Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
ཕྱི་ནང་གི་ཁྱད་པར་ལྔ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱི་ནང་གི་ཁྱད་པར་ལྔ།next

ཕྱི་ནང་གི་ཁྱད་པར་ལྔ།

༄༅། ཕྱི་རོལ་མུ་སྟེགས་པའི་ལུགས་ལས་ནང་པ་སངས་རྒྱས་པའི་ལུགས་ཁྱད་པར་ལྔས་འཕགས་ཚུལ་ནི། བརྟེན་ཡུལ་སྐྱབས་ཀྱི་ཁྱད་པར། གནས་ལུགས་ལྟ་བའི་ཁྱད་པར། གོམས་པ་བསྒོམ་པའི་ཁྱད་པར། བྱ་བ་སྤྱོད་པའི་ཁྱད་པར། ཐོབ་པ་འབྲས་བུའི་ཁྱད་པར་རྣམས་ཀྱིས་ཆེས་ཆེར་ལྷག་པར་འཕགས་པ་ཡིན་ལ། དེ་ཡང་སྐྱབས་ནི། བླ་ན་མེད་པའི་དཀོན་མཆོག་གསུམ་སྐྱབས་སུ་འཛིན་ན་ནང་པ། དེ་མི་འཛིན་པར་ཚངས་པ་དང་། དབང་ཕྱུག་ལ་སོགས་པ་འཇིག་རྟེན་པའི་ལྷ་གཞན་འཛིན་ན་ཕྱི་པའོ།། དེ་ལ་ཚུལ་ཇི་ལྟ་བུས་ནང་པ་འཕགས་པ་ཡིན་སྙམ་ན། ལྷ་གཞན་རྣམས་རང་ཉིད་འཁོར་བའི་རྒྱ་མཚོར་བྱིང་ཞིང་སྲིད་པའི་སྡུག་བསྔལ་ལས་མ་གྲོལ་བར་གཞན་སྒྲོལ་བར་མི་ནུས་ལ། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་བྱང་ཆུབ་ཀྱི་གྲོགས་སུ་བཟུང་ན་སྡུག་བསྔལ་མཐའ་དག་ལས་སྐྱོབས་ཤིང་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་ནུས་པས་འཕགས་པ་ཡིན་ནོ།། ལྟ་བ་ནི་ཐུན་མོང་པ་ཆོས་ཀྱི་སྡོམ་བཞི། ཐུན་མོང་མ་ཡིན་པ་མཐའ་བྲལ་བསམ་བརྗོད་ལས་འདས་པ་ཁས་ལེན་པ་ནང་པ། དེ་མི་ལེན་པར་རྟག་ཆད་ཀྱི་མཐར་ལྟུང་པ་ཁས་ལེན་ན་ཕྱི་པའོ།། དེ་ལའང་ཇི་ལྟ་བུས་འཕགས་ཚུལ་བཤད་ན། རྟག་ཆད་ཀྱི་མུར་བལྟས་པས་ཡང་དག་པའི་དོན་ལ་རྨོངས་ཤིང་ཆོས་ཀྱི་མིག་ལྡོང་ནས་སླར་ཡང་སྲིད་པའི་མུན་པར་འཕྱན་ལ། མཐའ་བྲལ་བདག་མེད་ནམ་མཁའ་ལྟ་བུའི་དོན་ལ་ནན་ཏན་དུ་བྱས་པས་ཤེས་བྱའི་གནས་ལ་མི་རྨོངས་ཤིང་ཆོས་ཐམས་ཅད་ཀྱི་དེ་ཉིད་ཆགས་ཐོགས་མེད་པར་མཁྱེན་པའི་བློའི་སྤྱན་ཟུང་རྒྱས་པས་འཁོར་འདས་ཀྱི་མཚང་རིག་ནས་སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པས་འཕགས་སོ།། སྒོམ་པ་ནི། ཐུན་མོང་པ་བདག་མེད་པའི་དོན་ཆོས་སུམ་ཅུ་རྩ་བདུན་གྱི་རིམ་པས་བསྒོམ་ཞིང་། ཐུན་མོང་མ་ཡིན་པ་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་དུ་རྟོགས་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམ་པ་ནང་པ། དེ་མི་བསྒོམ་པར་སེམས་རྟོག་པ་བཀག་པ་ཙམ་དང་། བདེ་གསལ་མི་རྟོག་པ་ཕྱོགས་རེའི་ངང་ལ་སེམས་འཛིན་པ་ཕྱི་པའོ།། དེ་ཡང་ཇི་ལྟ་བུས་འཕགས་སྙམ་ན། སེམས་འཛིན་ཉི་ཚེ་བས་སྒྲིབ་གཉིས་མི་བྱང་ཞིང་འཁོར་བ་མི་ཁེགས་ལ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམ་པས་དྲོད་རྟགས་མཐར་ཕྱིན། ལམ་ལྔ་དང་ས་བཅུ་རིམ་གྱིས་བགྲོད། ཆོས་ཅན་ཆོས་ཉིད་གནས་འགྱུར་ནས་མི་ལྡོག་གཉུག་མའི་བཙན་ས་ཟིན་པར་བྱེད་པ་ན་འཕགས་སོ།། སྤྱོད་པ་ནི། ཆགས་སྡང་གཏི་མུག་གི་རང་བཞིན་ཡུལ་ལ་ཞེན་པ་དང་། གཞན་ལ་འཚེ་བ་ལམ་གྱི་གེགས་སུ་འདོད་པ་ནང་པ། དེ་མི་འདོད་པར་གོ་ལྡོག་ཏུ་སྤྱོད་ན་ཕྱི་པའོ།། དེ་ལ་ཇི་ཞིག་གིས་འཕགས་ན་འཚེ་བས་ནི་ཐར་བ་ཐོབ་པ་ལྟ་ཅི། བྱང་ཆུབ་ཀྱི་གེགས་དང་ངན་སོང་ལྟུང་བྱེད་ཀྱི་རྒྱུར་འགྱུར་ཞིང་། ཡུལ་གང་ལའང་ཞེན་འཛིན་མི་བྱ་ཞིང་ཁྱད་པར་གཞན་གནོད་གཞི་དང་བཅས་པ་སྤངས་པས་ནི། གནས་སྐབས་སུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཞིང་། མཐར་ཐུག་སྐྱེ་དགུ་ཐམས་ཅད་ཀྱི་གནས་དང་རྟེན་དང་གླིང་དང་མགོན་དང་སྐྱབས་དང་དཔུང་གཉེན་དུ་འགྱུར་བར་ངེས་པས་འཕགས་སོ།། འབྲས་བུ་ནི། ལམ་དེ་ཉིད་ཀྱིས་དངོས་སུ་ཐུན་མོང་དུ་ཐར་བ་གསུམ་གང་རུང་དང་། ཐུན་མོང་མ་ཡིན་པར་སྐུ་གསུམ་ལྷུན་གྱིས་གྲུབ་པ་མཐར་ཐུག་དོན་གྱི་སངས་རྒྱས་མངོན་གྱུར་དུ་ཐོབ་པ་ནི་ནང་པ་ཡིན་ལ། དེ་མི་ཐོབ་པར་ཐར་པ་ཡིད་སྨོན་ཙམ་དུ་ལུས་པ་ནི་ཕྱི་བའོ།། དེར་ནི་འཕགས་ཚུལ་དེ་ཁོ་ན་ལྟ་བུ་སྟེ། ཕྱི་པ་རྣམས་ལམ་ལོག་པ་ལ་ཞུགས་པས་འབྲས་བུ་ཡང་ལོག་པ་འོག་ནས་འོག་ཏུ་ལྟུང་བར་འགྱུར་བ་ལས་འོས་མེད་ལ། ནང་པ་རྣམས་སྐས་ཀྱི་ཐེམ་རིམ་ལྟར་དབང་པོའི་རིམ་པ་དང་མཐུན་པའི་ཐེག་པ་གོང་འོག་གི་ཆོས་ཚུལ་གང་ལ་ཞུགས་ཀྱང་རང་ལམ་དང་མཐུན་པའི་འབྲས་བུ་དངོས་སུ་འཐོབ་པ་མཐོང་བའི་ཆོས་ལ་མངོན་གྱུར་དུ་སྣང་བས་ཤིན་ཏུ་ཁྱད་པར་འཕགས་པའོ།། ཞེས་པ་འདི་ཡང་མགོ་སྤྲུལ་གྱིས་བཏུས་པའོ།།


previousཕྱི་ནང་གི་ཁྱད་པར་ལྔ།next