སྲས་མྱོས་རྗེ་བཙན་པོ་བྱུང་། དེ་ལས་རིམ་པ་བཞིན་གདུང་རྒྱུད་མཆེད་པ་ལས་གདུང་རབས་སོ་གཅིག་པ་གཉོས་སྟོན་ཚེ་དབང་རྡོ་རྗེ། དེའི་སྲས་ལང་གྲོ་ལོ་ཙཱའི་སྤྲུལ་པ་ཀུན་མཁྱེན་མདོ་སྔགས་བསྟན་འཛིན། དེའི་སྲས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པ་གསང་བདག་ཆེན་པོ་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོའམ། ཨོ་རྒྱན་ཚེ་འཕེལ་ཞེས་བྱ་བ་ནི་རྗེ་འདིའི་ཡབ་ལགས་སོ།། ༼ཐམས་ཅད་ཀྱང་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོ་ཤ་སྟག་གོ།༽ ཡུམ་ནི་བོད་ཆོས་རྒྱལ་གྱི་གདུང་ལས་མཆེད་པ་ཟླུམ་པོ་བ་དོན་གྲུབ་དབང་རྒྱལ་བྱ་བའི་སྲས་མོ་ལྷ་འཛིན་དབྱངས་ཅན་སྒྲོལ་མ་ཞེས་བྱ་བ་སྟེ། ཡབ་ཡུམ་དེ་གཉིས་ཀྱི་སྲས་སུ་མེ་ཕོ་ཁྱིའི་ལོ་དབོ་ཟླ་བའི་ཡར་ཚེས་དགུའི་མཚན་ཐུན་ཐ་མར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཡབ་མེས་ཀྱི་གདན་ས་གྲྭ་ནང་དར་རྒྱས་ཆོས་གླིང་དུ་སྐུ་བལྟམས་སོ།། འཕྲལ་དུ་རྟེན་འབྲེལ་དང་བྱིན་རླབས་སྣ་ཚོགས་བྱས། མཚན་ཀུན་དགའ་དོན་གྲུབ་རིན་ཆེན་དབང་གི་རྒྱལ་པོ་ཞེས་གསོལ། སྐུ་སྐྱེད་རིམ་གྱིས་བསྲིང་པ་ན་རྫིང་ན་གནས་པའི་པདྨ་བཞིན་ལེགས་པའི་དཔལ་དང་ཡོན་ཏན་ཐམས་ཅད་ཆེས་ཆེར་འཕེལ་བར་གྱུར་ཏོ།། དེ་ནས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་ལ་འཛིན་སྐྱོང་སྤེལ་གསུམ་དང་། གདུལ་བྱ་མཐའ་དག་སྨིན་ཅིང་གྲོལ་བའི་ཕྲིན་ལས་རླབ་པོ་ཆེ་མཛད་པའི་ཚུལ་ཆེ་ལོང་ཙམ་ནི། དགུང་ལོ་བཞི་པའི་དུས་ཡབ་རྗེ་གསང་བདག་ཆེན་པོ་ལས་བཀའ་བརྒྱད་གསང་རྫོགས་ཀྱི་དབང་གསན་སྐབས། ཡུལ་སྣང་ཐམས་ཅད་ཚོམ་བུ་དགུའི་དཀྱིལ་འཁོར་དུ་ཤར། བླ་མ་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་པོར་གཟིགས། དྲེགས་པ་རྣམས་ཟིལ་གྱིས་མནན། ཐུགས་རྒྱུད་ལ་དབང་གི་ས་བོན་ཐེབས། དགུང་ལོ་དགུ་པའི་དུས་ཡབ་རྗེ་ལས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དང་། བཅུ་གཅིག་པ་ལ་ཀུན་མཁྱེན་ལྔ་པ་ཆེན་པོའི་མདུན་དུ་གཙུག་ཕུད་ཕུལ་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བླངས། མཚན་ངག་དབང་པདྨ་བསྟན་འཛིན་ཞེས་གནང་། སོ་སོར་ཐར་བའི་ཁྲིམས་ཀྱི་སྤང་བླངས་མཐའ་དག་ལ་གཅེས་སྤྲས་སྤྱན་གྱི་འབྲས་བུ་ལྟར་མཛད། དགུང་ལོ་བཅུ་པར་ཡབ་རྗེ་ལས་ལུགས་གསུམ་གྱི་བྱང་སྡོམ་བླངས། རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ་མཆོག་པདྨ་ཕྲིན་ལས་དང་། སྤྲུལ་པའི་སྐུ་མཆོག་བཟང་པོ་དཔལ་ལས་བྱང་ཆུབ་སེམས་བསྐྱེད་ཀྱི་ཆོ་ག་བཀའ་སྲོལ་གཉིས་ཀ་གསན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་འཁྲུངས། ཡང་དགུང་ལོ་བཅུ་པའི་དུས་ཡབ་རྗེ་ལས་བཀའ་བརྒྱད་བདེར་འདུས་ཀྱི་དབང་གསན་དུས་འོད་གསལ་ཉམས་ཀྱི་སྣང་བ་ཤིན་ཏུ་ངོ་མཚར་བ་གཟིགས་པའི་རྐྱེན་གྱིས་དབང་དོན་གྱི་ཡེ་ཤེས་མངོན་དུ་རྟོགས། གཞན་ཡང་སྔ་ཕྱི་ཅི་རིགས་པར་བླ་མ་བརྟེན་པའང་རགས་རིམ་ཞིག་སྨོས་ན། ལྷོ་བྲག་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། རིག་འཛིན་དཀོན་མཆོག་ལྷུན་གྲུབ། ཐུགས་སྲས་སྤྲུལ་པའི་སྐུ་བསྟན་འཛིན་འགྱུར་མེད། མདོ་ལུང་ཚུལ་ཁྲིམས་རྒྱལ་མཚན། རས་ཆེན་ཀརྨ་གསང་སྔགས། ཀ་བཅུ་ཀརྨ་ཚེ་མཆོག ལུང་མང་སྡོམ་བརྩོན་ཀུན་དགའ་དར་རྒྱས། བླ་མ་བསྟན་འཛིན་ལུང་རིག གྲུབ་ཆེན་དམ་པ་མགོན་པོ་བསོད་ནམས་མཆོག་ལྡན། ལྕགས་ཟམ་པ་ཀུན་དགའ་བསོད་ནམས། སྤ་གྲོ་བ་ཆོས་དབང་ལྷུན་གྲུབ། མཚུར་ཕུ་རྒྱལ་ཚབ་གྲགས་པ་མཆོག་དབྱངས། སྒོ་མོ་ཆོས་རྗེ་ཤཱཀྱ་རིན་ཆེན། རྟོགས་ལྡན་པདྨ་ཡེ་ཤེས། ལྷ་རྩེ་སྤྲུལ་པའི་སྐུ། སེམས་དཔའ་ཕྲིན་ལས་རྒྱ་མཚོ། གོང་ར་ལོ་ཆེན། གུང་ཐང་པཎ་ཆེན། པཎ་ཆེན་ལུང་རིག་རྒྱ་མཚོ་སྟེ་གསར་རྙིང་གི་མཁས་གྲུབ་གྲངས་མང་པོ་བརྟེན་ནས་དམ་པའི་ཆོས་ཀྱི་བདུད་རྩི་ནོད་པའི་རིམ་པ་ལའང་། དང་པོ་ཐོས་བསམ་ལ་བསླབ་སྦྱང་དང་རྩོལ་བ་ནན་ཆེར་མཛད་དེ། ཐུན་མོང་གི་རིག་པ་ཡི་གེའི་བརྡ་དག་ཡན་ཆོད་ནས་ཐུན་མིན་གྱི་གཞུང་ལུགས་རྒྱུད་ཀྱི་བཤད་པ་མན་ཆོད་གསར་རྙིང་གི་ཕལ་མོ་ཆེ་དང་། རང་གཞན་གྱི་གྲུབ་མཐའི་འདོད་ལུགས་སོགས་ལ་མི་མཁྱེན་པ་མེད་པ་ལྟ་བུ་ཤེས་རབ་གསུམ་གྱི་སྟོབས་ཀྱིས་གཏན་ཕབས་ཏེ་སྒྲོ་འདོག་ནང་ནས་ཆོད་པར་མཛད་དོ།། སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་གསན་པའི་རིམ་པ་ནི། རྒྱས་པར་གསན་ཡིག་དང་རྣམ་ཐར་དུ་གསལ་ལ། མདོར་བསྡུས་ན་གསང་སྔགས་སྔ་འགྱུར་བའི་ཕྱོགས་འདིར་བཀའ་གཏེར་མན་ངག་གི་ཟབ་ཆོས་དབང་ལུང་ཁྲིད། བཀའ་གཏད་བྱིན་རླབས་རྗེས་གནང་སོགས་ཀྱི་རྒྱུན་ཞིག་བཞུགས་སོ་འཚལ་ལ་བདག་ཉིད་ཆེན་པོ་འདིས་མ་གསན་པ་གཅིག་ཀྱང་ཨེ་ཡོད་ན་སྙམ་པ་འདུག་ལ། གསར་མའི་ཆོས་སྐོར་ཀྱང་ཚན་ཆེ་གསན་པར་སྣང་། དེ་དག་གི་སྐབས་དང་བར་མཚམས་སྔ་ཕྱི་རྣམས་སུ་ཐོས་དོན་ཉམས་སུ་བཞེས་ཏེ་སྐུ་མཚམས་ཀྱི་བཅད་རྒྱ་བསྡམ་པའང་། རེས་ལོ་འཁོར་སྦྲེལ་མ་དང་། རེས་ཟླ་གཅིག་གིས་མཐའ་བརྟེན་པ་ཡན་ཆད་ལ་བཞུགས་པ་བརྩིས་ན་སྐུ་ཚེ་གང་པོ་དེ་ལ་བསྙེན་བསྒྲུབ་མཛད་པ་འདྲ་ལ། དེའི་ཚེ་དང་དེའི་དུས་རྣམས་སུ་མ་དག་འཁྲུལ་བའི་ཀུན་རྟོག་དབྱིངས་སུ་ནུབ་པའི་རང་རིག་འོད་གསལ་དག་པ་ཡེ་ཤེས་ཀྱི་སྣང་བ་འབྱམས་སུ་ཀླས་པའི་སྣང་ངོར། བླ་མ་དང་ཡི་དམ། སངས་རྒྱས་དང་བྱང་སེམས། མཁའ་འགྲོ་དང་ཆོས་སྐྱོང་། དཀོར་བདག་དང་གཞི་བདག་ལ་སོགས་པས་ཞལ་གཟིགས་པ་དང་། ལུང་བསྟན་པ་དང་། དབང་བསྐུར་བ་དང་། བྱིན་གྱིས་བརླབས་པ་དང་། དམ་མནོས་པ་དང་། ཕྲིན་ལས་བསྒྲུབ་པ་ལ་སོགས་པའི་ཚུལ་ནི་བསམ་གྱིས་མི་ཁྱབ་པ་རྣམ་ཐར་དུ་གསལ་ལོ། །སྔར་སྨོས་པའི་བླ་མ་དེ་རྣམས་ཀྱི་ནང་ནས་ཁྱད་པར་བཀའ་དྲིན་མཚུངས་པ་མེད་པའི་མཆོག་གི་བླ་མ་རྣམ་གཉིས་ཞེས་གསུངས་པའི་གཅིག་ནི་གསང་བདག་དཔའ་བོ་ཕྲིན་ལས་ལྷུན་གྲུབ་སྟེ་གསང་གསུམ་རྒྱན་གྱི་འཁོར་ལོའི་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ཡབ་རྗེ་འདི་ལས་འཁྲུངས་པའི་ཕྱིར་སྨྲ་མ་དགོས་ལ། གཅིག་ནི་ལྷ་མིའི་སྟོན་པ་ཀུན་མཁྱེན་རྒྱལ་བའི་དབང་པོ་གོང་ས་ལྔ་པ་ཆེན་པོ་སྟེ། དེ་ནི་རེས་འགའ་འཕགས་མཆོག་སྤྱན་རས་གཟིགས་དང་། རེས་འགའ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དུ་མཐོང་ཞིང་། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཕལ་ཆེ་བ་དང་། གཙོ་བོ་རྒྱལ་བའི་དབང་པོ་ཉིད་ཀྱི་དག་སྣང་གི་ཟབ་ཆོས་རྒྱ་ཅན་དུ་གྲགས་པ་རྩ་བ་བུ་ཡིག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན། སངས་རྒྱས་དངོས་ལྟ་བུའི་གུས་འདུད་དང་བཀུར་སྟི་མཛད། ཟང་ཟིང་གི་དངོས་པོ་གྱ་ནོམ་པས་མཆོད། ཁྱད་པར་ཤ་འུག་གཏེར་བྱོན་གྱི་རྫས་ཛྷཻ་ཀྵིམ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་གསང་སྒྲུབ་ཀྱི་སྐུ་དང་། ཐབས་ཤེས་བདེ་ཆེན་རིལ་བུ་བརྒྱ་ཕྲག་ལྷག་བཅས་ཕུལ་བས་མཉེས་པའི་མཆོག་ཏུ་གྱུར། སྐུ་དངོས་ཀྱི་བཀའ་དྲིན་གྱིས་བསྐྱང་བར་མ་ཟད། ཡེ་ཤེས་སྒྱུ་མའི་སྐུས་ཀྱང་ཡང་ཡང་རྗེས་སུ་བཟུང་ནས་བྱིན་གྱིས་བརླབས་སོ།། དེ་ཡང་དེ་ཙམ་འབའ་ཞིག་ཏུ་ནི་མ་ཟད་དེ། རྒྱལ་དབང་རིན་པོ་ཆེ་དེ་ཉིད་ཀྱི་རྩ་བའི་བླ་མ་ཐུན་མོང་མ་ཡིན་པ་ཡང་རྗེ་འདི་པ་ལགས་ཏེ། ཐོག་མདའི་རྒྱ་ཅན་ལས། རྣལ་འབྱོར་རྡོ་རྗེའི་སྤྲུལ་པ་མེ་ཡི་ཁམས། །ལྷོའམ་ཤར་ལྷོའི་ཕྱོགས་ནས་འབྱུང་བར་ངེས། །ཞེས་དང་། ནོར་བུའི་རྒྱ་ཅན་ལས། ཨོ་རྒྱན་ཐུགས་སྤྲུལ་སྦས་ཚུལ་མ་ངེས་པ། །བྱུང་དང་རྟེན་འབྲེལ་འགྲིགས་ན་བོད་འདིར་བདེ། །ཞེས་དང་། གཞན་ཡང་དཔལ་བེའུ་དང་རྒྱལ་མཚན་གྱི་རྒྱ་ཅན་ལ་སོགས་པའི་ཆོས་ཚན་མང་པོར་གཟིགས་སྣང་བྱུང་ཚུལ་དུ་མ་སྣང་ལ། གྲུ་འཛིན་གྱི་རྒྱལ་ཁབ་ཆེན་པོ་ཁོ་ན་ལའང་ལན་ཉི་ཤུ་རྩ་གྲངས་ཤིག་སྤྱན་དྲངས་ཏེ་ཟབ་རྒྱས་སྨིན་གྲོལ་གྱི་ཆོས་མཛོད་རྒྱ་མཚོ་ལྟ་བུ་གསན། ལས་བཞི་བསྲུང་བཟློག་གི་སྐུ་རིམ་མཐའ་ཡས་པ་བསྒྲུབ་པར་ཞུས། ཟང་ཟིང་ལོངས་སྤྱོད་ཀྱི་དངོས་པོ་ཕུལ་བ་ཙམ་ཡང་རིན་ཐང་གིས་མི་ཆོད་དེ། དཔེར་ན་ལན་རེ་ལ་དངུལ་སྲང་བརྒྱད་བརྒྱ་དང་བརྒྱད་ཅུ་རྩ་བཞི་ཙམ་གྱི་རིན་ཐང་གི་ཡོ་བྱད་དང་། ཡང་ལན་གཉིས་གསུམ་ལ། དངུལ་གྱི་མཎྚལ་ལ་གསེར་ཞོ་སོ་བདུན་གྱི་ཚོམ་བུ་བཀོད་པ། ཆེན་པོ་ལ་འོས་པའི་ན་བཟའ་ཆ་འགྲིག བཟང་གོས་བྱིང་ཡུག་སྣ་ལྔ་དང་བཅས་པ་ལྟ་བུ་དང་། གཞན་ཡང་སྔ་ཕྱི་ཅི་རིགས་པར་དངུལ་བྲེ་ཆེན་གྱིས་མགོ་བྱས་པའི་ཚན་གྲངས་སྣ་བྲག་ཕུལ་བ་ལྟ་བུ་ལ་བརྩིར་ཅི་ཡོད། གདན་ས་དང་ཞབས་ཏོག་གི་གཞིར་ཡང་བཟང་ཡུལ་བཀྲ་ཤིས་སྟོང་སྐོར་གྱི་ས་ཆ་དང་། གྲྭ་ཕྱི་འབྲས་ཀྱི་ཕུ་ཐར་པ་གླིང་གི་དགོན་སྡེ་ལྷ་འབངས་དང་བཅས་པ་དང་། སྐྱི་རུ་དར་རྒྱས་ཁང་གསར་སྐོར་གྱི་སྡེ་དུད་ས་རིས་དང་བཅས་པ་རྣམས་མཆོད་གཞིས་སུ་སྦྱོར་འཇགས་ཀྱི་བཀའ་དྲིན་བསྩལ། གཞན་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། བློ་བཟང་མཐུ་སྟོབས། བློ་བཟང་སྦྱིན་པ་རྣམས་དང་། མཚོ་སྔོན་རྒྱལ་ཞབས། གོང་ས་ལྔ་པའི་ཡང་སྲིད་སྔ་ཕྱི་གཉིས་ཀ་སོགས་བོད་ཀྱི་གོང་མ་མི་ཆེན་ཐམས་ཅད་ཀྱིས་གཙུག་གི་བླ་མར་བརྟེན། དེར་མ་ཟད་གོང་མའི་ལུང་གིས་ཏཱི་ཤྲཱི་ཏུ་བཀུར་ནས་མདུན་ན་འདོན་གྱི་གཙོ་བོ་ཡང་ཡིན་ཏེ། སྡེ་སྲིད་རྣམས་ལ་ཁྲི་འབུལ་སོགས་དགྱེས་སྟོན་དང་། ལྷན་རྒྱས་ཀྱི་གྲལ་དབུར་བཞུགས་པ་དང་། ཚོམས་ཆེན་དང་། རྫོང་རྒྱབ་དག་ཏུ་མཆོག་དམན་མཐའ་དག་འདུས་པའི་བཞུགས་གྲལ་གྱི་ཐོག་ལུང་རིགས་ཀྱི་ལམ་ནས་དྲངས་པའི་གཏམ་རྒྱལ་ཞབས་རིན་པོ་ཆེ་ནས་གྲུབ་མཐའ་རིས་མེད་སྐྱོང་བའི་ལུང་བཟང་པོ་བསྒྲགས་པ་བཀའ་དྲིན་ཆེ་ཚུལ་གྱི་སྙན་ཞུས་རེ་ཕུལ་དུས། གོང་མ་ཤིན་ཏུ་མཉེས་ཤིང་གྲལ་འཁོད་ཀྱི་དཔྱོད་ལྡན་རྣམས་ཡི་རང་མཛད། རྒྱུ་མཚན་དེས་ན་དེང་སང་གཞུང་ས་དགའ་ལྡན་ཕོ་བྲང་གི་གོང་མ་རྩེ་ཤོད་བཀའ་བློན་དང་བཅས་པས་སྨིན་གླིང་ཁྲི་རབས་གྲྭ་འབངས་སློབ་རྒྱུད་དང་བཅས་པ་ལ་བརྩི་མཐོང་དང་བདག་རྐྱེན་གྱི་སྔར་རྒྱུན་བཟང་པོ་མ་ཉམས་པར་ཡོད་པ་ནི། རྗེ་དེ་ཉིད་ཀྱི་བཀའ་དྲིན་དང་ཕྱག་རྗེས་སོ།། དེ་ལྟར་དམ་པ་འདི་ཉིད་ཀྱི་སྐུ་ཚེའི་སྟོད་སྨད་ཅི་རིགས་པར་ཆོས་འཁོར་རྣམ་གསུམ་གྱི་གཙོས་དབུས་གཙང་རུ་བཞིའི་གནས་རྟེན་ཆེ་ཕྲ་ཀུན་ཏུ་བྱོན་ནས་མཆོད་སྦྱིན་དང་འབྲེལ་འཇོག་བགྱིས་པའི་ཚེ། བཻ་རོ་དང་ཟུར་ཆེན་ལ་སོགས་པའི་དུས་ཀྱི་བཟང་པོའི་བག་ཆགས་མང་པོ་སྔོན་གནས་རྗེས་དྲན་དུ་མདངས་སུམ་ཀྱི་རྨི་ལམ་ལྟར་སད། ཁྱད་པར་གངས་ཅན་སྟོན་པའི་ཞལ་སྐྱིན་ལྷ་ལྡན་ཇོ་བོ་རིན་པོ་ཆེ་མཇལ་དུས་དེ་ཉིད་ནམ་མཁའ་ལ་འཕགས་ཤིང་། ཞལ་ནས་གཟུངས་སྔགས་ཀྱི་སྒྲ་དང་ཐུགས་ཀ་ནས་འོད་ཟེར་སྤྲོ་བ་སོགས་མཛད་ནས་བྱིན་གྱིས་བརླབས། གཞན་ཡང་ས་སྐྱ་དང་། བཀྲ་ཤིས་ལྷུན་པོ། འབྲི་གུང་དང་བདེ་ཆེན་ཆོས་འཁོར་སོགས་རིས་མེད་པའི་ཆོས་སྡེ་ཆེན་པོ་རྣམས་དང་། དཔོན་ཁག་དང་ཡུལ་གྲོང་སོ་སོས་སྤྱན་དྲངས་ཤིང་དེ་དག་ཏུ་ཆིབས་བསྐྱོད་དེ་མཆོག་དམན་བར་མའི་གདུལ་བྱ་བསམ་གྱིས་མི་ཁྱབ་པ་ཐེག་པ་གསུམ་གྱི་ལམ་དང་བདེ་འགྲོར་བཀོད་པ་དང་། ངན་སོང་ནས་དྲངས་ཤིང་འཁོར་བ་མཐའ་ཅན་དུ་མཛད་པ་ནི་འདིར་བརྗོད་ཀྱིས་མི་ལངས་ཏེ། མདོར་ན་སྐྱེས་བུ་ཆེན་པོ་འདི་མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་འབྲེལ་ཚད་དོན་ལྡན་ཁོ་ན་ཡིན་པར་ངེས་ཏེ། རྡོར་གླིང་ཞལ་ཆེམས་ལས། དེ་དུས་ལུས་ངག་ཡིད་གསུམ་གྱིས། །འབྲེལ་བ་གང་ལྟར་ཐོགས་པ་ཡང་། །རིགས་དྲུག་འཁོར་བ་དོང་ནས་སྤྲུགས། ཅེས་སོགས་དང་། གབ་རྒྱ་ཅན་གྱི་ལུང་བྱང་ལས། འདི་འདྲའི་སྐྱེས་བུ་འབྲེལ་ཚད་དོན་དང་ལྡན༔ བཟང་ངན་འབྲེལ་ཚད་དཔལ་རིའི་ཞིང་དུ་ཁྲིད༔ ཅེས་སོགས་རྒྱ་ཆེར་གསུངས་པས་མཚོན་ཏེ་ཤེས་པར་བྱའོ།། དེ་ལས་ཀྱང་ཨོ་རྒྱན་གཏེར་བདག་གླིང་པ་ཞེས་མཚན་གྱི་གྲགས་པ་སྙན་པོས་རྣམ་པར་དཀར་བའི་འཇིག་རྟེན་ཀུན་ནས་མཛེས་པ་ལྟར། ཟབ་གཏེར་གྱི་སྐལ་བ་བཟང་པོ་ལ་ཇི་ལྟར་སྤྱད་པའི་ཚུལ་ནི། ཤིན་ཏུ་མདོར་བསྡུ་ན། དགུང་ལོ་བཅུ་བདུན་བཞེས་པ་ཆུ་ཕོ་སྟག་གི་ལོ་ཧོར་ཟླ་དགུ་པའི་ཚེས་བཅུའི་ནུབ་རང་གནས་དར་རྒྱས་གླིང་གི་གཟིམ་ཆུང་བསམ་གཏན་སྦུག་ཏུ་བཞུགས་པའི་མནལ་ལམ་དུ་གཏེར་ཆེན་རྡོ་རྗེ་གླིང་པ་དཔའ་བོ་མཁའ་འགྲོའི་འཁོར་དང་བཅས་པས་བྱིན་གྱིས་བརླབས་ཤིང་། ཟབ་མོའི་གཏེར་ལ་དབང་བར་བརྡ་ཐབས་དུ་མའི་སྒོ་ནས་ལུང་བསྟན། ཧོར་ཟླ་བཅུ་པའི་ནང་ལྷོ་བྲག་ཆག་གི་བྱང་ཆུབ་གླིང་ན་བཞུགས་པའི་སྐབས། ཚེས་ཉེར་ལྔའི་ཉིན་བྲག་སྐྱིབས་ཤིག་ཏུ་ཟབ་གཏེར་དང་པོའི་ཁ་བྱང་མངོན་སུམ་དུ་རྙེད། བཅོ་བརྒྱད་པ་ཆུ་མོ་ཡོས་ཀྱི་ལོ་ཧོར་ཟླ་བཞི་པའི་ཚེས་ཉེར་ལྔའི་ནུབ་མ་དང་མཁའ་འགྲོས་གཏེར་འདོན་པའི་དུས་དང་ཚེས་གྲངས་ལུང་བསྟན། ཧོར་ཟླ་ལྔ་པའི་ཚེས་ལྔའི་ནམ་སྟོད་ལ་བབས་པ་ན་ཞབས་ཕྱི་དབང་ཕྱུག་རྒྱལ་ཞེས་པ་ཁྲིད་དེ། ཤིན་ཏུ་གསང་ཐབས་ཀྱིས་དགོན་པ་ནས་ཞབས་ཐང་གིས་ཕེབས། ཚེས་བདུན་ལ་བྲག་དམར་གཡའ་མ་ལུང་དུ་འབྱོར། བརྒྱད་དང་དགུ་ལ་བསང་དང་གཏོར་བསྔོ་ཚོགས་མཆོད་དང་གསོལ་འདེབས་མཛད། ཚེས་བཅུའི་ཉི་ཤར་ཙམ་ལ་གནས་དེ་ཉིད་ཀྱི་ཚེ་ཆུ་བྲག་གི་ལྷོ་ངོས། བྲག་རྒྱ་སྟག་ཉལ་བ་ལྟ་བུའི་ལོགས་ནས་བསེ་སྒྲོམ་དམར་སྨུག་ཆག་གང་བ་ཞིག་དང་། ལ་བསེའི་གའུ་མཁྱུད་གང་བ་ཞིག་གསང་གཏེར་དུ་བཞེས། གཏེར་ཤུལ་དུ་རིན་པོ་ཆེ་འབྲུ་སྨན་སོགས་ཀྱི་དཀོར་ཆས་གཏམས། གཏང་རག་གི་ཚོགས་འཁོར་ཕུལ། ཚེས་བཅུ་གཉིས་ཀྱི་ནམ་སྟོད་སྔར་ལྟར་དགོན་ནང་དུ་ཕྱིར་བྱོན། བཅུ་གསུམ་ལ་བསེ་སྒྲོམ་ཞལ་དབྱེ་བས་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ཆོས་ཚན་དང་། ཚེ་རིལ་ཧྲཱིཿརྒྱ་ཅན་རྣམས་བྱུང་། ཤིང་འབྲུག་ལོ་བསམ་ཡས་མཆིམས་ཕུར་བཅད་རྒྱ་ལ་བཞུགས་པའི་སྐབས་ཤིག་གཏེར་སྣོད་གའུ་ཞལ་དབྱེ་བ་ལས་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ཆོས་སྐོར་དང་། གུ་རུའི་སྐུ་ཚབ་ཆེ་ཆུང་གཉིས། དམ་རྫས་མྱོང་གྲོལ་ལེའུ་གསུམ་བཅས་བྱུང་། དེ་དུས་སྐབས་ཤིག་ཨོ་རྒྱན་ཡབ་ཡུམ་གྱིས་ཚེ་ཡི་བྱིན་རླབས་དང་དབང་བསྐུར་སོགས་གནང་། ཤིང་སྦྲུལ་ཟླ་བ་དྲུག་པའི་ནང་གཡའ་མ་ལུང་དུ་བྱོན་ནས་ཚེ་སྒྲུབ་ཞག་བདུན་མཛད། ཟླ་བ་བརྒྱད་པའི་ནང་དར་རྒྱས་གླིང་གཟིམ་ཆུང་དུ་རིག་འཛིན་བསྙེན་བསྒྲུབ་ཟླ་བ་གཅིག་ལ་མཛད། དེ་ནས་རྩ་བའི་ཆོས་བདག་ལོ་ཆེན་རིན་པོ་ཆེ་དང་། དཔལ་རི་སྤྲུལ་པའི་སྐུ་སོགས་ལ་གཏད། དགུང་ལོ་ཉེར་གཉིས་བཞེས་པ་མེ་ལུག་ཟླ་བ་གསུམ་པའི་ཚེས་བཅུའི་ཐོ་རེངས་ལ་མཁའ་སྤྱོད་ཞིང་སྐྱོང་གི་དགའ་མས་དགའ་བཞིའི་བདེ་བས་མཆོད་ཅིང་ཟབ་གཏེར་གཉིས་པའི་ཁ་བྱང་ཕུལ། འདི་དར་རྒྱས་གཟིམ་ཆུང་དུ་བཅད་རྒྱར་བཞུགས་སྐབས་ལགས། ཟླ་བ་བརྒྱད་པའི་ཚེས་གསུམ་གྱི་ནུབ་མནལ་ལམ་དུ་གཏེར་སྲུང་རྡོ་རྗེ་ལེགས་པས་གཏེར་འདོན་པའི་དུས་སོགས་བསྐུལ་མ་བྱས། ཚེས་ལྔའི་ཐོ་རེངས་ཀྱི་དུས་ཚོད་ལ་བབས་ཚེ་ཉེ་གནས་ཕྲིན་ལས་མཐར་ཕྱིན་དང་། གཉེར་པ་བསྟན་རྒྱས་ཏེ་དཔོན་གཡོག་གསུམ་རྣལ་འབྱོར་པའི་ཆས་སུ་ཞུགས་ཏེ་གཞན་གྱིས་ལྐོག་གྱུར་དུ་གདན་ས་ནས་ཞབས་བསྐྱོད་དེ་ཕེབས། བདུན་གྱི་མུན་རུབ་ཙམ་ལ་ཡར་ལུང་ཤེལ་བྲག་གི་གནས་ནང་དུ་ཕེབས། བརྒྱད་ཀྱི་སྔ་དྲོ་དེར་བཞུགས་ཀྱི་བླ་སློབ་རྣམས་དང་མཉམ་དུ་ཚོགས་མཆོད་མཛད། དགུང་མོའི་དུས་སུ་གནས་དེའི་ཤར་ལོགས་ཀྱི་བྲག་རི་རྒྱལ་མཚན་འདྲ་བའི་ངོས་མེ་ལོང་ལྟ་བུ་མཐོང་ན་འཇིགས་པའི་སར་རྫུ་འཕྲུལ་གྱིས་གཤེགས་ཏེ་གུར་ཕུབ་པ་ལྟ་བུའི་ཕུག་པ་ཞིག་གི་ནང་དུ་བྱོན་པ་ན། བུད་མེད་གཞོན་ནུ་མཛེས་སྡུག་ཅན་ཞིག་གིས་ཤོག་དྲིལ་གཉིས་དང་། སྐྱེས་པ་བཞིན་བཟང་ཆས་གོས་དཀར་པོ་ཅན་ཞིག་གིས་བསེ་ཡི་གའུ་གྲུ་གསུམ་པ་མཁྱུད་གང་བ་ཞིག་ཕྱག་ཏུ་ཕུལ་བ་བཞེས་ཏེ། སླར་ཡང་ཕྱིར་ལམ་ལ་སྔར་ལྟར་བྱོན་ནས་གནས་ནང་དུ་བཞུགས། ནང་བར་རིམ་བཞིན་བྱོན་ནས་བཅུ་གཉིས་ཀྱི་སྲོད་ཡོལ་ཙམ་ལ་གདན་སར་བྱོན། ཤོག་དྲིལ་དང་གའུ་ཞལ་དབྱེ་བ་འཇམ་དཔལ་ཞི་ཁྲོའི་ཆོས་སྐོར་རོ།། ཟླ་བ་དེའི་ཚེས་ཉི་ཤུ་ནས་ཟླ་བ་གཉིས་ལ་གཟིམ་ཆུང་དུ་འཇམ་དཔལ་གཤིན་རྗེའི་བསྙེན་བསྒྲུབ་མཛད་པའི་སྐབས་ཤིག་དངོས་ཀྱི་སྣང་བར་དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་སུ་གཤེགས་ཏེ། ཨོ་རྒྱན་པདྨ་བཛྲ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུར་བཞེངས་ཤིང་། ནམ་མཁའ་ཐམས་ཅད་འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་དུ་ཤར་བའི་དྲུང་དུ་ལོ་ཆེན་བཻ་རོ་དང་། མཁར་ཆེན་མཚོ་རྒྱལ་གཉིས་ཀྱིས་ལས་རྡོར་གྱི་བྱ་བ་མཛད་དེ་དབང་བཞི་ཡོངས་རྫོགས་དང་། སླར་དཀྱིལ་འཁོར་གྱི་སྣང་ཆ་འོད་དུ་ཡལ་བ་ཨོ་རྒྱན་ཆེན་པོ་དངོས་སུ་གྱུར་པ་དང་། བཻ་རོ་དང་། མཚོ་རྒྱལ་གསུམ་གྱིས་མན་ངག་གི་ཟབ་དོན་རྣམས་གདམས་ཤིང་གནང་ངོ།། དེ་ནས་ཆོས་ཀྱི་བདག་པོ་སྐྱབས་མཆོག་ལྔ་པ་དང་གཅུང་། རྒྱལ་བའི་སྲས་པོ་ལ་སོགས་པར་གཏད་དོ།། དགུང་ལོ་ཉེར་དགུ་པ་ཤིང་སྟག་གི་ལོ་ཟླ་བ་བཅུ་གཅིག་པའི་ནང་། ལྷོ་བྲག་དཀར་པོ་ཟངས་ཞེས་བྱ་བ་ན་བཞུགས་སྐབས། ཚེས་བཅུའི་ཐོ་རེངས་ལ་གཟིམ་ལམ་གྱི་ངོགས་སུ་མཁའ་སྤྱོད་ཀྱི་མཁའ་འགྲོ་མ་མོན་མོའི་ཆས་ཅན་ཞིག་གིས་ཟབ་གཏེར་གསུམ་པ་དང་བཞི་པ་གཉིས་ཀྱི་ཁ་བྱང་མཉམ་དུ་ཕྱག་ཁར་ཕུལ། སུམ་ཅུ་པ་ཤིང་ཡོས་སྦྲུལ་གྱི་ཟླ་བ་ནི། དཔལ་བསམ་ཡས་དབུ་རྩེའི་སྟེང་ཁང་ནས། ཡང་དག་གི་སྒྲུབ་སྐོར་སོགས་ཀྱི་ཟབ་གཏེར་འདོན་པའི་དུས་ཡིན་ཅིང་དེ་བཞེས་རྒྱུ་ཞིག་བྱུང་ན་དེའི་རྟེན་འབྲེལ་གྱིས་རྒྱ་ནག་རི་བོ་རྩེ་ལྔ་ན་གཏེར་ཆེན་རྡོ་རྗེ་གླིང་པའི་གཏེར་ཞབས་ཤིག་འདོན་རྒྱུ་ཡོད་ཅིང་། དེ་དུས་གོང་མ་ཆེན་པོའི་དབུའི་མཆོད་གནས་སུ་བཀུར་བར་འགྱུར་ཞིང་། བོད་འདིར་ཡང་ཕན་བདེ་ཆེར་འབྱུང་བ་སོགས་ཡིན་པའི་ངེས་པ་ནི། རྡོར་གླིང་ཞལ་ཆེམས་ལས། སྔར་དྲངས་པའི། །རྫུ་འཕྲུལ་མངོན་ཤེས་ལྡན་པ་འབྱུང།་། ཞེས་པའི་འཕྲོར། བན་བོན་གཏེར་ལྷག་མ་ལུས་འབྱིན། །སྨྱོ་སྤྱོད་བརྟུལ་ཞུགས་མཐར་ཕྱིན་ནས། །དུག་ལྔས་བསེ་ལྟར་རངས་པ་ཡི། །དཔོན་སྐྱ་མི་ཆེན་ཐམས་ཅད་དང་། །རྒྱ་ནག་ཧོར་གྱི་རྒྱལ་པོ་ཡང་། །ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱིས། །མ་ལུས་ཁོ་བོས་དབང་དུ་སྡུད།། ཞེས་སོགས་དང་། རང་གཏེར་ཤ་འུག་གཏེར་བྱོན་གྱི་ལུང་བྱང་ལས། ཚེ་མཇུག་དམ་གཙང་ཡོན་བདག་དང་༔ གསང་སྤྱོད་རྟེན་འབྲེལ་འཛོམས་པ་ན༔ རི་བོ་རྩེ་ལྔའི་ཟབ་གཏེར་འདོན༔ མཐའ་དམག་ལོ་བརྒྱའི་བར་དུ་བཟློག༔ ཅེས་སོགས་གསུངས་ཀྱང་། དེ་ནི་སྤྱི་དུས་དང་། སྒོས་སྐབས་ཀྱི་རྟེན་འབྲེལ་འགའ་ཞིག་འཆུགས་པའི་རྐྱེན་གྱིས་འདོན་མ་གྲུབ་པར་འདུག་ཀྱང་། དེའི་རབས་ཀྱིས་འདིར་ཅི་ཞིག་བྱ་སྟེ་ཆོག་གོ ། དགུང་ལོ་སོ་གཅིག་བཞེས་པ་མེ་འབྲུག་གི་ལོ་ཟབ་གཏེར་བཞི་པ་འདོན་པའི་དུས། ལྷ་དང་བླ་མས་བསྐུལ་བ་ལྟར་སྟག་གི་ཟླ་བའི་ཚེས་བཅུ་བཞིའི་སྲོད་ཡོལ་ཙམ་གྱི་དུས་སུ། གཟིམ་དཔོན་བསྟན་འཛིན་དཔལ་བཟང་། དགེ་སློང་ངག་དབང་ཀུན་དགའ། ཇོ་ཇོ་ཨ་བཀྲ། ཨ་དྲུང་ཀུན་དགའ་བཅས་གྲྭ་སློབ་ལྔས་ཆིབས་འགྲོས་ཀྱིས་གདན་ས་ནས་སྦ་གསང་གིས་ཕེབས། དེ་ནུབ་ངམ་ཤོད་ཨོ་དཀར་བྲག་གི་གནས་རིའི་མགོན་པོ་གདོང་ཞེས་བྱ་བའི་བྲག་ཞོལ་དུ་བཞུགས། བཅོ་ལྔའི་ནང་བར་འཇའ་སྤྲིན་འཐིབ་པ་དང་ས་གཡོ་བ་སོགས་ཀྱི་ལྟས་བྱུང་། ཉིན་གུང་ཙམ་ལ་གནས་ཀྱི་སྙིང་པོ་གནམ་སྒོ་ཅན་དུ་གྲགས་པའི་ཕུག་པ་སྟེང་མའི་ནང་དེར་ཚོགས་མཆོད་དང་། གསོལ་འདེབས་སོགས་མཛད་ནས་གཏེར་སྒོ་ཕྱེ་ཚེ། གཏེར་གྱི་སྒྲོམ་བུ་ཚ་དྲོད་དང་ལྡན་པ་ཆེ་ཆུང་གཉིས་སྔགས་སྲུང་མས་མངོན་སུམ་ཕྱག་ཏུ་གཏད། གཏེར་ཁུང་དུ་རིན་ཆེན་འབྲུ་སྨན་ཤིས་བརྗོད་སོགས་དར་གྱིས་དྲིལ་བ་བཅུག །དེ་ནུབ་དེ་གར་བཞུགས་པའི་མནལ་ལམ་གྱི་སྣང་བར། རྔ་ཡབ་དཔལ་གྱི་རི་བོར་གཤེགས་ཏེ་གུ་རུ་པདྨ་རྒྱལ་པོ་རིག་འཛིན་མཁའ་འགྲོའི་འཁོར་དང་བཅས་པ་ལས་བླ་མ་དྲག་པོ་དང་། རྡོ་རྗེ་སེམས་དཔའ། ཨ་ཏི་ཟབ་དོན་དང་བཅས་པའི་ལམ་རིམ་པ་གཉིས་ཀྱི་གདམས་ངག་ཟབ་རྒྱས་སུ་ནོད། བཅུ་དྲུག་གི་ནམ་སྲོད་ཡོལ་ཙམ་ལ་གདན་སར་ཕེབས། གཏེར་སྒྲོམ་རྣམས་ཞལ་དབྱེ་བ་ལས་གུ་དྲག་དང་། རྡོར་སེམས་རྫོགས་ཆེན་དང་བཅས་པའི་ཆོས་སྐོར་རྣམས་བྱོན། བསྐྱེད་རྫོགས་ཀྱི་རིམ་པ་རྣམས་ཐུགས་ཉམས་སུ་བཞེས་ཏེ། ལོ་ཆེན་རིན་པོ་ཆེ་སོགས་ལ་གཏད་དོ།། དེ་ནས་གབ་རྒྱ་ཅན་གྱི་ལུང་བྱང་ལས། ཁྱད་པར་གནད་ཀྱི་རྟེན་འབྲེལ་འགྲིགས་གྱུར་ན༔ སོ་ལྔའི་ལོ་ལ་མན་ངག་ཟབ་མོའི་གནད༔ པདྨ་བདག་གི་སྙིང་ཁྲག་གཏེར་སྒོ་ཕྱེ༔ ཞེས་གསུངས་པ་ལྟར་དགུང་ལོ་སོ་ལྔ་པ་ལྕགས་ཕོ་སྤྲེལ་གྱི་ལོ་ཧོར་ཟླ་དང་པོ་ནས་བརྩམས། ཟབ་གཏེར་གྱི་བར་ཆད་བཟློག་པ་དང་། རྟེན་འབྲེལ་འགྲིགས་པའི་ཆེད་དུ་རིམ་གྲོ་རྒྱ་ཆེར་བསྒྲུབ། རྗེ་ཉིད་ཀྱང་སྐུ་མཚམས་དམ་པོར་བཞུགས་པ་ན། ཟླ་བ་དེའི་ཉེར་ལྔའི་ཉིན་ཉམས་ཀྱི་སྣང་བར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཟབ་གཏེར་ལྔ་པའི་ཁ་བྱང་ཕྱག་ཏུ་ལེགས་པར་གཏད། དེ་ལྟར་མཐུན་རྐྱེན་ལེགས་ཚོགས་རྟེན་འབྲེལ་ཐམས་ཅད་ཡིད་བཞིན་དུ་འགྲིགས་ནས་ཡང་བྱང་ལྟར། ཧོར་ཟླ་བདུན་པའི་ཚེས་བཅོ་ལྔ་ལ་སྟོན་འཁོར་ཉི་ཤུ་སྐོར་གྱིས་ཆིབས་ཁལ་སྒར་བཀོད་སོགས་ངོ་མཚར་བ་བསྒྲིགས་ནས་ལྷོ་མོན་གྱི་ཕྱོགས་སུ་ཆིབས་བསྐྱོད་དེ་བྱོན་པ་ན། དགེ་ཞིང་ཤིས་པའི་དུས་ཚེས་ཉེར་བརྒྱད་ཀྱི་ཉིན་པར་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོར་ཕྱག་ཕེབས། དེ་འཕྲལ་རྩ་གསུམ་དཀྱིལ་འཁོར་རབ་འབྱམས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོས་མཆོད། ཉེར་དགུའི་ནང་བར་བསང་མཆོད་གསེར་སྐྱེམས་ཚོགས་གཏོར་རྒྱས་པར་གནང་ནས། བུ་མོ་སྤྲེལ་ལོ་མས་ལམ་སྣ་མཛད། ཐམས་ཅད་ཀྱིས་ལུས་ལ་རྫི་དུག་བསྲུང་བའི་སྨན་བྱུགས་ཏེ། གནས་ཀྱི་ལྟེ་བ་དཔལ་ཆེན་ཡབ་ཡུམ་གྱི་རྣམ་པ་ཅན་གྱི་བྲག་ངོས་སུ་ཕེབས། དེར་ཡང་གཏེར་སྲུང་སྤྱི་སྒོས་ལ་མཐུན་རྫས་མཆོད། ཨོ་རྒྱན་ལ་གསོལ་འདེབས་མཛད་ཅིང་བདེན་པའི་ཚིག་གི་བཀའ་བསྒོས། གཏེར་གནས་ཀྱི་ས་དམིགས་བཙལ། ལྟ་བའི་གདེངས་བསྐྱེད། རིག་པ་ཧུར་ཕྱུངས་ཏེ་བྲག་གསེང་མཁའ་གསང་འདྲ་བའི་ལྷོ་ངོས་ནས་གཏེར་སྒོ་རིམ་པ་གསུམ་ཕྱེ་བའི་ནང་ནས་གསེར་གཡུ་ལ་སོགས་པའི་རྫས་དང་། ཁྲོ་ལས་གྲུབ་པའི་སྒྲོམ་བུ་སྦུབ་རིལ་ཞིག་དང་། རང་གཏེར་གྱི་སྒྲོམ་བུ་གྲུ་བཞི་པ་ཞིག་ལེགས་པར་སྤྱན་དྲངས། དེ་དུས་ནམ་མཁའ་ལ་འཇའ་ཚོན་གྱི་གུར་ཕུབ་པ་དང་། མེ་ཏོག་གི་ཆར་བབས་པ་སོགས་ངོ་མཚར་བའི་ལྟས་དང་བཅས་ཏེ་ཟབ་གཏེར་བཞེས་པ་མོན་དང་བོད་ཀྱི་སྐྱེ་བོའི་ཁྲོམ་ཚོགས་ཁྲི་ཕྲག་ལྷག་ཙམ་གྱི་མིག་སྔར་མངོན་སུམ་མཐོང་བའི་ཆོས་སུ་མཛད་དོ།། སླར་ཡང་གཏེར་ཁུང་དུ་དཀོར་ཆ་དང་གཏེར་བུམ་སོགས་བཞག་ནས་སྔར་ལྟར་མཛད། གཏེར་སྲུང་རྣམས་ལ་གཏང་རག་དང་། འདུས་པ་རྣམས་ལ་བྱིན་རླབས་གནང་། གནས་རིའི་ཕྱོགས་མཚམས་སུ་རྒྱལ་མཚན་དར་འཕན་རྣམས་ཀྱིས་མཛེས་པར་བརྒྱན། ཚོགས་མཆོད་གསོལ་འདེབས་སོགས་ཀྱིས་ཐམས་ཅད་སྣང་བ་འགྱུར་བའི་བྱིན་རླབས་ཐོབ། བརྒྱད་པའི་ཡར་ཚེས་ཀྱི་སྐོར་རིམ་གྱིས་ཐེགས་ཏེ་སྒང་ལ་རང་གནས་སུ་བསུ་བའི་བཀོད་པ་ཡ་མཚན་པས་གདན་དྲངས་ཏེ་བཞུགས་འཇག་མཛད། སླར་ཡང་ལེགས་སྤྲོའི་ཚོགས་མཆོད་བསྐང་གསོ་རྒྱ་ཆེར་མཛད་དེ། གཏེར་གྱི་སྒྲོམ་བུ་དག་ཞལ་དབྱེ་བ་ལས། གུ་རུའི་སྐུ་ཚབ་མཐོང་བ་རང་གྲོལ་དང་། གསང་འདུས་ཀྱི་སྐུ། ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར་ཆ་ལག་དང་བཅས་པའི་ཤོག་དྲིལ་བཅུ་གསུམ། ཐབས་ཤེས་བདེ་ཆེན་རིལ་བུ་སུམ་སྟོང་ལྷག་བཅས་རྩ་དར་གྱིས་དྲིལ་ཞིང་། དྲི་བཟང་གི་ཕུར་མས་གཏམས་པ་རྣམས་བྱོན་པར་གྱུར་ཏོ།། ལྕགས་བྱ་གསར་ཚེས་ཀྱི་མགོར། ཟླ་བ་གསུམ་དུ་གཏེར་སྒྲུབ་ལ་བཞུགས་སྐབས་ཤིག་ཏུ་གཟིམ་ལམ་གྱི་སྣང་བར་འོག་མིན་པདྨ་བཀོད་པར་གཤེགས་ཏེ་མ་ཧཱ་གུ་རུ་པདྨ་ཀཱ་ར་དང་། ཐུགས་རྗེ་ཆེན་པོའི་རང་བཞིན་འབྲས་བུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་དྲུང་དུ་སྨིན་བྱེད་ཀྱི་དབང་བཞི་ཆ་ཚང་བ་དང་། གྲོལ་བྱེད་ཀྱི་ཟབ་ཁྲིད་རྣམས་སྨིན་རྒྱས་སུ་གསན། སླར་ཡང་ནུབ་ཕྱོགས་མཁའ་སྤྱོད་ཀྱི་ཞིང་ཁམས་སུ་གཤེགས་ཏེ་བདེ་ཆེན་གསང་བ་ཡེ་ཤེས་ལས་བདུད་རྩིའི་དྭངས་མ་ནོད་པ་སོགས་མཛད། དེ་ནས་གོང་ས་ཡས་ལྗང་སོགས་ལ་གཏད་དེ་དར་རྒྱས་སུ་སྤེལ། དེ་ལྟར་ཟབ་གཏེར་འདི་རྣམས་ཀྱང་། དང་པོ་ལུང་བསྟན་དང་ཁ་བྱང་བྱུང་བ། བར་དུ་དངོས་སུ་བཞེས་ཤིང་གཏེར་སྒྲུབ་མཛད་པ། ཐ་མ་བུ་དཔེར་ཕབ་ཅིང་ཆོས་བདག་ལ་གཏད་པའི་དུས་སོགས་སྐབས་དང་སྐབས་སུ་དངོས་དང་། ཉམས་དང་། གཟིམ་ལམ་གྱི་སྣང་བ་གསུམ་ཇི་སྙེད་པར། ཨོ་རྒྱན་མུན་པ་མི་ཟད་པའི་དུར་ཁྲོད་སོགས་མཁའ་སྤྱོད་གནས་ཡུལ་གྱི་ཞིང་ཁམས་སུ་བྱོན་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པ་དང་། དངོས་གྲུབ་ཀྱི་སྐལ་བ་ཐོབ་པ་དང་། འབྱུང་འགྱུར་གྱི་ལེགས་ཉེས་གཟིགས་པ་ལ་སོགས་པ་ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱི་བཀོད་པ་བྱིས་པའི་བློ་ལས་འདས་པ། འཕགས་ཆེན་ཡེ་ཤེས་སྒྱུ་མའི་རྣམ་རོལ་མཐའ་ཡས་པ་ལ་མངའ་དབང་མཛད་ཅིང་བདག་གིར་བཞེས་པའི་ཚུལ་ནི། འདིར་ཡི་གེ་མང་ཆེ་བས་རྣམ་ཐར་རྣམས་དང་། གཏེར་འབྱུང་ལོ་རྒྱུས་སུ་བལྟའོ།། དེ་ལྟར་ཨོ་རྒྱན་རྡོ་རྗེ་འཆང་དང་ཞལ་མི་གཉིས་པའི་མཆོག་གི་རྡོ་རྗེ་འཛིན་པ་ཆེན་པོ་འདིས་བཀའ་དང་གཏེར་གྱི་ཟབ་ཆོས་མང་པོ་ཆོ་ག་དང་ཆོག་བསྒྲིགས་སུ་སྤེལ་བའང་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཉིད་བཀའ་གཏེར་གྱི་མེ་རོ་བསླངས་ནས། གསང་ཆེན་གྱི་སྒྲོན་མེ་སྦར་བའི་བྱེད་པོར་ཆེད་དུ་བྱོན་པ་རྣམ་དག་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱིས་བཀའ་དང་ལུང་གིས་ཚད་མར་གྲུབ་མོད་དེ། དེར་མ་ཟད་ལྷ་དང་བླ་མས་རྗེས་སུ་གནང་ཤིང་། ཆེད་དུ་གཏད་པའི་ཚུལ་གསང་བའི་རྣམ་ཐར་ལས་གསལ་བ་ལྟར་ཡབ་རྗེ་གསང་བདག་ཆེན་པོ་དང་། མངའ་བདག་ཉང་ལ་སོགས་པས་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་ལུང་བསྟན་དང་བཅས་ཏེ་བསྟན་པ་གཏད་པའི་ཕྱིར་རྡོ་རྗེ་འཆང་གི་བཀའ་དང་ཁྱད་པར་ཅུང་ཟད་མེད་ལ། དེའི་རྒྱུ་མཚན་བཀའ་འབུམ་དཀར་ཆགས་སོགས་གཞན་དུ་ཤེས་སོ།། ཁྱད་པར་དུ་བཤད་སྒྲུབ་བསྟན་པའི་འབྱུང་གནས་གངས་རིའི་ཁྲོད་ཀྱི་འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་ཞེས་ཡོངས་སུ་གྲགས་པའི་ཆོས་སྡེ་ཆེན་པོ་དེ་ཉིད་ཇི་ལྟར་བསྐྲུན་པའི་ཚུལ་ནི། སྙིང་གཏམ་གསང་བའི་ཡི་གེ་ལས། ཁྱད་པར་གཡོ་རུ་གཙང་མའི་སར༔ འདི་ཉིད་འཆད་ཅིང་སྒྲུབ་པའི་སྡེ༔ ཚོམ་བུ་གཅིག་ཏུ་འདུ་བའི་གནས༔ བརྩོན་པས་བསྒྲུབ་ན་འགྲུབ་འགྱུར་ཞིང་༔ མ་འོངས་བསྟན་པ་ཆེར་འཕེལ་ཏེ༔ བོད་ཀྱི་བསྟན་པ་དགུང་དུ་སྤེལ༔ ཞེས་སོགས་གསུངས་པ་ལྟར། སྔར་སྨྲས་པའི་ཐར་བ་གླིང་དེར་རྟེན་འབྲེལ་དང་ས་དཔྱད་བགྱི་བའི་ཆེད་དུ། ཤིང་ཡོས་ཧོར་ཟླ་བཅུ་གཅིག་པའི་ཚེས་དྲུག་གི་ནང་པར་སྐུ་ཞབས་གྲྭ་གཙང་དང་བཅས་བྱོན་པ་ན། དཀར་ཕྱོགས་ཀྱི་སྲུང་མ་རྣམས་དགའ་བའི་ལྟས་དང་ལྷ་མི་ཀུན་གྱིས་བསུ་བའི་བཀོད་པས་མདུན་བསྟར་ཏེ་ཕྱག་ཕེབས། དེར་ཚེས་བཅུའི་གཟིམ་ལམ་དུ། རྒྱབ་རིའི་རྩེར་གདུགས་དང་གཡས་གཡོན་གྱི་རིའི་རྩེར་རྒྱལ་མཚན་སོགས་གནས་དེ་ཉིད་དག་པའི་ཞིང་བཀོད་ལྟ་བུར་གྱུར་པའི་མདུན་གྱི་ནམ་མཁར་ཨོ་རྒྱན་ཆེན་པོ་བཞུགས་པ་ལ་གསོལ་བ་བཏབ་པས། གཡས་རིའི་རྒྱལ་མཚན་གྱི་རྩ་བར་བུད་མེད་ཞིག་གིས་འདི་སྐད་ཅེས། ཞིང་འདི་ནི་ངོ་མཚར་དཔལ་གྱི་ཞིང་། །གནས་འདི་ནི་བདེ་ལྡན་པདྨ་འོད། །མགོན་འདི་ནི་འགྲོ་འདུལ་པདྨ་རྩལ། །འཁོར་དག་པ་ཞིང་སྐྱེས་མཁའ་འགྲོའི་ཚོགས། །ཆོས་ཐེག་མཆོག་ལམ་གྱི་མྱུར་ལམ་ཡིན། །ལས་བསྐལ་པ་བཟང་ངམ་མི་བཟང་ཡང་། །དུས་ལན་གཅིག་འབྲེལ་ན་དོན་ལྡན་ཡིན། །དེ་གོའམ་ཆགས་མེད་རྡོ་རྗེ་རྩལ།། ཟེར་བ་དང་། གཡོན་རིའི་རྒྱལ་མཚན་གྱི་རྩ་བར་ཡང་བུད་མེད་ཞིག་གིས། ཞིང་འདིར་དཀའ་བའི་འཕྲང་དམ་པོས། །འབད་པས་བསྒྲུབ་ན་དོན་ལྡན་ཡིན། །འདི་ནས་བཅུ་ཕྲག་འགའ་འདས་མཐའི། །སྒྲ་སྒྲོགས་ཅན་གྱི་ལོ་ཚུན་ལ། །དབྱར་གྱི་དུས་ཀྱི་ཆུ་བོ་བཞིན། །རྒྱས་པར་འགྱུར་ལ་པདྨའི་བསྟན། །ཕྱོགས་མཐར་འདྲེན་པའི་ཆུ་མགོ་བྱེད། །དེ་ནས་ལོག་ཅན་སྨོན་ལམ་མཐུས། །ཅུང་ཟད་ཉམས་པ་ལྟར་བྱེད་ཀྱང་། །སླར་ཡང་སྒྲ་གཅན་ལས་ཐར་བའི། །ཉི་ཟླ་བཞིན་དུ་འཆར་བར་འགྱུར།། ཞེས་སོགས་ནས། གཡོ་རུ་གཙང་མའི་ས་གཞི་ཡིན། །ཁྱོད་ཀྱི་རིང་ལུགས་རྒྱས་པར་འགྱུར། །ཅེས་པའི་བར་ལུང་བསྟན་པའི་མཐར་མནལ་སད་པས་ཤིན་ཏུ་རྟེན་འབྲེལ་ལེགས་པར་དགོངས། དེ་ནས་མེ་འབྲུག་ཧོར་ཟླ་དང་པོའི་ཉེར་དགུའི་ཉིན། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལ་བརྟེན་ནས་གཙུག་ལག་ཁང་གི་ས་ཆོག་མཛད། ས་བཟུང་བའི་ཚེ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གསལ་སྣང་རེག་མཐོང་གི་ཡུལ་དུ་གྱུར། བརྟགས་པའི་ཚེ་ཤིན་ཏུ་དགེ་བའི་མཚན་མ་རྙེད། འཕྲལ་དུ་ཨར་ལས་ཀྱི་མགོ་བཙུགས་ཏེ་བཟོ་བོ་ལས་བྱེད་མང་པོས་མུ་བཞིན་བསྒྲུབ་པ་ལས། ཨོ་རྒྱན་སྨིན་གྲོལ་གླིང་གི་དགོན་པ་གཙུག་ལག་ཆེན་མོ་རྒྱར་ཀ་བ་བརྒྱད་ཅུ་རྩ་བཞིའི་ཁྱོན་དང་། ཐོགས་བརྩེགས་རིམ་པ་གསུམ་པ་རྩེར་གསེར་གྱི་གཉྫི་ར་ལྔ་ཕྲག སྒྲུབ་མཆོད་ཁང་པ། གསང་སྔགས་ཕོ་བྲང་། བླ་བྲང་ཆོས་འཁོར་ལྷུན་པོ། བླ་མ་ལྷ་ཁང་། ལི་མ་ལྷ་ཁང་། མགོན་ཁང་སོགས། འོག་མིན་ཡང་རྩེ་མན་ཆད་ཀྱི་མིག་ཤག་ལྷ་ཁང་ཆེ་ཆུང་། གཟིམ་ཆུང་རྣམས་དང་བཅས་པ་དང་། ཕྱི་ཁྱམས་ཀུན་དགའ་ར་བ། དགེ་འདུན་སུམ་བརྒྱ་ལྷག་ཙམ་གྱི་གྲྭ་ཤག རུང་ཁང་ལ་སོགས་པ་ནས་ཁོར་ཡུག་ལྕགས་རིའི་བར་དང་། དེ་དག་ཏུ་བཞུགས་པའི་རྟེན་གསུམ་གྱི་རིམ་པ་གསེར་དང་། དངུལ་དང་། སྨན་འདམ་དང་། ཙན་དན་ལས་བཞེངས་པ་དང་། བྲིས་སྐུ་སོགས་སྐུ་བརྙན་ལྔ་སྟོང་དུ་ཉེ་བ་དང་། རྒྱ་དཔེའི་བཀའ་འགྱུར་གྱི་གཙོས་གླེགས་བམ་གསར་བཞེངས་བདུན་བརྒྱར་ཉེ་བ་དང་། སྐུ་འབུམ་མཐོང་གྲོལ་ཆེན་པོའི་གཙོས་སྐུ་གདུང་ཆ་བརྒྱད། དངུལ་གྱི་མཆོད་རྟེན་ཆ་བརྒྱད། གཞན་ཡང་བློས་བསླང་ལ་སོགས་པའི་རྟེན་གསུམ་ཆེ་ཕྲ་མཐའ་ཡས་པ་དང་། དེ་རྣམས་ཀྱི་སྤྱན་སྔར་མཆོད་རྫས་འདོད་ཡོན་སྤྱན་གཟིགས་ཀྱི་བྱེ་བྲག་མཛེས་ཤིང་གྱ་ནོམ་པ། གཞན་ཡང་རྒྱན་ཁང་གི་ལོངས་སྤྱོད་སོགས་ཡོ་བྱད་ཆ་ལག་གི་དགོས་ཆས་མཐའ་དག་མ་ཚངས་པ་མེད་པ་ཐམས་ཅད་ཀྱང་དངོས་པོ་བཟང་ཞིང་རིན་ཐང་ཆེ་བ། བཀོད་ལེགས་ཤིང་སྤུས་དག་པ་དུ་མས་ཕྱུར་བུར་གཏམས་པའི་གནས། ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་དུ་མངོན་པར་འདུ་མཛད་པ་ཉིད་ཕྱི་ནང་རྩེ་ཤོད་བར་གསུམ་གྱི་བྱ་བ་ཐམས་ཅད་ལོ་དྲུག་གིས་ལེགས་པར་གྲུབ་ཅིང་མཐར་ཕྱིན་ཏེ། སོ་བདུན་པ་ཆུ་ཁྱི་ས་ག་ཟླ་བའི་ཡར་ཚེས་ནས་དཔལ་ཆེན་བདེ་གཤེགས་འདུས་པའི་སྒྲུབ་པ་ཆེན་པོའི་ལས་རིམ་རྒྱས་པ་དང་འབྲེལ་རབ་ཏུ་གནས་པའི་ཆོ་ག་མཛད་དེ། བཅུ་དྲུག་ལ་མེ་ཏོག་འཐོར་བའི་ཚེ་མེ་ཏོག་གི་ཆར་བབས་པ་སོགས་ཡ་མཚན་པའི་ལྟས་ཀྱིས་ཐམས་ཅད་ཡི་རང་བར་བྱས། བཅུ་དགུ་ལ་རང་དགོན་གྱི་སྟེང་གྲྭ་ཕྱི་ནང་གི་དགོན་ཁག་ལྔའི་གྲྭ་རྒྱུན་བསྣན་པ་དང་། ཡུལ་མིའི་ཁྲོམ་ཚོགས་ཁྲི་ཕྲག་ལྷག་བཅས་ལ་བཞེས་སྤྲོའི་བཟའ་བཏུང་དང་། དགྱེས་པའི་དགའ་སྟོན། སྤྱི་འགྱེད། གྲལ་རྒྱུག ལག་འགྱེད་དང་བཅས་པས་དགའ་རབ་ཏུ་ཚིམ་པར་མཛད། གཞན་ཡང་གྲྭ་ནང་དང་འཕྱོང་རྒྱས། ལྷོ་བྲག་སོགས་རང་ལུགས་ཀྱི་ཆོས་སྡེ་མང་པོར་དགའ་སྟོན་གྱི་དངོས་པོ་བསྟབས། ཉེར་གཉིས་རྡུལ་ཚོན་ཆུ་བོར་གཤེགས་པ་སོགས་དགེ་ཞིང་ཤིས་པའི་བྱ་བ་མཐའ་རྒྱས་སུ་མཛད་དོ།། དེ་ལྟར་བསྒྲུབ་པའི་ཆོས་ཀྱི་རྒྱལ་ཁབ་ཆེན་པོ་དེ་ནི་སྔ་འགྱུར་གྱི་བསྟན་པ་བཤད་སྒྲུབ་ཀྱིས་འཛིན་པའི་དགོན་སྡེ་རྣམས་ཀྱི་གྲྭ་སའི་ཕུག་སོ། བསྟན་པའི་གཞི་མ། ཆོས་ཀྱི་འབྱུང་ཁུངས་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རང་ལུགས་ཀྱི་བསྟན་པ་ཉམས་དམའ་ཞིང་ཉག་ཕྲ་བའི་དུས་ཤིག་ན། འདི་ལྟར་དགེ་འདུན་མཁས་བཙུན་གྱི་ཚོགས་བསྡུས། རྒྱལ་བསྟན་གཞི་གསུམ་གྱི་སྲོལ་བཏོད། སློབ་བཤད་འཆད་ཉན་གྱི་གླེང་བསླངས། སྨིན་གྲོལ་གདམས་ངག་གི་རྒྱུན་སྤེལ། རིམ་གཉིས་ཉམས་ལེན་གྱི་སྡེ་བསྐྱངས། དུས་བཞིའི་སྒྲུབ་མཆོད་ཀྱི་མགོ་བཙུགས། རྣམ་དག་ཕྱག་བཞེས་ཀྱི་མིག་ཕྱེ། བསླབ་བྱ་བཅའ་བསྒྲིགས་ཀྱི་ཁྲིམས་བསྡམས། མདོར་ན་མངའ་འབྲུག དབུས་གཙང་། ལྷོ་མོན། ཁམས་ཀོང་། རྒྱལ་རོང་དང་བཅས་པར་ཆོས་རྒྱུན་གྱིས་ཁྱབ། གྲུབ་མཐའ་གཞན་གྱིས་ཀྱང་ཚད་མར་འཛིན་ཅིང་བསྔགས་པར་འོས་ལ། རང་རེ་རྣམས་ཀྱི་ནི་སྔགས་རྫོགས་ཆེན་གྱི་ལྟ་གྲུབ་མན་ཆད་ནས། གདོན་ཡི་དྭགས་ཀྱི་ཆུ་སྦྱིན་ཡན་ཆད་ལ་གཞན་དྲིང་འཇོག་མི་དགོས་པར་སྨིན་གྲོལ་གླིང་པའི་རིང་ལུགས་ཞེས་མགོ་འཕང་མཐོན་པོར་སྨྲ་ཆོག་པ་ནི་བླ་མ་འདི་དང་མཁན་ཆེན་ཆོས་དཔལ་རྒྱ་མཚོ་སྐུ་མཆེད་ཀྱི་བཀའ་དྲིན་འབའ་ཞིག་ཡིན་པར་ཤེས་ཤིང་དྲན་པར་བྱའོ།། དེས་ན་མཆོག་གི་བདག་ཉིད་ཆེན་པོ་འདི་ལ་སློབ་མའང་བསྟན་འཛིན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བྱོན་ཏེ། གཙོ་བོ་ནི་སྔར་སྨྲོས་པ་རྒྱལ་དབང་རིན་པོ་ཆེ་དང་། རྡོ་བྲག་རིག་འཛིན་ཆེན་པོ། རྗེ་རང་གི་སྐུ་མཆེད་དང་། གདུང་སྲས་རྣམས་སོགས་མཐའ་ཡས་ཀྱང་མདོར་བསྡུས་ན། ཤ་འུག་རང་གཏེར་གྱི་ལུང་བྱང་ལས། འགྲོ་དོན་ནུས་པ་སུམ་ཅུ་ལྔ༔ རང་དོན་གྱུར་པ་བརྒྱ་རྩ་བརྒྱད༔ ཆོས་ཀྱི་འབྲེལ་ཐོག་སྟོང་ཚོ་གཉིས༔ སྨོན་ལམ་འབྲེལ་བ་ཁྲི་ཕྲག་ལྔ༔ ལས་ཀྱིས་འབྲེལ་བ་དྲུག་ཅུ་བདུན༔ གདུགས་ཐོགས་བདུན་གྱིས་ཞབས་ནས་འདེགས༔ མི་ཆེན་གསུམ་གྱིས་མངའ་ཐང་སྤེལ༔ བཟང་པོའི་འབྲེལ་ཅན་ཁྲི་ཕྲག་གཉིས༔ ཞེས་སོགས་དང་། གཞན་ཡང་རྣམ་གྲངས་མང་དུ་གསུངས་ན་ཡང་འདིས་ཀྱང་ཕྱོགས་ཙམ་ཤེས་སོ།། དེ་ལྟར་བཀའ་དྲིན་ནམ་མཁའི་མཐས་ཀྱང་གཞལ་དུ་མེད་པའི་གཏེར་ཆེན་བླ་མ་རིན་པོ་ཆེ་དེ་ཉིད་ཀྱིས་བསྟན་པ་དང་སེམས་ཅན་གྱི་དོན་རླབ་པོ་ཆེའི་ལེགས་སྤྱོད་མ་ལུས་པ་རེ་ཞིག་མཐར་ཕྱིན་ནས། དགུང་ལོ་དྲུག་ཅུ་རེ་དགུར་སོན་པ་ཤིང་ཕོ་རྟ་ཡི་ལོ་ཧོར་ཟླ་དང་པོ་ནས་ཅུང་ཟད་བསྙུན་པའི་ཚུལ་བསྟན། ཁྱད་པར་ཚེས་ཉེར་ལྔ་ལ་ལོ་ཆེན་རིན་པོ་ཆེ་ཁུ་དབོན་རྣམས་ལ་ཞལ་གདམས་དང་། ཕྱི་མའི་བསླབ་བྱ་རྣམས་གསུངས། དེ་ནས་བཟུང་ཞབས་རིམ་དུ་གནས་པ་རྣམས་ཀྱི་སྣང་ངོར། ནུབ་ཀྱི་རྩིགས་པའི་ཕྱི་ངོས་ན་ཡོད་པ་འདྲ་བའི་རྒྱ་གླིང་ལྟ་བུའི་སྒྲ་ཤིན་ཏུ་སྙན་པ་རྒྱུན་ཆགས་སུ་བྱུང་། དེ་མཚུངས་ག་བུར་ལྟ་བུའི་དྲི་ཞིམ་པོའི་ངད་ཀྱིས་གཟིམ་ཆུང་ཕྱི་ནང་ཐམས་ཅད་ཁྱབ་པ་བྱུང་། དེ་ནས་ཧོར་ཟླ་གཉིས་པའི་ཚེས་གཉིས་ཀྱི་ཉི་དྲོས་ལ་བབས་པ་ན། ད་ལྟ་རྔ་ཡབ་གླིང་ནས་མཁའ་འགྲོའི་བསུ་མ་ཡང་སླེབ་བྱུང་གསུངས། དེ་འཕྲལ་བཞེངས་ཏེ་སྤྱན་གྱིས་གཟིགས་སྟངས་དང་། ཕྱག་གིས་ཊཱ་དྲིལ་འཁྲོལ་བའི་སྟངས་སྟབས་མཛད་དེ། ད་ཤར་ཕྱོགས་སུ་གོམ་པ་བདུན་འགྲོ་དགོས་པ་ཡོད་གསུངས་ནས་ཤར་ཕྱོགས་སུ་གོམ་པ་བདུན་བྱོན་པའི་སར་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་ཏེ། སྣང་གྲགས་རིག་གསུམ་སོགས་འདའ་ཀ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་ནས་འོག་མིན་མཁའ་སྤྱོད་ཀྱི་ཞིང་ཁམས་སུ་གཤེགས་སོ།། སླར་ཡང་སྔར་གྱི་རྟེན་འབྲེལ་ལས་མདོ་ཁམས་ཤར་གྱི་ཕྱོགས་སུ་སྤྲུལ་པའི་སྐུ་འབྱུང་ཞིང་རི་བོ་རྩེ་ལྔའི་ཟབ་གཏེར་བཏོན་ཏེ་བསྟན་འགྲོར་ཕན་བདེའི་ཕྲིན་ལས་སྤེལ་བར་འགྱུར་བ་སོགས་ནི་ངེས་པའོ།། དེ་ཡང་སྐལ་ཆེན་ཉིན་མོའི་སྣང་བར་རྩྭ་སྒྲོན་ལ། །གཟུགས་འཛིན་བཟང་ལྡན་སྐྱེ་བོའི་ཚོགས་ཀུན་མི་ལྟོས་ཀྱང་། །དར་ཅིག་ཕབ་པའི་ཆར་གྱི་ཐིགས་པས་མཚོ་དང་ཆབ། །དབྱར་དུས་རྒྱས་ལྟར་འདིས་ཀྱང་ཁྱོད་བློ་དེ་བཞིན་ནོ། །མཆོག་གི་རྣམ་ཐར་རྒྱ་མཚོ་ཆེན་པོ་ལས། །མཆོག་ཏུ་དད་པའི་བློ་ཡིས་བླངས་པ་ཡི། །མཆོག་ལྡན་ངོ་མཚར་ཟེག་མ་འདི་མཆོད་པས། །མཆོག་ཆེན་དེ་ཡིས་རྟག་ཏུ་རྗེས་འཛིན་མཛོད།། ཅེས་པའང་ཀླུང་མཆོག་བདེ་ལེགས་བྲག་གི་ལྷ་ཞོལ། བཟང་ཤིང་སྣ་ཚོགས་པའི་ཚལ་དུ་མོས་ལྡན་རིག་པ་འཛིན་པས་༼མགོ་སྤྲུལ་འཇིགས་རྣམ་པས་༽རྣམ་ཐར་རྒྱས་པ་རྣམས་ལས་མདོ་ཙམ་ཉུང་ངུར་བསྡུས་ཏེ། བཙུན་ཆུང་༼སོག་པོ་མཁན་ཆེན་༽སྐལ་བཟང་དར་རྒྱས་དགྱེས་པའི་སྐྱེས་སུ་ཕུལ་བའོ།། དགེའོ།། དགེའོ།། དགེའོ།།


previousསྨིན་གླིང་གཏེར་ཆེན་རྣམ་ཐར། next