Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
སྔ་འགྱུར་རྙིང་མའི་ཆེ་བ་དྲུག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྔ་འགྱུར་རྙིང་མའི་ཆེ་བ་དྲུགnext

སྔ་འགྱུར་རྙིང་མའི་ཆེ་བ་དྲུག

༄༅། གསང་སྔགས་གསར་མ་ལས་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་པར་གསུངས་པ་ནི། གནས་གཞི་གཙུག་ལག་ཁང་གི་ཆེ་བ་དང་། ཡོན་སྦྱོར་སྦྱིན་བདག་གི་ཆེ་བ་དང་། མེ་ཏོག་ཡོན་གྱི་ཆེ་བ་དང་། འཆད་བྱེད་པཎ་གྲུབ་ཀྱི་ཆེ་བ་དང་། སྒྱུར་བྱེད་ལོ་ཙ་བའི་ཆེ་བ་དང་། བསྒྱུར་བྱ་ཆོས་ཀྱི་ཆེ་བ་སྟེ་དྲུག་གིས་འཕགས་པ་ཡིན་ལ། དེ་ཡང་ཚུལ་ཇི་ལྟ་བུས་ཁྱད་དུ་འཕགས་ཤེ་ན། དང་པོ་ནི། སྔགས་གསར་མའི་ཆོས་ཕལ་ཆེར་ཚང་ཚིང་དང་། བྱ་སྐྱིབས་དང་། གྲོང་འདབས་སོགས་ཕལ་གྱི་གནས་ངེས་མེད་དུ་བསྒྱུར་ལ། རྙིང་མའི་ཆོས་རྣམས་རྒྱལ་བའི་ལུང་གིས་བསྔགས་ཤིང་། འཕགས་བོད་ཀྱི་པཎ་གྲུབ་མང་པོས་བྱིན་གྱིས་བརླབས་པའི་གནས་མཆོག་དཔལ་གྱི་བསམ་ཡས་སོགས་སུ་བསྒྱུར་བས་གནས་ཀྱི་བྱིན་རླབས་ཀྱིས་ཁྱད་པར་དུ་འཕགས་པའོ།། གཉིས་པ་ནི། ཕྱི་དུས་ཀྱི་ཡོན་སྦྱོར་ཕལ་ཆེར་བསམ་སྤྱོད་གཉིས་ཀའི་ཆ་ནས་རྒྱ་ཆུང་ཞིང་། སྔོན་དུས་ཀྱི་མངའ་བདག་འཇམ་པའི་དབྱངས་སོགས་ནི་གཏོང་ཕོད་དང་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེ་བས་བསྟན་བདག་གི་སྤོབས་པས་ཁྱད་པར་དུ་འཕགས་པའོ།། གསུམ་པ་ནི། དེང་དུས་གསེར་ཞོ་རེ་ཟུང་ཙམ་དང་། ནོར་སྣ་ཅུང་ཟད་ཙམ་རེ་ཕུལ་བའང་མཆོག་འཛིན་དང་སེར་སྣས་སྦག་པ་ཤས་ཆེ་ལ། སྔོན་དུས་སུ་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་སོགས་གྱིས་གསེར་ཕྱེ་བྲེ་བོ་ཆེ་དང་། ཤ་བའི་རླུད་བུ་ལ་གཞལ། ཐེར་ཕྲུག་དོས་དང་གོས་དར་ཡུག་ཏུ་བགྲངས། ལོངས་སྤྱོད་གཅེས་དགུ་ཕངས་མེད་དུ་ཕུལ་ནས་ཞུས་པས་ཞབས་ཏོག་དངོས་རྫས་ཀྱིས་ཁྱད་པར་དུ་འཕགས་པའོ།། བཞི་པ་ནི། དེང་དུས་ཀྱི་མཁས་རློམས་ཁ་ཅིག་གིས་མིག་སེར་གྱིས་དཔེ་མཁྱུད་དང་ཆོས་བརྒྱད། འདོད་པའི་བཟང་རྫུས། ཆོས་ནོར་ཕྱིར་འཚོང་པའི་སྐྱོན་སོགས་འབྱུང་ལ། སྔོན་གྱི་མཁན་སློབ་རྣམ་གཉིས་དང་མཁས་གྲུབ་ཉེར་ལྔ་སོགས་བོད་དུ་བྱོན་ནོ་ཅོག་ཀུན་སོ་སོ་ནས་སྐྱོན་བྲལ་ཡོན་ཏན་རྫོགས་པའི་བདག་ཉིད་བསྟན་པ་དང་འགྲོ་བའི་དོན་ཁོ་ན་ལ་བརྩོན་པ་ཤ་སྟག་ཡིན་པས་གཏུག་ས་ཁྱད་པར་དུ་འཕགས་པའོ།། ལྔ་པ་ནི། དེང་སང་གི་སྒྲ་བསྒྱུར་ཁ་ཅིག་ལ་ཁྱད་གསོད་དང་འགྲན་སེམས། ཐུགས་རྒྱལ་དང་ཕྱོགས་ཞེན་སོགས་ཀྱང་མངའ་ལ། སྔར་གྱི་ལོ་ཆེན་བཻ་རོ་ཙ་ན་དང་། སྐ་ཅོག་རྣམ་གཉིས་སོགས་སྤྲུལ་པའི་ལོ་ཙཱ་པ་ཆེན་པོ་རྣམས་ནི་མཁྱེན་བརྩེ་ནུས་བྱིན་མཐའ་ཡས་པ་ནམ་མཁའ་ལྟ་བུ་ཤ་སྟག་ལགས་པས་བསྒྱུར་བྱེད་ཁྱད་པར་དུ་འཕགས་པའོ།། དྲུག་པ་ནི། ཕྱིས་བྱུང་བའི་ཆོས་རྣམས་འཕགས་ཡུལ་དུ་མུ་སྟེགས་པའི་དགྲ་ལན་གསུམ་བྱུང་ནས་བསྟན་པ་ཉམས་པར་བྱས་རྗེས་སུ་འཐོར་བ་སྡུད་པའི་ཚུལ་གྱིས་བསྒྱུར་བ་ཡིན་ལ། སྔ་འགྱུར་གྱི་ཆོས་རྣམས་རྒྱ་གར་དུ་བསྟན་པ་གྲྭ་མ་ཉམས་པའི་དུས་སུ་ཆོས་གང་ཟབ་དང་བརྒྱུད་ཐག་གང་ཉེ་དང་། བྱིན་རླབས་གང་ཆེ་སོགས་ལ་བརྟགས་ཤིང་གཞིགས་ནས་བསྒྱུར་བ་གསེར་གྱི་ཡང་ཞུན་དང་བཅུད་ཀྱི་ཉིང་ཁུ་ལྟ་བུ་ལགས་པས་ཆོས་ཁྱད་པར་དུ་འཕགས་པའོ།། དེ་ལྟར་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་པ་དེ་ལ་གསང་ཆེན་སྔ་འགྱུར་གྱི་བསྟན་པ་ཞེས་གྲགས་སོ།། གནས་གཞིའི་བྱིན་རླབས་དང་། བསྟན་བདག་གི་སྤོབས་པ། ཞབས་ཏོག་གི་དངོས་པོ། གཏུགས་སའི་པཎ་གྲུབ། བསྒྱུར་བྱེད་ལོ་ཙཱ་བ། བསྒྱུར་བྱའི་ཟབ་ཆོས་རྣམས་ཀྱི་ཆེ་བས་ཁྱད་པར་དུ་འཕགས་པར་བཤད་པའང་མིང་གི་རྣམ་གྲངས་སོ།། ཞེས་པ་འདི་ནི་མགོ་སྤྲུལ་གྱི་གཏམ་སྟེ་ཡིད་བརྟོན་མ་མཆིས་སོ།། འོན་ཀྱང་གློག་ཤུལ་འཇམ་དཔལ་ལ་ཕུལ་ལོ།།


previousསྔ་འགྱུར་རྙིང་མའི་ཆེ་བ་དྲུགnext